Nitartha Digital Library
Tibetan
 
previousཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བི་མ་ལ།next

ཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བི་མ་ལ།

ཀྲ དྷ ཀ ལྤ ད ཝ ཏ ནྟྲ སྱ བྲྀ ཏྟི ཐི ད ར ཏི སྨ། །
ཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ་བཞུགས་སོ། །
ལྷ་རྒྱུད་ཀྱི་རྟོག་པ་བཤད་པའི་ལུགས་ཀྱིས། དང་པོ་ཕྱག་བཙལ་བ་དང་། བཤད་པར་དམ་བཅའ་བ་དང་། བར་དུ་མདོ་གདོན་པ་དང་། མཇུག་དགེ་བའི་རྩ་བ་བསྔོ་བ་དང་བཞིའོ། །དེ་ལ་ཕྱག་འཚལ་བ་ལ་གཉིས། ཁྱབ་པ་སྤྱིར་གཏང་བ་དང་། ཆོས་ལ་ཕྱོགས་བསྡུ་བ་གཉིས་སོ། །ཁྱབ་པ་སྤྱིར་གཏང་བ་ནི། རིགས་ལྔ་ཁྲག་འཐུང་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འདིས་བསྟན་ནོ། །དེ་ལ་ཆོས་ལ་ཕྱོགས་བསྡུ་ན། དཔལ་ཧེ་རུ་ཀ་ཆིག་ཚུགས་ལ་ཕྱག་བཙལ་བ་བསྟན་ཏེ། བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་སྤངས་ཞེས་བྱ་བ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་སྟེ། ཆོས་ལ་བདག་མེད་པར་རྟོགས་པ་ནི་ཕྱི་གཟུང་བའི་ཡུལ་མ་སྐྱེས་པས། ཆོས་ཀྱི་དབྱིངས་སུ་རྟོགས་པར་བྱ། གང་ཟག་ལ་བདག་མེད་པ་རྟོགས་པ་ནི། ནང་འཛིན་པའི་སེམས་ལ་བདག་མེད་པར་རིག་པའི་ཡེ་ཤེས་སུ་གྱུར་པ་ལ་བྱ། གཟུང་འཛིན་གཉིས་ཀྱང་བདག་མེད་པར་རྟོགས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལྟར་ཆོས་ལས་བདག་མེད་པར་རྟོགས་པས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ལ། གང་ཟག་ལ་བདག་མེད་པར་རྟོགས་པས་ནི་ཤེས་བྱའི་སྒྲིབ་པ་སྤངས་པས། སྤངས་པ་ཕུན་སུམ་ཚོགས་པ་སྟེ། ཡེ་ཤེས་དང་སྤངས་པ་ནི་བདག་གི་དཔལ་ལོ། །ཐུགས་རྗེ་སྤྲུལ་པས་འགྲོ་བ་མ་ལུས་གྲོལ། །བྱ་བ་དེ་ལྟར་རྟོགས་པའི་སྒོ་ནས་མ་རྟོགས་པའི་འགྲོ་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྐྱེ་བ་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ། ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་ནི། དཀྱིལ་འཁོར་ཕུན་སུམ་ཚོགས་པ་སྟེ་གཞན་གྱི་དཔལ་ལ་ལོ། །ཧེ་རུ་ཀའི་འབྲུ་དྲུག་བཤད་ན། ཡུལ་མེད་མ་སྐྱེས་བྱམས་པའི་ཆོས་དབྱིངས་ལས། ཞེས་བྱ་བ་ནི། ཕྱི་གཟུང་བའི་ཡུལ་ཆོས་དབྱིངས་སུ་གྱུར་པ་ནི། ཧེ་ཧེ་ཀ་ཞེས་བྱ་སྟེ། དགྱེས་པ་ཆེན་པོའི་མཆོག་སྐུ་ཉམས་སུ་བསྟར་བས་བྱམས་པ་ཚད་མེད་པ་དང་སྦྱར། དེ་ལྟར་མ་སྐྱེས་པའི་ངང་ལས་ཇི་ལྟར་འབྱུང་ཞེ་ན། ཆོས་ཀྱི་དབྱིངས་ལས། ཐུགས་རྗེའི་བདག་ཉིད་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ཧེ་ཞེས་བྱ་སྟེ། དེ་བས་ན་དཀྱུས། འཛིན་པ་མི་རྟོག་སྙིང་རྗེ་ཞེན་ཆགས་ཁྲོ། ཞེས་བྱ་བ་ནི། ཆགས་པའི་ཐུགས་རྗེས་འཁོར་བ་ལ་ཆགས་པ་ནི་སྙིང་རྗེ་ཚད་མེད་པ་དང་སྦྱར། ཁྲོ་ཞེས་པ་ནི་ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས་དྲེགས་བྱེད་ཐམས་ཅད་རྡུལ་དུ་རློག་པས་ཁྲོ་ཞེས་བྱ་སྟེ། རུ་ཏྲ་དང་སྦྱར་རོ། །གཉིས་མེད་དག་ལས། ཞེས་བྱ་བ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས། ཐུགས་རྗེའི་ཕྲིན་ལས་ཐ་དད་པས་འགྲོ་བའི་དོན་ཇི་ལྟར་འདུལ་བ་བཞིན་དུ་མཛད་པ་ནི། ཀ་ཀ་རྨ་ཞེས་བྱ་སྟེ། ཕྲིན་ལས་སོ། །དེ་ལྟར་མཛད་པའི་དུས་ན་བདག་ཏུ་འཛིན་པ་ཡོངས་སུ་བཏང་ནས་འགྲོ་བའི་དོན་ལ་ཁོད་སྙོམས་པར་བཞུགས་ནས་མཐར་ཕྱིན་པར་མཛད་པས། ཀ་ཀ་རུ་ནི་ཀ་ཞེས་བྱ་སྟེ་བཏང་སྙོམས་ཚད་མེད་པ་དང་སྦྱར་རོ། །དོན་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་ཕྱག་བཙལ་བའོ། ༈ །འདི་ན་མར་དགོས་འབྲེལ་རྣམ་པ་བཞིས་བཤད་པར་དམ་བཅའ་བ་བསྟན་ཏེ། རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་འདུལ་ཞིང་། །ཞེས་པ་ནི། སེམས་ཅན་ནི་སྨད་པའི་རྫས་ལྔ་ལ་རྟོག་པས་ཁམས་གསུམ་དུ་འཁོར་བ་ཡིན། རྟོག་པ་དེ་གཞོམ་པར་བྱ་བའི་ཕྱིར་སྨད་པའི་རྫས་ལྔ་དང་དུ་བླངས་ནས། རྟོག་པ་གཞོམ་པའི་གཉེན་པོར་བསྟན་པའོ། །སྤྱོད་པ་མཐུན་པས་འདུལ་བའི་ཐབས་སུ་བསྟན་པ་ནི། ཉོན་མོངས་པ་ལྔ་པོ་འདི་དག་སྤངས་པས་མི་སྤོང་སྟེ། སྤྱོད་པ་གྲོལ་བའི་ཐབས་སུ་བསྟན་ཏེ། འདོད་ཆགས་ཅན་ལ་སྦྱོར་བ་བཤད། ཞེ་སྡང་ཅན་ལ་སྒྲོལ་བ་བཤད། གཏི་མུག་ཅན་ལ་འབྱེད་པ་མེད་པ་ཆོས་ཉིད་ཀྱི་དོན་བཤད། ང་རྒྱལ་ཅན་ལ་ང་རྒྱལ་མེད་པའི་ཏིང་ངེ་འཛིན་བཤད། ཕྲག་དོག་ཅན་ལ་དམ་ཚིག་བཤད། གཞན་ཡང་བདུད་དང་སྲིན་པོ་ལ་སོགས་པ་དྲག་བྱེད་འདུལ་བའི་ཐབས་སུ་ཧེ་རུ་ཀའི་སྐུར་སྤྲུལ་ནས་བཏུལ་བས་སྤྱོད་པ་མཐུན་པས་འདུལ་བའི་ཐབས་སུ་བསྟན་པས་སོ། །རྟོག་པ་གཞོམ་པ་དང་། སྤྱོད་པ་མཐུན་པས་འདུལ་བའི་དགོས་པ་ཡོད་པའི་ཕྱིར་དགོས་པར་སྦྱར་རོ། །བརྡ་ཅན་ཡང་དག་ལེན་པས་དོན་གོ་བ་ནི། བུས་པ་ལ་ཟླ་བ་མཚོན་པས་ཟླ་བ་ངོ་ཤེས་པ་དང་འདྲ་བ་ཆོས་ཅན་དགོས་པ་དང་བཅས་པའི་དཔལ་ཧེ་རུ་ཀའི་སྐུ་ལ་བསྣམས་པ་དང་། ཞལ་དུ་གསོལ་བ་དང་། ཕྱག་ཏུ་བསྣམས་པ་དང་། གདན་དུ་བཏིང་བ་དང་། ཐམས་ཅད་བརྡས་མཚོན་ནས་ཡང་དག་པའི་དོན་བློ་ལ་གོ་བར་བྱ་བའི་དགོས་པ་ཡོད་པས་དགོས་པའི་ཡང་དགོས་པ་དང་སྦྱར་རོ། །ལྷ་རྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ། །བྱ་བ་ནི་འདི་ན་མར་དཀྱིལ་འཁོར་ཆེན་པོ་གསུམ་གྱི་ལྷ་རྣམས་ལ་ཕྱག་རྒྱ་བཞི་བཞི་དང་ལྡན་པའི་བསྟོད་པས་བསྟོད་ཅིང་བསྙེན་ཅིང་བསྒྲུབས་ནས། ལྷ་རྒྱུད་ཀྱི་སི་ཏི་དང་བདག་འབྲེལ་པས། འབྲེལ་བ་དང་སྦྱར་རོ། །བཀའ་དོན་གཏན་ཚིགས་རིགས་པས་བརྗོད་པར་འོས། བྱ་བ་རྟོག་པ་གཞོམ་པ་དང་། སྤྱོད་པ་མཐུན་པས་འདུལ་བ་ཀུན། །གསང་བ་ནང་རྒྱུད་ཀྱི་བཀའ་ཀུན་ནས་འབྱུང་བས། བཀའ་ལས་འབྱུང་། ཞེས་བྱའོ། །རྡོས་པ་དང་བཅས་པའི་རྫས་འབར་བའི་ཆས་ཆེན་པོ་བརྒྱད་དང་། སྐུ་མདོག་དང་ཕྱག་མཚན་བསྐལ་པའི་མེ་རི་དང་། འོད་དཔུང་དང་། དབུའི་རལ་པ་དང་། ཞབས་ཀྱི་གདན་ཁྲི་ཡན་ཆད་བརྡས་མཚུན་ཅིང་དོན་དང་མཐུན་པར་སྤྱོད་པས་དོན་དང་མི་འགལ་ཞེས་བྱའོ། །གཏན་ཚིགས་ཀྱིས་རྒྱས་པ་ནི། འདི་ན་མར་དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ལ་བསྟོད་པའི་ཚིགས་སུ་བཅད་པ་ཚིག་བཞི་པ་རེ་རེ་བྱུང་བས། ཕྱག་རྒྱ་བཞིའི་གཏན་ཚིགས་ཀྱིས་མ་ཕེབས་པ་གཅིག་ཀྱང་མེད་པས། གཏན་ཚིགས་ཀྱི་རྒྱས་ཞེས་བྱའོ། །རིགས་པས་འཐད། ཅེས་པ་ནི། དཔེར་ན་ས་བདག་གི་རྒྱལ་པོའམ། བླ་མ་གོང་མ་ཞིག་ལ་བསྟོད་པ་བྱས་ཤིང་བསྙེན་བཀུར་བྱས་ན། བདག་ལ་བཀའ་དྲིན་བྱ་དགའ་སྩོལ་བ་དང་འདྲ་བར། ཡེ་ཤེས་ཀྱི་ལྷ་རྣམས་ལ་དོན་དང་མཐུན་པའི་བསྟོད་པ་བྱས་ལ། བསྙེན་ཅིང་བསྒྲུབས་ན་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མན་ཆད། ཏིང་ངེ་འཛིན་ཕྲ་མོའི་དངོས་གྲུབ་མན་ཆད་གདོན་མི་ཟ་བར་ཐོབ་པར་ངེས་པས། བརྗོད་པར་བྱ་བ་དང་སྦྱར་རོ། །དེ་ལྟར་དགོས་འབྲེལ་རྣམ་པ་བཞིས་བཤད་པར་དམ་བཅའ་བའོ། །ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ཞེས་བྱ་བ་ནི་ཆོས་ཅན་དང་། བསྒྲུབ་པར་དམ་བཅའ་བ་དང་། ལུང་གི་གཏན་ཚིགས་གསུམ། དེ་ལ་ཆོས་ཅན་ཞི་གནས། བསྒྲུབ་པར་བྱ་བ་ནི་ཞི་གནས་མི་རྟོག་པར་བསྒྲུབ། མཐུན་པའི་དཔེ་ནི། དངོས་པོ་ལ་མཁས་ཁྱབ་པ་དང་འདྲའོ། །དེ་གསུམ་འཚོགས་པ་ནི་ལུང་གི་གཏན་ཚིགས་སོ། །དཔེར་ན་ས་ཆུ་མེ་རླུང་བཞི་ནི་དངོས་པོ་ཅན་ཡིན་ལ། ནམ་མཁའ་ནི་དངོས་པོ་མེད་པ་སྟེ། འོན་ཀྱང་ནམ་མཁའ་གར་ཁྱབ་པའི་འབྱུང་བ་བཞི་ལ་རང་བཞིན་གྱི་དངོས་པོ་མེད་པ་དང་འདྲ་བར། ཆོས་ཅན་མཚན་མར་སྣང་བའི་དངོས་པོ་ཐམས་ཅད་ལ་ཆོས་ཉིད་རྣམ་པར་མི་རྟོག་པས་ཁྱབ་པས། ཆོས་ཐམས་ཅད་ཀྱང་ཆོས་ཉིད་ལས་མ་གཡོས་པ་ལ། ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ཞེས་བྱ་བའི་དོན་དམ་པའི་བདེན་པའོ། །དེ་ཡང་ལྷག་མཐོང་གི་ཆོས་ཅན་བསྒྲུབ་པར་བྱ་བ་ནི། ལྷག་མཐོང་མ་རྨོངས་པར་བསྒྲུབས། མཐུན་པའི་དཔེ་ནི། གཟའ་སྐར་མཁའ་ལ་བཀྲམ་པ་དང་འདྲ། དེ་གསུམ་འཚོགས་པ་ལུང་གི་གཏན་ཚིགས། དཔེར་ན་ནམ་མཁའ་ངང་གིས་མཐོ་ཞིང་གསལ་བ་ལ་ཉི་ཟླ་གཟའ་སྐར་གྱི་ཚོགས་བཀྲམ་པས་འཇིག་རྟེན་གྱི་ཁམས་ཀུན་ཏུ་གསལ་བ་དང་འདྲ་བར། ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡོངས་ཀྱི་གསལ་བ་ལ། ལྷག་མཐོང་མ་རྨོངས་གསལ་བའི་ཤེས་རབ་ཀྱིས། །སྐུ་དང་ཡེ་ཤེས་ཕྱག་རྒྱའི་མཎྜལ་གཟའ་སྐར་བཀྲམ་པ་བཞིན་དུ་གསལ་བར་བྱུང་བས། ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ་པ་འདྲ། ཞེས་བྱ་སྟེ་ཀུན་རྫོབ་ཀྱི་ལྷ་ཉེ་བའོ། །གདོས་བཅས་དོན་དང་མཐུན་ཞིང་འཚམས་པར་བཤད། ཅེས་བྱ་སྟེ། གདོས་པ་དང་བཅས་པ་ནི་ཆོས་ཅན། བསྒྲུབ་པར་བྱ་བར་ནི་དོན་དང་མཐུན་ཞིང་བསྒྲུབས་པ་མཐུན་པའི་དཔེ་ནི། རྣེའུ་བྲག་ལ་འཛེགས་པ་དང་འདྲ། དམ་གསུམ་འཚོགས་པ་ལུང་གི་གཏན་ཚིགས། དཔེར་ན་སྟག་དང་སེང་གེ་ལ་སོགས་པ་རྩལ་ཆེ་ཡང་བྲག་ལ་འཛེགས་པའི་རྩལ་ཆུང་ཞིང་མི་འཚམ། རྣ་ཕྲུག་རྩལ་ཆུང་ཡང་བྲག་ལ་འཛེགས་པ་རྩལ་ཆེ་ཞིང་འཚམ་པ་དང་འདྲ་བར། ཐེག་པ་འོག་མ་དང་། སོ་སོར་སྐྱེ་བོ་རྣམས་གསེར་ཕོར་དང་དངུལ་ཕོར་གྱི་ནང་དུ་ཞལ་ཟས་དཀར་གསུམ་ལ་སོགས་པ་གསོལ་བར་འཚམས་ན་ཡང་དེས་རྟོག་པ་མི་འབྱང་ཞིང་དངོས་གྲུབ་ཐབ་པའི་རྒྱུ་མེད་པས་གསང་སྔགས་ཀྱི་སྒོར་མི་འཚམས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བཞེད་ཀྱིས། སྣོད་བྷནྡྷ་ལྕང་ལོ་ཅན་རློན་པའི་ནང་དུ་བཅུད་བདུད་རྩིའི་རྣམ་པ་ལྔ་གོ་རོ་ཙ་ན་ལ་གཞི་བླངས་ཏེ། གཡོས་སུ་བྱས་ཏེ་རྟོག་པ་སྦྱངས་ཏེ་གསོལ་བས། རྣམ་པར་འབྱང་ཞིང་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ལ། ཉོན་མོངས་པ་རྣམ་པ་ལྔ་མ་སྤངས་སྤྱད་པས་རྣམ་པར་གྲོལ་བའི་རྒྱུར་གྱུར་པས་དང་། འབར་བའི་ཆས་ཆེན་པོ་བརྒྱད་ལ་སོགས་གདོས་བཅས་ཅན་གྱི་རྫས་ཐམས་ཅད། མི་འཚམ་པ་འཚམ་པར་བཤད་པས་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་པས། གདོས་བཅས་དོན་དང་མཐུན་ཞིང་འཚམ་པར་བཤད། ཅེས་བྱ་སྟེ། རྒྱུད་བྱ་བ་དང་སྦྱར་རོ། ༼༠༽ །བདག་ཏུ་མི་རྟོག་སྤྲུལ་པ་མཛད་ནས་འཐོན། ༼༠༽ འདི་ནི་ཉན་ཐོས་ཀྱི་གེགས་བསལ་བ་ཡིན། ཐེག་པ་ཆེན་པོའི་བཞེད་ཀྱིས་འགྲོ་བའི་དོན་ཐུགས་རྗེ་ཡེ་ཤེས་ཀྱི་སྤྲུལ་པའི་སྐུའི་སྒོ་ནས་འབྱེད་པ་ལ། ཉན་ཐོས་ཀྱི་སེམས་ལ་བདག་ཏུ་བརྟགས་པས་ཐུགས་རྗེ་སྤྲུལ་པས་འགྲོ་བ་འབྱུང་བའི་རྒྱུ་མེད། ཐེག་པ་ཆེན་པོ་བས་འཛིན་པའི་སེམས་ལ་བདག་མེད་དུ་རྟོགས་པས་ཡེ་ཤེས་ཀྱི་སྤྲུལ་པ་འབྱུང་བ་ལ་ཐོགས་པ་མེད། དེ་ཉན་ཐོས་ཀྱི་གེགས་བསལ་བའོ། །ཡུལ་དུ་མ་གྲུབ། ཅེས་པ་ནི། རང་སངས་རྒྱས་ཀྱི་གེགས་བསལ་བ་ཡིན་ཏེ། རང་སངས་རྒྱས་ཀྱི་སེམས་ལ་བདག་མེད་པར་མ་རྟོགས་ཀྱང་ཕྱི་གཟུང་བའི་ཡུལ་ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་ཙམ་ལ་བདག་མེད་པར་རྟོགས་ཀྱང་། ཕྱིའི་ཡུལ་རྡུལ་ཕྲ་རབ་མང་པོའི་ཁམས་ལ་བདག་མེད་མ་རྟོགས་པས་སྤྲུལ་པ་ཕྱིའི་ཡུལ་ལ་ཆགས་ནས་དབྱིངས་སུ་ཕྱིར་འདུལ་མི་བཏུབ་པས། རང་སངས་རྒྱས་ཀྱི་གེགས་སོ། །ཐེག་པ་ཆེན་པོ་བས་ཕྱི་གཟུང་བའི་ཡུལ་མེད་པ་མ་སྐྱེས་པ་ཆོས་ཀྱི་དབྱིངས་སུ་རྟོགས་པས་ཡེ་ཤེས་ཀྱི་སྤྲུལ་པ་དབྱིངས་ལ་འཇུག་ལ། ཆགས་ཐོགས་མེད་པར་རང་སངས་རྒྱས་ཀྱི་གེགས་བསལ་ཏོ། །ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག །ཅེས་བྱ་བ་ནི་སེམས་ཙམ་གྱི་གེགས་བསལ་བ་ཡིན་ཏེ། སེམས་ཙམ་གྱིས་ཕྱི་གཟུང་བའི་ཡུལ་ནི། ཀུན་རྫོབ་ཏུ་མེད་པར་འདོད་ལ། ནང་འཛིན་པའི་སེམས་ནི་དོན་དམ་པར་མར་མེ་རླུང་གིས་མ་བསྐྱོད་པ་ཙམ་ཞིག་ཡོད་པར་འདོད་དེ། ཐེག་པ་ཆེན་པོའི་ལུགས་ཀྱིས་གཟུང་བའི་ཡུལ་མ་སྐྱེས་པའི་ཆོས་ཉིད་དུ་གྱུར་པ་དང་། འཛིན་པའི་སེམས་བདག་མེད་པ་རིག་པ་ཡེ་ཤེས་སུ་གྱུར་པའི་དུས་ན། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནམ་མཁའ་སྟོང་པ་ལ་ཉི་མ་ཤར་བ་བཞིན་དུ་ནམ་མཁའི་རང་བཞིན་གྱིས་ནི་ཉི་མའི་འོད་སྟོང་པར་བྱེད་ལ། ཉི་མའི་འོད་ཀྱིས་ནམ་མཁའ་གསལ་བར་བྱེད་པ་དང་འདྲ་བར། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དུས་ན། ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག །ཅེས་བྱ་བ་སྟོང་སེམས་ཙམ་གྱི་གེགས་བསལ་ལོ། །ཉན་ཐོས་རང་རྒྱལ་སེམས་ཙམ་སྤོང་མན་ངག །ཅེས་བྱ་བ་བློ་བཞག་པའི་མན་ངག་གོ། །དེ་ལ་སྤྱི་དོན་གསུམ་ནི། དང་པོ་རྒྱུ་མཐུན་པའི་འབྲས་བུ་ལེན་པ་ཡིན་ཏེ། མུ་སྟེགས་པས་རྟག་པ་ཐེར་ཟུག་པར་བསྒོམས་པས། མགོ་བོ་ལ་རྭ་སྐྱེ་བར་ནུས་ཀྱང་། སྟོང་པ་ཕྱལ་བར་བསྒོམས་པས་བདག་གི་ལུས་མི་སྣང་བར་ནུས། ཐེག་པ་མཚན་ཉིད་ལས་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུའི་སྒོ་ནས། རྐྱེན་ལས་དང་བྱ་བ་ལ་བརྟེན་ནས། འབྲས་བུ་ཆོས་ཀྱི་སྐུ་མེད་པ་ཞིག་ཡོད་པར་འདོད་པས། འབྲས་བུ་རྡོ་རྗེ་ཐེག་པའི་བཞེད་ཀྱིས། རྒྱུ་ཆོས་ཀྱི་སྐུ་མཚན་མ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས། རྐྱེན་བསྙེན་བསྒྲུབ་རྣམ་པ་བཞིའི་སྒོ་ནས། འབྲས་བུ་སྐུ་དང་ཡེ་ཤེས་ཕྱག་རྒྱའི་དཀྱིིལ་འཁོར་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་བརྟགས་པས་ནི་ཆགས། བསྒྲུབས་པས་ནི་འགྲུབ། ལྟ་བ་ནི་ཡེ་ཤེས་ཀྱི་ངོ་གང་ལ་སྣང་སྟེ། མེད་སྒྱུ་བརྟགས་ཆགས་བསྒྲུབས་འགྲུབ་ལྟ་བར་སྣང་། ཞེས་བྱའོ། །སྤྱོད་མཐུན་ཁྲོ་དྲག་གདུག་པའི་དཔའ་བོས་འདུལ། བྱ་བ་སྤྱོད་པ་མཐུན་པས་འདུལ་བའི་ཐབས་སུ་བསྟན་པ་ནི། སྔོན་དཔལ་རྡོ་རྗེ་སེམས་དཔས་བདུད་ལས་ཀྱི་སྲིན་པོ་འདུལ་བའི་དུས་ལ་བབ་ཙམ་ན། ཞི་བས་མི་འདུལ་བར་མཁྱེན་པས། ཡེ་ཤེས་སྤྲུལ་པ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ལས་ཕྱུང་ནས། དཔལ་ཧེ་རུ་ཀའི་དབུ་དང་ཕྱག་དང་ཞབས་སྟོང་ཁམས་སྙེད་ཀྱི་རྡུལ་ཕྲ་རབ་ཙམ་དུ་སྤྲུལ་ནས། ལས་ཀྱི་སྲིན་པོ་ལ་སོགས་པའི་འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་དཔའ་བཀོངས་ནས་རྡུལ་དུ་བརླགས་ཏེ་ཚར་བཅད་པས། སྤྱོད་མཐུན་ཁྲོ་དྲག་གདུག་པའི་དབང་པོ་འདུལ། །ཅེས་བྱའོ། །རྟོག་འཇོམས་སྨད་རྫས་དང་ལེན་དངོས་གྲུབ་རྒྱུ། །ཞེས་པ་ནི། རྟོག་པ་གཞོམ་པའི་ཕྱིར་སྨད་པའི་རྫས་ལྔ་དང་དུ་བླང་བ་དང་། ཉོན་མོངས་རྣམ་ལྔ་མ་སྤངས་པར་དང་དུ་བླངས་ཏེ་སྤྱད་པས་རྣམ་པར་གྲོལ་བའི་ལམ་དུ་གསུངས་པ། དངོས་གྲུབ་ཐོབ་པའི་རྒྱུར་བཤད་པ་ཀུན་གོང་དུ་དགོས་འབྲེལ་གྱི་སྐབས་སུ་བཤད་པ་དང་མཐུན། གང་ཁྲོ་ཞིང་གང་ལ་ཁྲོ་ཞེས་བཤད་པ་ལ་གཉིས་ཏེ། ཁྲོ་བོ་འབྱུང་བའི་རྒྱུ་གང་ཁྲོ་བ་ནི། ཡུལ་མ་སྐྱེས་པའི་ཆོས་ཉིད་དུ་འགྱུར་ལ། སེམས་ཡེ་ཤེས་སུ་གྱུར་པས་རྟོགས་པའི་དུས་ན་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གྱུར་པའི་ངང་ལས་སྟྭར་ཚན་ལ་སྡུར་མི་ཆགས་པའམ་མར་ཁོལ་བ་ལ་ཆུའི་ཐིགས་པ་གཅིག་ཀྱང་མི་ཤོང་བ་དང་འདྲ་བར། ཉོན་མོངས་པ་ངང་གིས་མི་གནས་པས་ངང་གིས་ཁྲོ་ཞེས་བྱའོ། །ཤུགས་ཀྱིས་ཁྲོ་བ་ནི་འཁོར་བའི་སེམས་ཅན་ཉོན་མོངས་པས་གདུངས་པ་ལ་ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས་འཁོར་བ་ལ་ཤུགས་ཀྱིས་ཁྲོ་ཞེས་བྱའོ། །ཁྲོ་བར་བཅས་པ་ནི། འཁོར་བ་འཇིག་པའི་ཆོས་ཅན་འབྱུང་བ་ཆེན་པོ་བཞི་ཡང་། གཉེན་པོ་མེ་རླུང་ཆུ་ཡི་འཇིག་པས་ཁྲོ་ལ། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཉོན་མོངས་པ་ཤས་ཆེ་བ་སྙིགས་མ་ལ་བབ་ཙམ་ན་ཞེ་སྡང་གི་སེམས་སྐྱེས་ནས། གཅིག་གིས་གཅིག་ལ་གསོད་གཅོད་ཀྱི་ལས་བྱེད་པ་ནི། ཁྲོ་བར་བཅས་པ་ཞེས་བྱའོ། །ཁྲོ་བོར་བཅོས་པ་ནི། སྙིང་རྗེ་དབང་གིས་ཕ་མས་བུ་འཚོ་འདྲ། །ཞེས་འབྱུང་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་དབང་གིས་ཁྲོ་བར་བཅོས་ནས་བྱང་ཆུབ་ཀྱི་ལམ་དུ་འདྲེན་པར་བྱེད་པའོ། །ཁྲོ་བའི་ཡུལ་དང་ཁྲོ་བའི་གནས་གཉིས་ལས། ཁྲོ་བའི་ཡུལ་ནི་སེམས་ཅན་ཐམས་ཅད་ལ་བྱ། ཁྲོ་བའི་གནས་ནི་སྡིག་ཆེ་ཞིང་ལས་ངན་པ་གང་འདུལ་བའི་དུས་ལ་བབ་པ་ལ་བྱའོ། །ལས་དང་འབྲས་བུ་ཞེས་བྱ་བ་ནི། ལས་ཀྱི་རྒྱུ་དུག་གསུམ་ལ་སྤྱད་པས། འབྲས་བུ་ལུས་ངག་ཡིད་གསུམ་དུ་སྨིན་པས་ཕྲིན་ལས་རྣམ་བཞིས་རྒྱུ་དུག་གསུམ་ནི་སྦྱངས། འབྲས་བུ་ལུས་ངག་ཡིད་གསུམ་ནི་བསྒྲལ། ཅིའི་ཕྱིར་ཁྲོ་བ་ནི། རྒྱུ་དང་འབྲས་བུ་གཉིས་ནི། དུག་གསུམ་མི་སྤོང་སྟེ་སྤྱོད་པའོ། །འབྲས་བུ་ནི་ཁྲག་དང་རུས་པ་དང་ཤ་གསོལ་བའོ། །གང་གིས་ཁྲོ་བ་ལ་ལྔ་སྟེ། ཁྲོ་བོ་འབྱུང་བའི་རྒྱུ་སྟེ་དཔལ་ཆེན་པོ་ཡབ་ཡུམ་བཅུ་ཧཱུྃ་ལས་བསྐྱེད། མ་མོ་བརྒྱད་ནི་ཧ་ལས་བསྐྱེད། །ཕྲ་མེན་བརྒྱད་ནི་ཧེ་ལས་བསྐྱེད། །སྒོ་མ་བཞི་ནི་ཕཊ་ལས་བསྐྱེད། །བསྐྱེད་པའི་གནས་ནི་གསུམ་སྟེ། ཡབ་ཀྱི་ཤངས་ཀྱི་རླུང་སྒྲོམ་ནས་བསྐྱེད་པ་དང་། ཡུམ་གྱི་གསང་བའི་མཁའ་དབྱིངས་ནས་བསྐྱེད་པ་དང་། ཐུགས་དཔལ་བེའུ་རིན་པོ་ཆེ་ཟུར་བརྒྱད་པའི་གཞལ་ཡས་ཁང་ནས་བསྐྱེད་པ་དང་གསུམ་མོ། །བསྐྱེད་པའི་ཐབས་ནི། ཆོ་འཕྲུལ་རྣམ་པ་བཞི་དང་། ཆོ་ག་རྣམ་པ་གསུམ་གྱིས་བསྐྱེད། བསྐྱེད་པའི་འབྲས་བུ་ནི། དཔལ་ཆེན་པོ་ཕྲ་མིན་འཁོར་ཚོགས་དང་བཅས་པའོ། །བསྐྱེད་པའི་འབྲས་བུའི་ལས་ནི། ཕྲིན་ལས་དྲག་པོས་དབང་དུ་མཛད་པ་ཞེས་བྱ་སྟེ། ཕྲིན་ལས་དྲག་པོས་འགྲོ་བ་འདུལ་བའི་ལས་མཛད་དོ། །དེ་ལ་དང་པོ་ལྷའི་བུའི་བདུད་གཞོམ་པའི་ཚམ་རྔམ་ནི་སྟོབས་ཆེན་པོ་བཅུའོ། །དྲག་པོ་ནི་གསུང་སྒྲ་དྲག་པོས་བསྔངས་པའོ། །བསྒྱེལ་བ་ནི་སྟོབས་དང་བྲལ་བའོ། །བརྫིས་པ་ནི་ང་རྒྱལ་བཅག་པས་ལྷའི་བུའི་བདུད་བཅོམ་མོ། །བརྟུལ་ཞུགས་ནི་རྟོག་འཇོམས་སྤྱོད་པའི་ཤུགས་སོ། །རོལ་པ་ནི་མཚན་མ་རྣམ་པ་ལྔ་ལ་རོལ་པའོ། །གདོས་པའི་ཕུང་པོ་ནི་ཕུང་པོའོ། །བཅས་པ་ནི་ང་རྒྱལ་དང་བཅས་པའོ། །ཕུང་པོ་བཤིག་པ་ནི་རྟག་ཏུ་རེ་བ་མི་རྟག་པར་སུན་ཕྱུང་བས་ཕུང་པོའི་བདུད་བཅོམ་མོ། །རྒྱུ་དག་པ་དང་། རྐྱེན་དག་པ་དང་། འབྲས་བུ་དག་པ་དང་གསུམ་མོ། །དེ་ལ་རྒྱུ་དག་པ་དུག་གསུམ་གཏན་སྦྱངས། རྐྱེན་དག་པ་ཤ་ཁྲག་རུས་པ་གསུམ་ལ་རོལ་བའོ། །འབྲས་བུ་དག་པ་ལུས་ངག་ཡིད་གསུམ། སྐུ་གསུང་ཐུགས་སུ་སྒྲོལ་བས་ཉོན་མོངས་པའི་བདུད་བཅོམ་མོ། །དེ་རྣམས་ཀྱི་རྣམ་པར་ཤེས་པའི་སེམས་ཁུ་རླངས་སམ་སྨིག་རྒྱུ་བ་ལྟར་གནས་པ་དེ་ཧཱུྃ་གིས་བསྡུས་ནས། འོག་མིན་གྱི་གནས་སུ་བདེ་བར་གཤེགས་པ་ཡུམ་གྱི་མཁའ་དབྱིངས་སུ་གནས་སྤར་བས་འཆི་བདག་གི་བདུད་བཅོམ་ཞེས་བྱའོ། །ཉོན་མོངས་པ་ལྔ་དབང་དུ་མཛད་པ་ནི། འདོད་ཆགས་དབང་དུ་མཛད་པའི་རྟགས་སུ་ཡུམ་དང་གཉིས་སུ་མེད་པར་གྱུར་ཏོ། །ཞེ་སྡང་དབང་དུ་མཛད་པའི་རྟགས་སུ་སྦྲུལ་གྱི་ཆུན་པོ་དང་། སྟག་ལྤགས་ཀྱི་ཤམ་ཐམས་ཀྱིས་བརྒྱན་པའོ། །གཏི་མུག་དབང་དུ་མཛད་པའི་རྟགས་སུ་ཐོད་པའི་ཕྲེང་བ་དང་། གླང་པོ་ཆེའི་ཡ་བསྐོར་དང་། ཞིང་གི་གཡང་གཞིས་བརྒྱན་པའོ། །ང་རྒྱལ་དབང་དུ་མཛད་པའི་རྟགས་སུ་ང་རྒྱལ་གྱི་ཁ་ཊྭཱྃ་ག་ཀླད་ལ་བསྐོར་བའོ། །ཕྲག་དོག་དབང་དུ་མཛད་པའི་རྟགས་སུ་དབང་ཕྱུག་ཆེན་པོ་ཡབ་ཡུམ་གདན་དུ་བསྣོལ་ནས་བརྫིས་པའོ། །ཐམས་ཅད་ལ་ཁྱབ་པའི་དཔལ་ནི་འགྲོ་བ་ཡོངས་ཀྱི་སྒྲོལ་བའི་དཔལ་ལོ། །ཐམས་ཅད་ཡོངས་ལ་ཁྱབ་པའི་དཔལ་ནི། ཉི་མ་དང་འདྲ་སྟེ་ཀུན་ལ་ཁྱབ་པས་ཐམས་ཅད་ཡོངས་ལ་ཁྱབ་པའི་དཔལ་ལོ། །ཞེས་བྱའོ། །འགྲོ་བ་ཡོངས་ཀྱི་སྒྲོལ་བའི་ཉི་མ་ཀུན་ལ་དྲོ་བ་དང་འདྲ་ན་ཡང་། ལྷོར་བལྟས་པའི་ཕུག་པ་ལ་ལྷག་པར་ཡང་དྲོ་བ་དང་འདྲ་བར། སེམས་ཅན་གང་འདུལ་བའི་ཞིང་དུ་གྱུར་པ་ལ་ལྷག་པར་ཡང་དེའི་དོན་མཛད་པས་འགྲོ་བ་དམིགས་ཀྱིས་སྒྲོལ་བའི་དཔལ་ཞེས་བྱའོ། །འདིར་ནི་འཇིག་རྟེན་ལ་བུ་ལྟར་དགོངས་པའི་དཔལ་ཡིན་ཏེ། སྣང་སྲིད་ཀྱི་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལ་དགོངས་པ་ལྟར་ཤིན་ཏུ་ཐུགས་རྗེའི་སྒོ་ནས་ཀུན་ལ་བརྩེ་བར་དགོངས་པས། འཇིག་རྟེན་དགོངས་པའི་དཔལ་ཞེས་བྱའོ། །འདི་ནི་གཞན་དོན་མཐར་ཕྱིན་པ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ། ཐུགས་རྗེ་དེ་སྲིད་ཀྱི་བར་དུ་སྐུ་བསྙེལ་བ་མི་མངའ་བར་འགྲོ་བའི་དོན་མཐར་ཕྱིན་པའི་དཔལ་ལོ། །འདི་ནི་བདག་དོན་ལྷུན་གྱིས་གྲུབ་པའི་དཔལ་ཡིན་ཏེ། དེ་ལྟར་གཞན་དོན་མཐར་ཕྱིན་པས་བདག་ལ་ཡོན་ཏན་ཅི་ཡོད་ཅེ་ན། མེ་དམར་བུས་ནས་རང་གི་ངོ་བོ་ཕྱིར་གསལ་བ་དང་འདྲ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པས། བདག་དོན་ལྷུན་གྱི་གྲུབ་པའི་དཔལ་ཞེས་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་བརླབས་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་གསུམ་དུ་གྲུབ་པ་ལས་གསུམ་གྱི་ངང་ལ་བཞུགས་ནས། ཡེ་ཤེས་གསུམ་གྱིས་དམིགས་པའི་ཡུལ་ལས་འདས་པ་དེ་ས་བཅུ་བའི་བྱང་ཆུབ་སེམས་དཔས་ཀྱང་མཉམ་པར་བཞག་པའི་དུས་ན་དེ་བཞིན་གཤེགས་པ་དང་ཁྱད་མེད་པར་སྣང་ན་ཡང་། མཉམ་པ་ལས་བཞེངས་པའི་དུས་ན། དེ་བཞིན་གཤེགས་པའི་དགོངས་པ་ཤིན་ཏུ་རྟོགས་པར་དཀའ་བས། སེམས་དཔའ་རྟོགས་དཀའ་བ་ཞེས་བྱའོ། །དཔེར་ན་ནམ་མཁའ་གར་ཁྱབ་སྤྲིན་གྱིས་ཁྱབ་པ་ལ། སྤྲིན་གྱིས་གར་ཁྱབ་པར་ཆར་པ་འབབ་པ་དང་འདྲ་བར། ཆོས་སྐུས་གར་ཁྱབ་པར་ལོངས་སྤྱོད་རྫོགས་པའི་སྐུས་ཁྱབ་ལ། ལོངས་སྤྱོད་རྫོགས་པའི་སྐུས་གར་ཁྱབ་པར་སྤྲུལ་པའི་སྐུས་ཀྱང་ཁྱབ་ཐུགས་རྗེའི་ཕྲིན་ལས་ཀྱི་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་རྒྱུན་མི་ཆད་པར་འགྲོ་བའི་དོན་མཛད་པས། མཁའ་ལ་སྤྲིན་བརྡལ་ཆར་འབབ་ཆུ་བོའི་རྒྱུན། །ཞེས་བྱའོ། །འདི་ནི་བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་བསམ་གཏན་གྱི་ཡུལ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བགྲང་བ་ལ་ཐོགས་ཏེ། ས་དང་པོའི་བྱང་ཆུབ་སེམས་དཔས་ཞིང་ཁམས་བརྒྱ་སྦྱོང་ངོ་། །སྤྲུལ་པ་བརྒྱ་འགྱེད། བསྐལ་པ་བརྒྱ་ལ་གནས་ཤིང་འགྲོ་བ་བརྒྱ་སྒྲོལ་བ་ལྟ་བུ། བགྲང་བ་ཐོགས་པ་ལྟ་བུ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཤིང་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནམ་མཁའ་དང་འདྲ་བར་བསམ་ཡས་པ་ལ། ཏིང་ངེ་འཛིན་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གཟའ་སྐར་མཁའ་ལ་བཀྲམ་པ་དང་འདྲ་བར་འབྱུང་བ་བསམ་ཡས། བསམ་གྱིས་མི་ཁྱབ་མཁའ་ལ་གཟའ་སྐར་གསལ། ཅེས་བྱའོ། །འདི་ནི་ཀླུ་ཡི་མཐུ་བསམ་གྱིས་མི་ཁྱབ་པ་དབང་དུ་མཛད་དེ། ཀླུ་རྒྱལ་རིགས་དབང་དུ་མཛད་པའི་རྟགས་སུ་དབང་ཆེན་ཞེས་བྱ་སྟེ། རྒྱལ་པོ་ཀུན་ལ་མངའ་མཛད་པ་དང་འདྲ་བར། རྒྱལ་རིགས་དཀར་ཁྲས་དབུ་ལ་བརྒྱན་པའོ། །བྲམ་ཟེའི་རིགས་དབལ་མཆེ་བ་རྣོ་ཞིང་སྔགས་དྲག་པ་དེ་དབང་དུ་བསྡུས་པའི་རྟགས་སུ་སྦྲུལ་སེར་ཁྲས་མགུལ་ལ་བརྒྱན་པའོ། །རྗེ་རིགས་ཤུགས་དྲང་ཞིང་ལག་བཟོ་ངག་སྙན་པ་དེ་དབང་དུ་སྡུད་པའི་རྟགས་སུ་སྦྲུལ་དམར་ཁྲས་དཔུང་པ་ལ་བརྒྱན་པའོ། །དམངས་རིགས་ལས་བྱེད་པ་སྟེ། ཕོ་ཉ་དང་རང་རྒྱུག་བྱེད་པས་དེ་དབང་དུ་བསྡུས་པའི་རྟགས་སུ་སྦྲུལ་སྔོ་ཁྲས་རྐེད་ལ་བརྒྱན་པའོ། །འདི་ནི་སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པ་སྟེ། ཉོན་མོངས་པ་ལྔ་དབང་དུ་མཛད་པའི་རྟགས་ཏེ། ཆགས་སྡང་གཏི་མུག་གསུམ་དབང་དུ་མཛད་པའི་རྟགས་སུ། ཁྲག་གི་ཐིག་ལེ་དང་། སྦྲུལ་གྱི་ཆུན་པོ་དང་། བགས་སྲལ་གྱི་གཡང་གཞིས་སྐུ་ལ་བརྒྱན་པའོ། །ང་རྒྱལ་ཕྲག་དོག་དབང་དུ་མཛད་པའིརྟགས་སུ་ཁ་ཊྭཱྃ་ག་འཕྱར་བ། ལྷ་ཆེན་པོ་ཡབ་ཡུམ་མནན་པའོ། །མི་ཐུང་བྱིན་པའི་གཟུགས་འདྲ་བ་ནི་གནོད་སྦྱིན་ཐམས་ཅད་བྱིས་པ་ཞེས་འགྲེངས་པའམ། ཨ་ཀོ་ལ་ལའི་རྐང་ལག་བཏགས་པ་བཞིན་དུ་ཤིན་ཏུ་བསྙིལ་ཅིང་གཏུམ་བག་ཏུ་འདུག་པས། དེ་གདུལ་བའི་ཕྱིར་མི་ཐུང་གི་གཟུགས་སུ་བསྟན་པ་ཡིན་ནོ། །གྲགས་པ་སངས་རྒྱས་ཀྱི་ཞིང་དུ་གྲགས་པ་ནི། སངས་རྒྱས་ཀྱིས་ནི་བསྟོད་ནས་སྲས་སུ་དགོངས། བྱང་ཆུབ་སེམས་དཔས་ནི་སྤུན་དང་སྲས་སུ་དགོངས། སེམས་ཅན་གྱི་རིགས་སུ་གྲགས་པ་ནི། དེ་ལྟ་བུའི་སྐྱེས་བུའི་སྐུ་མཐོང་བ་དང་། སེམས་ཅན་གཏི་མུག་རྨོངས་པ་ཐམས་ཅད་ནི་གཟེངས་བསྟོད་ནས་སངས་རྒྱས་པར་བྱེད་ལ། ང་རྒྱལ་དང་ཕྲག་དོག་ཐམས་ཅད་ནི་གནོན་ནས་གྲགས་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ནི་ཆོས་ཀྱི་དབྱིངས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱིས་འགྲོ་བའི་རྒྱུད་མཁྱེན་པས་མྱ་ངན་ལས་འདས་པའི་མཐའ་དང་བྲལ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཐའ་གཉིས་ཀྱིས་སྐྱོན་སྤངས་ཏེ་གཉིས་སུ་མེད་པར་མཁྱེན་པས་དབུ་མ་ཆེན་པོའོ། །གཉིས་སུ་མེད་པའི་དོན་མཐོང་། །མདོར་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གི་ངང་དུ་འདུས་སོ། །ནན་ཏན་སྙིང་པོ་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཟག་པ་མེད་པའི་ཆོས་ཉིད་ཀྱི་ངང་དུ་འདུས་པས་ན་ནན་ཏན་སྙིང་པོ་ཞེས་བྱའོ། །ནན་ཏན་གྱི་ཕྲིན་ལས་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་སོ་སོའི་གནས་ནས། བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་གནས་སུ་འདོན་པར་བྱེད་པའོ། །ནན་ཏན་གྱི་འབྲས་བུ་ནི། སེམས་ཅན་དེ་སྙེད་ཅིག་བསྒྲལ་བས་འཁོར་བར་གཅིག་ཀྱང་འཆོར་བ་མེད་པས། འགྲོ་བ་ཆུད་མི་གསོན་པའི་ནན་ཏན་ནོ། །ནན་ཏན་མཆོག་གི་མཆོག་ཏུ་ཤེས་པར་བྱའོ། །གླང་པོ་ཆེའི་ཡ་བ་སྐོར་ལ་དོན་རྣམ་པ་གསུམ་སྟེ། བདུད་འཇོམས་ལས་ཀྱི་རྒྱན་དང་། སྨད་པ་བསྒྲུབ་རྫས་སྟོབས་ཀྱི་རྒྱན་དང་། ལྟ་བ་གཞུང་ཚུགས་ཐེག་པ་མཆོག་གི་རྒྱན་དང་གསུམ་མོ། །བདུད་འཇོམས་ལས་ཀྱི་རྒྱན་ནི། དཔེར་ན་གླང་པོ་ཆེས་རྩི་ཁྱིམ་མང་པོ་འཇོམས་པ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་གླང་པོ་ཆེ་དང་འདྲ་བས་ཉོན་མོངས་པའི་བག་ཆགས་རྩི་ཁྱིམ་དང་འདྲ་བ་འཇོམས་པར་བྱེད་པས་བདུད་འཇོམས་ལས་ཀྱི་རྒྱན་ནོ། །སྨད་པ་བསྒྲུབ་རྫས་སྟོབས་ཀྱི་རྒྱན་ནི། གླང་པོ་ཆེའི་ཤ་ནི་ཤིན་ཏུ་སྨད་དུ་བཤུང་བ་ཡིན་པས་སྨད་པའི་བསྒྲུབ་རྫས་ཞེས་བྱ། སྟོབས་ཆེན་བྱ་བ་ནི་གླང་པོ་ཆེའི་རྒྱབ་ཏུ་མཁར་བརྩིགས་ནས། དམག་མང་པོ་བཞུགས་ན་ཐེག་ཅིང་ཤོང་བ་དང་འདྲ་བར། ཐེག་པ་འོག་མས་མི་ཐེག་ཅིང་དེའི་ནང་དུ་མི་ཚུད་པའི་སྨད་པའི་རྫས་ལྔ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་ཐམས་ཅད། ཐེག་པ་ཆེན་པོའི་ནང་དུ་མི་ཚུད་པ་དང་མི་ཐེག་པ་གཅིག་ཀྱང་མེད་པས། སྨད་པའི་བསྒྲུབ་རྫས་སྟོབས་ཀྱི་རྒྱན་ཅེས་བྱའོ། །ལྟ་བ་གཞུང་ཚུགས་ཐེག་པ་མཆོག་གི་རྒྱན་ནི། དཔེར་ན་གླང་པོ་ཆེ་ལ་རྒུན་ཆང་བླུད་ནས་སྣ་ལ་ཆུ་གྲི་དང་། འཁོར་ལོ་དང་ཤཀྟི་ལ་སོགས་པ་མཚོན་ཆ་མང་པོ་བཏགས་ནས། དགྲ་ཕྱོགས་སུ་ཁ་བསྟན་ནས་བཏང་ན། ཅིས་ཀྱང་མི་ཟློག་པར་ཕ་རོལ་གྱི་དཔུང་གཤགས་ནས་གཏོངས་པ་དང་འདྲ་བར་ཐེག་པ་ཆེན་པོ་གསང་སྔགས་ཀྱིས་ཀྱང་རང་གི་ལྟ་བ་གཞུང་ཚུགས་ལ། གཞན་གྱི་ལྟ་བ་ནི་ཟིལ་གྱིས་གནོན་པས། ལྟ་བ་གཞུང་ཚུགས་ཐེག་པ་མཆོག་གི་རྒྱན། །ཞེས་བྱའོ། །སྟག་ལའང་གསུམ། དཔའ་བ་ཡེ་ཤེས་ཀྱི་རྒྱན་དང་གཏུམ་པ་ཐུགས་རྗེའི་རྒྱན་དང་། ཟ་བྱེད་ཕྲིན་ལས་ཀྱི་རྒྱན་དང་གསུམ་མོ། །དཔའ་བ་ཡེ་ཤེས་ཀྱི་རྒྱན་ནི། དཔེར་ན་སྟག་ནི་རིགས་ཀྱིས་དཔའ་བ་སྟེ་སེམས་ཅན་གྱི་གཉེན་པོར་འགྱུར་ཞིང་འཇིགས་པ་དང་འདྲ་བར་ཡེ་ཤེས་ནི་རིགས་ཀྱིས་དཔའ་བ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས་རིགས་ཀྱིས་དཔའ་བ་ཞེས་བྱའོ། །རྟུལ་བའི་ཐུགས་རྗེའི་རྒྱན་ནི། སྟག་གཟན་ལ་བབས་ཙམ་ན། བདེ་མི་བདེ་མི་འདམ་པ་ཤིན་ཏུ་རྟུལ་བའི་བརྩོན་འགྲུས་ཀྱིས་མཆོངས་པ་དང་འདྲ་བར། དེ་བཞིན་གཤེགས་པའི་ཐུགས་རྗེས་འགྲོ་བའི་དོན་མཛད་ཙམ་ན། བཏང་སྙོམས་དང་ལེ་ལོ་མི་མཛད་པར་ཤིན་ཏུ་རྟུལ་བའི་བརྩོན་འགྲུས་ཀྱིས་མཛད་པས་རྟུལ་པ་ཐུགས་རྗེའི་རྒྱན་ཞེས་བྱའོ། །ཟ་བྱེད་ཕྲིན་ལས་ཀྱི་རྒྱན་ནི། ཟ་བྱེད་ནི་སྟག་གིས་སེམས་ཅན་ཟིན་པའི་དུས་སུ། ཤ་སྙིང་ནི་ཟ་ལ་རུས་པ་སྲ་བ་ནི་འཇོག་པ་མ་ཡིན་ཏེ། ཤ་རུས་མེད་པར་ཆམ་ཆོམ་བྱེད་པ་དང་འདྲ་བར། ཐུགས་ཕྲིན་ལས་ཀྱིས་བག་ཆགས་སྲབ་པའི་ནི་དོན་བྱེད་ལ་འཐུག་པའི་ནི་དོན་མི་བྱེད་པ་མ་ཡིན་ཏེ། བག་ཆགས་འཐུག་སྲབ་མེད་པར་ཀུན་གྱི་དོན་མཛད་པ་ཟ་བྱེད་ཕྲིན་ལས་ཀྱི་རྒྱན་ཞེས་བྱའོ། །སྦྲུལ་ནི་གསུམ་སྟེ། དཔའ་བས་འཇིགས་པ་དང་། བརྗིད་པས་དུག་གནོན་པ་དང་། མཉེན་ལ་ལྕུག་པས་ཡུམ་གྱི་ཚུལ་སྟོན་པ་དང་གསུམ་མོ། །དེ་ལ་དཔའ་བས་འཇིགས་པ་ནི། དཔེར་ན་ལུས་ཁྲ་བོར་འདུག་ལ། གདུག་རྩུབ་ཆེ་བས་ཀུན་འཇིགས་པ་དང་འདྲ་བར། དཔལ་ཆེན་པོའི་སྐུ་ལ་སྦྲུལ་གྱི་ཆུན་པོས་དྲེགས་བྱེད་ཐམས་ཅད་དཔའ་བཀོང་ཞིང་ཟིལ་གྱིས་གནོན་པས་དཔའ་བས་འཇིགས་པའི་རྒྱན་ཞེས་བྱའོ། །བརྗིད་པས་དུག་གནོན་པ་ནི། སྦྲུལ་གྱི་ལྕེ་ལ་དུག་ཡོད་པ་དང་འདྲ་བར། དེ་བཞིན་དུ་ཕྱིའི་དུག་ལྔ་དང་། ནང་གི་དུག་ལྔ་མ་སྤངས་པར་གནས་སུ་བཅོམ་པས་བརྗིད་པས་དུག་གནོན་ཞེས་བྱའོ། །མཉེན་ལྕུག་ཡུམ་གྱི་ཚུལ་སྟོན་པ་ནི། སྦྲུལ་གྱི་མཚན་ཉིད་མཉེན་ལ་ལྕུག་པས་སྦྲུལ་ཨུ་མ་ཏ་བུད་མེད་ཀྱི་སྒྱུ་རྩལ་སུམ་ཅུ་རྩ་གཉིས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ་ཞིང་མཉེས་པའི་མཆོད་པ་འབུལ་བས་མཉེན་ལྕུག་འཁྲིལ་ལ་ཡུམ་གྱི་ཚུལ་སྟོན། ཞེས་བྱའོ། །ཐོད་པ་ལ་གསུམ། སྐུ་གསུམ་ཐོབ་པའི་དབང་། ཞེས་པ། སྐུ་གསུམ་ཐོབ་པའི་དབང་དང་། ཐེག་པ་གསུམ་འཆད་པའི་རྟགས་དང་། དུས་གསུམ་སེམས་ཅན་སྒྲོལ་བའི་རྒྱན་ནོ། །དེ་ལ་སྐུ་གསུམ་ཐོབ་པའི་དབང་ནི། ཐོད་པ་སྐམ་པོ་དཀར་བ་དང་འདྲ་བར་ཆོས་ཀྱི་སྐུ་ལ་མཚན་མའི་སྐྱོན་གྱིས་མ་གོས། ཐོད་པ་སྐམ་པོ་ལ་ཤ་དང་ཁྲག་མེད་པ་དག་འདྲ་བར་ཆོས་ཀྱི་སྐུས་འགྲོ་བའི་དོན་མི་མཛད། ཐོད་པ་ཟླུམ་པ་དང་འདྲ་བར་ཆོས་ཀྱི་སྐུ་ལ་མཚན་མའི་སྐྱོན་མེད། ཐོད་པ་ར་རི་ཁྲ་བོ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་རོ། །ར་རི་ཁྲ་བོ་ཤ་ཕྱེད་བཏོགས་པ་དང་འདྲ་བར། ཞལ་གྱི་དཀྱིལ་འཁོར་ནས་ལྗགས་ཀྱི་དབང་པོ་ལ་བཀྲམ་ནས་ཆོས་མི་འཆད་ཕྱེད་མ་བཏོགས་པ་དང་འདྲ་བར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་རོ། །ཐོད་པ་རློན་པ་ནི་སྤྲུལ་པའི་སྐུ་དང་སྦྱར་ཏེ། ཐོད་པ་རློན་པ་ཤ་དང་ཁྲག་གང་ཡང་མ་སྤངས་པ་དང་འདྲ་བར། འཁོར་བ་ཤ་ཁྲག་དང་འདྲ་བའི་ནང་ན། ཐུགས་རྗེས་འགྲོ་བ་རྣམས་ཀྱི་དོན་མཛད་པས་སྤྲུལ་པའི་སྐུ་དང་སྦྱར་རོ། །ཐེག་པ་གསུམ་འཆད་པའི་རྟགས་ནི། ཐོད་པ་སྐམ་པོ་ཉན་ཐོས་ཀྱི་ཐེག་པ་དང་སྦྱར། ཐོད་པ་སྐྲ་མེད་པ་དང་འདྲ་བར་ཉན་ཐོས་ཀྱི་ཞི་བ་ཕྱོགས་གཅིག་པ་ལ་ཐུགས་རྗེའི་སྤྲུལ་པ་མི་འབྱུང་བས་ཐོད་པ་སྐམ་པོ་ཉན་ཐོས་ཀྱི་ཐེག་པ་དང་སྦྱར། ཐོད་པ་ར་རི་ཁྲ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་དང་སྦྱར་ཏེ། ར་རི་ཁྲ་བོ་ཤ་མེད་པར་བཏོགས་པ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཐེག་པས་ཀྱང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་ལ་ཕྱེད་མ་བཏོགས་པ་དང་འདྲ་བར་གསང་སྔགས་ལྟ་བ་ཟབ་མོའི་གྲོགས་སྤྱོད་པ་བརླང་པོ་ལ་དངོས་སུ་འཇུག་མི་ནུས་པ་དང་འདྲ་བར་ཐོད་པ་ར་རི་ཁྲ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་དང་སྦྱར་རོ། །ཐོད་པ་རློན་པ་གསང་སྔགས་ཀྱི་ཐེག་པ་དང་སྦྱར་ཏེ། ཐོད་པ་རློན་པ་ཤ་ཁྲག་གང་ཡང་མ་སྤངས་པ་དང་འདྲ་བར། ཐེག་པ་གསང་སྔགས་ཀྱིས་ཀྱང་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་སྨད་པའི་རྫས་ལྔ་ལ་སོགས་པ་མ་སྤངས་མ་བཅད་པའི་སྒོ་ནས་རྣམ་པར་གྲོལ་བའི་ལམ་དུ་མཁྱེན་ལ། ཐོད་པ་རློན་པའི་དབང་པོ་མ་སྤངས་པ་དང་འདྲ་བར། མཁྱེན་པའི་ཡེ་ཤེས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་ལ། ཐོད་པ་རློན་པ་སྐྲ་མ་སྤངས་པ་དང་འདྲ་བར། ཐུགས་རྗེ་སྤྲུལ་པས་འགྲོ་བའི་དོན་མཛད་པས། ཐོད་པ་རློན་པ་གསང་སྔགས་ཀྱི་ཐེག་པ་དང་སྦྱར་རོ། །དུས་གསུམ་སེམས་ཅན་སྒྲོལ་བའི་རྒྱན་ནི། ཐོད་པ་སྐམ་པོ་འདས་པའི་སངས་རྒྱས་དང་སྦྱར། ཐོད་པ་སྐམ་པོ་ལ་ཤ་ཁྲག་གང་ཡང་མེད་པ་དང་འདྲ་བར་ལྔ་མ་འདས་པའི་སངས་རྒྱས་ཀྱིས་ཀྱང་ཁམས་གསུམ་དུ་འཁོར་བའི་སེམས་ཅན་ལ་ཐུགས་རྗེས་ཆགས་པ་མེད་པས་ཐོད་པ་སྐམ་པོ་སྔ་མའི་སངས་རྒྱས་ལ་སྦྱར་རོ། །ཐོད་པ་ར་རི་ཁྲ་བོ་ད་ལྟར་བཞུགས་པའི་སངས་རྒྱས་དང་སྦྱར། ཐོད་པ་ར་རི་ཁྲ་བོ་ཤ་ཕྱེད་གཏོགས་ཕྱེད་མ་བཏོགས་པ་དང་འདྲ་བར། སེམས་ཅན་ཕྱེད་ནི་སྒྲོལ་ད་ལྟར་སྐྱེ་འགྲོ་ཁད་ཀྱིས་སྒྲོལ་བས་ད་ལྟར་བཞུགས་པའི་སངས་རྒྱས་དང་སྦྱར་རོ། །ཐོད་པ་རློན་པ་གང་ཡང་མ་སྤངས་པ་དང་འདྲ་བར་མ་བྱོན་པའི་སངས་རྒྱས་ཀྱིས་ཀྱང་འགྲོ་བའི་དོན་མ་སྤངས་པར་ཀུན་མཛད་ལ། ཐོད་རློན་གཞོན་ཚུལ་དུ་འདུག་པ་དང་འདྲ་བར། མ་བྱོན་པའི་སངས་རྒྱས་ཀྱིས་ཀྱང་རྟག་པར་གཞོན་ཚུལ་བསྙེལ་བ་མི་མངའ་བར་ཆོས་སྟོན་ཆེན་པོ་མཛད་པས། རློན་པ་མ་བྱོན་པའི་སངས་རྒྱས་དང་སྦྱར་རོ། །གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞེས་པ། དཔེར་ན་པགས་པ་མ་བརྟོལ་ན་ཁྲག་མི་ཡོང་བ་དང་འདྲ་བར། བྱང་ཆུབ་སེམས་གཏིང་ནས་མ་ཉམས་ན་ཁམས་གསུམ་འཁོར་བར་མི་ལྟུང་བས་མི་འཁོར་བ་ཞེས་བྱ། བྱང་ཆུབ་ཅེས་པ། ཕྱི་གཟུང་བའི་ཡུལ་མ་སྐྱེས་པས་བྱང་ཆོས་ཉིད་ལས་བྱང་ལ། ཞིང་ལྤགས་རློན་དུ་སྣང་བ་ལ། ནང་འཛིན་སེམས་བདག་མེད་པར་རིག་པའི་སེམས་སུ་ཆུབ་པས། སླ་བཞི་མགོ་དང་ལྔ་འདོམས་སུ་བསྣོལ་བར་བསྟན་ནོ། །དེ་བས་དེ་ལྟར་གཟུང་འཛིན་གཉིས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས། ཐུགས་རྗེ་ཆེན་པོས་སེམས་ཅན་དོན་ལ་སེམས། །ཞེས་བྱའོ། །ཞིང་མི་རྟོལ་བ་བྱང་ཆུབ་སེམས་ཀྱི་རྒྱན་དུ་བཤད་པ། དེ་ལྟར་བྱང་ཆུབ་སེམས་ཀྱི་དོན་དང་ལྡན་ན། ཕྱི་ལུས་ཀྱི་ཚུལ་མ་ཉམས་ན། །ངན་སེམས་ཀྱི་ཁྲིམས་མི་འདྲར་བས་དམ་ཁྲིམས་གོས། ཞེས་བྱའོ། །རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཞེས་པ། རྣམ་པར་རྟོག་པའི་དབྱིངས་ནས་ཐུགས་རྗེ་ཆགས་པས། འཁོར་བར་མི་གཏོང་བས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་པདྨ་སྤྱན་གྱི་ས་ཐོབ་པའི་རྟགས་སོ། །གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་པ། ཟས་བདུན་ལ་ཆུ་སེར་ཐིགས་པ་གཅིག །ཁྲག་ཐིགས་པ་བདུན་ལ་ཞག་ཐིགས་པ་གཅིག་ཏུ་གྱུར་པས། ཟས་ཐམས་ཅད་ཀྱི་བཅུད་ཞག་ཡིན་པ་དང་འདྲ་བར། ཕྱི་གཟུང་བའི་ཡུལ་མ་སྐྱེས་པས་ཆོས་ཀྱི་དབྱིངས་ལ། འཛིན་པའི་སེམས་ལ་བདག་མེད་པས་རིག་པའི་ཡེ་ཤེས་བཅུད་དུ་གྱུར་པས་བཅུད་ཀྱི་ཐིག་ལེ་ཞེས་བྱའོ། །ཆོས་སྐུ་ཐོབ་ནས་ཀུན་ཏུ་འོད་ཀྱི་ས་ནོན་པའི་རྟགས་སུ་བསྟན་ནོ། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན། ཞེས་པ། དཔེར་ན་རྩི་ཤིང་ནགས་ཚལ་སྲ་ཞིང་མཁྲེགས་པ་ཐམས་ཅད་མེར་བུས་ནས་ཐལ་བར་བརླགས་ནས་མཉེན་ཞིང་དལ་བ་དང་འདྲ་བར། ཁམས་གསུམ་གྱི་དྲེགས་བྱེད་བདུད་དང་སྲིན་པོ་རྩི་ཤིང་དང་འདྲ་བར། དཔལ་ཆེན་པོའི་ཐུགས་ཡང་དག་པའི་ཡེ་ཤེས་མེ་དང་འདྲ་བས་བསྲེགས། ཐུགས་རྗེ་ཕྲིན་ལས་དྲག་པོས་བརྟུལ་ཞིང་སྦྱངས་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་དབྱིངས་སུ་བསྒྲལ་ནས། ཐལ་ཆེན་གྱི་ཐིག་ལེ་ཞེས་བྱ་སྟེ། སྤྲུལ་པའི་སྐུ་ཐོབ་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ཐོབ་པའི་རྟགས་སུ་བསྟན་ནོ། །ད་ནི་བསྐལ་བའི་མེ་རི་བཤད་པ་ལ། མེའི་རང་བཞིན་དང་མེ་སྒྲ་གཉིས་སོ། །རང་བཞིན་ལ་དོན་དྲུག་སྟེ། འབར་བས་སེལ་བའི་ཡེ་ཤེས་དང་། འཕྲོ་བས་ཁྱབ་པའི་ཐུགས་རྗེ་དང་། དབྱིངས་སུ་འདུལ་བའི་ཆོས་ཉིད་དང་། སྲེག་པར་བྱེད་པའི་ཕྲིན་ལས། ཟད་པར་བྱེད་པའི་ཀློང་དང་། མཐའ་ལས་འདས་པའི་དཀྱིལ་ལོ། །དེ་ལ་འབར་བས་སེལ་བའི་ཡེ་ཤེས་ནི། དཔེར་ན་མེ་ཆེན་པོ་འབར་བ་ཡིས་རྩི་སྦུར་ཐམས་ཅད་སེལ་བ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་ཀྱིས་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་མི་གནས་ཤིང་སེལ་བར་བྱེད་པ། འབར་བས་སེལ་བའི་ཡེ་ཤེས་ཞེས་བྱའོ། །འཕྲོ་བས་ཁྱབ་པའི་ཐུགས་རྗེ་ཞེས་པ། མེ་ཆེན་པོ་འབར་བས་མེ་སྟག་ཕྱོགས་བཅུར་འཕྲོ་བ་དང་འདྲ་བར། དཔལ་ཆེན་པོའི་ཡེ་ཤེས་ལ་ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བས་ཁྱབ་པའི་ཐུགས་རྗེ་ཞེས་བྱའོ། །དབྱིངས་སུ་འདུལ་བའི་ཆོས་ཉིད་ནི། དཔེར་ན་མེ་ཆེན་པོ་ལས་མེ་སྟག་འཕྲོ་བར་གང་མང་མི་འཕྱིར་འདུལ་བ་དང་འདྲ་བར། ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བས། ཕྱིར་སྐྱེ་བ་མེད་པའི་དབྱིངས་སུ་འདུ་བས་ཆོས་ཉིད་དོ། །སྲེག་པར་བྱེད་པའི་ཕྲིན་ལས། དཔེར་ན་མེ་ཆེན་པོས་ཐམས་ཅད་སྲེག་པར་བྱེད་པ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་ལས་ཐུགས་རྗེ་འབྱུང་། ཐུགས་རྗེ་ལས་སྤྲུལ་པའི་ཕྲིན་ལས་འབྱུང་བས་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པའི་བག་ཆགས་སེམས་ཅན་རྐང་དང་སྲི་ལ་གནས་པའི་ཤེས་བྱའི་སྒྲིབ་པ་ཤེས་པའི་རྒྱུད་ལ་གནས་པ་དེ་དག་ཐམས་ཅད་ཐུགས་རྗེའི་ཕྲིན་ལས་སྐད་ཅིག་ཡུད་ཙམ་གྱིས་བསྲེག་པར་མཛད་པས། སྲེག་པར་བྱེད་པའི་ཕྲིན་ལས་ཞེས་བྱའོ། །ཟད་པར་བྱེད་པའི་ཀློང་ཞེས་པ་ནི། དཔེར་ན་མེ་ཆེན་པོའི་ནང་དུ་ལྕགས་ཀྱི་ཕ་ཝང་ཞུ་ཞིང་ཉམས་ཏེ་འགྲོ་བ་དང་འདྲ་བར། ཡང་དག་པས་ཡེ་ཤེས་ཀྱི་ཀློང་དུ་མཚན་མའི་བག་ཆགས་ཞུ་ཞིང་མེད་པར་འགྲོ་བས་ཟད་པར་བྱེད་པའི་ཀློང་ཞེས་བྱའོ། །མཐའ་ལས་འདས་པའི་དཀྱིལ་ཞེས་བྱ་བ་ནི། དཔེར་ན་མེ་ཆེན་པོ་མེ་ལྕེ་ཀུན་ཏུ་འབར་བ་ལ་མེ་སྟག་ཕྱོགས་བཅུར་འཕྲོ་ཡང་། དཀྱིལ་འཚུབ་ཅིང་ཟླུམ་པོར་འབར་བ་དང་འདྲ་བར། ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོ་ལ། འཕྲོ་བའི་དོན་ཕྲིན་ལས་མཛད་ཀྱང་མཐའ་རྣམ་པ་གཉིས་འདས་ནས་དབུ་མ་ཆེན་མོ་དམིགས་སུ་མེད་པའི་ངང་དུ་གྱུར་པས་མཐའ་ལས་འདས་པའི་དཀྱིལ་ཅེས་བྱའོ། །དེ་ལ་མེའི་སྒྲ་ནི་སྒྲ་ཆེན་པོ་དང་། སྒྲ་ཐ་དད་པ་གཉིས་ཏེ། སྒྲ་ཆེན་པོ་ཆོས་ཀྱི་སྐུ་དང་སྦྱར། སྒྲ་ཐ་དད་པ་ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པ་དང་སྦྱར། དེ་ལ་དཔེར་ན་མེ་ཆེན་པོ་འབར་བ་ལ་རྒྱང་ནས་ཉན་ན་སྒྲ་འུར་ཆེན་པོ་གཅིག་ལས་མི་གྲག་པ། ཆོས་ཀྱི་སྐུ་ཀུན་ཏུ་འོད་དང་སྦྱར་རོ། །སྒྲ་ཐ་དད་པ་ནི་མེ་ཆེན་པོའི་དྲུང་དུ་སོང་ནས་ཉན་ན་རྣམ་པ་མང་པོ་དང་འདྲ་བར། ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པ་དུ་མས་འགྲོ་བའི་དོན་མཛད་པ་དང་སྦྱར་རོ། །དེ་ལ་དབུའི་རལ་པ་ནི། མ་བསླད་པའི་ཆོས་ཉིད་དང་། དབང་དྲག་འཇོམས་པའི་ཕྲིན་ལས། ཐུགས་རྗེ་འབྱུང་བའི་སྤྲུལ་པའི་སྐུ་དང་གསུམ་སྦྱར་རོ། །དཔེར་ན་རལ་པ་ནི་འཕྱིངས་པ་ཡིན་འཕྱིངས་པ་ནི་འཛིངས་པ་ཡིན། འཛིངས་པ་ནི་ཅིས་ཀྱང་མི་ཕྱེད་པ་ཡིན་ནོ། །དཔེ་དེ་དང་འདྲ་བར། ཆོས་ཉིད་མ་སྐྱེས་པའི་དོན་ནི་བསླད་པས་མི་འགྱུར་ལ་མཐུན་པའི་གཉེན་པོ་ནི། མི་ཤིགས་པས་རལ་པ་འཕྱིངས་བ་དང་སྦྱར་རོ། །དབང་དྲག་འཛོམས་པའི་ཕྲིན་ལས་ནི། ཚོན་དམར་ནག་གཉིས་བསྲེ་ན་ཁམ་བར་འགྲོ་བ་དང་། ཕྲིན་ལས་དབང་དྲག་གཉིས་ཀྱིས་འགྲོ་བའི་དོན་མི་འགྲུབ་མི་སྲིད་པས། དབང་དྲག་འཛོམས་པའི་ཕྲིན་ལས་ཞེས་བྱའོ། །ཐུགས་རྗེ་འབྱུང་བའི་ཕྲིན་ལས་ཞེས་བྱ་བ་ནི། དཔེར་ན་རལ་ཚར་གཅིག་གསེད་ན། སྤུ་ཉག་མང་པོ་འབྱུང་བ་དང་འདྲ་བར་ཐུགས་རྗེའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་ནས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པ་རྩ་བའོ། །དེ་ལ་སྐུ་མདོག་མཐིང་ནག་ཏུ་སྟོན་པ་ནི། འདུལ་བའི་དབང་དང་། ཡོན་ཏན་མཐའ་ལས་འདས་པ་དང་། དགོངས་པ་གཏིང་མི་དཔོག་པའོ། །དེ་ལ་འདུལ་བའི་དབང་ནི། གླིང་ལ་དགོངས་པ་ལྷོའི་འཛམ་བུ་གླིང་གི་དོན་མཛད་པའི་ཕྱིར་རོ། །ཡོན་ཏན་མཐའ་ལས་འདས་པ་ནི། ནམ་མཁའི་དགོངས་པ་སྟེ། དཔལ་གྱི་དགོངས་པ་དེ་དང་འདྲའོ། །དགོངས་པ་གཏིང་མི་དཔོག་ཅེས་པ་ནི། རྒྱ་ཆེ་གཏིང་དཔག་དཀའ་བས་ཚད་བཟུང་དུ་མེད་དེ་དཔལ་གྱི་དགོངས་པ་དེ་དང་འདྲ་བའོ། །དེ་ལ་དཔལ་ཧེ་རུ་ཀའི་སྐུ་མདོག་དང་ཕྱག་མཚན་མ་ངེས་པར་འབྱུང་སྟེ། མཚན་མ་མེད་པའི་ཕྱག་རྒྱ་ནི་ཆོས་ཀྱི་སྐུའོ། །དེ་ལ་དངོས་གྲུབ་འབྱུང་བ་ནི་གཟུགས་སྐུ་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་སྤྲུལ་པ་ཅིར་ཡང་སྣང་ཡང་། མ་ངེས་པར་དཔའ་བོས་བཤད་ཅེས་དེ་ལ་བྱའོ། །ཆོས་སྒྱུ་མ་ལ་ཏིང་ངེ་འཛིན་གྱིས་དབང་བསྐུར་བས་མཁས་པས་ཅི་དགར་བསྒོམ་ན་འགྲུབ་ཅེས་བྱའོ། །འོ་ན་ཡང་དཔལ་ཧེ་རུ་ཀའི་སྐུ་མདོག་དང་ཕྱག་མཚན་ནི། ཡན་ལག་རྟགས་ཀྱི་ལུང་བཤད་དོ། །གྲུབ་པ་རྟགས་ཀྱི་ལུང་ལ། དབུ་གསུམ་དུ་སྣང་བ་ནི། དུག་གསུམ་རྣམ་པར་དག་པར་བསྒོམས་པས། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་རྟགས་སུ་སྣང་སྟེ། དེ་ཡང་གང་ཞེ་ན། གཏི་མུག་རྣམ་པར་དག་པར་བསྒོམས་པས་སྐུ་གྲུབ་པའི་རྟགས་སུ། དབུ་གཡས་དཀར་བར་བསྟན་པ། འདོད་ཆགས་རྣམ་པར་དག་པར་བསྒོམས་པས་གསུང་གྲུབ་པའི་རྟགས་སུ་དབུ་གཡོན་དམར་བར་སྟོན་པ། ཞེ་སྡང་རྣམ་པར་དག་པར་བསྒོམས་པས་ཐུགས་གྲུབ་པའི་རྟགས་སུ་དབུས་མ་མཐིང་ནག་ཏུ་སྟོན་པ། དེ་ཡང་ལྟ་སྤྱོད་རྣམ་གསུམ་གྱིས་གྲུབ་པའི་རྟགས་སུ་སྟེ། ལྟ་བས་འཕང་བཅད། སྤྱོད་པས་ལ་དོར། དམ་ཚིག་གིས་གཞི་བཟུང་བས་དེ་ལྟར་གྲུབ་བོ། །སྤྱན་དགུ་ནི། སྐུ་གསུམ་དང་། ས་གསུམ་དང་། ཡེ་ཤེས་གསུམ་དང་། ཏིང་ངེ་འཛིན་གསུམ་སྟེ། སྐུ་གསུམ་ནི་བླང་རྒྱུ་མེད་པས་ཐོབ་ལ། ས་གསུམ་ནི་བགྲོད་པ་མེད་པས་ནོན། ཏིང་ངེ་འཛིན་གསུམ་གྱིས་གོམས་པ་མངོན་དུ་གྱུར་ལ། ཡེ་ཤེས་གསུམ་གྱིས་དམིགས་པའི་ཡུལ་ལས་འདས་པས་སྤྱན་དགུར་གྲུབ་སྟེ། བགྲོད་མེད་ཐོབ་མེད་དམིགས་པའི་ཡུལ་ལས་འདས། །ཞེས་སོ། །སྤྱན་གཡས་གཡོན་གཉིས་ནི། རྟག་ཆད་ཀྱི་མཐའ་ལས་གྲོལ་བས་འགྲོ་ལ་གཟིགས་ལ། སྤྱན་དབུས་མ་ནི་དབུ་མ་ཆེན་མོ་དམིགས་སུ་མེད་པར་གཟིགས་པ་ཞི་བའི་ཚུལ་ལོ། །ཤངས་གསུམ་ནི། ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམས་པས་ཤངས་གསུམ་དུ་གྲུབ་སྟེ། སྲོག་ལ་མངའ་མཛད། ཅེས་བྱ་སྟེ། ཤངས་ནི་སྦུབས་ཀྱི་སྣོད་ཡིན། སྦུབས་ནི་སྲོག་འཛིན་པར་བྱེད་པ་ཡིན། སྦུབས་བཅད་ན་སྲོག་གཅོད། སྦུབས་འབྱུང་ན་སྲོག་འབྱུང་བས། སྲོག་ལ་མངའ་མཛད་ཏིང་འཛིན་གསུམ། །ཞེས་བྱ། ཏིང་ངེ་འཛིན་ཆོས་ཀྱི་སྲོག་ཡིན་ནོ། །སྒྲ་ཆེན་ཐ་དད་སྒྲ་སྟེ། ཆོས་སྐུ་ཏིང་འཛིན་སྙན། ཞེས་བྱ་སྟེ། སྒྲ་ཆེན་པོ་ནི་དབྱངས་ཐོས་རིག་པའི་སྙན་ཡིན་ཏེ། ཆོས་ཀྱི་སྐུ་བསྒོམས་པ་འགྲུབ་ལ། སྒྲ་ཐ་དད། རྩལ་མ་འགགས་པའི་སྙན་ཏེ། ཏིང་འཛིན་གྲངས་མེད་པར་བསྒོམས་པས་འགྲུབ་པས་ཆོས་སྐུ་ཏིང་ངེ་འཛིན་སྙན། ཞེས་བྱའོ། །ཞལ་གསུམ་རྣམ་པར་ཐར་པ་གསུམ་བསྒོམས་པས་འགྲུབ་སྟེ། དེ་ཡང་སྐུ་སྟོང་པ་ཉིད་དུ་བསྒོམས་པས་དབུ་གཡས་དཀར་བའི་ཞལ་དུ་གྲུབ་ལ། གསུང་སྨོན་པ་མེད་པར་བསྒོམས་པས་གཡོན་དམར་བའི་ཞལ་དུ་གྲུབ་ལ། ཐུགས་མཚན་མ་མེད་པར་བསྒོམས་པས་དབུས་མཐིང་ནག་གི་ཞལ་དུ་གྲུབ་པས། རྣམ་ཐར་གསུམ་ལྷུན་གྱིས་གྲུབ། ཅེས་བྱའོ། །ལྗགས་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཐེག་པ་གསུམ་འགྲོ་བ་ལ་བཤད་པས་འགྲུབ་སྟེ། དེ་ཡང་སྐུ་ཡི་ཐེག་པ་བཤད་པས་གཡས་ཀྱི་ལྗགས་སུ་གྲུབ། གསུང་གི་ཐེག་པ་བཤད་པས་གཡོན་གྱི་ལྗགས་སུ་གྲུབ། ཐུགས་ཀྱི་ཐེག་པ་བཤད་པས་དབུས་ཀྱི་ལྗགས་སུ་གྲུབ་པས། ལྗགས་གསུམ་ཐེག་གསུམ་ཤེས་པའི་རྟགས། །ཞེས་བྱའོ། །མཆེ་བ་བཞི་ནི་ཕྲིན་ལས་མཐར་ཕྱིན་པའི་རྟགས་སོ། །ཞི་རྒྱས་དབང་མངོན་སྤྱོད་འགྲོ་བའི་དོན་མཐར་ཕྱིན་པས་མཆེ་བ་བཞིས་འགྲོ་བའི་དོན་མཐར་ཕྱིན་པར་མཆེ་བ་བཞིས་ཕྲིན་ལས་འབྱིན། ཞེས་བྱའོ། །༼༠༽ཕྱག་དྲུག་ནི། ༼༠༽ ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་གཉིས། མཉམ་པ་ཉིད་དང་སོ་སོར་རྟོག་པ་གཉིས། བྱ་བ་ནན་ཏན་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་དྲུག་བསྒོམས་པས། ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག །ཅེས་བྱའོ། །ཕྱག་མཚན་དྲུག་ནི་བསྒོམས་པས་འགྲུབ་སྟེ། རྡོ་རྗེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྷནྡྷ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཁ་ཊྭཱཾ་ཀ་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཞིང་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐང་གཤོལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྔ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲུག་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་འགྲུབ་སྟེ། ཕ་རོལ་ཕྱིན་དྲུག་ཕྱག་མཚན་དྲུག །ཅེས་བྱའོ། །ཞབས་བཞི་དད་པ་ལ་སོགས་པ་རྣམ་པ་བཞི་བསྒོམས་པས་འགྲུབ་སྟེ། ཞབས་བཞི་ལམ་བཞི་བགྲོད་པ་མེད་པར་ཐོབ། །ཅེས་བྱའོ། །གྲུབ་པའི་རྟགས་ཀྱི་ཕྱག་རྒྱ་དེ་ལྟར་གྲུབ་ནས། མཛད་པ་རྟགས་ཀྱི་ཕྱག་རྒྱ་ཕྲིན་ལས་ཅི་མཛད་ཅེ་ན། དབུ་གསུམ་གྱིས་ནི་སྲིད་པ་གསུམ་གྱི་མགོན་མཛད་དེ། སྲིད་པ་གསུམ་ནི། ས་འོག །ས་སྟེང་། ས་བླ། ནམ་མཁའ་བར་སྣང་གར་གནས་པའི་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་གནས་ནས་བླ་ན་མེད་པའི་བྱང་ཆུབ་སྐུ་གསུང་ཐུགས་སུ་བསྒོམས་ནས་སྐྱོབ་པའི་མགོན་མཛད་པས། དབུ་གསུམ་སྲིད་གསུམ་མགོན་མཛད་སྐུ་གསུང་ཐུགས། །ཞེས་བྱའོ། །སྤྱན་དགུ་ནི་ས་དགུ་ལ་གནས་པའི་སེམས་ཅན་སོ་སོ་འདུལ་བའི་བྱེ་བྲག་གཟིགས་ཏེ། གཟིགས་པའི་སྒོ་ནས་ཤངས་གསུམ་ནས་སྤྲུལ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་ནས་འགྲོ་བ་ཅིས་འདུལ་དུ་ཕྲིན་ལས་མཛད་པའོ། །ཤངས་གསུམ་ནས་བྱུང་སྤྲུལ་པས་སྟོང་གསུམ་འགེངས། ཞེས་བྱའོ། །སྙན་དྲུག་ནི་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས། སོ་སོའི་གནས་ནས་ཇི་ལྟར་ཞུ་ཞིང་གསོལ་བ་གསན་ནས་སྙན་དྲུག་ནས་ཅི་གསོལ་གསན་ནོ། །ཞལ་གསུམ་ཞེས་པས་སེམས་ཅན་གྱི་ཉོན་མོངས་པ་དུག་གསུམ་སྦྱངས་ཤིང་འབྲས་བུ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྦྱང་བའི་ཕྱིར། རྐྱེན་ཤ་ཁྲག་རུས་པ་གསུམ་ཞལ་དུ་གསོལ་བས་ཞལ་གསུམ་སྟེ། མཆོད་པ་ཕུན་སུམ་ཚོགས་པའོ། །ལྗགས་གསུམ། ཞེས་པ། ལྗགས་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་ཐེག་པ་འགྲོ་བ་ལ་བསྒྲགས་པས་འགྲོ་བ་སོ་སོའི་རྒྱུད་བཀྲོལ་ནས་བླ་ན་མེད་པའི་བྱང་ཆུབ་ལམ་ལ་བཀོད་པས། ཐེག་གསུམ་སྟོན་པའི་གདངས་ངར་སྒྲོགས། །ཞེས་བྱའོ། །ཁམས་གསུམ་ཉུག་བྱེད་རྡོ་རྗེ་སྲིན་པོའི་ལྕེ། །ཞེས་པ་དཔེར་ན་ཤིང་ཁུང་དུ་དོམ་གྱི་ལྕེ་བརྐྱངས་ན། ནགས་ཁུང་གི་སྦྲང་མ་ཐམས་ཅད་འདུ་བ་དང་འདྲ་བར། དཔལ་ཆེན་པོའི་ལྗགས་ཁམས་གསུམ་དུ་བརྐྱང་པས། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་དཔལ་ཆེན་པོའི་ལྗགས་ཀྱིས་བསྡུས་ནས་ཞལ་གྱི་དབྱིངས་སུ་ཐིམ་པས་ཁམས་གསུམ་ཉུག་བྱེད་ཅེས་བྱའོ། །མཆེ་བ་བཞི་ཞེས་པ་ནི། སྐྱེ་གནས་བཞིར་སྐྱེས་པའི་སེམས་ཅན་ཐམས་ཅད་སྐྱེ་ཤི་རྩད་གཅོད་པས། སྐྱེ་ཤི་རྩད་གཅོད་ཅེས་བྱའོ། །ཕྱག་དྲུག་འགྲོ་བ་སེམས་ཅན་གཏིང་ནས་འདྲེན་མཛད་པ། ཞེས་པ། ཡེ་ཤེས་དྲུག་དང་ལྡན་པའི་ཕྱག་དྲུག་གིས་འགྲོ་བ་རིགས་དྲུག་གི་སེམས་ཅན་སོ་སོའི་གནས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་འདྲེན་པར་མཛད་པས། གཏིང་ནས་འདྲེན། ཞེས་བྱའོ། །ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད། །ཅེས་པས། ཕྱག་མཚན་དྲུག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སྒོ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཅི་མ་ཅིས་འདུལ་བ་དང་། གང་གིས་གང་ལ་འཚམ་པ་བཞིན་དུ། ཇི་ལྟར་འཐད་པ་བཞིན་དུ་འགྲོ་བའི་དོན་མཛད་པས། ཕྱིན་དྲུག་འགྲོ་དོན་མཛད། ཅེས་བྱའོ། །ཞབས་བཞི་ཞེས་པ། ཞི་རྒྱས་དབང་དྲག་པོའི་ཕྲིན་ལས་རྣམ་པ་བཞིས་འཁོར་བའི་སེམས་ཅན་ཐམས་ཅད་བླ་ན་མེད་འི་བྱང་ཆུབ་ཀྱི་དབྱིངས་སུ་སྒྲོལ་བར་མཛད་པས། ཞབས་བཞིས་སྒྲོལ། ཅེས་བྱའོ། །ཡན་ལག་རྟགས་ཀྱི་ལུགས་འདི་ལྟར་ཡང་བཤད་དེ། ༼༠༽དཔལ་བཛྲ་ཧེ་རུ་ཀའི་ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་བསྣམས་པ་ནི། ༼༠༽རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་བསྟན་པ། རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས། རྡོ་རྗེའི་རང་བཞིན་མི་འགྱུར་བའི་ཆོས་ཉིད་ཡིན། རྡོ་རྗེའི་ལས་ནི་འཇོམས་པ་བཞིན། ཡེ་ཤེས་ནི་རྡོ་རྗེ་ཡིན་པས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཕྱག་གཡོན་གྱི་དང་པོས་བྷནྡྷ་བསྣམས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། བྷནྡྷ་ཆོས་ཀྱི་དབྱིངས་ཡིན་ལ། རྡོ་རྗེ་ཡེ་ཤེས་འཇུག་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནི། མཐའ་གཉིས་ཀྱི་སྐྱོན་ལ་མི་སྐྲག་པས་བཟོད་པའི་མཆོག་ཅེས་བྱའོ། །ཆོས་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན། ཞེས་པས། བྷནྡྷ་ལ་དབང་པོ་བཞི་ཡོད་པ་ནི་མཁྱེན་པའི་ཡེ་ཤེས་བཞི་དང་ལྡན་པས། ཡེ་ཤེས་བཞི་ལྡན། ཞེས་བྱའོ། །བྷནྡྷ་ཟླུམ་པ་ནི་ཆོས་ཀྱི་སྐུ་ལ་སྤྲོས་པ་མེད་པའི་རྟགས་ཡིན། དབྱིངས་རྟོགས་ཞེས་པ། བྷནྡྷ་ཆོས་ཀྱི་དབྱིངས་ལ་རྡོ་རྗེ་ཡེ་ཤེས་བཅུག་ནས་རཀྟ་བཅུད་ཀྱི་འཇིག་རྟེན་དཀྲུགས་ནས་ཞལ་དུ་གསོལ་བ་ནི། འཐུངས་པས་འཁོར་བར་མི་གཏོང་བླ་ན་མེད་པའི་དབྱིངས་སུ་སྒྲོལ་བར་མཛད་པས། དབྱིངས་རྟོགས། ཞེས་བྱའོ། །གཡས་ཀྱི་བར་མ་ཁ་ཊྭཱྃ་ག་བསྣམས་པ་ནི། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། དུག་གསུམ་སྒྲོལ་བྱེད་དྲེགས་པའི་ལྷ་བདུད་བཅོམ་སྟེ། འཇིག་རྟེན་གྱི་ལྷ་ཆེན་པོ་དྲེགས་པ་ཅན་ང་རྒྱལ་རྡོས་པ་རྣམས། ཕུང་པོ་རྟག་ཏུ་རེ་བ་མི་རྟག་པར་སུན་དབྱུང་བའི་ཕྱིར་ཁ་ཊྭཱྃ་ཀ་ཀླད་ལ་བསྐོར་ཏེ་བརྒྱབས་པས་དྲེགས་པའི་ལྷ་བཅོམ་མོ། །སྟོང་གསུམ་སྲིད་གསུམ་ཡོངས་བཏུལ་རྒྱལ་བའི་རྟགས། ཞེས་པས་ཁམས་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་མ་ཧཱ་྄དེ་ཝ་མནན་ནས་ལག་ཆ་ཕྲོགས་ཏེ་ཀླད་ལ་བསྐོར་བས་རྒྱལ། བཙོན་དུ་བཟུང་བས་དམ་པ་མཆན་ལ་ཕེབས་པ་དང་འདྲ་བར་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དཔའ་བཀོང་ཞིང་ཟིལ་གྱིས་མནན་པས་རྒྱལ་བ་རྟགས་ཀྱི་ཁ་ཊྭཱྃ་ཀ་ཞེས་བྱའོ། །ཀུན་ལ་མངའ་མཛད་འཁོར་རྣམས་དབང་དུ་སྡུད། ཁ་ཊྭཱྃ་ཀླད་ལ་བསྐོར་ཁ་དག་ཤ་དག་ཅེས་བརྗོད་པས། དྲེགས་པ་ཅན་གྱི་འཁོར་ཐམས་ཅད་རང་དབང་མེད་པར་འུབ་ཀྱིས་འདུས་པས་འཁོར་དབང་དུ་སྡུད་པའི་ཁ་ཊྭཱྃ་ཀ་ཞེས་བྱའོ། །གཡོན་བར་མ་ནི་ཞིང་གི་དབྱུག་པ་སྟེ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། འདི་ལ་དོན་རྣམ་བཞིས་བསྟན་ཏེ། འབོད་པའི་གཡབ་མོ་དང་། སྦྱིན་པའི་བཟའ་བ་དང་། བརྡེག་པའི་དབྱུག་པ་དང་། རྟོགས་པའི་ཆོས་ཉིད་དང་བཞིའོ། །དེ་ལ་འབོད་པའི་གཡབ་མོ་ནི། ཞིང་གི་དབྱུག་པ་གཡབ་པས་བྷྱོ་ཞེས་གཡབ་པ་དང་། ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་གི་ཆུང་མ་སིལ་གྱིས་འདུ་བར་འབོད་པའི་གཡབ་མོའོ། །ཞིང་གི་མཁའ་འགྲོ་མའི་དམ་རྫས་ཡིན་པས། ཞིང་གི་དབྱུག་པ་བསྣམས་ནས་ཁ་ཁ་ལ་ཤ་ད་བ་ཀ་ཨ་ལ་ལ་ཧོཿ ཞེས་བརྗོད་པས་མཁའ་འགྲོ་མ་རྣམས་ཚིམ་པར་གྱུར་པས་སྦྱིན་པའི་བཟའ་བ་ཞེས་བྱའོ། །བརྡེག་པའི་དབྱུག་པས་གདོས་བཅས་ཕུང་པོ་བཤིག་པ་ནི། ཞིང་གི་དབྱུག་པ་ཐོགས་ནས་བདུད་ལས་ཀྱི་སྲིན་པོ་ལ་སོགས་པ་ཁམས་གསུམ་གྱི་དྲེགས་བྱེད་ཐམས་ཅད་ཕུང་པོའི་གདོས་གཅན་ང་རྒྱལ་དང་བཅས་པ་ཐམས་ཅད་རྡུལ་དུ་བརླགས་པས་གདོས་བཅས་ཕུང་པོ་བཤིག་ཅེས་བྱའོ། །རྟོགས་པའི་ཆོས་ཉིད་ནི་ཞིང་ཡིན། ཞིང་ནི་རོ་ཡིན། རོ་ནི་དྲན་པ་མེད་པ་ཡིན། སོར་མོ་ལྔ་ནི་ཡེ་ཤེས་ལྔ་ཡིན། མཁྱེན་པའི་ཡེ་ཤེས་རྣམ་པ་ལྔས་ཆོས་ཉིད་ཀྱི་དོན་རྟོགས་ཤིང་། མ་ཤོར་བར་འཛིན་པ་ཡིན་པས། དྲན་བྱེད་ཡེ་ཤེས་ལྔས་བཟུང་། ཞེས་བྱའོ། །གཡོན་གྱི་ཐ་མ་ནི་ཐོང་གཤོལ་བསྣམས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། ཉོན་མོངས་པའི་ཞིང་ས་ལ་ཐུགས་རྗེའི་ཐོང་གཤོལ་གྱིས་རྨོས་ནས་འཁོར་བ་རོལ་བཟློག་ནས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པར་བྱེད་དོ། །ཞིང་ཆོས་ཉིད་ཀྱི་ཞིང་ས་ལ་ཡེ་ཤེས་ཀྱི་ཐོང་གཤོལ་གྱིས་རྨོས་ནས་ཡོད་མེད་ཀྱི་རོལ་བཟློག་ནས། ས་བོན་ཐབས་ལ་མཁས་པའི་བྱང་ཆུབ་ཀྱི་འབྲས་བུ་ཆེ་བའི་ཡོན་ཏན་གྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བར་བྱེད་དོ། །དེའི་ཕྱིར་ཐོང་གཤོལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །གཡས་ཐ་མ་རྔ་བསྣམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། ཡུལ་མེད་རྣམ་དག་ཅེས་བྱ་སྟེ། ཕྱི་གཟུང་བའི་ཡུལ་མ་སྐྱེས་པའི་ལྔ་ལོགས་ལ་ནང་འཛིན་པ་བདག་མེད་རིག་པའི་དབྱུག་པས་བརྡུང་ཞེས་བྱ་སྟེ། ཕྱི་གཟུང་བའི་ཡུལ་རྣམ་པར་དག་པའི་ལྔ་ལོགས་ལ། ནང་འཛིན་སེམས་བདག་མེད་པའི་རིག་པའི་ཡེ་ཤེས་ཀྱི་དབྱུག་པས་བསྟན་པའི་གསུང་རབ་ཀྱི་སྒྲ་འབྱུང་བས་འགྲོ་བ་སོ་སོའི་སྐད་དུ་སྒྲོགས་པས། ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །འཁོར་ལོ་བསམ་གཏན་ལྷག་པ་གསུམ་གྱིས་མཚན། །ཞེས་པ། འཁོར་ལོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། ལྷག་པའི་ཚུལ་ཁྲིམས་ལ་ཞིག་རལ་མེད་པའི་རྟགས་སུ། འཁོར་ལོའི་མཐའ་མྱུ་གུ་ཟླུམ་པོས་བསྐོར་བར་བྱ། ཚུལ་ཁྲིམས་ལ་ཞིག་རལ་མེད་ཙམ་ན། ལྷག་པའི་ཏིང་ངེ་འཛིན་འདུར་བཏུབ་པས་དབུས་ཀྱི་ལྟེ་བ་ཟླུམ་པར་བསྟན་པ་ཡིན། ལྷག་པའི་ཏིང་ངེ་འཛིན་འདུར་བཏུབ་ཙམ་ན། ལྷག་པའི་ཤེས་རབ་ཀྱིས་བོགས་འབྱིན་པའི་རྟགས་སུ་བུདྡྷ་ཧེ་རུ་ཀའི་འཁོར་ལོའི་རྩིབས་ཟུར་ཅན་དུ་བསྟན་ནོ། །བདག་མེད་རིན་ཆེན་སེམས་ལ་རེ་འདོད་སྐོང་། །ཞེས་པ། རིན་པོ་ཆེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ནི་སེམས་ཅན་གྱི་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བ་དང་འདྲ་བར། རཏྣ་ཧེ་རུ་ཀ་སྐུ་ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར། སེམས་ཅན་གྱི་དགོས་འདོད་ཡིད་བཞིན་དུ་སྐོང་ཞེས་བྱའོ། །མི་ཟད་པར་ལྡན། ཞེས་པ་བདག་ཏུ་མི་འཛིན་པའི་སྒོ་ནས་མེད་ལ་ཟད་མི་ཤེས་པས། མི་ཟད་པར་ལྡན་ཞེས་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །པདྨ་འདམ་སྐྱེས་མ་ཆགས་རྗེས་སུ་སྤྱོད། །ཅེས་པ། དཔེར་ན་པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་དང་འདྲ་བར། དཔལ་པདྨ་ཧ་རུ་ཀ་ལ་ནི་འཁོར་བའི་སྐྱོན་འདམ་རྫབ་དང་འདྲ་བའི་ནད་ན་ཐུགས་རྗེ་ཆགས་པས་འགྲོ་བའི་དོན་མཛད་ན་འཁོར་བའི་སྐྱོན་གྱིས་མ་གོས་པས་དཀྱུས་དེ་ལྟར་ཉེས་པའི་སྐྱོན་མ་གོས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །རལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད། །ཅེས་པ་ཡེ་ཤེས་ཀྱི་ངོས་ནི། མྱ་ངན་འདས་པའི་མཐའ་ལ་གཅོད་པ་ཆོས་ཉིད་ཐུགས་རྗེའི་སོས་འཁོར་བའི་མཐའ་ལ་གཅོད་པས། མཐའ་གཉིས་གཅོད་ཅེས་བྱའོ། །རྩེ་གཅིག་ཏིང་འཛིན་གཉིས་ལས་བརྩོན་འགྲུས་མཛད། །ཅེས་པས། ཐུགས་རྗེ་རྩེ་གཅིག་གིས་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་ལ། ཡེ་ཤེས་རྩེ་གཅིག་གིས་ཆོས་ཉིད་དབྱིངས་ལས་འགྲུས་པས་བརྩོན་འགྲུས་མཛད་ཅེས་བྱའོ། །དགྲ་སྟྭ་ཞགས་པ་ལ་སོགས་ཕྱག་མཚན་རྣམས། །ཞེས་པ། དགྲ་སྟྭས་ཉོན་མོངས་མཐའ་ལས་གཅོད་པར་བྱེད་ལ། ཞགས་པས་འཁོར་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་དབྱིངས་སུ་འདྲེན་པར་མཛད་པས། རང་གཉེར་ཆོས་སྐུའི་བརྡ་ཞེས་བྱའོ། །༼༠༽དེ་ལ་སྐུའི་རྔམ་བཞི་མ་ནི། ནམ་མཁའི་རི་མོ་ཕྱག་རྒྱར་རྔམ། །ཞེས་པ་ཀུན་རྫོབ་ཏུ་རང་བཞིན་མེད་པ་ནམ་མཁའ་ལས་སྤྲིན་དེངས་པའི་ཚུལ་ལོ། །ཅིར་ཡང་འགྱུར་བའི་བཞུགས་ཐབས་རྔམ། །ཞེས་པ་ལྷ་དང་འཕགས་པ་དང་ཚངས་པ་དང་། སྨོན་ལམ་དང་ཅིར་ཡང་འགྱུར་བའི་བཞུགས་སྟབས་ཀྱི་ཚུལ་ལོ། །ཟིལ་གྱིས་གནོན་པའི་གདན་ཡང་རྔམ། །༼༠༽རྟགས་བར་ནི། རྙིང་རྒྱུད་ནང་ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ལས་སྣང་བ་སོར་བཞག་རེ་ཞིག་བྱས། ཞེས་པ་མ་ཆགས་པདྨའི་གདན་དང་། ཐབས་ཤེས་རབ་ཏུ་ལྡན་པ་ཉི་ཟླའི་འོད་ཀྱི་གདན་དང་། ཡོན་ཏན་གྱི་རྟགས་གདན་ཁྲི་མི་འཇིགས་པ་སེང་གེ་དང་། སྟོབས་གླང་པོ་ཆེ་དང་། རྫུ་འཕྲུལ་རྟ་དང་། དབང་གི་རྨ་བྱ་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཡོན་ཏན་རྟགས་ཀྱི་གདན་ཁྲིའོ། །ཁྲོ་བོའི་དུས་ན་ཡང་བདུད་བཞི་འཇོམས་པའི་ཁྱུ་མཆོག་དང་། ཐེག་ཆེན་སྦྱོང་བའི་མ་ཧེ་དང་། ཡོན་ཏན་གཟི་འབར་གྱི་གཟིག་དང་། དཔའ་བརྟུལ་ཟ་བྱེད་ཀྱི་སྟག་དང་། བཤོལ་བ་མེད་པའི་དོམ་དང་། ཟིལ་གྱིས་གནོན་པའི་ལྷ་ཆེན་པོ་ཡབ་ཡུམ་དང་། བསྣོལ་བས་ཟིལ་གྱིས་གནོན་པའི་གདན་རྔམ་ཞེས་བྱའོ། །ཚེམས་རྔམ་ཆེན་པོའི་སྟབས་ནི་འོག་ནས་འབྱུང་བ་དང་སྦྱར་རོ། །གསུང་གི་རྔམ་བཞི་ལ། ཧོམ་ལྔ་འབྲེལ་བར་འབྱུང་བའི་ཞལ་རྔམ་ནི། འོག་ནས་ཞིབ་ཏུ་བཤད་པ་དང་སྦྱར་རོ། །ཟླ་གམ་ཅིར་ཡང་འགྱུར་བའི་ལྗགས་ནི། ལྗགས་ཟླ་གམ་ཅིར་ཡང་འགྱུར་བ་ལས། བྱཱ་ཀ་ར་ཎའི་སྐད་དང་། སཾ་སྐྲི་ཏའི་སྐད་དང་། ཨ་བ་བྲཾ་ཤི་ཏའི་སྐད་ལ་སོགས་པ་སྒྲའི་བྱེ་བྲག་ཐམས་ཅད་སོ་སོར་མ་འདྲེས་པར་བསྟན་པའི་ཕྱིར་རོ། །སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས་རྔམ་ཞེས་པ། རྣམ་པར་ཤེས་པ་བཞི་ཡོད་པ། དུག་བཞི་ཡོད་པ། མཆེ་བ་ཡེ་ཤེས་བཞི་འཕྲོས་པས་གཅོད་དེ། ཀུན་བཞིའི་རྣམ་པར་ཤེས་པ་ལ་གཏི་མུག་ཡོད་པས། ཆོས་དབྱིངས་མེ་ལོང་ཡེ་ཤེས་ཀྱིས་གཅོད་དོ། །ཉོན་མོངས་པ་ཅན་ལ་ང་རྒྱལ་དང་ཕྲག་དོག་གནས་པ་མཉམ་པ་ཉིད་ཀྱིས་གཅོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་འདོད་ཆགས་གནས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གཅོད་དོ། །སྒོ་ལྔའི་རྣམ་པར་ཤེས་པ་ལ་ཞེ་སྡང་གནས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་གཅོད་པ། ཚེམས་རྔམ་ཞེས་བྱའོ། །གསུང་དབྱངས་འབྲུག་ལྟར་སྒྲོགས་པའི་དབྱངས་རྔམ་ཞེས་པ་དབྱངས་ཀྱི་ཡན་ལག་དྲུག་ཅུའི་སྒོ་ནས། ཚངས་པའི་རྒྱལ་པོའི་དབྱངས་ལྟར་སྙན་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པའི་དབྱངས་ལྟར་གདུང་པས། འགྲོ་བའི་མཐའ་ཡས་པ་ལ་གསུང་རྒྱ་མཚོ་གོ་བར་སྒྲོགས་པ་དང་། འབྲུག་གི་རྒྱལ་པོའི་སྒྲ་ལྟར་ཟབ་ལ་དྲག་པས་དྲེགས་པར་བྱེད་པ་ཐམས་ཅད་དཔའ་བཀོང་ཞིང་ཟིལ་གྱིས་གནོན་པའ ི་ཚིག་ཅེས་བྱའོ། །ཐུགས་ཀྱི་རྔམ་བཞི་ལས། ལྷག་མཐོང་གི་རང་བཞིན་ལས་ལྷག་མཐོང་གི་རྒྱན་མ་གཡོས་པར་སྣང་བ་ནི། ལྷག་མཐོང་གི་རང་བཞིན། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་ངང་ལས། ལྷག་མཐོང་གསལ་བའི་ཤེས་རབ་རྒྱན། ཞེས་ཡེ་ཤེས་ཀྱི་སྤྲུལ་པ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་དུ་གསལ་བར་བསྟན་ཏེ། ལྷག་མཐོང་གི་རྒྱན་མ་གཡོས་པར་སྣང་བ། ཞེས་བྱའོ། །ཞི་གནས་ཀྱི་རང་བཞིན་ལས་ཞི་གནས་ཀྱི་རང་བཞིན་རྒྱན་ཁྱད་པར་དུ་འབྱུང་བ་ནི། དཔེར་ན་རྒྱ་མཚོ་མ་གཡོས་པ་ལས་རྦ་རླབས་ཕྱོགས་བཅུར་འཕྲོས་པ་དང་འདྲ་བའམ། ཞི་གནས་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མ་གཡོས་པར་རྒྱ་མཚོ་ལྟ་བུའི་ངང་ལས། ཞི་གནས་ཀྱི་རྒྱན་ཕྲིན་ལས་རྒྱ་མཚོའི་རྦ་རླབས་བཞིན་དུ་ཕྱོགས་བཅུར་འཕྲོ་ཞིང་འགྲོ་བའི་དོན་མཛད་པས། ཞི་གནས་ཁྱད་པར་དུ་འབྱུང་བའི་ཚུལ་ཅེས་བྱ་སྟེ། ཕྲིན་ལས་རྒྱ་མཚོ་རྒྱན་པའི་རྦ་རླབས་ལྟར་རྔམ་ཞེས་བྱའོ། །ཡོན་ཏན་ས་གཞི་རྒྱན་པའི་རྩི་ཤིང་ལྟར་རྔམ་པ་ནི། དཔེ་ས་གཞི་ཐ་བ་རྐང་ཁེངས་པ་དང་འདྲ་བ་ལ་ཆར་འབབ་པས། རྩི་ཤིང་ནགས་ཚལ་དང་། ལོ་འབྲས་ཐམས་ཅད་སྨིན་པ་དང་འདྲ་བར་ཞི་གནས་ཀྱི་རང་བཞིན་བཟོད་པའང་ས་གཞི་དང་འདྲ་བ་ལས། ལྷག་མཐོང་ཡེ་ཤེས་ཀྱི་སྤྲུལ་པ་ནམ་མཁའ་ལ་ཆར་འབབས་པ་བཞིན་དུ་འབྱུང་བ་ལས། བྱང་ཆུབ་སེམས་ཀྱི་འབྲས་བུ་སྨིན་པར་བྱེད་པས། ཞི་གནས་ཀྱི་རང་བཞིན་ལ་ལྷག་མཐོང་གི་རྒྱན་གྱིས་ཕན་འདོགས་པ་སྟེ། རྩ་བ་བླང་། རོལ་མོ་རྒྱན་གྱི་གར་ཐབས་རྔམ་པ་ནི། དཔེར་ན་གར་མཁན་གྱིས་གར་སྟབས་བྱས་པས། ཁོ་བདག་གི་ལུས་ལ་བཀོད་པ་རྡུལ་ཙམ་མེད་པར། གར་གྱི་རྣམ་པ་ཐ་དད་པ་བྱེ་བྲག་གི་འགྲོ་བ་མཐའ་དག་དགའ་བར་བྱེད་པ་དང་འདྲ་བར། ཞི་གནས་རྣམ་པར་མི་རྟོག་པའི་ཆོས་ཉིད་ལས་ལྷག་མཐོང་ཡེ་ཤེས་ཀྱི་སྤྲུལ་པ་འབྱུང་ནས་འཁོར་ལ་རྔ་ཐབས་དང་འདྲ་བ་ལས། ཐུགས་རྗེ་གར་སྟབས་དང་འདྲ་བས་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་དོན་མཛད་པས། རྩ་བ་བླང་། མཐུའི་རྔམ་བཞི་ལས། རུ་ཏྲ་འཇོམས་པའི་གནས་རྔམ་ནི། སྔོན་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བདུད་དང་ཀ་རུ་ཏྲ་བསྒྲལ་ནས་ཁོག་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ། ཡན་ལག་བརྒྱད་ལ་དུར་ཁྲོད་ཀྱི་གནས་བརྒྱད་བརྩིགས་ནས་བསྒྲུབས་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བརྙེས་ཏེ། དྲེགས་བྱེད་ཀྱི་རྒྱལ་པོ་བསྒྲལ་བས། ཁམས་གསུམ་གྱི་དྲེགས་པ་ཅན་ཟིལ་གྱིས་གནོན་པས་བཀྲ་ཤིས་ཤིང་ཅིས་ཀྱང་མི་ཚུགས་པ་ཞེས་བྱའོ། །ལྷ་ཆེན་པོ་བརྫིས་པའི་གདན་རྔམ་ནི། གདན་ཁྱད་པར་ཅན་ཟིལ་གྱིས་གནོན་པའི་ཚུལ་ནི། ཁམས་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་གདན་དུ་བཏིང་བས་རྒྱལ་པོ་བཙོན་དུ་བཟུང་ན་དམངས་མཚན་ལ་ཕེབས་པ་བཞིན་དུ། ཐམས་ཅད་ཟིལ་གྱིས་གནོན་པས། རྩ་བ་བླང་། ཁམས་གསུམ་སྒྲོལ་བའི་ཞིང་རྔམ་ནི། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོངས་སུ་བསྒྲལ་བ་ནི། ས་དང་པོའི་བྱང་ཆུབ་སེམས་དཔའ་གཅིག་གིས་ཞིང་ཁམས་བརྒྱ་སྦྱོང་བ། སྤྲུལ་པ་བརྒྱ་འགྱེད་པ། སེམས་ཅན་བརྒྱ་སྒྲོལ་བྱ་བ་ལྟ་བུའམ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་མན་ཆད་ཀྱིས་ཕྲིན་ལས་བགྲངས་པ་ལ་ཐོགས་པ་ལྟ་བུ་མ་ཡིན་ཏེ། དཔལ་ཆེན་པོས་གནས་ཁམས་གསུམ་ན། ལམ་རྒྱུད་དྲུག་གིས་བསྡུས་པའི་སེམས་ཅན་སྐྱེ་འགྲོ་དབུགས་ཀྱིས་བསྡུས་པ་ཐམས་ཅད། འཇག་མིག་གི་སྲིན་བུ་ཡན་ཆད་ལུས་པ་མེད་པར་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སུ་བསྒྲལ་བས། རྩ་བ་བླང་། རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔམ་པ་ནི། ཉན་ཐོས་ལྟར་གཉིས་སུ་མེད་པའི་རྟོགས་པས་ཟིན་ཏེ། གཉིས་སུ་མེད་པའི་རྩལ་ཚད་མར་མ་ཕྱིན་པས་ཉོན་མོངས་པ་རྣམ་པ་ལྔ་དང་། འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་སོགས་པ་མི་སྤོང་བ་བཞིན་དུ། དགྲ་དང་ཚེར་མར་བལྟས་ནས་རིམ་གྱིས་སྤོང་བར་བྱེད་པ་མ་ཡིན་གྱི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བཞེད་ཀྱིས། སྲིད་པ་གསུམ་གྱི་ཉོན་མོངས་པ་དང་། གཉིས་སུ་འཛིན་པའི་རྟོག་པ་དུས་གཅིག་ཏུ་བཅོམ་པས། རྩ་བ་བླང་། དེ་ལ་སྐུའི་བརྗིད་བཞི་ལ། སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ་བ་ནི། ནམ་མཁའ་གར་ཁྱབ་པར་ཆོས་སྐུས་ཁྱབ་ལ། ཆོས་སྐུས་གར་ཁྱབ་པར་གཟུགས་ཀྱི་སྐུས་ཀྱང་ཁྱབ་ལ། ཆོས་སྐུ་དང་མཉམ་པར་འབྱུང་བས་བརྗིད་ཆེ་ཞེས་བྱའོ། །གཟུགས་ཀྱི་སྐུ་དེས་གར་ཁྱབ་པའི་ཐུགས་རྗེས་སྤྲུལ་པ་ཡང་འཇིག་རྟེན་པའི་ཧེ་རུ་ཀ་ཞེས་བྱ་སྟེ། དབུ་གསུམ་ཕྱག་དྲུག་པས་སྟོང་གསུམ་ལྷག་གིས་འགེངས་ལ། དེ་དག་གི་བ་སྤུའི་བུ་ག་ཐམས་ཅད་སྦྱང་། སྤྲུལ་པའི་ཕྲ་མེན་མ་དང་། ཕོ་ཉ་ཟངས་ཀྱི་པགས་པ་ཅན་དང་། ཁབ་ཀྱི་སྤུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་འབྱུང་བས་ཐུགས་རྗེ་དང་། མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་པ་རགས། ཞེས་བྱའོ། །གྲངས་མང་རྐྱེན་དང་འཚམས་པས་བརྗིད་ཆེ་བ་ནི། སེམས་ཅན་གྱི་འདུ་བྱེད་སྐད་ཅིག་མ་ལ་དྲན་པ་བསམ་གྱིས་མི་ཁྱབ་པ་གཅིག་འབྱུང་བ་དང་འདྲ་བར། ཡེ་ཤེས་སྐད་ཅིག་མ་ལ་ཐུགས་རྗེའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གཅིག་འབྱུང་བ་སེམས་ཅན་འདུལ་བྱེད་དང་མཉམ་པའི་སྒོ་ནས་སྤྲུལ་པ་གྲངས་མང་ཞེས་བྱའོ། །གྲངས་མང་བ་དེ་ཡང་སོ་སོའི་རྐྱེན་དུ་མི་འཚམས་པ་མིན་ཏེ། སྨོན་ལམ་གྱི་སྒོ་ནས་སོ་སོ་ཇི་ལྟར་འདུལ་བ་ལ། གང་ལ་གང་གིས་འཚམས་པར་སྟོན་པས་སྨོན་ལམ་གྱི་སྒོ་ནས། རིགས་དང་མཐུན་པའི་རྐྱེན་དུས་འཚམས། །ཞེས་བྱའོ། །བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ་བ་ནི། དཔེར་ན་མི་སྤྱོད་པ་བཟང་པོ་ཞིག་ལ་འདི་ནི་ཀུན་གྱིས་བཀུར་བར་འོས་པ་ཅན་ཞིག་ཡིན་ཟེར་བ་དང་འདྲ་བར། བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕ་རོལ་ཇི་ལྟར་དགའི་སྤྱོད་པ་བཟང་པོ་མཛད་པས་བཀུར་བར་འོས་ཞེས་བྱའོ། །རིགས་བཙུན་པའི་སྒོ་ནས་གཙོ་བོར་མཐོང་བ་ནི། བཅོམ་ལྡན་འདས་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་རིགས་མཐོ་བར་སྐྱེས་ལ། རིགས་བཙུན་པས་གཙོ་བོར་མཐོང་ཞེས་བྱའོ། །ཁྱད་ཞུགས་ཡིད་དང་འཐད་པར་བརྗིད་ཆེ་བ་ནི། བཅོམ་ལྡན་འདས་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་གོང་རོལ་ནས་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པར་བསགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ཐམས་ཅད་དང་། བདུད་དང་མུ་སྟེགས་ཐམས་ཅད་ཁྱད་ཞུགས་པ་རང་བཞིན་གྱིས་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཞེས་བྱའོ། །ཡིད་འཐད་ཅེས་བྱ་བ་ནི། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་མཛད་པའི་ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད་ཅེས་བྱའོ། །གསུང་གི་བརྗིད་བཞི་ལ། གདངས་ཆེ་སྟོང་གསུམ་གང་བས་བརྗིད་ཆེ་ཞེས་བྱ་བ་ནི། ཆོས་ཀྱི་སྐུས་གར་ཁྱབ་པའི་སར་བཅོམ་ལྡན་འདས་ཀྱི་གསུང་གིས་ཀྱང་ཁྱབ་པས་གདངས་ཆེ་ཞེས་བྱ་ལ། གདངས་ཆེ་བ་དེ་ཉིད་ཀྱིས་ཀྱང་སྒྲ་ཐ་དད་པའི་སྒོ་ནས་སྟོང་གསུམ་ཁེངས་ཏེ། ལྷའི་སྐད་དང་། ཀླུའི་སྐད། སོ་སོའི་སྐད་དུ་ཆོས་སྟོན་པས་སྐད་ཐ་དད་པའི་སྒོ་ནས་སྟོང་གསུམ་འགེངས། ཞེས་བྱའོ། །ཚིག་ཉུང་ཐེ་ཚོམ་གཅོད། ཅེས་བྱ་བ། སྐད་ཀྱི་དབྱིངས་ཀྱི་སྒོ་ནས་ཀུན་གྱིས་གོ་བར་འགྱུར་ཏེ། གསུང་གཅིག་བཀའ་སྩལ་པས་འགྲོ་བ་སོ་སོའི་སྐད་དུ་འགྱུར་བས་བརྡ་མཇལ་ཏེ། སྐད་དབྱངས་ཀྱི་སྒོ་ནས་ཀུན་གོ་བར་འགྱུར། ཞེས་བྱའོ། །ཐེ་ཚོམ་གཅོད་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ཞིང་གོ་བར་འགྱུར་བའི་སྒོ་ནས་གསུང་གཅིག་བཀའ་སྩལ་བས་སེམས་ཅན་སོ་སོའི་ཡིད་ལ་བརྣག་པ་དང་། སེམས་ལ་འཁྱིལ་བའི་ཐེ་ཙོམ་གྱི་མདུད་པ་དུས་གཅིག་ཏུ་དཀྲོལ་བས། ཚིག་མྱུར་ཐེ་ཚོམ་གཅོད། ཅེས་བྱའོ། །བདག་ལ་ཉི་ཚེར་སྟོན་སྙམ་བརྗིད་ཆེ། ཞེས་པ་ནི། བྱམས་པའི་སྒོ་ནས་བདག་ལ་གཟིགས་ཏེ། སེམས་ཅན་ཐམས་ཅད་ལ་བལྟས་ནས་བདག་གཅིག་པུའི་སྔོན་ན་བཞུགས་ནས་བདག་ལ་གཟིགས་སོ་སྙམ་མོ། །ཉི་ཚེར་སྟོན་པ་ནི་སྙིང་རྗེ་ཚད་མེད་པ་མངའ་བས་བཅོམ་ལྡན་འདས་ནི་ཆོས་ཀྱང་བདག་གཅིག་པུ་ལ་སྟོན་སྙམ་མོ། །དེ་བས་ན་བདག་ལ་ཉི་ཚེར་སྟོན་སྙམ་བརྗིད་ཆེའོ། །ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་པ་ནི། ཤེས་རབ་ཆེན་པོའི་རྩལ་མངའ་བས་རིག་པའི་གནས་ལྔ་ལ་མ་རྨོངས་པའམ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་ཤར་བས། ཤེས་པའི་བྱེ་བྲག་གི་སྒོ་ནས་ཁྱད་བཞུགས། ཞེས་བྱའོ། །ཚིག་གི་ཡོན་ཏན་གྱི་སྒོ་ནས་ཀུན་འདུལ་བྱ་བ་སྔོན་བདེན་པ་གསུངས་པའི་དབང་གིས་བདུད་ལྷས་སྦྱིན་མ་གཏོགས་པ་བཀའ་མི་ཉན་པ་གཅིག་ཀྱང་མ་མཆིས་པས་ཚིག་གི་ཡོན་ཏན་གྱི་སྒོ་ནས་ཀུན་འདུལ་ཞེས་བྱ་སྟེ། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་ཆེ། ཞེས་བྱའོ། །ཐུགས་ཀྱི་བརྗིད་བཞི་ལས། ཡངས་པས་རེ་དོགས་མེད་པས་བརྗིད་ཆེ་ཞེས་པ་ནི། བདག་ཏུ་མི་འཛིན་པའི་སྒོ་ནས་ཡངས་ཏེ། ཆོས་དང་གང་ཟག་བདག་མེད་པར་རྟོགས་པས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ངང་མི་ཤོང་བ་གཅིག་ཀྱང་མེད་པ་ཡངས་ལ། འཁོར་བ་དང་སྡུག་བསྔལ་ཅེས་པ་ནི་སྤང་དུ་མེད་ལ། མྱ་ངན་ལས་འདས་པར་དང་། བྱང་ཆུབ་ཅེས་པ་ནི། དང་དུ་བླང་དུ་མེད་དེ། བླ་ན་མེད་པའི་བྱང་ཆུབ་ལ་རེ་བ་མེད་ལ། ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་དོགས་པ་མེད་དོ། །སྤང་བླང་མེད་པའི་སྒོ་ནས་རེ་དོགས་མེད་ཅེས་བྱའོ། །ལྷག་མཐོང་གི་སྒོ་ནས་དབུ་མ་གསལ་བྱ་བ། ལྷག་མཐོང་མེད་ན་དབུ་མ་མི་གསལ་ཏེ། ལྷག་མཐོང་གསལ་བའི་ཤེས་རབ་ཀྱིས་མཐའ་གཉིས་ཀྱི་སྐྱོན་སྤངས་པས་དབུ་མ་ཆེན་པོ་དམིགས་སུ་མེད་པའི་འོད་གསལ་བར་གྱུར་པས། ལྷག་མཐོང་གི་སྒོ་ནས་དབུ་མ་གསལ་ཅེས་བྱའོ། །ཞི་གནས་ཀྱི་སྒོ་ནས་མི་འགྱུར་བ་མཐའ་ཡས་པ་ནི། ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པས། མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། ཞི་གནས་ཀྱི་སྒོ་ནས་མི་འགྱུར་བ་མཐའ་ཡས། ཞེས་བྱའོ། །ཐུགས་རྗེ་ཐུགས་དམ་མཐར་ཕྱིན་པས་བརྗིད་ཆེ་བ་ནི། འཁོར་བར་ཡུན་རིང་པོར་བཞུགས་པའི་སྒོ་ནས་ཐུགས་རྗེ་ཆེ་སྟེ། ཐུགས་རྗེ་ཆེན་པོའི་དབང་གིས་འཁོར་བར་ཇི་སྲིད་ཀྱི་བར་དུ་བཞུགས་པས་ཐུགས་རྗེ་ལ་དམ་བཅས་བའི་སྒོ་ནས་འཁོར་བ་མཐར་ཕྱིན་པར་མཛད་པའོ། །མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད་ཆེ་བྱ་བ་ནི། ཤེས་རབ་ཀྱི་སྒོ་ནས་མ་རྨོངས་ཏེ། ཆོས་ཉིད་སྟོང་ཞིང་བདག་མེད་པའི་དོན་རྟོགས་ནས། འཁོར་བ་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་མཁྱེན་ལ། ཏིང་ངེ་འཛིན་གྱི་ཐབས་ཀྱིས་འདུལ་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་གནས་སུ་སྒྲོལ་བར་མཛད་པས། ཏིང་ངེ་འཛིན་གྱི་སྒོ་ནས་ཐབས་ཀྱིས་འདུལ། །ཅེས་བྱའོ། །ཡོན་ཏན་གྱི་བརྗིད་བཞི་ལས་མེད་པ་ཟད་མི་ཤེས་བྱ་བའང་། བདག་ཏུ་མི་འཛིན་པའི་སྒོ་ནས་མེད་ལ། མེད་པའི་སྒོ་ནས་ཟད་མི་ཤེས་ཏེ། དཔེར་ན་ནམ་མཁའ་སྟོང་པ་ཅི་ཡང་མེད་པ་ལས་ཆར་ཟད་མི་ཤེས་པ་འབབ་པ་དང་འདྲ་བར། ཆོས་ཀྱི་སྐུ་རང་བཞིན་དངོས་པོ་མེད་པ་ལས། ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས། འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས། རྩ་བ་བླང་གཅིག་ལ་འདོད་རྒུར་བསྒྱུར་བས་བརྗིད་ཆེ་བ་ནི། ཡེ་ཤེས་ཀྱི་སྒོ་ནས་གཅིག་སེམས་ཀྱི་སྒོ་ནས་འདོད་རྒུར་བསྒྱུར་ཏེ། ཡེ་ཤེས་རྩེ་གཅིག་གིས་ནི་ཆོས་ཉིད་ཀྱི་དོན་ལ་དགོངས་ལ། ཐུགས་རྩེ་གཅིག་གིས་ནི་སེམས་ཅན་གྱི་དོན་ལ་དགོངས་པས་གཅིག །ཅེས་བྱ་ལ། སེམས་ཅན་གྱི་བསམ་པའི་སྒོ་ནས་འདོད་རྒུར་སྟོན་པ་ནི། སེམས་ཅི་ལ་ཡང་ཅིས་འདུལ་ལ། འདོད་པ་ནི་རྟ་དཀར་རྩྭ་འདོད་པ་ལ་རྩྭ་དེ་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བའི་དོན་མཛད་པས། རྩ་བ་བླང་། གནོད་སྦྱོར་ཕན་པར་མཛད་པས་བརྗིད་ཆེ་བ་སེམས་ཅན་གྱི་སྒོ་ནས་གནོད་པར་སྦྱོར་ལ། གྲུབ་པའི་རྒྱུའི་སྒོ་ནས་ཕན་པར་སྦྱོར་མཛད་པ་སྟེ། སེམས་ཅན་བདག་ལ་གནོད་པར་བྱེད་པའམ་གང་ལ་གནོད་པར་བྱེད་པ་ལ། བྱང་ཆུབ་མཆོག་ཐོབ་ཤོག་ཅེས་སྨོན་ལམ་བཏབ་པས། གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྫོགས་ཏེ། རྩ་བ་བླང་། ཐབས་མཁས་སྐྱོན་གྱིས་མ་གོས་པ་ནི། ཤེས་བྱའི་སྒོ་ནས་ཐབས་ལ་མཁས་པས་ཤེས་བྱའི་བྱེ་བྲག་གིས་ཅི་ཡང་མ་རྨོངས་པས་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་བསྒྲལ་བའི་ཐབས་ལ་མཁས་པས་ཤེས་བྱའི་སྒོ་ནས་ཐབས་ལ་མཁས་པ་ཞེས་བྱའོ། །དེ་ལྟར་ཐབས་ཐུགས་རྗེ་ཆེན་པོས་འཁོར་བའི་སེམས་ཅན་བསྒྲལ་ན་ཡང་། སྤྱོད་པ་རྣམ་པར་དག་པས་པདྨ་འདམ་སྐྱེས་ལྟར། ཉེས་པའི་སྐྱོན་གྱིས་མ་གོས་པས། །རྩ་བ་བླང་། ཕྲིན་ལས་ཀྱིས་བརྗིད་བཞི་ལས། མི་སྙེམ་ཉམས་ཕག་རོལ་པས་བརྗིད་ཆེ་ཞེས་བྱ་བ་སྒྱུ་མར་མཁྱེན་པའི་སྒོ་ནས་མི་སྙེམ་པ་ནི། འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། བྱ་བ་ལྟར་བུ་ཡིན་ཏེ། ཐམས་ཅད་སྒྱུ་མར་མཁྱེན་པའི་སྒོ་ནས་མི་སྙེམས། ཞེས་བྱའོ། །བདག་དང་གཞན་གཉིས་སུ་མེད་པའི་རང་བཞིན་ནི། གཅིག་པའི་སྒོ་ནས་ཉམས་ཕག་རོལ་ཏེ། བདག་དང་གཞན་དུ་མི་ཕྱེད་པས། མཛད་པ་ཕྲིན་ལས་ཀྱང་ཕྱོགས་མེད་པས། མི་སྙེམ་ཉམས་ཕག་རོལ་ཅེས་བྱའོ། །འཁོར་བར་ཡུན་རིང་མི་བསྙེལ་བར་བརྗིད་ཆེ་ཞེས་བྱ་སྟེ། དོན་མཛད་པའི་སྒོ་ནས་འཁོར་བར་ཡུན་རིང་པོར་བཞུགས་ལ་འཁོར་བ་མ་སྟོངས་པར་དུ་ཐུགས་རྗེས་འགྲོ་བའི་དོན་མཛད་དོ། །བྱ་བ་མེད་པའི་སྒོ་ནས་བསྙིལ་རྒྱུ་ཅི་ཡང་མ་མཆིས་པས། རྩ་བ་བླང་། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཆེ་བ་མཐུའི་མགོན་སྐྱབས་ཆེ་སྟེ། སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པ་རྒྱལ་བ་བཅོམ་ལྡན་འདས་ཀྱི་མཐུ་ཡིན་པས། དེ་ལྟ་བུའི་སྒོ་ནས་མགོན་སྐྱབས་རྒྱུན་དུ་མཛད་དོ། །དམ་བཅས་པའི་སྒོ་ནས་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་དོ། །དགོང་པས་དོན་རྣམས་གྲུབ་པས་བརྗིད་ཆེ་བ་ནི། ཡེ་ཤེས་རྩེ་གཅིག་གི་སྒོ་ནས་ཆོས་ཀྱི་དབྱིངས་ལ་དགོངས་ལ། ཐུགས་རྗེ་རྩེ་གཅིག་གི་སྒོ་ནས་སེམས་ཅན་གྱི་དོན་ལ་དགོངས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་དགོངས་ལ། དགོངས་པ་རྩེ་གཅིག་པའི་སྒོ་ནས་མཐའ་གཉིས་ལ་དགོངས། ཞེས་བྱའོ། །ནན་ཏན་གྱི་སྒོ་ནས་བྱ་བ་བསྒྲུབ་པ་ནི། ནན་ཏན་གྱི་སྙིང་པོ་དང་། ནན་ཏན་གྱི་ཕྲིན་ལས་དང་། ནན་ཏན་གྱི་འབྲས་བུ་གསུམ་གྱི་སྒོ་ནས་འགྲོ་བའི་དོན་མཐར་ཕྱིན་པས་འགྲུབ་པར་མཛད་དོ། །རྒྱལ་པོ་ནི། རྒྱལ་རྟགས་རྣམ་པ་བདུན་ནི། རཏྣ་སྣ་བདུན། འཁོར་ལོ་རིན་པོ་ཆེའི་དབང་བཅུ་ནི། སྐྱེ་བ་ལ་དབང་བ། སྐྱེ་བ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་ཅེས་བྱ་སྟེ། ལྷ་ལ་སོགས་པས་བརྫུས་ཏེ་སྐྱེ་བ་དང་། མི་དང་བྱོལ་སོང་ལ་སོགས་པ་མངལ་ལས་སྐྱེ་བ་དང་། བྱ་དང་སྦྲུལ་ལ་སོགས་པ་སྒོ་ང་ལས་སྐྱེ་བ་དང་། སྡིག་པ་དང་གྲོག་སྦུར་ལ་སོགས་པ་དྲོད་དང་རླན་ལས་སྐྱེ་བ་དང་། དེ་ལྟར་གནས་བཞིར་སྐྱེས་པའི་སྐྱེ་ཤི་འཁོར་བའི་སེམས་ཅན་རྩད་གཅོད་པའི་ཕྱིར། མཆེ་བ་བཞིར་བསྟན་ནས་སྐྱེ་བ་ལ་དབང་། ཞེས་བྱའོ། །ཡོ་བྱད་ལ་དབང་བ་ནི། སྲིད་པའི་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་དབང་བསྒྱུར། རྟོག་པ་གཞོམ་པའི་ཕྱིར། ཅེས་བྱ་སྟེ། བདུད་རྩི་རྣམ་པ་ལྔ་ལ་ལོངས་སྤྱོད་པས་ཡོ་བྱད་ལ་དབང་བ་ཞེས་བྱའོ། །མོས་པ་ལ་དབང་བ་ནི། ཞི་བའི་མཉེན་ལྕུག་འཁྲིལ་ལྡེམ་ཅན་དང་། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལ་སོགས་པ། ཁྲོ་བོའི་དཔའ་བོ་སྒེག་པོ་འཇིགས་སུ་རུང་བ་དང་། དགོད་དང་གཤེ་དང་ངོ་མཚར་ཆེ་བ་དང་། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི། ཁྲོ་བོའི་ཚུལ་དགུར་བསྟན་ནས། འཁོར་བ་རྔ་ཐབས་དང་འདྲ་བ་ལ། ཐུགས་རྗེ་གར་ཐབས་ལྟ་བུས་འགྲོ་བའི་དོན་མཛད་པས། གར་ཐབས་ཐར་པའི་ཚུལ་དུ་རོལ་མཛད་ཅིང་། ཞེས་བྱའོ། །རྫུ་འཕྲུལ་ལ་དབང་བ་ནི། བ་སྤུའི་དབྱིངས་ནས་ཕྲ་མེན་འཕྲོ། །ཞེས་བྱ་སྟེ། བ་སྤུ་ཉག་རེའི་ཁ་ནས་སྤྲུལ་པའི་ཕྲ་མེན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། ལུས་ཀྱི་རྫུ་འཕྲུལ་ནི་སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབབ་པ། སེམས་ཀྱི་རྫུ་འཕྲུལ་ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པས་སེམས་ཅན་གྱི་དོན་མཛད་པས། ལུས་ནི་ཅིར་ཡང་རྫུ། སེམས་ནི་ཆོ་འཕྲུལ་བསྟན། ཞེས་བྱའོ། །ཆོས་ལ་དབང་བ་ནི། གཞན་མེ་དྲག་པོའི་གད་རྒྱངས་ཀྱིས་དྲེགས་བྱེད་ཟིལ་གྱིས་གནོན་ལ། གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་འགྲོ་བ་སོ་སོའི་སྐད་དུ་ཆོས་སྒྲོགས་པས། ཆེ་བ་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན། ཞེས་བྱའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་རབ་ཐབས་ལྡན་སྤྱན་གཉིས་དབུ་མའི་ངང་། ཞེས་བྱ་སྟེ། གཡས་པ་ཐབས་ཀྱི་སྤྱན་ནི་འཁོར་བའི་སེམས་ཅན་ལ་གཟིགས་ནས་འཁོར་བའི་སེམས་ཅན་གྱི་དོན་མཛད་ལ། གཡོན་པ་ཤེས་རབ་ཀྱི་སྤྱན་གྱིས་ཆོས་སྟོང་ཞིང་བདག་མེད་པ་རྟོགས་ཏེ། དབུ་མ་ཆེན་པོ་དམིགས་སུ་མེད་པའི་ངང་དུ་གྱུར་པས། སྤྱན་དབུ་མ་ནི། ཅི་ཡང་མ་ཡིན་པའི་ཚུལ་གྱིས་གཟིགས་ཏེ། དབྱིངས་ལས་མི་གཡོ་ཅི་ཡང་སལ་ལེ་མཁྱེན། །ཞེས་བྱའོ། །སེམས་ལ་དབང་བ་ནི། ཏིང་ངེ་འཛིན་བྱེ་བ་ས་ཡ་ཙམ་འཕྲོས་པས། བསམ་གྱིས་མི་ཁྱབ་པ་བཞི་ལ་རོལ་པར་མཛད་དེ། དེ་བཞིན་གཤེགས་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ། ཀླུའི་མཐུ་བསམ་གྱིས་མི་ཁྱབ་པ། བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ། སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་སྟེ། བསམ་གྱིས་མི་ཁྱབ་པ་བཞི་ལ་རོལ་བར་མཛད་དོ། །ཚེ་ལ་དབང་བ་ནི། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡང་། སྡེར་མོ་དང་བ་སྤུ་ཐམས་ཅད་ཀྱང་རྡོ་རྗེ་དང་ལྕགས་ཀྱི་ཕྲེང་བས་བརྒྱན་ཅིང་། ཟངས་ཀྱི་པགས་པ་ལ་ལྕགས་ཀྱི་ཁ་སྤུ་ཅན་འབྱུང་བས། སེམས་ཅན་ཚེ་ཉམས་པ་ཐམས་ཅད་ཀྱང་ཚེ་ལོ་བསྲིང་བར་བྱེད་ལ། དོན་དམ་སྐྱེ་འཆི་མེད་པ་གཡུང་དྲུང་གི་ཚེ་ཐོབ་པས་ཚེ་ལ་དབང་ཞེས་བྱའོ། །ལས་ལ་དབང་བ་ནི། ལྟ་བ་རྣམ་པ་བཞིས་སྤྱན་ཟུར་གྱིས་བསྐུལ། ཞེས་བྱ་སྟེ། ཕྲིན་ལས་རྣམ་པ་བཞིས་འདུལ་བའི་སེམས་ཅན་ལ་དྲག་པོའི་ལས་ཀྱིས་འདུལ་བ་རྣམས་ལ་ཕྲིན་ལས་ཀྱི་ལྷ་མོ་བེ་ཏ་ལིར་སྤྲུལ་ནས་ཕྲིན་ལས་མཛད་པས། ཕྲ་མེན་བཞི་འཕྲོ་ཕྲ་མེན་བཞི་ལས་བཞི་མཛད་ཅེས་བྱའོ། །སྨོན་ལམ་ལ་དབང་བ་ནི། དཔལ་ཆེན་པོའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཕྲིན་ལས་དྲག་པོས་འགྲོ་དོན་མཛད་པའི་དུས་ན། དུས་ཀྱི་མཐའ་ལ་བསྐལ་པ་ཆེན་པོ་འབྱུང་བ་དང་འདྲ་བར། སྐད་ཅིག་ཀྱང་བཤོལ་བ་མེད་པར་ཤིན་ཏུ་གཏུམ་པའི་བརྩོན་འགྲུས་ཀྱིས་མཐར་ཕྱིན་པར་མཛད་ལ། དུས་མཐའི་བསྐལ་པའི་མེ་བཞིན་གཤོལ་དུ་མེད། །ཅེས་བྱའོ། །དེ་ལ་བཙུན་མོ་རིན་པོ་ཆེས་མཉེས་པ་འབུལ་བ་ནི། མ་ཆགས་རྡོ་རྗེ་གཟུངས་ཀྱི་ཡུམ་ནི་སངས་རྒྱས་སྤྱན་མའི་ཁམས་ཡིན་པས། ས་ཡི་ལྷ་མོ་དཔལ་གྱི་སྐུ་ལ་འཁྱུད་པར་མཛད་ལ། ཞི་གནས་ཏིང་ངེ་འཛིན་མི་གཡོ་བའི་ཡུམ་ནི། མ་མཱ་ཀི་ཆུ་ཡི་ཁམས་ཡིན་པས། ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་སྦྱོར་བར་མཛད་ལ། ཐོགས་མེད་བླུགས་འཆང་དངོས་གྲུབ་ཀྱི་ཡུམ་ནི། དམ་ཚིག་སྒྲོལ་མ་རླུང་གི་ཁམས་ཡིན་པས། ཐོགས་མེད་ཤུགས་འཆང་ཡུམ་གྱིས་བསྐྱོད་བར་མཛད་ལ། ལྷག་མཐོང་ཡེ་ཤེས་ཀྱི་ཡུམ་ནི། ན་བཟའ་དཀར་མོ་མེ་ཡི་ཁམས་ཡིན་པས། མེ་ཡི་དྲོད་ཀྱིས་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་འབེབས་པར་མཛད་པས། བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ། །ཅེས་བྱའོ། །དེ་ལ་དམག་དཔོན་རིན་པོ་ཆེ་ནི། ཚུལ་དགུས་དཔུང་འཇོམས་པ་ནི། སྒེག་པས་འགྲོ་བ་ཤེས་རབ་བསྐྱེད། །ཅེས་བྱ་བ། ཞི་བའི་དུས་ན་མཚན་དང་དཔེ་བྱད་ཆ་ལུགས་མང་པོས་བརྒྱན་ནས་སྒེག་ལ། ཁྲོ་བོའི་དུས་ན་འབར་བའི་ཆས་དང་། རྔམ་པའི་ཆ་བྱད་མང་པོའི་བརྒྱན་པས། འགྲོ་བ་ཀུན་གྱི་ཤེས་རབ་བསྐྱེད་པའི་ཚུལ། །ཅེས་བྱའོ། །ཉམ་ང་མེད་པའི་མཛད་སྤྱོད་དཔའ་བའི་ཚུལ་བྱ་བ། དཔེར་ན་མི་དཔའ་བོ་ཅི་ལ་ཡང་ཉམ་ང་མེད་པ་དང་འདྲ་བར། འཁོར་བའི་བདུད་དྲེགས་བྱེད་དང་། ཉོན་མོངས་པའི་ཕྱོགས་གཅིག་ལ་ཡང་ཉམ་ང་མི་མཛད་པར་དཔའ་བོའི་ཚུལ་ཅེས་བྱའོ། །འཇིགས་པའི་ཚུལ། ཅེས་པ་ནི། པགས་སྲལ་གྱི་གཡང་གཞི་དང་། སྦྲུལ་ནག་གི་ཆུན་པོ་དང་། ཐོད་རློན་གྱི་ཕྲེང་བ་དང་། ཁྲག་ཞག་གི་ཐིག་ལེ་ལ་སོགས་པ་གདུག་རྩུབ་ཅན་གདོས་པས་བརྒྱན་པ་འཇིགས་པའི་ཚུལ་ཅེས་བྱའོ། གཞད་པའི་ཚུལ་ནི་གསང་སྔགས་རྨད་དུ་བྱུང་བའི་ཐེག་པ་ངོ་མཚར་ཆེ་བའི་ཚུལ་དུ་བཤད་པས། གཞད་པའི་ཚུལ་ཅེས་བྱའོ། །ལོག་པར་ལྟ་བ་ཞེ་གཅོད་གཤེ་བའི་ཚུལ་དང་། བསྒྲལ་བའི་ཞིང་བཅུ་ཞེ་གཅོད་པའི་བརྒྱད་བཀག་ལ་སོགས་པའོ། །གསང་སྔགས་གཉན་པོའི་བཀའ་ལ་འཁྲུ་བ། དམ་ལས་ལོག་པ་ཞེ་གཅོད་པ་ལ་བརྒྱད་བཀག་བྱེད་པ་ལ། ལོག་པར་ལྟ་བ་ལ་ཞེ་གཅོད་པའི་ཚུལ་ཅེས་བྱའོ། །ཤིན་ཏུ་གདུལ་དཀའ་ཁྲོས་པ་ལ་སྙིང་རྗེ་བའི་ཚུལ་བྱ་བ་བདུད་ལས་ཀྱི་སྲིན་པོ་ལ་སོགས་པ་ཤིན་ཏུ་གདུལ་དཀའ་བ་མས་བུ་གཅིག་པ་ལ་དགོངས་པ་བཞིན་དུ་སྙིང་རྗེ། ཁྲོ་བ་བཅམ་ནས་འདུལ་བས། ཁྲོ་བ་སྙིང་རྗེའི་ཚུལ། ཅེས་བྱའོ། །ཉོན་མོངས་གྲུབ་པ་རྒྱུ་མཛད་ངོ་མཚར་ཚུལ། །ཅེས་པ། ཉོན་མོངས་པ་རྣམ་པ་ལྔ་དང་། འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་སོགས་པ་མ་སྤངས་པར་སྤྱོད་པའི་སྒོ་ནས་གྲུབ་པའི་རྒྱུ་མཁྱེན་པས། དཀྱུས་སྨོན་ལམ་དབང་གིས་མི་བཤོལ་རྔམ་པའི་ཚུལ་ནི། སྨོན་ལམ་གྱི་དབང་དང་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་སྐད་ཅིག་ཀྱང་མི་བཤོལ་བར་རྔམ་ནས་མཛད་པའི་ཚུལ། ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ་ནི། དེ་ཡན་ཆད་ཀྱིས་ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་ཇི་ལྟར་མཛད་ཀྱང་དོན་དམ་པར་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སུ་ཞི་བའི་ཚུལ་ཅེས་བྱའོ། །ཁྱིམ་བདག་རིན་པོ་ཆེས་ཚད་མེད་པ་བཞིས་འགྲོ་བའི་དོན་མཛད་པ་ནི། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་བ་ནི། ཐུགས་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྲོ་བོར་བཅོས་ནས་བརྟུར་པ་ནི། བྱམས་པ་ཚད་མེད་པ་ཡིན་ལ། དེ་ལྟར་བརྟུར་པས་སྐྱེ་བའི་ཆོས་ཅན་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་བཟོད་པར་ནི། སྙིང་རྗེ་ཚད་མེད་པ་དང་སྦྱར་རོ། །དེ་ལྟར་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་བསྒྲལ་ནས་ཕུང་པོ་ལྷག་རོ་ལ། དུག་གསུམ་གྱི་དལ་བསྐྱེད་ནས་མཁའ་འགྲོ་འབར་བའི་ཚོགས་རོལ་པ་ནི། དགའ་བ་ཚད་མེད་པ་དང་སྦྱར་རོ། །དེ་ལྟར་བསྒྲལ་བའི་དུས་ན་བདག་ཏུ་འཛིན་པ་ཡོངས་སུ་བཏང་ནས་འགྲོ་བ་གཞན་གྱི་དོན་མི་ཡལ་བར་གཏུམ་པའི་བརྩོན་འགྲུས་ཀྱིས་མཛད་པས། བཏང་སྙོམས་ཚད་མེད་པ་དང་སྦྱར་རོ། །གླང་པོ་རིན་པོ་ཆེའི་སྟོབས་བཅུ་ནི། ཐུགས་རྗེའི་སྟོབས་ནི་དྲག་བྱེད་སྙིང་རྗེ་འབྱིན་གནོན། ཞེས་བྱ་བ་ནི་འཇིག་རྟེན་གྱི་ལྷ་དྲེགས་པ་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམ་པ་ལྔ་སྦྱང་བའི་ཕྱིར། གཏི་མུག་གི་ཤས་ཆེ་བ་ཐམས་ཅད་སྤྱི་བོར་མནན། ཞེ་སྡང་གི་ཤས་ཆེ་བ་ཐམས་ཅད་སྙིང་གར་མནན། འདོད་ཆགས་ཀྱི་ཤས་ཆེ་བ་ཐམས་ཅད་ནུ་མའི་སྟེང་དུ་མནན། ང་རྒྱལ་གྱི་ཤས་ཆེ་བ་འགྲམ་པའི་སྟེང་དུ་མནན། ཕྲག་དོག་དཔྲལ་བར་མནན། ཉོན་མོངས་པ་རྣམ་པ་ལྔ་སྦྱོང་བ་དེ། མཚན་མར་མི་འགྱུར་རམ་ཞེ་ན། ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག་ཅེས་བྱ་སྟེ། སྐྱེ་བ་མེད་པས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སོ། །དོན་དེ་ལྟར་མི་དམིགས་པ་དེ་དབྱེ་བཀོལ་མི་མཛད་དམ་ཞེ་ན། མི་འབྱེད་སྟོབས་ནི་གླང་པོའི་རྫས་ལ་རོལ་ཞེས་བྱའོ། །རྨད་དུ་བྱུང་བའི་དམ་རྫས་གཉེན་པོ་རྣམས་ལ་རོལ་བར་མཛད་དོ། །འོ་ན་དེ་ལྟར་རོལ་བ་དེ་ལ་གྲུབ་པའམ་ཕན་པ་ཅི་ཡོད་ཅེ་ན། གྲུབ་པའི་སྟོབས་ནི་བདུད་རྩི་དངོས་གྲུབ་རྒྱུ་ཞེས་བྱའོ། །བདུད་རྩི་རྣམ་པ་ལྔ་དང་ལྡན་པས་དངོས་གྲུབ་ཐོབ་པའི་རྒྱུ་ཡིན་ཏེ། བདུད་རྩི་དངོས་གྲུབ་རྒྱུ་ཞེས་བྱའོ། །འོ་ན་ཕྱིས་སྤོང་བར་མི་འགྱུར་རམ་ཞེ་ན། མ་སྤངས་སྟོབས་ནི་གདོས་སྐུ་ལ་བརྒྱན། ཞེས་བྱ་སྟེ། གདོས་པ་དང་བཅས་པའི་ཆོས་མི་འཚམ་པ་ཐམས་ཅད་དོན་དང་མཐུན་པར་བཤད་པས་གྲོལ་བའི་རྒྱན་ཞེས་བྱའོ། །འོ་ན་དེ་ལྟར་བརྒྱད་པ་དེ་དོན་དང་མཐུན་པ་དེ་ཞེ་ན། མི་གཡོ་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱན། །ཞེས་བྱ་སྟེ། གདོས་པ་དང་བཅས་པའི་ཆོས་མི་འཚམ་པ་ཐམས་ཅད་དོན་དང་མཐུན་པར་འཚམ་པར་བཤད་པས་གྲོལ་བའི་རྒྱན་ཞེས་བྱའོ། །འོ་ན་དེ་ལྟར་མཛད་པ་དེས་འགྲོ་བའི་དོན་སྐད་ཅིག་མས་མཛད་དམ་རྒྱུན་དུ་མཛད་ཅེ་ན། སྨོན་ལམ་སྟོབས་ཀྱིས་བསྐལ་པར་ཡོངས་སྨིན་མཛད། །ཅེས་བྱ་བ། སྨོན་ལམ་དབང་གིས་བསྐལ་བར་བཞུགས་ཤིང་སྲིད་པ་ཡོངས་སྒྲོལ་མཛད་ཅེས་བྱའོ། །འོ་ན་དེ་ལྟར་སྒྲོལ་བ་དེ་བདག་གཅིག་པུས་སྒྲོལ་ལམ་ཞེ་ན། སྤྲུལ་པའི་སྟོབས་ཀྱི་མགོ་བརྙན་ཕྲ་མེན་འཕྲོ། །ཞེས་བྱ་བ་སྟེ། དཔལ་གྱི་སྐུ་ལས་སྤྲུལ་པའི་ཕྲ་མེན་བསམ་གྱིས་མི་ཁྱབ་པ་བྱུང་ནས་སེམས་ཅན་སྒྲོལ་བར་མཛད་པས་ཕྲ་མེན་འཕྲོ། ཞེས་བྱའོ། །འོ་ན་དེ་ལྟར་བསྒྲལ་བས་དེ་ལ་ལོག་པའི་ལམ་དུ་ཞུགས་པ་འགའ་ཡོད་དམ་ཞེ་ན། འཕྲང་དོག་ལོག་ལྟ་འཁོར་བར་གཅིག་མ་ཤོར། །ཅེས་བྱ་སྟེ། ཁམས་གསུམ་འཁོར་བར་ཤོར་བ་གཅིག་ཀྱང་མེད་དོ། །དེས་ན་དེ་ལྟར་མཛད་པ་དེ་ལ་འཕྲལ་དུ་ཇི་ཙམ། ཕུགས་སུ་ཇི་ཙམ། འདོད་ཆགས་འཕྲལ་འདོད་ཡུན་ཆགས་སྤྱན་བཟློག་དམར། །ཅེས་བྱ་སྟེ། འཕྲལ་དུ་འདོད་པའི་རྟགས་སུ་ནི་སྤྱན་བཟློག་པར་བསྟན་ལ། ཡུན་དུ་ཆགས་པའི་རྟགས་སུ་ནི་མིག་རྩ་དམར་བར་བསྟན་པའོ། །རྟ་རིན་པོ་ཆེ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཆོས་ཀྱི་དབྱིངས་རྫུ་འཕྲུལ་ཅིར་ཡང་སྣང་བ་ནི། ཆོས་ཀྱི་དབྱིངས་ཀྱི་རྫུ་འཕྲུལ་ཡེ་ཤེས་ལ་ཚུར་སྣང་བའི་དཔེ་ནམ་མཁའ་ལ་འཇའ་ཚོན་སྣང་བ་དང་འདྲ་སྟེ། མ་སྐྱེས་པའི་ཆོས་ཉིད་ལས་སྐྱེ་བའི་ཆོས་ཉིད་འཇའ་ཚོན་ལྟར་སྣང་བས། མཁའ་ལ་འཇའ་ཚོན་ཚུལ་བཞིན་རྣམ་པར་དཀྲོལ། །ཅེས་བྱའོ། །ཡེ་ཤེས་ཀྱི་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ལས། ཕར་འཇུག་པའ་ིདཔེ་ནི། ནམ་མཁའ་ལ་ཉི་མ་ཤར་ན་ནམ་མཁའི་རང་བཞིན་གྱིས་ཉི་མའི་འོད་སྟོང་པར་བྱེད་ལ། ཉིན་མའི་འོད་ཀྱིས་ནི་ནམ་མཁའ་གསལ་བར་བྱེད་པ་དང་འདྲ་བར། རིག་པ་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་ཞུགས་པའི་དུས་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ནི། ཡེ་ཤེས་ལ་མཚན་མའི་རྣམ་པར་རྟོག་པ་མེད་ལ། ཡེ་ཤེས་ཀྱི་རྟོགས་པ་ནི་ཆོས་ཀྱི་དབྱིངས་ལ་མཐའ་ཐུག་པ་མེད་པས། དབྱིངས་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ། མཁའ་ལ་ཉི་ཤར་ཇི་བཞིན་སྟོང་། །ཞེས་བྱའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དུས་ན། ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ་ཇི་ལྟར་འབྱུང་ཞེ་ན། མཁའ་དང་མཉམ་པའི་སྤྲིན་ཕུང་བཞིན་དུ་བརྡལ། །ཅེས་བྱ་སྟེ། ནམ་མཁས་གར་ཁྱབ་པར་སྤྲིན་གྱིས་ཁྱབ་པ་དང་འདྲ་བར། ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་ལས། གཟུགས་ཀྱི་སྐུ་སྤྲིན་ཕུང་དང་འདྲ་བར་བརྡལ་བས། དཀྱུས། སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ཇི་ལྟར་འབྱུང་ཞེ་ན། སྤྲིན་གྱིས་གར་ཁྱབ་པར་ཆར་འབབ་སྟེ། ཆར་བབ་པ་ཆུའི་རང་བཞིན་གཅིག་འབབ་པ་ལས། ས་གཞི་སྣོད་ཀྱི་ཁ་དོག་གིས་བསྒྱུར་ནས། །ས་དཀར་ན་ཆུ་དཀར། ས་སེར་ན་ཆུ་སེར། ས་དམར་ན་ཆུ་དམར། ས་ནག་ན་ཆུ་ནག་ས་དང་འདྲ་བར། ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་དང་བ་བྱུང་། སྤྲུལ་པའི་སྐུ་ཐུགས་རྗེ་ཕྲིན་ལས་རྣམ་པ་བཞིར་འབྱུང་སྟེ། ཞི་བས་འདུལ་བ་ལ་ཞི་བ། རྒྱས་པས་འདུལ་བ་ལ་རྒྱས་པ། དབང་གིས་འདུལ་བ་ལ་དབང་། དྲག་པོས་འདུལ་བ་ལ་དྲག་པོའོ། །དེ་ལྟར་འདུལ་བས་རོ་གཅིག་ཆར་འབབ་སྣོད་ཀྱི་བྱེ་བྲག་ཕྱེ་ཞེས་བྱའོ། །ནོར་བུ་རིན་པོ་ཆེ་ནི་རང་བཞིན་དང་། བྱིན་རླབས་དང་། ལས་དང་། འབྲས་བུ་དང་བཞི་ལས། དེ་ལ་ནོར་བུ་རིན་པོ་ཆེའི་རང་བཞིན་ནི། འགྲོ་རྣམས་ཇི་ལྟར་འདུལ་ཞིང་རེ་འདོད་སྐོང་། །ཞེས་བྱ་སྟེ། འགྲོ་བ་སེམས་ཅན་རྣམས་ཇི་ལྟར་འདོད་པ་བཞིན་དུ་རེ་འདོད་སྐོང་བས། ཡིད་བཞིན་སྐོང་ཞེས་བྱའོ། །རིན་པོ་ཆེའི་བྱིན་རླབས་ནི། ནམ་མཁའ་སྟོང་པ་ལས་ཆར་ཟད་མི་ཤེས་པ་འབབ་པ་དང་འདྲ་བར་ཆོས་ཀྱི་སྐུའི་རང་བཞིན་དངོས་པོ་མེད་པ་ནམ་མཁའ་དང་འདྲ་བ་ལས་ཡེ་ཤེས་དང་སྤྲུལ་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཟད་མི་ཤེས་པ་འབྱུང་བས། མི་ཟད་བདག་མེད་གཏེར་ཆེན་ནམ་མཁའི་མདོག །ཅེས་བྱའོ། །ནོར་བུའི་ལས་ནི། སྲིད་པ་གསུམ་གྱི་མ་རིག་པའི་མུན་པ་དུས་གཅིག་ཏུ་སེལ་བས། སྲིད་གསུམ་མུན་ནག་སེལ་བྱེད་ཡེ་ཤེས་སྒྲོན། །ཞེས་བྱ་བ། ནོར་བུ་རིན་པོ་ཆེའི་འབྲས་བུ་ནི་དུས་གསུམ་དུ་རྒྱུན་མི་འཆད་དེ། སྔ་མ་འདས་པའི་དུས་ན་ཡང་སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་བསྐངས་ཤིང་། ད་ལྟར་བཞུགས་པའི་དུས་ན་ཡང་སྐོང་ལ། མ་འོངས་པའི་དུས་ན་ཡང་བསྐང་བར་འགྱུར་བས། དུས་གསུམ་རྒྱུན་མི་འཆད་པས་རིན་ཆེན་ཕྲེང་། །ཞེས་བྱའོ། ༈ །ད་ནི་ལྷ་རྒྱུད་ཀྱི་རྟོག་པ་སོ་སོར་བརྗོད་པར་བྱ་སྟེ། འདི་ན་མར་ཧེ་རུ་ཀ་རྣམ་པ་ལྔ་ལ། ཕུན་སུམ་ཚོགས་པ་བཞི་དང་སྦྱར་ཏེ། དང་པོ་རིགས་ཕུན་སུམ་ཚོགས་པ་དང་། བསྐལ་པའི་ཕྲིན་ལས་ཕུན་ཚོགས་པ་དང་། རིགས་ཀྱིས་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་དང་། དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པའོ། །དེ་ལ་དང་པོ་རིགས་ཕུན་སུམ་ཚོགས་པ་ནི། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཞེས་པ། བུདྡྷ་ཧེ་རུ་ཀ་དེ་བཞིན་གཤེགས་པའི་རིགས་ཡིན་པས། འགྲོ་བ་སེམས་ཅན་གང་ལ་ཅིས་འདུལ་བ་དེ་ལ། དེ་བཞིན་གཤེགས་ནས་འགྲོ་བ་་རྣམས་ཀྱི་དོན་མཛད་པས། གཤེགས་མཛད་པ་ཞེས་བྱའོ། །བསྐལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། ཤེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོངས། །ཞེས་བྱ་སྟེ། ཤེས་རབ་ནམ་མཁའི་བསྐལ་པས་འཁོར་བ་ལས་བརྒལ་བ་དང་། ཉོན་མོངས་པས་སེམས་ཅན་རྒུད་པ་ཐམས་ཅད་སྟོངས་པར་བྱེད་པས། རྒས་རྒུད་སྟོངས། ཞེས་བྱའོ། །རིགས་ཀྱིས་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །ཞེས་བྱ་སྟེ། ལོག་པའི་གཏི་མུག་ལྷ་དང་སློབ་དཔོན་གྱི་ཞལ་མི་འཚོལ། ཆོས་དང་དགེ་འདུན་ནི་ཞལ་མི་ཐོས། རྨུགས་ཤིང་འཐིབས་པ་རྣམས་ཡང་དག་པའི་དོན་གྱིས་གཏི་མུག་གིས་བཅོམ་པས་འཇོམས་མཛད་ཅེས་བྱའོ། །དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པ་ནི། གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ །ཞེས་བྱ་སྟེ། གཏི་མུག་ཉིད་རྡོ་རྗེ་ལྟར་འདུས་མ་བྱས་པ་ནི། རྡོ་རྗེའི་གཏི་མུག་ཡིན་ལ། འདུས་མ་བྱས་ཉིད་གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀར་སྣང་བས། རྩ་བ་སྟེ། དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པའོ། །ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས། །བྱ་བ་བཛྲ་ཧེ་རུ་ཀའི་རིགས་ཕུན་སུམ་ཚོགས་པ་ཡིན་ཏེ། བཛྲ་ཧེ་རུ་ཀ་ནི་རྡོ་རྗེའི་རིགས་ཡིན་པས། ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་ཉོན་མོངས་པ་ལྔ་དུས་གཅིག་ཏུ་འཇོམས་ལ། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ཉོན་མོངས་པ་ལ་ཅིའི་ཕྱིར་རྡོ་རྗེ་ཞེས་བྱ་ཞེ་ན། ཐོག་མ་མེད་པའི་དུས་ནས་ཀུན་གཞི་ལ་བག་ཆགས་གངས་ཀྱི་རིམ་པ་བཞིན་དུ་བསགས། ལྕགས་ཀྱི་བཙའམ་ཟངས་ཀྱི་གཡའ་བཞིན་དུ་ཞེན་པ་ཤིན་ཏུ་བཤིག་ཅིང་གཞོམ་དཀའ་བས་ཉོན་མོངས་མེད་པ་རྡོ་རྗེ་ཞེས་བྱ་སྟེ། དེ་ཡང་དག་པའི་ཡེ་ཤེས་རྡོ་རྗེ་དང་འདྲ་བས་འཇོམས་པས། ཉོན་མོངས་རྡོ་རྗེས་འཇོམས། ཞེས་བྱའོ། །བསྐལ་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། འཐབ་འཛིངས་མཚོན་ཆའི་བསྐལ་པས་དངོས་པོ་འཇིག །ཅེས་བྱ་སྟེ། བསྐལ་པ་སྙིགས་མ་ལ་མཚོན་གྱི་བསྐལ་པ་ཞག་བདུན་འབྱུང་བས། སེམས་ཅན་ལས་ཐོག་བསྐལ་པ་བརྡོ་བ་ཡང་། བཛྲ་ཧེ་རུ་ཀས་མཚོན་གྱི་བསྐལ་པ་ལས་སེམས་ཅན་སྒྲོལ་བ་ཡིན་པས། མཚོན་གྱི་བསྐལ་པས་དངོས་པོ་འཇིག །ཅེས་བྱའོ། །དོན་དམ་པར་ན་སྐྱེས་པའི་ཆོས་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་གསོད་པས་དངོས་པོ་འཇིག །ཅེས་བྱའོ། །རིགས་ཀྱིས་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེས་བྱ་སྟེ། ལོག་པའི་ཞེ་སྡང་མནར་སེམས་རིམ་པ་དགུ་ལ་སོགས་པ། ཡང་དག་པའི་ཞེ་སྡང་བྱམས་པས་འཁོར་བ་ཞེ་མནན་ནས་སྡང་ལ། ཐུགས་རྗེས་འཁོར་བ་སྙིང་རྗེས་བསྒྲལ་ཏེ། དེ་ལྟར་ཡང་དག་པའི་བྱམས་པ་དང་། སྙིང་རྗེས་ལོག་པའི་ཞེ་སྡང་བཅོམ་པས། ཞེ་སྡང་ཚུལ་གྱིས་དེ་ལྟར་ཞེ་སྡང་བཅོམ། །ཞེས་བྱའོ། །དེ་ནི་རིགས་ཀྱིས་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པའོ། །དོན་དང་མཐུན་པའི་མིང་ནི། ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ །ཞེས་བྱ་སྟེ། ཞེ་སྡང་ཉིད་རྡོ་རྗེ་ལྟ་བུར་འདུས་མ་བྱས་པ་ནི། རྡོ་རྗེ་ཞེ་སྡང་ངོ་བོ་འདུས་མ་བྱས་པའི་ངང་དེ་ཉིད་ལས་ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀའི་སྐུར་བསྟན་པ་ནི། དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པའོ། །རིན་ཆེན་དབྱིག་ལྟར་རེ་བ་ཀུན་སྐོང་ཞིང་། །ཞེས་པ་ནི་རཏྣ་ཧེ་རུ་ཀའི་རིགས་ཕུན་སུམ་ཚོགས་པ་སྟེ། རཏྣ་ཧེ་རུ་ཀའི་སྐུ་ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་བྱིན་རླབས་ཀྱིས་སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་སྐོང་བ་ནི། དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པའོ། །རེ་འདོད་སྐོང་ཞེས་བྱའོ། །བསྐལ་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། །བདག་མེད་ཞི་གནས་ཆུ་ཡི་བསྐལ་པ་འཁྲུགས། །ཞེས་བྱ་སྟེ། ཆུའི་བསྐལ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་ཅིང་འཁྲུགས་པ་ཡང་། རཏྣ་ཧེ་རུ་ཀའི་བྱིན་རླབས་ཀྱིས་འཁྲུ་བ་ཡིན་ལ། དོན་དམ་པར་ཞི་གནས་རྣམ་པར་མི་རྟོག་པའི་ཆུས་འཇིག་རྟེན་གྱི་ཆུ། བསྐལ་བ་འཁྲུ་བས་ཐམས་ཅད་འཁྲུ། །ཞེས་བྱའོ། །རིགས་ཀྱིས་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ནི། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ཞེས་བྱ་སྟེ། ལོག་པའི་ང་རྒྱལ་ངའོ་སྙམ་པ་དང་། ཆེའོ་སྙམ་པའི་ང་རྒྱལ་ལ་སོགས་པ་ཡང་དག་པའི་ང་རྒྱལ་རིག་རློམ་པའི་ང་རྒྱལ་དང་། ཆོས་ཉིད་ཟབ་མོའི་དོན་ལ་སྲན་ཚུགས་པའི་ཏིང་ངེ་འཛིན་གྱིས་བཅོམ་པས། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ཞེས་བྱའོ། །དོན་དང་མཐུན་པའི་མིང་ནི། ང་རྒྱལ་ཉིད་འདུས་མ་བྱས་པས་རྡོ་རྗེ་ང་རྒྱལ་ཅེས་བྱ་ལ་འདུས་མ་བྱས་དེ་ཉིད་ལས། ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀའི་སྐུར་སྣང་བས་དོན་དང་མཐུན་པའི་མིང་ཞེས་བྱའོ། །འཁོར་བའི་འདམ་ནས་པད་ལྟར་སྐུ་འཁྲུངས་ཤིང་། ཞེས་བྱ་ལ། པདྨ་ཧེ་རུ་ཀའི་མིང་ཕུན་སུམ་ཚོགས་པ་སྟེ། པདྨ་ཧེ་རུ་ཀ་ནི། འཁོར་བའི་འདམ་རྫབ་དང་འདྲ་བའི་ནང་དུ་ཉོན་མོངས་པ་ཀུན་ལ་སྤྱད་ཀྱང་། པདྨ་འདམ་སྐྱེས་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ་ལྟར་སྐུ་འཁྲུངས། ཞེས་བྱའོ། །ལྷག་མཐོང་ཡེ་ཤེས་བསྐལ་པ་ཐམས་ཅད་བསྲེག །བྱ་བ་བསྐལ་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། མེའི་བསྐལ་པས་འཇིག་རྟེན་གྱི་ཁམས་བསྲེག་ཅིང་འཇིག་པ་ཡང་། པདྨ་ཧེ་རུ་ཀའི་མེའི་བསྐལ་པས་བསྲེག་པ་ཡང་འཇིག་ཅིང་བསྲེག་པ་ཡིན་ལ། དོན་དམ་པར་ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་ཐམས་ཅད་སྲེག་པར་བྱེད་པས་མེའི་བསྐལ་པས་ཐམས་ཅད་བསྲེག །ཅེས་བྱའོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །ཞེས་བྱ་བ། རིགས་ཀྱིས་འདུལ་བའི་དོན་ཕུན་སུམ་ཚོགས་པ་སྟེ། སེམས་ཅན་གྱི་ལོག་པའི་འདོད་ཆགས་དང་། འདོད་པའི་འདོད་ཆགས་དང་། འཁྲིག་པའི་འདོད་ཆགས་ལ་སོགས་པ། དཔལ་པདྨ་ཧེ་རུ་ཀའི་ཡེ་ཤེས་ཆེན་པོས། ཆོས་ཉིད་ཀྱི་དོན་ལ་ཆགས་པ་དང་། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པས་འདོད་ཚོགས་ཆེན་པོའི་དོན་ལ་ལོག་པའི་འདོད་ཆགས་བཅོམ་པས། དཀྱུས། འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ །ཞེས་པ། དོན་དང་མཐུན་པའི་མིང་ཕུན་སུམ་ཚོགས་པ་སྟེ། འདོད་ཆགས་ཉིད་རྡོ་རྗེ་ལྟར་འདུས་མ་བྱས་པ་ནི། རྡོ་རྗེ་འདོད་ཆགས་ཡིན་ལ། འདུས་མ་བྱས་པ་དེ་ཉིད་ལ་འདོད་ཆགས་པདྨ་ཧེ་རུ་ཀའི་སྐུར་སྣང་བ་ནི་དོན་དང་མཐུན་པའི་མིང་ངོ་། །ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་པ། ཞེས་པ་ཀརྨ་ཧེ་རུ་ཀའི་རིགས་ཕུན་སུམ་ཚོགས་པ་སྟེ། དཔལ་ཀརྨ་ཧེ་རུ་ཀ་ནི་ལས་ཀྱི་རིགས་ཡིན་པས། །ཕྲིན་ལས་རྒྱ་མཚོས་འགྲོ་བ་མཐའ་ཡས་པའི་དོན་མཛད་པས། དོན་མཛད་ཅིང་། ཞེས་བྱའོ། །ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཅེས་བྱ་བ། བསྐལ་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། རླུང་གི་བསྐལ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་འཐོར་ཞིང་གཡེང་བ་ཡང་། ཀརྨ་ཧེ་རུ་ཀ་རླུང་གི་བསྐལ་པར་གྱུར་ཏེ་གཡེང་བ་ཡིན་ལ། དོན་དམ་པར་ཤེས་པར་བྱ་བའི་ཡུལ་ཡིན་ལ། ཐོགས་པ་མེད་པའི་ཤེས་རབ་ཀྱིས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་བསྐྱོད་པར་མཛད་པས་རླུང་གིས་བསྐྱེད། །ཅེས་བྱའོ། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཞེས་པ་སེམས་ཀྱི་ལོག་པའི་ཕྲག་དོག་ངན་པ་ཐམས་ཅད་དཔལ་ཀརྨ་ཧེ་རུ་ཀའི་ཡང་དག་པའི་ཕྲག་དོག་རྟོགས་པས། འཁོར་བ་དང་སྡུག་བསྔལ་བ་ཕྲག་དོག་པ་དང་། དེའི་དོན་ལས་མི་འདའ་བའི་དམ་ཚིག་གི་ཕྲག་དོག་དང་། རྣམ་པ་གཉིས་ཀྱིས་བཅོམ་པས་ཕྲག་དོག་འཇོམས་མཛད། ཅེས་བྱའོ། །ཕྲག་དོག་ཉིད་རྡོ་རྗེ་ལྟར་འདུས་མ་བྱས་ཤིག་ཡང་དག་པར་མཁྱེན་པས་ཕྲག་དོག་རྡོ་རྗེའོ། །རྡོ་རྗེ་ལྟར་འདུས་མ་བྱས་པ་ལ་ཕྲག་དོག་རྡོ་རྗེའི་སྐུར་བསྟན་ནས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་དོན་མཛད་པས་ཕྲག་དོག་རྡོ་རྗེ་ཞེས་བྱའོ། །ཧེ་རུ་ཀའི་ཡུམ་ཆེན་མོ་ལྔ་ལ་ཡང་ཕུན་སུམ་ཚོགས་པ་བཞི་བཞིས་བསྟན་ནོ། །ཡུམ་གྱི་རང་བཞིན་ཕུན་སུམ་ཚོགས་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་དང་། མཆོད་པ་ཕུན་སུམ་ཚོགས་པ་དང་། དབང་ཕུན་སུམ་ཚོགས་པ་དང་བཞིའོ། །དེ་ལ་བུདྡྷ་ཧེ་རུ་ཀའི་ཡུམ་གྱི་རང་བཞིན་ཕུན་སུམ་ཚོགས་པ་ནི། སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཞེས་པ། སྐུའི་ལོངས་སྤྱོད་ནི་སྐུ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་ཡེ་ཤེས་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ཀྱང་། ཡུམ་ཆེན་མོ་ཉིད་ཀྱི་རང་བཞིན་མི་དམིགས་པས་ཟིན། དཔེ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་དང་འདྲ་བར། མཚན་མའི་དབང་ཁར་མ་གྱུར་ཡུམ་གྱི་རང་བཞིན་ཕུན་སུམ་ཚོགས་པའོ། །ཡུམ་གྱི་ཕྲིན་ལས་རབ་ཏུ་ཤེས་པས་ཤེས་རབ་མཐར་ཕྱིན་ལས་ལོག་པའི་གཏི་མུག་འཇོམས་པའི་ཕྲིན་ལས་སོ། །ཡུམ་གྱི་མཆོད་པ་ནི། མིག་གི་ཡུལ་གཟུགས་སུ་སྣང་བ་ཐམས་ཅད་གཟུགས་ཀྱི་ལྷ་མོ་མེ་ལོང་མར་བྱིན་གྱིས་བརླབས་ནས་གཙོ་བོའི་སྐུ་ལ་མཉེས་པའི་མཆོད་པ་འབུལ་ལོ། །ཡུམ་གྱི་དབང་ནི། ནམ་མཁའ་གར་ཁྱབ་པར་བུདྡྷ་ཀྲོ་ཏཱི་ཤྭ་རིས་ཁྱབ་ལ་ཡུམ་གྱིས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བུདྡྷ་ཧེ་རུ་ཀའི་སྲས་སུ་དབང་བསྐུར་བས། དབང་ཕུན་སུམ་ཚོགས་པའོ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་བྱ་བ། བཛྲ་ཧེ་རུ་ཀའི་ཐུགས་རྣམ་པར་མི་རྟོག་པ་ལས། ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པས་འགྲོ་བའི་དོན་མཛད་པས་དེ་ཡུམ་ཆོས་ཉིད་ཀྱི་རང་བཞིན་གྱིས་ཏིལ་འབྲུ་བཞིན་དུ་མི་དམིགས་པ་ཟིན་པས་མཚན་མའི་དབང་ཁར་མ་གྱུར་པ་ནི་ཡུམ་གྱི་རང་བཞིན་ནོ། །ཡུམ་གྱི་ལས་ནི་བྱམས་པ་དང་སྙིང་རྗེ་བརྩོན་འགྲུས་ཀྱིས་ལོག་པའི་ཞེ་སྡང་རྣམ་པར་དག་པས་ཡུམ་གྱི་ཕྲིན་ལས་སོ། །ཡུམ་གྱི་མཆོད་པ་ནི། ལུས་ཀྱི་རེག་བྱ་འཇམ་རྩུབ་ཏུ་སྣང་བ་ཐམས་ཅད་རེག་བྱའི་ལྷ་མོ་རྡོ་རྗེ་ཡོངས་སུ་འཁྱུད་མར་བྱིན་གྱིས་བརླབས་ནས་ཡབ་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ་བས་ཡུམ་གྱི་མཆོད་པའོ། །ཡུམ་གྱི་དབང་ནི། ནམ་མཁས་གར་ཁྱབ་པར་བཛྲ་ཀྲོ་ཏཱི་ཤྭ་རིའི་མཁས་ཁྱབ་ལ། མཁས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བཛྲ་ཧེ་རུ་ཀའི་སྲས་སུ་དབང་བསྐུར་བས་ཡུམ་གྱི་དབང་ཕུན་སུམ་ཚོགས་པའོ། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་བྱ་བ་རཏྣ་ཧེ་རུ་ཀའི་སྐུ་ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར། སེམས་ཅན་དགོས་འདོད་ཡིད་བཞིན་དུ་སྐོང་བར་སྣང་བ་སྟེ། ཡུམ་ཆོས་ཉིད་ཀྱི་རང་བཞིན་གྱིས་ཏིལ་འབྲུ་མར་གྱི་མི་དམིགས་པར་ཟིན་པ་དེ། མཚན་མར་གྱུར་པ་ནི་ཡུམ་གྱི་རང་བཞིན་ནོ། །ཡུམ་གྱི་ཕྲིན་ལས་ནི། ང་དང་བདག་མེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ལ། ལོག་པའི་ང་རྒྱལ་རྣམ་པར་དག་པར་མཛད་པས་ཡུམ་གྱི་ཕྲིན་ལས་སོ། །ཡུམ་གྱི་མཆོད་པ་ནི། སྣང་བ་ཐམས་ཅད་དྲི་ཡི་ལྷ་མོ་ཞལ་ཟས་མར་བྱིན་གྱིས་བརླབས་པས་ཡབ་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ་བས་ཡུམ་གྱི་མཆོད་པའོ། །ཡུམ་གྱི་དབང་ནི། ཆུས་གར་ཁྱབ་པར་རཏྣ་ཀྲོ་ཏི་ཤྭ་རིའི་མཁས་ཁྱབ་ལ། མཁས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་རཏྣ་ཧེ་རུ་ཀའི་སྲས་སུ་དབང་བསྐུར་བས་སོ། །གསུང་གི་ལོངས་སྤྱོད་སྣ་ཚོགས་བྱ་བ་པདྨ་ཧེ་རུ་ཀ །གསུང་རབ་རྒྱ་མཚོས་འགྲོ་བ་སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་བསྒྲགས་པ་དེ་ཡུམ་ཆོས་ཉིད་ཀྱི་རང་བཞིན་གྱིས་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་ཏེ། མི་དམིགས་པས་ཟིན་པའི་ཕྱིར་ན་མཚན་མའི་དབང་ཁར་མ་གྱུར་པས་ཡུམ་གྱི་རང་བཞིན་ནོ། །ཡུམ་གྱི་ཕྲིན་ལས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་སེམས་ཅན་གྱི་ལོག་པའི་འདོད་ཆགས་རྣམ་པར་དག་པས་སེམས་ཅན་གྱི་ལོག་པའི་འདོད་ཆགས་རྣམ་པར་དག་པས་ཡུམ་གྱི་ལས་སོ། །ཡུམ་གྱི་མཆོད་པ་ནི། རྣ་བའི་སྒྲར་གྲག་པ་ཐམས་ཅད་ལྷ་མོ་པི་ཝཾ་མར་བྱིན་གྱིས་བརླབས་ནས་ཡབ་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ་བས་སོ། །ཡུམ་གྱི་དབང་ནི། མེས་གར་ཁྱབ་པར་པདྨ་ཀྲོ་ཏཱ་ཤྭ་རིའི་མཁས་ཁྱབ་ལ། མཁས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་པདྨ་ཧེ་རུ་ཀའི་སྲས་སུ་དབང་བསྐུར་རོ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་བྱ་བ་ཀརྨ་ཧེ་རུ་ཀའི་ཕྲིན་ལས་རྒྱ་མཚོས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་དེ། ཡུམ་ཆོས་ཀྱི་རང་བཞིན་གྱིས་ཏིལ་འབྲུར་མར་གྱིས་ཁྱབ་པ་དང་འདྲ་བར། མི་དམིགས་པས་ཟིན་པས་མཚན་མར་མ་གྱུར་པས་ཡུམ་གྱི་རང་བཞིན་ནོ། །ཡུམ་གྱི་ཕྲིན་ལས་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཡུམ་གྱི་ཕྲིན་ལས་སོ། །ཡུམ་གྱི་མཆོད་པ་ནི། སྣའི་ཡུལ་དྲིའི་ལྷ་མོ་སྤོས་མེ་མར་བྱིན་གྱིས་བརླབས་ནས་ཡབ་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ་ལོ། །ཡུམ་གྱི་དབང་ནི། རླུང་གིས་གར་ཁྱབ་པར་ཀརྨ་ཀྲོ་ཏཱི་ཤྭ་རིའི་མཁས་ཁྱབ་ལ། མཁས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་ཀརྨ་ཧེ་རུ་ཀའི་སྲས་སུ་དབང་བསྐུར་བས། ཡུམ་གྱི་དབང་ཕུན་སུམ་ཚོགས་པའོ། ༈ །འདི་ན་མར་ཀ་རི་བརྒྱད་ལ་དོན་དང་མཐུན་པའི་མིང་དང་། རང་བཞིན་གྱི་རྟགས་དང་། ལས་དང་། ཕྱག་མཚན་དང་། ཡང་དག་ལམ་དང་གཟིགས་ཐབས་དང་། ལས་ཀྱི་ཕྱག་རྒྱ་དང་། མིང་གི་ངེས་ཚིག་གོ། །དེ་ལ་ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །ཞེས་བྱ་བ། དཔལ་ཧེ་རུ་ཀའི་ཐུགས་རྣམ་པར་དག་པའི་ཡེ་ཤེས་ལ་མཚན་མའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་དཀར་མོའི་ཚོགས་བྱའོ། །རང་བཞིན་ཀ་རི་མར་བསྟན་པ་དོན་དང་མཐུན་པའི་མིང་ཡང་ཡིན་ལ། རང་བཞིན་གྱི་རྟགས་ཞེས་ཀྱང་བྱའོ། །འགུགས་མཛད་ཅེས་བྱ་བ། ཕྱག་ན་རྡོ་རྗེའི་མཐུ་ཡང་འགུགས་པར་བྱེད་ལ། ཕྱག་ན་ཞིང་བསྣམས་པ་ལ་དབང་པོ་ལྔ་དང་། ཡེ་ཤེས་ལྔ་དང་ལྡན་པའི་དབྱུང་བས་སོ། །དྲན་པ་རྒྱུད་ལྔ་བྱ་བ་ཡང་དག་པའི་དྲན་པ་དང་སྦྱར། ཡེ་ཤེས་ལྔའི་དབྱུག་པས་ལམ་རྒྱུད་ལྔ་གྲོལ་བ་ལ་སོགས། གཟིགས་ཐབས་ཐམས་ཅད་ནི་ཞི་བར་གཟིགས་སོ། །སྲིད་གསུམ་ནི་སྲིད་པ་གསུམ་གྱི་སེམས། ཉོན་མོངས་པ་ཐམས་ཅད་ཐལ་བར་བརླག་གོ། །རྩ་བ་དེ། མིང་གི་ངེས་ཚིག་གོ། །ཙ་རི་སྐུའི་ལྷ་མོ་སྟེ། སྐུའི་ཡོན་ཏན་ཚོགས་སྡུད་ནི། རྐུན་མོའི་ཚོགས་བྱ་བ་དཔལ་ཧེ་རུ་ཀའི་སྐུ་ཆེ་བའི་ཡོན་ཏན་ལས་ཀྱི་ཁྱད་པར་ལས་སྤྲུལ་པས་ཡོན་ཏན་ནོ། །དེ་དག་ཐམས་ཅད་མ་མོ་བདེ་ལ་གནས་ཤིང་ཡོད་པའི་ཕྱིར་བརྡས་མཚོན་པས་ན། རྐུན་མོའི་ཚོགས་ཞེས་བྱའོ། །དེའི་རྟགས་སུ་ཧེ་རུ་ཀའི་ཐུགས་ཀར་མདའ་བཀང་བ་མདེའུ་རྩེ་ལྕགས་སྤྲོས་ཆེ་བ་ཡིས་ཐུགས་ཀྱི་དབྱིངས་བསྐུལ་ནས་མདེའུ་རྩེ་ཆང་པ་ལ་ཐུག་པ་ལ་བསྐུལ་ཞེས་བྱ། ཐུགས་འཕྲོག་ནི་ཕྱག་ན་རྡོ་རྗེའི་མཐུ་མང་འཕྲོག་གོ། །ཞི་གནས་ཀྱི་གཞུ་ལ་ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི་མདའ་བཀང་ནས་གཙོ་བོའི་ཐུགས་དམ་གྱི་དབྱིངས་ནས་ཆེ་བའི་ཡོན་ཏན་གྱི་རྒྱུད་བསྐུལ་བས་ཟུང་དུ་འབྲེལ་ཅེས་བྱའོ། །བདེན་པ་གཉིས་ཀྱི་དོན་ཡང་བསྙམས་སོ། །བདེན་གཉིས་ལྟ་ཞེས་པ། བདེན་པ་གཉིས་ཀྱི་དོན་བསྙམས་ནས་བལྟས་པས་ཡང་དག་པའི་ལྟ་བ་དང་སྦྱར་རོ། །གཟིགས་པའི་སྟབས་ནི་ཁྲོ་མོའི་ཚུལ་དུ་གཟིགས་སོ། །མིང་གི་ངེས་ཚིག་ནི། དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙ་རི་མ། །ཞེས་བྱའོ། །པྲ་མོ་ཧ་ནི་གསུང་གི་ལྷ་མོ་སྟེ། གསུང་པདྨ་ཧེ་རུ་ཀས་གསུང་རབ་རྒྱ་མཚོས་འགྲོ་བ་ལ་ཆོས་བསྒྲགས་པས་ཉོན་མོངས་པ་ཐམས་ཅད་ཀྱི་མགོ་རྨོངས་པར་བྱ་སྟེ། དེའི་རྟགས་སུ་རྨོངས་ཞེས་བྱའོ། །རང་བཞིན་གྱི་རྟགས་དང་དོན་དང་མཐུན་པའི་མིང་ངོ་། །དབང་མཛད་མཐའ་གཉིས་བྱ་བ་ནི། སྟོང་གསུམ་གྱི་སྟོང་དུ་མཛད་པས་དབང་མཛད་ཅེས་བྱ། མཐའ་གཉིས་ནི་ཆུ་སྲིན་མའི་མགོ་ལ་མཆེ་བ་བཞི་ཡོད་དོ། །གཡས་ཀྱི་མཆེ་བས་ནི་ཐབས་ཀྱི་ཐུགས་རྗེ་ཆེན་པོས་འཁོར་བའི་མཐའ་མི་སྤོང་ཞིང་འཛིན་ལ། གཡོན་ཤེས་རབ་ཀྱི་མཆེ་བས་མྱ་ངན་ལས་འདས་པའི་མཐའ་མི་སྤོང་ཞིང་འཛིན་པས། རྩ་བ་བླང་། མི་གནས་ཁྱབ་པ་མཐའ་གཉིས་འཛིན་ཅིང་མི་གཏོང་ཡང་དེ་ལ་མི་གནས་པས་མི་གནས་ཞེས་བྱའོ། །བདུད་བཞི་ལས་རྒྱལ་བས་རྒྱལ་རྟགས་སུ་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་ལ། གཟིགས་ཐབས་ནི། ར་རོ་བའི་ཚུལ་དུ་མྱོས་ཐབས་སུ་གཟིགས་སོ། །དེ་ལྟ་བུའི་དོན་དང་ལྡན་པས། སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧོ། །ཞེས་བྱ་སྟེ། མིང་གི་ངེས་ཚིག་གོ། །བེ་ཏ་ལི་ནི་དཔལ་ཧེ་རུ་ཀའི་སྐུ་ཆེ་བའི་ཡོན་ཏན་མཛད་པའི་ཕྲིན་ལས་གཉིས་ལས་སྤྲུལ་པའི་ལྷ་མོ་ཡིན་ཏེ། ཐལ་བར་བྱེད་པ་ནི། དཔལ་ཧེ་རུ་ཀ་ནི་ཡོན་དང་། ཕྲིན་ལས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་ཐལ་བར་རློག་པར་མཛད་པའི་རྟགས་སུ་བེ་ཏ་ལིར་བསྟན་པས་རང་བཞིན་གྱི་རྟགས་ཀྱང་ཡིན་ལ། དོན་དང་མཐུན་པའི་མིང་ཡང་ཡིན་ནོ། །ལས་ཀུན་གྱི་ལས་གྲུབ་པར་བྱ་བ། འགྲོ་བ་གཞན་གྱིས་ལས་སྣ་རེ་ལས་མི་འགྲུབ། དཔལ་ཆེན་པོའི་ཆེ་བའི་ཡོན་ཏན་དང་། མཛད་པའི་ཕྲིན་ལས་ཀྱིས་ནི། བདུད་འདུལ་བ་དང་། དགྲ་བསད་པ་དང་། དངོས་གྲུབ་སྩོལ་བ་དང་། ཅིར་ཡང་བསམ་པའི་ཕྲིན་ལས་ཀུན་འགྲུབ་པས་ལས་འགྲུབ་བོ། །འཁོར་བ་ལས་ཡང་དག་པའི་གནས་སུ་སྒྲོལ་བར་མཛད་པས་ལས་འགྲུབ་སྟེ། ཡང་དག་པའི་ཕྲིན་ལས་སོ། །ཕྲིན་ལས་དེས་ཅི་འགྲུབ་ན། ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་པ་བསྣམས་པ། མར་བལྟས་པ་དགུ་ནི་ས་དགུ་ན་གནས་པའི་སེམས་ཅན་གྱི་རྟོག་པ་འཇོམས་ལ། ཡར་བལྟས་པ་དགུ་ནི་མ་བརྒྱད་དཔལ་དང་དགུའི་དཀྱིལ་འཁོར་དུ་སྒྲོལ་བས། ཀུན་གྱི་ལས་འགྲུབ་མཛད། ཅེས་བྱའོ། །ས་དགུའི་གོང་དུ་བས། ཤི་བ་སློང་བ་ནི། ཕྱག་གཡོན་པ་ན་རྔེའུ་ཆུང་གཅིག་བསྣམས་པས། འཁོར་བ་ཤི་བ་དང་འདྲ་བ་ལས་བླ་ན་མེད་པའི་བྱང་ཆུབ་གསོན་པོ་དང་འདྲ་བར་སྒྲོལ་བར་བྱེད་པས་བསློང་ཞེས་བྱ་ལ། གཟིགས་པ་ཡང་དེའོ། །དོན་དེ་ལྟ་བུ་དང་ལྡན་པས་རྩ་བ་དེ་མིང་གི་ངེས་ཚིག་གོ། །པུཀྐ་སི་ནི་གཏི་མུག་གི་ལྷ་མོ་སྟེ། འབྱེད་ཅེས་བྱ་སྟེ་མེད་པའི་ཆོས་ཉིད་དོན་གྱི་གཏི་མུག་གི་དོན་རིག་པའི་ཡེ་ཤེས་ཀྱིས་རྟོགས་པས་གཙོ་མོ་ཞེས་བྱའོ། །དེ་བས་དོན་དང་མཐུན་པའི་མིང་ཡང་སྤོས་མོའོ། །རང་བཞིན་གྱིས་རྟགས་ཀྱང་དེའོ། །འཁོར་བའི་རྒྱུད་འཛིན་ཞེས་པ་ནི། འཁོར་བ་རྒྱུད་འཛིན་ཅིང་འདྲེན་པའི་རྟགས་སུ་བ་སུ་འདྲེན་པའོ། །རྒྱུད་དྲུག་ཐུགས་རྗེས་སྒྲོལ་བས་འཁོར་བའི་རྒྱུན་དྲངས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འདྲེན་པའི་རྟགས་སོ། །དོན་དེ་ལྟ་བུ་དང་ལྡན་པས་རྩ་བ་དེ་མིང་གི་ངེས་ཚིག་གོ། །གྷསྨ་ཧྲི་ནི་ཞེ་སྡང་གི་མ་མོ་སྟེ། གཏུམ་མོ་ཞེས་བྱ་སྟེ། དཔལ་ཧེ་རུ་ཀའི་ཡང་དག་པའི་ཞེ་སྡང་གིས་ལོག་པའི་ཞེ་སྡང་བཅོམ་པའི་རྟགས་སུ་ག་སྨ་ཧྲི་བསྟན་པས་རང་བཞིན་རྟོགས་ཞེས་བྱ་ལ། དོན་དང་མཐུན་པའི་མིང་ཡང་གཏུམ་མོ་ཞེས་བྱའོ། །མྱོས་བྱེད་དབྱིངས་ཞེས་བྱའོ། །ཕྱག་གཡོན་པ་ན་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ། བྷནྡྷ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། རཀྟ་ནི་བཅུད་ཀྱི་འཇིག་རྟེན་ཡིན། རྡོ་རྗེས་དཀྲུག་ཅིང་གསོལ་བ་ནི། སྣོད་བཅུད་དཀྲུག་ཅིང་གསོལ་བ། སྣོད་བཅུད་དཀྲུགས་ནས་དུས་གཅིག་ཏུ་དཔལ་གྱི་ཞལ་དུ་སྟབས་ལ་རོལ་བར་སྣང་ལ། དོན་དམ་པར་བྷནྡྷ་ནི་ཆོས་ཀྱི་དབྱིངས་ཡིན། རྡོ་རྗེ་ནི་ཡེ་ཤེས་ཡིན། ཡེ་ཤེས་དབྱིངས་ན་བཞུགས་པའི་དུས་ན་རཀྟ་ཐུགས་རྗེ་ཆགས་པའི་འབྱུང་གནས་ཆགས་པའི་ཕྲིན་ལས་འགྲོ་བའི་དོན་མཛད་པས། རྩ་བའི་དོན་དེ་ལྟ་བུ་དང་ལྡན་པས་མིང་གི་ངེས་ཚིག་གོ། །ཙཎྜ་ལི་ནི་འདོད་ཆགས་འཇོམས་པའི་ལྷ་མོ་སྟེ། ཆགས་པའི་ཚུལ་ཅེས་པ་དཔལ་ཧེ་རུ་ཀའི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་འདོད་ཆགས་ཆེན་པོ་ཉིད་ཀྱི་དོན་ལ་ཆགས་པས། དབྱིངས་དང་ཆོས་ཉིད་གཉིས་སུ་མེད་པར་གྱུར་པ་ལས། དེའི་ངང་ལས་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་ཆགས་ནས་སེམས་ཅན་བླ་ན་མེད་པའི་གནས་སུ་བསྒྲལ་བའི་རྟགས་སུ་ཙཎྜ་ལཱི་ར་བཏགས་པས་རང་རྟགས་དང་དོན་མཐུན་པའི་མིང་ཡིན་ནོ། །སྨེ་ཤ་ཅན་ཞེས་བྱ་བ་ནི། མ་ནིང་རྒྱུད་འཕེལ་ཅེས་པ། ལྷ་མོ་འདི་བསྟེན་པས་ནི་མ་ནིང་ཡང་རྒྱུད་འཕེལ་བར་ནུས་སོ། །གཟུང་འཛིན་དང་བྲལ་རྟགས་ནི། ཕྱི་གཟུང་བའི་ཡུལ་དང་བྲལ་བའི་རྟགས་སུ་ཕྱག་གཡོན་པ་ཞིང་གི་ལུས་བཟུང་ནས་ལ་འཛིན་པའི་སེམས་དང་བྲལ་བའི་རྟགས་སུ་གཡས་མགོ་བཅད་ནས་འཛིན་པས། གཟུང་འཛིན་དང་བྲལ་བའི་རྟགས་ཞེས་བྱའོ། །མཐའ་གཉིས་མ་སྤངས་ཞེས་བྱ་བ། ཞིང་གི་ལུས་བཟུང་བ་ནི་འཁོར་བ་མ་སྤངས་པའི་རྟགས་ཡིན་ལ། ཞིང་གི་མགོ་བཟུང་བ་ནི་མྱ་ངན་ལས་འདས་པའི་མཐའ་མ་སྤངས་པའི་རྟགས་ཡིན་ལ། མགོ་ལུས་བཅས་པར་དཔལ་གྱི་ཞལ་དུ་སྟོབ་པ་ནི་འཁོར་བའི་ཆོས་མྱ་ངན་ལས་འདས་པའི་དབྱིངས་སུ་ཐིམ་པའམ་རོལ་སྤོར་བས། རྣམ་པར་གཡེངས་ཚུལ་གཟིགས་སོ། །དོན་དེ་ལྟ་བུ་དང་ལྡན་པས་འབར་བ་སྟོང་གསུམ་ཡང་དག་པའི་སྦྱོར་བ་དང་སྦྱར་ནས་སྟོབ་བྱེད་ཙནྚ་ལཱི་ཞེས་པ་མིང་གི་ངེས་ཚིག་གོ། །སྨེ་ཤ་ཅན་ནི་ཐམས་ཅད་འབྱུང་བའི་ཚོགས་ཞེས་བཏགས་སོ། །ཅིའི་ཕྱིར་ཞེ་ན་མ་མོ་ཆེན་མོ་བདུན་གྱི་ཆེ་བའི་ཡོན་ཏན་དང་སྤྲུལ་པའི་ཁྱད་པར་ཐམས་ཅད་འབྱུང་ཡང་འདི་ལས་འབྱུང་ལ། གནས་ཀྱང་འདི་ལ་གནས་པས་ཡུམ་གྱུར་ཅེས་བྱའོ། །ཀུན་གྱི་ལས་མཛད་ཅེས་བྱ་བ་ནི་མ་བདུན་གྱི་ཕྲིན་ལས་འདིས་མཛད་པས་ཀུན་གྱི་ལས་མཛད་ཅེས་བྱ་ལ། ཆོས་སྐུ་སྙིང་པོར་འཛིན་པ་ནི་ཞིང་ལྟོ་བྲལ་ནས་ཙིཏྟ་ཚེམས་ཀྱིས་འཛིན་པ་ལ་བྱ་སྟེ། ཞིང་ཁོང་དྲན་པ་མེད་པ་ཆོས་ཉིད་ཡིན་ལ། ཙིཏྟ་ཚེམས་ཀྱི་གཟུང་བ་ནི་ཆོས་ཉིད་ཀྱི་དོན་སྙིང་པོའི་རྟགས་ཡིན། རྩ་བ་སྨོས་པས་སོ། །ཀུན་ལ་རོལ་པས་གཟིགས་ཚུལ་ཀུན་དང་ལྡན་བྱ་བ་མ་མོ་བདུན་གྱི་ཕྲིན་ལས་ཀྱི་རྒྱུད་ཀུན་ལ་འདི་རོལ་པའི་རོལ་ཅེས་བྱའོ། །གཟིགས་པའི་ཚུལ་ཀྱང་ཀུན་གྱི་གཟིགས་ཚུལ་དུ་གཟིགས་སོ། །དེ་ལ་གཟིགས་ཚུལ་ཀུན་ལྡན་ནོ། །དེ་ལྟ་བུ་དང་ལྡན་པས་ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི། ཞེས་མིང་གི་ངེས་ཚིག་གོ། ༈ །ད་ནི་ཡུལ་གྱི་ཕྲ་མེན་བརྗོད་དེ། སིངྷ་མུ་ཁ་འཇོམས་བྱེད་རྩལ་འཕང་མཆོག །ཅེས་བྱ་སྟེ། ཉོན་མོངས་པའི་བདུད་བཅོམ་པས་རྩ་བ་སྨོས་པའོ། །དཔེར་ན་སེང་གེ་གངས་ཏི་སེའི་ཁར་བྱུང་ནས་སྐད་ང་རོ་ཆེན་པོ་ཕྱུང་ན། ནགས་ཁ་བཞི་ལ་གནས་པའི་གཅན་གཟན་ཐམས་ཅད་བརྒྱལ་བར་བྱེད་པ་དང་། རྩལ་ཆེ་བས་འབྲུག་སྟོང་ཟེར་བ་ཙམ་སྤྲིན་གྱི་ནང་དུ་ཡང་མཆོངས་ཏེ་འགྲོ་བ་དང་འདྲ་བར། གཉེན་པོའི་སྟོབས་ཀྱིས་ཐམས་ཅད་འཇོམས། །ཞེས་བྱ་སྟེ། དཔལ་ཆེན་པོའི་གསུང་སྒྲ་དྲག་པོས་ནི་དྲེགས་བྱེད་ཐམས་ཅད་དཔའ་བཀོང་ཟིལ་གྱིས་གནོན་ལ། ཡེ་ཤེས་ཀྱི་རྩལ་གྱིས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས། འཇོམས་བྱེད་རྩལ་འཕང་མཆོག་མ། ཞེས་བྱའོ། །རྡོ་རྗེ་ཐུགས་ཀྱི་ཡུམ་ཞེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་སྤྲུལ་པའི་ཡུམ་དུ་གྱུར་པས་རྡོ་རྗེ་ཐུགས་ཀྱི་ཡུམ་ཞེས་བྱའོ། །གཉེན་པོའི་སྟོབས་ཀྱི་ཞེས་པ་ནི། དཔེར་ན་ཁྱུང་དང་སེང་གེའི་བུ་བྱ་ཞེས་བྱ་བ་ལྟ་བུ་སྟེ། ཐམས་ཅད་ཟིལ་གྱིས་གནོན་པ་དང་འདྲ་བར་དཔལ་ཆེན་པོ་ཡང་བདུད་དང་སྲིན་པོ་དྲག་བྱེད་ཐམས་ཅད་ཟིལ་གྱིས་གནོན་པས་རྩ་བའོ། །ཤེས་རབ་ལྡན་ཞེས་བྱ་བ། ཕྱག་རྒྱ་རྩེ་གསུམ་བསྣམས་པ་ལ་བྱ་སྟེ། །ཕྱག་གཡས་ཐབས་ཀྱི་རྩེ་གསུམ་བསྣམས་པ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་འགྲོ་བ་གཞན་མཐར་ཕྱིན་པར་མཛད་པ། གཡོན་ཤེས་རབ་ཀྱི་རྩེ་གསུམ་བསྣམས་པ་ནི། སྐུ་གསུང་ཐུགས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡང་། སྐུ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས། གསུང་སྨོན་པ་མེད་པ། ཐུགས་མཚན་མ་མེད་པའི་རང་བཞིན་དུ་རྟོགས་པས་ན་བདག་གི་དོན། དོན་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་དུག་ལྔ་དུག་གསུམ་གྱི་གཞི་གནས་སུ་དག་པས། སྡུག་བསྔལ་ཞེ་སྡང་གསོད་བྱེད་སིདྷ་མ། །ཞེས་བྱ་སྟེ་མིང་གི་ངེས་ཚིག་གོ། །དེས་ཉོན་མོངས་པའི་བདུད་བཅོམ་མོ། །བྱ་གྷྲྀ་མུ་ཁ། དཔའ་གཏུམ་ཟ་བྱེད་ཡེ་ཤེས་ཐུགས་རྗེ་ལས། །ཞེས་བྱ་སྟེ། སྟག་དཔའ་བས་སེམས་ཅན་ཀུན་གྱི་གཉེན་པོར་གྱུར་པ་དང་འདྲ་བར། ཡེ་ཤེས་ཆེན་པོ་དཔའ་བས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས། དཔའ་ལ་གཏུམ་པ་བརྟུལ་ཞུགས་ཀྱི་གཏུམ་པ་དང་འདྲ་བར། ཐུགས་རྗེའི་ཤུགས་ཀྱིས་གཏུམ་ལ། སྟག་ལས་ཀྱིས་ཟ་བ་དང་འདྲ་བར་ཕྱིན་ལས་ཀྱིས་ཉོན་མོངས་པ་ཟ་བར་བྱེད་པས། རྩ་བ་བླང་། བརྩོན་འགྲུས་མྱུར་བའི་ཤུགས་འཆད་འགྲོ་དོན་མཛད། །ཅེས་ཀྱང་དེ་ལ་བྱའོ། །ཐུགས་རྩེ་གཅིག་ནི། ཕྱག་རྒྱ་རྩེ་གཅིག་ཐུགས་ཀར་བསྣོལ་བ་ལ་བྱ་སྟེ། གཡས་ཐབས་ཀྱི་རྩེ་གཅིག་གིས་འགྲོ་དོན་ལ་དགོངས་པ་ལའང་། གཡོན་ཤེས་རབ་ཀྱི་ཡེ་ཤེས་རྩེ་གཅིག་གིས། །བདག་ཉིད་ཆོས་ཉིད་དབྱིངས་ལ་ཡེ་ཤེས་རྩེ་གཅིག་ཏུ་དགོངས་པས། རྩ་བ་བླང་། ང་རྒྱལ་འཆི་བདག་འཇོམས་པ་ནི། སྔོན་གྱི་ཞིང་ལ་འབྲུ་ཚུགས་སུ་ལྟ་བས་ཉོན་མོངས་པའི་སེམས་ཅན་འཁོར་བ་གླེ་གད་ལ་ཆགས་པ་འཚོ་བའི་སྲོག་སྦྱིན་ཞིང་། འཆི་བའི་བདུད་དང་བྲལ་བར་བྱེད་པས། འཆི་བདག་གི་བདུད་བཅོམ། ཞེས་བྱའོ། །འཆི་བདག་གི་བདུད་ཚོགས་བྱ་གྷྲྀ་མ་ཞེས་བྱ་སྟེ། མིང་གི་ངེས་ཚིག་གོ། །འཇོམས་བྱེད་ཐབས་མཁས་རྣམ་དག་ཡིད་ཀྱི་ཡུམ། །ཞེས་པ། དཔལ་ཧེ་རུ་ཀའི་གསུང་ལས་སྤྲུལ་པ་ཡིན་པས། རྣམ་དག་གསུང་གི་ཡུམ་ཞེས་བྱ་ལ། དཔེར་ན་ཝ་འཛེམ་བག་ཆེ་བས་གྲོང་སྲོང་དུ་ཡང་མི་རྒྱུ། ཐབས་ལ་མཁས་ཤིང་ཆགས་བདེ་བར་ཅི་བྱས་ཀྱང་མི་ཟིན་དཔེ་དེ་དང་འདྲ་བར། ཡེ་ཤེས་ཀྱི་སྤྲུལ་པ་ཕྲ་མེན་མ་འདི་ཡང་འཛེམ་བག་ཆེ་བས་རྣམ་པར་རྟོག་པའི་དགྲ་ལའང་འཛེམ་ལ། ཐབས་མཁས་པས་འཁོར་བའི་སྐྱོན་གྱིས་མི་བརྫི་བར་བདག་དང་གཞན་གྱི་དོན་བྱེད་པས་རྩ་བའོ། །དོན་གྱི་ཆོས་ཀྱི་སྐུ་ཞེས་པ་ནི་ཞིང་ལ་ལྕེས་བལྡག་པ་ལ་བྱ་སྟེ། ཞིང་དྲན་པ་མེད་པའི་ཆོས་ཉིད་ལ་ཏིང་ངེ་འཛིན་གྱི་རོ་ལྗགས་ཀྱི་དབང་པོ་ལ་བཏང་བས། ཏིང་ངེ་འཛིན་ལྗགས་ལ་བདར་ཅེས་བྱ། དེ་ལྟ་བུ་དང་ལྡན་པས། འདོད་ཆགས་དུར་ཁྲོད་བགེགས་ཚོགས་འཇོམས་པའི་སྲི་ལ་མ་ཞེས་བྱ་སྟེ། ཕུང་པོའི་བདུད་བཅོམ་མོ། །མི་འབྱེད་སྤྱོད་པ་ལས་མཆོག་རིགས་ཀྱི་ཡུམ་ནི། དཔེར་ན་ཁྱིས་ནི་ཟས་ཀྱང་བཟང་ངན་དུ་མི་འབྱེད་ཀུན་ལ་ཁྱིས་གཤིན་པོ་གཅིག་གིས་གྲོང་ཁྱེར་གཅིག་སྲུང་ནུས་པ་དང་འདྲ་བར་འཁོར་བའི་སེམས་ཅན་མ་རིག་པའི་མུན་པས་ལྡངས་པ་ལ། ཐུགས་རྗེ་ཁྱི་གཤིན་པོ་དང་འདྲ་བས་སེམས་ཅན་འཁོར་བར་མི་ཤོང་བར་བཅའ་བའི་རྫི་བྱེད་ལ། ཟས་ལ་གཙང་དམེ་མི་འདམ་པ་དང་འདྲ་བར་ཉོན་མོངས་པ་ལྔ་དང་། སྨད་པའི་རྫས་ལྔ་མི་སྤང་བར་དང་དུ་ལེན་པས་མི་འབྱེད་ལ། ལས་མཆོག་རིགས་ཀྱི་ཡུམ། །ཞེས་པ་དཔལ་ཧེ་རུ་ཀའི་ཕྲིན་ལས་རྒྱ་མཚོའི་འགྲོ་བའི་དོན་མཛད་པའི་རྟགས་བསྟན་པས། མི་འབྱེད་སྤྱོད་པ་ལས་མཆོག་རིགས་ཀྱི་ཡུམ། །ཞེས་སོ། །གཡེར་བའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་སྲུང་བ་ནི། གཡེར་བ་ནི། ཟ་བྱེད་སྤྱང་མོས་ནུབ་གཅིག་གམ། སྐད་ཅིག་ལ་ལུང་པ་གསུམ་མཐོང་ཞིང་རྒྱུག་ལ། འགྲོ་བ་ཐུགས་རྗེས་སྲུང་བ་ནི། དཔེར་ན་སྤྱང་ཀུས་ཀྱང་རང་ཡུལ་ན་ཡོད་པའི་ར་ལུག་དང་མི་ཕྱུགས་ངོ་ཤེས་ནས། རང་ཨ་ཅང་ཡང་ཆེས་གཞན་ཡང་སྲུང་བར་བྱེད་པ་དང་འདྲ་བར། ཡེ་ཤེས་ཀྱི་དབང་པོས་རིག་པ་སྐད་ཅིག་མ་ལ་སྟོང་གསུམ་གཟིགས་པས་ནི་གཡེར་ལ། འགྲོ་བ་ཐུགས་རྗེས་སྲུང་བ་ནི་ཡེ་ཤེས་མཁའ་འགྲོས་འགྲོ་བ་སེམས་ཅན་ཕྱིན་ཅི་ལོག་དུག་ལྔས་ཁམས་གསུམ་འཁོར་བའི་སྡུག་བསྔལ་དུ་ཟོ་ཆུའི་ཁྱུད་མོའམ་ཤིང་རྟའི་འཕང་ལོ་བཞིན་འཁོར་བ་དེ་ཀ་བསྲུངས་པས་ཀྱང་། འགྲོ་བ་ཐུགས་རྗེས་བསྲུངས་པས་ཀྱང་བསྲུངས་ལ། དོན་དུ་ན་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་པ་བཞི་ལ། བདུད་རྣམ་པ་བཞིའི་ནང་ནས། ལྷའི་བུའི་བདུད་བསྲུངས་པས་ཀྱང་བསྲུངས་ལ། བདུད་དང་སྲིན་པོ་ངན་ཁྲི་ཅི་ཡང་བསྲུངས་པས་འགྲོ་ལ་ཐུགས་རྗེས་སྲུང་། རྣལ་འབྱོར་པ་ལ་བར་དུ་གཅོད་པའི་གནོད་སྦྱིན་རྒོད་མ་ཁ་ཅན་ཡན་ཆད་བསྲུང་ངོ་། །དེ་ལ་རྩ་བ་བླང་། ཆོས་ཀྱི་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། བྱ་བ་ཞིང་གི་ལྟོ་བྲལ་ནས་མིག་གི་འབྲུ་ཚུགས་སུ་བལྟ་བ་ལ་བྱ་སྟེ། ཞིང་ནི་ར་རོ་དྲན་པ་མེད་པའི་ཆོས་ཡིན་ལ་ཆོས་ཉིད་ཀྱི་ཀུན་གཞི་མ་བཅོས་པའི་ཆོས་ཉིད་ཡིན། དབྱིངས་རྣམ་པར་དག་པའི་ངང་ཉིད་ལ་ཡེ་ཤེས་སྤྱན་ནི་ཡིད་ཀྱི་རྣམ་པར་ཤེས་པ་རིག་པའི་གཟུང་འཛིན་ལས་འདས་ཤིང་རྟོགས་པས་གཟིགས་ཞེས་བྱའོ། །ཁྱི་ལ་ང་རྒྱལ་ཁེངས་སེམས་ཀྱི་ང་རྒྱལ་མེད་ལ། དམའ་ས་འཛིན་པ་དང་འདྲ་བར། དབྱིངས་དང་རིག་པ་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ལ་ང་དང་བདག་གི་ང་རྒྱལ་གྱི་རྟོག་པ་དང་བྲལ་ཞིང་ཕྱོགས་དང་རིས་ཕྲག་དོག་དང་བྲལ་བས། ཕྲག་དོག་ལས་ཀུན་འགྲུབ་བྱེད་ཤོ་ན་མ། །ཞེས་བྱའོ། །ལྷའི་བུའི་བདུད་བཅོམ་མོ། །ཡིད་ཀྱི་ཡེ་ཤེས་སོ་སོར་ཀུན་ལ་རྟོག །ཅེས་པ། བྱ་རྒོད་རྨི་ལམ་རྣོ་བས་གཟན་གར་ཡོད་ཕྱྭ་ཡོད་ལ། བྱ་ཤ་ཟན་གཞན་བྱ་རྒོད་ལྡིང་བའི་ས་ན་གང་ན་ཡོད་པར་ཕྱྭ་ཡོད་ནས་ཀུན་དེ་རུ་རྒྱུགས་ནས་རྙེད་པ་དང་གོད་ལ་ཟ་བར་བྱེད་པའོ། །བྱ་རྒོད་ཕྱི་མའི་ལྷག་རོ་ལ་བབས་ནས་སྟོད་ཅིང་ཟ། དཔེ་དེ་དང་འདྲ་བར་འདུ་བྱེད་ཡིད་ཀྱི་རྣམ་པར་ཤེས་པ་ཕྱིའི་ཡུལ་ལ་བསྐུལ་ནས། རྣམ་པར་བཅད་ནས་འདུ་ཤེས་ཀྱིས་མཚན་མ་དང་དོན་རྟགས་སུ་འཛིན་ནོ། །དེ་གནས་གྱུར་པའི་དུས་ན། འཕགས་པའི་གནས་སྐབས་སུ་འདུ་བྱེད་ནི་ཡེ་ཤེས་སུ་གྱུར་པ་ལ། རྣམ་པར་ཤེས་པ་ནི་ཐུགས་རྗེར་གྱུར་ལ་འདུ་བྱེད་ནི་ཕྲིན་ལས་སུ་གྱུར་ལ། ཕྲིན་ལས་ཀྱིས་འགྲོ་བའི་དོན་ཐ་དད་མཛད་པས་ཡིད་ཀྱི་ཡེ་ཤེས་སོ། །སོ་སོ་ཀུན་ལ་རྟོག །རྣམ་ཤེས་ཀྱིས་བསད་རྒོད་འ བྲིང་ཚུལ་ཁྲིམས་བསྲུངས། ཞེས་བྱ་སྟེ། བྱ་རྒོད་ནི་གཞན་གྱི་སྲོག་མི་གཅོད་པར་གོད་ལ་ལྡིང་བ་དང་འདྲ་བར། ཐུགས་རྗེས་འགྲོ་བའི་དོན་མཛད་ན་ཡང་ལུས་ཀྱི་ཚུལ་མི་ཉམས་ལ། སེམས་ཀྱི་ཁྲིམས་མི་འདྲལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །འཁོར་བའི་རྒྱུད་འཛིན་རྒྱུན་གཅོད་སྤུ་གྲི་འཛིན་བྱ་བ། འཁོར་བའི་རྒྱུན་འཛིན་པའི་རྟགས་སུ། བ་སུའི་མགོ་ནས་དྲངས་ནས་འཛིན་ལ། རྒྱུད་གཅོད་པའི་རྟགས་སུ་གྲི་བསྣམས་པས་གཅོད། དཀྱུས། འགྲོགས་པས་སྙེག་བྱེ་ཀྲི་ཏ་མ། །ཞེས་བྱ་སྟེ། མིང་གི་ངེས་ཚིག་གོ། །རྣམ་རྟོག་མཉམ་ཉིད་མིད་འཕྲོག་མཚན་མ་འཇོམས། །ཞེས་པ། དཔེར་ན་བྱ་ཀཾ་ཀ་ནི་རོ་གང་ན་ཡོད་པའི་སྟེང་དུ་འགྲོ་སྟེ། ལྕེ་སྤྱང་ལ་སོགས་པའི་ཤ་ཟན་གཞན་ཡང་ཀཾ་ཀའི་ཕྱི་ན་ཕར་འགྲོ། ཀཾ་ཀས་རོ་སྟེང་དུ་ཕྱིན་པ་དང་། གཤོག་པ་བརྐྱང་རྐན་བརྡབས་སྐད་ཕྱུང་བས། རོ་སྟེང་དུ་རྒྱངས་ཀྱིས་འབྱུང་སྟེ། ཀཾ་ཀས་རོ་དེ་གཅད་ཁྲག་འཇིབས་ཏེ། ཅེ་སྤྱང་ལ་སོགས་པས་ཕྱི་ཤ་ཟ། དཔེ་དང་དེ་དང་འདྲ་བར་ཡིད་ཀྱི་རྣམ་པར་ཤེས་པ་དང་། ངེས་པར་འབྱེད་པའི་ཡིད་གཉིས་འགྲོགས་ནས་ཕྱིའི་ཡུལ་ལ་འགྲོ། །དེ་གནས་གྱུར་པའི་དུས་ན་ཡེ་ཤེས་ཀྱི་རྟོག་པའི་སྒོ་ནས་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་ལ། བསད་པའི་གོད་ཕྲེང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བྱ་བ་ནི། ཀཾ་ཀས་ལྕེ་སྤྱང་ལ་སོགས་པའི་ཤ་ཟ་ལ། ཤ་སྦྱིན་པ་བཏང་བ་དང་འདྲ་བར། ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་སྐོངས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །མཐའ་འདས་ཆོས་ལ་གཟུང་འཛིན་སྤངས་ཚུལ་གཟིགས། བྱ་བ་ནི་ཞིང་རོ་དྲན་པ་མེད་པར་ཆོས་ཉིད་ཀྱི་རང་བཞིན་ཉམས་སུ་བླངས་པའི་རྟགས་སུ། རོ་ཕྲག་པ་ལ་ཁུར་བར་བསྟན་ལ། དེ་ཉམས་སུ་བླངས་པས་གཟུང་འཛིན་གྱི་སྐྱོན་སྤངས་པས། སྤང་ཚུལ་གཟིགས་ཞེས་བྱའོ། །དོན་དེ་ལྟ་བུ་དང་ལྡན་པས་འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀཾ་ཀ་མ། ཞེས་བྱའོ། །མིང་གི་ངེས་ཚིག་གོ། །བསླད་པས་མི་འགྱུར་བཀྲུས་པས་མི་འདག །ཅེས་པས། དཔེར་ན་བྱ་རོག་གི་བཀྲུས་ཀྱང་གནག་མ་བཀྲུས་ཀྱང་གནག་ཁ་དོག་གཞན་དུ་མི་འགྱུར། དཔེ་དེ་དང་འདྲ་བར་ཆོས་ཉིད་ཀྱི་རང་བཞིན་ནི་སངས་རྒྱས་སྒམ་པོས་བཅོས་སུ་ཡང་མེད་ལ། སེམས་ཅན་སྒྲིན་ཏེ་མ་བསླད་པའི་ཡུལ་ལས་འདས་པའི་ཆོས་ཉིད་དང་སྦྱར། དེའི་རྟགས་སུ་བྱ་རོག་གི་མགོ་ཅན་དུ་བསྟན་ནོ། །མི་མཐུན་གཉེན་པོས་མི་ཤིགས་བཟོད་པའི་མཆོག །ཅེས་བྱ་ལ་དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་ལ་བཟོད་པ་ཐོབ་པས་བཟོད་པའི་མཆོག །ཅེས་བྱ་བ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས་མེད། ཞེས་པ། ཞིང་ཁ་ན་ཁྱེར་བ་ཡིན་ཏེ། རོ་དྲན་པ་མེད་པ་ཆོས་ཉིད་ཀྱི་དོན་རྟོགས་པའི་རྟགས་སུ་རོ་ཁ་ན་ཁྱེར་བར་བསྟན་པས་སོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྟགས་སུ། ཡོན་ཏན་ཡིད་བཞིན་བདག་ཉིད་ཁ་ཁ་མ། །ཞེས་མིང་གི་ངེས་ཚིག་གོ། །ཧུ་ལུ་མུ་ཁའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། དབྱིངས་ལས་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས། བྱ་བ་ཡེ་ཤེས་ཀྱི་དབྱིངས་ལས་མི་རྟོག་པས་འགྲོ་ལ་ཐུགས་རྗེས་གཟིགས་པའོ། །གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། །ཞེས་པ་ནི་རྟག་ཆད་གཉིས་ལས་འདས་པས་ན་དབུ་མ་ཆེན་པོའི་དམིགས་སུ་མེད་པའི་ངང་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། ཞེས་བྱའོ། །དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས་ཞེས་པ། དབྱིངས་ཀྱི་ངང་ལས་ཐུགས་རྗེའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་ཡང་འདུས་མ་བྱས་པའི་ངང་ལས་མ་གཡོས་པའི་ལྕགས་ཀྱུས་མགོ་བོ་མནན་པར་བྱའོ། །དོན་དེ་ལྟ་བུ་དང་ལྡན་པས་མཐའ་གཉིས་སྤངས་པའི་རྔམ་ཚུལ་དུ་ཨུ་ལུ་མུ་ཁ་ཞེས་བྱ་སྟེ་མིང་གི་ངེས་ཚིག་གོ། །བཅུ་དྲུག་ཞག་གིས་ཟླ་བའི་དཀྱིལ་འཁོར་རྫོགས། །ཞེས་པ་ནི། དཔེར་ན་ཟླ་བ་ཚེས་བརྒྱད་གཉིས་བཅུ་དྲུག་ཁ་སྤྲད་ན་ཟླ་བའི་དཀྱིལ་འཁོར་གང་ཞིང་རྒྱས་པ་དང་འདྲ་བར། དཔལ་ཆེན་པོ་བཅུ་དྲུག་ས་ལ་ལྷུན་གྱིས་གྲུབ། ཅེས་བྱ་སྟེ། དཔལ་ཆེན་པོའི་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕྲ་མེན་བཅུ་དྲུག་གིས་རྫོགས་ནས་སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་པས། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཆེན་པོའི་སྐུ། །ཞེས་བྱའོ། །ཐོག་མཐའ་མེད་ཅིང་ཡོན་ཏན་ཟླ་མེད་པའི། །ཞེས་པ་འཁོར་བ་ཐོག་མ་མེད་པའི་དུས་མཐའ་མ་སྟོངས་ཀྱི་བར་དུ་འཇིག་རྟེན་ཆེ་བའི་ཡོན་ཏན་ལ། འགྲན་གྱི་ཟླ་མེད་པས་ཟླ་མེད་པའོ། །ཞེས་བྱའོ། ༈ །སྒོ་མ་བཞི་ནི་ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞི་དང་སྦྱར་ཏེ། སྦྱིན་པས་རིག་པའི་ཀློང་དུ་མཚོ་དྲངས་ལྟར། །བྱ་བ། དེའང་སྦྱིན་པ་དང་སྦྱར་ཏེ། དཔེར་ན་ས་དམའ་སར་ཆུ་འབབ་པར་འོས། སྒང་མཐོ་བར་མི་འོས་པས་ལྟར་སྦྱིན་པ་གཏོང་བ་ཡང་སྙིང་རྗེ་ཚད་མེད་པའི་སྒོ་ནས་གཏོང་སྟེ། འཁོར་བའི་འཇིངས་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན། །ཞེས་པ། སེམས་ཅན་འཁོར་བ་རྒྱ་མཚོ་དང་འདྲ་བའི་ནང་ནས་ཉོན་མོངས་པ་ཉ་དང་འདྲ་བ། ཐུགས་རྗེ་ལྕགས་ཀྱུ་དང་འདྲ་བས་འདྲེན་པར་མཛད་པས་སྙིང་རྗེ་ཚད་མེད་པ་དང་སྦྱར་ཏེ། དེ་ལྟར་འགྲོ་བའི་དོན་མཛད་པ་དེ་ཡང་འཁོར་བ་ལ་བསྙེངས་པ་མི་མངའ་བའི་རྟགས་སུའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྒོ་ནས་མཛད་པས། རྩ་བ་བླང་། ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ། །ཞེས་པས། འཁོར་བ་སྨག་རུམ་དང་འདྲ་བའི་ནང་དུ་ཐུགས་རྗེ་ཉི་མ་ཤར་བ་བཞིན་དུ་མཛད་པས་ཤར་ཕྱོགས་བཞུགས་པར་བསྟན་ནོ། །དོན་དང་མཐུན་པས་ཀུན་ཀྱང་དགའ་བཞིན་བྱེད། །ཅེས་པས་དོན་དང་མཐུན་པ་དང་སྦྱར་ཏེ། དོན་དང་མཐུན་པའི་བཀའ་བདུད་ཀྱིས་ཀྱང་མི་གཅོག་པས། དོན་དང་བཀའ་སུ་ཡང་མི་ཉན་པར། དཀྱུས། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན། ཞེས་པ་འཁོར་བའི་སེམས་ཅན་རྟ་རྒོད་དང་འདྲ་བ་ཐུགས་རྗེ་ཞགས་པ་དང་འདྲ་བས་བཟུང་ནས་བྱང་ཆུབ་ཀྱི་ལམ་དུ་འདྲེན་པར་མཛད་པས། བྱམས་པ་ཚད་མེད་པ་དང་སྦྱར་རོ། །རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང་། །བྱ་བ། ལྷོ་ཕྱོགས་ན་སྐུ་དང་ཡེ་ཤེས་ཀྱི་བརྡ་དང་གར་གྱི་ཕྱག་རྒྱ་བསྒྱུར་ཞིང་ཡང་བསྒྱུར་བ། ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་སྐོངས་པས་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་སྦྱོར། དོན་དེ་ལྟ་བུ་དང་ལྡན་པས། ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །ཞེས་བྱ་སྟེ། ལྷོ་ཕྱོགས་ཡོན་ཏན་གྱི་སྒོ་ནས་བཞུགས་པར་སྣང་ངོ་། །གཞན་གྱི་དོན་དུ་སྤྱོད་པས་བདག་གི་དོན། །ཞེས་བྱ་སྟེ། དོན་རྗེས་སུ་སྤྱོད་པ་དང་སྦྱར་ཏེ། ལྕགས་སྒྲོག་བསྣམས་པ་ནི་གཞན་གྱི་དོན་མཐར་ཕྱིན་པའི་རྟགས་སུ་ལྕགས་སྒྲོག་ལེའུ་ཡང་གཅིག་ཏུ་བསྟན་ལ། བདག་དོན་ལྷུན་གྱིས་གྲུབ་པའི་རྟགས་སུའང་ལེའུ་གཅིག་ཏུ་བསྟན་ནོ། །ཤེས་རབ་སྒྲོན་མེས་མུན་པའི་སྡུག་བསྔལ་སེལ། །ཅེས་བྱ་སྟེ། འདི་ནི་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒྲོན་མེས་ཉོན་མོངས་པ་བསལ་ལོ། །དོན་དེ་གཉིས་མི་འགལ་བའི་རྟགས་སུ་ལུ་གུ་རྒྱུད་ཀྱིས་མདོ་འབྲེལ་བར་སྣང་ངོ་། །དོན་དེ་བས་ན། དོན་གཉིས་མི་འདའ་ལྷུན་གྲུབ་དགའ་བའི་མཆོག །ཅེས་བྱ་སྟེ། དགའ་བ་ཚད་མེད་པ་དང་སྦྱར་རོ། །ཀུན་མཁྱེན་མ་རིག་ནུབ་མཛད་ཉི་མའི་སྤྱན། །ཞེས་པ་ལྷག་མཐོང་ཞི་གནས་ཀྱི་སྤྱན་རྣམ་པར་དག་པས་གཟིགས་པས་མ་རིག་པའི་མུན་པ་བསལ་བའི་རྟགས་སུ་ནུབ་ཕྱོགས་ན་བཞུགས་པར་སྣང་ངོ་། །སྙན་པར་སྨྲ་བས་ཀུན་ཀྱང་བཀའ་བཞིན་བྱེད། ཅེས་པ་སྦྱིན་པ་གཏོང་བའི་ཚེ་གང་སྙམ་པར་སྨྲ་བ་དང་སྦྱར་རོ། །བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད། ཅེས་པ་བདག་ཏུ་འཛིན་པ་ཡོངས་སུ་བཏང་ནས་གཞན་གྱི་དོན་ལ་ཁོད་ལ་ཁོད་སྙོམས་པར་ཞུགས་པས་བཏང་སྙོམས་ཚད་མེད་པ་དང་སྦྱར་རོ། །ཕབ་ན་རྣམ་ཤེས་ཐལ་བའི་གཟུགས་ཀྱང་མཚོ། །ཞེས་པ་དོན་དེ་ལྟ་བུ་དང་ལྡན་པའི་ཐུགས་རྗེའི་བྱིན་རླབས་འགྲོ་བ་ལ་ཕབ་པས་རྣམ་པར་ཤེས་པ་ཐལ་བའི་གཟུགས་ཀྱང་འཚོ་བར་ནུས་པས། དཀྱུས། ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་འཁྲོལ་མ། བྱ་བ། དྲིལ་བུའི་སྒྲ་ལ་བརྟེན་པའི་གསུང་རབ་ཀྱི་སྒྲ་འབྱུང་བ་སོ་སོའི་སྐད་དུ་ཆོས་སྒྲ་བསྒྲགས་པས་འགྲོ་བའི་ཉོན་མོངས་པའི་སྒྲིབ་པ་བག་ཆགས་བྱང་བར་མཛད། ཅེས་བྱ་སྟེ། བྱང་ན་བཞུགས་པར་བསྟན་ནོ། ༈ །ད་ནི་རྡོ་རྗེ་སྲིན་པོའི་ལྷ་རྒྱུད་བརྗོད་པར་བྱ་སྟེ། ཞེས་པ། ཆེ་མཆོག་ལ་གསུམ་སྟེ། མ་མོ་ལ་གཟིགས་པ། བདུད་རྩི་ལ་གཟིགས་པ། ཆོས་ཉིད་ལ་གཟིགས་པ་ཐ་མའོ། །ཡང་སྲིན་པོ་ལ་གསུམ་སྟེ། རྟོགས་པ་དོན་གྱི་རྡོ་རྗེ་སྲིན་པ ོ། འདུལ་བྱེད་དབང་གི་རྡོ་རྗེ་སྲིན་པོ། ཐུགས་རྗེ་ཐབས་ཀྱི་རྡོ་རྗེ་སྲིན་པོ་དང་གསུམ་མོ། །དང་པོ་ནི་དབྱིངས་དང་ཡེ་ཤེས་ལ་བྱ། གཉིས་པ་ནི་དྷ་ཤ་གྷྲི་བ་སྟེ། མགོ་དགུ་ཡོད་པའི་དབུས་མ་རྟའི་དབུ་ཡིན། གསུམ་པ་ནི་འགྲོ་བའི་ངོར་སྣང་བ་གསལ་བ་ཅིར་ཡང་སྣང་བ་ལ་བྱའོ། །བཅོ་བརྒྱད་ཁམས་ཞེས་པ། དབུ་དགུ་ལ་སྤྱན་ཉེར་བདུན་ཡོད་དེ། དབུ་མ་གསུམ་བོར་བས་སྤྱན་བཅོ་བརྒྱད་དོ། །དབང་པོ་དང་ཡུལ་དང་རྣམ་ཤེས་དྲུག་གསུམ་བཅོ་བརྒྱད་ཀྱི་ཁམས་ལ་གཟིགས་པས་ཁམས་ལ་གཟིགས་ཞེས་བྱའོ། །བཅོ་བརྒྱད་སྙན་གྱིས་དེ་དག་གི་སྡུག་བསྔལ་ཉམ་ཐག་པའི་སྐད་འབོད་འགྲོགས་གསན་པ་དང་། གསན་པ་དེ་ཐུགས་རྗེས་མི་བཟོད་པས། བཅོ་བརྒྱད་ཤངས་ནས་སྤྲུལ་བྱ་བ། དབུགས་ཀྱི་རྟ་ལ་སྲོག་གི་མི་ཞོན། བསམ་གྱིས་མི་ཁྱབ་པའི་སྒྲ་ཕྱུང་ནས་འགྲོ་བ་རྣམས་ཀྱིས་དོན་མཛད་པས་ཤེས་རབ་ཀྱི་ཤངས་ནས་སྤྲུལ་པ་འབྱུང་ཞེས་བྱའོ། །སྐུ་བཅོ་བརྒྱད་མི་མངའ་ན་ཡང་། སྐུའི་རྟགས་སུ་ཕྱག་བཅོ་བརྒྱད་ཀྱིས་ཁམས་བཅོ་བརྒྱད་འདུལ་བའི་ཞིང་དུ་དགོངས། ཐུགས་བཅོ་བརྒྱད་མི་མངའ་ན་ཡང་ཕྱག་བཅོ་བརྒྱད། ཐུགས་ཀྱི་སྤྲུལ་པ་ཕྱུང་ནས་སྟོང་ཁམས་གང་བའི་ཕྲིན་ལས་མཛད་དོ། །བཅོ་བརྒྱད་ལྗགས་ནི་ཟླ་གམ་གཞུང་སྲུངས་ཀྱིས་ཕྱེ་བ་བཅོ་བརྒྱད་ཀྱིས། ཏནྟྲ་སྡེ་བཅོ་བརྒྱད་དུ་འགྲོ་བ་ལ་བསད་པས། བཅོ་བརྒྱད་གསུང་རབ་འཆད། ཅེས་བྱའོ། །དེ་ལྟར་བཅོ་བརྒྱད་ཕྲག་དྲུག་གིས་སྤྲུལ་པ་ཁྲོ་བོ་བརྒྱ་རྩ་བརྒྱད་དུ་སྤྲུལ་ནས་སྟོང་ཁམས་འདུལ་བར་མཛད་པས། བརྒྱ་རྩ་བརྒྱད་ཀྱི་དགོངས་པ་བསམ་གྱིས་མི་ཁྱབ་ཅེས་བྱའོ། །ས་དགུ་ཐུགས་རྗེར་ཤར་མཛད་དབུ་དགུར་ལྡན། ཞེས་པ་ནི། ཁམས་གསུམ་ན་ས་དགུ་ཞིག་ཡོད་པ་ལས། གཟུགས་མེད་པའི་ཁམས་ན་མཆེད་བཞི་ལ་ས་བཞི། གཟུགས་ཀྱི་ཁམས་ན་བཏང་སྙོམས་དགའ་བདེ་རྟོགས་དཔྱོད་བཞི་ལ་ས་བཞི། འདོད་པའི་ཁམས་ན་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ས་གཅིག་སྟེ་དེ་དགུ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་མཛད་པས། དགུར་ལྡན་ཞེས་བྱའོ། །བརྗིད་གནོན་ཞབས་བརྒྱད་ཕྱོགས་མཚམས་ལྷ་བརྒྱད་གནོན། ཞེས་པ། ཞབས་བརྒྱད་ཀྱིས་ལྷ་བརྒྱད་གནོན་པ་ནི། ཆེ་བར་བསྟན་པ་དང་། གོ་བར་བསྒྲགས་པ་དང་། ང་རྒྱལ་ཟིལ་གྱིས་གནོན་པས། དཀྱུས། ཇི་ལྟར་རོལ་ཀྱང་སྤྱན་དགུ་དབྱིངས་མི་འགྱུར་བར་བྱ་བ། དེ་ཡན་ཆད་ཀྱིས་དཔལ་རཀྴ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་ཇི་ལྟར་སྣང་བར་མཛད་པ་དེ་དག་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སུ། སྤྱན་དགུ་དབྱིངས་མི་འགྱུར་ཞེས་བྱ་སྟེ། སྤྱན་དབུས་མ་དགུ་ནི་ཞི་བའི་ཚུལ་དུ་གཟིགས་སོ། །འདུལ་བའི་དབང་དུ་བསྐལ་པའི་སྐུར་སྟོན། བྱ་བ་ལ། ཧེ་རུ་ཀ་བཞིའི་སྤྲུལ་པ་འབྱུང་བས། འབྱུང་བ་ཆེན་པོ་བཞིར་བྱིན་གྱིས་བརླབས་ནས། དེ་ཡང་བཛྲ་ཧེ་རུ་ཀའི་བསྐལ་པར་གྱུར་བས། རི་རབ་ཀྱི་འཇིག་རྟེན་གནོན་པས་འཇིགས་པ་དང་། རཏྣ་ཧེ་རུ་ཀའི་བསྐལ་པར་གྱུར་ཏེ་ཆུ་ཕྱག་ན་བསྣམས་པས་འཇིག་རྟེན་ཁམས་འཁྲུ་བར་བསྟན་པ་དང་། པདྨ་ཧེ་རུ་ཀའི་བསྐལ་པར་གྱུར་ནས་མེས་འཇིག་རྟེན་གྱི་ཁམས་བསྲེག་པར་བསྟན་པ་དང་། ཀརྨ་ཧེ་རུ་ཀའི་བསྐལ་པར་གྱུར་ནས་རླུང་གིས་འཇིག་རྟེན་གྱི་ཁམས་འཐོར་ཞིང་གཡེང་བར་བྱེད་པ་ནི་འདུལ་བའི་དབང་དུ་བསྐལ་པའི་སྐུལ་སྟོན། ཞེས་བྱའོ། །རྡོ་རྗེ་སྲིན་པོས་ཅིས་འདུལ་ཡིད་བཞིན་རྫོགས། བྱ་བ། དེ་ཡན་ཆད་ཀྱིས་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་དེ་དག་ཀྱང་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ལྟར་སེམས་ཅན་གྱི་རེ་འདོད་སྐོངས་པས། ཡིད་བཞིན་རྫོགས་ཞེས་བྱའོ། །རྣམ་ཐར་གསུམ་ལས་སྐུ་གསུང་ཕྲིན་ལས་འབྱུང་། །ཞེས་པ། ཨེ་ཀ་ཙ་ཏི་ཞེས་བྱ་སྟེ། ཨེ་གྲུ་གསུམ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་ཏེ། སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་། གསུང་སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཐུགས་མཚན་མ་མེད་པའི་རྣམ་པར་ཐར་པ་དང་། དེ་གསུམ་དང་ལྡན་པ་ཨེ་ཞེས་བྱ་ལ། ཀ་ཞེས་བྱ་བ་ནི། རྣམ་པར་ཐར་པ་གསུམ་གྱི་ངང་ལས་སྐུ་གསུང་ཐུགས་གསུམ་གྱི་ཕྲིན་ལས་འབྱུང་སྟེ། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་ནི་ཀ་ཀརྨ་ཞེས་བྱ་སྟེ། ཕྲིན་ལས་ཕུན་སུམ་ཚོགས་པའོ། །ཙ་ཞེས་པ་ནི། དེ་ལྟར་ཕྲིན་ལས་ཕུན་སུམ་ཚོགས་པར་མཛད་ན་ཡང་། སྤྱོད་པ་རྣམ་པར་དག་པས་འདམ་སྐྱེས་ཀྱི་པདྨ་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པས། ཙ་ཙརྱ་ཞེས་བྱ་སྟེ་སྤྱོད་པ་ཕུན་སུམ་ཚོགས་པའོ། །ཏི་ཞེས་པ་ནི་མཛད་པའི་ཕྲིན་ལས་ཀྱི་བྱེ་བྲག་ཐམས་ཅད་མ་སྐྱེས་པ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པ་ལ་ཏི་ཞེས་བྱ་སྟེ། རྣམ་པར་ཐར་པ་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་། སྤྱོད་པ་རྣམ་དག་སྨོན་ལམ་གྱིས་གཤེགས། །ཞེས་བྱའོ། །རལ་བསིག་སྤྲུལ་པས་འགྲོ་དོན་རྩེ་གཅིག་མཛད། །ཅེས་པས། རལ་པ་ཚར་གཅིག་ལ་སྐྲ་ཉག་མ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང་འདྲ་བར། ཨེ་ཀ་ཙ་ཏིའི་ཐུགས་རྗེ་ཡེ་ཤེས་རྩེ་གཅིག་གི་སྒོ་ནས་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པས། རྩ་བ་བླང་། བཅོ་བརྒྱད་སྟོང་པས་མཉེས་མཛད་ཛ་ཏི་མ། །ཞེས་བྱ་བ། དཔལ་རཀྴ་ཧེ་རུ་ཀའི་བཅོ་བརྒྱད་ཕྱག་གི་སྤྲུལ་པས་ཁྲོ་བོ་བརྒྱད་བརྒྱད་དུ་སྟོན་པས་འགྲོ་བ་འདུལ་བར་སྣང་སྟེ། དེ་ཡང་ཨེ་ཀ་ཛ་ཏི་སྟོང་པ་བཅོ་བརྒྱད་མི་དམིགས་པས་ཟིན་པས་མཚན་མའི་དབང་ཁར་མ་གྱུར་པས། དཀྱུས་བླང་། ༈ །འདི་ན་མར་ཁྲོ་བོ་བཅུ་ལ་དོན་ལྔ་ལྔ་ལྔ་བཅུ་ཐམ་པས་བསྟན་ཏེ། སྟོབས་བཅུ་དང་། གནོན་པ་བཅུ་དང་། ཤེས་པའི་སྐྱོན་སྤངས་པ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དབང་བཅུ་དང་ལྔ་བཅུ་སྟེ་ལྔ་བཅུ་ཐམ་པའོ། །བརྗིད་པའི་སྟབས་ཀྱིས་ཀླུ་རྣམས་ཟིལ་གྱིས་གནོན། །ཞེས་པ། ཤིན་ཏུ་དཔའ་ཞིང་བརྗིད་པའི་སྟོབས་ཀྱིས་འགྱིང་ཞིང་ཟིལ་གྱིས་གནོན་ནོ། །གནོན་པ་བཅུ་ལས་ཀླུའི་རྒྱལ་པོ་གནན་པས་ཀླུ་ཐམས་ཅད་ཟིལ་གྱིས་གནོན་ཏེ། རྩ་བ་བླང་། ཉེས་པའི་སྐྱོན་སྤངས་པ་བཅུ་ལས་ནི། ཀླུ་ཐམས་ཅད་ནི་ངག་གི་ཕྲ་མ། ཞེས་པས་ངག་གི་ཕྲ་མ་དེ་སྦྱང་བའི་ཕྱིར་གདན་དུ་བཏིང་ནས་ཆོས་བཤད་པས། ངག་གི་ཕྲ་མ་དེའི་ཉེས་པ་དང་བྲལ་ནས་ངག་གི་དབང་ཕྱུག་ཆེན་པོ་དང་ལྡན་པས། ཕྲ་མའི་སྐྱོན་སྤང་ངག་གི་དབང་ཕྱུག་ཆེ། །ཞེས་སོ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། ཞེས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་སྦྱར་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྒོ་ནས་འབད་རྩོལ་བྱས་པས། རྡུལ་ཙམ་ཡང་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། རྩ་བ་བླང་ངོ་། །ཆོས་ལ་དབང་མཛད་ཧ་ཡ་གྲཱྀ་ཝ་དཔལ། །ཅེས་པ་དབང་བཅུ་ལས་ནི་ཆོས་ལ་དབང་ངོ་། །མཚན་ཧ་ཡ་གྲཱྀ་ཝ་བྱ་བ་མིང་གི་ངེས་ཚིག་གོ། །འཇོ་ཚུལ་སྟོབས་ཀྱིས་དྲང་སྲོང་ཚར་གཅོད་གནོན་བྱ་བ། སྟོབས་བཅུ་ལས་འཇོ་ཚུལ་གྱི་སྟོབས་ཏེ། བུད་མེད་བྲོ་ཟུར་གནོན་པའི་ཚུལ་གྱིས་གནོན། གནོན་པ་བཅུ་ལས་དྲང་སྲོང་གི་རྒྱལ་པོ་མེ་ལྷ་ཨག་ནེ་གནོན་པས་དྲང་སྲོང་གི་འཁོར་ཐམས་ཅད་ཟིལ་གྱིས་གནོན་ནོ། །ཉེས་པའི་སྐྱོན་སྤངས་པ་བཅུ་ལས་ནི། དྲོང་གི་གདོན་འཁོར་ཐམས་ཅད་ནི། སེམས་མི་དགེ་བ་ལོག་པར་ལྟ་བ་ཤེས་ཆེ་བས་དེ་སྦྱང་བའི་ཕྱིར་གདན་དུ་བཏིང་ནས་ཆོས་བཤད་པས་ལོག་པར་ལྟ་བའི་ཉེས་པ་སྦྱངས་པས་ཐུགས་ཀྱི་དབང་ཕྱུག་ཆེན་པོ་དང་ལྡན་ནོ། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པ་ཆེ། །ཞེས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། གདུག་རྩུབ་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་ཀྱང་དོན་དམ་པར་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བས་ལུས་ཀྱི་ཚུལ་ནི་མི་ཉམས། སེམས་ཀྱི་ཁྲིམས་ནི་མི་འདའ་བས། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པ་ཆེ། །བྱ་བ་ནི། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་ལུས་དྲང་སྲོང་གི་ཆ་བྱད་བྱས་ནས། དྲང་སྲོང་སྤྱོད་པས་མཐུན་པའི་ཐབས་ཀྱིས་འདུལ་བས་དྲང་སྲོང་སྤྱོད་པ་ཆེ། ཞེས་པ་དང་། སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། །ཞེས་པ་དབང་བཅུ་ལས་སྐྱེ་བ་ལ་དབང་བ། བྲན་ཚུལ་ཅེས་པ་ནི། དཔལ་རྣམ་པར་སྣང་མཛད་ཀྱི་དཔྲལ་བའི་དབྱེས་ནས་བྱུང་ལ་ཞལ་གྱི་བྲན་དུ་བཀའ་སྡོད་ལས་ཀྱི་ཁྲོ་བོ་མཛད་ལ། ཆོས་ཉིད་ཀྱི་ངང་ལས་མི་གཡོ་བར་འགྲོ་བའི་མགོན་མཛད་པས། སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། །ཞེས་བྱའོ། །ཤུགས་འཆང་སྟོབས་ཀྱིས་རླུང་ལྟར་ཚར་གཅོད། བྱ་བ། སྟོབས་བཅུ་ལས་ནི་གྱད་ཀྱིས་གདུང་མ་འདེགས་པའི་ཚུལ་ཤུགས་དང་ལྡན་པས་གནོན་ལ། གནོན་པ་བཅུ་ལས་ནི། རླུང་གི་རྒྱལ་པོ་བེ་ཅི་རམ་སྟོབས་ཀྱིས་གནོན་ལ། མནན་པས་རླུང་ལྷའི་གདོན་འཁོར་ཐམས་ཅད་ཟིལ་གྱིས་གནོན་ནོ། །ཉེས་པའི་སྐྱོན་སྤངས་པ་བཅུ་ལས་ནི་ངག་འཁྱལ་པའི་ཉེས་སྐྱོན་སྤང་བའི་ཕྱིར་ཞབས་ཀྱི་འོག་ཏུ་མནན་ནས་ཆོས་བཤད་པས་ངག་གི་འཁྱལ་པའི་སྐྱོན་སྤངས་པས་ངག་གི་དབང་ཕྱུག་ཆེ་དང་ལྡན་ནོ། །འདོད་པ་ཀུན་ལ་དབང་སྦྱིན་རྒྱལ་པོའི་ཚུལ། །ཅེས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། སྦྱིན་པས་ཡང་རྒྱལ་པོ་འབངས་ལ་ཕབ་པས་རྩོལ་བའི་ཚུལ་དུ་རྩོལ་བས། རྩ་བ་བླང་། དབང་བཅུ་ལས་ནི་ཡོ་བྱད་ལ་དབང་བས། ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ་པོ། ཞེས་བྱའོ། །འཚིར་བའི་སྟོབས་ཀྱིས་གནོད་སྦྱིན་ཟིལ་གྱིས་གནོན། །ཞེས་པ་སྟོབས་བཅུ་ལས་ནི། གནོད་སྦྱིན་བྱིས་པ་ཞེས་འགྲངས་པ་ལྟར་འདུག་པ་དེ་ཞོ་རྐྱལ་རྡོག་པས་བརྫིས་པ་ལྟར་གནོན་པས་བརྫིས་པའི་སྟོབས་ཞེས་བྱའོ། །གནོན་པ་བཅུ་དང་ལས་ནི། གནོད་སྦྱིན་གྱི་རྒྱལ་པོ་ཀུ་བེ་ར་མནན་པས། གནོད་སྦྱིན་གྱི་གདོན་འཁོར་ཐམས་ཅད་ཟིལ་གྱིས་གནོན་ནོ། །ངག་རྩུབ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །ཞེས་པ། ཉེས་པའི་སྐྱོན་སྤངས་པ་བཅུ་ལས་ནི། ངག་རྩུབ་མོའི་ཉེས་པའི་སྐྱོན་སྤངས་ཏེ། གནོད་སྦྱིན་ཐམས་ཅད་ངག་རྩུབ་མོ་སྨྲས་ཏེ། དེ་སྦྱང་བའི་ཕྱིར་གདན་དུ་བཏིང་ནས་ཆོས་བཤད་པས་ངག་རྩུབ་མོའི་སྐྱོན་སྤངས་ཏེ། ངག་གི་དབང་ཕྱུག་ཆེན་པོ་དང་ལྡན་ནོ། །སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྩི། །ཞེས་པ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཏེ། སྨོན་ལམ་མཐར་ཕྱིན་པས་འགྲོ་བ་འདུལ་བ་དང་འདྲ་བར། ཐུགས་རྗེ་ཆེན་པོའི་རྩི་ལྟ་བུ། དཀྱུས། ལས་ལ་དབང་མཛད་བདུད་རྩི་ཀུནྡྷ་ལི། །ཞེས་པ་དབང་བཅུ་ལས་ནི། ལས་ལ་དབང་བ། ཁྲོ་བོ་འདིས་ནི་ལས་ཐམས་ཅད་བྱེད་པས་ཞེས་བྱ་སྟེ། རྩ་བ་བླང་། གནོན་པའི་སྟོབས་ཀྱིས་འབྱུང་བའི་ཚར་གཅོད་ཅིང་། ཞེས་ས་གནོན་པའི་སྟོབས་ཀྱིས་ནི་གྱད་ཀྱིས་མནན་པའི་སྟོབས་ཀྱིས་གནོན་ལ། གནོན་པ་བཅུ་ལས་ནི། འབྱུང་པོའི་རྒྱལ་པོ་དབང་ལྡན་མནན་པས། འབྱུང་པོའི་གདོན་འཁོར་ཐམས་ཅད་ཟིལ་གྱིས་གནོན་ནོ། །ཉེས་པའི་སྐྱོན་སྤངས་པ་བཅུ་ལས་ནི། འབྱུང་པོ་ཐམས་ཅད་ནི་གནོད་སེམས་ཆེ་བས་དེ་སྦྱང་བའི་ཕྱིར་འབྱུང་པོ་གནོན་ནས་ཆོས་བཤད་པས། གནོད་སེམས་ཀྱི་སྐྱོན་སྤངས་པས་ཐུགས་ཀྱི་དབང་ཕྱུག་ཆེན་པོ་དང་ལྡན་ནོ། །གཉེན་པོའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་། །ཞེས་པ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་ནི་མཐའ་གཉིས་གནོན་པའི་སྟོབས་དང་ལྡན་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པས། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུནྡྷ་ལི། ཞེས་བྱ་སྟེ། དབང་བཅུ་ལས་སྨོན་ལམ་ལ་དབང་ངོ་། །དྲེགས་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་། །ཞེས་པ་ནི། སྟོབས་བཅུ་ལས་ནི་བརྡེག་པའི་སྟོབས་ཀྱིས་གནོན་ལ། གནོན་པ་བཅུ་ལས་ནི་སྲིན་པོ་བདེན་བྲལ་གནོན་པའི་སྲིན་པོའི་གདོན་འཁོར་ཐམས་ཅད་ཟིལ་གྱིས་གནོན་ནོ། །ཉེས་པའི་སྐྱོན་སྤངས་ས་བཅུ་ལས་ནི། བདེན་དང་བྲལ་བ་རྫུན་དང་སྐྱོན་སེལ་བའི་ཞེས་པ། བདེན་པ་དང་བྲལ་བ་ནི་རྫུན་ཡིན་པས་རྫུན་སྦྱང་བའི་ཕྱིར་སྲིན་པོའི་རྒྱལ་པོ་མནར་ནས་རྫུན་གྱི་ཉེས་སྐྱོན་སྦྱངས་ནས་ངག་གི་དབང་ཕྱུག་ཆེན་པོ་དག་ལྡན་ནོ། །མཚན་མའི་སྟོབས་ཀྱིས་མཚན་མ་འདུལ་མཛད་པ། ཞེས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་གྱིས་གནོད་སྦྱིན་དབྱུག་ཐོ་ཅན་ལ་ཡེ་ཤེས་ཀྱི་དབྱུག་པ་བསྟན་ནས་བཏུལ་བས། མཚན་མའི་སྟོབས་ཀྱིས་མཚན་མ་འདུལ་མཛད་པ། ཞེས་པ་སྟེ། དབང་བཅུ་ལས་ནི་ཡེ་ཤེས་ལ་དབང་བའོ། །ཕྱག་ན་དབྱུག་པ་བསྣམས་ཤིང་སྐུ་མདོག་སྔོན་པོར་འདུག་པས་ནི་དབྱུག་སྔོན་ཅན་ནོ། །འདེགས་པའི་སྟོབས་ཀྱིས་ས་བདག་ཚར་གཅོད་ཅིང་། །ཞེས་པ། སྟོབས་བཅུ་ལས་ནི་གྱད་ཀྱི་སྟོབས་གདུང་འདེགས་པའི་ཚུལ་གྱིས་འདེགས་ལ། གནོན་པ་བཅུ་ལས་ནི། ས་བདག་གི་རྒྱལ་པོ་ཕག་གི་མགོ་ཅན་མནན་པས། ས་བདག་གི་གདོན་འཁོར་ཐམས་ཅད་ཟིལ་གྱིས་མནན་ནོ། །ཉེས་པའི་སྐྱོན་སྤངས་ས་བཅུ་ལས་ནི། ས་བདག་བརྣབ་སེམས་ཆེ་བས། ལུང་པ་ནི་བདག་གི་ཁོག་ཡིན་སྙམ། རི་ཟུར་ནི་བདག་གི་རྐང་ལག་ཡིན་སྙམ་མོ། །སེམས་ཅན་ཉོན་མོངས་པ་བརྣབ་སེམས་ཆེ་བས། །དེ་སྦྱང་བའི་ཕྱིར་ས་བདག་གི་རྒྱལ་པོ་མནན་ནས་ཆོས་བཤད་པས་བརྣབ་སེམས་ཀྱི་སྐྱོན་སྤངས་ནས་ཐུགས་རྗེའི་དབང་ཕྱུག་ཆེན་པོ་དང་ལྡན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ནི། བཟོད་པ་ས་གཞི་ལྟ་བུའི་གཞིར་གྱུར། ཅེས་བྱ་སྟེ། ཆོས་ཉིད་ཟབ་མོའི་དོན་ལ་སྲན་ཚུགས་པའི་བཟོད་པ་ས་གཞི་དང་འདྲ་བར་སྙོམས་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །དབང་བཅུ་ལས་ནི། རྫུ་འཕྲུལ་དབང་མཛད་སྟོབས་པོ་ཆེ། །ཞེས་བྱ་སྟེ་རྫུ་འཕྲུལ་ལ་དབང་ངོ་། །རོལ་པའི་སྟོབས་ཀྱིས་གཟའ་སྐར་ཚར་གཅོད་ཅིང་། ཞེས་པ། སྟོབས་བཅུ་ལས་ནི། ཁྲོ་ཞིང་གར་བྱེད་པའི་ཚུལ་གྱིས་གནོན་ལ། གནོན་པ་བཅུ་ལས་ནི། ཚངས་པ་དང་ཉི་ཟླ་མནན་པས། གཟའ་ཐམས་ཅད་ཟིལ་གྱིས་གནོན། ཉེས་པའི་སྐྱོན་སྤངས་ས་བཅུ་ལས་ནི། འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཞེས་བྱ་སྟེ། ཚངས་རིགས་ཀྱི་ལྷ་ནི་འདོད་ཆགས་ཆེ་བའི་དེ་སྦྱང་བའི་ཕྱིར་ཉི་ཟླ་འོག་ཏུ་བཅུག་ནས་ཆོས་བཤད་པས་འདོད་ཆགས་ཀྱི་སྐྱོན་སྤངས་པས། སྐུའི་དབང་ཕྱུག་ཆེན་པོ་དང་ལྡན་པར་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ཏེ། ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ། །ཅེས་བྱ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །དབང་བཅུ་ལས་ནི། སྐྱེ་བཞི་མོས་ལ་དབང་མཛད་ཧཱུྃ་ཀཱ་ར། ཞེས་བྱ་སྟེ། སྐྱེ་བ་བཞིར་སྐྱེས་པའི་སེམས་ཅན་ལ་ཇི་ལྟར་མོས་བཞིན་དུ་དབང་བསྒྱུར་བས། རྩ་བ་བླང་། བཟློག་པའི་སྟོབས་ཀྱིས་ལྷ་རྣམས་ཚར་གཅོད་ཅིང་། །ཞེས་པ། སྟོབས་བཅུ་ལས་ནི། བཟློག་པའི་སྟོབས་ཞེས་བྱ་སྟེ། འཐབ་མོའི་གཡུལ་བཟློག་པའི་སྟོབས་སུ་གནོན་ལ། གནོན་པ་བཅུ་ལས་ནི་ལྷའི་དབང་པོ་བརྒྱ་བྱིན་གནོན་པས་ལྷའི་གདོན་ཐམས་ཅད་ཟིལ་གྱིས་གནོན་ནོ། །ཉེས་པའི་སྐྱོན་སྤངས་ས་བཅུ་ལས་ནི། འདོད་ཁམས་ཀྱི་ལྷ་རྣམས་ལ་མ་བྱིན་པར་ལེན་པའི་སྐྱོན་ཡོད་པས་དེ་སྦྱོང་བའི་ཕྱིར་གདན་དུ་བཏིང་ནས་ཆོས་བཤད་པས་མ་བྱིན་ལེན་པ་སྦྱངས་ནས་སྐུའི་དབང་ཕྱུག་ཆེན་པོ་དང་ལྡན་པར་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ནི། རབ་ཏུ་ཤེས་པས་ཤེས་རབ་མཐར་ཕྱིན་པ། །ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །དབང་བཅུ་ལས་ནི་སེམས་ལ་དབང་མཛད་ཁྲོ་བོ་རྣམ་པར་རྒྱལ། །ཅེས་བྱའོ། །སྲོག་ཅེས་བྱ་བ་རླུང་དུ་བཤད། དྲན་པ་སྩོལ་བ་རླུང་གི་ཁམས་ཏེ། ཞེས་བྱ་སྟེ། སྲོག་ནི་དབུགས་ཡིན། དབུགས་ནི་རླུང་ཡིན། ཁྲོ་བོ་འདི་རླུང་ལ་དབང་མཛད་པས། སེམས་ལ་དབང་མཛད་ཅེས་བྱའོ། །འཇིགས་བྱེད་སྟོབས་ཀྱིས་འཆི་བདག་ཚར་གཅོད་ཅིང་། །ཞེས་པ། སྟོབས་བཅུ་ལས་ནི་དྲེགས་བྱེད་བསྔངས་ཚུལ། སྤྱན་དགུ་བསྒྲད་ཞལ་གདངས་ལྗགས་འདྲིལ་ཚེམས་གཙིགས་ནས་མནན་ནོ། །གནོན་པ་བཅུ་ལས། གཤིན་རྗེའི་རྒྱལ་པོ་ཞབས་ཀྱིས་གནོན་པས་གཤིན་རྗེའི་གདོན་ཚོགས་འཁོར་ཐམས་ཅད་ཟིལ་གྱིས་མནན་ནོ། །ཉེས་པའི་སྐྱོན་སྤངས་བཅུ་ལས་ནི། སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཞེས་བྱ་སྟེ། གཤིན་རྗེ་ལ་ནི་སྲོག་གཅོད་པའི་སྐྱོན་ཡོད་པས་དེ་སྦྱང་བའི་ཕྱིར་གདན་དུ་བཏིང་ནས་ཆོས་བཤད་པས་སྐྱོན་དེ་སྤངས་ནས། སྐུའི་དབང་ཕྱུག་ཆེན་པོ་དང་ལྡན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལས། བསམ་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས་། །ཞེས་བྱ་སྟེ། གཟུང་འཛིན་གཉིས་ཀྱི་སྐྱོན་སྤངས་ཏེ་ཡུལ་ཆོས་ཉིད་ལ་སེམས་ཡེ་ཤེས་ཀྱི་བརྟན་པ་བཅས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དབང་བཅུ་ལས་ནི། ཚེ་ལ་དབང་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། །ཅེས་བྱ་སྟེ། འཁོར་སྲིད་བཞུགས་པའི་ཚེ་ལ་དབང་ངོ་། །དྲག་བྱེད་བསྔགས་ཚུལ་གཤིན་རྗེ་གནོན་པས་གཤིན་རྗེའི་གཤེད། །ཅེས་བྱའོ། །ཡེ་ཤེས་ཐུགས་རྗེས་ཟིན་པ་མཐར་མི་འཆིང་། །ཞེས་པ་རིག་པའི་ཡེ་ཤེས་ལ་ཚད་མེད་པའི་སྙིང་རྗེས་ཟིན་པས་ན། མཐའ་གཉིས་ཀྱི་སྐྱོན་དང་བྲལ་ལ། ཐུགས་རྗེ་ཡེ་ཤེས་ཀྱིས་ཟིན་པས་ནི། འཁོར་བའི་སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བར་བྱེད་པས་ན། སྲིད་ལས་གྲོལ། ཞེས་བྱའོ། །གཉིས་པ་མི་གནས་མཐའ་བྲལ་དབུ་མ་བརྙེས། །ཞེས་པ་ནི། མཐའ་གཉིས་ལས་འདས་པ་ནི་དབུ་མ་དམིགས་སུ་མེད་པའི་གདེང་དུ་གྱུར་པས། དབུ་མ་བརྙེས། ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་འདོད་པའི་རྒྱལ་པོ་མཛད་ལ་སེང་གེ། ཞེས་བྱའོ། །རིག་པའི་སྡེར་མོས་ཆོས་ཀྱི་དབྱིངས་ཉིད་འཛིན། །ཞེས་པ། རིག་པ་ཡེ་ཤེས་སྡེར་མོ་ལྕགས་ཀྱིས་ནི། ཆོས་ཉིད་ཀྱི་དོན་རྟོགས་པས་འཛིན་ལ། ཐུགས་རྗེ་ལྕགས་ཀྱུས་འགྲོ་བའི་དོན་མི་གཏོང་ཞེས་པ། ཐུགས་རྗེ་ལྕགས་ཀྱུས་འགྲོ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་འདྲེན་པར་མཛད་ཅིང་མི་གཏོང་བས་མི་གཏོང་ཞེས་བྱའོ། །ཤེས་རབ་ཐབས་ཀྱི་ལྕགས་ཀྱུས་མཐའ་གཉིས་འཛིན། །ཞེས་པ་ཤེསརབ་ཀྱི་ལྕགས་ཀྱུས་ནི་མྱ་ངན་ལས་འདས་པས་མཐའ་འཛིན་ལ། ཐབས་ཐུགས་རྗེའི་ལྕགས་ཀྱུས་ནི་འཁོར་བའི་མཐའ་འཛིན་པས། མཐའ་གཉིས་འཛིན་ཞེས་བྱ། དོན་དེ་གསུམ་དང་ལྡན་པས་ཁྲོ་བོ་མཉེས་པར་མཛད་པས། གཙོ་བོ་དབྱུག་སྔོན་མཉེས་པར་མཛད་པས་ཏྲ་ཏྲི་རུ་ཞེས་བྱའོ། །ཡེ་ཤེས་མཚན་སྡུད་ཐུགས་རྗེས་ཁྲོད་འབྱུང་ཞིང་། །ཞེས་པ་ནི་ཡེ་ཤེས་ཀྱི་དུར་ཁྲོད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་མཚན་མའི་དངོས་པོ་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་འདུས་པས་ཐུགས་རྗེས་ཁྲོད་འབྱུང་བས། ཁྲོད་འབྱུང་ཞེས་བྱའོ། །སྤྲུལ་པས་སྒྲོལ་བས་སྐུ་དང་ཡེ་ཤེས་འཕྲོ། །ཞེས་པ་ནི། སྤྲུལ་པའི་དུར་ཁྲོད་དེ་སྤྲུལ་པའི་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བས་སྐུ་དང་ཡེ་ཤེས་ཀྱི་ཁྲོད་འབྱུང་བས། ཁྲོད་འབྱུང་ཞེས་བྱའོ། །ཤེས་སྙིང་མ་སྐྱེས་དབུ་མའི་རིགས་པ་སྐྱེས་ཞེས་པ་ནི། ཤེས་རབ་ཀྱིས་མཚན་མ་དབྱིངས་སུ་སྡུད་པ་ལྟར་སྣང་བ་དང་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་ལྟར་སྣང་བ་གཉིས་ཀ་མ་སྐྱེས་པ་ཆོས་ཀྱི་དབྱིངས་སུ་འདུས་པས་དབུ་མའི་རིག་པ་སྐྱེས་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་གཤིན་རྗེ་གཤེད་མཉེས་པར་མཛད་པས། སྟ་ན་སྟེ་ཁྲོ་རྒྱལ་གཤིན་རྗེ་མཉེས་ཞེས་བྱའོ། །དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུངས། །ཞེས་པས། སྐྱེ་བ་མེད་པའི་ཆོས་ཉིད་གཏུན་ཁུང་དུ་མཚན་མའི་བག་ཆགས་ཤེས་རབ་ཀྱི་ཐོ་བས་བརྡུངས་པས་མཚན་མ་མེད་པའི་དབྱིངས་སུ་བཅོམ་པས་དབྱིངས་དང་ཡེ་ཤེས་སུ་གཏུན། ཞེས་བྱའོ། །ཐུགས་རྗེའི་ཕྲིན་ལས་སེམས་ཅན་མཚན་མ་བཅོམ། ཞེས་ཐུགས་རྗེའི་གཏུན་ཁུང་དུ། ཕྲིན་ལས་ཀྱི་ཐོ་བས་སེམས་ཅན་གྱི་ཉོན་མོངས་པ་བཅོམ་པས་ཐུགས་རྗེའི་ཕྲིན་ལས་ཀྱི་གཏུན་ཞེས་བྱའོ། །དབུ་མར་ཡེ་ཤེས་སྙིང་རྗེས་མི་རྟོག་པར། །ཅེས་པས་དབུ་མའི་གཏུན་ཁུང་དུ་སྙིང་རྗེར་སྣང་བ་ཉིད་མི་རྟོག་པའི་ཐོ་བས་བརྡུངས་པས། དབུ་མ་ཆེན་པོ་དམིགས་སུ་མེད་པའི་ངང་དུ་གྱུར་ཏེ། དོན་དེ་གསུམ་དང་ལྡན་པས། མི་གཡོ་མགོན་པོ་མཉེས་མཛད་མུ་ཧ་ལ། །ཞེས་བྱའོ། །རྡོ་རྗེ་གཏུམ་མོས་མཚན་མའི་དངོས་པོ་བཅོམ། །ཞེས་པ་ནི། ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བའི་ཕྲ་བ་ཡང་བཅོམ་པས་རྡོ་རྗེ་གཏུམ་མོ་ཞེས་བྱའོ། །ཐུགས་རྗེ་རྔམ་ཚུལ་སྲིད་པ་ཐལ་བར་རློག །ཅེས་པ། ཡེ་ཤེས་ལས་ཐུགས་རྗེ་འབྱུང་། ཐུགས་རྗེ་ལས་དྲག་པོའི་ཕྲིན་ལས་བྱུང་ནས་སྲིད་པ་གསུམ་གྱི་ཉོན་མོངས་པ་རྡུལ་དུ་རློག་པས། ཐུགས་རྗེ་གཏུམ་མོ་ཞེས་བྱའོ། །གཉིས་ལ་མི་གནས་མཐའ་བྲལ་དབུ་མ་རིགས། །ཞེས་བྱ་བ་ནི། ཡེ་ཤེས་དང་ཐུགས་རྗེའི་ཕྲིན་ལས་ཀྱི་དོན་མཛད་པ་ཉིད་སྣང་ཡང་དེ་ཉིད་ངང་ལ་མི་གནས་ཤིང་མི་དམིགས་པས་མཐའ་གཉིས་སྤངས་ཏེ་དབུ་མ་ཆེན་པོའི་ངང་དུ་གྱུར་པས། དབུ་མས་བསྡིགས་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པའི་མཛད་པས་ཧ་ཡ་གྲཱི་ཝ་མཉེས་པར་མཛད་པས། ཧ་ཡ་གྲྀ་ཝ་མཉེས་མཛད་ཛ་ཡ་ཏི་ཞེས་བྱའོ། །ཕྲ་མོར་འབིགས་པའི་ཡེ་ཤེས་དབྱིངས་སུ་འཕེན། །ཞེས་པ། ཡེ་ཤེས་ཀྱི་མདའ་ཡིན་ཏེ། སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཏེ་ཤིན་ཏུ་ཕྲ་ཞིང་རྟོགས་པར་དཀའ་བས་དོན་དེ་རྟོགས་པར་བྱ་བའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མདའ་འཕེན་ལ། དེ་རྟོགས་པའི་སྒོ་ནས་ཐུགས་རྗེའི་ཕྲིན་ལས་ཀྱི་མདའ་ཡིས་གནད་དུ་བརྡེག་པས། འབིགས་པས་ཡེ་ཤེས་གནད་དུ་ཐུགས་རྗེས་བརྡེག །ཅེས་བྱ། མ་འཁྱོགས་དབུ་མ་ཆེན་པོའི་དོན་རྟོགས་པས། །ཞེས་པ་ནི་དབུ་མ་ཆེན་མོ་ནི་མདའ་ཡིན་ཏེ་མཐའ་གཉིས་ཀྱི་སྐྱོན་སྤངས་ནས་དབུ་མ་ཆེན་པོ་དམིགས་སུ་མེད་པའི་དབྱིངས་སུ་འཕེན་པས་དབུ་མའི་མདའོ། །དོན་དེ་གསུམ་དང་ལྡན་པས་གཞན་གྱིས་མི་ཐུབ་པ་མཉེས་པར་མཛད་པས། གཞན་གྱིས་མི་ཐུབ་མཉེས་མཛད་ཤ་ཡ་ཏི། །ཞེས་བྱའོ། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །ཞེས་པ་དབྱིངས་རིག་པ་ལ་ཉན་པའི་སྒྲ་ཡིན་ཏེ། ཡེ་ཤེས་ཀྱི་སྒྲ་ཡིན་ལ་མཚན་མ་མེད་པར་གྲགས་པས་རིག་པའི་སྒྲ་ཞེས་བྱ་ལ། དབྱིངས་ཉིད་ཡེ་ཤེས་ཉིད་ལ་ཉན་པའི་སྒྲ། །ཞེས་པ། དབྱིངས་རྟོགས་པར་བྱ་བའི་ཕྱིར་རིག་པ་དབྱིངས་ལ་མ ཉན་པས། རིག་པ་དབྱིངས་ལ་ཉན་ཞེས་བྱའོ། །དེ་ལ་བསྟན་པ་གསུང་གི་སྒྲ་འབྱིན། ཞེས་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་བསྟན་པ་གསུང་རབས་ཀྱི་སྒྲ་བྱུང་ནས་འགྲོ་བ་སོ་སོའི་སྐད་དུ་ཆོས་བསྒྲགས་པས། བསྟན་པ་གསུང་རབ་ཀྱི་སྒྲ་ཞེས་བྱ་སྟེ། དོན་དེ་གསུམ་དང་ལྡན་པས་བདུད་རྩི་འཁྱིལ་པས་བདུད་རྩི་འཁྱིལ་པ་ཤ་བྱ་ཡ་ཏི་མཉེས། ཞེས་བྱའོ། །བདག་ཏུ་རྟོག་པའི་མཚན་མ་ཀུན་བཅོམ་ནས། །ཞེས་པ་བདག་ཏུ་རྟོག་པ་སེམས་ཡིན། ལོག་པར་ལྟ་བ་ཡུལ་ཡིན། དེ་ལྟར་གཟུང་འཛིན་རྣམ་པ་གཉིས་ཀྱི་སྒྲིབ་པ་བཅོམ་པས་བཅོམ་ཞེས་བྱའོ། །ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་གཅོད་དེ། ཞེས་པ་ནི། མཆེད་པའི་ཡེ་ཤེས་བཞི་ལས་ཡེ་ཤེས་ཀྱི་ཕྲིན་ལས་རྣམ་པ་བཞི་བྱུང་ནས་སེམས་ཅན་སྲིད་པར་འཁོར་བའི་སྐྱེ་ཤི་རྩད་གཅོད་པས་གཅད་ཅེས་བྱའོ། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་བྱ་བའི་ཡེ་ཤེས་ཀྱི་སྤྲུལ་པས་གཟུང་འཛིན་གྱི་སྒྲིབ་པ་སྤོང་བ་དང་། ཟ་བྱེད་ཆོས་ཀྱི་སྤྲུལ་པས་སྐྱེ་ཤི་རྩད་གཅོད་པར་སྣང་བ་དེ་གཉིས་སྐུ་ནི་མ་སྐྱེས་པ། ཡེ་ཤེས་མི་དམིགས་པས། མ་སྐྱེས་མི་དམིགས་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། པདྨ་འཁྱིལ་བས་མཉེས་མཛད་མ་ར་ན་ཞེས་བྱའོ། །ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཅེས་པ། སྐུལ་བྱེད་ལྕགས་སྒྲོག་མ་སྟེ། ཡེ་ཤེས་ཀྱི་ལྕགས་ཀྱུས་གཙོ་བོའི་ཐུགས་དམ་གྱི་དབྱིངས་ནས་ཆེ་བའི་ཡོན་ཏན་གྱི་ཕྲིན་ལས་འགྲོ་བའི་དོན་ལ་བསྐུལ་བས་དབྱིངས་ནས་བསྐུལ་ཅེས་བྱའོ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །ཞེས་བྱ་སྟེ། ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འདྲེན་པས་འདྲེན་བྱེད་ཅེས་བྱ་བ། གཉིས་མེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབས། ཞེས་པ། གཡས་ཐབས་ཀྱི་ལྕགས་ཀྱུ་ཤེས་རབ་ཡུམ་གྱི་མཁའ་ལ་བསྐུལ་ལ། གཡོན་ཤེས་རབ་ཀྱི་ལྕགས་ཀྱུས་ཐབས་ཡབ་ཀྱི་མཁའ་ལ་བསྐུམ་ནས་ཡབ་ཡུམ་གཉིས་སུ་མེད་པའི་དགྱེས་པའི་མཆོད་པ་དབུ་མ་དམིགས་སུ་མེད་པའི་དབྱིངས་སུ་སྟོབས་ལ། དགྱེས་སྟོབས་ལ། ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། མ་ཧཱ་བ་ལ་མཉེས་མཛད་ཙུནྡ་མ། །ཞེས་བྱའོ། །སྐྱེད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཅེས་པ། ཡེ་ཤེས་རླུང་ཡིན་པས། བྱང་ཆུབ་སེམས་དཔའ་ས་བཅུ་རིམ་གྱིས་བགྲོད་ནས་བསྐལ་པ་བགྲངས་པ་མ་ཡིན་གྱི། ཡང་དག་པའི་ཡེ་ཤེས་ཀྱི་རླུང་གིས་ས་བཅུ་དུས་གཅིག་ཏུ་བགྲོད་ནས་སངས་རྒྱས་ཀྱི་ས་ནོན་པས། དུས་གཅིག་གཅོད་ཅེས་བྱའོ། །ཐུགས་རྗེ་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །ཞེས་པ། སྨོན་ལམ་གྱི་དབང་གིས་སྐྱེ་འགྲོའི་སེམས་སྐལ་བར་ཁད་ཀྱིས་སྦྱངས་པ་མ་ཡིན་གྱིས། ཐུགས་རྗེ་ཆེན་པོའི་རླུང་གི་ཤུགས་ཀྱིས་ཁམས་གསུམ་འཁོར་བའི་གནས་ནས་དུས་གཅིག་ཏུ་སོང་བས། གནས་ནས་སྤོར་ཞེས་བྱའོ། །ཐབས་དང་ཤེས་རབ་སྐྱོད་པས་མཐའ་གཉིས་སྤོང་། །ཞེས་པ་ནི། ཐབས་ཀྱི་རླུང་གིས་འཁོར་བའི་མཐའ་སྐྱོད་ཅིང་སྤོང་ལ། ཤེས་རབ་ཀྱི་རླུང་གིས་མྱ་ངན་ལས་འདས་པ་སྤང་ངོ་། །དོན་དེ་གསུམ་དང་ལྡན་པས། མ་བ་ཡ་ཏི་ཁམས་གསུམ་ཧཱུྃ་མཛད་མཉེས། ཞེས་བྱའོ། །ཁྲོ་བོ་ཁྲོ་མོའི་རྟོག་པ་རང་ཉིད་ཀྱིས་བཤད་པའོ། ༈ །སྡུག་བསྔལ་ཐུགས་རྗེས་མི་བཟོད་ཕྲིན་ལས་དཔལ། །ཞེས་པ་རྣམ་པར་རྒྱལ་བའི་སྤྲུལ་པ་ཟ་བྱེད་སྟག་གི་མགོ་ཅན་ལ་བྱ་སྟེ། དཔེར་ན་བུ་སྨད་ཀྱི་སྟེང་དུ་དགྲ་བྱུང་ན་ཁྱོས་མི་བཟོད་པ་དང་འདྲ་བར། ཁམས་གསུམ་གྱི་ཉོན་མོངས་པའི་དགྲས་ཉེན་ཞིང་སྡུག་བསྔལ་ཉམས་སུ་མྱོང་བ་ལ། དེ་བཞིན་གཤེགས་པའི་ཐུགས་རྗེས་མི་བཟོད་པས། ཡེ་ཤེས་རིགས་ཀྱི་དཔའ་བ་སྟེ། ཐུགས་རྗེ་ཆེན་པོ་ཅི་ལ་ཡང་ཐོགས་པ་མེད་པར་སྒོམ་པ་ཡིས་གཉེན་པོར་གྱུར་པས་དཔའ་བ་ཞེས་བྱའོ། །སྟག་གཟན་ལ་བབ་ཙམ་ན་ཤིན་ཏུ་མྱུར་བའི་བརྩོན་འགྲུས་ཀྱིས་བརྟུར་བ་དང་འདྲ་བར་ཐུགས་རྗེ་ཤུགས་ཀྱིས་བརྟུར་ཏེ་བཏང་སྙོམས་དང་ལེ་ལོ་མི་མཛད་པར་ཤིན་ཏུ་བརྟུར་པའི་བརྩོན་འགྲུས་ཀྱིས་མཛད་པས། ཡལ་བར་མི་གཏོང་བརྩོན་འགྲུས་ཤུགས་ཀྱིས་བརྟུར་ཞེས་བྱའོ། །ཕྲིན་ལས་ཀྱིས་ཟ་བ་ནི་སྟག་གི་གཟན་རྙེད་ནས་ཟ་བའི་དུས་སུ་ཤ་དང་རུས་པ་མེད་པར་མགོ་ནས་གཞུག་ཏུ་བཅམ་འཆོམས་བྱེད་པ་དང་འདྲ་བར། ཐུགས་རྗེའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པའི་དུས་ན་བག་ཆགས་མཐུག་སྲབ་མི་འདམ་པར་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས། གདོད་ནས་དོན་མཛད་འཁོར་བའི་མཐའ་གཏུགས་སྒྲོལ། །ཅེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར། དཔའ་གཏུམ་ཟ་བྱེད་བྱ་ཀྲི་མ། །ཞེས་བྱའོ། །སྡང་མིག་ཐུགས་རྗེས་མི་འགྱུར་ཞེ་ལ་གནོན། ཞེས་པ་དབྱུག་པ་སྔོན་པོ་དང་། སྡེར་མོ་ཅན་གྱི་སྤྲུལ་པ་སྟེ་གཡག་གི་མགོ་ཅན་ལ་བྱ་སྟེ། དཔེར་ན་གཡག་ཆེན་པོའང་མིག་སྡང་མིག་ཏུ་བསྒྲད་ཅིང་ཞེ་ལ་གནོན་པ་དང་འདྲ་བར། དཔལ་ཆེན་པོས་ཀྱང་བདུད་དང་དྲེགས་བྱེད་ལ་སྤྱན་སྡང་མིག་ཏུ་བཟློག་ནས་ཉོན་མོངས་པ་ཞེ་ལ་གནོན་པར་མཛད་པས། མི་འགྱུར་ཞེ་ལ་གནོན། ཞེས་བྱའོ། །མཐུ་རྩལ་ཅེས་པ། གཡག་མཐུ་རྩལ་ཆེ་ཞིང་ཤིན་ཏུ་བརྗིད་པས་འགྱིང་ཞིང་ཀུན་ལ་ཉམ་ང་བ་མེད་པ་དང་འདྲ་བར། དཔལ་ཆེན་པོའི་ཡེ་ཤེས་ཀྱི་རྩལ་དང་། ཐུགས་རྗེའི་མཐུས་བདུད་ཀྱི་དཔུང་ཐམས་ཅད་ཤག་གིས་བྲལ་ནས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ལྡོག་པ་ཞེས་བྱའོ། །ཚམ་རྔམ་རལ་གསིགས་གདངས་ངར་འཇིག་རྟེན་འགེངས། །ཞེས་པ། གཡག་ཆེན་པོ་ཚམ་རྔམ་གྱི་རལ་པ་བསིགས་ནས་སྐད་ཀྱི་གདངས་ངར་གྱིས་ཐམས་ཅད་ཀླད་པ་འགེམས་པ་དང་འདྲ་བར། དཔལ་ཆེན་པོས་ཀྱང་སྐུ་ཡི་ཚམ་རྔམ་དང་། གསུང་གི་གདངས་ངར་དང་། ཐུགས་ཀྱི་སྤྲུལ་པས་འཇིག་རྟེན་གྱི་ཁམས་བཀང་ནས་འགྲོ་བ་འདུལ་བར་མཛད་པས་འཇིག་རྟེན་འགེངས། ཞེས་བྱའོ། །གཡག་ཆེན་པོ་ཕ་རོལ་ཏུ་ཞུགས་ནས་ཕྱིར་མི་བཟློག་ཅིང་འགྱུར་བ་མེད་པ་དང་འདྲ་བར། དཔལ་ཆེན་པོའི་ཐུགས་རྗེས་འགྲོ་བའི་དོན་མཛད་པ་དེ་ནི་ཅིས་ཀྱང་འགྱུར་བ་མེད་པར་འགྲོ་བའི་དོན་མཛད་དེ། དོན་དེ་གསུམ་དུ་ལྡན་པས། དེའི་ཕྱིར་ཕྲ་མེན་འགྱུར་མེད་ཙ་པ་ར། །ཞེས་བྱའོ། །རྟོག་པའི་དྲྭ་སྤངས་དྲན་པའི་སྒོ་ནས་འཇུག །ཅེས་པ་འདི་ཁྲོ་བོ་གཤིན་རྗེ་གཤེད་དང་། ཡུམ་དུར་ཁྲོད་བདག་མོའི་སྤྲུལ་པ་ཡིན་ཏེ། ཤ་བ་ནི་དགྲ་སྤངས་ནས་དགོན་པ་ན་གནས་པ་དང་འདྲ་བར། དེ་བཞིན་གཤེགས་པས་ཀྱང་འཁྲུལ་རྟོག་གི་དགྲ་སྤངས་ནས་དྲན་པའི་དགོན་པ་ན་གནས་པས། དགོན་པར་གནས་ཞེས་བྱའོ། །འཁྲུལ་ཅེས་པ་ཤ་བ་ནི་རྫི་རྣོ་བ་སྟེ། ལ་ཕར་རྒྱབ་ནས་མི་ཡོང་ན་རྫིས་ཚོར་ནས་རི་གསེབ་ཏུ་འབྲོས་པ་དང་འདྲ་བར། འཁྲུལ་པའི་རྣམ་པར་རྟོག་པའི་དགྲ་ཤེས་བཞིན་གྱི་རྫིས་ཚོར་ནས་སྤངས་པས། འཁྲུལ་རྟོག་དྲི་མ་ཤེས་བཞིན་རྫིས་ཚོར་སྤོང་། །ཞེས་བྱའོ། །ཤ་བ་འཇུག་པའི་དུས་ན་ཡུ་མོ་མང་པོ་རི་སྐམ་དུ་བཀར་ནས་ཆུ་ལ་འབབ་ཙམ་ན་ཡང་ཆུ་འཐུང་བའི་བར་དུ་མུ་ནས་དུས་གཅིག་འཇུག་པ་དང་འདྲ་བར། འགྲོ་དོན་དུས་ལ་བབ་ཙམ་ན། ཐུགས་རྗེས་འཇུག་ཅེས་བྱའོ། །དོན་དེ་གསུམ་དང་ལྡན་པའི་ཕྱིར་ན། དེའི་ཕྱིར་ཕྲ་མེན་འཇུག་བྱེད་ཧ་ར་ནི། ཞེས་བྱའོ། །ཆོས་ཉིད་གནས་ལམ་རྟོག་པའི་སྐྱོན་སེལ་ཞིང་། །ཞེས་པ་མི་གཡོ་མགོན་པོ་དང་། གཏུན་ཁུང་མ་གཉིས་ཀྱི་སྤྲུལ་པའི་ཕྲ་མེན་མ་གཟིག་གི་མགོ་ཅན་ཏེ། གཟིག་གི་ཚང་སེལ་དེ་ཚང་རྫི་ན་མ་ཐམས་ཅད་སྒོར་འབྱིན་ཅིང་སེལ་བ་དང་འདྲ་བར། ཆོས་ཀྱི་དབྱིངས་ཀྱི་ལམ་དུ་མཚན་མའི་རྣམ་པར་རྟོག་པའི་སྐྱོན་སེལ་བ་ཡིན་པས། སྐྱོན་སེལ་ཅེས་བྱའོ། །གཟིག་སྤུ་རིགས་མང་སྟེ་དཀར་སེར་དམར་ནག་བཞི་ཀ་ཡོད་པ་དང་འདྲ་བར། ཐུགས་རྗེ་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པས། ཐུགས་རྗེ་སྤུ་རིགས་སྤྲུལ་པ་བསམ་མི་ཁྱབ། །ཅེས་བྱའོ། །གཟིག་ཤ་ཁྲག་རློན་པ་ཟ་བ་དང་འདྲ་བར། རྒྱུ་དུག་གསུམ་ནི་སྦྱངས་ལ། འབྲས་བུ་ལུས་ངག་ཡིད་གསུམ་ནི་བསྒྲལ། རྐྱེན་ཤ་ཁྲག་རུས་པ་གསུམ་ལ་རོལ་བས། དུགས་གསུམ་མི་སྤོང་ཤ་ཁྲག་རུས་ལ་རོལ། །ཅེས་བྱའོ། །དོན་དེ་གསུམ་དང་ལྡན་པས། སེལ་བྱེད་སྤྲུལ་པས་དོན་མཛད་བྱ་ཧ་ར་མ། ཞེས་བྱའོ། །ཡང་བག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན། །ཞེས་པ། ཧ་ཡ་གྲཱྀ་ཝ་དང་གཏུམ་མོ་གཉིས་ཀྱི་སྤྲུལ་པ་བྱི་ལའི་མགོ་ཅན་ལ་བྱའོ། །དཔེར་ན་བྱི་ལ་ནི་བག་ཆེ་ཞིང་ཟོན་ཆགས་པ་དང་འདྲ་བར། ཐུགས་རྗེ་ཐབས་ལ་མཁས་པའི་བྱེ་བྲག་གིས། འགྲོ་བའི་དོན་མཛད་པའི་ཐབས་ལ་མཁས་པས། ཐབས་མཁས་ལྡན་ཞེས་བྱའོ། །བྱི་ལ་ཡང་བྱི་བ་ཁུང་ནས་མ་བྱུང་བར་དུ་ནོགས་ཐུབ་པར་སྡོད་པ་དང་འདྲ་བར། ཐུགས་རྗེ་ཐབས་ལ་མཁས་པའི་བྱེ་བྲག་འགྲོ་དོན་དུས་ལ་མ་བབས་ཀྱི་བར་དུ་ཐུགས་རྗེ་ཆེན་པོ་བཏང་སྙོམས་སུ་བཞུགས་ལ། བྱི་བ་ཁུང་ནས་འཇུར་གྱིས་བྱུང་ཙམ་ན་བྱི་ལ་ཡིས་ཕན་གྱིས་མཆོང་ནས་ཚིར་གྱིས་འཛིན་པ་དང་བར། ཐུགས་རྗེའི་དུས་ལ་བབ་ཙམ་ན་བཏང་སྙོམས་མི་མཛད་པར་ཤིན་ཏུ་མྱུར་བའི་བརྩོན་འགྲུས་ཀྱིས་མཛད་པས། མི་འདུལ་ཟིན་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པའི་ཕྱིར་མཁས་བརྩོན་མཛད་པའི་ས་ཙ་ལ་ཞེས་བྱའོ། །ཡེ་ཤེས་དབྱིངས་ལ་འཇུག་པའི་ཤེས་བྱ་ཟ། །ཞེས་པ། གཞན་གྱིས་མི་ཐུབ་པ་དང་། མདའ་སྙེམ་མ་ཞེས་བྱ་བའི་སྤྲུལ་པ་སྤྱང་ཁུའི་མགོ་ཅན་ལ་བྱ་སྟེ། སྤྱང་ཀུས་ནི་ཤ་ལ་སྲེད་ཅིང་ཟ་འདོད་དེ། དེ་བཞིན་དུ་རིག་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ཤིང་མོས་པར་འདོད་པས་ཤེས་བྱའི་བག་ཆགས་ལ། དབྱིངས་ཡེ་ཤེས་ལ་འཇུག་པའི་བག་ཆགས་ལ་ཟ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས། སྤྲུལ་པའི་ཕྲ་མེན་གྱིས་འཁོར་བའི་སེམས་ཅན་ལ་ཟ་བས། དབྱིངས་དང་ཡེ་ཤེས་ལ་འཇུག་པས་ཉོན་མོངས་པ་ཟ་ལ། དབྱིངས་ཉིད་ཡེ་ཤེས་འཁོར་བའི་བག་ཆགས་ཟ། །ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་ཟ་བྱེད་སུ་ཀ་མུ་ཁ་མ། ཞེས་བྱའོ། །རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། ཅེས་པ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་འདྲ་བར། ཡེ་ཤེས་ཀྱི་རྩལ་གྱིས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས། ཉོན་མོངས་འཇོམས་ཞེས་བྱའོ། །ཕྲིན་ལས་རྩལ་གྱིས་བདུད་དཔུང་མ་ལུས་འཇོམས། །ཞེས་པ། དཔེར་ན་སེང་གེ་སྤྲིན་གསེབ་ཏུ་འབྲུག་ཀྱང་འཛིན་ནུས་པ་དང་འདྲ་བར། སྟོང་ཉིད་སྒྲ་བསྒྲགས་མུ་སྟེགས་ཁྱི་ཚོགས་འཇོམས་ཞེས་པས། སེང་གེ་སྒྲ་བསྒྲགས་པས་ནགས་ཚལ་ཁ་བཞི་ལ་གནས་པའི་གཅན་གཟན་ཕྲ་མོ་ཐམས་ཅད་བརྒྱལ་བ་དང་འདྲ་བར། ཆོས་ཉིད་སྟོང་པ་ཆེན་པོའི་སྒྲ་བསྒྲགས་པས་མུ་སྟེགས་ལ་སོགས་པ་ཁྱིའི་ཚོགས་དང་འདྲ་བ་འཇོམས་པར་བྱེད། དོན་དེ་གསུམ་དང་ལྡན་པའི་ཕྱིར། རྩ་མཆོག་སེང་གེ་མ། ཞེས་བྱའོ། །དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེ་སྨི། །ཞེས་པ། ཁྲོ་བོ་ལ་པདྨ་འཁྱིལ་པ་དང་། ཡུམ་གསོད་བྱེད་གཉིས་ཀྱི་སྤྲུལ་པ་དོམ་གྱི་མགོ་ཅན་ལ་བྱ་སྟེ། དཔེར་ན་དོམ་ཤིང་ཁུང་ན་ཉལ་བ་ལ་རྨི་ལམ་རྨིས་ཏེ་མཆོངས་འགྲོ་བ་དང་འདྲ་བར། རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ན་ཉལ་ནས་འགྲོ་བའི་དོན་ལ་ཐུགས་རྗེ་རྨི་བས་རྨི་ཞེས་བྱའོ། །མཐིང་ནག་གཅེར་བུ་དྲག་པོའི་སྐུར་སྟོན། ཞེས་པ། ཐུགས་རྗེ་དྲག་པོའི་ཕྲིན་ལས་དྲག་པོས་འགྲོ་བའི་དོན་མཛད་པའི་རྟགས་སུ་སྐུ་མདོག་མཐིང་ནག་ཏུ་སྟོན། ཐུགས་མཆོག་རྣམ་དག་ཡེ་ཤེས་དབྱིངས་སུ་མཁྱེན། །ཞེས། དོམ་མཐིང་ནག་ཏུ་འདུག་ཀྱང་སྙིང་གའི་ཐིག་ལེ་དཀར་པོ་ཡོད་པ་དང་འདྲ་བར། ཐུགས་རྗེ་དྲག་པོས་འགྲོ་བའི་དོན་མཛད་ཀྱང་། །དོན་དམ་པར་ཆོས་ཉིད་དབྱིངས་ལས་མ་གཡོས་པའི་རྟགས་སུ། རྣམ་དག་དབྱིངས་སུ་མཁྱེན། །ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་ཕྲ་མེན་རྨོངས་བྱེད་རིག་ཤ་མ། ཞེས་བྱའོ། །ཡེ་ཤེས་ཐུགས་རྗེའི་སྟོབས་ཀྱིས་རྨི་བྱེད་གནོན། །ཞེས་པ། མ་ཧཱ་བ་ལ་དང་ཙུནྡ་མུ་ནེ་གཉིས་ཀྱི་སྤྲུལ་པ་དྲེད་ཀྱི་མགོ་ཅན་ཡིན་ཏེ། ཡེ་ཤེས་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པའི་མཐའ་གནོན་ལ། ཐུགས་རྗེའི་སྟོབས་ཀྱིས་ནི་འཁོར་མཐའ་གནོན་པས། མཐའ་གཉིས་གནོན། ཞེས་བྱའོ། །ཚམ་རྔམ་རལ་གསིགས་སྤྲུགས་པས་བདུད་དཔུང་འཇོམས། །ཞེས་པ། དྲེད་མོས་རལ་པ་གསིགས་ནས་ཚམ་རྔམ་བྱས་པས་ཀུན་འཇིགས་པ་དང་འདྲ་བར། ཐུགས་རྗེ་སྤྲུལ་པའི་ཕྲིན་ལས་ཀྱི་དྲག་ཤུལ་གྱི་ཚམ་རྔམ་གྱི་དྲེགས་བྱེད་ཐམས་ཅད་ཟིལ་གྱིས་གནོན་ཅིང་འཇོམས་པར་བྱེད་པས། བདུད་དཔུང་འཇོམས་པར་བྱེད། །ཅེས་བྱའོ། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་དང་ལྡན། །ཞེས་པ། དྲེད་མོ་ནི་སྟོབས་ཆེ་བས་ཐ ང་ཤིང་རྩ་ལྷོགས་སུ་བྱེད་ལ། ཕ་ཝཾ་གྱང་འགྲིལ་བ་དང་འདྲ་བར་ཡེ་ཤེས་ཀྱི་སྟོབས་ཀྱིས་ཐུགས་རྗེ་ཆེན་པོའི་བརྩོན་འགྲུས་ཀྱི་ཤུགས་དང་ལྡན་པས་འགྲོ་བའི་དོན་མཛད་པས་ན། བརྩོན་འགྲུས་སྟོབས་ཀྱིས་ཕ་རོལ་འཇོམས། །ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། དེའི་ཕྱིར་ཕྲ་མེན་སྟོབས་ལྡན། ཞེས་བྱའོ། །ལྷག་མཐོང་ཞི་གནས་ཆོས་ཉིད་རླན་གྱིས་བརྒྱལ། །ཅེས་པ། ཁྲོ་བོ་ཧཱུྃ་ཀཱ་ར་དང་རླུང་སྒྲ་འབྱིན་མའི་སྤྲུལ་པ་ཕག་གི་མགོ་ཅན་ཡིན་ཏེ། དཔེར་ན་ཕག་ནི་མི་གཙང་བ་ལ་སྲེད་པས་རྟག་ཏུ་མྱོས་ཤིང་བརྒྱལ་བ་དང་འདྲ་བར། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི་དབྱིངས་ལ་འཇུག་པའི་དུས་ན་ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རླན་གྱིས་ཟིན་པས་བརྒྱལ་ཅེས་བྱའོ། །འཁོར་བ་ཐུགས་རྗེའི་སྨོན་ལམ་སྟོབས་ཀྱིས་མྱོས། །ཞེས་པ། དཔེ་ན་ཕག་ནི་ཟས་ལ་བཟང་ངན་གཙང་དམེ་མི་འབྱེད་པ་ལྟར་ཐུགས་རྗེ་ཆེན་པོའི་སྟོབས་དང་སྨོན་ལམ་གྱིས་དབང་གིས། འཁོར་བ་སེམས་ཅན་གྱི་དོན་མཛད་པས། སྨོན་ལམ་སྟོབས་ཀྱིས་མྱོས་ཞེས་བྱའོ། །རྟོག་འཇོམས་རྫས་ལ་གཙང་དམེ་མེད་པར་རོལ། །ཅེས་བྱ་བ། ཕག་གིས་ཟས་ལ་བཟང་ངན་དུ་མི་འབྱེད་པ་དང་འདྲ་བར་ཉོན་མོངས་པའི་རྟོག་པ་གཞོམ་པའི་ཕྱིར། ཉོན་མོངས་པ་དུག་གསུམ་དང་དུག་ལྔ་དང་། སྨན་རྣམ་པ་ལྔ་ལ་སོགས་པ་རོལ་པའོ། །དོན་དེ་གསུམ་དང་ལྡན་པ་དེས་ཕྲ་མེན་མྱོས་བྱེད་ཀུ་ཀུ་ར་ཞེས་བྱའོ། །དེས་ན་ཕྲ་མེན་མ་བཅུ་བསྟན་ཏེ། འདུ་བྱེད་ལྔ་བཅུ་རྩ་གཅིག་ནས་གྱུར་པ་ལ་བྱ་སྟེ། དེ་ལ་འདུ་བྱེད་ལྔ་བཅུ་རྩ་གཅིག་ལ། ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། རྩ་བའི་ཉོན་མོངས་པ་དྲུག་སྟེ། བཅུ་གཅིག་དགེ་བ་དང་། ལྔ་ཡུལ་སོ་སོར་ངེས་པ་དང་། ལྔ་ཀུན་ཏུ་འགྲོ་བ་དང་། བཞི་གཞན་དུ་འགྱུར་བ་སྟེ། ལྔ་བཅུ་རྩ་གཅིག་གོ། །དེ་ལ་གནས་གྱུར་པ་བཅུ་གཅིག་དགེ་བ་ལ་དད་པ་དང་། ཤེས་རབ་གཉིས་གནས་གྱུར་པ། ལྔ་ཡུལ་སོ་སོར་ངེས་པ་ལ་འདུན་པ་དང་། མོས་པ་གཉིས། ཏིང་ངེ་འཛིན་དང་དྲན་པ་གཉིས། དེ་བཞི་གནས་གྱུར། ལྔ་ཀུན་ཏུ་འགྲོ་བ་ལ་འདུ་བྱེད་སེམས་པ་དང་། ཡིད་ལ་བྱེད་པ་གཉིས། རེག་པ་གསུམ་གནས་གྱུར། བཞི་གཞན་དུ་གྱུར་པ་ལས། གཉིད་གནས་གྱུར་པ་དང་བཅས་དེ་ལ་བྱ་རྒོད་མགོ་ཅན་ནི་འདུ་བྱེད་སེམས་པ་དང་སྦྱར་ཏེ། དཔེར་ན་བྱ་རྒོད་རྨི་ལམ་རྣོ་བ་སྟེ། གཟན་གང་ན་འདུག་པའི་ས་དེ་རྨི་ལམ་དུ་རྨི་སྟེ་དེར་འགྲོ། བྱ་ཤ་ཟན་གཞན་མས་ཀྱང་གོད་ཡོད་པར་མངོན་ནས་དེའི་འགྲོ་ཕྱོགས་སུ་རྒྱུག་གོ། །རྒྱུག་ནས་གོད་ལ་ཟའོ། །བྱ་རྒོད་ཕྱི་མ་ལྷག་རོ་ལ་བབས་ནས་གོད་ལ་ཟའོ། །དཔེ་དེ་དང་འདྲ་བར་འདུ་བྱེད་ཀྱི་གནས་སྐབས་ན་ཡིད་ཀྱི་རྣམ་པར་ཤེས་པ་འདུ་བྱེད་ཀྱིས་ཕྱིའི་ཡུལ་ལ་བསྐུལ་ལ། ཡིད་ཀྱི་རྣམ་པར་ཤེས་པས་ཕྱིའི་ཡུལ་ལ་དཔྱད་ཙམ་ན། ངེས་པར་འཇོམས་པའི་ཡིད་ཀྱིས་གཏན་ལ་ཕེབས་ཏེ་གནས་གྱུར་པའི་དུས་ན། འདུ་ཤེས་སེམས་པ་ནི་ཡེ་ཤེས་སུ་གནས་གྱུར་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཐུགས་རྗེར་གནས་གྱུརནས། ངེས་པར་འཇོམས་པའི་ཡིད་ནི་ཕྲིན་ལས་སུ་གནས་གྱུར་ལ། ཡེ་ཤེས་ཀྱིས་དང་པོར་འགྲོ་བའི་རྒྱུད་མཁྱེན་པའི་སྒོ་ནས་ཐུགས་རྗེས་མི་བཟོད་པར་འགྲོ་བ་ལ་གཡོ་བར་བྱེད་ལ། ཐུགས་རྗེ་གཡོ་བ་བཞིན་དུ་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་ཉིད་ན། ཡེ་ཤེས་ཕྱི་མ་ཏིང་ཐོགས་སུ་བྱུང་ནས་བྱས་པ་རློམ་པ་ངར་མི་འཛིན། མཚན་མའི་དབང་ཁར་མི་གཏོང་བས་ངར་མི་འཛིན། དམིགས་པའི་ཡུལ་ལས་འདས་པའོ། །དེ་བས་ན་ཡིད་གཡོ་བའི་ལས་ཅན་པར་གྱུར་པས་ནི། ཡེ་ཤེས་དབང་གི་ཐུགས་རྗེས་འགྲོ་ལ་གཡོ། །དོན་མཛད་ཡེ་ཤེས་གོད་ཕྲེང་དབྱིངས་སུ་མཁྱེན། །ཞེས་པ། བྱ་རྒོད་སེམས་ཅན་གྱི་སྲོག་མི་གཅོད་ཅིང་གོད་ལ་འབྲངས་པ་ཚུལ་ཁྲིམས་སྲུང་བ་དང་འདྲ་བར། ཡེ་ཤེས་དང་ཐུགས་རྗེའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་ན་ཡང་། མཚན་མའི་སྐྱོན་གྱིས་མ་གོས་ཤིང་མཚན་མའི་དབང་ཁར་མ་གྱུར་པ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་རོ། །དེ་བས་ན། ཚུལ་ཁྲིམས་ཆེན་མོ་ཀྲི་ཀྲི་མ། ཞེས་བྱའོ། །བསམ་པའི་དངོས་ལ་འདོད་པ་འདུན་པར་གྱུར་པ། ཞེས་པ་ནི་འདི་ནི་གཡག་གི་མགོ་ཅན་གྱི་ཟླ་བྱ་རོག་མགོ་ཅན་ཡིན་ཏེ། དཔེར་ན་བྱ་རོག་ནི་ལྟོ་ལ་ངན་པས་གཟན་མི་འདུ། གང་འདོད་པ་དེ་ལ་སེམས་ཀྱིས་མི་གཏོང་། དེ་དང་འདྲ་བར་འདུ་བྱེད་འདུན་པ་ནི་གང་སེམས་ཀྱི་འདོད་པ་དེ་ལ་འདོད་ཅིང་འདུན་པ་ལ་བྱ། དེ་གནས་གྱུར་པའི་དུས་ན་འཕགས་པའི་གནས་སྐབས་སུ། དབྱིངས་ཉིད་ཡེ་ཤེས་མཁྱེན་པས་ཟ་བྱེད། ཅེས་བྱ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་ཙམ་ན་ཤེས་བྱའི་བག་ཆགས་ཟ་ལ། དེ་ལས་ཐུགས་རྗེས་འབྱུང་བས་ཐུགས་རྗེའི་མདུན་པས་མཚན་མའི་བག་ཆགས་ཟ་བས། མཚན་མའི་བག་ཆགས་ཟ་ཞེས་བྱའོ། །དེ་གསུམ་དང་ལྡན་བས་དེས། ཟ་བྱེད་ཕྲ་མེན་ཀྲོ་ན་ཀ །ཞེས་བྱའོ། །དམིགས་ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། ཞེས་པ། ཤ་བའི་མགོ་ཅན་གྱི་ཟླ་འུག་པའི་མགོ་ཅན་ལ་བྱ་སྟེ། དཔེར་ན་འུག་པ་ཉིན་མོ་ཚང་ན་ཉལ་ཞིང་ཇི་ལྟར་བྱ་བ་ཡིད་ལ་བྱེད་དོ། །དེ་དང་འདྲ་བར་འདུ་བྱེད་ཡིད་ལ་བྱེད་པ་ནི། བདག་ནུབ་མོ་ཉལ་ཙམ་ན་སང་གི་ཉོན་པར་གྱི་བྱ་བ་དེ་ནུབ་མོ་ཡིད་ལ་བྱེད་དེ། ཡིད་མ་བྱེད་ཅེས་བྱ། ཡེ་ཤེས་གཉིས་མེད་རྟོགས་པ་ཉོན་མོངས་ཉལ། །ཞེས་བྱ་སྟེ། རིག་པའི་ཡེ་ཤེས་ཉིད་ཀྱིས་ཆོས་ཉིད་ཀྱི་དབྱིངས་རྟོགས་པ་ལ། དབྱིངས་ལ་ཉལ་བ་དྲངས་ཞེས་བྱའོ། །འགྲོ་དོན་རྨོངས་ལ་ཐུགས་རྗེས་མཚན་མོ་དངས། །ཞེས་བྱ་སྟེ། ཡེ་ཤེས་ལ་ཐུགས་རྗེ་བྱུང་ནས་འགྲོ་བའི་དོན་མཛད་པ་མཚན་མོ་ལྡང་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། ཡེ་ཤེས་ཐུགས་རྗེས་དྲངས་པས་ཨུ་ལི་ཀ །ཞེས་བྱའོ། །རྟག་པའི་དངོས་པོ་རྩེ་གཅིག་ཏིང་ངེ་འཛིན་གྱུར་ཅེས་པ། གཟིག་གི་མགོ་ཅན་གྱི་ཟླ། ཁྭ་ཏའི་མགོ་ཅན་ལ་བྱ་སྟེ། ཁྭ་ཏ་ནི་གང་དྲན་པ་དེ་སེམས་ཀྱིས་མི་གཏོང་ཞིང་ཏིང་ངེ་འཛིན་དུ་སེམས་ལ། དེ་དང་འདྲ་བར་འདུ་བྱེད་ཏིང་ངེ་འཛིན་ནི། སེམས་ལ་བྱ་བའི་རྣམ་པ་ལ་གང་དྲན་པའི་ཏིང་ངེ་འཛིན་མི་ཤོར་ཞིང་འཛིན་ཏེ། གྱུར་པའི་དུས་ན་བརྟག་པར་བྱ་བའི་ཡུལ་ཆོས་ཉིད་ལ། རྟོགས་པར་བྱ་བའི་ཡེ་ཤེས་ཀྱིས་ཏིང་ངེ་འཛིན་ཅིང་མི་གཏོང་བས། ཏིང་ངེ་འཛིན་འགྱུར་ཞེས་བྱའོ། །མཉམ་ཉིད་མཐའ་བྲལ་དབྱིངས་ལས་མི་གཡོ། །ཞེས་པས། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དུས་ན། ཁྭ་ཏ་ལ་སྒྲིབ་ཤིང་ཡོད་པས་ཚང་མི་རྙེད་པ་དང་འདྲ་བར། མཐའ་གཉིས་ཀྱི་སྐྱོན་སྤངས་ནས་དབུ་མ་ཆེན་པོ་དམིགས་སུ་མེད་པར་གྱུར་ཙམ་ན། ཉན་ཐོས་དབྱིབས་འདྲ་བ་རྟོག་པའི་སྤྱོད་ཡུལ་དུ་མ་གྱུར་པས། རྟོག་པའི་སྤྱོད་ཡུལ་བྱིས་པས་མི་མི་མཐོང་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་ཕྲ་མེན་མ་སྦེད་བྱེད་པ་ཡ་ཏ་ཞེས་བྱའོ། །ལས་འཕྲོ་ལྡན་ལ་ཡིད་ཆེས་དད་པས་འགྱུར། །ཞེས་པ་བྱི་ལའི་ཟླ་པུ་ཤུད་པ་བླ་སྟེ། པུ་ཤུད་ནི་གནམ་དྲང་པོར་འཕུར་བ་ལ་ཡང་མགྱོགས་པ་ཅི་བྱ་བ་ཡང་ཡིད་ཆེས་པར་བྱེད། དཔེ་དེ་དང་འདྲ་བར་འདུལ་བྱེད་དད་པ་ནི། བཅུ་གཅིག་གི་དགེ་བ་ལ་གནས་གྱུར་པ་ཡིན་ཏེ། དད་པ་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པ་ཡིན་ཏེ། ལས་དགེ་བ་སྤྱད་པས་འབྲས་བུ་མཐོ་རིས་སུ་སྐྱེ། མི་དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་བར་ཡིད་ཆེས་ཏེ། ལས་དགེ་བ་སྤྱད་པས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཏུ་མགྱོགས་པས། མཉམ་ཉིད་དབྱིངས་སུ་ཡེ་ཤེས་ཤུགས་ཀྱིས་མགྱོགས། །ཞེས་བྱའོ། །ཞི་གནས་སྤྱན་རྩིས་ལྷག་མཐོང་གོད་ཚུགས་ཆུང་། །ཞེས་པ། པུ་ཤུད་ལ་མིག་རྩི་ཡོད་པ་ཕྲུ་གུ་ནུབ་མོ་མིག་ཁབ་ཀྱིས་བཅར་ཡང་ནངས་པར་སོས་པ་དང་འདྲ་བར། ལྷག་མཐོང་གསལ་བའི་ཤེས་རབ་ཀྱིས་ཆོས་ཉིད་ཀྱི་དོན་རྟོགས་པའི་དུས་ན་ཏིང་ངེ་འཛིན་གྱིས་ཟིན་པས། འགྲོ་ཚེགས་ཆུང་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་ཕྲ་མེན་མགྱོགས་བྱེད་བག་ཤི་ཏ། ཞེས་བྱའོ། །ངེས་པའི་དངོས་པོར་འཛིན་སེམས་མོས་པར་འགྱུར། །ཅེས་པ། སྤྱང་ཁུའི་ཟླ་ཁྲ་ཡི་མགོ་ཅན་ལ་བྱ་སྟེ། ཁྲ་ནི་བྱ་བྱེའུ་ཟིན་པར་མོས་ལ་ཁྲས་བྱ་ཟིན་པ་ཡང་གཞན་གྱིས་མི་འཕྲོག་པ་དང་འདྲ་བར་འདུ་བྱེད་ཀྱི་དུས་ན་མོས་པ་ནི་གང་འདོད་པ་ལ་མོས་པས་མོས་པ་དེ་གནས་གྱུར་པའི་དུས་ན། ལྷག་མཐོང་ཡེ་ཤེས་དབྱིངས་སུ་གྱུར་པས་འཛིན་ཞེས་བྱ་སྟེ། ཡེ་ཤེས་དབྱིངས་ལ་ཞུགས་པའི་དུས་ན་སྐྱེ་བ་མེད་པའི་དོན་རྟོགས་པ་ལ་འཛིན་ཞེས་བྱའོ། །ཞི་གནས་གཅེས་པར་མི་འཛིན་མི་ཕྲོགས་ཏེ། ཞེས་པ་ལྷག་མཐོང་གི་ཤེས་རབ་ལ་ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཟིན་པས་གཅེས་པར་འཛིན་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་ཕྲ་མེན་འཛིན་མ་ཏི་ཏི་མ་ཞེས་བྱའོ། །འདྲེས་པའི་དངོས་པོ་མ་བརྗོད་དྲན་པར་འགྱུར། །ཞེས་པ། འདི་ནི་སེང་གེའི་མགོ་ཅན་གྱི་ཟླ་ཕ་ཝཾ་གི་མགོ་ཅན་ཡིན་ཏེ། དཔེར་ན་ཕ་ཝཾ་ནི་དྲན་པ་ཆེ་བས་ཅི་ཡང་ཤེས་དང་འདྲ་བར་འདུ་བྱེད་དྲན་པས་ཡིད་གཞུང་བཞིན་མི་བརྗེད་པ་ལ་བྱ་སྟེ། བདག་སྔོན་བྱིས་པ་ཙམ་ནས་བྱས་པ་ཡང་ད་ལྟ་དྲན། དེ་གནས་གྱུར་པའི་དུས་ན་ཡེ་ཤེས་དབྱིངས་ལ་འཇུག་པའི་ཚེ་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དོན་མི་བརྗེད་པར་དྲན་པ་མཉམ་པ་ཉིད་མ་བརྗེད་པར་དྲན་ཞེས་བྱའོ། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། ཅེས་པ། ཞི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསམ་ཡས་པ་ནམ་མཁའ་དང་འདྲ་བ་ལ། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་འགྲོ་བའི་དོན་མཛད་པས་གསལ། ཅེས་བྱའོ། །དེ་གསུམ་དང་ལྡན་པས་དེའི་ཕྱིར་ཕྲ་མེན་སྒྲོལ་མ་ཏི་ཞེས་བྱའོ། །ཆོས་རྣམས་འབྱེད་པའི་བྱེད་པར་གྱུར་པ་ནི། ཞེས་པ་དོམ་གྱི་མགོ་ཅན་གྱི་ཟླ་ཟེར་མོའི་མགོ་ཅན་ལ་བྱ་སྟེ། ཟེར་མོ་ནི་ཚོང་རྩི་བཟང་ངན་སེལ་བས་བཟང་པོ་ཕུགས་སུ་བཅུག་ནས། ངན་པ་སྒོར་སེལ་བར་བྱེད་པ་དང་འདྲ་བར། འདུ་བྱེད་ཤེས་རབ་ཀྱིས་ནི་ཆོས་རྣམས་འབྱེད་པར་བྱེད་པ་ནི། ཀུན་ནས་ཉོན་མོངས་པ་འོཁར་བའི་ཆོས་ནི་སྤོང་ཞིང་རྒྱབ་ཏུ་འདོར་ལ། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ནི་དང་དུ་ལེན་པར་འབྱེད་བར་བྱེད་པས་འབྱེད་ཅེས་བྱའོ། །མཉམ་ཉིད་ངང་དུ་ལོག་ལྟ་སེལ་བར་བྱེད་ཅེས་པ། ཟེར་མོ་ཚང་སེལ་བ་དང་འདྲ་བར། སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དབྱིངས་སུ་ལོག་པར་ལྟ་བའི་ཉེས་པ་ཐམས་ཅད་སེལ་ཞིང་སྤོང་བར་བྱེད་པས། སེལ་བྱེད་ཅིང་ཞེས་བྱའོ། །རིག་པ་སྐྱེས་ཕྱིར་སེམས་ཉིད་ཐེ་ཚོམ་གཅོད། །ཅེས་པ། དེ་ལྟར་ལོག་པར་ལྟ་བའི་ཉེས་པ་སྤངས་ནས་ཡང་དག་པའི་དོན་ལ་ཞུགས་པའི་དུས་ན་རིག་པ་ཡེ་ཤེས་ཀྱི་རྩལ་འབྱུང་། ཤེས་རབ་ཀྱི་བོགས་སྐྱེས་ནས་སེམས་ཉིད། ཡིད་ཀྱི་ཐེ་ཚོམ་གཅོད་ནས་འཁོར་བའི་ཆོས་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་བཅད། དེའི་ཕྱིར་ཕྲ་མེན་གསོད་བྱེད་ན་ཀུ་ལ་ཞེས་བྱའོ། །འཇུག་པ་རང་དབང་མེད་པའི་གཉིད་གྱུར་པ། །ཞེས་པ། རྨིགས་པ་གཉིད་ཆེ་བ་དང་འདྲ་བར་འདུ་བྱེད་བཞིའི་གཞན་དུ་གྱུར་པ་དང་འདྲ་བར། གཉིད་ནི་རང་དབང་མེད་པར་དབང་པོ་སྒོ་ལྔ་ཁ་ནང་དུ་སྡུད་པ་ལ་བྱའོ། །དེ་གནས་གྱུར་པའི་དུས་ན། མཉམ་པ་ཉིད་ཀྱི་དབྱིངས་སུ་ལོག་ལྟ་མྱོས་བྱེད་ཅིང་། །ཞེས་པ། སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དབྱིངས་རྟོགས་པའི་དུས་ན། མཚན་མའི་རྣམ་པར་རྟོག་པ་དང་འཁོར་བའི་ཉོན་མོངས་པ་ཐམས་ཅད་མགོ་སྙོམས་པར་བྱེད་པས། མྱོས་བྱེད་ཅིང་། ཞེས་བྱའོ། །བསྟན་པའི་ཆོས་ལ་ལོག་ལྟ་མྱོས་བྱེད་ཅིང་། །ཞེས་པ། དེ་ལྟར་རྟོགས་པའི་སྒོ་ནས་བསྟན་པའི་ཆོས་བསྒྲགས་པས་འཁོར་བའི་ལོག་པར་ལྟ་བའི་ཉོན་མོངས་པ་ཐམས་ཅད་མྱོས་པར་བྱེད་པས། མྱོས་བྱེད་ཅིང་། ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། དེའི་ཕྱིར་ཕྲ་མེན་མྱོས་བྱེད་འུ་ཤི་ཀ་ཞེས་བྱའོ། །གསུམ་འདུས་གཅོད་པའི་རེག་པར་གྱུར་པ་ནི། །ཞེས་པ། དྲེད་ཀྱི་མགོ་ཅན་གྱི་ཟླ་བྱི་བའི་མགོ་ཅན་ལ་སྦྱར་ཏེ། བྱི་བ་ནི་ཐང་ལ་གཟན་བཙལ་ཞིང་བྱི་ཁུང་དུ་འབྲོས་པ་དང་འདྲ་བར། འདུ་བྱེད་རེག་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དང་གསུམ་འདུས་ནས་ཡུལ་ལ་སྤྱོད་པས་རེག་པ་ཞེས་བྱའོ། །དེ་གནས་གྱུར་པའི་དུས་ན་ཕྱག་རྒྱ་བཞིར་གྱུར་ཏེ། ཡན་ཆད་ཀྱི་རཀྴ་ཧེ་རུ་ཀའི་ལྷ་ཅི་བསྒོམ་པ་ཐམས་ཅད་ཀྱི་ཡབ་ཐམས་ཅད་ནི་གཙོ་བོ་སྐུའི་ཕྱག་རྒྱར་གྱུར་ལ། ཡུམ་ཐམས་ཅད་ནི་མི་འདའ་བ་དམ་ཚིག་གི་ཕྱག་རྒྱར་གྱུར། གཉིས་སུ་མེད་པར་མཉམ་པ་ནི་ཆོས་ཀྱི་ཕྱག་རྒྱར་གྱུར་ལ། ཡེ་ཤེས་ཀྱི་སྤྲུལ་པ་འབྱུང་བ་ཐམས་ཅད་ནི་འཕྲོ་འདུ་ལས་ཀྱི་ཕྱག་རྒྱར་གྱུར་ཏེ། ཕྱག་རྒྱ་བཞིས་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་འདུས་པས། ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་། ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་འཕྲོ། །ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས་དེའི་ཕྱིར་འབྲོས་བྱེད་ཕྲ་མེན་ཀ་སེང་གེ་ཞེས་བྱའོ། །འཁོར་བའི་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཞེས་པ། ཁམས་གསུམ་འཁོར་བའི་ཉོན་མོངས་པ་ཐམས་ཅད་ནི་ཀུན་གཞི་ལ་ཉོན་མོངས་ཐམས་ཅད་ཞེན་ཅིང་ཀོ་འཐས་ནས་སྦྱངས་དཀའ་བ་ལ་འཁོར་བའི་རྡོ་རྗེ་ཞེས་བྱ་སྟེ། དེ་ཡང་ཡང་དག་པའི་ཡེ་ཤེས་ཆེན་པོས་འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་དུ་མཁྱེན་པས། སྒྱུ་མའི་ཚུལ་དུ་སྐྱེ་འགྲོ་སྒྲོལ་བས་མྱ་ངན་འདས། །ཞེས་བྱའོ། །ཆོས་སྐུ་རྡོ་རྗེ་བརྗོད་པས་མཐའ་གཉིས་ལས་འདས། ཞེས་པ། ཆོས་འདུས་མ་བྱས་དུས་གསུམ་དུ་འགྱུར་བ་མེད་པ་དག་པའི་ཡེ་ཤེས་ཆེན་པོར་རྟོགས་ཤིང་ཐུགས་སུ་ཆུད་པའི་དུས་ན། ད་དུང་ཡང་ཛྙཱ་ན་གཉིས་སུ་མེད་པར་གྱུར་པས་རྟག་ཆད་ཀྱི་མཐའ་གཉིས་ལ་མི་གནས་ཏེ། མཐའ་གཉིས་སྤངས་ཞེས་བྱའོ། །དེ་ལྟར་འཁོར་བ་བདག་མེད་པ་སྒྱུ་མའི་རང་བཞིན་དུ་བསྒྲལ་བར་སྣང་བ་དང་། མཉམ་པ་ཆེན་པོའི་ངང་དུ་རྟོགས་ནས་མཐའ་གཉིས་སྤངས་པར་སྣང་བ་དེས་གང་ཡང་མི་རྟོག་ཅིང་། མི་རྟོགས་པ་དེ་ཙམ་ལ་ཡང་མི་དམིགས་པས། བརྗོད་མེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། །ཅེས་བྱ་སྟེ། དོན་དེ་གསུམ་དང་ལྡན་པས། དེའི་ཕྱིར་བརྗོད་མེད་བཛྲ་པཱ་ཤ་མ། །ཞེས་བྱའོ། །ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་བཅོམ། །ཞེས་བྱ་སྟེ། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་རྡོ་རྗེ་ལྟར་གནས་པ་དང་། མཚན་མའི་རྣམ་པར་རྟོག་པ་མ་སྐྱེས་པས་ཆོས་ཉིད་དབྱིངས་སུ་འཇོམས་པར་བྱེད་པས་དངོས་པོ་བཅོམ། ཞེས་བྱའོ། །ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེག །ཅེས་པ། ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟར་གནས་པ་དེས་ཀྱང་གཟུང་འཛིན་གྱིས་རྣམ་པར་རྟོག་པ་ཐམས་ཅད་འཇོམས་ཤིང་བསྲེག་ཅིང་འཇོམས་པར་བྱེད་པས། གཟུང་འཛིན་རྟོག་པ་བསྲེག །ཅེས་བྱའོ། །ཕྱག་མཚན་རྡོ་རྗེས་དྲེགས་པའི་ལྷ་བདུད་བཅོམ། །ཞེས་བྱ་བ་ཕྱག་མཚན་རྡོ་རྗེས་ཀྱང་དྲེགས་པ་ཅན་གྱི་ལྷ་བདུད་མ་རུང་པ་ཐམས་ཅད་བཅོམ་ཞེས་བྱའོ། །དོན་དེ་གསུམ་དང་ལྡན་པས། དེའི་ཕྱིར་འཇོམས་བྱེད་བཛྲ་བེ་ར་བེ། །ཞེས་བྱའོ། །འཆི་མེད་བདུད་རྩི་ཡུལ་སེམས་གཉིས་སུ་མེད། །ཅེས་པས། འཆི་བ་མེད་པའི་བདུད་རྩི་ནི་སྐྱེ་བ་མེད་པའི་དོན་རྟོགས་པ་ཡིན་པས། དེ་ལྟར་རྟོགས་པའི་དུས་ན་ཕྱིའི་ཡུལ་ཆོས་ཀྱི་དབྱིངས་སུ་གྱུར་པ་ནི་སྐྱེ་བ་མེད་ལ། ནང་གི་སེམས་ཡེ་ཤེས་སུ་གྱུར་པའི་དུས་ན་འགག་པ་མེད་པས། ཡུལ་སེམས་སྐྱེས་འགག་མེད་ཅེས་བྱ་ལ། གྲུབ་པའི་བདུད་རྩིས་བསམ་པའི་འབྲས་བུ་ཐོབ། །ཅེས་བྱ། དེ་ལྟར་རྟོགས་པའི་དུས་ན་ཉོན་མོངས་པ་ལྔ་དང་། སྨད་པའི་རྫས་ལྔ་དང་། དང་དུ་བླངས་ནས་གྲུབ་པ་རྣམ་པ་བཞི་དང་ལྡན་པས་བསྒོམས་ནས་དང་དུ་བླངས་ཏེ་བསྒྲུབས་པས་སྐུ་གསུང་ཐུགས་ཀྱི་རོལ་པའི་དངོས་གྲུབ་ཐོབ་སྟེ། བསམ་པའི་འབྲས་བུ་ཐོབ་ཅེས་བྱའོ། །ཐུགས་རྗེ་རྩི་གཏོང་བདུད་རྩི་བླ་མེད་འབྲས་བུ་འགྲུབ། ཅེས་བྱ་བ། ཡང་དག་པའི་ཐུགས་རྗེ་ཆེན་པོས་འཁོར་བའི་སེམས་ཅན་བདུད་དང་འདྲ་བ་ལ། ཐུགས་རྗེ་ཆེན་པོའི་རྩིས་སླེབས་ཤིང་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་ནས། དོན་དེ་གསུམ་དང་ལྡན་པས། རྩི་མཆོག་ཡེ་ཤེས་རྡོ་རྗེ་ཨ་མྲྀ་ཏ། །ཞེས་བྱའོ། །ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་འགྲུབ། །ཅེས་པ་ཡང་དག་པའི་ཡེ་ཤེས་ཆེན་པོས་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དོན་རྟོགས་པའི་དུས་ན། སྐྱེ་བ་མེད་པའི་དབྱིངས་དེ་ནས་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ཡོན་ཏན་རྒྱ་མཚོ་འགྲུབ། ཅེས་བྱའོ། །ཐུགས་རྗེ་འཕྲོག་བྱེད་འཇིག་རྟེན་དབང་དུ་སྡུད། །ཅེས་བྱ། ཡེ་ཤེས་ལ་ཐུགས་རྗེ་བྱུང་ནས། ཐུགས་རྗེས་འཁོར་བའི་སེམས་ཅན་དབང་དུ་བསྡུས་ནས་དབྱིངས་སུ་བསྒྲལ་བ་ལ། འཕྲོག་བྱེད་དབང་དུ་སྡུད་ཅེས་བྱའོ། །ཡེ་ཤེས་ཐུགས་རྗེས་གཉིས་མེད་དབྱིངས་སུ་འུབ། །ཅེས་པ་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པ་དང་། ཐུགས་རྗེས་སེམས་ཅན་གྱི་དོན་བྱས་པ་གཉིས་ཀ་མཐའ་གཉིས་ལས་འདས་ནས་དབུ་མ་ཆེན་པོ་དམིགས་སུ་མེད་པའི་ངང་དུ་གྱུར་པ་ལ། དབྱིངས་སུ་འུབ། ཅེས་བྱའོ། ༈ །ད་ནི་པདྨ་དབང་ཆེན་དང་དབང་ཕྱུག་མའི་ལྷ་རྒྱུད་བརྗོད་པར་བྱའོ། །བཅོ་ལྔའི་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བ་བཅུ་ཞེས་པ། ལམ་རྒྱུད་ལྔའི་མ་ནུབ་ལ་མི་དགེ་བ་བཅུ་ཡོད་པས་དེ་དག་འདུལ་བའི་ཐབས་ཀྱི་བྱེ་བྲག་ལ་གཟིགས་པས་མི་དགེ་བ་བཅུ་ཞེས་བྱའོ། །ཡེ་ཤེས་ལྔ་ལྡན་སོ་སོ་རྩིས་འདུལ་མཁྱེན། །ཅེས་པ་སྤྱན་ལྔ་མཁྱེན་པའི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པས་དེ་དག་འདུལ་བའི་ཐབས་ཀྱི་བྱེ་བྲག་ལ་གཟིགས་སོ། །སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་གསན། །ཞེས་པ། ལམ་རྒྱུད་ལྔའི་སེམས་ཅན་ལ། མི་དགེ་བ་བཅུའི་སྡུག་བསྔལ་གྱི་དགྲས་ཉེན་ནས་སྨྲེ་སྔགས་འདོན་འོ་དོད་འབོད་པ་ལ་ཐུགས་རྗེས་མི་བཟོད་པ་དང་། གཞན་ཡང་འགྲོ་བ་རྒྱུད་ལྔའི་སེམས་ཅན་སོ་སོ་ནས་ཅི་ཞུ་བ་གསོལ་བ་གསན་པའི་སྒོ་ནས་སྙིང་རྗེས་མི་བཟོད་པས་ཤངས་ནས་སྙིང་རྗེའི་སྤྲུལ་པ་འབྱུང་བས། ཤངས་ནས་འབྱུང་རིགས་ལྔས་སྤྲུལ་པ་འཕྲོ། ཞེས་བྱ་སྟེ། ཤངས་ནས་སྤྲུལ་པ་འབྱུང་བ་ལ་དོན་རྣམ་པ་གསུམ་སྟེ་ཤངས་ཀྱི་རླུང་སྒྲོམ་རྡོ་རྗེ་ཚུབ་མས་སྟོང་གསུམ་དམག་འདྲེན་པའི་ཚུལ་དང་། ཤངས་ཀྱི་རླུང་སྒྲོམ་རྡོ་རྗེ་ཚུབ་མས་སྲིད་གསུམ་ལ་ཚེ་སྦྱིན་པ་དང་། ཤངས་ཀྱི་རླུང་སྒྲོམ་རྡོ་རྗེ་ཚུབ་མས་རིགས་ལྔ་ཡེ་ཤེས་སྤྲིན་ཕུང་དབྱིངས་སུ་མཆོད་པའོ། །དེ་ལ་སྟོང་གསུམ་དུ་དམག་འདྲེན་པའི་ཚུལ་ནི། དཔེར་ན་སྐུངས་ཀྱི་ལུང་བུ་ནས་ཁྲོམ་གྱི་ཚོགས་བྱུང་ནས་བརྡེག་པར་བྱ་བའི་གནས་གང་ཡིན་པ་ཆམ་ལ་འབེབས་པ་དང་འདྲ་བར། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་གསན་པའོ། །བྱེ་བྲག་ལ་སྙིང་རྗེས་མི་བཟོད་པས། ཤངས་ཀྱི་རླུང་སྒྲོམ་ནས་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དེ་དག་འདུལ་བའི་ཕྲིན་ལས་མཛད་པས། དམག་འདྲེན་པའི་ཚུལ་གྱིས་བྱའོ། །སྲིད་པ་གསུམ་ལ་ཚེ་སྦྱིན་པའི་ཚུལ་ནི། ཤངས་ཀྱི་རླུང་སྒྲོམ་ནས་ཡེ་ཤེས་ཀྱི་འོད་ཟེར་རྣམ་ལྔ་བྱུང་ནས་སྲིད་པ་གསུམ་གྱི་སེམས་ཅན་ཚེ་ཟད་པ་རྣམས་ལ་ཚེ་སྦྱིན་པར་མཛད་ནས། དོན་དམ་པར་ཁམས་གསུམ་འཁོར་བའི་སེམས་ཅན་ཉོན་མོངས་པ་སྡུག་བསྔལ་གྱི་དགྲས་ཟིན་པ་རྣམས་སྐྱེ་ཤི་མེད་པའི་ས་ལ་བཀོད་ནས་འཆི་བ་མེད་པའི་ཚེ་སྦྱིན་པས་ཚེ་སྦྱིན་ཞེས་བྱའོ། །རིགས་ལྔ་དབྱིངས་སུ་སྤྲུལ་པ་དབྱིངས་སུ་མཆོད་པ་ནི། ཞལ་དབུས་མའི་ཤངས་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དབུའི་གཙུག་ན་རྣམ་པར་སྣང་མཛད་འཁོར་དང་བཅས་པ་བཞུགས་པའི་སྐུ་ལ་ཐིམ་ནས་མཉེས་པའི་མཆོད་པ་ཕུལ་ལོ། །ཞལ་ཤར་དུ་གཟིགས་པའི་ཤངས་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་རེག་བྱའི་ལྷ་མོ་རྡོ་རྗེ་མ་ཡོངས་སུ་འཁྱུད་མ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དབུའི་སྟེང་ན་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་བཞུགས་པའི་སྐུ་ལ་ཐིམ་ནས་མཉེས་པའི་མཆོད་པ་འབུལ་ལོ། །ཞལ་ལྷོར་གཟིགས་པའི་ཤངས་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་རོའི་ལྷ་མོ་ཕྱག་ན་རིན་པོ་ཆེའི་གཞོང་པ་ཡིད་བཞིན་གྱི་ཞལ་ཟས་ཀྱིས་བཀང་བ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དབུའི་སྟེང་དུ་རིན་ཆེན་འབྱུང་ལྡན་འཁོར་དང་བཅས་པ་བཞུགས་པ་ལ་མཉེས་པའི་མཆོད་པ་འབུལ་ལོ། །ཞལ་ནུབ་ཏུ་གཟིགས་པའི་ཤངས་ནས་ཡེ་ཤེས་ཀྱི་འོད་ཟེར་ལ་སྒྲའི་ལྷ་མོ་པི་ཝཾ་ཐོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དབུའི་སྟེང་ན་སྣང་བ་མཐའ་ཡས་འཁོར་དང་བཅས་པ་བཞུགས་པ་ལ་མཉེས་པའི་མཆོད་པ་འབུལ་ལོ། །ཞལ་བྱང་དུ་གཟིགས་པའི་ཤངས་ནས་དྲིའི་ལྷ་མོ་སྤོས་མེ་མ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དབུའི་སྟེང་ན་དོན་ཡོད་གྲུབ་པ་འཁོར་དང་བཅས་པ་བཞུགས་པ་ལ་མཉེས་པའི་མཆོད་པ་འབུལ་ལོ། །དྲི་ལྔ་ཡེ་ཤེས་སྤྲིན་ཕུང་དབྱིངས་སུ་མཆོད་ཅེས་བྱའོ། །རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ་དབུ་ལྔ། །ཞེས་པ། རྒྱུད་ལྔའི་མགོན་མཛད་པའི་རྟགས་སུ་དབུ་ལ་རྟ་མགོ་ལྔར་བསྟན་པ་ལ་ཡང་དོན་གསུམ་གྱིས་བསྟན་ཏེ། ཤུགས་ཀྱི་འགྲོ་བའི་བརྩོན་འགྲུས་དང་། །སྒྲོལ་བར་བྱེད་པའི་མཐུ་སྟོབས་དང་། །དབང་དུ་སྡུད་པའི་ཕྲིན་ལས་དང་གསུམ་མོ། །དེ་ལ་ཤུགས་ཀྱིས་འགྲོ་བའི་བརྩོན་འགྲུས་ནི། དཔེར་ན་བ་དང་བོང་བུས་ལོ་དང་ཟླ་བར་བགྲོད་པའི་ལམ་དུ་རྟས་སྐད་ཅིག་གིས་བགྲོད་པ་དང་འདྲ་བར་ཉན་ཐོས་ལ་སོགས་པ་མཚན་ཉིད་པས་ས་བཅུ་རིམ་གྱིས་བགྲོད་ནས་བསྐལ་པ་བགྲངས་ནས་སངས་རྒྱས་པ་ལྟ་བུ་མ་ཡིན་གྱི་ཐེག་པ་ཆེན་པོ་གསང་སྔགས་པས་བརྩོན་འགྲུས་ཆེན་པོས་སྐད་ཅིག་ནས་སྐད་ཅིག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཤུགས་ཀྱི་འགྲོ་བའི་བརྩོན་འགྲུས་ཞེས་བྱའོ། །སྒྲོལ་བར་བྱེད་པའི་མཐུ་སྟོབས་ནི། སྔོན་གྱི་སེང་གེའི་ཡུལ་ན་དེད་དཔོན་ཆེན་པོ་འཁོར་དང་བཅས་པ་རྒྱ་མཚོར་ཞུགས་པ་ལ་ལས་ཀྱི་རླུང་གིས་བདས་ནས་སྲིན་གྱི་བུ་གནོད་སྦྱིན་འཇིགས་མས་བཟུང་སྟེ་སྙིང་རྗེ་མེད་པར་ཟ་བར་བྱ་བ་ལས། སྤྱན་རས་གཟུགས་ཀྱི་ཐུགས་རྗེའི་སྤྲུལ་པ་རྟ་ཅང་ཤེས་པ་ལ་ཧར་སྤྲུལ་ནས་དེད་དཔོན་འཁོར་དང་བཅས་པ་འཇིགས་པའམ་རྒྱ་མཚོ་ལས་བསྒྲལ་བ་དེ་བཞིན་དུ། དཔལ་ཧེ་རུ་ཀས་ཀྱང་འཁོར་བའི་སེམས་ཅན་འཁོར་བའི་རྒྱ་མཚོའི་ནང་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་སྒྲོལ་བས་མཐུ་སྟོབས་ཞེས་བྱའོ། །དབང་དུ་སྡུད་པའི་ཕྲིན་ལས་ནི། རྒྱ་མཚོའི་གཏིང་དཀྱིལ་ན་ཆུ་སྲིན་རྒོད་མ་ཁ་ཞེས་བྱ་བ་ཡོད་པ་དེ་ཁ་གདངས་པའི་ནང་དུ་མཚོ་ན་གནས་པའི་སེམས་ཅན་ཐམས་ཅད་དེར་འགྲོ་ལ། དཔེ་དེ་དང་འདྲ་བར་དཔལ་ཛྙཱ་ནའི་ཞལ་གདངས་པས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་དབང་དུ་སྡུད་པའི་ཕྲིན་ལས་ཞེས་བྱའོ། །དུག་ལྔ་ཞལ་དུ་ཤར་ཏེ་རྔུབ་མཛད་ཅིང་ཞེས་པ་སེམས་ཅན་གྱི་ཉོན་མོངས་པ་དུག་ལྔ་འབར་བའི་ཞལ་ལྟར་གསོལ་བས་རྔུབ་པར་མཛད་ཅིང་། ཞེས་བྱའོ། །ལྗགས་ལྔ་ཐེ་ཚོམ་གཅོད་ཕྱིར་ཐེག་ལྔ་འཆད། །ཅེས་པ། ལམ་རྒྱུད་ལྔའི་སེམས་ཅན་ལ་ཐེག་པ་ལྔའི་ཆོས་བཤད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྐོར་བས་ཉོན་མོངས་པ་ལྔའི་སྒྲིབ་པ་སྦྱོང་བར་མཛད་དེ། སྐྱེ་བཞིའི་ལས་བཞི་བསྒྲལ་ཕྱིར་གཤོག་བཞི་བསྐྱོད་ཅེས་པ། གཤོག་པ་ལ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། མཁའ་ལྟར་ཡེངས་ལ་ཁྱབ་པའི་ཆོས་ཉིད་དང་། རྩལ་ཆེན་ཤུགས་དང་ལྡན་པའི་ཡེ་ཤེས་དང་། མ་ལྟར་ཀུན་ལ་བྱམས་པའི་སྙིང་རྗེ་དང་། འགྲོ་བ་བརླབས་ཀྱིས་སྡུད་པའི་ཕྲིན་ལས་དང་། ཁྱུང་ཆེན་སྐུ་ལ་རྫོགས་པ་དང་། ཀླུ་ཆེན་ཟིལ་གྱིས་གནོན་པ་དང་། དགྱེས་པར་རོལ་བ་དང་། མཁའ་འགྲོ་རྒྱལ་པོ་རྒྱལ་མོ་དབང་དུ་བྱེད་དོ། །དེ་ལ་མཁའ་ལྟར་ཡོངས་ལ་ཁྱབ་པའི་ཆོས་ཉིད་ནི། ནམ་མཁའ་ཀུན་ལ་ཁྱབ་པ་དང་འདྲ་བར་མ་ཧཱ་ཤྲཱི་ཛྙཱ་ན་ཉིད་ཀྱི་གཤོག་པས་མཚན་མའི་ཆོས་ཐམས་ཅད་ལ་ཁྱབ་པས་མཚན་མ་མེད་པའི་དབྱིངས་སུ་གྱུར་ཏོ། །ཤུགས་དང་ལྡན་པའི་ཡེ་ཤེས་ནི། ཡེ་ཤེས་ཀྱི་གཤོག་པས་ཆོས་ཉིད་ལ་ཁྱབ་པས་ཡུལ་ཆོས་ཉིད་ཀྱི་དབྱིངས་སུ་གྱུར་ཏོ། །མ་ལྟར་ཀུན་ལ་ཁྱབ་པའི་སྙིང་རྗེ་ནི། དཔེར་ན་མས་བུ་ལ་གོས་འགེབས་པ་དང་འདྲ་བར་སྙི ང་རྗེའི་གཤོག་པས་ཁམས་གསུམ་འཁོར་བའི་སེམས་ཅན་ལ་ཁྱབ་པས་སྙིང་རྗེའི་བྱིན་རླབས་ཀྱིས་དྲོ་ཞིང་འཇམ་པར་འགྱུར་ལ། འགྲོ་བ་རླབས་ཀྱིས་སྡུད་པའི་ཕྲིན་ལས་ནི། དཔེར་ན་བུད་མེད་ཀྱི་སྒྲོ་ཟུས་སྤུར་མ་སྡུད་པ་དང་འདྲ་བར་དཔལ་མ་ཧཱའི་ཕྲིན་ལས་གཤོག་པས་འཁོར་བའི་སེམས་ཅན་ཐམས་ཅད་སོ་སོའི་གནས་ནས་ཕྲིན་ལས་ཀྱི་གཤོག་པས་བསྡུས་ནས་བྱང་ཆུབ་ཀྱི་དབྱིངས་སུ་སྐྱོད་པར་མཛད་དོ། །ཁྱུང་ཆེན་སྐུ་ལ་རྫོགས་པ་དང་། ཀླུ་ཆེན་ཟིལ་གྱིས་གནོན་པ་ནི། དཔེར་ན་བྱ་ཁྱུང་གི་གཤོག་པས་ནམ་འཕང་རླབས་ཀྱིས་གཅོད་པ་དང་འདྲ་བས། དཔལ་མ་ཧཱ་ཡ་ནའི་གཤོག་པས་ཀྱང་ཆོས་ཉིད་ཀྱི་ནམ་མཁའ་ལ་གཅོད་པར་བྱེད་ལ། ཁྱུང་གི་མཐུས་ནི་ཀླུ་འདུལ་བའི་གཉེན་པོར་གྱུར་ཏེ། ཀླུའི་གདུག་པའི་དབལ་ཟེར་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །དགྱེས་པར་རོལ་པ་ནི། རྡོ་རྗེ་གཤོག་པ་བཞི་ནི་གསང་བ་ཡུམ་ཆེན་མོའི་རང་བཞིན་ཡིན་པས་ཡུམ་དང་དུས་གསུམ་དུ་འདུ་འབྲལ་མེད་པའི་རྟགས་སོ། །མཁའ་འགྲོ་རྒྱལ་པོ་རྒྱལ་མོ་དབང་དུ་བྱེད་པ་ནི། མཁའ་འགྲོ་མ་ཐམས་ཅད་གཤོག་པ་ཡིན་ལ་གཤོག་པ་ཐམས་ཅད་ཀྱིས་ཀྱང་རང་གི་གཙོ་བོར་མཐོང་ནས་དབང་དུ་སྡུད་པར་བྱེད་དོ། །དོན་དེ་བརྒྱད་དང་ལྡན་པས་གཤོག་བཞི་སྐྱོད་ཅེས་བྱའོ། །བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན། །ཞེས་པ་ཕྱག་དྲུག་གིས་ནི་དམྱལ་ཁམས་བཅུ་དྲུག་འདྲེན་པའི་རྟགས་ཡིན་ལ། དེ་ཇི་ལྟར་འདྲེན་ཞེ་ན་ཕྱག་མཚན་བཅུ་དྲུག་གི་ཕྲིན་ལས་ཀྱིས་འདྲེན་ཏེ། ཕྱག་མཚན་བཅུ་དྲུག་ནི། གཡས་ཀྱི་དང་པོ་ན་ལྕགས་ཀྱུ་བསྣམས་པ་ནི། སྡུད་བྱེད་ཐབས་ཀྱི་ལྕགས་ཀྱུ་ཞེས་བྱ་སྟེ། ཁམས་གསུམ་འཁོར་བ འི་སེམས་ཅན་ཐམས་ཅད་ནི་སྙིང་རྗེ་ཆེན་པོས་མ་ལུས་འདྲེན་ཅིང་དབྱིངས་སུ་སྡུད་པར་བྱེད་ལ། གཡོན་གྱི་དང་པོ་ན་ལྕགས་ཀྱུ་བསྣམས་པ་ནི། རྣམ་དག་དབྱིངས་ནས་སྐུལ་བྱེད་ཅེས་བྱ་སྟེ། པྲཛྙཱའི་ལྕགས་ཀྱུས་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་འགྲོ་བའི་དོན་ལ་བསྐུལ་བར་མཛད་ལ་གཡོན་གྱི་ཐ་མ་ན་ལྕགས་ཀྱུ་གཅིག་ཁ་ཐུར་ལ་བསྟན་ནས་བསྣམས་པ་ནི་སྙིང་རྗེ་ཤུགས་ཀྱིས་འདྲེན་བྱེད་ཅེས་བྱ་སྟེ། འཁོར་བ་རྒྱ་མཚོ་དང་འདྲ་བའི་ནང་ནས་ཉོན་མོངས་པའི་སེམས་ཅན་ཉ་དང་འདྲ་བ་ལ་ཐུགས་རྗེ་ལྕགས་ཀྱུ་དང་འདྲ་བས་བླ་ན་མེད་པའི་བྱང་ཆུབ་ཀྱི་སྐམ་ས་ལ་འདྲེན་པར་མཛད་དོ། །གཡས་གཡོན་དང་འོག་གཉིས་ན་བྷནྡྷ་རེ་བསྣམས་པ་ནི། གཡོན་གྱི་ཐ་ལྟག་ན་བྷནྡྷ་རློན་པ་གཅིག་བསྣམས་པ་ནི། བྷནྡྷ་སྐམ་པོ་ནི་རྣམ་པར་དག་པའི་ཆོས་ཉིད་ཡིན་ལ། རྣམ་པར་དག་པའི་ཆོས་ཉིད་ལ་རྟོག་པའི་སྐྱོན་མེད་པས་བྷནྡྷ་དཀར་བར་བསྟན་ལ། ཆོས་ཉིད་ལ་སྤྲོས་མེད་པ་མེད་པའི་རྟགས་སུ་བྷནྡྷ་ཟླུམ་པར་བསྟན། བྷནྡྷའི་ནང་རཀྟས་བཀང་བ་ནི་ཆོས་ཉིད་སྤྲོས་པ་མེད་པའི་དབྱིངས་ནས་ཐུགས་རྗེའི་ཆགས་པས་འཁོར་བ་ལ་ཆགས་ཤིང་ཞེན་པའི་རྟགས་སོ། །བྷནྡྷ་རློན་པ་ལ་དབང་པོ་ཚང་བར་ཡོད་པ་ནི་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་རྟགས་སོ། །དེའི་འོག་ན་ཁ་ཊྭཱྃ་ག་བསྣམས་པ་ནི་དོན་རྣམ་པ་གསུམ་སྟེ་གོང་མ་དང་མཐུན་ནོ། །དེའི་འོག་མ་སྦྲུལ་གྱི་ཞགས་པ་བསྣམས་པ་ཡང་གོང་མ་དང་མཐུན། དེའི་འོག་མ་བཞི་ན་རྡོ་རྗེ་རེ་རེ་བསྣམས་པ་ནི་མཛད་པ་ལས་ཀྱི་རྡོ་རྗེ་སྟེ་ཕྲིན་ལས་དང་སྦྱར་ན། གོང་མ་རྩེ་དགུ་པ་གཅིག་བསྣམས་པ་མར་བལྟས་པ་དགུ་ནི་ས་དགུ་ལ་གནས་པའི་རྟོག་པ་འཇོམས། ཡར་བལྟས་པ་དགུ་ནི་མ་བརྒྱད་དཔལ་དང་དགུའི་དཀྱིལ་འཁོར་དུ་སྒྲོལ་བར་མཛད་པས། ས་དགུའི་རྟོག་པ་འཇོམས་པའི་ལས་ཞེས་བྱའོ། །དེའི་འོག་ན་རྩེ་ལྔ་པ་བསྣམས་པ་ནི་རྩེ་མོ་མར་བལྟས་པ་ལྔས་ནི་ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལྔའི་རྟོག་པ་འཇོམས་ལ། ཡར་བལྟས་པ་ལྔས་ནི་རིགས་ལྔའི་དཀྱིལ་འཁོར་དུ་སྒྲོལ་བར་མཛད་པས། དུག་ལྔ་སྒྲོལ་བའི་ལས་ཞེས་བྱའོ། །དེའི་འོག་ན་རྩེ་གསུམ་བསྣམས་པ་ནི་མར་བལྟས་པ་གསུམ་གྱིས་ནི། མ་ནུའི་ཉོན་མོངས་པ་རྒྱུ་དུག་གསུམ་འཇོམས་པར་བྱེད་ལ། ཡར་བལྟས་པ་གསུམ་གྱིས་ནི་འབྲས་བུ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་གསུམ་དུ་སྒྲོལ་བར་མཛད་པས་དུག་གསུམ་འཇོམས་པའི་ལས་ཞེས་བྱའོ། །ཐ་མ་ན་རྩེ་གཅིག་བསྣམས་པ་ནི་མར་བལྟས་པ་གཅིག་གིས་ནི་སྙིང་རྗེ་རྩེ་གཅིག་གིས་མི་འགྱུར་བའི་འགྲོ་བའི་དོན་མཛད་པའི་རྟགས། ཡར་བལྟས་པའི་རྩེ་གཅིག་གིས་ནི་ཆོས་ཉིད་ཀྱི་དོན་རྟོགས་པའི་རྟགས་ཏེ། སྙིང་རྗེ་རྩེ་གཅིག་པའི་ལས་ཞེས་བྱའོ། །གཡོན་གྱི་གཉིས་འོག་མ་ན་སྡིགས་མཛུབ་ཀྱི་རྩེ་ལ་བསྐལ་པའི་མེ་འབར་བ་ལ་དོན་གསུམ་སྟེ། སྤྲོས་པ་མེད་པའི་དོན་ཉིད་རང་བཞིན་གྱི་སྡིགས་པས་ནི། ཁུ་ཚུར་བཅང་བ་ལྟར་བསྟན་ལ། རྟགས་པར་བྱེད་པའི་ཡེ་ཤེས་རྟོགས་པས་སྡིགས་པ་ནི་ཆོས་ཉིད་ལ་ཡེ་ཤེས་འབྱུང་བའི་རྟགས་སུ་ཁུ་ཚུར་ལས་མཛུབ་མོ་སྒྲེང་བར་བསྟན་ལ། འགྲོ་བའི་དོན་བྱེད་པའི་ཐབས་ཕྲིན་ལས་ཀྱིས་སྡིགས་པ་ནི་ཡེ་ཤེས་ལས་སྙིང་རྗེ་འབྱུང་། སྙིང་རྗེའི་ལས་ཀྱིས་འགྲོ་བའི་དོན་མཛད་པའི་རྟགས་སུ་ཁྲོ་བོའི་མཛུབ་མོའི་རྩེ་ལ་བསྐལ་པའི་མེ་འབར་བར་བསྟན་ནོ། །དེའི་འོག་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཞགས་པ་བསྣམས་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། རྟོགས་པ་དོན་གྱི་འབྲེལ་པ་དང་། དམ་ཚིག་དབང་གི་འབྲེལ་པ་དང་། སྙིང་རྗེ་ཤུགས་ཀྱི་འབྲེལ་པ་དང་གསུམ་མོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པའི་དུས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ་ནི་རྟོགས་པ་དོན་གྱི་འབྲེལ་བ་ཞེས་བྱའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་སྙིང་རྗེ་ཆགས་པར་བྱུང་ནས་ཐུགས་དམ་ཚིག་གི་དབང་གིས་ཆགས་ཤིང་ཞེན་ནས་མི་གཏོང་བ་ནི་དམ་ཚིག་དབང་གི་འབྲེལ་བ་ཞེས་བྱའོ། །དེ་ལྟར་སྙིང་རྗེ་ཕྲིན་ལས་བྱུང་ནས་ཕྲིན་ལས་ཀྱིས་སེམས་ཅན་འཁོར་བར་མི་གཏོང་ཞིང་སྙིང་རྗེ་ཞུགས་པས་འདྲེན་པར་མཛད་པས་ཐུགས་རྗེ་ཤུགས་ཀྱི་འབྲེལ་པ་ཞེས་བྱའོ། །དེའི་འོག་མ་ན་ཅང་ཏེའུ་བསྣམས་པ་ལའང་དོན་གསུམ་སྟེ། རོལ་མོ་དབྱངས་ཀྱི་རྔ་དང་། སྒྲུབ་པ་ལས་ཀྱི་རྔ་དང་། གསང་བ་ཡུམ་གྱི་རྔ་དང་གསུམ་མོ། །རོལ་མོ་དབྱངས་ཀྱི་རྔ་ནི། འཇིག་རྟེན་གྱི་རྔ་ཐབས་ཀྱི་བྱེ་བྲག་སརྦ་ལ་བྱ་སྟེ། ཡུམ་ཆོས་ཉིད་ཀྱི་རྔ་ལ་སེམས་ཡེ་ཤེས་ཀྱི་དབྱུག་པས་བརྡུངས་པས་བསྟན་པ་གསུང་རབ་ཀྱི་སྒྲ་བྱུང་ནས་འགྲོ་བའི་ཤེས་རབ་སྐྱེད་པར་བྱེད་པས། རོལ་མོ་དབྱངས་ཀྱི་རྔ་ཞེས་བྱའོ། །སྒྲུབ་པ་ལས་ཀྱི་རྔ་ནི། བྷནྡྷ་ལྟག་སྤྲོད་ལ་རས་ཆེན་གྱིས་གཡོགས་ནས་བ་སུ་ཏའི་རྒྱུ་ཞགས་ཀྱིས་བསྣམས་ནས་གནམ་ལྕགས་ཀྱི་གཟེར་ཆེན་གྱིས་བསྡམས་ནས་བརྡུང་སྟེ་ཐུགས་དམ་བསྐུལ་ནས་བྱིན་རླབས་སྤྲུལ་པའི་རྔ་སྒྲ་བྱུང་ནས་དཔལ་གྱི་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པས་སྒྲུབ་པ་ལས་ཀྱི་རྔ་ཞེས་བྱའོ། །གསང་བ་ཡུམ་གྱི་རྔ་ནི། ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་མི་གནས་པའིི་བྷ་ག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་རིགས་པ་ཡེ་ཤེས་ཀྱི་རྟགས་ཀྱི་ཕྱག་རྒྱ་ཐབས་སྙིང་རྗེ་ཡེ་ཤེས་ཀྱི་ཐབས་ཤེས་རོལ་པའི་རྔ་བརྡུངས་པས་གསང་བ་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ཏིང་ངེ་འཛིན་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཐམས་ཅད་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས་སྐྱེ་ཤི་མེད་པའི་ས་ལ་བཀོད་པས་གསང་བ་ཡུམ་གྱི་རྔ་ཞེས་བྱའོ། །དེའི་འོག་ན་ཁྲོ་བོ་བརྒྱད་ཀྱི་ཙིཏྟ་ཕྱུང་ནས་བསྣམས་པས་ཁྲོ་བོ་ནི་རྟག་ཆད་ཀྱི་མཐའ་ལས་ཁྲོ་བ། མཐའ་གཉིས་ཀྱི་སྐྱོན་སྤངས་ནས་དབུ་མ་ཆེན་པོའི་དོན་དང་ལྡན་པའི་ཕྱིར་ཙིཏྟ་བསྣམས་པ་ཡིན་ལ། དེ་ལ་ཡང་དོན་རྣམ་པ་གསུམ་སྟེ། གསང་ཆེན་ཐུགས་ལ་རོལ་བ་དང་། །ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ལ་རོལ་པ་དང་། ཡེ་ཤེས་ལྔ་ལྡན་རྒྱུ་འབྲས་ལྷུན་གྱིས་རྫོགས་པའོ། །དེ་ལ་གསང་ཆེན་ཐུགས་ལ་རོལ་པ་ནི། རྒྱ་གར་གྱི་སྒྲ་གྲངས་ན་བྷོ་དྷི་ཙིཏྟ་ཞེས་བྱ་སྟེ། བྷོ་དྷི་ནི་བྱང་ཆུབ། ཙིཏྟ་ནི་སེམས་ཏེ། རྟོགས་ཤིང་ཐུགས་སུ་ཆུད་པའི་རྟགས་སུ། ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ལ་རོལ་པ་ནི། བདག་གི་སོར་མོ་ལྔ་ནི་མཁྱེན་པའི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པའི་རྟགས་ཡིན་ལ། སོར་མོ་ཡེ་ཤེས་ལྔས་གསང་བ་བྱང་ཆུབ་ཀྱི་སེམས་དེ་ཉིད། ཡེ་ཤེས་ལྔས་རྟོགས་ཤིང་ཟིན་པ་ཡིན་པས། །ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ལ་རོལ་པ་ཞེས་བྱའོ། །ཡེ་ཤེས་ལྔ་ལྡན་རྒྱུ་འབྲས་ལྷུན་གྱིས་རྫོགས། །ཞེས་པ་ཀུན་གཞི་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་འདུས་པའི་རྟགས་ཡིན་ལ། ཀུན་གཞི་བྱང་ཆུབ་སེམས་དེ་མེ་ལོང་ལྟ་བུའི་ཡེ་ཤེས་གནས་གྱུར་པའི་དུས་ན། རྒྱུ་རྣམ་པར་ཤེས་པའི་ཚོགས་བརྒྱད་འབྲས་བུ་ཡེ་ཤེས་རྣམ་པ་ལྔ་རང་བཞིན་གྱིས་གནས་གྱུར་པས་འབྲས་བུ་ལྷུན་གྱིས་རྫོགས་ཞེས་བྱའོ། །དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན་ཞེས་བྱའོ། །ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་ཁྲོ་བརྒྱད་བཅོམ། །ཞེས་པ། ཡང་ཆེ་བ་བླ་ན་མེད་པ་བསྟན་པའི་ཕྱིར་ཞབས་བརྒྱད་ཀྱིས་ཕྱོགས་བརྒྱད་དུ་ཁྲོ་མོ་བརྒྱད་མནན་པར་བསྟན་ཏེ། དེ་ཡང་ཤར་ཕྱོགས་སུ་བརྐྱང་བའི་ཞབས་ཀྱིས་ཧཱུྃ་ཀཱ་རའི་སྙིང་གར་མཁྲིག་མ་བསྐུལ་ཏེ་མནན་པས། གཞུང་ལས་ཀྱང་། དཔའ་བའི་ཏིང་འཛིན་གཟི་བརྗིད་སྟག་གི་ཆས། །ཤར་དུ་ཧཱུྃ་ཀཱ་རས་མཁྲིག་མ་མནན་ཏེ་མནན་ཞེས་བྱའོ། །ཤར་ལྷོ་མཚམས་སུ་བརྐྱང་བའི་ཞབས་རྒྱ་བྱེ་སྔོན་པོ་ཆས་ཀྱིས་བརྒྱན་པས་ཁྲོ་བོ་མི་གཡོ་མགོན་པོ་ཤར་ལྷོ་ཕྱོགས་སུ་མནན་པས། གཞུང་ལས་ཀྱང་། རྣོ་བརྟུལ་ཟློག་བྱེད་རྒྱ་བྱེ་ལྕགས་ཀྱི་ཆས། །མི་གཡོ་མགོན་པོ་ཤར་ལྷོ་མཚམས་སུ་མནན། །ཞེས་བྱའོ། །ལྷོར་བརྐྱང་པའི་ཞབས་རྡོ་རྗེ་རྩེ་མོས་བརྡབ་པས་རྒྱན་གྱི་ཞབས་ཀྱིས་གཤེད་པོ་མནན་པས། གཞུང་ལས་ཀྱང་། སྟོང་པ་ཉིད་ཀྱི་ཏིང་འཛིན་རྡོ་རྗེ་འཆང་གི་ཆས། གཤིན་རྗེ་གཤེད་པོ་ལྷོ་ཡི་ཕྱོགས་སུ་མནན། །ཞེས་བྱའོ། །ལྷོ་ནུབ་ཀྱི་མཚམས་སུ་བསེ་ཁྲབ་སྨུག་པོའི་ཆས་ཀྱིས་བརྒྱན་པའི་ཞབས་ཀྱིས་ནི་ནི་ལ་དནྜ་མནན་པས། གཞུང་ལས་ཀྱང་དབང་གི་བསེ་ཁྲབ་གཟི་འབར་དགྲ་ཡི་ཆས། དབྱུག་པ་སྔོན་པོ་ལྷོ་ནུབ་མཚམས་སུ་མནན། །ཞེས་བྱའོ། །ནུབ་ཀྱི་ཕྱོགས་སུ་སྦྲུལ་གྱི་ཆས་ཀྱིས་བརྒྱན་པའི་ཞབས་ཀྱིས་པདྨོ་འཁྱིལ་པ་མནན་པས། གཞུང་ལས་ཀྱང་། དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིལ་བའི་ཆས། །པདྨ་འཁྱིལ་བའི་སྙིང་གར་མཁྲིག་མ་སྦུབ། །ཞེས་བྱའོ། །ནུབ་བྱང་མཚམས་སུ་ཞབས་ཀྱི་མཐིལ་ཁྲོ་ཞལ་དུ་བྱས་པས་འདོད་པའི་རྒྱལ་པོའི་མགོ་བོ་བཅོམ་པས། གཞུང་ལས་ཀྱང་། དམར་གསལ་དབང་ཕྱུག་ཞབས་ཀྱི་མཆེ་བའི་ཆས། །ནུབ་བྱང་འདོད་པའི་རྒྱལ་པོ་སྤྱི་ནས་བཅོམ། །ཞེས་བྱའོ། །བྱང་ཕྱོགས་སུ་ཤུ་རྐྱེན་གྱི་ཆས་ཀྱིས་བརྒྱན་པའི་ཞབས་ཀྱིས་བདུད་རྩི་འཁྱིལ་པ་ཁ་སྦུབ་ཏུ་མནན་པས། གཞུང་ལས་ཀྱང་། གཟི་མདངས་ཤུ་རྐྱེན་ཆུ་སྲིན་སྤྲུལ་པའི་ཆས། །བདུད་རྩི་འཁྱིལ་པ་ཁ་སྦུབ་བྱང་དུ་མནན། །ཞེས་བྱའོ། །བྱང་ཤར་དུ་གཟིག་གི་མགོ་བོས་བརྒྱན་པའི་ཞབས་ཀྱིས་སྟོབས་པོ་ཆེ་སྤྱི་བོ་ནས་མནན་པས། གཞུང་ལས་ཀྱང་། གཅན་གཟན་རྒྱལ་པོ་འཇིགས་བྱེད་གཟིག་གི་ཆས། མ་ཧཱ་བ་ལ་དུང་ཆེན་མཚམས་སུ་བཅོམ། །ཞེས་བྱའོ། །རིགས་བཞི་ཞེས་པ། གདན་ཁྲི་ཁྱད་པར་རིན་པོ་ཆེའི་ཁྲིི་དང་། གསེར་གྱི་པདྨ་དང་། ཉི་ཟླའི་འོད་ཀྱི་གདན་དང་བཅས་པར་བཤད་དེ། དེ་ལ་རིན་པོ་ཆེའི་ཁྲི་རྐང་བཞི་ནི། སྣོད་ཀྱི་འཇིག་རྟེན་ནས་འབྱུང་བ་ཆེན་པོ་བཞིའི་རང་བཞིན་དུ་བསྟན་ཏེ། སའི་ཁམས་བཛྲ་ཧེ་རུ་ཀའི་རང་བཞིན་དང་། ཆུ་རཏྣ་མེ་དང་རླུང་ཡང་པདྨ་ཧེ་རུ་ཀ་དང་ཀརྨ་ཧེ་རུ་ཀའི་རང་བཞིན་དུ་བསྟན་པས་འབྲེལ་པ་ཆོས་དོན་གྱིས་མངོན་ཏེ། སྣོད་ཡོད་དང་བཅུད་ཀྱི་རང་བཞིན་གྱིས་ཡོད་པའི་ཕྱིར། སྣོད་དང་བཅུད་ཀྱི་གདན་ཞེས་བྱ་ལ། ཁྲི་རྐང་བཞི་ལ། སྤྲིན་མེད་པའི་ཉི་མ་བདུན་གྱིས་བརྒྱན་པ་ནི། རིགས་བཞིའི་ཧེ་རུ་ཀ་ལ་ཕྱོགས་བཞིའི་དབང་ཕྱུག་མ་དྲུག་དྲུག་སྒོ་བ་རེ་དང་བདུན་བདུན་འཁྲུལ་བའི་ཚུལ་དུ་སྦས་པའི་རྟགས་སུ་བསྟན་ཏོ། །གཞུང་ལས་ཀྱང་། ཁྲི་རྐང་རིན་ཆེན་བཞི་ལས་འབར་བའི་སྐུར་བསྟན་པ། རིགས་བཞི་ཁྲག་འཐུང་སྐུ་ལ་མ་བདུན་མཉེས་པར་འཁྲིལ། །ཅེས་བྱའོ། །ཕྱོགས་བཞི་ཞེས་པ། ཁྲོ་བོ་ཁོང་སྐམ་བཞི་ལ་གསེར་གྱི་སེང་གེ་དྲུག་བཞི་ཉི་ཤུ་རྩ་བཞི་སྤྱན་གསུམ་མཆེ་བ་གཙིགས་པ། མཇུག་མ་ནང་ཕྱོགས་སུ་བསྟན་པ། ཞལ་ཕྱིར་གཟིགས་པར་བསྟན་པ་ནི་དབང་ཕྱུག་མ་ཉི་ཤུ་རྩ་བཞི་ཞབས་ཀྱི་གདན་ཁྲིར་སྦས་པའི་རྟགས་ཏེ། གཞུང་ལས་ཀྱང་། དབང་ཕྱུག་མར་འདུས་སིདྷ་ཙ་པ་ལ། །དོན་དམ་གསང་སྦས་ཆེ་བའི་དབང་ལྡན་པ། །ཞེས་བྱའོ། །ཁྲིའི་སྟེང་ན་གསེར་གྱི་པདྨ་འདབ་མ་བརྒྱད་དང་ལྡན་པར་བསྟན་པ་ནི། གསང་བའི་ཡུམ་ཆེན་མོ་བརྒྱད་ལ་རོལ་པ་མཛད་པའི་རྟགས་ཏེ། འདབ་མ་བརྒྱད་དང་ལྡན་པར་བསྟན་ཏེ། གཞུང་ལས་ཀྱང་། འདམ་གྱི་སྐྱོན་བྲལ་པདྨ་ཁ་བརྒྱད་ལ། །རིགས་མཆོག་བརྗིད་ལྡན་གསང་བ་ཡུམ་གྱི་དབྱིངས། །ཞེས་བྱའོ། །དེའི་སྟེང་ན་ཉི་ཟླའི་དཀྱིལ་འཁོར་གབ་ཙེ་བརྩེགས་པ་ལྟར་སྣང་བ་ཡིན། ཉི་མ་ནི་རྐྱེན་སྨིན་པར་བྱེད་པ་ཡིན་ཏེ། གསང་བའི་ཡུམ་བརྒྱད་ཀྱི་མཁའ་དབྱིངས་ན་ཡུམ་གྱི་པདྨ་རཀྟ་དམར་ལ་དྭངས་པ་འཁྱིལ་བར་བསྟན་པའི་རྟགས་ཡིན་ལ། དེའི་སྟེང་ན་ཟླ་བའི་དཀྱིལ་འཁོར་དཀར་ལ་འདྲེལ་བར་བསྟན་པ་ནི། ཡབ་ཀྱི་མཁའ་གསང་བའི་རྡོ་རྗེ་གསང་བའི་བྱང་སེམས་དཀར་ལ་འདྲིལ་བ་ཡུམ་གྱི་གསང་བའི་མཁའ་ལ་ཕེབས་པའི་རྟགས་སོ། །གཞུང་ལས་ཀྱང་། རྒྱུད་འབྱུང་སྨིན་བྱེད་མཚམས་ཀྱི་དཀྱིལ་འཁོར་དུ། །གསང་ཡུམ་བྱིན་བརླབས་སྣ་ཚོགས་འཕྲོ་ཞིང་འདུ། །ཞེས་བྱའོ། །ཆེ་བའི་ཆེ་བ་བྱ་བ། ཆེ་བ་ནི་བགེགས་བཅུའི་སྟེང་ན་ཕྱོགས་སྐྱོང་བཅུ་ཆེ་བ་ཡིན་ལ། ཆེ་བའི་ཆེ་བ་ནི། ཕྱོགས་སྐྱོང་བཅུའི་སྟེང་ན་ཁྲོ་བོ་བཅུ་སྟེ། ཡང་ཆེ་བ་བླ་ན་མེད་པ་ནི་དཔལ་པདྨ་ཧེ་རུ་ཀ་སྟེ། ཧེ་རུ་ཀ་ཆེན་པོ་བཞི་དང་། ཁྲོ་བོ་ཆེན་པོ་བཞི་དང་། ཁྲོ་མོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་ཏེ། དེ་རྣམས་ཀུན་ཞབས་ཀྱིས་མནན་གདན་ཁྲིར་བྱིན་གྱིས་བརླབས་ཏེ་དེའི་སྟེང་ན་དཔའ་པདྨ་ཧེ་རུ་ཀའི་སྐུ་བཞུགས་པས་ཆེ་བའི་ཆེ་བ་བླ་ན་མེད་ཅེས་བྱའོ། །བཅུ་དྲུག་ཞག་གི་ཟླ་བའི་དཀྱིལ་འཁོར་རྫོགས་པ་ལྟར། ཅེས་པ་དཔེར་ན་ཟླ་བ་ཚེས་བརྒྱད་གཉིས་བཅུ་དྲུག་ཁ་གང་ནས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་གསལ་ཞིང་རྒྱས་པ་དང་འདྲ་བར། དཔལ་པདྨ་ཧེ་རུ་ཀ་དང་ཡང་ཕྲ་མེན་མ་བཅུ་དྲུག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་ཏེ་ཆེ་བའི་ཡོན་ཏན་སྐུ་ལ་རྫོགས་ཤིང་མཐར་ཕྱིན་པའི་རྟགས་ཏེ། ཚོགས་གཉིས་རྫོགས་པ་བཅུ་དྲུག་པ་ལ་བཞུགས། །ཞེས་བྱའོ། །ཕྱོགས་བཞི་ཞེས་པ་དབུ་ཀླད་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ན་རིགས་ལྔའི་སངས་རྒྱས་འཁོར་དང་བཅས་པའི་གསང་བའི་ཡུམ་ཆེན་མོ་བཞི་དང་ལྡན་པའི་མཁྱེན་པའི་ཡེ་ཤེས་རྣམ་པ་བཞིས་འགྲོ་བའི་རྒྱུད་སོ་སོར་མཁྱེན་པར་གཟིགས་ནས་དེ་དག་གི་དོན་མཛད་པས་མཁྱེན་ལྔའི་ཡེ་ཤེས་ཐུགས་རྗེས་སོ་སོར་གཟིགས་ཞེས་བྱའོ། །དབང་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དུ། །ཞེས་པ་དབང་གསུམ་ལུང་གི་བརྒྱུད་པ་སྟེ། ལོ་ཀ་དབང་དུ་མཛད་པ་དང་། འཇིག་རྟེན་ལས་འདས་པ་དབང་དུ་མཛད་པ་དང་། བླ་ན་མེད་པའི་ཡེ་ཤེས་དབང་དུ་མཛད་པའོ། །དེ་ལ་འཇིག་རྟེན་དབང་དུ་མཛད་པ་ནི་ཁྲོ་འཛུམ་གྱི་ཕྱག་རྒྱས་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་བསྡུས་ནས་དབང་དུ་མཛད་པའོ། །འཇིག་རྟེན་ལས་འདས་པ་དབང་དུ་མཛད་པ་ནི། སྤྱན་གསུམ་མཆེ་བ་གཙིགས་པའི་ཕྱག་རྒྱས་ཞབས་འོག་ཏུ་ཁྲོ་བོ་བརྒྱད་མནན་པར་བསྟན་པ་དང་། བླ་ན་མེད་པའི་ཡེ་ཤེས་དབང་དུ་མཛད་པས། རིགས་ལྔའི་སངས་རྒྱས་དབུའི་དཀྱིལ་འཁོར་དུ་སྦས་པ་ལ་བྱ་སྟེ། དབང་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དང་ཞེས་བྱའོ། །ཚོགས་ཆེན་པོ་དང་ཞེས་པ་དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་ནས་ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ལ་བྱའོ། །དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་རྒྱལ་སྐུ། །ཞེས་པ་དབུ་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི། རིགས་ལྔའི་སངས་རྒྱས་འཁོར་དང་བཅས་པ་བཞུགས་པ་དང་གཅིག །སྐུ་སྟོད་ཚོགས་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་ལ་ཕྲ་མེན་བཅུ་དྲུག་ཕྱག་རྒྱའི་མཚོན་ཆར་བསྣམས་པས་རྣོན་པོའི་མཎྜལ་སྐུ་སྟོད་ལ་རྫོགས་པར་བསྟན་པ་དང་གཉིས། སྐུ་སྨད་དབང་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་ལ་ཁྲོ་བོ་བརྒྱད་ཞབས་འོག་ཏུ་མནན་པས། ཧེ་རུ་ཀ་ཉི་ཟླ་འོད་དང་བཅས་པ་བརྗིད་པ་ཀུན་སྐུ་སྨད་ལ་རྫོགས་པས་དབང་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་རྒྱལ་སྐུ། །ཞེས་བྱའོ། །དེ་ལྟར་ཆེ་བའི་ཡོན་ཏན་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ཀྱང་། པདྨ་འདམ་ནས་སྐྱེས་པ་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པས། པདྨ་འདམ་སྐྱེས་ཉེས་པའི་སྐྱོན་མ་གོས་ཞེས་བྱའོ། །ཇི་ལྟར་སྣང་བ་ཐམས་ཅད་མཚན་མ་མེད་པའི་སྐྱོན་གྱི་དབྱིངས་སུ་གྱུར་པས། རྟག་པའི་མཐའ་ལས་འདས་པས་དབུ་མ་ཆེན་མོ་དམིགས་སུ་མེད་པའི་ངང་དུ་གྱུར་ཀྱང་། རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པའི་ནུས་མཐུས་མི་སྐྱེ་བའི་ངང་ལ་སྐྱེ་བའི་ཆོ་འཕྲུལ་འབྱུང་བས་ཆད་པའི་མཐའ་བསལ་ཏེ། དོན་དེ་རྣམས་དང་ལྡན་པས་པདྨ་ཧེ་རུ་ཀ་ཞེས་བྱའོ། ༈ །ད་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ལྷ་རྒྱུད་བརྗོད་པར་བྱ་སྟེ། རྔམ་པའི་ཞེས་པ་ནི་བདུད་ཀྱི་སྲིན་པོའི་ཆུང་མ་སྟེ། མིའི་སྲིན་མོ་ཞེས་ཀྱང་བྱ་ལ་མི་བསྲུན་མོ་ཞེས་ཀྱང་བྱའོ། །མིའི་སྲིན་མོ་ཞེས་བྱ་བ་ནི། མོ་ལ་བུ་ལྔ་བརྒྱ་ཡོད་དེ། ནང་རེ་ལ་བྱིས་པ་ལྔ་བརྒྱ་ལྔ་བརྒྱ་ཟ་བས་མིའི་སྲིན་མོ་ཞེས་བྱ་ལ། མི་སྲུན་མོ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནི་གོས་སུ་གོན་ལ་བཅུད་ཀྱི་འཇིག་རྟེན་ནི་ཟས་སུ་ཟ་ཉི་ཟླ་གཟའ་སྐར་ནི་སྐྲའི་ལན་ཚར་དུ་བྱས་ནས་ཁྲག་གི་དྲི་ཚོར་ན་མཚན་གཅིག་ལ་དཔག་ཚད་བརྒྱད་ཁྲིར་བརྒྱུག་པས་མི་སྲུན་མོ་ཞེས་བྱའོ། །ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ། །ཞེས་པ། ཕྱག་ན་ཐོད་པ་གཅིག་བསྣམས་པའི་ནང་ན་ཁྲག་འབྲུ་མར་ཞག་དང་བསྲེས་ནས་ཟ་བ་སྟེ། སྲིད་པ་གསུམ་གྱི་སེམས་ཅན་གྱི་རྒྱུ་ཉོན་མོངས་པ་ཆགས་པའི་གནས་སྐམ་པའི་ཕྱིར། སྲིད་པའི་སེམས་ཅན་ཆགས་པའི་སྙིང་ཁྲག་གསོལ། །ཅེས་བྱའོ། །ཕྲིན་ལས་དྲག་པོ་རྣམ་པ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པའི་རྟགས་སུ་སྐུ་མདོག་སྨུག་ནག་ཏུ་བསྟན་པས། དབང་དྲག་ལས་མཛད་མ་ནུ་རཀྴ་སཱི། །ཞེས་བྱ་སྟེ། མིའི་སྲིན་མོ་ཞེས་བྱའོ། །སྡུག་བསྔལ་མྱ་ངན་འདས་སྟོན་ཚངས་མའི་གཟུགས། །ཞེས་བྱ་སྟེ་ཚངས་པའི་ཆུང་མ་ཡིན་ཏེ། ཚངས་པའི་ལྟ་བས་ནི་འདོད་ཁམས་མན་ཆད་ཀྱི་ལྷའི་ཡོན་ཏན་རྣམ་པ་ལྔ་ལ་སྤྱོད་པ་ནི་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སུ་ལྟ་ལ། ཚངས་རིགས་ཀྱི་ལྷ་ནི་བསམ་གཏན་དགའ་བདེ་རྟོག་དཔྱོད་བཞི་ནི་ཞི་བ་མྱ་ངན་ལས་འདས་པ་བདེ་བ་མྱ་ངན་ལས་འདས་པར་ལྟ་བས། དེ་བས་མྱ་ངན་འདས་རྟོགས་ཚངས་མའི་གཟུགས། །ཞེས་བྱའོ། །ཚད་མེད་པ་རྣམ་པ་བཞི་བསྒོམ་པའི་རྟགས་སུ་དབུ་ཡང་བཞིར་སྣང་ལ། ཞལ་བཞི་ནས་གླིང་བཞིའི་སེམས་ཅན་ལ། བཀྲ་ཤིས་ཆེན་པོ་ཚིགས་སུ་བཅད་པ་བཞི་བརྗོད་ཅིང་སྨོན་ལམ་འདེབས་པས། ཞལ་བཞི་སྨྲང་འདོན་གླིང་བཞི་བཀྲ་ཤིས་བརྗོད། །ཅེས་བྱའོ། །ཚངས་པ་ནི་གཏི་མུག་ཆེ་སྟེ། འདོད་ཁམས་ཀྱི་བདེ་བ་ནི་སྡུག་བསྔལ་དུ་ལྟ་ལ་ཁོང་བདག་གི་དགའ་བདེ་རྟོག་དཔྱོད་ནི། ཞི་བ་མྱ་ངན་ལས་འདས་པ་དེ་ཉིད་ཀྱང་གཏི་མུག་ཡིན་ཏེ་གཏི་མུག་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱི་འབྱེད་པ་མེད་པའི་དོན་གྱི་གཏི་མུག་གིས་བཅོམ་ལ། ཕྱག་ན་རིན་པོ་ཆེ་གཅིག་བསྣམས་པས། སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་སྐོངས་པས། གཏི་མུག་ཡིད་བཞིན་རིན་ཆེན་པྲཧྨ་ཎི། ཞེས་བྱ་སྟེ། ཚངས་མའོ། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །ཞེས་བྱ་བ་དབང་ཕྱུག་མ་ཧཱ་དེ་བའི་ཆུང་མ་ཡིན་ཏེ། ཁྱད་ཆེན་པོའི་ཆུང་མ་ལ་ཆེན་མོ་ཟེར་བ་དང་འདྲ་བར་དབང་ཕྱུག་ཆེན་མོ་མ་ཧཱ་དེ་བ་ནི་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་གི་ནང་ན་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རིགས་ཀྱི་གཙོ་མཆོག་ཏུ་དབང་བསྐུར་བ་ཡིན་པས། འཁོར་བའི་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་རྟོགས་པས། རིགས་མཆོག་མ་ཞེས་བྱའོ། །ཕྱག་ན་ཏྲི་ཤུལ་རྩེ་གཅིག་པ་བསྣམས་པས་སྲིད་པ་གསུམ་གྱི་ཉོན་མོངས་པ་འཇོམས་པའི་རྟགས་ཡིན་པས། མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས། །ཞེས་བྱའོ། །བུད་མེད་ཆགས་པ་དབང་བྱེད་དཀའ་ཟློག་མ། །ཞེས་པས། སྔོན་ལྷ་དང་ལྷ་མ་ཡིན་གཡུལ་བྱེད་དུས་ན། ལྷ་ནི་ཕམ་ལྷ་མ་ཡིན་ནི་རྒྱལ་བས། ལྷ་ཐམས་ཅད་ཀྱི་རྨི་ལྟས་ལས། དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་དེ་ཙམ་ན༔ དྲང་སྲོང་ནག་པོ་ལེགས་ལྡན་བྱ་བ་ཡིན་ཏེ། རི་དགོན་པའི་གནས་ན་དྲང་སྲོང་དགའ་བ་སྤྱོད་པ་དེ་ལྷ་མོ་དཀའ་ཐུབ་ཟློག་མས་དཀའ་ཐུབ་ལས་བཟློག་ནས་འདོད་པ་སྤྱད་པས། བུ་མགོན་པོ་མ་ཧཱ་ཀཱ་ལ་ཞེས་བྱ་བ་ལྷ་མ་ཡིན་གྱི་གཡུལ་ཟློག་ནུས་པ་གཅིག་འོང་བ། རྨི་ལྟས་ལས་བྱུང་བས་བཙུན་མོ་ཨུ་མ་དེ་བས་དྲང་སྲོང་ལ་ཆགས་པའི་ཚུལ་གྱིས་བསྔགས་པས་དྲང་སྲོང་འདོད་ཆགས་མེ་སྟག་ཙམ་ཞིག་མ་ཟད་པས། འདོད་ཆགས་ཇེ་ཆེ་ཇེ་ཆེ་མེ་ལྟར་འབར་བས་བཙུན་མོ་ཨུ་མ་ལ་འདོད་ཆགས་སྤྱད་པས། སྲས་མགོན་པོ་ཤྲཱི་མ་ཧཱ་ཀཱ་ལ་བྱ་བ་སྐུ་མདོག་མཐིང་ནག་རལ་པ་མེ་ལྟར་འབར་བ་སྤྱན་དང་ཤངས་ཀྱི་ཁྲོ་གཉེར་འབྲི་གུ་གྱེན་དུ་འགྲེངས་པ། ཕྱག་ན་ཙནྡན་གྱི་བེར་ཀ་ཆེན་པོ་ཐོགས་ཏེ། ཡབ་ཀྱི་སྤྱན་སྔར་མཆིས་པས། སུག་ལས་ཅི་འཚལ་ཞེས་ཞུས་པ་དང་། ཡབ་ཀྱིས་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པས། ལྷ་མ་ཡིན་གྱི་གཡུལ་བཟློག་ལ། ལྷ་རྣམས་རྒྱལ་བར་གྱིས་ཤིག །ཅེས་བསྒོའོ། །དེར་མགོན་པོ་མ་ཧཱ་ཀཱ་ལས་རི་རབ་ཀྱི་ཟོམ་ལ་བྱོན་ནས། ཙནྡན་གྱི་བེར་ཀ་ཆེན་པོ་ལན་གསུམ་བརྡབས་ཏེ་ཚིགས་སུ་བཅད་པ་བཞི་འདི་གསུངས་སོ། །ལྷ་རྣམས་རྒྱལ་བར་གྱུར་ཅིག་ལྷ་མིན་རྒྱལ་མ་གྱུར། ཆོས་རྣམས་རྒྱལ་གྱུར་ཆོས་མིན་རྒྱལ་མ་གྱུར། །དྲང་སྲོང་རྒྱལ་གྱུར་མུ་སྟེགས་རྒྱལ་མ་གྱུར། །མི་རྣམས་རྒྱལ་གྱུར་མི་མིན་རྒྱལ་མ་གྱུར། །ཅེས་ཚིགས་སུ་བཅད་པ་བཞི་པ་བརྗོད་པས། ལྷ་མ་ཡིན་གྱི་གཡུལ་བཟློག་གོ། །དེའི་ཕྱིར་ན་ཆགས་ཚུལ་དབང་མཛད་དཀའ་ཟློག་མ་ཞེས་བྱའོ། །སྔོན་འདོད་ཆགས་ཆེ་ཡང་ད་ལྟ་ལོག་པའི་སྐྱོན་དང་བྲལ་བས། ཆགས་པའི་སྐྱོན་བྲལ་ལྷ་ཆེན་ར་ཏྲི་མ། །ཞེས་བྱ་སྟེ། ལྷ་ཆེན་མོ་ཞེས་བྱའོ། །ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ། །ཞེས་པ་འདི་ནི། འཁོར་ལོ་ནག་པོ་གསོད་རྐྱེན་གྱི་ཆུང་མ་སྟེ། འཁོར་བའི་ཆོས་འདི་ལྟ་བས་འཁོར་བའི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་མཁྱེན་པས། རྟོགས་མཁྱེན་མ་ཞེས་བྱའོ། །འབྲེལ་བའི་སྙིང་རྗེས་འཇིག་རྟེན་ཀུན་ལ་རྟོག །ཅེས་པ། བདེ་བར་གཤེགས་པའི་སྙིང་རྗེས་སེམས་ཅན་གྱི་དོན་དང་འབྲེལ་བས། མོའི་སྙིང་རྗེ་ཡང་དེ་དང་འདྲ་སྟེ་སྙིང་རྗེས་འཇིག་རྟེན་ཀུན་ལ་རྟོག་ཅེས་བྱའོ། །ཕྲིན་ལས་རྒྱ་མཚོས་སྒྲོལ་བའི་བཞེད་ཆེན་ཅན། །ཞེས་པ། འཁོར་ལོ་ནག་པོ་གསོད་སྐྱོན་གྱི་ཕ་ལྷ་མ་ཡིན་གྱི་རྒྱལ་པོ་ཀྱེ་ཧེ་ར་ན་ཀྱེ་ཤུ་ངས་བསད་པས་དེའི་ཕྱོགས་སུ་ཕ་ཤ་ལེན་པའི་ཕྱིར་གཅོད་པའི་འཁོར་ལོ་ཐོགས་ནས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཕྱོགས་སུ་གསོད་པའི་ལས་ལ་ཞུགས་པས། སྒྲོལ་བ་མ་སྐྱེས་པའི་དབྱིངས་སུ་སྒྲོལ་བས་སྒྲོལ་བའི་བཞེད་ཆེན་ཞེས་བྱའོ། །ཕྱག་མཚན་ཙཀྲ་ནི་འཁོར་བའི་རྒྱུན་གཅོད་ལ་ཕྲིན་ལས་དྲག་པོའི་འགྲོ་བའི་དོན་མཛད་པས། འཁོར་བའི་རྒྱུན་གཅོད་དྲག་པོ་བེ་སྣ་བེ། །ཞེས་བྱ་སྟེ་གསོད་བྱེད་མའོ། །འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན། །ཞེས་པ་འདི་ནི་གཞོན་ནུ་སྨིན་དྲུག་གི་ཆུང་མ་སྟེ། འདི་ལྟ་བས་ནི་ཆོས་ཐམས་ཅད་མི་རྟག་པའི་དྲིལ་བུའི་སྒྲ་ལྟར་མཁྱེན་པའི་མཁྱེན་ཞེས་བྱའོ། །རྟག་པར་གཞོན་ཚུལ་འཁོར་བར་ཇི་སྲིད་བཞུགས། །ཞེས་པ་མ་ཧཱ་དེ་བ་ལ་བུ་མང་པོ་ཡོད་པ་ཀུན་རྒན་ཏེ། གཞོན་ནུ་བཞི་ཞིག་བྱིན་གྱིས་བརླབས་ཏེ་གཞོན་ནུ་ཀརྟི་ཀ་དང་། གཞོན་ནུ་ལོག་གཞོན་དང་། གཞོན་ནུ་དགེ་བྱེད་དང་། གཞོན་ནུ་སྨིན་དྲུག་དང་བཞིའོ། །དེ་ལ་གཞོན་ནུ་སྨིན་དྲུག་འདི་ནི་མ་ཧཱ་དེ་བའི་འདོད་པའི་ཁུང་བུ་ནས་ལྷུངས་པས་བརྒྱ་བྱིན་ལྷའི་དབང་པོ་རི་རབ་ཀྱི་རྩེ་ལ་འདུག་པའི་སྤྱི་བོར་བབས་བརྒྱ་བྱིན་གྱི་ལག་པས་བྱིབས་ནས་འཕངས་པ་དང་། ལྷ་མོ་དྲུག་ར་ན་ལྷའིི་རས་ཀ་ཤི་ཀ་འཐག་པ་ལ་ཕོག་སྟེ་བུད་མེད་དྲུག་འདོད་པ་གཡོས་པ་ལས་བུའི་ས་བོན་དུ་ཆགས་ཏེ། བུ་མགོ་བོ་དྲུག་ལུས་པོ་གཅིག་ཡོད་པ་ཞིག་ཡུམ་ལ་བཙལས་ཏེ་མིང་ཡང་གཞོན་ནུ་སྨིན་དྲུག་ཏུ་བཏགས་སོ། །དེའི་ཆུང་མ་ཡིན་པས་རྟག་པར་སྐུ་གཞོན་ཚུལ་གྱིས་འགྲོ་བའི་དོན་མཛད་པས། ཇི་སྲིད་བཞུགས་ཞེས་བྱའོ། །ཕྱག་ན་མདུང་ཐུང་གཅིག་བསྣམས་པ་ནི་ཡང་དག་པའི་ཡེ་ཤེས་མདུང་དང་འདྲ་བས་ཉོན་མོངས་པ་ཕུག་པ་དང་འདྲ་བ་འབིགས་པས། ཉོན་མོངས་ཐ་བ་འབིགས་པའི་མདུང་ཐུང་འཕེན། །ཞེས་བྱའོ། །གཞོན་ནུར་སྨིན་དྲུག་གི་ཆུང་མ་ཡིན་ལ། །སྙིང་རྗེ་ཆགས་པས་འགྲོ་བའི་དོན་མཛད་པའི་རྟགས་སུ་སྐུ་མདོག་ཀྱང་དམར་སེར་སྟོན་པས་ཆགས་པའི་ཚུལ་གྱིས་དབང་མཛད་ཀ་རི་མ། ཞེས་བྱ་སྟེ། གཞོན་ནུ་མའོ། །རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད། །ཅེས་པ། བརྒྱ་བྱིན་ལྷའི་དབང་པོའི་ཆུང་མ་ཡིན་ཏེ་བརྒྱ་བྱིན་ལྷ་ཡི་དབང་པོས་ནི་རི་རབ་ཀྱི་རྩེ་མོར་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷའི་གྲོང་ཁྱེར་ལྟ་ན་སྡུག་དང་ཁང་བཟང་རྣམ་པར་རྒྱལ་བ་དང་། ཆོས་བཟང་ལྷའི་འདུན་ས་དང་། ཚལ་ཆེན་པོ་བཞི་དང་། རྫིང་བུ་ཆེན་པོ་བཞི་དང་། རིན་པོ་ཆེའི་ཐུང་བུ་བཏང་བ་བཞི་དང་། ཤིང་གི་རྒྱལ་པོ་ཡོངས་འདུ་ས་རྟོལ་དང་། རྡོ་ཨར་མོ་ལི་ག་དང་། གླང་པོ་ཆེ་ས་སྲུངས་ཀྱི་བུ་རབ་ཏུ་བརྟན་པ་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་དང་། དེ་རྣམས་ལ་དབང་བྱེད་པས། ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་ཞིང་། །ཞེས་བྱའོ། །མོས་ཀྱང་དེ་རྣམས་ལ་དབང་བྱེད་དོ། །མཆོད་སྦྱིན་རྒྱས་མཛད་མི་དམིགས་སྐུ་མདོག་དཀར། །ཅེས་པ་ནི་བརྒྱ་བྱིན་ལྷའི་དབང་པོས་སྐྱེ་བ་བརྒྱ་ལ་མགོ་བོ་བརྒྱ་སྦྱིན་པར་བཏང་ནས་མཆོད་སྦྱིན་རྒྱ་ཆེན་མཛད། ཅེས་བྱ་ལ། དེ་བཙུན་མོ་ཤི་ཙ་ཀ་ལོ་དམིགས་པ་ཟིན་པས་མཚན་མའི་དབང་ཁར་མ་གྱུར་ཅིང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་མི་དམིགས་སྐུ་མདོག་དཀར་ཞེས་བྱའོ། །ཕྱག་ན་རྡོ་རྗེས་སྡོང་པོ་གཅིག་བསྣམས་པས་ར་ཕྱིར་གྱེད་པ་བཞི་ལ། རྡོ་རྗེ་ཕྲ་མོའི་ཐོག་དང་སེར་བ་གློག་དང་ལྕེ་དམར་པོ་འབེབས་པ། ལྷ་མ་ཡིན་གྱི་གཡུལ་ལས་ཟློག་པར་བྱེད་པ། ཕྲིན་ལས་རྣམ་པ་བཞིས་མ་སྐྱེས་པའི་དབྱིངས་སུ་གསོད་པར་མཛད་པས། གསོད་བྱེད་རྡོ་རྗེ་ལྕེ་འབེབས་ཨིནྡྲ་མ། །ཞེས་བྱ་སྟེ་བརྒྱ་བྱིན་མའོ། །ཆགས་པའི་ཚུལ་གྱིས་དོན་མཛད་སྐུ་མདོག་དམར། ཅེས་བྱ་སྟེ། འདི་ཁྱོ་མེད་མ་ཡིན་ཏེ། ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་ཀུན་གྱི་བྱི་མོ་ཡིན་པས། སྐུ་མདོག་དཀར་ཟངས་མ་ལ་ཚངས་གཏོར་མ་དང་འདྲ་སྟེ། དམར་མོ་ལ་ཐིག་ལེ་ལྗང་གུ་ཡོད་ལ། བྷནྡྷ་སྣོད་ཅེས་པ། བྷནྡྷ་ཕྱིའི་སྣོད་ཀྱི་འཇིག་རྟེན་ལ། རཀྟ་ནང་བཅུད་ཀྱི་འཇིག་རྟེན་ཡིན་པས་སྣོད་བཅུད་དུས་གཅིག་ཏུ་དཀྲུགས་ནས་ཞལ་དུ་གསོལ་བས། ཉོན་མོངས་པའི་རྒྱུ་དུག་གསུམ་ཟད་བྱེད་མ་ཞེས་བྱའོ། །དུག་གསུམ་ཟད་པར་མཛད་པས་ཐུགས་དམ་སྐོང་སྟེ། སྡུག་བསྔལ་དབྱིངས་སུ་སྐོང་མཛད་སིང་ག་ལམ། །ཞེས་བྱའོ། །སེམས་ཅན་འདུལ་ཐབས་ཁྲོ་མོ་མཆོག་་ཏུ་མཁྱེན། །ཞེས་པ་འདི་ནི་གཟའ་ཉི་མའི་ཆུང་མ་སྟེ། འདི་ཡང་ལྟ་བས་ནི་སེམས་ཅན་ཐམས་ཅད་དྲག་ཤུལ་གྱིས་འདུལ་བར་མཛད་པས་མཆོག་ཏུ་མཁྱེན་ཞེས་བྱའོ། །མུན་སེལ་སྒྲོན་འབར་ཞེས་པ། ཉི་མས་ནི་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་ལ། ཉི་མའི་རྣ་ཆ་ལས་བདུད་རྩི་འཛག་པ་སེམས་ཅན་གྱི་གསོས་སུའང་འགྱུར་ལ། དོན་དམ་པར་ཡེ་ཤེས་ཀྱི་ཉི་མས་མ་རིག་པའི་མུན་པ་སེལ་བར་བྱེད་ལ། ཐུགས་རྗེའི་བདུད་རྩིས་སྡུག་བསྔལ་གྱི་ནད་སོས་བར་བྱེད་ལ། ནད་སོས་མཛད་ཅེས་བྱའོ། །འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང་། ཞེས་པ་འཁོར་བ་འདམ་རྫབ་དང་འདྲ་བའི་ནང་ནས་སྐུ་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་ཀྱང་པདྨ་འདམ་སྐྱེས་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་ཕྱག་ན་པདྨ་གཅིག་བསྣམས། ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲྀ་ཏམ། །ཞེས་པ་ཉི་མའི་ཆུང་མ་ཡིན་པས་སྐུ་མདོག་དམར་པོར་སྟོན་པས། ཡང་དག་པའི་འདོད་ཆགས་ཀྱིས་སེམས་ཅན་གྱི་དོན་མཛད་ཀྱང་ལོག་པའི་འདོད་ཆགས་དང་བྲལ་བས་སྐྱོན་བྲལ་ཞེས་བྱ་ལ། ཨ་མྲྀ་ཏམ་ཞེས་བྱ་སྟེ་བདུད་རྩི་མའོ། །ཞི་བའི་ལས་ནི་གསོད་པའི་མཆོག །ཅེས་པ། འདི་གཟའ་ཟླ་བའི་ཆུང་མ་ཡིན་ཏེ། འདིའི་ལྟ་བ་ནི། སེམས་ཅན་ཐམས་ཅད་ཞི་བའི་ལས་ཀྱིས་འདུལ་བ་མཁྱེན་པས་ཞི་བའི་བྱང་སེམས་དཀར་མོའི་སྐྱེ་བོ་ཆོས་ཅན་མ་སྐྱེས་པའི་དབྱིངས་སུ། གསོད་པས་མཆོག་ཏུ་མཁྱེན་ཞེས་བྱའོ། །ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ། །ཞེས་པ། ཟླ་བ་ནི་ཉ་བ་ལ་ཕྱག་མི་བྱེད་པར་ཚེས་པ་ལ་ཕྱག་བྱེད་པ་དེ་ཟླ་བ་ཡར་མར་འགྲིབ་པ་ཡིན་ལ། ཚེས་པ་ལ་ནི་སྐྱེ་བས་ཟླ་བའི་དཀྱིལ་འཁོར་གང་ཞིང་རྒྱས་པར་བྱེད་པས། དེ་ལ་ཕྱག་བྱེད་པ་དང་འདྲ་བར། ཟླ་བ་ཚེས་ནས་སྐྱེས་པ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་ཆེ་བའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ཆ་ཤས་མཐར་ཕྱིན་སྐུ་ཞེས་བྱའོ། །གདུང་བའི་ནད་སེལ་ཞེས་པ། ཉིན་པར་ཉི་མས་བསྲེགས་པ་ཐམས་ཅད་ནུབ་མོ་ཟླ་བས་བསིལ་ཞིང་རླན་པ་དང་འདྲ་བར་ཉོན་མོངས་པའི་ཚ་བས་གདུང་བ་ལ་ཟླ་བ་བྱང་ཆུབ་སེམས་ཀྱིས་བརླན་ཅིང་བསིལ་བར་བྱེད་པས་ནད་སེལ་ཅེས་བྱ་ལ། འཇིག་རྟེན་སྒྲོལ་མཛད་ཅིང་། ཞེས་པ། སེམས་ཅན་སྙིང་རྗེའི་ཕྲིན་ལས་ཀྱིས་སྒྲོལ་བའི་དུས་ལ་བབ་ཙམ་ན། གདན་མཆོག་ཐམས་ཅད་སྟོང་བྱེད་ས་མྱ་མ། །ཞེས་བྱ་སྟེ། ཟླ་བའི་མཎྜལ་གྱི་སྟེང་དུ་བཞག་སྟེ་ཡྃ་ལས་རླུང་གི་དཀྱིལ་འཁོར་གྱིས་བཏེག་སྟེ་འོག་མིན་གྱི་གནས་སུ་སྤོར་བས། སྒྲོལ་མཛད་ཅིང་ཞེས་བྱའོ། །དེ་བས་ན་སོ་མེ་མྱ་ཞེས་བྱ་སྟེ་ཞི་བ་མའོ། །དབྱུག་པས་གསོད་པ་འདྲ་བས་གཞན་མེད་མཁྱེན། །ཞེས་པ། འདི་གཟའ་སྤེན་པའི་ཆུང་མ་ཡིན་ཏེ། འདི་ལྟར་བས་ཀྱང་སེམས་ཅན་ཐམས་ཅད་དྲག་ཤུལ་གྱི་དབྱུག་པས་འདུལ་བར་མཁྱེན་ལ། ཐམས་ཅད་མ་ལུས་ཕྲིན་ལས་ལྗང་གུའི་མདོག །ཅེས་པས། ཕྲིན་ལས་དྲག་པོས་འགྲོ་བའི་དོན་མཛད་པའི་རྟགས་སུ་སྐུ་མདོག་ཀྱང་ལྗང་ནག་ཏུ་བསྟན། ནན་དབང་དྲག་ཤུལ་མཆོག་གི་དབྱུག་ཐོ་བསྣམས་ཞེས་པ། ནན་གྱི་དབང་བྱེད་དྲག་ཤུལ་གྱིས་མཛད་པའི་རྟགས་སུ་ཕྱག་ན་ཡང་བེ་ཅོན་གྱི་དབྱུག་པ་གཅིག་བསྣམས་ལ། དྲེགས་བྱེད་སྤྱི་ནས་འཇོམས་པའི་ད་ན་ཧཾ། །ཞེས་བྱ་སྟེ་འཇོམས་བྱེད་མའོ། །ལོག་པར་ལྟ་བ་འཇིགས་བྱེད་སྤྱན་གྱི་མཆོག །ཅེས་པ་འདི་ནི། མིག་དམར་གྱི་ཆུང་མ་ཡིན་ཏེ། གཟའ་སྲིན་པོ་མིག་དམར་གྱི་ནི་མིག་ལ་དུག་ཡོད་པས་གང་ལྟར་བལྟ་བ་ཐམས་ཅད་འཆི་བར་བྱེད་ལ། དེའི་ཆུང་མས་ཀྱང་གང་ལ་བལྟས་པ་འཆི་བར་བྱེད། དེ་བཞིན་གཤེགས་པས་སེམས་ཅན་བྱིན་གྱིས་བརླབས་ནས་ལོག་པར་ལྟ་བའི་དྲེགས་བྱེད་ཐམས་ཅད་ནི་འཆི་བར་བྱེད་ལ། ཡང་དག་པའི་ལྟ་བ་ནི། མཚོ་ལ་སྤྱད་པས་སྤྱན་གྱི་མཆོག །ཅེས་བྱའོ། །སྐྱེ་བ་འཕྲོག་བྱེད་ཅེས་པ་ཕྱག་ན་བྷནྡྷ་རཀྟ་དམར་གྱིས་བཀང་བ་བསྣམས་པ། འཁོར་བའི་རྒྱུ་ཆེས་གསང་བའི་གནས་སྐམ་པའི་ཕྱིར། ཁྲག་མཚོ་གསོལ་ཅེས་བྱས། ལས་མཛད་ཆགས་ཚུལ་གསེར་གྱི་རྐེད་ཆིངས་ཅན། །ཞེས་པ། དཔེ་ན་མི་ལས་བྱེད་སྐེ་རགས་བསྡོམས་པ་དང་འདྲ་བར་ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་པའི་རྟགས་སུ་གསེར་གྱི་རྐེད་ཆིངས་གཅིག་འཆིང་ལ། དྲག་མོ་རྔམས་ཚུལ་གློག་འགྱུར་རཀྴ་སཱི། །ཞེས་པ་སྲིན་མོ་ཞེས་བྱའོ། །ཕྲེང་བ་རྒྱན་གྱི་ནང་དུ་མཆོག་ཏུ་མཛེས། །ཞེས་པ་འདི་ནི་མ་ཧཱ་ཀཱ་ལའི་ཆུང་མ་ཡིན་ཏེ། རྒྱན་ཐམས་ཅད་ཀྱི་སྟེང་ན་ཕྲེང་བ་དཀར་པོ་གཅིག་ཐོགས་ནས། ཕྲེང་བ་ནི་སྙིང་རྗེ་རྒྱུན་མི་འཆད་པའི་རྟགས་ཡིན་ལ། དཀར་བ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པས་མཛེས་ཞེས་བྱའོ། །སྙིང་རྗེའི་རྒྱུན་སྐད་བ་སུ་ཞགས་པ་ཡིས། ཆགས་མེད་ཞིང་དུ་ཁམས་གསུམ་འདྲེན་མཛད་མ། ཞེས་བྱ་བ་ཕྱག་ན་བ་སུ་ཏའི་ཞགས་པ་གཅིག་བསྣམས་ཏེ། སྙིང་རྗེ་རྒྱུན་མི་འཆད་པའི་ཞགས་པ་ཡིན་པས། ཁམས་གསུམ་འཁོར་བའི་སེམས་ཅན་ཆོས་ཉིད་ཀྱི་དབྱིངས་སུ་འདྲེན་པར་མཛད་པས་འདྲེན་མཛད་ཅེས་བྱའོ། །རྒྱུན་གྱི་ཐུགས་རྗེས་སྒྲོལ་མཛད་བག་ཤ་སི། །ཞེས་བྱ་སྟེ་ཟ་བ་མའོ། །འཚོག་པའི་དབྱུག་པས་ཆད་པའི་མཆོག་ཏུ་མཁྱེན། །ཞེས་པ་འདི་ནི་རྣམ་ཐོས་སྲསཀྱི་ཆུང་མ་ཡིན་ཏེ། འདི་ནི་ལྟ་བས་ཀྱང་སེམས་ཅན་བཀའ་མི་ཉན་པ་ཐམས་ཅད་དབྱུག་པས་འཚོག་ཅིང་ཆད་པས་བཅད་པས་འདུལ་བའི་མཆོག་ཏུ་མཁྱེན་ཏེ་མཁྱེན་ཞེས་བྱའོ། །གཏུན་བུས་གདུག་པས་མ་ལུས་འཇོམས་མཛད་ཅིང་། །ཞེས་པ་ཕྱག་ན་གཏུན་བུ་གཅིག་བསྣམས་པས་ཀྱང་སེམས་ཅན་འཇོམས་པར་བྱེད་ན། དོན་དམ་ན་བཛྲ་ཡེ་ཤེས་ཀྱི་གཏུན་གྱིས་ཉོན་མོངས་པ་འཇོམས་པར་བྱེད་པས་འཇོམས་མཛད་ཅིང་ཞེས་བྱའོ། །ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ། །ཞེས་པ། རྣམ་ཐོས་སྲས་ནི་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ཡིན་ཏེ་ནོར་ལ་དབང་བས། མོ་ཡང་དབང་བའི་རྟགས་སུ་ལག་ན་རིན་པོ་ཆེའི་སྒྲོན་མ་གཅིག་བསྣམས་པས་ཏིང་ངེ་འཛིན་ཞེས་བྱའོ། །སྟོང་གསུམ་ནོར་གྱིས་རྒྱས་མཛད་ར་ཏི་མ། །ཞེས་བྱ་སྟེ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཆེ་བའི་ཡོན་ཏན་མི་ཟད་པའི་གཏེར་འབྱིན་པས་ར་ཏི་མ་ཞེས་བྱ་སྟེ་ནོར་ལྷ་མའོ། །ར་རོ་འདྲ་བས་དཔའ་བོ་གཞན་མེད་མཁྱེན། །ཞེས་པ་འདི་ནི་ལྷ་སྟོབས་བཟང་གི་ཆུང་མ་ཡིན་ཏེ། སྟོབས་བཟང་གིས་ནི་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་པའི་ཕྱིར་ཁོ་ཡང་ཞབས་འབྲིང་དུ་འགུམ་པར་དམ་བཅས་པ་ལས། དེ་གཉིད་ལོག་པའི་བར་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཀྱི་ཧུད་ཀྱི་སྒྲ་བྱུང་བ་ཁོས་མ་ཐོས་པར་ཆུང་མས་ཐོས་ནས། ཆུང་མས་འབྲས་ཆང་ས་བོན་ཉིང་སིང་མང་པོ་བྱས་ནས་ཁོ་ལངས་མ་ཐག་ཆང་ལ་མོ་བླུད་ནས་ར་རོ་སྟེ་མྱོས་ནས་འགྱེལ་བས་གྲུབ་པར་མ་གྲུབ་སྟེ་ཤོལ་བས། ལྟ་བ་ཡང་ར་རོ་བས་དཔའ་བ་མེད་པར་བལྟས་སོ། །གཞན་མེད་མཁྱེན། ཞེས་བྱའོ། །ཆོས་རྣམས་གཉིས་མེད་དོན་རྟོགས་རྟག་ཏུ་མྱོས། །ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱང་ར་རོ་བ་བཞིན་དུ་གཉིས་སུ་མེད་པ་ཆོས་ཉིད་ཀྱི་དབྱིངས་ལས་མི་གཡོ་བར་རྟོགས་ནས། རྟག་ཏུ་མྱོས། ཞེས་བྱའོ། །ཉོན་མོངས་ཐ་བ་རློག་མཛད་བཤོལ་བསྣམས་ཤིང་། །ཞེས་པ། ཉོན་མོངས་པའི་སེམས་ཅན་གྱི་ཞིང་ཐ་བ་དང་འདྲ་བ་ལ་སྙིང་རྗེ་ཐོང་གཤོལ་འདྲ་བས་རྨོས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་མཛད་པས། དགེ་བའི་ལོ་ཏོག་སྨིན་མཛད་རུ་ཏི་ར་མཱརྟ། ཞེས་བྱ་སྟེ་ར་རོ་མའོ། །བསྟན་པས་གཞན་རྣམས་འཕམ་བྱེད་དཔའ་མོའི་ཚུལ། ཞེས་པ་འདི་ནི་བྷྲིང་གི་རི་ཏིའི་ཆུང་མ་ཡིན་ཏེ། ལྷ་ཆེན་པོ་ལྟ་བ་རང་ཀ་མས་ཀྱང་། བསྟན་པ་ཙམ་གྱིས་གཞན་ཕམ་མོ། །ཞེས་བྱ་སྟེ་བགེགས་རང་གི་སེམས་ལ་ལྡང་ངོ་། །སེམས་མི་འཇོག་ཅིང་བསྟན་པ་ཙམ་གྱིས་བདག་རྒྱལ་ཞིང་བགེགས་གཞན་འཕམ་པར་བྱེད་པས། དཔའ་བོ་མཆོག་ཅེས་བྱའོ། །མ་ལུས་གསོད་ཅེས་པ་བྷྲྀང་གི་རི་ཏིས་ནི་ཐམས་ཅད་གསོད་པའི་ལས་ལ་འཇུག་པས་མ་མེ་གསོད་པའི་ལས་བྱེད་མ་སྟེ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་སྐྱེ་བའི་ཆོས་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་གསོད་པའི་ལས་ལ་འཇུག་པས་འཇུག་མཛད་ཅིང་ཞེས་བྱའོ། །སྙེམས་པ་མི་མངའ་འགྲོ་དོན་གཅིག་ཏུ་སྤྱོད། །ཅེས་པ། བྷྲྀང་གི་རི་ཏི་ནི་མ་ཧཱ་དཱེ་ཝའི་བུ་ཡིན་ཏེ། ཕ་མ་གཉིས་མིག་མང་བྱེད་པའི་དྲུང་ན་འདུག་པ་དང་། ཁོས་ཕ་ལ་བསྟན་ཅིང་མ་ལ་མ་བསྟན་པས་ཕ་ནི་རྒྱལ་མ་ནི་ཕམ་པ་དང་མ་མ་དགའ་ནས་བུ་ལ་འཁངས་ཏེ། བུ་དེ་མིན་ཁ་རོག་འདུག་ན་ཅི་ཉེས། དེ་མིན་ན་རེས་འགའ་མཉམ་པོ་ཙམ་དུ་བསྟན་པས་ཆོག །མ་ཐད་ཀར་ཕམ་དུ་འཇུག་པ་ཅི་བྱས་ཞེས་བྱས་ཏེ་འཁངས་པས། འོ་ན་མའི་བཀའ་དྲིན་འདི་ལས་མ་མཆིས་ཟེར་ནས་ཤ་བསགས་ནས་མའི་དྲུང་དུ་སྤུངས་ཏེ་རུས་ལ་ཀྱེང་ཐོག་གཅིག་ཏུ་སྤྱད་པས་གཅིག་པུ་སྤྱོད་ཅེས་བྱའོ། །གསོད་བྱེད་དྲལ་མཛད་ཨེ་ཀ་ཙ་ར་མ། །ཞེས་བྱ་སྟེ། མ་སྐྱེས་པའི་དབྱིངས་སུ་གསོད་པའི་རྟགས་སུ་ཕྱག་ན་སྤུ་གྲི་གཅིག་བསྣམས་པས་ཨེ་ཀ་ཙ་ར་མ་ཞེས་བྱ་སྟེ་གཅིག་པུ་སྤྱོད་མའོ། །བུད་མེད་ཆགས་ཚུལ་འགྲོ་བ་དབང་དུ་སྡུད། །ཅེས་པ་འདི་ནི་བདུད་ཀ་མ་དེའི་ཆུང་མ་ཡིན་ཏེ། ཀ་མ་དེ་བས་ནི་ལྷ་མོ་གང་ཡིད་དུ་འོང་བ་ལ་མེ་ཏོག་གི་མདའ་འཕངས་པས་ཕོག་མ་ཐག་ཏུ་རང་དབང་མེད་པར་ཁོའི་དབང་དུ་འོང་ངོ་། །མོས་ཀྱང་ལྷ་ཕྲན་གང་སྙིང་དུ་སྡུག་པ་ལ་མེ་ཏོག་འཕངས་པས་ཕོག་མ་ཐག་ཏུ་དབང་དུ་འོང་ངོ་། །གཞུང་ལས་ཀྱང་། མདའ་ཡང་ནི་གཞུ་གང་སྟེ། གཞུ་ཡང་ནི་མེ་ཏོག་ཡིན། མི་རྣམས་གང་ལ་ཕོག་ཆགས་པས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཅེས་བྱའོ། །ཐམས་ཅད་མ་ལུས་འགུགས་པར་བྱེད་པས་དགེ་བའི་ལས་ཞེས་བྱ་སྟེ། ལྷ་མོ་འདིས་མེ་ཏོག་གི་མདའ་གང་ལ་འཕངས་ཀྱང་འཁོར་བའི་ཡིད་ཕྲོགས་ནས་བྱང་ཆུབ་ཀྱི་ལམ་དུ་འཛུད་པར་བྱེད་ལ། མེ་ཏོག་གི་མདའ་བུདྡྷ་ལ་འཕངས་པས་ཀྱང་ཐུགས་དམ་གྱི་རྒྱུད་འགྲོ་བའི་དོན་ལ་བསྐུལ་མར་མཛད་པས་ཡིད་ཕྲོག་ཅིང་ཞེས་བྱའོ། །ཐུགས་རྗེ་ཆེན་པོ་མ་ནོ་ཧ་ར་མ། །ཞེས་བྱ་སྟེ་འདོད་ལྷ་མའོ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་པས་མཁྱེན། །ཞེས་པ་དབང་ལྡན་གྱི་ཆུང་མ་ཡིན་ཏེ། འདིའི་ལྟ་བས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་རྒྱུ་ནི་འདོད་ཆགས་ཡིན་ལ། འདོད་ཆགས་ཀྱི་སྐྱོན་ནི་ཁྲག་ཡིན་ལ་ཁྲག་འཐུངས་པས་འདོད་ཆགས་ཟད་པར་བྱའོ་སྙམ་མོ། །གདོན་རྣམས་ཞེས་པ། ཕྱོགས་སྐྱོང་ལས་དབང་ལྡན་ནི་འབྱུང་པོའི་གདོན་འཁོར་ཐམས་ཅད་ལ་དབང་བསྒྱུར་བས་མོས་ཀྱང་དབང་བསྒྱུར་དེ་བས་གདོན་རྣམས་ལ་དབང་བསྒྱུར་བས་ཕྲིན་ལས་ཀྱི་རྦོད་གཏོང་མཛད་དོ། །མི་བཟད་ཅེས་པ། དབང་ལྡན་གྱིས་ནོར་ཕྱུགས་སྤེལ་ཞེས་བྱ་སྟེ། ནོར་ལ་དབང་བྱེད་པས་མོས་ཀྱང་ནོར་ལ་དབང་བྱེད་པའི་རྟགས་སུ་ཕྱག་ན་ནོར་གྱི་བུམ་པ་གཅིག་བསྣམས་སོ། །སྡུག་བསྔལ་རེ་སྐོང་ཐག་ཐུག་སི་ཏི་ཀ །ཞེས་པ། སེམས་ཅན་ནོར་གྱི་སྡུག་བསྔལ་གྱིས་ཕོངས་པ་རྣམས་ལ་རེ་འདོད་ཀྱང་བསྐང་བའི་ཕྱིར་ནོར་གྱི་བུམ་པ་འཛིན་ལ། ཐུག་མེད་ཅེས་བྱ་བ་ནི། ཡོ་བྱད་བཞིན་བཟང་ལེགས་ཞེས་པ་ཁྱོས་ཐད་ཀར་དང་སྙིང་སྦྱར་ནས་གཏོང་དུ་མ་བཏུབ་པ་ལས། མོས་མི་སྡུག་པ་བྱས་ནས་ལུས་ཐག་ཐུག་ཡ་ཡོ་ཙག་ཙོག་མིག་སླ་སླེ་བྱས་པ་དང་། ཁོ་ཁྲོས་ནས་མོ་ལ་དམོད་བོར་བ། ངས་ཀྱང་ལོག་པར་ནི་མ་བསམས། ཁྱོད་ལ་མཉེས་བྱ་བའི་ཕྱིར་སྦྱར་ནས་བཏང་བ་ཡིན་ན། ཁྱོད་ང་མ་འདི་ཙུག་བྱེད་པ། ཁྱོད་ཀྱང་ཐད་ཀར་དེ་ཙུག་གྱུར་ཅིག་ཅེས་སྨྲས་པ་དང་། མོ་ཐད་ཀར་དེ་ཙུག་གྱུར་པས་ཐག་ཐུག་ཅེས་བྱ་ལ། སི་ཏི་ཀ་ནི་ནོར་ལྷའི་ཆུང་མ་ལ་བྱའོ། །རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག །ཅེས་པ་འདི་ནི་རླུང་ལྷའི་ཆུང་མ་ཡིན་ཏེ། སེམས་ཅན་གྱི་སྲོག་ནི་དབུགས་ཡིན། དབུགས་ནི་རླུང་ཡིན། རླུང་ལ་མངའ་མཛད་པས་རླུང་ལྷ་ཡིན། སྲིད་གསུམ་ཞེས་པ། སེམས་ཅན་ཐམས་ཅད་ཀྱི་ཁོང་ན་ཨུ་ཏ་ཞེས་བྱ་བའི་རླུང་གཅིག་ཡོད་པ་དེས་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་བྱེད་པས་སྲོག་འཛིན་པར་བྱེད་ལ། སྒོ་ལྔ་དབང་པོ་རིག་པས་ཀྱང་སྒོ་ལྔའི་རྣམ་པར་ཤེས་པ་གསལ་བར་བྱེད་ཀྱང་ཚེ་འཕེལ་ཅེས་བྱའོ། །བདེ་གཤེགས་ཞེས་པ། བདེ་བར་གཤེགས་པ་ཐམས་ཅད་ཕྲིན་ལས་ཀྱི་རྒྱུ་གཅིག །བསྐལ་པའི་རླུང་ཆེན་པོ་དང་འདྲ་བར་མོས་བསྐྱོད་ཅིང་མཛད་ལ། དེའི་རྟགས་སུ་ཕྱག་ནའང་རླུང་གཡབ་ཀྱི་བ་དན་གཅིག་དང་། རླུང་རས་ཀྱི་སྒྱེའུ་གཅིག་ཀྱང་བསྣམས་སོ། །སེམས་ཅན་ཐམས་ཅད་སོ་སོའི་གནས་ནས་བསྐྱོད་པར་མཛད་པས། ཁམས་གསུམ་གནས་བསྐྱོད་མཛད་མ་བ་ཡ་བེ། ཞེས་བྱའོ། །སྙིགས་མ་ལྔ་ལྡན་ལྔ་བརྒྱ་ཐ་མ་ལ། །ཞེས་པ་འདི་ནི་བདུད་ཀྱི་ཆུང་མ་ཡིན་ཏེ། སྙིགས་མ་ལྔ་ཞེས་པ་ནི། བསྐལ་པའི་སྙིགས་མ་སྟེ། མ་ཐོག་རིང་མོ་ཀུན་ལ་བྱ། །དུས་ཀྱི་སྙིགས་མ་སྟེ་ལྔ་བརྒྱའི་ཐ་མ་ལ་བྱ། ཚེའི་སྙིགས་མ་སྟེ་ཚེ་ལོ་བཅུ་པ་ལ་བྱ། གོས་ཀྱི་སྙིགས་མ་སྟེ་སྐྲའི་ལྭ་བ་གོན། ཟས་ཀྱི་སྙིགས་མ་སྟེ་ཁྲེ་རྒོད་དང་ཀོ་ཁྲབ་པ་ཟ་བས་ལྔ་ལྡན་ཞེས་བྱ་ལ། དེ་ཙམ་ན་སེམས་ཅན་གྱི་ལས་སུ་ནི་གསོད་གཅོད་བྱེད་ལ། ནམ་མཁའ་ལས་ཀྱང་མཚོན་ཆའི་ཆར་པ་བབས་ནས་སེམས་ཅན་དམྱལ་རྡོ་བས། དེ་ཙམ་ན་སེམས་ཅན་ཐམས་ཅད་གསད་པ་ཉི་ཚེ་བས་འདུལ་བར་མཁྱེན་པས་སེམས་ཅན་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་གསོད་པས་ཕྱག་ན་ཡང་རལ་གྲི་གཅིག་བསྣམས་ཏེ་གསོད་པའི་ལས་མཛད་པས། སྡུག་བསྔལ་དབྱིངས་སུ་གསོད་མཛད་མ་ར་ན། །ཞེས་བྱའོ། །གཟི་བརྗིད་ཅེས་པ་འདི་ནི་མེ་ལྷའི་ཆུང་མ་ཡིན་ཏེ། མོས་ནི་སེམས་ཅན་གྱི་སྐྲག་འབྱིན་ཞིང་གཟི་བརྗིད་སྐྱེ་བར་བྱེད་ལ། འབར་བ་མཆོག་གིས་གདུག་པ་མ་ལུས་བསྲེག །ཅེས་པ། དཔེར་ན་བསྐལ་པའི་མེས་འཇིག་རྟེན་བསྲེག་པ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་སྲེག་པར་བྱེད་པས་སྲེག་པར་བྱེད་ལ། བསྐལ་པ་དུས་མཐའ་ཚུལ་སྟོན་ཞེས་པ། དུས་ཀྱི་མཐའ་ལ་བསྐལ་པའི་མེ་ཆེན་པོ་དང་འདྲ་བར། ལྷག་མཐོང་གསལ་བའི་ཤེས་རབ་ཀྱི་མེས་སེམས་ཅན་གྱི་ཤེས་རབ་ཀྱི་དབང་པོ་ནི་གསལ་བར་བྱེད་ལ། འཕྲོས་པས་ཉོན་མོངས་པ་ནི་སྲེག་པར་བྱེད་ལ། དེའི་རྟགས་སུ་ཕྱག་ན་ཡང་མེའི་གསལ་ཤིང་བསྣམས་པས། ལྷག་མཐོང་ཡེ་ཤེས་འབར་འཕྲོས་ཨགྣེ་མ་ཞེས་བྱའོ། །མཆེ་བ་དག་ལས་སྐྱེ་ཤི་རྩད་གཅོད་བཞུགས། ཞེས་པ་འདི་ནི་ས་བདག་ཕག་མགོ་ཅན་གྱི་ཆུང་མ་ཡིན་ཏེ། མོ་ཡང་མགོ་བོ་ཕག་མགོ་མཆེ་བ་བཞི་ཡོད་པས། སེམས་ཅན་འཁོར་བའི་སྐྱེ་ཤི་རྩད་གཅོད་པས། རྩད་གཅོད་བཞུགས་ཞེས་བྱའོ། །ཉོན་མོངས་ཐལ་བར་བརློག་མཛད་ཕག་གི་དབུ། །ཞེས་པས། སྙིང་རྗེ་ཕག་སྣ་དང་འདྲ་བས། ཉོན་མོངས་པ་ཐ་བ་དང་འདྲ་བ། བརློགས་ནས་བྱང་ཆུབ་ཁྲོན་པ་དང་འདྲ་བ་འབྱིན་པར་མཛད་པས། འོག་གི་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྤོར། །ཅེས་པ། ས་བདག་གི་ས་གཞི་ཆེན་པོ་ལ་དབང་བྱེད་པས། ས་འོག་ས་སྟེང་ས་བླ་བར་སྣང་ནམ་མཁའ་ལ་གནས་པའི་སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སྲོག་འཛིན་པའི་སྟོབས་ལྷ་གཅིག་ཀྱང་ཡོད་ལ། སྲོག་གཅོད་པའི་བགེགས་གཅིག་ཀྱང་ཡོད་ལ། སྲོག་འཛིན་པའི་ལྷ་ནི་རྒུད་ལ། སྲོག་གཅོད་པའི་བགེགས་ནི་དར་བའི་དུས་ན་འཆི་བར་བྱེད་པ་དེ་གང་ནས་ཀྱང་མ་བྱུང་སྟེ། རང་མ་ཡོད་པའི་ཕྱིར་མ་འཕོས་མཁྱེན་ཞེས་བྱའོ། །འཆི་བདག་དབང་ཕྱུག་མས་དབང་མཛད་པས། དམ་ཚིག་བསྲུང་མཚམས་ཐམས་ཅད་ཀྱི་འཆི་བདག་བཟློག་པར་མཛད་པས་དམ་ཚིག་ཉམས་པ་ཐམས་ཅད་ཀྱི་འཆི་བདག་གི་བདུད་བྱེད་པས། ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད། ཅེས་སོ། །དམ་ཚིག་བསྲུང་བའི་འཆི་བདག་གི་བདུད་ཟློག་པར་བྱེད་པས། འཆི་བདག་བཟློག་མཛད་ཅིང་། ཞེས་སོ། །ལུང་གི་དུར་ཁྲོད་བགེགས་མཛད་ཛ་མུན་ཏི། །ཞེས་པ། འདི་ཡང་དང་པོ་མ་ཧཱ་དེ་ཝའི་ཆུང་མ་ཡིན་པ་ལ། མ་ཧཱ་དེ་ཝས་བཙུན་མོ་ཨུ་མ་དེ་ཝཱི་བཟང་ཞིང་ལེགས་པ་ལ་བལྟས་ནས་མོ་བོར་བ་དང་། ལུས་རྒྱན་བྱད་དུ་བྱས། དུར་ཁྲོད་དུ་བཞུགས་ནས་བགེགས་བསྒོམ་པ་ལས་དུར་ཁྲོད་ཀྱི་བགེགས་སུ་སྐྱེས་ན། ཨུ་མ་དེ་ཝའི་བུ་གཅིག་བྱུང་བ་བརྐུས་ཤིང་ཟོས་པས། ཨུ་མ་དེ་ཝའི་དུར་སྲིར་སོང་ནས། དེའི་རྟགས་སུ་ལག་ན་ཡང་བུ་གཅིག་གི་རོ་གཅིག་བསྣམས་པས་ཛ་མུན་ཏི་ཞེས་བྱ་ལ་རྒན་བྱེད་མའོ། །འཇིགས་ལས་ལྷག་པའི་བགེགས་ནི་གཞན་མེད་མཁྱེན། ཞེས་པ་འདི་ནི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་གའི་ཆུང་མ་ཡིན་ཏེ། འདིའི་ལྟ་བས་ཀྱང་སེམས་ཅན་གྱི་རྣམ་པར་རྟོག་པ་བགེགས་སུ་ལྟ་བར་མཁྱེན་ཏེ། སེམས་ཅན་འཇིགས་ན་བགེགས་ཀྱང་གཞན་མེད་པས་མཁྱེན་པས་གཞན་མེད་མཁྱེན་ཞེས་བྱ། སྟོང་ཕྲག་བཅུ་ཡི་བགེགས་ལ་དབང་མཛད་ཅིང་། །ཞེས་པ། སྟོང་ཕྲག་བརྒྱད་ཅུའི་བགེགས་ནི་སེམས་ཅན་ཐམས་ཅད་ལ་བར་ཆད་ཀྱི་བགེགས་བྱེད་ལ། མོས་བགེགས་དེ་རྣམས་འཇིལ་ཞིང་སྐྲོད་པའི་ལས་བྱེད་པས་བགེགས་མཛད་ཅིང་ཞེས་བྱའོ། །སྣ་ཆེན་གླང་སྣ་བདུད་རྩི་གྷི་ཝང་འཐོར། །ཞེས་བྱ་བ་ནི། བི་ན་ཡ་ག་ནི་མ་ཧཱ་དེ་ཝའི་བུ་ཡིན་ལ། ཁོ་བཟང་ལེགས་ཆེས་པས་མ་ཡར་མོ་ཨུ་མ་དེ་བས་འདོད་ཆགས་སྤྱོད་པའི་ཕྱིར་ཁོང་ལ་སྡུག་པར་བལྟ་ཞིང་འཁོར་བ་དང་། བི་ན་ཡ་གས་བདག་ནི་བཟང་ལ་ལེགས་ཆེས་སེམས། མ་ཡར་མོ་ནི་འདོད་ཆགས་ཆེས། བདག་གི་ཕ་ནི་མཐུ་རྩལ་ཆེ་ཆེས་པས། །འདི་དང་བདག་གཉིས་འདོད་པ་སྤྱད་ན་ཕས་ཚོར་ན་ངེས་པར་གསོད་སྙམ་ནས་མ་ཡར་མོ་ཞེན་པ་བཟློག་པའི་ཕྱིར་གླང་པོ་ཆེའི་གཡང་གཞི་གོན་ནས་མགོ་གཡོགས་ནས་གུག་པ་དང་། མོས་སྨྲས་པ། ངས་ཁྱོད་སྙིང་དུ་སྡུག་ནས་མཉེས་བྱ་བའི་ཕྱིར་ཁྱོད་མ་འཁོར་ལ། ཁྱོད་ང་ལ་མི་སྡུག་པ་བྱེད་པས་ཁྱོད་ཀྱང་གླང་པོ་ཆེའི་མགོ་དང་མི་འབྲལ་བར་གྱུར་ཅིག །ཁོ་ཐད་ཀར་གླང་པོ་ཆེའི་མགོ་ཐོགས་པས། ཆུང་མ་ཡང་གླང་པོ་ཆེའི་མགོ་ཐོགས་པའོ། །བདུད་རྩི་གྷི་ཝང་འཐོར་ཞེས་བྱ་བ་ནི། གླང་པོ་ཆེའི་ཀླད་པ་བདུད་རྩི་གྷི་ཧང་ཡོད་པ་དེ་ཀླད་པ་ནས་ཟག་ནས་སེམས་ཅན་ཐམས་ཅད་ཀྱི་གསོས་བྱེད་པས་འཐོར་ཅེས་བྱའོ། །དེ་བས་ན། སྡུག་བསྔལ་ནད་འཇོམས་མཛད་པ་བུ་ཏ་ན། །ཞེས་བྱའོ། །སྣ་ཆེན་མའོ། །ཆུ་ལས་ལྷག་པའི་རོ་ནི་གཞན་མེད་མཁྱེན། །ཞེས་པ་འདི་ནི་ཆུ་ལྷའི་ཆུང་མ་ཡིན་ཏེ། འདིའི་ལྟ་བས་ཀྱང་ཁ་ཟས་ཐམས་ཅད་ཀྱི་ནང་ན་རོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་འདི་ཡིན་ནོ་བར་མཁྱེན་པས་གཞན་མེད་མཁྱེན། ཞེས་བྱ་ལ། ཆུ་ལྷ་ནི་ཆུ་ཀླུང་ལ་དབང་བྱེད་པས། རྒྱ་མཚོའི་ནང་ན་ཀླུའི་རྒྱལ་པོའི་ཕོ་བྲང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པ་ཡང་མོས་བླངས་ནས་འཛམ་བུའི་གླིང་གི་སེམས་ཅན་གྱི་རེ་འདོད་སྐོང་བས་འཕྲོག་མཛད་ཅིང་། ཞེས་བྱའོ། །གདུག་པ་འདུལ་ཕྱིར་དུག་གདོང་སྦྲུལ་ཞགས་བསྣམས། །ཞེས་པ་ནི། ཀླུ་ནི་གདུག་པ་ཆེ་ལ། གདུག་པ་ནི་སྦྲུལ་གྱིས་གཏོང་བས་གདུག་པ་དེ་དབང་དུ་བསྡུ་བའི་རྟགས་སུ་སྦྲུལ་གྱི་ཞགས་པ་གཅིག་བསྣམས་པའོ། །དོན་དམ་པ་ན་ཞི་བའི་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་དབང་དུ་སྡུད་པས། ཏིང་འཛིན་དབང་སྡུད་བ་རུ་ན། །ཞེས་བྱ་སྟེ་བ་རུ་ནའོ། །བྱམས་དང་སྙིང་རྗེའི་དོན་མཛད་སྐུ་མདོག་ནག །ཅེས་པ། འདི་ནི་བདུད་ནག་པོ་འཆར་ཀའི་ཆུང་མ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་པའི་རྟགས་སུ་ཕྱག་ན་ཏྲི་ཤུ་ལ་གདེངས་པ་གཅིག་དང་། དེའི་མགུལ་ན་ལྕགས་ཀྱུ་གཅིག་བསྣམས་པའོ། །ཆེ་བའི་ཡོན་ཏན་མི་འགྱུར་བའི་རྟགས་སུ་སྐུ་མདོག་ཀྱང་ནག་པོར་བསྟན་ནོ། །ཏྲི་ཤུ་ལ་རྩེ་གསུམ་ནི་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས། ཆགས་པའི་ཚུལ་གྱིས་དོན་མཛད་ར་མགོ་ཅན། །ཞེས་པ་འདི་ནི་བདུད་ར་ཐོད་ཀྱི་བུ་མོ། སྲིན་པོ་དྷ་ཤ་གྷྲི་བའི་ཆུང་མ་ཡིན་ཏེ། བྱམས་པ་ཚད་མེད་པའི་རྟགས་སུ་ཞགས་པ་གཅིག་བསྣམས་པ། སྙིང་རྗེ་ཆགས་པའི་གཟུགས་ཚུལ་གྱིས་འགྲོ་བའི་དོན་མཛད་པའི་རྟགས་སུ་ར་མགོ་གཅིག་ཏུ་བསྟན་པའོ། །ཞུགས་པས་འཁོར་བའི་རྒྱུད་འཛིན་ཅིང་བྱང་ཆུབ་ལམ་དུ་འདྲེན་པར་མཛད་པས་འཛིན་ཅིང་ཞེས་བྱའོ། །གང་ལ་ཅི་འདུལ་དེ་ལ་དེར་སྟོན་པ། །ཞེས་པ་ནི། སེམས་ཅན་གང་ལ་ཅིས་འདུལ་བ་ཡིད་བཞིན་རིན་ཆེན་སྐུ་དང་དེར་སྟོན་ནས་འགྲོ་དོན་མཛད་པས་དེར་སྟོན་ཞེས་བྱའོ། །ཡོན་ཏན་ཚོགས་རྫོགས་རེ་སྐོང་ཙ་ཀ་ལམ། །ཞེས་བྱ་སྟེ། ཆེ་བའི་ཡོན་ཏན་ཐམས་ཅད་སྐྱེད་སྐྱེད་པས་ལྷོ་ཕྱོགས་སུའོ། །པའི་བཀའ་དང་ཞེས་པ། སྲིན་པོ་བུམ་རྣའི་ཆུང་མ་རཀྴ་གླང་མགོ་ཅན་གྱི་བུ་མོ་སྟེ་སྟོན་པའི་བཀའ་ལས་མི་འདའ་བའི་རྟགས་སུ་ལྕགས་སྒྲོག་ལེའུ་ཡ་གཅིག་གཡས་སུ་བསྣམས་ལ། རང་གི་དམ་བཅས་པ་ལས་མི་འདའ་བའི་རྟགས་སུ་ལེའུ་ཡ་གཅིག་གཡོན་ན་བསྣམས་པའོ། །མི་འདའ་མ་གྲུབ་བར་དུ་བརྟན་པར་བཞུགས། །ཞེས་བྱ་སྟེ། བཀའ་དམ་བཅས་པ་ལས་མི་འདའ་བའི་རྟགས་སུ་ལུ་གུ་རྒྱུད་ཀྱིས་མདོ་སྦྲེལ་བར་བསྟན་ཏོ། །དེ་ལྟར་སྙིང་རྗེ་དམ་ཚིག་གིས་སེམས་ཅན་ཐམས་ཅད་འཚོ་བར་མཛད་པས། སྒྲོག་གིས་སེམས་ཅན་འདུལ་བར་མཛད་ཅེས་བྱའོ། །མ་རིག་ནུབ་མཛད་ཅིང་ཞེས་པ། སེམས་ཅན་མ་རིག་པའི་མུན་པ་དང་འདྲ་བ་ལ་སྙིང་རྗེ་ཉི་མ་ཤར་བ་དང་འདྲ་བས་མ་རིག་པ་ནུབ་པར་མཛད་པས། སྣུབས་མཛད་ཀུམྦྷ་ཀརྞ་ཞེས་བྱ་སྟེ། སྲིན་པོ་བུམ་རྣའི་ཆུང་མ་ཡིན་པས་ནུབ་ཏུའོ། །སྐུ་གསུང་ཐུགས་ཡོན་ཏན་ཞེས་པ་འདི་ནི་བདུད་ནག་པོ་གསུས་འཛིན་གྱི་ཆུང་མ་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔས་གར་ཁྱབ་པར་སྟོན་པའོ། །དྲིལ་བུ་ལས་སྟོང་པ་ཆེན་པོ་ཆོས་ཉིད་ཀྱི་སྒྲ་གྲགས་པས་འཁོར་བ་སོ་སོའི་རྒྱུད་ལ་འབེབས་ཏེ་སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་བསྒྲགས་པས། བག་ཆགས་བྱང་མཛད་ལམ་བོ་དྷ་ར་མ། ཞེས་བྱ་སྟེ། སེམས་ཅན་ཉོན་མོངས་པའི་བག་ཆགས་བྱང་བར་མཛད་པས་བྱང་དུའོ། ༈ །མཚན་དང་དཔེ་བྱད་ཅེས་པ། དཔལ་པདྨ་དབང་ཆེན་གྱི་མཚན་དང་དཔེ་བྱད་ལས་སྤྲུལ་པའི་ཕོ་ཉ་ཡིན་ཏེ། མཚན་ལས་སྤྲུལ་པ་ནི་མགྱོགས་མ་ཞེས་བྱ་སྟེ་གློག་འགྱུར་མའོ། །དཔེ་བྱད་ལས་སྤྲུལ་པ་ནི་མགྱོགས་མ་ཞེས་བྱ་སྟེ་དྲ་བ་མའོ། །དྲ་བ་ནི་སྡུད་པའི་ཕོ་ཉའོ། །དེ་ལ་ཡང་གསུམ་སྟེ། ཆོས་ཉིད་ཀྱི་དྲ་བ་དང་། ཡེ་ཤེས་ཀྱི་དྲ་བ་དང་། ཕྲིན་ལས་ཀྱི་དྲ་བའོ། །ཆོས་ཉིད་དྲ་བས་མཚན་མ་དབྱིངས་སུ་སྡུད། ཅེས་བྱ་སྟེ། ཆོས་ཉིད་ཀྱི་དྲ་བ་ནམ་མཁའ་དང་འདྲ་བས་མཚན་མའི་ཆོས་ཐམས་ཅད་ལ་ཁྱབ་ལ། དེས་ཁྱབ་པའི་ཆོས་ཐམས་ཅད་ཀྱང་མཚན་མ་མེད་པའི་དབྱིངས་སུ་སྡུད་པར་མཛད་དོ། །ཡེ་ཤེས་དང་ཐུགས་རྗེའི་དྲ་བ་ནི་ཁྲ་རྒྱ་དང་འདྲ་སྟེ། དཔེར་ན་ཁྲ་རྒྱས་བྱ་བཀབ་པ་བཞིན་དུ་ཡེ་ཤེས་ལས་ཐུགས་རྗེ་བྱུང་ནས་ཐུགས་རྗེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐུགས་རྗེས་འགེབ་པར་མཛད་པས། ཡེ་ཤེས་ཐུགས་རྗེས་འབྲེལ་པས་ཀུན་ལ་ཁྱབ། །ཅེས་བྱའོ། །ཕྲིན་ལས་ཀྱི་དྲྭ་བ་ནི་ཉ་རྒྱ་དང་འདྲ་སྟེ། ཉ་རྒྱས་མཚོའི་གཏིང་ནས་བཅུས་ནས་སྐམ་ལ་ཕྱིན་པ་དང་འདྲ་བར། འཁོར་བ་རྒྱ་མཚོ་དང་འདྲ་བའི་གཏིང་ནས་ཉོན་མོངས་པའི་སེམས་ཅན་ཉ་དང་འདྲ་བ་ལ་སྙིང་རྗེ་ཆེན་པོ་ཉ་རྒྱ་དང་འདྲ་བས་བཅུས་ནས་བྱང་ཆུབ་ཀྱི་སྐམ་ལ་འདོན་པར་མཛད་པས། ཕྲིན་ལས་དྲྭ་བས་འགྲོ་བ་རླབས་ཀྱིས་སྒྲོལ། །ཞེས་བྱའོ། །གློག་འགྱུར་མ་ལ་ཡང་དོན་རྣམ་པ་གསུམ་སྟེ། ཡེ་ཤེས་ཀྱི་གློག་དང་། ཐུགས་རྗེའི་གློག་དང་། ཕྲིན་ལས་ཀྱི་གློག་དང་གསུམ་མོ། །དེ་ལ་ཡེ་ཤེས་ཀྱི་གློག་ནི། དཔེར་ན་འཇིག་རྟེན་གྱི་གློག་གིས་སྐད་ཅིག་ནས་སྐད་ཅིག་ཏུ་བར་སྣང་ལ་བསྐྱོད་ཅིང་སྣང་བར་བྱེད་པ་དང་འདྲ་བར། ཡེ་ཤེས་ཀྱི་གློག་གིས་ཆོས་ཉིད་ནམ་མཁའ་དང་འདྲ་བའི་དབྱིངས་སུ་རྣམ་པར་རྟོག་པའི་མཚན་མ་མ་སྐྱེས་པའི་དབྱིངས་སུ་གཅོད་ལས། ཡེ་ཤེས་གློག་འགྱུ་མཛད་མ་དབྱིངས་སུ་གཅོད། །ཅེས་བྱའོ། །ཐུགས་རྗེའི་གློག་ནི་ནམ་མཁའ་ལ་གློག་འབྱུང་བ་དེ་དབྱེ་བཀྲོལ་མེད་པར་ཀུན་ལ་སྣང་བ་དང་འདྲ་བར་ཐུགས་རྗེའི་གློག་གིས་སེམས་ཅན་ཐམས་ཅད་ལ་དབྱེར་མེད་པར་སྐད་ཅིག་ནས་སྐད་ཅིག་ཏུ་དོན་མཛད་པས། སྐད་ཅིག་ཐུགས་རྗེས་འཁོར་བ་དབྱེ་བཀྲོལ་མེད། །ཅེས་བྱའོ། །ཕྲིན་ལས་ཀྱི་གློག་ནི། དཔེར་ན་ནམ་མཁའ་ལ་གློག་མ་མེད་པར་འབྱུང་བ་དང་འདྲ་བར། ཡེ་ཤེས་དང་ཐུགས་རྗེ་ལས་ཕྲིན་ལས་བྱུང་ནས་ཕྲིན་ལས་ཀྱིས་འགྲོ་བའི་དོན་གློག་ལྟར་ཐོགས་པ་མེད་པར་མཛད་པས། ཕྲིན་ལས་གློག་འགྱུས་འགྲོ་བ་ཡུད་ཀྱིས་སྒྲོལ། །ཅེས་པའོ། །དྲྭ་བ་བསྡུས་པ་གློག་འགྱུ་མས་འདྲེན་པ་ནི། དྲྭ་བ་མོ་ནི་སྡུད། གློག་འགྱུ་མས་ནི་བླ་ན་མེད་པའི་གནས་སུ་འདྲེན་པར་མཛད་པའོ། ༈ །གཞན་ཡང་། འདི་ན་མར་ཕོ་ཉ་འབར་མ་དྲུག་ལ། བདུད་ཁྱིམ་འཇོམས་པའི་ཕོ་ཉ་མོ་ཞེས་བྱ་སྟེ། དཔེར་ན་མེ་འབར་བའི་དུ་བ་སྔོན་དུ་འབྱུང་བ་དང་འདྲ་བར། དྲག་པོའི་ཕྲིན་ལས་སླད་ཀྱིས་མཛད་ཀྱང་། ཐུགས་རྗེ་སྔོན་ནས་འབྱུང་བས། དུད་ཁ་དང་ཉིད་ཀྱི་རང་བཞིན་ལས་མེ་འོད་ཡེ་ཤེས་ཀྱི་རང་བཞིན་འབྱུང་ངོ་། །མེ་འོད་ཡེ་ཤེས་ཀྱི་རང་བཞིན་ལས་འོད་ཟེར་ཕྲིན་ལས་ཀྱི་རང་བཞིན་འཕྲོ་བས། འོད་ཟེར་དུད་ཁ་འཕྲོ་བ་ནི་ཞེས་བྱའོ། །ཧཱུྃ་དང་ཕཊ་ཀྱི་སྒྲ་བསྒྲགས་ཤིང་། ཞེས་པ་ཧཱུྃ་གིས་ཐམས་ཅད་མ་སྐྱེས་པའི་དབྱིངས་སུ་སྡུད་པར་བྱེད་ལ། ཕཊ་ཀྱིས་ཉོན་མོངས་པ་དང་དྲེགས་བྱེད་ཐམས་ཅད་འཇོམས་པར་བྱེད་དོ། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། ཞེས་པ། དེ་དག་དྲག་པོའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་ཡང་བར་སྣང་སྤྲིན་གྱི་ནང་ནས་འབྲུག་མང་པོ་དུས་གཅིག་ཏུ་སྒྲོགས་པ་དང་འདྲ་བར་རྔམས་པ་རུ་ཁྲོས་པའི་འབྲུག་སྒྲས་དྲེགས་བྱེད་ཐམས་ཅད་དཔའ་བཀང་ཞིང་ཟིལ་གྱིས་གནོན་པར་བྱེད་པས་འབྲུག་སྒྲ་ཞེས་བྱའོ། །ཀུན་ཀྱང་མགྱོགས་པ་རླུང་དང་མཚུངས། །ཞེས་པ། ཐུགས་རྗེ་མགྱོགས་པའི་ཚད་ནི་རླུང་དང་མཚུངས་ཏེ། ཐུགས་རྗེའི་ཤུགས་ཀྱི་རླུང་གིས་བསྐྱོད་པས་ཡེ་ཤེས་ཆེན་པོ་ཉི་མའི་དཀྱིལ་འཁོར་དང་འདྲ་བས་སེམས་ཅན་གྱི་མ་རིག་པའི་མུན་པ་སེལ་བྱེད་པས། ལྕགས་ཀྱི་སྡེར་མོས་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། ཐུགས་རྗེ་ལྕགས་ཀྱི་སྡེར་མོ་དང་འདྲ་བས་ཐམས་ཅད་འཛིན་ཅིང་མི་གཏོང་བར་བྱེད་པས་དེ་ལྕགས་སྡེར་ཅན་ཞེས་བྱའོ། །མགོ་གསུམ་པོ་ལ། ཞེས་པ། མགོ་གསུམ་པོ་ནི་མགོན་ཕུན་སུམ་ཚོགས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་མགོན་མཛད་པའི་རྟགས་སོ། །རྐང་གསུམ་ནི་བགྲོད་པ་ཕུན་སུམ་ཚོགས་པ་སྟེ། ས་གསུམ་བགྲོད་པ་མེད་པར་ནོན་པའི་རྟགས་སོ། །མ་ས་ནི་སྤྱོད་པ་ཕུན་སུམ་ཚོགས་པ་སྟེ། ལྟ་བ་ཟབ་མོའི་གྲོགས་སྤྱོད་པ་བརླང་པོས་དབྱེ་བསལ་དང་ཉམ་ང་བ་མེད་པར་མཛད་པའི་རྟགས་སུ་མ་ཞེས་བྱའོ། །བདུད་འཇོམས་པ་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། བདུད་སྲིན་པོ་ལ་སོགས་པ་ཁྱིམ་འཇོམས་པར་མཛད་དོ། །མིག་བལྟས་པས་ཀྱང་བདུད་ཀྱི་ཁྱིམ་རྣམས་འཚིག་པར་མཛད་དོ། །དོན་དམ་པར་ཡེ་ཤེས་ཆེན་པོ་མེ་དང་འདྲ་བས་ཉོན་མོངས་པ་བདུད་ཀྱི་ཁྲམ་དང་འདྲ་བ་འཚིག་པར་བྱེད་དོ། །ཀླུའི་ཞེས་པ། ཀླུའི་ཕོ་བྲང་ཐམས་ཅད་ཀྱི་འདི་ཡིས་ཕོ་ཉས་འཇོམས་པར་བྱེད་དོ། །འདི་རྣམས་ཞེས་པ། ཕོ་ཉ་འབར་བ་དྲུག་པོ་འདི་དག་ཀུན་དཔལ་པདྨ་ཧེ་རུ་ཀའི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ཡིན་པས། ཁྱོད་ནི་ཁྲོ་བོའི་ཕོ་ཉ་ཞེས་བྱའོ། །དེ་དག་ཀུན་གྱི་ཞལ་ནས་ཀྱང་ཧ་ཧ་དང་། རུ་ལུ་རུ་ལུ་དང་། མ་མ་བྷྱོ་བྷྱོ་དང་། ཟོ་ཞིག་འཆོ་ཞིག་དང་། རྒྱོབ་ཅིག་བཏོང་ཞིག་ལ་སོགས་པའི་སྒྲ་འབྱིན་ཅིང་། གང་གི་རླུང་ཕྱོགས་སོང་བའི་སར་ཁྲོ་བོ་ཐམས་ཅད་འཆི་བར་བྱེད་ན། དེ་བས་བགེགས་ཀྱི་ཚོགས་གཞན་ལྟ་ཅི་སྨོས་ཞེས་བྱའོ། །ན་མོ་བྷི་ཙ་ར་བྷྱོ། ཧ་ཧ་རུ་ལུ་བྷྱོ། ཞེས་པ་རྩ་བའི་སྙིང་པོའོ། །མགོ་བརྒྱད་པོ་ཞེས་པ། མགོ་བརྒྱད་ནི་ཕུན་སུམ་ཚོགས་པ་སྟེ། ལག་པ་བརྒྱད་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ་ཕྱོགས་བརྒྱད་དུ་བསྙབ་ཅིང་འགྲོ་བའི་དོན་མཛད་དོ། །རྐང་པ་བརྒྱད་ནི་བགྲོད་པ་ཕུན་སུམ་ཚོགས་པ་སྟེ། ཕྱོགས་བརྒྱད་དུ་འགྲོ་བ་མེད་པར་བགྲོད་པའི་རྟགས་སུ་རྐང་པ་བརྒྱད་དོ། །མིག་བརྒྱད་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། ཕྱོགས་བརྒྱད་ཀྱི་ཉོན་མོངས་གཟིགས་སོ། །ལག་པ་བརྒྱད་ན་རྡོ་རྗེ་ཕུར་པ་འདྲིལ་བ་ནི། ཡར་བསྟས་པ་རྩེ་ལྔ་ནི་མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་ཡིན་ལ། མར་ལྟ་བ་ནི་གནམ་ལྕགས་ཕུར་བ་ཟུར་གསུམ་དུ་བསྟན་པ་ནི། མགོ་དྲུག་མ་མ་རྐང་དྲུག་མོ། །ཞེས་པ་མགོ་དྲུག་ནི་མགོན་ཕུན་སུམ་ཚོགས་པ་སྟེ་ལམ་རྒྱུད་དྲུག་གི་འགྲོ་བའི་དོན་མཛད། ལག་པ་དྲུག་གིས་ནི་རྒྱུད་དྲུག་སྐྱེ་ཤི་འཁོར་བའི་རྒྱུན་གཅོད་དོ། །གཡོན་པ་གཏོར་མ་གཏོང་བ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་སྟེ། ལམ་རྒྱུད་དྲུག་གི་སེམས་ཅན་ལ་ཆགས་པ་མེད་པའི་སྦྱིན་གཏོང་མཛད། གཡས་པ་གསུམ་ན་ཕུར་པ་འཛིན་པའི་རྟགས། རྩེ་གཅིག་གིས་སེམས་ཅན་གྱི་དོན་མཛད་པའི་རྟགས་སོ། །གང་ནས་གང་དུ་འགྲོ་ཞེས་པ་ནི། ལྕགས་ཀྱི་ཕུར་པ་ཟུར་གསུམ་གྱིས་བགེགས་དང་ལོག་འདྲེན་ཐམས་ཅད་འཇོམས་ཤིང་འཇུག་པར་བྱེད་དོ། །འོད་ཟེར་དུད་ཁས་རེག་པས་ཚངས་པའི་འཇིག་རྟེན་ནས་ཀྱང་འཇིག་པར་བྱེད་ན། གདུག་བྱེད་གཞན་གྱི་ཚོགས་ལྟ་ཅི་སྨོས། ལག་པ་གཡོན་པ་བསྐྱོད་པའི་མཆན་ནས་སྤྲུལ་པའི་ཕྲ་མེན་མ་རལ་པ་མེ་ལྟར་འབར་བ། ལ་ལ་ནི་ལྕགས་ཀྱུ། ལ་ལ་ནི་ཞགས་པ། ལ་ལ་དགྲ་སྟྭ། ལ་ལ་ཞིང་ཆེན་པོའི་ཡན་ལག་འཛིན་པ། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། འགྲོ་བའི་དོན་མཛད་དེ་སྤྲུལ་པ་འགྱེད་པའི་ཕོ་ཉ་མོ་ཞེས་བྱའོ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། ཞེས་པ་ལྕགས་ཀྱུའི་རྐང་པ་ལུས་ལྕགས་ཀྱི་ལུས་སུ་བསྟན་པ་ནི། ཅིས་ཀྱང་མི་ཚུགས་ཚུལ་ཁྲིམས་ཀྱི་ལུས་སུ་བསྟན། མིག་ཉི་མར་བསྟན་པ་ནི། ཡེ་ཤེས་ཀྱི་ཕོ་ཉ་ནི་མ་རིག་པའི་མུན་པ་སེལ་བའི་རྟགས་ཡིན་ལ་སྦུ་ལྕགས་ཀྱུ་བསྲེགས་པ་དང་འདྲ་བ་ནི། ཚུལ་ཁྲིམས་ཀྱི་ལུས་ལས་ཐུགས་རྗེའི་སྤྲུལ་པ་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་རྟགས་སོ། །སྒྲ་འབྲུག་བས་ཀྱང་ཆེ་བ་དང་། བང་གློག་གིས་ཀྱང་བསྐྱོད་དུ་མེད་དོ། །རབ་ཏུ་མི་སྲུན་པའི་ཚད་ནི། ལན་འགའ་འཕྲོས་པའི་ཚེ་ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག་པར་ནུས་པའི་མཆོག་གོ། །སྒོ་སྐྱོང་གི་ཕོ་ཉི་ནི། མགོ་དགུ་པ་ལ་རྐང་གཅིག་པ། མགོ་དགུ་ནི་མགོན་ཕུན་སུམ་ཚོགས་ཏེ། ས་དགུ་ལ་གནས་པའི་སེམས་ཅན་རྐང་པ་གཅིག་གིས་ནི་ཐུགས་རྗེའི་ཕྲིན་ལས་རྩེ་གཅིག་གིས་འགྲོ་བའི་དོན་མཛད་པའི་རྟགས་སོ། །ལུས་གནག་འོད་དཔུང་ཡང་གནག་ཅེས་པ་ལུས་ནག་པོར་བསྟན་པ་ནི་ཆོས་སྐུ་མི་འགྱུར་བའི་རྟགས་ཡིན། འོད་ཕུང་ནག་པོ་ནི་ཆོས་སྐུ་ལས་ཡེ་ཤེས་ཀྱི་འོད་འབྱུང་བའི་རྟགས་ཡིན། རལ་པ་དང་མཆེ་བ་ནག་པོ་ནི་ཐུགས་རྗེ་ལས་ཡེ་ཤེས་ཀྱི་སྤྲུལ་པ་འབྱུང་ནས། འགྲོ་བའི་དོན་མཛད་པའི་རྟགས་ཡིན་ལ། མཆེ་བ་ནག་པ་ནི། སེམས་ཅན་སྐྱེ་ཤི་འཁོར་བའི་རྒྱུན་གཅོད་པའི་རྟགས་ཡིན་ལ། མིག་དང་ལག་པ་གཉིས་ནི། འགྲོ་བའི་དོན་ལ་ཞེ་གནག་པའི་འགྲོ་བའི་དོན་མཛད་པའི་རྟགས་སོ། །མགྱོགས་པའི་ཚད་ནི་རླུང་གིས་ཀྱང་བསྐྱོད་དུ་མེད་དོ། །ཕོ་ཉ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། སེམས་ཞུམ་པ་མེད་པར་ལུས་ཕ་རོལ་གྱི་སྟོབས་ཆེན་པོ་ཡང་འཇོམས་སོ། །ཕ་རོལ་གྱི་རྣམ་ཤེས་ཀྱང་ངེས་པར་འཇོམས་སོ། །རྐང་གཅིག་ཕོ་ཉ་ཡང་སྤྲུལ་གྱི་སྒོ། རྟ་བབས་ཀྱི་ཕྱི་རོལ་དུ་ལོང་བ་ལག་སྦྲེལ་མང་པོ་འབྱུང་སྟེ། ཁ་དོག་རེས་འགའ་སྐྱ། རེས་འགའ་སྔོ། རེས་འགའ་སེར། རེས་འགའ་དམར། གཉིས་གཉིས་ཀྱང་གཅིག་ལ་འཁྲིལ་གཅིག་ལ་འཁྱུད་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་སུ་གཅིག་ལ་གཅིག་འཁྲིལ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཡང་སྦྲེལ་ཏེ་འགྲོ། མིག་ཀྱང་མེད་ཅིང་ཅང་མི་སྨྲ་བ་ནི། འཛིན་པའི་སེམས་ལ་བདག་མེད་པའི་རྟགས་སུ་དམིགས་ཀྱང་མེད་ལ། གཟུང་བའི་ཡུལ་མེད་པའི་རྟགས་སུ་ཅང་མི་སྨྲ་བའོ། །ལོང་བ་ཐབས་ཀྱི་མཆོག་ཡིན་ཏེ། རྟ་བབས་ཀྱི་ཕྱི་རོལ་དུ་ཡིད་བཞིན་དུ་སྐོང་ངོ་། ༈ །ཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ་བི་མ་ལས་མཛད་པ་རྫོགས་སོ།། །།ཤུ བྷཾ།། །།


previousཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བི་མ་ལ།next