Nitartha Digital Library
Tibetan
 
previousདེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་མཆན་ཊིག་ཅན། next

དེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་མཆན་ཊིག་ཅན།

དེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་མཆན་ཏིག་ཅན་དུ་བཞུགས་སོ། །ཕྱག་ལ་གསུམ་སྟེ། དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་ནོ། །དགོས་པ་ནི་གཉིས་ཏེ། ཡི་དམ་ལྷ་ལ་དབང་མི་ཟ་བ་དང་། བསྟན་ཆོས་རྩོམ་པ་ལ་བར་ཆད་མི་ཡོང་བའི་དགོས་པ་ཡོད། བསྟུས་པའི་དོན་ལ་བཞི་སྟེ། གང་ཟག་གང་གིས་བརྩལ། ལུས་གང་ལ་བརྩལ། དགོས་ཆེད་ཅིའི་ཕྱིར་བརྩལ། ཚུལ་ལམ་ཐབས་ཇི་ལྟར་བརྩལ་ལོ། །གང་ཟག་ནི་མངོན་འབྱུང་དུ་སངས་རྒྱས་གསང་བས་སོ། །རྗེས་འཇུག་ཏུ་བཤད་པ་པོ་གང་ཡིན་གྱིས་སོ། །ཡུལ་ནི་ཁྲག་འཐུང་ཁྲོ་བོའི་ལྷའོ། །དགོས་ཆེད་ནི། རྟོགས་པ་དོན་གྱི་ཕྱག་བཙལ་བས་མཆོག་གི་དངོས་གྲུབ་འཐོབ་ལ། ཀུན་རྫོབ་བརྡའི་ཕྱག་བཙལ་བས་ཐུན་མོང་གི་དངོས་གྲུབ་འཐོབ་པའོ། །ཚུལ་ལམ་ཐབས་ནི་གསུམ་སྟེ། ཡི་དམ་དོན་དུ་གཉེར་བའི་ཚུལ་དང་། གདུལ་བྱ་གུས་པ་བསྐྱེད་པའི་ཚུལ་དང་། ཡ་རབས་དང་གོ་བསྟུན་པའི་ཚུལ་ལོ། །ཚིག་གི་དོན་ནི་གསུམ་སྟེ། དབང་པོ་རབ་ངེས་ཤེས་སྐྱེད་པའི་ཕྱིར་ན་སྐུ་ལྔ་དང་སྦྱར་ཏེ་བཤད་པ་དང་། དབང་པོ་འབྲིང་ངེས་ཤེས་སྐྱེད་པའི་ཕྱིར་ན་སྐུ་གསུམ་དང་སྦྱར་ཏེ་བཤད་པ་དང་། དབང་པོ་ཐ་མ་ངེས་ཤེས་སྐྱེད་པའི་ཕྱིར་ན་སྒྲ་བརྒྱད་དང་སྦྱར་ཏེ་བཤད་པའོ། །ཡང་ན་རང་དོན་ཆོས་སྐུ་དང་སྦྱར་ཏེ་བཤད། གཞན་དོན་སྐུ་གཉིས་དང་སྦྱར་ཏེ་བཤད་པའོ། །དོན་བཅུ་དང་ཡང་སྦྱར་ཏེ་བཤད་དོ། ༈ །རང་དོན་ཆོས་སྐུ་དང་སྦྱར་ཏེ་བཤད་ན། ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་དང་། གཞིའ་ལམ་འབྲས་བུ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །ངོ་བོ་ངོ་བོ་དེའི་རང་བཞིན་ཏེ། སེམས་འོད་གསལ་ལོ། །དེ་ནི་ཆ ོས་ཉིད་བྱང་སེམས་རང་སྣང་བའོ། །མཉམ་ཉིད་ནི་གཟུང་བ་དང་འཛིན་པའི་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བ། ཆོས་ཉིད་རང་གི་ངོ་བོ་བདེན་པ་དབྱེར་མྱེད་པའི་ཕྱིར་རོ། །སྐུ། །ནི་ཆོས་ཀྱི་སྐུའོ། །དེ་ནི་རང་དོན་ཕུན་སུམ་འཚོགས་པའོ། །བདེའ་ཆེན་ཆོས་སྐུ་དེ་ལས། གདུལ་བྱའི་དོན་དུ་ལོངས་སྤྱོད་དེ་ཡང་བདེ་བ་མི་ཟད་པ་དང་། བདེ་བ་ཆེ་བ་དང་། བདེའ་བ་གྱ་ནོམ་པ་དང་ལྡན་པར་རོ། །གར་དབང་ནི་སྤྲུལ་པའི་སྐུ་སྟེ། གདུལ་བྱ་ལ་དཔེའ་གར་མཁན་ལྟ་བུས་དབང་དུ་སྡུད་པའོ། །སྐུ་གསུང་ཐུགས། །སྤྲུལ་སྐུ་དེ་ཉིད་བཤད་པ་ནི། སྐུ་མི་བཟད་པ་རྒྱན་གྱི་འཁོར་ལོ་ནི། ཐུབ་པ་དྲུག་ལ་སོགས་པའོ། །གསུང་མི་བཟད་པ་རྒྱན་གྱི་འཁོར་ལོ་ནི། ཐེག་པ་རིམ་པ་དགུའ་འམ་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོ་ནི། ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་པར་སྣང་བའོ། ༈ །སྐུ་ལྔ་དང་སྦྱར་ན། ཐམས་ཅད་མངོན་པར་བྱང་ཆུབ་པའི་སྐུ། ངོ་བོ་ཆོས་སྐུ། མཉམ་ཉིད་རྡོ་རྗེའི་སྐུ། བདེ་ཆེན་ལོངས་སྐུ། གར་དབང་སྤྲུལ་སྐུ། ཧེ་རུ་ཀ་རེ་རེ་ལ་ཡང་ཚང་ངོ་། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོའི། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་པས་སྐུ་ནི་སྣ་ཚོགས་སྟོན། །ཅེས་སོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི། ཐམས་ཅད་པད་མོའི་ངང་གྱུར་ནས། །གྲོལ་ཐར་ལམ་དང་པད་མོའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་འཐོ་དམན་ཐམས་ཅད དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །ཅེས་སོ། །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི། སྟོང་ཉིད་བདག་མྱེད་ཡེ་མཁྱེན་རང་རིག་ཐུགས། །དམྱིགས་བྱ་དམྱིགས་བྱེད་མྱེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མྱེད་དེ་དེ་ཉིད་དེ་ལྟར་ཡིན་ཅེས་སོ། །དེ་གསུམ་ཁོ་ན་ཡོན་ཏན་འཕྲིན་ལས་ཀྱང་དེ་ཉིད་ཡིན་ནོ། །ཧེ་ཧེ་ནི་ཆོས་སྐུ་༼སྐུ་གསུམ་སྦྱར་བ་༽མཚོན་དང་བྲལ། སྒྲ་བརྒྱད་དང་སྦྱར་ན། ཧེ་ཧེ་ཀ་ན་དགྱེས་པ་སྟེ་ཆོས་སྐུ། ཧེ་ཧེ་དུ་ན་རྒྱུ་སྟེ་སྙིང་རྗེ་ཆེན་པོའོ། །དགྱེས་པའི་སྙིང་རྗེའོ། །རུ་རུ་ནི་ལོངས་སྐུ་བདེ་བ་ཆེ། རུ་ར་ག་ན་ཆགས་པ་སྟེ། འགྲོ་བའི་དོན། རུ་ར་ག་ཏ་ན་ཁྲག །གསོལ་བ་སྟེ། རྡོ་རྗེ་གནོད་སྦྱིན་གྱིས་རུ་ཏྲའི་ཁྲག་གསོལ་བའོ། །ཀ་ཀ་ནི་མཛད་པ་སྤྲུལ་པའི་སྐུ། ཀ་རུ་ནི་ཀ་ནི་དོན་དམ་པ་སྟེ་བྱང་ཆུབ་ཀྱི་སེམས་ཀ་ཀར་མ་ན་འཕྲིན་ལས་པ་ཕུན་ནོ། །ཡང་ཧེ་རུ་གཅིག་མ་བྱུང་ན་མ་བྱུང་ན་དཔལ་གཅིག་རང་བཞིན་གྱིས་ཤུགས་ལ་ཡོད་དེ། ཨད་མ་ཤྲི་ན་རྟོགས་པ་བདག་གི་དཔལ། པ་ར་ཤྲི་ན་ཐུགས་རྗེ་གཞན་གྱི་དཔལ་ལོ། །ཕྱག་ཕྱག་ནི་ཉོན་མོངས་དྲི་མ་མྱེད། །འཚལ་ཏེ། །འཚལ་ཞེས་དེ་ལ་བརྗོད་པ་ཡིན་ཏེ་ནི་ལྷག་མ་ཡོད་པའི་ཚིག་ཅེས་སོ། ༈ །དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཡིན་ཞེ་ན། ཧེ་རུ་ཀ་སྟེ། དཔལ་ཁྲག་འཐུང་ཞེས་བྱའོ། །དེ་ལ་ཤྲི་ཞེས་པའི་སྒྲའི་དོན་ནི། ཁོང་ནས་འདོན་པ་སྟེ། དངོས་བདག་དང་གཞན་གྱི་དཔལ་ལོ། །ཧེ་ནི་ཧེ་ཧེ་ཀྲིར་ཐ་སྟེ། སྤྱོད་ཅིང་བརྩོན་པའི་དོན་ཡིན་པས་ན། ཡེ་ཤེས་ཕུན་སུམ་ཚོགས་པའོ། །རུ་ནི་རུ་ཏི་ར་སྟེ། ཁྲག་བྱ་སྟེ་འོ། །ཁྲག་གི་སྒྲ་ནི་ཡང་བྱ་སྟེ་ཉོན་མོངས་པའོ། །ཀ་ནི་བདག་པོའི་སྐྱོན་ཏེ། ཁྲག་ལ་རོལ་པས་ན་ཧེ་རུ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་འཚོགས་པ་དང་ལྡན་པ་དེ་ཀ་ལ་བཤད་པའོ། །ཡང་ན་ཀ་ནི། ཀ་པ་ལ་སྟེ་ཐོད་པའི་སྟུལ་ཤུགས་དང་ལྡན་པའོ། །དེ་ལྟར་ན། ཐོད་པ་ཁྲག་གིས་སྐང་བ་ལ་རོལ་པའི་སྟུལ་ཤུགས་དང་ལྡན་པའི་ཧེ་རུ་ཀ་ཞེས་བཤད་དོ། །ཡི་གེ་ཡན་ལག་གི་དོན་དུ་བཤད་ན། ཤྲི་ནི་ཤུགས་ལ་ཡོད་དེ། ཨད་མ་ཤྲི་ན་བདག་གི་དཔལ་ལོ། །ཧེ་རུ་ན་རྒྱུད། ཧེ་ཀ་དོན། རྒྱུ་དབྱིངས་ལ་དོན་ཡེ་ཤེས་དགྱེས་པའོ། །རུ་ར་ག་ན་ཆགས་པ། རུ་རག་ཏ་ན་ཁྲག །ཆགས་པས་ཁྲོ་བོར་བྱུང་བའོ། །ཀ་ཀར་མ་ན་འཕྲིན་ལས། ཀ་ཀ་རུ་ན་ཐུགས་རྗེ། ཁྲོ་བོའི་འཕྲིན་ལས་དེ་དག་ཡང་སྙིང་རྗེས་མཉམ་མཉོམས་སུ་མཛད་པའོ། །གཞན་ཡང་གཟུང་འཛིན་གཉིས་མྱེད་དང་། ཚད་མྱེད་བཞི་དང་། རྡ་དགད་དྲག་པོ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་འཇུག་གོ། །དེ་བས་ན་སྒྲ་སྐད་སོར་བཞག་སྟེ། མ་སྒྱུར་བ་ཡིན་ནོ། །དེ་ནི་ཧེ་རུ་ཀའི་དོན་བཅུ་དང་སྦྱར་ཏེ་བཤད་པའོ་ཡིན་ནོ། ༈ །བཤད་པར་དམ་བཅའ་བ་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པ་ནི་སེམས་བསྐྱེད་མི་ཉམས་པའི་དགོས་པ་ཡོད། གདུལ་བྱ་དོན་དུ་གཉེར་བའི་དགོས་པ་ཡོད། བསྟན་ཆོས་རྩམ་པ་མཐར་ཕྱིན་པའི་དགོས་པ་ཡོད། བསྡུས་དོན་ནི་གསུམ་སྟེ། ཆོས་གང་བཤད་ན། སྣང་བ་དམ་པ་རྒྱན་བཤད། གང་ཟག་གང་གིས་བཤད་ན། སངས་རྒྱས་གསང་བས་བཤད་ཐབས་ཇི་ལྟར་བཤད་ན། ཕྱག་བཙལ། དམ་བཅས་ནས། འགྲོ་བ་ཡེ་ཤེས་ཀྱི་ལུས་སུ་བྱ་བའི་ཕྱིར་བཤད་དོ། །ཚིག་གི་དོན་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་དག་ལས་ཞེས་པས་ཏེ། གང་ལས་བསྡུས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །རྒྱུ་དོན་དམ་སྟེ་ཤེས་རབ། འཕྲུལ་ཀུན་རྫོབ་སྟེ་ཐབས། དྲ་བ་གཉིས་མྱེད་དེ་ཟུང་དུ་འབྲེལ་བ། རྒྱུད་ལམ་ཡི་གེའི་རྒྱུད། དག་ངོས་བཟུང་བ་སྟེ། གསང་སྙིང་དང་ཐབས་ཞགས་ལས་བསྟུས་སོ། །དེ་ཡང་རྒྱུད་ནི། ཞལ་ནས་གསུངས་པ་དང་། ཆོ་ག་ཚང་བ་དང་། འབྲེལ་ཆགས་པ་དང་། ཀྲུགས་པ་དང་། མངོན་པར་འབྱུང་བས་ན་རྒྱུད་དོ། །དེ་ཡང་སྒྱུ་འཕྲུལ་གསུམ་ལས། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། གསང་སྙིང་ལས་སོ། ། གང་བསྟུས་ན། ལྷའི་རྣལ་འབྱོར་རིམ་པ་ཞིག །རང་བཞིན་ལྷུན་གྲུབ་གཞིའི་ལྷ་དང་། ཉེ་བར་བསྙེན་པ་རྟགས་པ་ལམ་གྱི་ལྷ་དང་། རྟོགས་པ་མངོན་གྱུར་འབྲས་བུའི་ལྷ་དང་གསུམ་དབྱེར་མྱེད་པར་ལམ་གྱི་རྣལ་འབྱོར་པས། རྟེན་དང་རྟེན་བཅས་གོ་རིམ་བཞིན་དུ་སྒོམ་པའི་རིམ་པ་བཞིན་ཏེ། ལམ་གྱི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ། དཔལ་ཧེ་རུ་ཀ་སྒོམ་པ་དང་། འཕྲིན་ལས་ཀྱི་རིམ་པ་བཞིན་དུ་བྱའོ། །དགོས་ཆེད་ཅིའི་ཕྱིར། སེམས་ཅན་ཡེ་ཤེས་སྐྱེད་པའི་ཕྱིར། །ཚོགས་བརྒྱད་དང་ལྡན་པའི་སེམས་ཅན་དེ་ཡེ་ནས་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་ལ། ཡིན་པར་མ་ཤེས་པ་དེ་ཡེ་ཤེས་ལྔར་སྐྱེད་པའི་ཕྱིར་རམ། སེམས་ཅན་རྣམས་ལ་ནི་གཏི་མུག་གི་མུན་པས་བསྒྲིབས་ནས་ཡེ་ཤེས་ཀྱི་སྣང་བ་མ་སྐྱེས་པ་ལ་ཡེ་ཤེས་སྐྱེད་ཕྱིར། ཇི་ལྟར་བསྟུས་ན། ལེགས་པར་བསྟུས་ཏེ་བསྟན་པར་བྱའོ། །ཚིག་ཏུ་མི་མང་། དོན་དུ་མི་ཉུང་བར་ལེགས་པར་བསྟུས་ཏེ། མ་འོངས་པའི་གང་ཟག་རྣམས་ལ་བསྟན་པར་བྱའོ། །དེ་ཡང་མན་ངག་འདི་སློབ་དཔོན་གྱིས་འཕྲིན་ལས་སུ་མ་ཚང་མྱེད་པར། ལེའུ་བཅོ་ལྔ་པ་ལ་སོགས་པ་ནས་བསྟུས་སོ། །ཡང་གང་གིས་བསྟུས་ན། སངས་རྒྱས་གསང་བས་སོ། །གང་ནས་བསྟུས་ན། གསང་སྙིང་ལས་སོ། །ཅིའི་ཕྱིར་བསྟུས་ན། སེམས་ཅན་ཡེ་ཤེས་སོ། །གང་བསྟུས་ན། སྒྲུབ་ཐབས་འདི་ཉིད་དོ། །གང་མཉེས་པར་བྱ་ན་བླ་མ་སློབ་དཔོན་མཉེས་པར་མ་བྱས་ཤིང་། །སྤྱིར་སློབ་དཔོན་དྲུག་ལས། མན་ངག་ལུང་གི་སློབ་དཔོན་དང་། དམ་ཚིག་དབང་བསྐུར་བའི་སློབ་དཔོན་དང་། ཕྱི་སྒོ་གསུམ་གྱིས་མཉེས་པར་བྱ་སྟེ། ཟང་ཟིང་དབུལ། ནང་བསྒྲུབ་པས་མཉེས་པར་བྱ་སྟེ། སློབ་མ་སྣོད་བཟང་པོའོ། །དེ་ལ་མཉེས་པའི་རྐྱེན་གྱིས་ཅི་ཞེ་ན། མཉེས་ནས་ཅི་བྱེད་ན། །དབང་རྣམས་ཐོབ་པར་མ་བྱས་ན། །ཕྱི་ཕན་པའི་དབང་བཅུ་ལུས་ལ་སྐུར་བ་དང་། ནང་ནུས་པའི་དབང་ལྔ་སེམས་ལ་སྐུར་བ་དང་། གསང་བ་ཟབ་མོའི་དབང་གསུམ་རིག་པ་ལ་སླབ་པ་དང་། དབང་བཅོའ་བརྒྱད་པོ་རྣམས་སློབ་མས་ཐོབ་པར་མ་བྱས་ན། མཉེས་པའི་བྱ་བ་གང་འགྲུབ་ལས་བྱ་བ་གོ་བ་དེའོ། །ཉན་པ་ལ་སོགས་བརྩོམ་པ་རྣམས། །དབང་དེ་དག་མ་ཐོབ་པར། རང་ཉན་པ་དང་། གཞན་ལ་འཆད་པ་དང་། ལྷ་བསྒོམ་ཞིང་སྒྲུབ་པ་དང་། འཕྲིན་ལས་དང་། རྡོ་རྗེ་སློབ་དཔོན་གྱི་ས་གཟུང་ནས་དེའི་བྱ་བ་བྱེད་ཀྱང་། བྱ་བ་ཅི་ཐོབ་ན་འབྲས་བུ་ཡོད་པར་འགྱུར། འབྲས་བུ་མྱེད་ཅིང་བརླག་པར་འགྱུར ། དེ་དག་གི་འབྲས་བུ་མཆོག་དང་ཐུན་མོང་གི་འབྲས་བུ་མྱེད་ཀྱི་ཕ་རོལ་ཏུ། སླར་ངན་སོང་གི་གནས་སུ་རང་རྒྱུད་རླག་པར་འགྱུར་བས་ན། བླ་མ་གཉེས་ཤིང་ཕྱི་ནང་གི་དབང་རྣམས་ཐོབ་པར་བྱས་ནས་བསྟོད་པ་ལ་སོགས་པ་བྱའོ་ཞེའོ། །དེ་བས་ན་གོ་མ་དེ་དག་ལས་ཟློག་སྟེ་བཤད་པའོ། །གང་གིས་མཚོན་ཡི་གེ་སྒྲ་ཏགས་མིང་ཚོགས་ལ། །ཡི་གེ་ཨ་ལི་ཀ་ལི་གཉིས་ལ། གེའུ་གུ་འགྲེང་བུ་དང་ན་རོའི་སྒྲ་ཏགས་ནས། ཚོག་ཤད་ཀྱིས་ཕྱེ་བ་ནི། ཡི་གེའི་ཚོགས་ལས་སྒྲ་བྱུང་། སྒྲ་འདུས་པ་ལས་མིང་བྱུང་། མིང་འདུས་པ་ལས་ཚིག་ཏུ་འདུས་པའོ། །ཇི་ལྟར་མཚོན། རྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཚིག་ལ་རྟེན་ནས་དོན་མཚོན་པར་བྱེད་དེ། ཚིག་གི་སྒྲོན་མེས་དོན་གྱི་གསེར་མཚོལ་བ་ནི། དོན་གབ་པ་མུན་པའི་རྫས་དང་འདྲ། ཚིག་གིས་མཚོན་པ་ནི་སྒྲོན་མེ་དང་འདྲ་བ་ཡིན་ནོ། །གང་མཚོན། ཁོང་ནས་གབ་སྦས་དོན་འབྱིན་པ། །དེས་གང་མཚོན་པར་བྱེད་ཅེ་ན། གཞི་རང་བཞིན་གྱི་རྒྱུད་ལ་གབ་པ་ཀུན་ཏུ་བཟང་པོས་འབྱིན་ལ། ལམ་རྐྱེན་གྱི་རྒྱུད་ལ་སྦས་པ་སློབ་དཔོན་གྱིས་འབྱིན་ནོ། །དེ་ཡང་གཞི་རང་བཞིན་གྱི་རྒྱུད་ལ་གབ་པ་སེམས་ཉིད་ཡིན་ཏེ། ཁོང་ན་གབ། དེ་སྟོན་པའི་གདམ་ངག་ལམ་རྐྱེན་གྱི་རྒྱུད་ཡིན་ཏེ། ཡི་གེ་རིས་སུ་སྦས་སོ། །ཚིག་དང་ཡི་གེའི་རྒྱུད་དེ་ཡང་སྐུས་ལ་གབ་སྟེ། རྡ་ཆོད་དང་ཟུ་ལུམས་བྱེད་པ་རྣམས་ཀྱི་དོན་དུ་རྒྱུད་བཀྲུགས་པའོ། །བཀྲུགས་པ་དེའི་དོན་འདིར་ཕྱིན་ཅི་མ་ལོག་པར་བསྟུས་ནས་སྟོན་ནོ། །སུས་མཚོན་ཅི་འཛིན། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །དེ་འབྱིན་པའི་ཁུངས་གང་ལ་ཐུག་ན། སྟོན་པ་ཀུན་ཏུ་བཟང་པོ་རྒྱུད་སྟོན་པའི་བདག་ཉིད་དམ། དཔལ་རྡོ་རྗེ་སེམས་དཔའ་རྒྱུད་འཆད་པའི་སྐྱེས་བུའམ། སློབ་དཔོན་སངས་རྒྱས་གསང་བ་བསྟན་ཆོས་རྩམ་པའི་མཁན་པོ་གསུམ་གྱི་ཐུགས་ལ་གབ་པ་ནི། དེ་ལྟ་བུར་གནས་ཤིང་རག་ལུས་པས་ན། སློབ་དཔོན་མཉེས་པར་བྱ་དགོས་པའོ། །དེ་ཡང་དོན་༼སྟོན་པ་རྡོ་རྗེ་༽དེ་གང་ལ་ཡོད། གང་གིས་༼ཁོང་ནས་༽ འབྱིན་༼བདེན་པའི་༽པ་ལ་ཅི་དགོས། དགོས་པ་དེ་གང་གིས་གྲུབ་ཞེ་ན། ཐོབ་བྱ་ཉིད་འདི་ཡིན་པས་འདི་ལ་འབད་པར་བསྟན་འདི་ནི་གསང་ཆེན་ངེས་པའི། །རྒྱུད་གསང་བ་སྙིང་པོའི་མན་ངག་འདི་ནི། གསང་བ་བཞིས་ཆོད་པའི་གང་ཟག །གྲོལ་བའི་ཕྱིར་གསུངས་པས། དྲང་དོན་མ་ཡིན་པས་ངེས་པའི་དོན་གྱི་མན་ངག་འདི་བློ་དམན་པས་མི་རྟོགས་ཏེ་ཤིན་ཏུ་ཟབ་པའི་ཕྱིར་རོ། །འདི་ནི་ངེས་པའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། འབྲས་བུ་ལམ་དུ་གྱུར་པ་ཡིན། །དེ་ཡང་ད་ལྟར་རྒྱུའི་དུས་འདི་ཉིད་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྟོན་ཏེ། དེའི་དོན་རྟོགས་ནས་དེ་ཉིད་ལམ་དུ་ཕྱིན་པའི་ཕྱིར་རོ། །འབྲས་བུ་ནི་རྒྱལ་པོ་ཕྲུ་གུའམ། ཤིང་སྣའི་མེ་དང་འདྲ་ལ། ལམ་དུ་གྱུར་པ་ནི་རྒྱུ་འབྲས་གཉིས་མྱེད་པ་ཡིན་པས་སོ། །དེ་བས་ན་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་པ་ཡིན་ནོ། །རྒྱལ་བའི་དཀྱིལ་འཁར་མ་ལུས་ལ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་པ་ཡང་། མན་ངག་འདི་ལས་མ་རྟོགས་པའི་དགོས་པ་མྱེད་དེ། རྒྱལ་བ་ནི་འཁོར་བ་ལས་སོ། །དཀྱིལ་ནི་བཛྲ་ཧེ་རུ་ཀའོ། །འཁོར་ནི་རིགས་བཞིའི་ཧེ་རུ་ཀའོ། །མ་ལུས་པ་ནི་ལྷག་མ་མ་ལུས་པའོ། །འདི་ལས་གསང་བའི་ངེས་དོན་མྱེད། །རྒྱལ་བ་ཐམས་ཅད་ཀྱང་མན་ངག་འདི་ལས་བྱུང་བ་དང་། དེའི་ངང་ལ་བཞུགས་པའི་ཕྱིར་དང་། འདི་ལས་ལྷག་པའི་གསང་བའི་ངེས་དོན་གཞན་མྱེད་དེ། མན་ངག་འདི་ཉིད་ལས་མི་འདའ་བ་ཡིན་ནོ། །བཙལ་ཀྱང་རྒྱལ་བས་མི་སྙེམས་སོ། །མི་ལ་སོགས་པ་སྒྲིབ་ཏུ་རེ་གཞན་གྱིས་ལྟ་ཅི་སྨོས་ཏེ། འདི་ལས་ལྷག་པ་རྒྱལ་བའི་དཀྱིལ་འཁོར་དང་བཅས་པས་ཀྱང་མི་རྙེད་དོ། །ཀུན་གྱི་ཕྱག་རྒྱ་ཆེན་པོའི་རྒྱུ། །དེ་བཞིན་གཤེགས་པ་ཀུན་གྱི་ཕྱག་རྒྱ་ནི། ཡབ་ཕྱག་རྒྱ་ཆེན་པོ། ཡུམ་དམ་ཚིག་གི་ཕྱག་རྒྱ་གཉིས་མྱེད་ཆོས་ཀྱི་ཕྱག་རྒྱ། འཕྲོ་འདུའ་ལས་ཀྱི་ཕྱག་རྒྱ། དེ་ལས་མི་འདའ་བས་ན་ཕྱག་རྒྱ། དེ་ལྟ་བུས་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པ་ཐོབ་ཅིང་སྐྱེད་པའི་རྒྱུ་ཡིན་པས་ན་འདི་ལ་འབད་དོ། །སྦྱངས་པས་སྣོད་དུ་གྱུར་པ་བསྟན། སྦྱིན་པའི་སྣོད་བསྟན། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཐོས་པའི་ཤེས་རབ་ཀྱི་དུས་སུ་སྣོད་ཁ་སྤྲུབ་ཀྱི་སྐྱོན། བསམ་པའི་དུས་སུ་ཞབས་རྡོལ་སྤང་། སྒོམ་པའི་དུས་སུ་དུག་ཅན་སྤང་། དེ་ལྟ་བུས་རང་གི་ཤེས་རྒྱུད་སྦྱང་ངོ་། །འདིའི་དོན་འདོད་པའི་གང་ཟག་ནི། ཐུན་མོང་གི་ཐེག་པ་ལ་སྔོན་དུ་བློ་སྦྱངས་པ་བྱས་པ་གཅིག་དགོས་པའོ། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །དེ་ལྟར་སྔོན་དུ་བློ་སྦྱངས་པས། སྒྲིབ་པ་ཐམས་ཅད་དག་ནས་བློ་རྣོ་བར་གྱུར་ཏེ། དེས་འདི་རྟོགས་པས་ན། ཤེས་རབ་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས། འདི་ཟུང་ཅིག །གཞན་སྦྱངས་པ་སྔོན་དུ་མ་སོང་བ་དང་། བློ་དམན་པས་འདིའི་དོན་མ་རྟོགས་པས་བསྟན་པར་མི་བྱ་བའི་ཕྱིར་ན། ༈ །རང་བཞིན་གྱིས་སྣོད་དུ་རུང་བར་བསྟན། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །སྣོད་དང་ལྡན་པ་ནི་སྐྱོན་མྱེད་པ་སྟེ། ལྡན་པ་ཆུ་སྲིན་གྲེ་བ་དང་འདྲ་སྟེ། མན་ངག་གསང་ཐུབ་པ། ངང་རིང་བ་ཆུ་བོའི་རྒྱུན་ལྟ་བུ་སྟེ། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་དང་། སེམས་ལ་ཁོང་ཁྲོ་བ་མྱེད་པ་དང་། ཚུལ་ཤེས་པ་དགེ་སློང་གསར་པ་ལྟ་བུ་སྟེ་སྒོ་གསུམ་སྐྱོན་གྱིས་མ་གོས་པ་དང་། རང་བཞིན་བཟང་བ་གསེར་ལྟ་བུ་སྟེ། ཐམས་ཅད་དུ་ཕྱོགས་རིས་མི་འབྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ་ཀུན་ལ་ཁྱབ་པ་ཉི་མ་ལྟ་བུ་དང་། བློ་རྟན་པ་རི་བོ་ལྟ་བུ་སྟེ། རྡོ་རྗེ་ཐེག་པ་འདིའི་སྒོར་ཞུགས་ནས་མདོའ་སྡེ་ལ་སོགས་སུ་མི་ལྡོག་པར་རིགས་རྟན་ཞིང་མི་འགྱུར་བའོ། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །རྐྱེན་གྱིས་སྣོད་དུ་རུང་བ་བསྟན། མྱེད་ན་རང་ལུས་འབུལ་བ་ནི། ཡོད་ན་ལོངས་སྤྱོད་འབུལ་བ་སྟེ། རྡོ་རྗེ་སློབ་དཔོན་དང་མཆེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རང་གི་ལུས་སྲོག་ལ་ཡང་མི་ལྟ་བར། ལོངས་སྤྱོད་ལ་སོགས་པ་གཏོང་བ་དེ་ལྟ་བུ་ལ་མན་ངག་འདི་སྦྱིན་པར་བྱའོ། །དེ་སྐད་དུ་ཡང་སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་ཞེས་དང་ཡིད་འཐད་དབུལ། །ཅེས་སོ། །གཞན་དུ་ནམས་ཀྱང་སྦྱིན་མི་བྱ། །གོང་དུ་བསྟན་པའི་སྣོད་དང་ལྡན་པ་དེ་དག་མྱེད་པ་ལ། མན་ངག་འདི་ནམ་ཡང་བསྟན་པར་མྱི་བྱ་སྟེ། སྣོད་ངན་ན་བུ་ལ་ཡང་མི་སྦྱིན་ནོ། །གོང་ལས་ཟློག་པས་བཤད་དེ། ཐོས་བསམ་སྒོམ་ལ་མ་སྦྱངས་དང་། །ཤེས་རབ་མིག་ལྡན་མྱི་ལྡན་ཞིང་། །ཞེས་བྱའོ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །གལ་ཏེ་སློབ་མ་བློ་མ་སྦྱངས་པས། གཏིའ་མུག་གིས་ཤེས་རབ་རྨོངས་པ་དག་ལ། སློབ་དཔོན་འཕྱར་བས། ཐེག་པ་ཆུང་རྒྱུད་ཀྱི་མན་ངག་སྦྱིན་རྒྱུ་མྱེད་པས། གལ་ཏེའམ་རྒྱ་ལམ་ན་བྱིན་ན། དེའི་ཉེས་པ་ནི། དུས་མིན་པར་ནི་སྲོག་ཟད་ནས། །འཆིའ་བའི་དུས་མིན་པར་འཆི་བའི་དུས་བྱས་ནས། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་འཆད་པ་བཅད་དེ། སྲོག་ཟད་ནས་བེམས་རིག་བྲལ་བར་འགྱུར་རོ། །སྲེགས་དང་སྦྲེེབས་ལ་ཡུན་རིང་གནས། །ཤི་ནས་ཡང་། སྲེག་པ་ཚ་བའི་དམྱལ་བ་བརྒྱད་དང་། དྲང་བའི་དམྱལ་བ་བརྒྱད་དང་། སྦྲེབས་པ་སྟེ། ཡི་དྭགས་ཕྱི་ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གི་སྒྲིབ་བ་ཅན་དུ། སྐལ་བ་དུ་མ་དང་སྟོང་ཕྲག་མང་པོར་གནས་པའི་ཕྱིར་ན་སུ་ལ་ཡང་མྱི་སྦྱིན་ནོ། །གང་རྣལ་འབྱོར་ཞིག་གླང་རང་སེམས་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་ལས་བསྟུལ་འདུལ་ཐབས་མཁས་པས་རྟོག་པ་ཡེ་ཤེས་སུ་ནས་སུ། །སྔགས་གསུམ་དང་ཕྱག་རྒྱས་རབ་བཞི་བསྟན་ན། །དངོས་མཆོག་ཏུ་ཐུན་མོང་གི་གྲུབ་ཡ་མཚན་ཆེན་པོར་འགྱུར་བསམ་པ་མཉམ་པར་བཞག་ཅེས་སོ། ༈ །རྒྱ་གར་གྱི་གླང་པོ་ཆེ་སྙོན་པ་ནི་ཆོས་གསུམ་དང་ལྡན་པ་སྟེ། གནས་མ་ཡིན་པར་གནས་པ། འགྱུ་མ་ཡིན་པར་འགྱུ་བ། བྱེད་དུ་མ་བཅུག་པའི་ལས་བྱེད་པའོ། །དེ་ཡང་གནས་མ་ཡིན་པར་གནས་ཏེ་གྲོང་འདུན་དུ་སྡོད། འགྱུས་མ་ཡིན་པར་འགྱུ་སྟེ། ལམ་སྲང་གྲོང་བར་དུ་འགྱུ། བྱ་བ་མ་ཡིན་པས་ལས་བྱེད་དེ། གྲོང་ཁྱེར་འཆིག་གོ། །དེ་དང་རང་གི་སེམས་ཀྱང་འདྲ་སྟེ། གནས་མ་ཡིན་པར་གནས་ཏེ། བདག་འཛིན་ལ་གནས། འགྱུ་ས་མ་ཡིན་ཏེ་གཟུང་འཛིན་ལ་འགྱུ། བྱེད་དུ་མ་བཅུག་པའི་ལས་བྱེད་དེ། འདོད་ཆགས་ཞེ་སྡང་ལ་སོགས་པའི་ལས་བྱེད་དོ། །དེ་ཡང་གླང་པོ་ཆེ་དེ་འདུལ་བའི་དུས་སུ། ཁོ་རྒྱུ་བའི་ལམ་སྲང་ངམ་གྲོག་པོར་དོང་སྐོས་ཏེ། དེར་རྒུན་འབྲུམ་གྱི་ཆང་བླུགས་ཏེ་བཞག་པས། ཁོ་རྒྱུ་བའི་དུས་སུ་ཚོར་ཏེ་འཐུངས་པས། མྱོས་ནས་འགྲོ་བ། དེ་ལ་སྣ་ནས་ལྕགས་ཀྱུས་གཟུང་ནས། སྙན་པའི་ཚིག་གླུ་དང་གར་ལ་སོགས་པ་བྱས། སྟེང་དུ་ཞོན་ནས་ཐོ་བས་དལ་བུས་ཏོལ་ཏོང་ཞག་བཅུ་གཅིག་དཀུག་པས་ཐུལ་ལོ། །དེ་ནས་རང་གི་སྲིད་བསྲུང་བ་དང་། དགྲའི་དཔུང་གཞོམ་པ་ལ་སོགས་པའི་ཡོན་ཏན་འབྱུང་ངོ་། །རང་གི་སེམས་དེ་དག་འདྲ་བ་དེ་ཡང་། རྒུན་ཆང་དང་འདྲ་བའི་ཏིང་ངེ་འཛིན་གསུམ་ལ་བློ་གཞག་པས། སྟུལ་ནས། ལྕགས་ཀྱུ་དང་ཐོ་བ་དང་གླུ་ལ་སོགས་པ་དང་། འདྲ་བའི། རྒྱུ་མ་ནོར་བའི་རྩ་བའི་སྔགས་ལ་སོགས་པའི་སྔགས་གསུམ་བསྟན་པ་དང་། ཕྱག་རྒྱ་བཞི་བསྟན་པར་བྱ་སྟེ་མངོན་དུ་བྱས་ནས། རང་གི་རྟོག་ཚོགས་ལྷའི་དལ་དུ་ཤར་བས། མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་ངོ་། །དེ་བས་ན་མཉམ་པར་བཞག་ཅེས་སོ། །དུར་མི་རོ་ཡོད་པ་ཁྲོད་ཆེན་པོ་གནས་བརྒྱད་རབ་དབེན་དུ་འཛེམ་པས་པའི། །རི་དགྲས་མི་ཚུགས་པའི་བོས་བསྐོར་བའི་ལྗོན་ཤིང་ལྕུག་མ་དང་། །མེ་ཏོག་གི་སྣམ་བུ་བར་མ་ཆད་པའི་འཕྲེང་བས་རབ་རྒྱན་པའི། །དབེན་དཔག་ཚད་ཀྱིས་པའི་གནས་སུ་འདུག་བསྒོམ་ཞེས་སོ་ནས་ནི། ༈ གནས་ལ་བཞི་སྟེ། ཕྱི་ཡུལ་གྱི་གནས་དང་སྦྱར་ཏེ་བཤད་པ་དང་། ནང་ལུས་ཀྱི་གནས་དང་སྦྱར་ཏེ་བཤད་པ་དང་། གསང་བ་ཡུམ་གྱི་གནས་དང་སྦྱར་ཏེ་བཤད་པ་དང་། དེ་ཁོ་ན་ཉིད་རྩའི་གནས་དང་སྦྱར་ཏེ་བཤད་པའོ། །དང་པོ་ལྟར་ན། དུར་ཕུང་པོའི་གླིང་ལ། ཁྲོད་བམ་གྱི་ཀློང་སྟེ། མི་རོ་གསར་སྙིང་མང་པོ་གནས་པའོ། །ཆེན་པོ་ནི་དུར་ཁྲོད་ཆེན་པོའི་གནས་བརྒྱད་ལྟ་བུའོ། །རབ་དབེན་པ་ནི། བསམ་གཏན་གྱི་འདུ་འཛི་ལས་དབེན་པ་དང་། དམ་རྫས་སྐྱེ་བོ་ལས་དབེན་པ་དང་། འཇིགས་པ་དགྲའ་རྐུན་ལས་དབེན་པ་དང་། བར་ཆད་རྐྱེན་བགེགས་ལས་དབེན་པའོ། །རི་བོས་སྐོར་བ་ནི། གནས་དེའི་འཐའ་མ་རིས་སྐོར་བས་དགྲས་མི་ཚུགས་པ་དང་། ལྕུག་མ་ལྗོན་ཤིང་གི་ནགས་ཚལ་ཡོད་པ་དང་། མེ་ཏོག་གི་རྣམ་བུ་ཡོད་པ་དང་། དཔག་ཚད་དང་རྒྱང་གྲགས་ལས་དབེན་པ་སྟེ། གནས་དེ་ན། ནམ་མཁའ་གྲུ་གསུམ་མམ། ཤར་རི་མཉམ་པ། ལྷོ་རི་བཞོལ་བ། ནུབ་རི་འཐོའ་བ། བྱང་རི་འདུད་ལ་སྐོར་བ། ཤིང་ཙན་དན་ལ་སོགས་པ་དྲི་ཞིམ་པོ་ཡོད་པ། དེ་ལྟ་བུར་འདུག་ནས་ནི། ས་ཆོག་བྱ། མ་དྷ་ལ་བྱ། སྟ་གོན་བྱ། དམ་རྫས་དགྲམ། སྔོན་འགྲོ་གནས་སྐབས་དང་སྦྱར་རོ། །ནང་ལུས་ཀྱི་གནས་དང་སྦྱར་ཏེ་བཤད་ན། རང་གི་ལུས་ཉིད་དུར་ཁྲོད་ཀྱི་གནས་བརྒྱད་དེ། ཡན་ལག་ལྔ། མཚན་མ་དང་དྲུག །ཁོག་པ་དང་བདུན། ནང་རོལ་དང་བརྒྱད་དོ། །ལུས་དེ་གཞན་དབང་དུ་མ་སོང་བས་དབེན་པ་དང་། ཁོག་པ་རི་བོ་དང་འདྲ་བ་ལ་ཡན་ལག་གིས་སྐོར་བས་སོ། །སྐྲ་དང་སྤུ་ནི་ལྕུག་ཕྲན་ནོ། །མིག་ལ་སོགས་པའི་དབང་པོ་ལྔ་ནི་མེ་ཏོག་གོ། །ལུས་འཛིན་པ་དང་བྲལ་བས་བདེའ་བའི་གནས་སུ་གྱུར་པ་དེར། རྣམ་པར་ཤེས་པའི་ཚོགས་བརྒྱད་འདུས་ལ་ཡེ་ཤེས་ལྔའི་ཁྲོ་བོ་སྒྲུབ་པར་བྱའོ། །དེར་ཀུན་གཞིའི་རྣམ་པར་ཤེས་པ་མ་དལ་དུ་བྱས། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཐིག་གཏབ། ཕུང་པོ་ཉོན་མོངས་པ་ལྔའི་དམ་རྫས་བཀྲམ། ཡེ་ཤེས་ལྔའི་ལྷ་བསྒོམ་མོ། །གསང་བ་ཡུམ་གྱི་མཁའ་དང་སྦྱར་ཏེ་བཤད་ན། མཁའ་ནི་དུར་ཁྲོད་དེ། དུར་ནི་བྱང་སེམས་སྡུད་པའོ། །ཁྲོད་ནི་བྱང་སེམས་འབྱིན་པའོ། །དབེན་པ་ནི་རྩ་ཁ་ཁ་མུ་ཁའི་སྣ་རྩེ་ཨ་བ་འདུ་ཏི་ནས་སོར་གཅིག་གིས་དཔགས་པའོ། །རི་བོ་ནི་ཡུམ་གྱི་སྣ་རྩེའོ། །སྐོར་བ་ནི་རྩ་སྟེ། རྩའི་འདུད་པ་བརྒྱད་དུ་གནས་པའོ། །མེ་ཏོག་གི་ཡུམ་གྱི་པད་མ་རག་ཏའོ། །ལྕུག་མ་ནི་བ་སྤུ་རིང་པོའོ། །གནས་ནི། ཡུམ་མཁའ་ཕྱི་ཁྱམས་གྲུ་བཞི་རྒྱས་པ། སྐྱེ་གནས་ཟླ་ཁམ་དབང་། སྣ་ཚོགས་འདུད་པ་ཟླུམ་པོ། བཞི་པ། སྣ་རྩེ་ཟུར་གསུམ་དྲག་པོ། གནས་དེར་གསང་བའི་རྡོ་རྗེ་འདུག་ནས། ས་བླང་བ་ལྟ་བུའི་གཡའ་བླང་། ས་ཆོག་ལྟ་བུའི་རྩ་བརྩལ། དཀྱིལ་འཁོར་འབྲི་བ་ལྟ་བུའི་སྦྱོར་བའི་བརྡ་བསྐུལ་ལ། རོལ་པས་སྒྲུབ་པ་བྱ། དངོས་གྲུབ་ཡུམ་གྱི་མཁའ་ལ་བླང་། གསང་བའི་དབང་སྐུར། འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་ངོ་། །དེ་ཁོ་ཉིད་རྩ་དང་སྦྱར་ཏེ་བཤད་ན། དུར་ཁྲོད་ནི་རྩ་ན་ལུ་སྟོང་ཕྲག་བདུན་ཅུ་རྩ་བཞིའོ། །རི་བོ་ནི་སྙིང་ངོ་། །སྐོར་བ་ནི་རྩ་འཁོར་ལོ་བཞིའོ། །ལྕུག་མ་ནི་རྩའོ། །མེ་ཏོག་ནི་རྩའི་ནང་གི་ཐིག་ལེའོ། །གནས་ནི་དཀྱིལ་ཀྲུང་བཅའ་བའོ། །འདུག་ནས་ནི་གཏུམ་མོ་སྤར་ཏེ་ནམ་མཁའི་བ་བཞོ་བར་བྱའོ། །དེ་ལྟར་བསྟན་པའི་གནས་བཞི་པོ་དེའི་དགོས་པ་ནི། ཕྱི་བསྐྱེད་རིམས་བསྒོམ་པའི་གནས་དང་། ནང་རྫོགས་རིམས་བསྒོམ་པའི་གནས་དང་། གསང་བ་གསང་དབང་སྐུར་བའི་གནས་དང་། རྩ་གནས་གསང་དབང་དང་རྫོགས་རིམས་ལ་དགོས་པའི་གནས་ཡིན་ནོ། །གདུལ་བྱ་རུ་ཏྲའི་རྒྱུད་བསྟན། རུ་ཏྲའི་སྡུག་བསྔལ་སྤྱོད་ཚུལ། འཛིན་པའི་དབང་གིས་སྡུག་བསྔལ་ཞི། །རུ་ཏྲའི་མཐུའ་བསྟན། གདུག་པས་སྲིད་གསུམ་འདུལ་བའི། །འདུལ་བྱེད་བསྟན། ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །རྗེས་འཇུག་བསྟན་སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་བསྒོམ། །སྔོན་འབྱུང་གི་དུས་ན། སྐལ་པ་ཀུན་བཀོད་བྱ་བ་ལ། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་བྱུང་། དེ་ལ་སློབ་དཔོན་དགེ་སློང་ཐུགས་ཀར་གཞོན་ནུ་བྱ་བ་ལ། སློབ་མ་དགེ་སློང་ཐར་པ་ནག་པོ་བྱ་བ་དང་། དེའི་གཡོན་དན་ཕག་བྱ་བས་ཆོས་ཉན་པས། དགེ་སློང་ལགས་ན། ཁྱོད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་མཁས་པར་གྲགས་ན། སྔགས་ཀྱི་ལུགས་ཀྱི་ཉོན་མོངས་པ་ལྔ་འཇོལ་ཉན་དུ་སྤྱད་ནས་སངས་རྒྱ་བའི་ལམ་མཆིས་སམ་ཞེས་ཞུས་པས། མཆིས་གསུང་ནས་བཤད་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་དེངས་བཞིན། །རྣལ་འབྱོར་དེ་ཉིད་དམ་པའི་ལམ། །ཞེས་བཤད་པས། དགེ་སློང་ཐར་པ་ནག་པོས་མ་རྟོགས་ཏེ། ཕྱི་གཟུང་བའི་ཡུལ་ལ། ནང་འཛིན་པའི་སེམས་ཀྱིས་བཟུང་བས། དེ་གཉིས་ཀྱིས་ཕྱིན་ཅི་ལོག་ཏུ་བལྟས་ནས། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་མཆལ་ནས། གསང་སྔགས་ལོགས་པར་སྤྱད་པའི་དབང་གིས། རྡོ་རྗེ་དམྱལ་བར་བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་ཚ་བ་དང་གྲང་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་། དེ་ལས་ཐར་ནས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསྐལ་པ་སྟོང་ཕྲག་དྲུག་ཏུ་ཉམས་སུ་མྱོང་བ་དང་། དེ་ལས་ཐར་བ་དང་ལས་ཀྱི་སྲིན་པོ་བྱའི་གཤོག་པ་ཅན། དུར་ཁྲོད་ཀྱི་བདག་པོ་ཆེན་པོར་སྐྱེས་ནས། རུ་ཏྲ་ལུས་ངག་ཡིད་གསུམ་གདུག་པའི་མཐུས། གཟུགས་ཀྱི་སྲིད་པ་དང་། འདོད་པའི་སྲིད་པ་དང་། གཟུགས་མྱེད་པའི་སྲིད་པ་གསུམ་དབང་དུ་བསྡུས་སོ། །སྲིད་གསུམ་འཇོམས་པའི་རུ་ཏྲ་དེ་འདུལ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་བཀའ་སྒྲོས་ནས། བཅོམ་ལྡན་འདས་ལ་འདུལ་བར་བགོའ་བས་མ་ཐུལ་། དཔལ་རྟ་མགྲིན་ལ་བགོའ་བས་མ་ཐུལ་ནས། དཔལ་ཆེན་པོ་ལ་འདུལ་བར་ཞུས་པས་ཐུལ་ལོ། །སྔོན་འབྱུང་དེ་བཞིན་དུ་རྟུལ་བ་ལྟར། ད་ལྟར་གྱི་སྒྲལ་བའི་ཞིང་བཅུ་འདུལ་ན། དཔལ་ཆེན་པོའི་ང་རྒྱལ་སྐུ་ཆེ་བའི་གཟིའ་བརྗིད་ཅན་བསྟན་པའི་ཕྱིར་ན། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་བསྒོམ་མོ། །དེ་བསྒོམ་པས་གཟུང་འཛིན་གྱི་རྟོག་པ་ཞི་སྟེ། ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱའོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཨེ་མའོ་ནི་དོན་དམ་པ་ལ་རྔམ་པ་སྟེ། དོན་དམ་སྐྱེ་མྱེད་ཆོས་ཀྱི་དབྱིངས་རྟོགས་པའོ། །ངོ་མཚར་ནི། ཀུན་རྫོབ་ལ་རྔམ་པ་སྟེ། ཀུན་རྫོབ་ཡེ་ཤེས་དཔལ་གྱི་སྐུ་བྱུང་བའོ། །རྨད་ཀྱི་ཆོས་ནི་དབྱེར་མྱེད་པ་ལ་རྔམ་པ་སྟེ། དབྱིངས་དང་ཡེ་གཉིས་སུ་མྱེད་པའོ། །དེ་བས་ན་ངོ་མཚར་བའོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དེ་གང་གི་སྤྱོད་ཡུལ་ཡིན་དེ། རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ། རྫོགས་པ་ནི་ཚོགས་གཉིས་རྫོགས་པའོ། །སངས་པ་ནི་འཁོར་བའི་སྐྱོན་དུག་ལྔ་སངས་པའོ། །རྒྱས་པ་ནི་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་རྒྱས་པའོ། །ཀུན་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་དོ། །གསང་བ་ནི་སྤྱོད་ཡུལ་མ་ཡིན་པ་ལ་གསང་ངོ་། །སྐྱེ་བ་མྱེད་ལས་ཐམས་ཅད་སྐྱེས། །དོན་དམ་པར་རང་བཞིན་གྱི་སྐྱེ་བ་མྱེད་པ་ལས། ཀུན་རྫོབ་མ་འགགས་པར་སྒྱུ་མའི་མཚན་ཉིད་ཅིར་ཡང་སྣང་བ་དང་། སྐྱེས་པ་ཉིད་ན་སྐྱེ་བ་མྱེད། །བདེན་པ་གཉིས་ཀ་རང་གི་ངོ་བོས་དབྱེར་མྱེད་པ་ནི། དབྱེར་མེད་འདུས་མ་བྱས་པའོ། །ཨེ་མ་ཀུན་ཏུ་བཟང་པོའི། ཨེ་མ་ངོ་མཚར་བ་དེ་མ་བཙལ་མ་སྒྲུབས་པར་རང་ལས་འབྱུང་བའི། ངོ་མཚར་ཏེ། དེ་ཀ་ཀུན་ཏུ་བཟང་པོའི་དགོས་པའོ། །བདེ་ཆེན་སྤྲོས་མྱེད་ཐིག་ལེ་ལས། །བདེའ་ཆེན་ནི་དེ་བཞིན་ཉིད་དོ། །སྤྲོས་མྱེད་ནི་ཆོས་ཀྱི་དབྱིངས་སོ། །ཐིག་ལེ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་ངང་གིས་བྲལ་བར་གནས་པའོ། །སྟོང་པ་ཉིད་དུ་རབ་གསལ་བའི། །གཟུང་འཛིན་གྱི་སྟོང་པ་ཉི་ཚེ་བ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་རང་སྣང་ནམ་ཀ་ལྟ་བུའོ། །སྙིང་རྗེའི་ཡུམ་ནི་བསྒོམ་པར་བྱ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ། སྙིང་རྗེ་བུ་གཅིག་པའི་མ་ལྟ་བུར་ཁྱབ་པར་བསྒོམ། འགྲོ་དོན་གྱི་མངོན་དུ་སྙིང་རྗེ་འགྲོ་བ་སྟེ། སྙིང་རྗེ་མྱེད་པར་གཞན་དོན་མི་ཡོང་ངོ་། །ཧཱུྃ་ངེས་པ་ལས་ནི་རྡོ་རྗེ་ཆེ། །སྙིང་རྗེ་སྒྱུ་མ་ཙམ་དེ་ལས་རང་རིག་པ་ཡི་གེ་ཧཱུྃ་མཐིང་ནག་ཏུ་བྱུང་། ཧཱུྃ་དེ་ངེས་པར་གསལ་བ་ལས་རྡོ་རྗེ་སེམས་དཔར་གསལ་ལོ། །དེ་ཡང་ཁ་དོག་ངེས་པ་མཐིང་ཀ་དབྱིབས་ངེས་ཧཱུྃ་ངོ་། །དེ་ལས་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་དེ་འཕྲོ་འདུས་པས་ལས་སྐུ་རགས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་ཐོད་པ་བསྣམས་པའོ། །འབར་བ་ཆེན་པོ་གར་དགུའི། །བདག་དོན་དུ་རྟོགས་པ་འབར་བའི་དང་། གཞན་དོན་དུ་ཐུགས་རྗེ་འབར་བའོ། །གར་དགུའ་ནི། སྐུ་སྒེག་པ། དཔའ་བ། འཇིགས་སུ་རུང་བའོ། །གསུང་རྒོད་པ་བཤེའ་བ་འཇིགས་པར་སྒྲོགས་པའོ། །ཐུགས་སྙིང་རྗེ་རྔམ་པ། ཞི་བའོ། །སྐུ་ལ་བསྐལ་པའི་དུས་མཐའི་མེ་ལྟར་འབར་བའོ། །དེའི་ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་དཔལ་བེའུ་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་དེ་ལས་སྐྱེད་པའམ་རྒྱུ་བྱ་བའོ། །འཇིག་པའི་ནི་དུས་ལྟར་གྲག །སྐུ་དེ་ལས་བསྐལ་པ་འཇིག་པའི་མེ་ལྟ་བུ་འབར་བར་གྲགས་སོ། །བྲུྃ་བི་ཤ་ཤུད་དྷེ། བྲུྃ་ནི་བི་ཤ བི་ཤུད་དྷེ་ནི་གཞལ་ཡས་ཁང་གི་རྒྱུའོ། །བི་ཤ་ནི་སྣ་ཚོགས་དག་པ། བྷི་ཤུད་དྷེ་ནི། དག་བྱེད། གཞལ་ཡས་ཁང་བསྐྱེད་པའོ། །དེ་ཡང་ཇི་ལྟར་ཞེ་ན། ༈ །ཏིང་ངེ་འཛིན་གསུམ་པོ་འདི་ལ་ཆོས་རྣམ་པ་དགུ་སྟེ། སྦྱང་གཞིའ་རྣམ་པ་གསུམ་དང་། སྦྱོར་བྱེད་གསུམ་དང་། སྦྱང་ཐབས་གསུམ་མོ། །སྦྱང་གཞིའ་གསུམ་ནི། ཤི་བ་དོན་དམ་པའི་བདེན་པའི་སྦྱང་བ་དང་། སྐྱེ་བ་བར་མ་དོ་སྒྱུ་མ་ལྟ་བུ་སྦྱང་བ་དང་། སྐྱེས་པ་ཀུན་རྫོབ་རགས་པ་སྦྱང་བའོ། །དེ་བས་ན་སྦྱང་གཞིའི་ཤི་བ་དང་བར་དོ་དང་སྐྱེས་པ་གསུམ་ལས་མྱེད་དོ། །སྦྱོང་བྱེད་གསུམ་ནི། ཤི་བ་སྦྱོང་བ་དེ་ཏིང་། བར་དོ་སྦྱོང་བ་ཀུན་སྣང་། སྐྱེས་པ་སྦྱོང་བ་ཀུན་ཏིང་ངོ་། །སྦྱང་ཐབས་གསུམ་ནི། དེ་བཞིན་ཉིད་སྟོང་པ་ཉིད་དུ་སྒོམས་པས། ཤི་བ་དྲན་སེམས་མ་སྐྱེས་པ་དེ་ཆོས་སྐུར་སྦྱངས། དེ་འབྱོངས་ན་ཆོས་སྐུ་འཐོབ། ཀུན་ཏུ་སྣང་སྙིང་རྗེ་སྒྱུ་མ་ཙམ་དུ་སྒོམས་པས། བར་དོར་རིག་པ་གྱུ་གྱུ་དེ་ལོངས་སྐུར་སྦྱང་། དེ་འབྱོངས་ན་ལོངས་སྐུ་འཐོབ། རྒྱུའི་ཏིང་ངེ་ཆོ་ག་གསུམ་ལས་རྒྱུའི་ཧེ་རུ་ཀར་སྒོམ། དེའི་འབྱོངས་ན་སྤྲུལ་སྐུ་འཐོབ། དེ་བས་ན་ཐེག་པ་ཆེན་པོ་སྦྱོང་ཐབས་དེ། ཆོས་སྐུ་ནམ་མཁའ་དང་འདྲ་སྟེ་སྟོང་། ལོངས་སྐུ་མ་དང་འདྲ་སྟེ་སྣང་། སྤྲུལ་སྐུ་ཅིར་ཡང་མ་ངེས་པར་དོན་བྱེད་པ་ཡིན་ནོ། ༈ །གདུལ་བྱ་ལ་དགོངས་ནས་རུ་ཏྲའི་གནས་རང་སྒྱུར་དུ་སྒྱུར་བས། འབྱུང་བ་རིམ་རྩེགས་རང་འགྱུར་དུ་སྣང་། དུར་ཁྲོད་ཆེན་པོར་རབ་འཇིགས་པར། །གཞལ་ཡས་ཁང་གི་རྒྱུ་ནི་དུར་ཁྲོད་དེ། ཕྱིའི་དུར་ཁྲོད་རོ་བཞི་སྐྱལ་བ་ཡན་ཆད་དེ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། ནང་གི་དུར་ཁྲོད་ལུས་ཀྱི་གནས་བརྒྱད་དང་། གསང་བའི་དུར་ཁྲོད་ནི། དཔལ་ཆེན་པོའི་ཐུགས་ཡེ་ཤེས་ལ། རྣམ་རྟོག་སྤྲིན་དང་འདྲ་བ་བྲལ་བའོ། །གདུག་པ་ཐམས་ཅད་འདུལ་བའི་རྟགས་སུ་རབ་ཏུ་འཇིགས་པར་གནས་སོ། །ཁྲག་གི་རྒྱ་མཚོའི་འཁྲུག་པའི་དཀྱིལ། །དུར་ཁྲོད་དེའི་སྟེང་དུ། ར་དམར་པོ་ལས་ཁྲག་གི་རྒྱ་མཚོའ་དམར་ནག་ཏུ་འཁྲུགས་པའོ། །དེ་ཡང་རྟགས་ནི་ཁྲག་ཆགས་པ་རྣམ་པ་གཉིས་དང་ལྡན་པའོ། །དོན་ནི་ཡེ་ཤེས་ཅིག་ལས་ཡེ་ཤེས་མང་པོ་དང་ལྡན་པས་འཁྲུག་པའོ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །ཀེཾ་སྔོ་སྐྱ་ལས་ཀེཾ་རུས་ཀྱི་རི་རབ་བསམ་མོ། །དེ་ཡང་ཡེ་ཤེས་སྲ་ཞིང་འཁྲེགས་པས་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་བའི་བརྟགས་སོ། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཉོན་མོངས་པ་སྲེགས་པའི་བརྟགས་སུ། རཾ་ལས་རི་རབ་ཀྱི་སྟེང་དུ་མེ་དཔུང་འབར་བར་སྒོམ་མོ། །དེའི་མེ་ལོང་ངམ་དཀྱིལ་དུ་དཔལ་ཆེན་པོའི་བཞུགས་གནས་སྒོམ་པ་ཡང་། ༈ སེམས་ཅན་སྐྱེ་བའི་རིམ་པ་དང་སྦྱར་ནས་སྐྱེད་པ་ནི་ནང་པའི་ལུས་ཏེ། དེ་ལ་ཞི་བ་བསྐྱེད་པ་ནི། ལྷ་གཞལ་ཡས་ཁང་ནས་འདོད་པའི་ལོངས་སྤྱོད་ལ་རྩེ་བའི་ཚུལ་ཡིན་ལ། ཁྲོ་བོའི་གནས་སྐབས་འདིར་ནི། དཔེར་ན། མནར་མྱེད་པའི་སེམས་ཅན་དམྱལ་བའི་ལྕགས་ཀྱི་ཁང་སྒྲོམ་འབར་བ་ན། དམྱལ་སྲུངས་གསད་བཅད་ཀྱི་ལས་བྱེད་པ་དང་། ཆ་སྟུན་ཏེ་སྐྱེད་པ་ཡིན་པས། དབང་དྲག་གི་གཞལ་ཡས་ཁང་དུར་ཁྲོད་ཀྱི་ཁང་པ་ན། དཔལ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ། དམྱལ་སྲུངས་སམ་སྲིན་པོ་ལྟར་སྒོམ་མོ། །སྤྱིར་སེམས་ཅན་གྱི་བྱེད་སྤྱོད་དང་། སངས་རྒྱས་ཀྱི་མཛད་སྤྱོད་གཉིས་ཆ་མཐུན་དུ་བྱ་སྟེ། ཉོན་མོངས་པ་གནས་བསྒྱུར། ཐ་མལ་པའི་རྟོག་པ་བཅོམ་ནས་སྒྲིབ་པ་གཅོད་པ་ཡིན་ནོ། །སེམས་ཅན་ལས་ལོགས་སུ་བྱ་རྒྱུ་མྱེད་དོ། །དེ་ནི་མན་ངག་གོ། ༈ །སྤྱིར་དཀྱིལ་འཁོར་ལ་གསུམ་སྟེ། རང་བཞིན་གྱི་དཀྱིལ་འཁོར་དམྱིགས་པའི་ཡུལ་དུ་བྱ་བ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉམས་སུ་བླང་བ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དམྱིགས་པའི་རྟེན་དུ་བྱའོ། །དང་པོ་ནི་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །གཉིས་པ་ལ་གཉིས་ཏེ། བསྐྱེད་རིམས་ལྷའི་དཀྱིལ་འཁོར་དང་། རྫོགས་རིམས་རྩའི་དཀྱིལ་འཁོར་རོ། །གསུམ་པ་ལ་གཉིས་ཏེ། རྡུལ་མཚོན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དེ་ལ་གསུམ་སྟེ། རྒྱུ་རས་བལ་ཐིག་གུ་ལ་ཐགས་སུ་བཏགས་པ་དང་། གསེར་དངུལ་ཟངས་ལྕགས་ལ་ལུགས་སུ་བླུགས་པ་དང་། རཱའམ་ཤིང་རྡོ་ལ་འབུར་དུ་རྐོས་པའོ། །དེ་རྣམས་ལས་འདིར་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེ་ལས་ཅུང་བསྐྱེད་རིམས་གཙོར་སྟོན། རྫོགས་རིམས་ཞར་ལ་བསྟན་ནོ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །རྒྱུ་ཡེ་ཤེས་རིན་པོ་ཆེ་ལས་གྲུབ་པ། རྟགས་འབར་བ་ཁྲག་འཐུང་གི་ནས་སུ་བྱུང་བ། དོན་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྟེ། བློས་གཞལ་བ་ལས་འདས་སོ། །དེ་གང་ཞེ་ན། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཡེ་ཤེེས་དེས་ཐམས་ཅད་དུ་ཁྱབ་པས། གཞལ་ཡས་ཁང་གི་ཚད་ཀྱང་རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་པ། ནམ་མཁས་གར་ཁྱབ་པར་གཞལ་ཡས་ཁང་གིས་ཡང་ཁྱབ་པར་གནས་སོ། །ཕྱི་དང་ནང་མྱེད་ཀུན་ཏུ་ནང་། །ཐམས་ཅད་ཡེ་ཤེས་རང་སྣང་དུ་ཡིན་པ་དང་། ཐུགས་ཡེ་ཤེས་ལ་ཕྱི་ནང་མྱེད་པ་དང་། བྱང་ཆུབ་སེམས་སུ་གཅིག་པས་ན། ཕྱི་ནས་བལྟས་ན་ནང་གསལ་ལ། ནང་ནས་ལྟས་ན་ཕྱི་གསལ་བའོ། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གཞལ་ཡས་ཁང་གི་དབུས་འཁོར་ལོ་རྩིབས་བཞི་མཐིང་ནག་ཏུ་གནས་པ་ནི་རང་བཞིན་རྟོགས་པ་དང་ཡེ་ཤེས་འབར་བས། ལས་དང་ཉོན་མོངས་པ་གཅོད་པ། རྟགས་འཁོར་ལོ་བཞི། དོན་ཡེ་ཤེས་ལྔ་ལྡན་ནོ། །རྩིབས་མཆན་དམར་པོ་ཁམས་གསུམ་རབ་ཏུ་སྡུད་པའོ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་གྲུ་ཆད་བཞི་ལྗང་ཁུའོ། །སྐུ་གསུམ་མཚོན་པའི་བརྡར་ཐོད་པ་གསུམ་གྱི་རྩིག་པའོ། །རྩིག་པ་གྲུ་ཆད་ཀྱིས་མཛེས་པས་ན་རྒྱན་ཅེས་བྱའོ། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཐུགས་ཡེ་ཤེས་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་བཞི་ནི་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའོ། །རྣམ་ཐར་མཚོན་པའི་སྒོ་བཞི་དང་། ཡེ་ཤེས་ལྔ་ལྡན་གྱི་རྩིག་པ་སྒོ་ཁྱུད་བྱས་པ། ཐེག་པ་རིམ་པ་བརྒྱད་མཚོན་པའི་རྟ་བབས་བརྒྱད་དང་ལྡན་པའོ། །འབར་བའི་བར་ཁམས་གཉིས་ཀྱིས་མཛེས། །བདེན་པ་གཉིས་མེད་དབྱེར་མྱེད་པའམ། འཁོར་འདས་དབྱེར་མྱེད་དུ་གནས་པས་ན་འབར་བ་ཁྲོ་བོ་ད་ལ། བར་ཁྱམས་གཉིས་སུ་བྱུང་བ་སྟེ། བར་ཁྱམས་དང་པོ་འཕྲིན་མྱེན་མའི་ཁྱམས་སོ། །གཉིས་པ་དབང་ཕྱུག་མའི་གནས་སོ། །བར་ཁྱམས་དང་སྒོ་ཕྱོགས་མཚོན་དུ་གནས་སོ། །མཛེས་པ་ནི་གནས་ཐབས་སོ། །ཐོད་སྤྲུལ་སྣ ཚོགས་ཉི་ཟླས་བརྗིད། །གཞལ་ཡས་ཁང་ལ། ཐོད་པ་རྣམ་གསུམ་གྱིས་རྩིག་པ་བྱས་པ་ནི་སྐུ་གསུམ་མཚོན་པའོ། །སྦྲུལ་རིགས་བཞིས་ཐོད་པའི་དམྱིག་ནས་རྒྱུས་པ་ནི་ཞེ་སྡང་མ་སྤངས་ལྷུན་གྱིས་གྲུབ་པའོ། །ཉི་མ་དང་ཟླ་བའི་མཐོངས་ཁུང་བྱས་པ་ནི་ལོག་ལྟའི་སྐྱོན་གསལ་བའོ། །རྒྱན་དེ་གསུམ་གྱིས་གཞལ་ཡས་ཁང་ལ་རྒྱན་པས་བརྗིད་པའི་ཡིན་ནོ། །འབར་བའི་འཕྲོ་བ་མང་པོ་འཁྲུག ། ཐུགས་ཡེ་ཤེས་ཀྱི་མེ་འབར་བས་ཉོན་མོངས་པ་སྲེག་པའི་རྟགས་སུ། ཕྱི་ནང་ཀུན་ནས་རྡོ་རྗེའི་མེ་དཔུང་འབར་བ་ལས། མེའི་ཁྲོ་བོ་མང་པོ་འཕྲོ་འདུ་བྱེད་ཅིང་འཁྲུག་པའོ། །ཞི་བ་ལས་ཁྱད་པར་དུ་བྱས་པས་ན་འབར་བའི་འཕྲོ་བ་མང་པོ་ཞེས་བྱའོ། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །སྟུམ་པའི་དོམ་གྱི་སྤར་བས་ནི། །ཁྱུ་མཆོག་ནི་གླང་པོ་ཆེ་སྟེ། གཏིའ་མུག་གནས་སུ་དག་པའི་རྟགས་སུ། ཤར་འབུ་ཏའི་གདན་ནོ། །དེས་ཆོས་དབྱིངས་ཡེ་ཤེས་མཚོན་ནོ། །ང་རྒྱལ་དག་པའི་རྟགས་སུ། ལྷོ་རཏ་ན་ལ་མ་ཧེའི་གདན་ནོ། །དེས་མཉམ་ཉིད་ཡེ་ཤེས་མཚོན་ནོ། །འདོད་ཆགས་དག་པའི་རྟགས་སུ། །ནུབ་ཏུ་གཟིག་པད་མའི་གདན་ནོ། །དེས་སོ་སོར་རྟོག་པའི་ཡེ་ཤེས་མཚོན་ནོ། །འཕྲག་དོག་དག་པའི་རྟགས་སུ། བྱང་དུ་སྟག་སྐར་མའི་གདན་ནོ། །དེས་བྱ་བ་གྲུབ་པའི་ཡེ་ཤེས་མཚོན། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་རྟགས་སུ་དབུས་བཛྲ་ཧེ་རུ་ཀའི་གདན་ནི་སྟུམ་ཐུང་དོམ་གྱི་གདན་ནོ། །སེམས་ཅན་གྱི་གདན་ལྔ་པོའི་དེའི་སྤར་བས་ནི། ལྷ་ཆེན་པོ་རྣམས་མནན་དེ་གཟུང་བའོ། །དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང་། །དུག་ལྔ་དག་ནས་འཕྲིན་ལས་མཛད་པ་ནི། སེམས་ཅན་ལྔའི་འོག་ན། དབུས་ན་དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས། ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་སྲིན་པོའམ་ཀླུ། བྱང་གནོད་སྦྱིན་ཕོ་མོ། བྱི་ཆིབས་སུ་བཅིངས་ནས། རྨིག་པས་རྫིས། སྡེར་མོས་བཟུང་། རང་གི་ཞོན་པས་རྫིས་ཏེ། ང་རྒྱལ་བཅག་པའོ། །དྲེགས་པ་རྣམས་འཕྲིན་ལས་ནན་དུར་གྱིས་སྟན་པར་བྱ་བའི་ཕྱིར་རོ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རྣལ་འབྱོར་པ་བདག་ཉིད་ནི། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་སྟེ། ཅིའི་ཕྱིར་ན། བདག་རྒྱུའི་ཧེ་རུ་ཀ་དེ་ལས་ཐམས་ཅད་སྐྱེས་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་དེ་ཡང་སྐུ་རྡོ་རྗེ་སྐྱེ་འཇིག་མྱེད་པ། གསུང་རྡོ་རྗེ་འགག་པ་མྱེད་པ་དང་། ཐུགས་རྡོ་རྗེ་རྟོག་པ་མྱེད་པ་ལ་མངའ་སྙེམས་པའི་ཕྱིར། བདག་པོ་བཛྲ་ཧེ་རུ་ཀའོ། །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་ནི་ཁྲོ་བོ་ཆེན་པོ་ཡེ་ནས་ཡིན་ཏེ། འཕྲ་ལ་སྐྱེད་པར་གྱུར་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཤེས་རབ་ཀྱི་རྟོགས་ནས་ཏིང་ངེ་འཛིན་གྱི་སྒོམ་པའོ། །དེ་མྱེད་ན་སྒོམ་པས། མི་ཡོང་སྟེ། སོལ་བ་ལ་བྱི་དོར་བྱས་པས་དཀར་པོ་མི་ཡོང་སྟེ། དེའི་ཕྱིར་ན་བདག་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པའི་ཕྱིར་བདག་གི་སྲས་སངས་རྒྱས་ཡིན་པའོ། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །དཔལ་ཧེ་རུ་ཀའི་ཐུགས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི་ངང་དུ་འབྱུང་བ་སྟེ། ཡབ་ཀྱི་ཐུགས་ཀ་ནས་ཡུམ་ལུས་དང་གྲིབ་མ་ལྟར་རམ་མར་མེ་གཅིག་ལས་གཉིས་སུ་ཆད་པ་ལྟར་བསྐྱེད་པ་ནི། ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་གཡོན་ངོས་སུ་རྫོགས་ཚུལ་དུ་སྐྱེད་པ་ནི། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་བན་དྷ་རྒྱན་ཆ་ལུགས་ཡབ་དང་མཐུན་ནོ། །ཧི་ཧི་དགྱེས་པའི་གཟིའ་མདངས་ཀྱིས། །སྦྱོར་བ་བྱས་ན་དགྱེས་པས། ཡབ་ལ་སྐུ་གསུང་ཐུགས་དགྱེས་པའི་གཟིའ་མདངས་དང་ལྡན་པར་བཞུགས་ཏེ། ཞལ་ནས་ཧི་ཧི་ཞེས་པ་དང་། སྤྱན་གྱི་གཟིའ་བརྗིད་དང་། ཞལ་གྱི་མདངས་ཕྱུང་ནས་ཡབ་ལ་འདུད་པའོ། །རིན་ཆེན་པདྨ་རྒྱས་མཛད་དེ། །ཡབ་ཀྱི་མཁའ་ནི། ཆེ་བའི་ཡོན་ཏན་འབྱུང་བས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་ཕྱིར་རིན་པོ་ཆེའོ། །ཡུམ་གྱི་མཁའ་ནི་ཆགས་པས་མ་གོས་པས་པད་མའོ། །དེ་ལ་ཡུམ་གྱི་པད་མ་འདབ་བརྒྱད་པར་བྱིན་བརླབ། ཡབ་ཀྱི་མཁའ་རྡོ་རྗེ་རྩེ་ལྔ་པར་བྱིན་བརླབ། དེ་གཉིས་ཀྱིས་སྦྱོར་བ་རྒྱས་པར་མཛད་དེ། གཉིས་མྱེད་འཁྲིལ་བའི་དགྱེས་པས་ཐིམ། །དབྱིངས་ཡེ་ཤེས་གཉིས་སུ་མྱེད་པའི་རྟགས། ཐབས་དང་ཤེས་རབ་ཀྱི་སྤྱོད་པས། ཐམས་ཅད་བདེའ་བ་ཆེན་པོའི་ཡེ་ཤེས་སུ་གསལ་བ་ལས། ཡབ་ཡུམ་གཉིས་མྱེད་དུ་འཁྲིལ་ནས། ཡབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁར་ཐིམ་པའོ། །བྱང་ཆུབ་སེམས་སྤྲིན་སྤྲོས་པ་ལས། །ཡབ་ཀྱི་ལྷུན་པ་བྱང་ཆུབ་སེམས་དབྱར་གྱི་སྤྲིན་ཕུང་ལྟ་བུ་ཡུམ་གྱི་མཁར་སྤྲོས་པ་ལས། ཡབ་ཡུམ་དགྱེས་པའི་ལྷག་པའི་བྱང་ཆུབ་སེམས་དཀར་དམར་འདྲེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་སྤྲོ། །དཀྱིལ་འཁོར་ཐམས་ཅད་སྤྲིན་དང་མཁའ་ནས་ཁྲོ་བོ་འཆོལ་པ་སྤྲིན་ཕུང་དང་འདྲ་བ་སྤྲོ་བའོ། ༈ །ཁྲོ་བོ་འཆོལ་པ་འདོན་པ་ལ་ལྔ་སྟེ། འབྱུང་བའི་རྒྱུ་དང་། རྐྱེན་དང་། ངོ་བོ་དང་། རང་བཞིན་དང་། དགོས་པའམ་འབྲས་བུའོ། །ཁྲོ་བོ་འཆོལ་པ་སྤྲོ་བ་སྟོན། ཧཱུྃ་ཧཱུྃ་ཧཱུྃ། སྐུ་རྡོ་རྗེ་ཁྲོ་བོ་སྤྲོ། གསུང་རྡོ་རྗེ་ཁྲོ་བོ་སྤྲོ། ཐུགས་རྡོ་རྗེ་ཁྲོ་བོ་སྤྲོ། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་འཆོལ་བ་སྤྲོ། རྒྱུ་ནི་ཡབ་ཡུམ་བྱང་སེམས་སོ། །རྐྱེན་ནི་སྤྲོ་བར་བྱེད་པའི་སྔགས་སོ། །ངོ་བོ་ནི་ཁྲོ་བོ་འཆོལ་པ་སྤྲོས་པ་རྣམས་སོ། །རང་བཞིན་ནི་ཡེ་ཤེས་ཀྱི་སྤྲུལ་པའོ། །དགོས་པའམ་འབྲས་བུ་ནི། གདུག་པ་ཅན་འདུལ་བའི་དགོས་པ་ཡོད་ལ། རིགས་ལྔ་ཁྲག་འཐུང་སྐྱེས་པའི་འབྲས་བུ་ཡོད། དེ་བས་ན་ཁྲོ་བོ་འཆོལ་བ་སྤྲོས་ནས་དྲག་པོ་ལས་ཀྱི་ཁྲོ་བོར་གསལ་ལོ། །བི་ཤ་སྣ་ཚོགས་བཛྲ་རྡོ་རྗེེ་ཀྲོ་ཏ་ཁྲོ་བོ་ཛྭ་ལ་མན་འབར་བ་དྷ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་དཀྱིལ་འཁོར་སྐུ་ལས་སྤྲོས་གསུང་། ཐུགས་ཀྱི་གསུང་གི་ཐུགས་ཀྱི་གཉིས་སུ་མྱེད་པར་དབང་དུ་མཛོད་ཅིག །ཧཱུྃ། ༈ །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འགྲོ་བ་རིགས་དྲུག་གི་འཇིག་རྟེན་ཁམས་ཀྱི་ཕྱོགས་བཅུ་ན། འགྲོ་བ་ལས་དང་བག་ཆགས་སྦྱང་བའི་ཕྱིར། ཁྲོ་བོ་འཆོལ་པ་སྤྲོ་བར་བྱེད་པ་ཡིན་ནོ། །མཐའ་ཡས་ཁྱབ་པར་ཁྲོ་བོ་ཡིས། །ཕྱོགས་བཅུ་མཐའ་ཡས་པར་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བའོ། །དེ་ཡང་ཤེས་རབ་ཆེན་པོའི་ཁྲོ་བོ། ཡེ་ཤེས་ཆེན་པོ་ཁྲོ་བོ། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་གསུམ་སྤྲོ་བའོ། །དཀྱིལ་འཁོར་སྟོང་གསུམ་འཇིག་རྟེན་ཙམ། །ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་དེ་དག་ཡང་རེ་རེ་ལ་ཡང་ཆེ་ཆུང་སྟོང་གསུམ་གྱི་སྟོང་ཆེན་པོ་ཙམ་མོ། ༈ ཁྲོ་བོ་འཆོལ་པ་སྤྲོ་བ་ནི་རྫུ་འཕྲུལ་བཞི་སྟེ། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་ལོ། །དང་པོ་ནི། བདག་བཛྲ་ཧེ་རུ་ཀས་སྔགས་བརྗོད་པས། སྟོང་གསུམ་སྔགས་ཀྱི་སྒྲས་ཁེངས་པའོ། །གཉིས་པ་ནི། ཤེས་རབ་ཆེན་པོའི་ཁྲོ་བོ་དང་། ཡེ་ཤེས་ཆེན་པོའི་ཁྲོ་བོ་དང་། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་གསུམ་གྱི་ངོ་བོ་ལས་ཁྲོ་བོ་གྲངས་མྱེད་པ་འཆོལ་པར་སྤྲོའོ། །གསུམ་པ་ནི། ཁྲོ་བོ་དེ་དག་གིས་བགེགས་ཐམས་ཅད་བཅོམ། བསད་ནས། གདུག་པའི་སེམས་དེ་དག་ཐམས་ཅད་ཞི་ནས། བྱང་ཆུབ་སེམས་སུ་བྱིན་བརླབ་བོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག ། རང་རིག་ཡེ་ཤེས་རྒྱལ་པོ་ནི། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མྱི་དམྱིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཕྱོགས་བཅུ་ཐམས་ཅད་སྐུ་གསུང་ཐུགས། །དཔལ་ཆེན་འབར་བའི་ཕྱག་རྒྱར་གསལ། །ཅེས་སོ། །བཞི་པ་ནི། ཁྲོ་བོ་དེ་དག་གིས། རིགས་དྲུག་གི་འཇིག་རྟེན་ན། རུ་ཏྲ་ལ་སོགས་པ་དྲེགས་པ་ཅན་རྣམས་ལ། སྤྲུལ་པ་དེ་རྣམས་ཀྱིས་གདུག་པ་ཅན་དྲག་པོས་བསྟུལ་ནས་ཆོས་སྣང་བའོ། །ཕྱོགས་བཅུའི་རྡུལ་སྙེད་ཐོན་པར་འགྱུར། །དེ་དག་གི་གྲངས་མང་ཉུང་ནི། རྡུལ་ཕྲ་མོའི་བྱེ་མ་སྙེད་ཀྱི་གྲངས་ཙམ་ཐོན་པར་གྱུར་ནས། བར་སྣང་ལ་འཁྲུག་པ་ལྟ་བུས། གདུག་པ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་འདུལ་བ་དང་། དབང་དུ་སྡུད་པ་དང་བསྒྲལ་བ་བྱས་སོ། །དེ་ནས་བཅོམ་ལྡན་དགྱེས་ཆེན་རིགས། །རིགས་གང་གི་ཡིན། གོང་དུ་ཁྲོ་བོ་འཆོལ་པ་སྤྲོས་པ་དེ་ནས་རིགས་ལྔ་ཁྲག་འཐུང་གི་སྐུ་བ སྐྱེད་པ་ནི། ལྷ་ཆེན་པོ་འོག་ཏུ་རྫིས་པས་བདུད་བཞི་བཅོམ་པའོ། །དེ་དག་གནས་སུ་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཐུགས་སུ་ཆུད། རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་བས་ཁྲོ་བོའི་སྐུར་སྣང་བས་ན་ལྡན་ནོ། །ཡབ་ཡུམ་ཁ་སྦྱོར་དུ་བཞུགས་པས་དགྱེས། ཕྱོགས་བཅུ་ཁྲོ་བོ་འཆོལ་པ་དེའི་རིགས་ཡིན་པས་བསྡུའ་བའོ། །དབུའ་དང་ཕྱག་ཞབས་སྟོང་ཁམས་ཀྱི། །མཚན་ཉིད་ཅི་ཞེ་ན། རྡུལ་སྙེད་མཚོན་ཆ་འཛིན་པ་དེ། །ཕྱག་མཚན་གང་འཛིན་ན། དབུའ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར། །ཚུལ་ཇི་ལྟར་བསྡུ་ཞེ་ན། དེ་ཡང་ཁྲོ་བོ་འཆོལ་པ་དེ་དག་གི་མཚན་ཉིད་ཅི་ཞེ་ན། དབུའ་མ་ངེས། ཕྱག་མ་ངེས། ཞབས་མ་ངེས། དྲངས་མ་ངེས་ཏེ། རྡོ་རྗེའི་རིགས་དང་། རིན་པོ་ཆེ་དང་། པད་མ་དང་། ལས་དང་། དེ་བཞིན་རིགས་ལྔ་ཡང་འཆོལ་པར་སྤྲོ་བའོ། །དེ་ཡང་ཆེ་ཆུང་སྟོང་གསུམ་གྱི་སྟོང་ཙམ་ལ། དྲངས་རྡུལ་ཕྲ་རབ་སྙེད་དུ་སྤྲོས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་པ་དེ་དག་བསྡུས་པའི་དུས་ན། དབུའ་གསུམ་ཕྱག་དྲུག་ཞབས་བཞི་པའོ། །དབུའ་གསུམ་ནི་སྐུ་གསུང་ཐུགས་དང་། རྣམ་ཐར་སྒོ་གསུམ་མཚོན་པའོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་ཡེ་ཤེས་དྲུག་གོ། །ཞབས་བཞི་ནི། ཚད་མྱེད་པ་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །འབར་ཆེན་ཀློང་གི་འཁོར་ལོའི་དཀྱིལ། །གནས་གང་དུ་བསྡུ་ན། ཁྲོ་བོ་དེ་དག་གནས་གང་དུ་བསྡུ་ཞེ་ན། འབར་ཆེན་ནི་ཁྲོ་བོའི་གནས་སོ། །ཀློང་ནི་མེ་དཔུང་འབར་བའོ། །འཁོར་ལོ་ནི་དབུས་ཕོ་བྲང་རྩིབས་བཞིའོ། །དཀྱིལ་ནི་གཙོའ་བོ་རྣམས་བཞུགས་པའི་གནས་སོ། །གནས་དེ་ན་གྲུ་གསུམ་མཐིང་ནག་འབར་བའོ། །དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི། །གནས་གང་དུ་བཞུགས་ན། གདན་གང་ལ་བཞུགས་ཞེ་ན། དབུས་ན་དབང་ཕྱུག་ཆེན་པོ་ཡབ་ཡུམ། ཤར་དྲི་ཟ། ལྷོ་གཤིན་རྗེ། ནུབ་ཀླུའམ་སྲིན་པོ། བྱང་གནོད་སྦྱིན་ཡབ་ཡུམ་མོ། །དེ་ལྔ་ནི་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུགས་ཀྱི་ཞེས་བྱའོ། །བདག་པོ་དྲེགས་པ་ཁྱོ་ཤུགས་ཀྱི། །གདན་འདི་ས་ཚུལ་གང་ཞེ་ན། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་དེ་དག་རྣམས་ཕོ་ཁ་ནུབ་མོ་གན་རྐྱལ། བྱི་ཆིངས་སྣོལ་མ། མི་རོ་སྐྲའི་སྐུད་པས་བཅིངས་སོ། །རང་རང་གི་ཞོན་པ་སྟེང་ནས་བ རྫིས་པའོ། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །བཞུགས་ཚུལ་ཇི་ལྟར་བཞུགས་ཞེ་ན། གདན་ལ་བཞུགས་ཚུལ་གང་ཞེ་ན། ཞབས་བཞི་པ་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་སོ། །གཡས་བསྐུམ་པ་ཐབས་ཀྱི་རང་བཞིན་མ་འགགས་པ། གཡོན་བརྐྱང་པ་ཤེས་རབ་ཀྱི་ངོ་བོ་བདེའ་བའོ། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་ཡང་། །རྒྱུ་གང་ཡིན་ཞེ་ན། ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་སྤྲིན་ཕུང་དེ་ལྟ་བུ་དག །ཚུལ་འདུས་པས་གདན་སྟེངས་ན་གནས་སོ། །དེ་ལས་རིགས་སོ་སོར་ཕྱེ་ནས་གདན་ལ་བཞུགས་པའི་ཚུལ་ནི། དཔལ་ཆེན་ཁྲག་འཐུང་ཆེན་པོ་ནི། །རིགས་སུ་ཇི་ལྟར་འདུས་ཞེ་ན། དབུས་རྒྱུའི་ཧེ་རུ་ཀ་ལ་བཛྲ་ཧེ་རུ་ཀའི་རིགས་ཐིམ་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། ཞལ་གསུམ་ཕྱག་དྲུག་ཏུ་གྱུར་ཏོ། །ཤར་གྱི་གདན་སྟེངས་སུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་ཅིག་ཏུ་འདུས་པས་ཁྲག་འཐུང་ཆེན་པོ་འབུ་ཏ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པར་བསྒོམ་མོ། །རིན་པོ་ཆེ་དང་པད་མ་དང་། །བྱང་དུ་ལས་ཀྱི་རིགས་ཀྱི་ཁྲོ་བོ་རྣམས་འདུས་པ་ལས། ཀར་མ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་རྣམས་རང་རང་གི་གདན་ལ་བཞུགས་པའོ། །ཕྱོགས་བཞི་ཞེས་པ་དབུས་རྒྱུའི་ཧེ་རུ་ཀ་དང་པོ་ནས་ཡོད་པའི་དབང་དུ་རྩིས་པ་ཡིན་ནོ། །དེ་ཀུན་འཇིགས་བྱེད་ཆེན་པོའི། །དེ་ཀུན་ནི་ཁྲོ་བོ་རྣམས་སོ། །འཇིགས་བྱེད་ནི་གདུག་པ་ཅན་རྣམས་སོ། །ཆེན་པོ་ནི་སྐུ་ཆེ་ལ་ཡན་ལག་རགས་པའོ། །ཡང་ན་ཁྲོ་བོ་དེ་ཀུན་ཡང་རྒྱུའི་ཧེ་རུ་ཀ་ལྟར་འབར་བའི་གར་དགུའ་དང་ལྡན་པའོ། །ཆ་ལུགས་རྔམ་པའི་ང་རོ་ཡིས། །ཆ་ལུགས་གང་ཞེ་ན། ཆ་ལུགས་ནི། དུར་ཁྲོད་ཀྱི་ཆས་དགུས་བརྒྱན་པའོ། །དེ་ཡང་ཐུགས་ཡེ་ཤེས་ཆེན་པོས་རྟག་ཆད་ཀྱི་མཐའ་སེལ་བ་སྟེ། ཐུགས་གཏུམ་ཞིང་རྔམ་པའི་ང་རོ་རུ་ལུ་རུའི་སྒྲ་ཆེན་པོ་འབྱིན་པའི་ཚུལ་ལོ། །འབར་བའི་ཀློང་ན་དབུའ་གསུམ་པོ། །སྐལ་པའི་མེ་དཔུང་འབར་བའི་ཀློང་ན། རྒྱུ་ཉོན་མོངས་པ་དུག་གསུམ་ཟད་ནས། ལམ་ཁམས་གསུམ་གྱི་ཟག་པ་བཅོམ་པས། འབྲས་བུ་སྐུ་རྣམ་པ་གསུམ་མཚོན་པའི་རྟགས་སུ་དབུའ་གསུམ་པ་དང་། ཕྱག་དྲུག་ཞབས་བཞི་དྲི་ཟ་དང་། །གདན་ཅི་ལ་བཞུགས་ན། རྒྱུ་ཉོན་མོངས་པ་དྲུག་ཟད་ནས། ལམ་འགྲོ་བ་རིགས་དྲུག་སྦྱངས་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པས་ཡེ་ཤེས་དྲུག་གི་ཕྱག་དྲུག་ཏུ་བྱུང་བའོ། །རྒྱུ་ཚད་མྱེད་པ་བཞི་དང་ལྡན། ལམ་རྫུ་འཕྲུལ་གྱི་རྐང་པ་བཞིར་དབྱེར་བས་འབྲས་བུ་རྣམ་པར་ཐར་པ་བཞིའི་ཞབས་སོ། །ཞབས་དེས་ཤར་དྲི་ཟ་ཕོ་མོ་རྫིས་སོ། །གནོད་སྦྱིན་གཤིན་རྗེ་སྲིན་པོ་ལས། །བྱང་གནོད་སྦྱིན་ཕྲག་དོག་སྤངས་པས་མནན། ལྷོར་གཤིན་རྗེ་ང་རྒྱལ། ནུབ་སྲིན་པོ་འདོད་ཆགས་སྤངས་པའི་ལྷ་པད་མ་ཧེ་རུ་ཀའི་གདན་ནོ། །ལ་སོགས་པ་ཁྱོ་ཤུགས་གདན་ལ་བཞུགས། །ལ་སོགས་ནི་དབུས་དབང་ཕྱུག་ཆེན་པོ་ཡབ་ཡུམ་མོ། ལྷ་དེ་དག་ཡང་ཡབ་ཡུམ་གྱི་ཆིངས་སུ་བྱས་པ་ནི་ཁྱོ་ཤུགས་སོ། །གདན་དེ་དག་ལ་མནན་ནས་བཞུགས་པའོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས། །ཡུམ་གང་ཞེ་ན། སོ་སོའི་སྐུ་ལ་འཁྲིལ་ཏེ་གནས། །སྤྱད་པར་བྱ་བས་ན་བཙུན་མོ་སྟེ། ཁྲག་འཐུང་ནི་ཁྲོ་མོའོ། །ཆེན་མོ་ནི་ཡུམ་ལྔའོ། །སོ་སོ་ནི་ཡབ་པོ། སྐུ་ལ་འཁྲིལ་བ་ནི་ཐབས་དང་ཤེས་རབ་ཏུ་གནས་སོ། །དེ་ཡང་ཡུམ་གཉིས་ཏེ། རང་བཞིན་དབྱིངས་ཀྱི་ཡུམ་ཁྲོ་མོ་ལྔ་དང་། གདུལ་བྱ་དབང་དུ་སྡུད་པའི་ཡུམ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དོ། །དེ་ལ་སྐབས་འདིར་ནི། རང་བཞིན་དབྱིངས་ཀྱི་ཡུམ་རང་གི་ཐུགས་ཁར་སྦས་ནས། དྲེག་པ་འོག་ཏུ་མནན། དབང་མོ་ལ་སྦྱོར་བ་བྱས། སྲས་གནས་ཡུལ་གྱི་མ་མོ་སྟོན་ནས། དབང་མོ་རང་རང་གནས་སྐྱེ་ནས། རང་གི་ཡུམ་ལུས་དང་གྲིབ་མ་བཞིན་དུ་སྡོད་སྐུ་ལ་འཁྲིལ་བའོ། ༈ །ཁྲག་འཐུང་དེ་རྣམས་ལ་གསུམ་སྟེ། རྒྱུ་སེམས་ཅན་གྱི་ལྡན་ཚུལ་དང་། ལམ་ཞི་ཁྲོ་གནས་འགྱུར་དང་། འབྲས་བུ་ཡེ་ཤེས་རྟོགས་ཚུལ་ལོ། །རྒྱུ་ནི་སེམས་ཅན་ལ་ཕུང་པོ་ལྔ། དེ་ལ་གནས་པའི་ཉོན་མོངས་པ་ལྔ། དེ་སྐྱེད་པའི་ཤ་ཁྲག་རུས་པ་རླུང་ལྔ་ཡོད་པའོ། །ལམ་ནི། རྒྱལ་བ་རིགས་ལྔ། གདུལ་བྱ་ལ་དགོངས་ནས་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའོ། །འབྲས་བུ་ནི་ཡེ་ཤེས་ཆེན་པོ་ལྔ་རྟོགས་སོ། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །ཡུམ་སྐྱེད་པ་དེ་ནས། ཡབ་ཡུམ་ཐབས་ཤེས་རབ་སྦྱོར་བ་བྱས་པས། དགྱེས་པའི་སྒྲ་ཧ་བརྒྱད་ཞལ་ནས་བརྗོད་པའོ། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་ནི། ནམ་མཁའི་སྤྲིན་ཕུང་ལྟ་བུ་ལས། ཡི་གེ་ཧར་གྱུར་ནས། གནས་ཀྱི་མ་མོ་བརྒྱད་རིམས་ཀྱིས་བསྐྱེད་པའོ། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །ནང་རྣམ་ཤེས་ཀྱི་རྣལ་འབྱོར་མ་བཞི། ཐུགས་ཀྱི་མཚན་དུ་བཏགས་པ་ཀོའུ་རི་མ་ནི། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་དཀར་མོ། །ཆོས་ཉིད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པས་དཀར། ཡང་དག་པའི་དོན་ལ་གཞན་གྱིས་སྒྱུར་མི་ནུས་པས་རྟགས་སྔོན་མོའོ། །ལས་ཞི་བའི་ལས་བྱེད་དོ། །ཉོན་མོངས་པ་འཁོར་བའི་གནས་ནས་བསྟུས་ཏེ། བླ་མྱེད་གནས་སུ་འདྲེན་པས་ན་རྐུན་མོ། །ལས་རྒྱས་པའི་ལས་བྱེད་དོ། །དེ་ནི་ཙོའི་རི་མའོ། ༈ །དཔལ་ཆེན་པོ་ལ་འཁོར་གྱི་མ་མོ་རྣམ་པ་གཉིས་ཏེ། ནང་གི་རྣལ་འབྱོར་མ་དང་། ཕྱིའི་སྒྲུབ་པ་མོའོ། །ནང་གི་རྣལ་འབྱོར་མ་ནི། དབང་པོ་དང་རྣམ་ཤེས་གནས་འགྱུར་ཏེ། ཚོགས་བརྒྱད་དེ་ཁོ་ན་ཉིད་གཅིག་པའི་མ་མོ་བརྒྱད། སྤྱད་བྱ་ཡུལ་གྱི་ཞེན་པ་གནས་འགྱུར་བ་མཆེའ་གཤོག་ཅན་གྱི་མ་མོ་བརྒྱད་དེ་བཅུ་དྲུག །བརྟག་ཆད་མུ་བཞིའི་མཐའ་བཀག་ནས་ཚད་མྱེད་བཞིར་རྒྱས་འདེབས་པ་སྒོ་མ་བཞི་སྟེ་ཉི་ཤུ་པོ་རྣམས་ཏེ། དོན་ཆོས་ཉིད་རྣལ་མ་ལ་བློ་རིག་པའི་ཡེ་ཤེས་འབྱོར་བས་ན་ནང་གི་རྣལ་འབྱོར་མ་ཞེས་བྱའོ། །སྤྱིར་ལས་ལས་གྲུབ་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། ཕྱིའི་སྒྲུབ་པ་མོ་ཞེས་བྱའོ། །དེ་རྣམས་ནི་དཔལ་གྱི་འཁོར་རོ། །དེ་བས་ན་ནང་གི་བསྒྲུབ་པ་མོ་རྣམས་བསྐྱེད་པའི་ཕྱིར་རོ། །རྨོངས་མོ་དང་ནི་ཐལ་བྱེད་མ། །པྲ་མ་ཧོ་ནི། གཞན་དབང་དུ་བསྡུས་ནས་རྨོངས་ཤིག་སྐུགས་པར་བྱེད་པ་ལས་ནི་དབང་གི་ལས་བྱེད་དོ། །པྲེ་ཏ་ལིས་ནི་བགེགས་དང་ལོག་འདྲེན་ཐལ་བར་བརླག་གོ། །ལས་ནི་དྲག་པོའི་ལས་བྱེད་དོ། ༈ །རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི། རྣམ་པར་ཤེས་པ་བཞི་དང་། དབང་པོ་རྣམ་བཞི་སྟེ། རྣམ་ཤེས་ཚོགས་བརྒྱད་དུ་འདུས་པས་ན་ཡི་གེ་ཧ་བརྒྱད་དོ། །ཞི་ཁྲོ་གནས་སྒྱུར་ན། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་མ་མོ་བརྒྱད་དོ། །དེའི་ཕྱིར་ན་མ་མོ་བརྒྱད་དོ། །འབྲས་བུ་ཐོབ་ཚུལ་ནི། རིགས་ཀྱི་ཁ་འཛིན་པས་ན་ཡེ་ཤེས་ལྔ་པོ་ཉིད་ཐོབ་པའོ། །ཕྱི་དབང་པོའི་རྣལ་འབྱོར་མ་བཞི། སྦོས་མོ་དང་ནི་གཏུམ་མོ་དང་། །སྤོས་མོ་ནི་པུ་ཀ་སི་སྟེ། ཆེ་བའི་ཡོན་ཏན་དང་ལྡན་པའོ། །ཉོན་མོངས་པ་རྩད་ནས་གཅད་དེ་རྒྱས་པའི་ལས་བྱེད། གཏུམ་མོ་ཀས་མ་ཧྲི་ཏེ། འཁོར་ལ་གཏུམ་དྲག་ལས་བྱེད་པའོ། །སྨེ་ཤ་ཅན་དང་མ་ཚོགས་མ། །སྨེ་ཤ་ནི་ནི། སྲིན་པོ་ཉང་ཤ་རྟིང་གིས་ཟ་བ་སྨེ་ཤ་ཅན་གྱི་ཡུལ་ན་གནས་པ་སྟེ། འགྲོ་དོན་སྤང་བླང་མྱེད་པར་བྱེད་པ། ལས་གང་ཡང་རུང་བ་གྲུབ་པར་བྱེད་པའོ། །མ་ཚོགས་མ་ཏི། ཙན་དྷ་ལི་སྟེ། མ་མོ་དེ་དག་ལ་སྤྲུལ་པ་མང་པོ་འབྱུང་བ་དང་། རྣལ་འབྱོར་པའི་རྒྱུད་འཕེལ་བའི་ལས་བྱེད་པའོ། །ཚོགས་རྣམས་རང་གི་ལག་ཆ་དང་། །ལྷ་མོ་དེ་རྣམས་ཡང་། ཞལ་གཅིག་ཕྱག་གཉིས་པ་སྟེ། ཞབས་མ་མོའི་འགྱིངས་སྟབས་ཀྱིས་བཞུགས་པ། རང་རང་གི་ཕྱག་མཚན་དང་བཅས་པའོ། །དེ་ཡང་སྐུ་མདོག་ཕྱག་མཚན་འོག་ནས་ལེགས་པར་སྟོན་ནོ། །ངོ་མཚར་ཆས་ནས་རྔམ་ཐོན་ཏེ། །ཁྲོ་མོ་དེ་ཡང་ངོ་མཚར་དང་བཅས་ནས་སྐུ་གསུང་ཐུགས་རྔམ་པའི་མདངས་དང་བཅས་ནས་སྟོན་ཏེ། འབར་ཆེན་འཁོར་ལོའི་ཤར་མཚམས་ནས། །སྐལ་པའི་མེ་ལྟར་འབར་བའི་ཀློང་། འཁོར་ལོའི་ཤར་ལྷོ་མཚམས་ནས་འཁོར་པའོ། །ཤར་ལྷོ་ཀོའུ་རི། ལྷོ་ནུབ་ཏུ་ཙོའུ་རི། ནུབ་བྱང་དུ་ཕྲ་མོ་ཧ། བྱང་ཤར་དུ་བེ་ཏ་ལེ། ཤར་ལྷོའི་གྲུ་ཆད་ལ་ཀ་སྨ་ཧྲི། ནུབ་བྱང་དུ་སྨེ་ཤ་ནི། བྱང་ཤར་དུ་ཙན་དྷ་ལི། འཁོར་བ་འཇིགས་པའི་གཟུགས་ཀྱི་འཁོད། །དོན་ཆོས་ཉིད་ལས། འཁོར་བར་སེམས་ཅན་གྱི་དོན་མཛད་པ་ལ། འཇིགས་པའི་གཟུགས་དང་། བཅས་ནས་བྱིན་ཏེ། ཁྲོ་བོའི་དཀྱིལ་འཁོར་དུ་འཁོད་པའོ། །གདན་ཞིང་རྐྱང་རེ་རེ་ལ་བཞུགས་པའོ། ༈ །རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི། དབང་པོ་དང་རྣམ་ཤེས་ཀྱི་ཁྱད་པར་སྤྱད་བྱ་ཡུལ་དུ་གྱུར་པ་རྣམས་སོ། །ཞི་ཁྲོ་གང་སྒྱུར་བ་ནི། ཕྱི་ནང་གི་སེམས་མ་རྣམས་སོ། །དེ་བས་ན་ཡུལ་གྱི་མ་མོ་བརྒྱད་ཞེས་བྱའོ། །འབྲས་བུ་ཡེ་ཤེས་ཀྱི་ཐོབ་ཚུལ་ནི། ཡུལ་དག་པ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལ་ཡེ་ཤེས་ལྔའི་རོལ་པ་མ་འགགས་པར་གནས་པ་ཐོབ་པའོ། །དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །དེ་ནས་འཕྲ་མྱེན་མ་བརྒྱད་བསྐྱེད་པ་ནི། དཔལ་ཆེན་པོ་ཡབ་ཡུམ་གྱི་བྱང་ཆུབ་སེམས་དགྱེས་པའི་སྤྲིན་ལས་། ཧེ་བརྒྱད་ཕྱོགས་མཚམས་སུ་ཞིང་གི་གདན་སྟེངས་སུ་འཕྲོས་པས་སྐྱེས་པའོ། །ཕྱོགས་ཀྱི་རྣལ་འབྱོར་མ་གཅན་ཟན་གྱི་འོག་ཅན་བཞི། སེང་གདོང་ཆེན་མོའི་ཚོགས་དང་ནི། །ལྷ་མོ་སིང་ང་མུ་ཀ་ནི་སེངགེའི་གདོང་ཅན་ཏེ། དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། ཡེ་ཤེས་ཀྱི་རྣམ་པར་རྟོག་པ་འཇོམས་པ་ལ། ཚུར་མི་ཚུགས་པའི་དོན་ནོ། །སྟག་དང་ཝ་དང་ཁྱི་དང་བཞད། །བྱང་ནྲི་མ་སྟག་གི་མགོའ་ཅན། འཕྲིན་ལས་དཔའ་སྟུལ་ཆེ་བའོ། །ཀྲི་ལ་ཝའི་མགོ་ཅན་སྣ་སྣོའི་ཐབས་མཁས་པས་འགྲོ་བའི་དོན་མཛད་དོ། །ཤོ་ན་ཁྱིའི་མགོའ་ཅན་རྣམ་རྟོག་འཇོམས་སོ། །ཀྲི་ཏ་བྱ་རྒོད་ཀྱི་མགོ་སྟེ། ཤེས་བྱ་ལ་ཐོགས་པ་མྱེད་པས་བཞད་མགོའོ། །མཚམས་ཀྱི་རྣལ་འབྱོར་མ་འདབ་ཆགས་ཀྱི་མགོའ་ཅན་མ་བཞི་ནི། ཀང་ཀ་དུར་བྱ་འུག་གདོང་ཆེ། །ཀང་ཀ་དུར་བྱའི་མགོའ་ཅན་དེ་འཁོར་བ་དང་དུ་ལེན་ནོ། །ཁ་ཁ་མུ་ཁ་བྱ་རོག་གི་མགོའ་ཅན་དེ་འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་ལྡན་པ་དེ། ཧུ་ལུ་ཀ་འུག་པའི་མགོ་སྟེ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གདུལ་བྱ་ཕྲ་མོ་ཡལ་ན་མི་དོར། ཚོགས་རྣམས་རང་གི་ལག་ཆ་དང་། །མ་ཚོགས་དེ་རྣམས་ཡང་། འཕྲ་མྱེན་ཁྱིའི་མགོའ་ཅན་ཞལ་གཅིག་ཕྱག་གཉིས་པ། རང་རང་གི་ཕྱག་ཆ་དང་བཅས་པ་སྟེ། སིང་ང་ཁ་རོ་ལ་སོགས་ཏེ། འོག་ཏུ་སྟོན་ནོ། །ངོ་མཚར་ཆས་ནས་རྔམ་ཐོན་ཏེ། །སྐུ་གསུང་ཐུགས་རྔམ་པའི་མདངས་ཀྱིས་ཐོན་ཏེ། འབར་བའི་དཀྱིལ་འཁོར་དུ་གནས་པའོ། །དེ་ཡང་སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་པ་ལ་དེ་ལྟར་མ་རྟོགས་པ་ལ་ངོ་མཚར་ཆེ་ཞེས་རྔམ་མོ། །འབར་བ་ཆེན་པོའི་འཁོར་ལོའི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །ཁྲོ་བོའི་གཞལ་ཡས་ཁང་ནི། འབར་བ་ཆེན་པོའོ། །དེའི་འཁོར་ལོའི་ཕྱི་རོལ། བར་ཁྱམས་དང་པོ་ལ་འགོད་པའོ། །ཤར་དུ་སིང་ཧ། ལྷོར་བྱང་ཀྲི། ནུབ་ཏུ་པྲི་ལ། བྱང་དུ་ཤོ་ན་སྟེ། གཅན་ཟན་གྱི་མགོའ་ཅན་མ་བཞིའོ། །ཤར་ལྷོར་ཀྲི་ཏ། ལྷོ་ནུབ་ཏུ་ཀང་ཀ །ནུབ་བྱང་དུ་ཁ་ཁ། བྱང་ཤར་དུ་ཧུ་ལུ་ཀ་སྟེ། འདབ་ཆགས་ཀྱི་མགོའ་ཅན་མ་བཞིའོ། །འཁོར་བར་རྔམ་པའི་མདངས་ཀྱིས་འཁོད། །བར་ཁྱམས་དང་པོའི་ཕྱོགས་མཚམས་རྣམས་སུ་གདན་ཞིང་རྐྱང་རེ་རེའི་སྟེང་དུ། འཁོར་བ་གདུལ་བྱའི་ཞིང་དུ་གཟིགས་ནས་སྐུ་གསུང་ཐུགས་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །འཕྲ་མྱེན་མ་བརྒྱད་བསྐྱེད་པའི་རྗེས་དེ་ནས། སྒོ་མ་བཞི་བསྐྱེད་པ་ནི། དཔལ་ཆེན་པོ་ཐབས་ཤེས་རབ་གཉིས་སུ་མྱེད་པའི་བྱང་ཆུབ་སེམས་ལས། ཕཊ་བཞི་སྒོ་བཞི་འཕྲོས་པ་ལས་བསྐྱེད་པའོ། །རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་། །ཤར་དུ་ལྕགས་ཀྱུ་མ་ནི་རྟའི་མགོའ་ཅན་ཏེ། རྟ་མགྱོགས་ཤིང་ཤུགས་དྲག་པ་དང་འདྲ་བར། ཐུགས་རྗེ་མགྱོགས་ཤིང་ཤུགས་དྲག་པས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པའོ། །འཁོར་བར་མི་སྟོང་འཛིན་ཅེས་ཀྱང་བྱའོ། །གདོང་མོ་འཇིག་རྟེན་རོ་ལངས་མ། །ལྷོར་ཞགས་པ་མ་ནི། ཕག་གི་མགོའ་ཅན་དེ། ཕག་དང་འདྲ་བར། ཉོན་མོངས་པའི་ཐལ་བ་རློག །འཕྲིན་ལས་སྟོང་ཚུགས་སུ་བྱེད་དེ། ནུབ་ལྕགས་སྒྲོག་མ་ནི། དྲེད་ཀྱི་མགོའ་ཅན་དེ། ཉི་མ་དང་འདྲ་བས་དགྲ་བགེགས་སྲེག་པས་ན། ཉི་ཟླ་དམར་མོ་འཇིག་རྟེན་མའོ། །བྱང་དྲིལ་བུ་ནི་སྤྱང་ཁུའི་མགོ་ཅན་དེ་ཁམས་གསུམ་གྱི་སེམས་ཅན་རོ་དང་འདྲ་བ་དེ་རྣམས་ལ། ཡེ་ཤེས་དྲན་པ་བ སྐྱེད་པར་བྱེད་དེ། སྤྱང་གདོང་ཁམས་གསུམ་སླར་འཚོའ་མའོ། །ཚོགས་རྣམས་རང་གི་ལག་ཆ་དང་། །དེ་དག་ཡང་རང་རང་གི་སྤྲུལ་པ་དང་བཅས་ནས་རང་རང་གི་ལག་ཆ་ལྕགས་ཀྱུ་ལས་བསོགས་པ་རྣམ་པའོ། །ངོ་མཚར་ཆས་ནས་འཇིགས་ཐོན་ཏེ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབང་པོ་སྒོ་མ་བཞི་ཡིན་པ་ལ། ཡིན་པར་རྟོགས་པ་ངོ་མཚར་ནས། འཇིག་རྟེན་སེམས་ཅན་མ་རུངས་པ་རྣམས་གདུལ་བྱར་བྱས་ནས་བྱུང་བའོ། །དཀྱིལ་འཁོར་བསྒོའ་བཞིར་རྔམ་གཟུགས་གནས། །དཀྱིལ་འཁོར་གྱི་སྒོ་བཞིའི་ནང་ན། གདན་ཞིང་སྤགས་རེ་རེའི་སྟེང་ན། སྐུ་གསུང་ཐུགས་རྔམ་པའི་གཟུགས་དང་བཅས་ནས་བཞུགས་པའོ། །དེ་ཡན་ཅད་ནི་ནང་གི་རྣལ་འབྱོར་མ་རྣམས་སོ། །དགྱེས་པའི་སྤྲིན་དག་ཕྱོགས་བཅུ་ནས། །ཕཊ་ཅེས་སྒྲགས་པས་ཐམས་ཅད་འཁྲོས། །དེ་ལྟར་ཕོ་རྣམས་འོག་ཏུ་མནན་ནས། དབང་མོ་ཉི་ཤུ་རྩ་བརྒྱད་ལ་སྦྱོར་བ་བྱས་ཤིང་སྲས་གཏོན་ནས། ཡབ་ཡུམ་གྱི་བྱང་ཆུབ་སེམས་ལས་ཕཊ་ཅེས་པའི་སྒྲ་ཕྱོགས་བཅུར་ནས་བྱུང་ནས། དབང་ཕྱུག་རྣམས་འཁྲོས་ཏེ། གནག་རྒོད་ལ་རྫིས་གཏབ་པ་ལྟར། འཁྲོས་ནས་རང་རང་གི་གནས་གང་ཡིན་པ་དེར་སོང་ངོ་། །དཔལ་ཆེན་པོ་རིགས་ལྔ་ཡབ་ཡུམ་རྣམས་ལ། རང་རང་གི་ཡུམ་ལུས་དང་གྲིབ་མ་ལྟ་བུར་སྐུ་ལ་འཁྲིལ་ནས་བཞུགས་སོ། །དེ་ནས་དཔལ་ཆེན་ཁྲོ་བོའི་རིགས། །བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བའི་རྗེས་དེ་ནས། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་ནི། དཔག་ཆེན་པོ་བཛྲ་ཧེ་རུ་ཀའི་རང་བཞིན་ཁྲོ་བོའི་རིགས་ཡིན་ཏེ། ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །དེ་ཡེ་ནས་རང་གི་ཕུང་པོ་དང་འབྱུང་བ་དང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་ལྷའི་ད་ལ་རུ་ཡེ་ནས་སངས་རྒྱས་པ་ཡིན་ཀྱང་། རྟོགས་པར་མ་གྱུར་ཏེ། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱའོ། །རང་གི་ངང་ཚུལ་དེ་བཟུང་ནས། །བཛྲ་ཧེ་རུ་ཀའི་ཐུགས་ཀ་ནས། རང་སེམས་ཅན་གྱི་ལུས་འདི་ཁོ་འདྲ་བ་གཅིག་བྱུང་ནས། དཀྱིལ་འཁོར་གྱི་བར་ཁྱམས་ནས་ལྷ་ལ་སྐོར་བ་ལན་གསུམ་བྱས་ནས། བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ནུབ་ཕྱོགས་ཀྱི་སྒོར་འདུག་སྟེ། རྣལ་འབྱོར་ཆེན་པོའི་རྐྱང་ཕྱག་ལན་གསུམ་དུ་བཙལ་ནས། ཐལ་མོ་སྦྱར། ལོང་བུ་བཤིབས། རྐང་པ་ས་ལ་སྦྱར་ནས་གསོལ་བ་བཏབ་པ་ནི་འདི་སྐད་དོ། ༈ །རང་གི་ངང་ཚུལ་སློབ་དཔོན་ལ་ལ་ནི། རང་ཐ་མལ་གྱི་ལུས་གཟུང་བར་བྱ་སྟེ། ལྷར་བྱས་ན་རྟོག་པ་བྱ་རྒྱུ་རང་ཅི་ཡོད་གསུང་ལོ། །སྒྱུ་འཕྲུལ་ཡོང་གྲགས་པ་ལ་ལ་ན་རེ། རང་ལྷའི་བུའམ་ཚངས་པ་ཕྲུ་གུ་ལྟར་བྱ་སྟེ། ལྷ་བསོད་ནམས་ཆེ་བས་གྲུབ་ཐག་ཉེ་བའི་དགོས་པ་ཡོད་གསུང་ངོ་། །སྒྱུ་འཕྲུལ་བཀའ་ལུགས་པ་ནི། རང་གི་ངང་ཚུལ་ཟེར་བས་ན། རང་རྡོ་རྗེ་སྲིན་ཕྲུག་ཞེས་བྱ་བ། ཁྲོ་ཆུང་སྲིན་པོ་ཕྲུ་གུ་ལྟར་བྱ་སྟེ། ལུས་ཐ་མལ་གྱི་ལུས་ཡིན་ཡང་། ཆ་བྱད་སྲིན་པོ་ལྟ་བུ་ཅིག །ཡི་དམ་ལྷའི་ཐུགས་ཀ་ནས་ཐོན་ནས། གཞལ་ཡས་ཁང་ལ་སྐོར་བ་ལན་གསུམ་བྱས་ནས། ནུབ་སྒོར་འདུག་ནས། ཞལ་ཤར་དུ་གཟིགས་ནས། རྐྱང་ཕྱག་ལན་གསུམ་བྱ་སྟེ། བདག་སངས་རྒྱས་ཡིན་པ་ལ། ཡིན་པར་མ་ཤེས་པས། ད་ཡི་དམ་ལྷ་དང་། བདག་གིས་དབུའ་གཟུང་བའི་སེམས་ཅན་ཐམས་ཅད་མཉམ་པར་སྦྱོར་རོ་ཞེས་གསོལ་བ་འདེབས་པའོ། །དེ་ཡང་གདུལ་བྱ་དྲག་པོ་ལ་དགོངས་པ་ནི་ནད་ཀས་ཁྲོ་ཆུང་དུ་འདུད་དོ། །དེ་གསུམ་གང་བྱས་ཀྱང་འདྲ་སྟེ། ཚངས་པ་ནི་ཞི་བ་ཡིན་པས་ན། ཕྱི་ལ་བཀའ་ལུགས་ལྟར་འཐད་གསུང་ངོ་། །ཨཱོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། དུས་ཅི་ཙམ་ན་སྒྲལ་བར་དམ་བཅའ། དཀྱིལ་འཁོར་གྱི་ལྷ་ཁྱེད་ཀྱིས་སྔོན་གྱི་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ནི། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ནས་དམ་བཅས་པ་སྟེ་ཇི་ལྟར་བཅས་ན། འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །གང་སྒྲལ་བར་དམ་བཅའ། ཕྱི་སྣོད་དང་། ནང་བཅུད་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀུན། དག་པ་ཡེ་ཤེས་ཀྱི་སྣང་བར་བྱས་ཏེ། མ་དག་པ་འཁྲུལ་པའི་སྣང་བ་སྤོང་བར་བྱེད་པའི་ཕྱིར། རྒྱལ་འཁོར་བ་བའི་ལས་རྒྱལ་བ་ཞིང་ཞིང་དུ་སྦྱོར་བས་ན། །གང་དུ་སྒྲལ་བར་དམ་བཅའ། རྒྱལ་བའི་ཞིང་དུ་སྒྲལ་བར་ཞལ་གྱིས་བཞེས་པས། ད་ཁྱེད་ཀྱིས་ཁོངས་སུ་རྣལ་འབྱོར་པ་བདག་ཀྱང་རྟོགས་པར་བྱེད། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །དེ་ཇི་ལྟར་སྒྲོལ་ཞེ་ན། རྣལ་འབྱོར་པ་བདག་ཀྱང་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། དབྱེར་མེད་པར་སྦྱོར་ཅིག །ཅེས་གསོལ་བ་གདབ་པའོ། །ཐབས་དང་ཤེས་རབ་གཉིས་མྱེད་པའི། །དེ་ལྟར་གསོལ་བ་གཏབ་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་དང་། ཤེས་རབ་གཉིས་མྱེད་སྦྱོར་བར་མཛད་པས། བྱང་ཆུབ་སེམས་ཀྱི་རྒྱུན་ཡབ་ལས་བྱུང་སྟེ་ཡུམ་ལ་ཐིམ། ཡེ་ཤེས་གཟེར་གྱི་ལུས་བརྟོག་སྦྱངས། །ཡུམ་མཁའ་ནས་ཡེ་ཤེས་ཀྱི་འོད་གཟེར་དུ་འཕྲོས་པས། བདག་གི་ལུས་ངག་ཡིད་གསུམ་གྱི་རྟོག་པ་ཐམས་ཅད་བྱ་སྒྲོ་མེས་སྲེགས་པ་བཞིན་ཚིག་ནས་སྡིག་སྒྲིབ་ངན་པ་ཐམས་ཅད་བག་ངན་པ་ཐམས་ཅད་གཏན་ནས་སྦྱངས་ནས། གསེར་ཞུན་ལྟ་བུའི་སེམས་དག་ལ། །རིག་པ་བྱང་ཆུབ་ཀྱི་སེམས་དེ། དཔེར་ན་གསེར་ཞུན་མ་ཞིག་སྐོང་བུ་ན་གནས་པ་ལྟར། ལྟེམ་ལྟེམ་ཞུ་ནས་གནས་པའི་ཀུན་གཞིའ་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་དེ་ལ། གསུམ་གྱི་བྱིན་བརླབས་འོད་ཀྱི་འབྲུ། །ཡང་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ་འཕྲོས་ནས། འོད་དེ་ཐིམ། འོད་དེ་རྣམས་ལ་རང་བཞིན་མྱེད་པའི་ཡི་གེ་ཨཱོཾ་ཨཾཿཧཱུྃ་གསུམ་དུ་གྱུར་ཏེ། ཡི་གེ་དེ་གསུམ་ཡང་ཧཱུྃ་དུ་གྱུར། ཧཱུྃ་འོད་ཀྱི་ཡིག་འབྲུ་སྒྱུ་མ་ཙམ་པ་དེའོ། །ཐུགས་ཀར་ཐིམ་ནས་སྐུའི་དབྱིག །ཡི་གེ་ཧཱུྃ་དེ་ཡང་བར་ཁྱམས་ནས་སྐོར་བ་ལན་གསུམ་བྱས་ནས་བུང་བ་མེ་ཏོག་ལ་ལྡིང་བ་ལྟ་བུ་སྟེ། གཙོའ་བོའི་ཐུགས་ཀར་ཐིམ་མོ། །དེ་སྐུའི་དབྱིག་ཏུ་གྱུར་པ་ཡིན་ནོ། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ། །སྤྲིན་མྱེད་ཉི་མའི་འོད་ཟེར་ལྟར་དྲིལ་ནས། སྐུའི་དབྱིག་ནས་སྒལ་ཚིགས་ཀྱི་རྟ་རྒྱུད། རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་མཁའ་ལ་བབས་ནས་འོད་གཟེར་དང་བཅས་ནས་གནས་སོ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཧཱུྃ་དེའི་འོད་གཟེར་གྱིས། ཡབ་ཡུམ་ཡང་འོང་དུ་ཞུ་ནས། ཆོས་ཀྱི་སྐུའི་ངོ་བོ། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན། སྤྲིན་མྱེད་ཉི་མའི་འོད་ལྟར་གསལ་ལོ། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་། སོ་སོའི་སྙིང་པོ་ཧཱུྃ་ཧ་ཧེ་ཕཊ་ཅེས་པའི་སྒྲ་བྱུང་ནས། འོད་དུ་ཞུ་བའོ། །ཧཱུྃ་ཧ་ཧེ་ཕཊ་ཅེས་བྱུང་ནས་ནི། རིགས་ལྔའི་སྔགས་ཧཱུྃ། གནས་ཀྱིས་མ་བརྒྱད་ཧ་ཞེས། ཡུལ་གྱི་ཧེ་ཞེས། སྒོ་མ་བཞིའི་ཕཊ་ཅེས་བརྗོད་ནས་འོད་དུ་ཞུ་བའོ། །རིགས་ལྔའི་ཧཱུྃ་གི་སྒྲ་སྒྲོགས་ཤིང་འོད་དུ་ཐིམ་མོ། །དེས་ཀུན་འདྲེ་བ་ཡིན་ནོ། །བྱང་ཆུབ་སེམས་སུ་ཅིག་པར་ཐིམ། །འོད་དེ་རྣམས་ཀྱང་དབུས་ཀྱི་འོད་ལ་ཐིམ་སྟེ། དཀྱིལ་འཁོར་གྱི་དབུས་ན། འོད་ཀྱི་གོང་བུ་གཅིག་ཏུ་གནས་པར་གྱུར་ཏེ། འོད་དེ་ནི་སྙིང་པོ་ཆོས་ཀྱི་སྐུའོ། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །དེ་ནས་ཡི་གེ་ཧཱུྃ་ཡིད་ལ་བྲེངས་ཀྱིས་དྲན་པ་ཙམ་གྱིས། ཡི་གེ་ཧཱུྃ་ལོག་པ་གཉིས་སུ་གྱུར་རོ། །གསུང་གི་ཕྱག་རྒྱ་གཉིས་རྫོགས་ནས། །གསུང་ཡིག་འབྲུའི་ཆོ་ག་ནི། ཡི་གེ་ཧཱུྃ་སྒྲིལ་མ་གཉིས་སུ་གསལ་བའོ། །ཧཱུྃ་བསྟན་པར་གསལ་བ་ནི། ཡོངས་སུ་རྫོགས་པའོ། །འོད་གཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཧཱུྃ་དེ་ལས་འོད་ཕར་འཕྲོས་པས། བདེའ་བར་གཤེགས་པའི་ཐུགས་དམ་རྒྱུད་སྐུལ། འགྲོ་བ་སེམས་ཅན་གྱི་བག་ཆགས་དང་རྟོག་སྒྲིབ་སྦྱངས་ནས་ཧཱུྃ་ལ་ཐིམ་པས། ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །རྡོ་རྗེ་དང་དྲིལ་བུའམ་བན་དྷ་གཉིས་སུ་གྱུར། དེ་འོད་དུ་འབར་ནས་འཕྲོས་ཤིང་འདུས་པ་ལས། ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་འཕྲ་མོར་གྱུར་ཏོ། །དེ་ནས་ཕྲ་མོའི་སྐུ་འཕྲོས་འདུས། །སྐུ་ཕྲ་མོ་ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་བསྒྲད་པ། ཡུམ་དང་འཁྲིལ་ནས་བཞུགས་པའོ། །དེ་ཡང་སྤྲོས་བསྡུས་པས། ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །དཔལ་ཆེན་ཞལ་གཡས་དཀར་བ། གཡོན་དམར་བ། དབུས་མ་མཐིང་ཀ །རྡོ་རྗེ་འཁོར་ཡུག་ཐོང་བཤོལ་གཡས་བན་དྷ་པད་མ་རལ་གྲི་གཡོན་འཛིན་པ། ཡུམ་ཞལ་གཅིག་ཕྱག་གཉིས་པ། སྐུ་མཐིང་ཀ །གཡས་ཡབ་ལ་འཁྱུད་པ། གཡོན་ཐོད་པ་གཙོའ་ལ་སྟོབ་པའོ། ༈ །ཡེ་ཤེས་ལྔའི་དབང་སྐུར་བ་བ སྟན། ཡེ་ཤེས་ལྔ་ཨཱོཾ་མ་ཆེན་པོ་ཧཱ་ཤུ་ཉ་སྟོང་པ་ཉིད་ཏ་ཛྙ་ཡེ་ཤེས་ན་བཛྲ་རྡོ་རྗེ་སྭ་བ་བྷ་ཨད་ངོ་བོ་ཉིད་མ་ཀོ྅་ང་འོ་དེས་འདྲེ་ཧཾ། སྤྱི་བོ་ན་ཐོད་པའི་གཞལ་ཡས་ཁང་ན། བཅོམ་ལྡན་འདས་འབུ་ཏ་ཧེ་རུ་ཀ །ཞལ་གཅིག །ཕྱག་གཉིས་པ་སྐུ་མདོག་སྨུག་ནག །གཡས་འཁོར་ཡུག །གཡོན་བན་དྷ་སྣམས་པ། ཡུམ་སྨུག་ནག །གཡས་རྡོ་རྗེ་གཡོན་ཐོད་པ་སྟོབ་པ་གཅིག་བསམ་མོ། །ཨཱོཾ་མ་ཧཱ་ཨ་ཏ་རི་ཤ་མེ་ལོང་ལྟ་བུའི་ཡེ་ཤེས། ཛྙ་ན་བཛྲ་སྭ་བ་བྷཱ་ཨད་མ་ཀོ྅་ཧཾ། བདག་གི་དཔྲལ་བ་ན། ཐོད་པའི་ཁང་བུའི་ནང་ན། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ན་རྡོ་རྗེ། གཡོན་ན་བན་དྷ་སྣམས་པ། ཡུམ་མཐིང་ནག་གཡས་རྡོ་རྗེ་གཡོན་བན་དྷ་སྟོབ་པར་བསམས་ལ། སྔགས་ཀྱི་ང་རྒྱལ་བྱའོ། །ཨཱོཾ་མ་ཧཱ་པྲ་མཉམ་པ་ཉིད་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། རྣ་བརྟག་གཡས་སུ་ཐོད་པའི་ཁང་བུ་ནང་དུ་བཅོམ་ལྡན་འདས་རཏ་ན་ཧེ་རུ་ཀ་སེར་ནག ། གཡས་ཐོང་བཤོལ། གཡོན་བན་དྷ་ཡུམ་ཐོད་པ་སྟོབ་པར་བསམ་མོ། ༈ །བདག་ཡབ་ཡུམ་གྱི་མཁའ་ལས་ལྷ་མོ་བཞིའི་འཕྲོ་ལས། འོག་མིན་ནས་རིགས་ལྔ་ཁྲག་འཐུང་སྦྱན་དྲངས་ནས། མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མྱེད་པའི་ཆུ་རྒྱུན་གྱིས་དབང་སྐུར་ཏེ། དབང་རྟགས་སུ་རིགས་ལྔ་ཁྲོ་བོས་དབུས་རྒྱན་པར་བསམ་མོ། །དེ་ལྟར་བདག་ཉིད་དལ་རྫོགས་པ་ལ་དབང་སྐུར་བ་དང་། གཉིས་སུ་མྱེད་པའི་བྱང་ཆུབ་སེམས་ཀྱིས་སྦྱངས་ནས་སེམས་ཅན་མ་ཡིན་སངས་རྒྱས་ཡིན་ཏེ། འོ་ན་སངས་རྒྱས་ལ་སྐུ་གསུང་ཡོན་ཏན་འཕྲིན་ལས་ཀྱི་ཡེ་ཤེས་དང་ལྡན་ན། བདག་ལ་ལྡན་ནམ་ཞེ་ན། ལྡན་པར་བྱིན་གྱིས་བརླབ་པ་ཡིན་ནོ། །ཨཱོཾ་མ་ཧཱ་ས་སོ་སོར་རྟོག་པ་མན་ཏ་ཛྙ་ན་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། ལྟག་ཁུང་དུ་ཐོད་པའི་ཁང་བུ་ནང་ན། བཅོམ་ལྡན་འདས་པད་མ་ཧེ་རུ་ཀ་དམར་ནག ། གཡས་དགྲའ་སྟྭ་གཡོན་བན་དྷ་སྣམས་པ། ཡུམ་གཡས་གཡོན་རྡོ་རྗེ་གཡོན་བན་དྷ་གཙོའ་ལ་སྟོབ་པ་བསམས་ལ། སྔགས་ཀྱིས་ང་རྒྱལ་བྱ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དབང་སྐུར་བའོ། །ཨཱོཾ་མ་ཧཱ་ཀྲི་ཏ་བྱ་བ་གྲུབ་པ་ཨ་ནུ་ཏ་ན་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། རྣ་ལྟག་གཡོན་དུ་ཐོད་པའི་ཁང་བུ་ནང་དུ། བཅོམ་ལྡན་འདས་ཀར་མ་ཧེ་རུ་ཀ་སྐུ་མདོག་ལྗང་ནག །གཡས་རལ་གྲི། གཡོན་བན་དྷ་སྣམས་པ། ཡུམ་རྡོ་རྗེ་ཐོད་པ་གཙོའ་ལ་སྟོབ་པར། སྔགས་ཀྱིས་ང་རྒྱལ་བྱ། བྱ་བ་གྲུབ་པའི་ཡེ་ཤེས་སུ་དབང་སྐུར་རོ། །དེ་རྣམས་ཡི་གེ་ཧཱུྃ་ལྔ་ལས་བ སྐྱེད་དོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་པ་བསྟན། ༀ་ཐམས་ཅད་སརྦ་ཏ་ཐཱ་ག་ཏ་ཀ་དེ་བཞིན་གཤེགས་པ་ཡ་སྐུ་བཛྲ་རྡོ་རྗེ་སྭ་བ་ངོ་བོ་ཉིད་བྷ་ཨད་མ་བདག་ཉིད་ཀོ྅་ཧཾ་ངའོ། །སྤྱི་བོ་ཀླད་པའི་དུང་ཁང་ནང་དུ། ༀ་ལས་འབུ་ཏ་ཧེ་རུ་ཀ་གཡས་སྔོ་གཡོན་དམར་དབུས་སྨུག་ཞལ། འཁོར་ཡུག་རྡོ་རྗེ་དུང་ཆེན་གཡས། རལ་གྲི་དགྲ་སྟྭ་ཐོང་བཤོལ་གཡོན་ན་སྣམས་པ་བསྐྱེད། སྔགས་ཀྱིས་ང་རྒྱལ་བྱའོ། །ཨཱོཾ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་བག་དེ་བཞིན་གཤེགས་པ་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། མགྲིན་པར་པད་མའི་སྟེང་དུ་ཨཾ་ལས། བཅོམ་ལྡན་འདས་པད་མ་ཧེ་རུ་ཀ་གཡས་སྔོ་གཡོན་དཀར་དབུས་དམར་ཞལ། རལ་གྲི་རྡོ་རྗེ་འཁོར་ཡུག་གཡས། དུང་དམར་དགྲ་སྟྭ་ཐོང་གཤོལ་གཡོན་ནའོ། །ༀ་སརྦ་ཏ་ཐ་ག་ཏ་ཙིཏྟ་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། ཐུགས་ཀ་ཉི་མའི་སྟེང་དུ་ཧཱུྃ་ལས། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་གཡས་དཀར་གཡོན་དམར་དབུས་མཐིང་ཞལ། རྡོ་རྗེ་འཁོར་ཡུག་དུང་ཆེན་གཡས། རལ་གྲི་དགྲ་སྟྭ་ཐོང་གཤོལ་གཡོན་ནོ། །ཡུམ་མཐུན། སྔགས་ཀྱིས་ང་རྒྱལ་བྱ། བྱིན་གྱིས་བརླབ་པའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཛྙཱ་ན་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། སྐྱོ་སྟོན་ཤག་ཡེ་ཤེས་ནི། ལྟེ་བར་རིན་པོ་ཆེའི་སྟེང་ན། རད་ན་ཧེ་རུ་ཀ་གཡས་དམར་གཡོན་དཀར་དབུས་སེར་ཞལ། དུང་ཆེན་རྡོ་རྗེ་འཁོར་ཡུག་གཡས། རལ་གྲི་དགྲ་སྟྭ་ཐོང་གཤོལ་གཡོན་ན་འཛིན་པ་སྒོམ་མོ། །གསུང་བ་ཡིན་སྐད་དོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་མཆོད་པ་པུ་ཙ་བཛྲ་སྭཱ་བྷ་ཨད་མ་ཀོ྅་ཧཾ། གསང་བ་རྡོ་རྗེ་རྒྱ་གྲམ་སྟེང་ན། ཧ་ལས་ཀར་མ་ཧེ་རུ་ཀ །གཡས་དམར་གཡོན་དཀར་དབུས་ལྗང་ཞལ། དགྲ་སྟྭ་རྡོ་རྗེ་འཁོར་ཡུག་གཡས། དུང་ཆེན་རལ་གྲི་ཐོང་གཤོལ་གཡོན་ནོ། །དེ་ལྟར་བསམས་ཀྱང་འགལ་བ་མྱེད་དོ། །འདི་སྔོས་ནི་བྱང་ཆུབ་སེམས་ཀྱི་སྔགས་ཡིན་ནོ། །རྡོ་རྗེ་ཡབ་པད་མ་ཡུམ་བྱིན་བརླབ་པ། །ཧཱུྃ་ལས་རྡོ་རྗེ་མཐིང་ཀ་རྩེ་ལྔ་པ། །པ་ལས་པད་མར་དམར་པོ་གྱུར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་ཕྱིན་ཅི་ལོག་གི་སྐྱོན་གྱིས་མ་གོས་པའི་པའི་དབུས། །མ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། །ཡབ་ཀྱི་མཁན་ནི། ཧཱུྃ་བཛྲ་ཞེས་པས་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་རྡོ་རྗེ་རྩེ་ལྔ་པར་བསྒོམ་མོ། །ཡུམ་གྱི་མཁའ་པད་མ་འདབ་མ་བརྒྱད་པར་གྱུར་པའི་དབུས་སུ། བདེའ་བར་གཤེགས་པ་ཐམས་ཅད་སྐྱེད་པའི་རྟགས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མ་དམར་མོ་གཅིག་བསམ་མོ། །དེ་ནས་བརྡས་བསྐུལ་བ་ནི། ཡུམ་གྱིས་ས་མ་ཡ་ཧཱུྃ་ཞེས་བསྐུལ། ཡབ་ཀྱིས་ས་མ་ཡ་སྟོམ་ཞེས་བསྐུལ། ཡུམ་གྱིས་ཨ་ནུ་ར་ག་ཡ་མི་ཞེས་བརྗོད། ཡབ་ཀྱིས་ཨ་ནུ་ར་ག་ཡ་ཧཾ་ཞེས་བརྗོད་ནས། ཡབ་ཡུམ་བརྡའ་སྣོལ་མར་བསྐུལ་ཏེ། གླུ་དྲུག་གིས་དགྱེས་པ་སྐྱེད་པས་བྱང་ཆུབ་སེམས་ཕབ་ལ། སྔགས་གཉིས་པོས་མཆོད་པ་བྱའོ། །རྗེས་སུ་ཆགས་པའི་སྔགས་ཀྱིས་ནང་དུ་སེམས་བཟུང་། མཆོད་པ་པུ་ཙའི་སྔགས་ཀྱིས་ཕྱོགས་བསྡུས་བདེའ་བར་གཤེགས་པ་མཆོད་པའོ། །ཤ་ཏ་པ་ལས་བསོགས་པའི་ཀླུས། །ཤ་ཏ་༼རྩ་བའི་རིང་ལ་༽ གཉིས་པ་དང་། གར་ཏ་པ་༼འབྲིང་པོ་གཉིས་༽དང་། བྲེང་ངེ་བ་དང་། དུང་ངེ་བ་དང་། པང་ཀ་དེའུ་དང་། ཅང་ཀ་དེའུ་ཀླུའོ། །དེ་རེ་རེ་ལ་ཡོན་ཏན་བཅུ་བཅུ་དང་ལྡན་ཏེ། འདུས་ཤེས་བ སྐྱེད་པ་དང་། རྣམ་པར་རིག་པ་དང་། སྙན་པར་འོས་པ་དང་། མྱི་མཐུན་མྱེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣར་སྙན་པ་དང་། རྣམ་པར་མི་འཁྲུགས་པ་དང་། ཤིན་ཏུ་གསང་བའོ། །བཅུ་པོ་དེ་རེ་རེ་ལ་ཡང་གླུ་དྲུག་དྲུག་པོས་ཁྱབ་པ་སྟེ། དྲུག་ཅུ་ཚན་དྲུག་གོ། །དེ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་ཞེས་བྱ་སྟེ། དེ་ལྟ་བུའི་གླུ་ཡབ་ཡུམ་རང་རང་ཆགས་པ་བྱེད་པའི་བདེ་བ་སྐྱེད་པར་སྐུལ་བར་རབ་ཏུ་བྱའོ། །བསྐུལ་ས་མ་ཡ་ཧོ་ལ་སོགས་བ་དག་ཀྱང་གསུང་དབྱངས་ཡན་ལག་དྲུག་ཅུའོ་རབ་ཏུ་བྱ། །བསྙེན་པ་དང་ནི་ཉེ་བསྙེན་པོ། །ཡུམ་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབས་པ་ནི་བསྙེན་པའོ། །བརྡའ་སྣོལ་མར་བསྐུལ་བ་ནི་ཉེ་བའི་བསྙེན་པའོ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཕྱག་རྒྱ་བཞིས་རོལ་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བ་ནི་སྒྲུབ་པའོ། །བདེའ་བ་ཉམས་སུ་མྱོང་སྟེ། ལྷག་པ་བྱང་ཆུབ་སེམས་བབས་པ་ནི་བསྒྲུབ་པ་ཆེན་པོའོ། ༈ །སྤྱིར་བསྙེན་བསྒྲུབ་ལ་གསུམ་སྟེ། ཕྱི་དང་། ནང་དང་། གསང་བའོ། །ཕྱི་ནི་ལམ་ལ་བསྙེན་བསྒྲུབ་བཞི་སྟེ། ལྟ་བ་ཚོལ་བ་ནས་ཀུན་སྣང་ཡན་ཆད་བསྙེན་པ། ཕྱག་རྒྱ་གཅིག་པ་ཡན་ཆད་ནས་སྤྲོས་པ་ཡན་ཆད་ཉེ་བསྙེན། བར་ཆད་མྱེད་པ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡན་ཆད་སྒྲུབ་པ། ལྷུན་གྱིས་གྲུབ་པ་ནས་སངས་རྒྱས་ལ་སྦྱར་བ་སྒྲུབ་པ་ཆེན་པོ། ནང་གི་བཞི་ནི། དང་པོ་ཡོ་བྱད་བསག་པ་ནས་ནུབ་དང་པོ་ཡན་ཆད་བསྙེན་པ། དེ་ནས་ཇི་ཙམ་བྱེད་པའི་ཕྱེད་ཚུན་ཆད་ཉེ་བསྙེན། ནུབ་བར་མ་སྒྲུབ་པ། ནུབ་ཐ་མའི་དུས་སུ་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ། དེ་ནི་སྒྲུབ་པ་དུས་ཀྱི་བསྙེན་བསྒྲུབ་བོ། །གསང་བ་ལ་གཉིས་ཏེ། སྒྲོལ་དང་། སྦྱོར་བའོ། །སྒྲོལ་བ་བཞི་ནི། དང་པོ་གཞིའི་ཚོལ་བ་ནས་དབང་སྐུར་བསྙེན་པ། སྒྲལ་བ་བཞི་དང་ལྡན་པ་ཉེ་བསྙེན། ཁོག་པ་དྲལ་བ་སྒྲུབ་པ། ཉོན་མོངས་པ་རྒྱུན་བཅད་དེ་སྒྲལ་བ་ནི་སྒྲུབ་ཆེན་པོ། སྦྱོར་བ་ནི། ཡུམ་ཚོལ་བ་ནས་ཆས་སུ་ཞུགས་པ་བསྙེན་པ། གཡེམ་ལ་སྐྱེད་པ་ཉེ་བསྙེན། རོལ་བ་སྒྲུབ་པ། ཐིག་ལེ་གཅིག་ཤོར་གཉིས་གནས་ཀྱི་དུས་སྒྲུབ་པ་ཆེན་པའོ། །དེས་འདི་སྦྱོར་བའི་ཁོངས་སུ་འགྲོ། དེ་ལ་གཉིས་ཏེ། ལྷ་བསྐྱེད་པ་དང་། དབང་སྐུར་བ་ལས། འདིར་ལྷ་བསྐྱེད་པའི་བསྙེན་བསྒྲུབ་བཞི་ནི། ཡུམ་གྱི་པད་མའི་དཀྱིལ་འཁོར་དུ། །ཡུམ་གྱི་མཁར་ལྷག་པ་བྱང་ཆུབ་སེམས་གསལ་བ་དང་། རྟོག་པ་མྱེད་པར་བྱས་ཏེ། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་ཡང་། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །བྱང་ཆུབ་སེམས་བདེ་བ་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་བདེ་བར་གཤེགས་པ་མ་ལུས་པ་ཐམས་ཅད་ལ་ཡང་སྤྲོའོ། །དེ་ཡང་ཇི་ལྟར་ན། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །ནམ་མཁའི་ཁམས་གང་བར། སྟོང་གསུམ་ཉུངས་འབྲུར་འཇུག་ཚུལ་དུ་སྤྱན་དྲངས་ལ། བདག་ཡབ་ཡུམ་གྱི་སྐུ་ལ་སྟིམ། གོང་གི་སྔགས་གཉིས་པོ་འཆད་དེ། དགྱེས་མཉམ་མཆོག་གི་སྦྱིན་པས་སྟིམ། །མཉེས་པའི་མཆོད་པ་ཕུལ་ནས། སངས་རྒྱས་དགྱེས་ནས། སེམས་ཅན་དགའ་བར་བྱས་ཏེ། སེམས་ཅན་དོན་བྱས་ནས། ཡུམ་གྱི་མཁའ་གཞལ་ཡས་ཁང་གི་ནང་དུ་སྟིམས་པས། དེ་ནས་དཀྱིལ་འཁོར་གསལ་བར་དགོད། །མཁར་ཡིག་འབྲུར་གྱུར། དེ་ལས་ཕྱག་མཚན་དུ་གྱུར། དེ་ལས་སྐུ་ཕྲ་མོར་གྱུར། དེ་སྔགས་ཀྱི་ཕྱིར་གཞལ་ཡས་ཁང་དུ་བཏོན་ཏེ་དགོད་པའོ། །ཡེ་ཤེས་ཨཱོཾ་སརྦ་ཏ་ཐམས་ཅད་ཐཱ་ག་དེ་བཞིན་གཤེགས་པ་ཏ་མ་ཧཱ་ཆེན་པོ་ཤྲི་དཔལ་ཧེ་རུ་དགྱེས་པ་ཀ་མ་ཧཱ་ཆེན་པོ་གཏུམ་པ་ཙན་དྷ་སརྦ་ཐམས་ཅད་དུས་ཊན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། འབུ་ཏ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་སྟེ། སྡང་བ་ཏོགས་རྒྱོབ་ཆོད་ཆོམ་སྐུ་གསུང་ཐུགས་བསྟུས་ལ་སྤྲོས་གཅིག་པའོ། །འདྲེའོ། །གཡས་ལྗང་གཡོན་སེར་དབུས་སྨུག་ཞལ། འཁོར་ཡུག་རྡོ་རྗེ་ཐོང་གཤོལ་གཡས། དུང་དམར་དགྲ་སྟྭ་རལ་གྲི་གཡོན་ནོ། །སྔགས་འདིས་ཤར་གྱི་གདན་སྟེངས་སུ་དགོས་དོ། །ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུས་ཊན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། དབུས་སུ་བཛྲ་ཧེ་རུ་ཀ་གཡས་སྨུག་གཡོན་དམར་དབུས་རྡོ་རྗེ་སྔོ་ཞལ། རྩ་སྔགས། ལས་སྔགས། རྡོ་རྗེ་འཁོར་ཡུག་ཐོང་གཤོལ་གཡས། དུང་དམར་དགྲའ་སྟྭ་རལ་གྲི་གཡོན། ཡུམ་སྔོ་ནག །གཡས་རྡོ་རྗེ། གཡོན་བན་དྷ་གཙོའ་ལ་སྟོབ་པའོ། །ཨཱོཾ་རད་ན་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལྷོར་རད་ན་ཧེ་རུ་ཀ་གཡས་སྨུག་ནག་གཡོན་དམར་དབུས་སེར་ཞལ། ཐོང་གཤོལ་རྡོ་རྗེ་འཁོར་ཡུག་གཡས། དུང་དམར་དགྲ་སྟྭ་རལ་གྲི་གཡོན། ཨཱོཾ་པད་མ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ནུབ་ཏུ་པད་མ་ཧེ་རུ་ཀ་གཡས་སེར་གཡོན་ལྗང་དབུས་དམར་ཞལ། དགྲ་སྟྭ་རྡོ་རྗེ་འཁོར་ཡུག་གཡས། དུང་དམར་གཤོལ་དང་རལ་གྲི་གཡོན་ནོ། །ཨཱོཾ་ཀར་མ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུས་ཊན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། བྱང་དུ་ཀར་མ་ཧེ་རུ་ཀ་གཡས་དམར་གཡོན་སྨུག་དབུས་ལྗང་ཞལ། རལ་གྲི་རྡོ་རྗེ་འཁོར་ཡུག་གཡས། དུང་དམར་གཤོལ་དང་དགྲ་སྟྭ་གཡོན་ནོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུྃ་ཕཊ། ཡུམ་ཁྲོ་མོ་དབང་ཕྱུག་མ་སྨུག་ནག །གཡས་འཁོར་ལོ། གཡོན་བན་དྷ་སྣམས་པའོ། །ཨཱོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུྃ་ཕཊ། ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་མཐིང་ནག །གཡས་རྡོ་རྗེ་གཡོན་བན་དྷ་སྣམས་པའོ། །ཨཱོཾ་སུརྱ་རད་ན་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ད་མ་ཧཱུྃ་ཕཊ། ཡུམ་རད་ན་ཀྲོ་ཏི་ཤྭ་རི་མ་སེར་མོ། གཡས་རིན་ཆེན་གཡོན་བན་དྷའོ། །ཉི་མ་རིན་ཆེན་ཨཱོཾ་ཧྲི་ཤ་ཏ་བི་ད་མ་བ་མུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཁའི་ཧཱུྃ་ཕཊ། ཡུམ་པད་མ་ཀྲོ་ཏི་ཤྭ་རི་མ་དམར་མོ་གཡས་པད་མ་གཡོན་བན་དྷ་སྣམས་པའོ། །པད་མའི་སྟོང་པ། ཨཱོཾ་ཨ་མོ་ཀ་ཀྲོ་ཏི་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། ཡུམ་ཀར་མ་ཀྲོ་ཏི་ཤྭ་རི་ལྗང་ཁུ་གཡས་རྒྱ་གྲམ་གཡོན་བན་དྷ་སྣམས་པའོ། ༈ །གནས་ཀྱི་མ་མོ་བརྒྱད་ཕྱིར་གདོན་པའི་སྔགས་ནི། ཨཱོཾ་བཛྲ་ཀོའུ་རི་ཧ། ཤར་གྱི་རྩིབས་མཆན་ལ་ཀོའུ་རི་མ་སྔོན་མོ་གཡས་བྱིས་པའི་དབྱུག་པ། གཡོན་བན་དྷ་དམར་གྱིས་སྐང་བའོ། །ཨཱོཾ་བཛྲ་ཙོའུ་རི་ཧ། ལྷོ་ནུབ་རྩིབས་མཆན་ལ་གཙོའུ་རི་མ་སེར་མོ་མདའ་གཞུའ་འགེངས་པའོ། །ཨཱོཾ་བཛྲ་པྲ་མོ་ཧ། ནུབ་བྱང་གི་རྩིབས་མཆན་ལ་པྲ་མོ་ཧ་དམར་མོ་ཆུ་སྲིན་རྒྱལ་མཚན་འཕྱར་རོ། །ཨཱོཾ་བཛྲ་པེ་ཏ་ལི་ཧ། བྱང་ཤར་གྱི་རྩིབས་མཆན་ལ། བེ་ཏ་ལི་ནག་མོ་གཡས་རྡོ་རྗེ་འཕྱར་བ། གཡོན་བྱིས་པའི་རོ་ཟ་བའོ། །ཨཱོཾ་བཛྲ་པུ་ཀ་སི་ཧ། ཤར་ལྷོའི་གྲུ་ཆད་ལ་པུ་ཀ་སི་དམར་སེར་བྱིས་པའི་རྒྱུ་མ་གཡས་ཀྱིས་འདྲེན་པའོ། །ཨཱོཾ་བཛྲ་ཀ་སྨ་ཧྲི་ཧ། ལྷོ་ནུབ་གྲུ་ཆད་ལ་ཀ་མ་ཧྲི་ལྗང་ཁུ་རྡོ་རྗེ་གཡས ། གཡོན་དུང་ཆེན་དམར་གྱིས་སྐང་ནས་གསོལ་བའོ། །ཨཱོཾ་བཛྲ་སྨ་ཤ་ནི་ཧ། ནུབ་བྱང་གྲུ་ཆད་ལ་སྨ་ཤ་ནི་མཐིང་ནག །བྱིས་པའི་སྙིང་ཕྱུང་ནས་ཟ་བའོ། །ཨཱོཾ་བཛྲ་ཙན་དྷ་ལི་ཧ། བྱང་ཤར་གྲུ་ཆད་ལ། ཙན་དྷ་ལི་སེར་སྐྱ་མཆོག་གི་མགོའ་ལུས་འབྲེལ་བའོ། ༈ །ཡུལ་གྱི་འཕྲ་མྱེན་མ་བརྒྱད་ཕྱིར་གདོན་པའི་སྔགས་ནི། བཛྲ་སིང་ང་མུ་ཀ་ཧེ། བར་ཁྱམས་དང་པོའི་ཤར་དུ། སིང་ང་མ་སེང་གེའི་མགོ་ཅན། དཀར་མོ་ཕྱག་གཉིས་གྱེན་དུ་སྣོལ་ཏེ་ཁ་ན་རོ་ཟ་བའོ། །བཛྲ་བྱ་གྲི་མུ་ཀ་ཧེ། ལྷོར་བྱང་ཀྲི་མ་སེར་མོ། སྟག་གི་མགོའ་ཅན། ཕྱག་གཉིས་ཐུར་དུ་སྣོལ་ཏེ་ཞིང་ལ་འབྲི་ཚུགས་ལྟའོ། །བཛྲ་ཀྲི་ལ་མུ་ཀ་ཧེ། ནུབ་ཏུ་ཀྲི་ལ་མུ་ཀ་ནག་མོ་ཝའི་མགོའ་ཅན། བྱིས་པའི་ཁོག་པ་ཁ་ཕྱེ་ནས་འདག་གོ། །བཛྲ་ཤྭ་ན་མུ་ཀ་ཧེ། བྱང་ཕྱོགས་སུ་ཤྭ་ན་མ། མཐིང་ཀ་སྤྱང་ཁུའི་མགོ་ཅན། ཞིང་གི་ཁོག་པ་དྲལ་གནས་ལྟའོ། །བཛྲ་ཀྲི་ཏ་མུ་ཀ་ཧེ། ཤར་ལྷོར་ཀྲི་ཏ་མ་དཀར་མོ་བྱ་རྒོད་ཀྱི་མགོ་ཅན་གཡས་གྲི་གཡོན་བན་དྷའོ། །བཛྲ་ཀང་ཀ་མུ་ཀ་ཧེ། ལྷོ་ནུབ་ཏུ་ཀང་ཀ་མ་སྐུ་མདོག་དམར་སྐྱ་ལ། ཞིང་འཕྲག་ལ་སྐལ་ནས་ཁུར་ནའོ། །དུར་བྱ་ཀང་ཀའི་མགོའ་ཅན་ནོ། །བཛྲ་ཁ་ཁ་མུ་ཀ་ཧེ། ནུབ་བྱང་དུ་ཁ་ཁ་མ། ནག་མོ་བྱ་རོག་མགོའ་ཅན། གཡས་གྲི་གཡོན་བན་དྷ་སྣམས་པའོ། །བཛྲ་ཧུ་ལུ་མུ་ཀ་ཧེ། བྱང་ཤར་དུ་ཧུ་ལུ་ཀ་འུག་པའི་མགོའ་ཅན་སྐུ་མདོག་སྣ་ཚོགས་མདོག་ཁྲ་མོ་གཡས་རྡོ་རྗེ་ལྕགས་ཀྱུ། གཡོན་བན་དྷ་དམར་གྱིས་སྐང་བའོ། ༈ །སྒོ་མ་བཞི་གདོན་པའི་སྔགས། བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ། ཤར་གྱི་སྒོ་ནང་དུ། རྟ་གདོང་མ་དཀར་མོ་ལྕགས་ཀྱུ་མ་འདྲེན་པའི་ཚུལ་ལོ། །བཛྲ་ཨ་མུ་ཀ་ཧཱུྃ། ལྷོར་ཕག་གདོང་མ་སེར་མོ། ཞགས་པ་ཐོགས་པའོ། །བཛྲ་ལོ་ཀ་བྃ། ནུབ་ཏུ་རྡོ་རྗེ་འཇིག་རྟེན་མ་དམར་མོ་དྲེད་ཀྱི་མགོའ་ཅན་ལྕགས་སྒྲོག་གི་དམིག་ཉི་མ་སྐང་བ་ཕྱག་ན་སྣམས་པའོ། །བཛྲ་པ་སྨི་པ་ལ་ཡ་བ་ཏོ་ཧོ། །བྱང་དུ་ཐལ་བྱེད་མ། ལྗང་ཁུ་དྲིལ་བུ་ཀྲོལ་བ་སྤྱང་ཁུའི་མགོའ་ཅན་མའོ། ༈ །དབང་མོ་ཉི་ཤུ་རྩ་བརྒྱད་བསྐྱེད་པའི་སྔགས་བསྟན། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ཤར་གྱི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ལྷོའི ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ནུབ་ཀྱི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྱང་དུ། བྷྱོ་བྷྱོ་བྷྱོ་བྷྱོ་སྒོ་བཞིར་བསྐྱེད་དོ ། ༈ །དབང་མོ་ལས་ལས་གྲུབ་པ་ཡིན་པས། མཁའ་ནས་མི་བསྐྱེད་པར་རྩ་སྔགས་ཀྱིས་བྷྱོ་ཉི་ཤུ་རྩ་བརྒྱད་བརྗོད་པས་བྱོན་པར་བསམ་མོ། །དེ་ལ་གསུམ་མོ། །ཕྱི་སྲིན་མོའི་ཆ་ལུགས་སུ་གནས་པ་དང་། ནང་མགོའ་བརྙན་གྱི་ཆ་ལུགས་སུ་དང་། གསང་བ་ཁྲོ་མོའི་ཆ་ལུགས་སུ་བསྟན་པའོ། །ཕྱི་སྲིན་མོའི་ཆ་ལུགས་ནི། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་། ཞེས་པ་ལ་སོགས་པ་སྟེ། ཧེ་རུ་ཀའི་གལ་པོ་ལས་བཤད་པའོ། །ནང་མགོའ་བརྙན་གྱི་ཆ་ལུགས་ནི། མི་སྲིན་དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག་ཅེས་པ་ལ་སོགས་པའོ། །གསང་བ་ཁྲོ་མོའི་ཆ་ལུགས་སུ་བཤད་པ་ནི། ཞལ་གསུམ་ཕྱག་དྲུག་ཏུ་བཤད་པ་སྟེ། ལྷ་མོ་སྒྱུ་འཕྲུལ་ནས་བཤད་པའོ། །འདིར་ནི་བྱོན་ཚུལ་གང་ཡང་འདྲ་སྟེ། རུ་ཏྲ་འདུལ་བའི་དུས་སྲིན་མོར་གནས་པས། ཁྲོ་བོ་འཆོལ་པའི་དུས་སུ་སྲིན་པོར་བྱ། རྣལ་འབྱོར་པས་བ སྒྲུབས་ཏེ་ལས་ལ་མངགས་པའི་དུས་སུ་མགོའ་བརྙན་དུ་གནས་ཏེ། མགོའ་བརྙན་དུ་བྱ། གསང་བ་རང་སེམས་རྟོགས་པའི་དུས་ན། ཁྲོ་མོ་ཉི་ཤུ་རྩ་བརྒྱད་དུ་བྱའོ། ༈ །དཔེའ་བ སྟན། ས་ལ་སོགས་པ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པས་ཐོབ་པར་འགྱུར་ན། །ཕྱག་རྒྱ་བྱ་བའི་རྒྱུ་ནི། རབ་གསེར་དང་། དངུལ་དང་། ཟངས་དང་། ལྕགས་ལ་བྱའོ། །འབྲིང་ནི། དར་རམ། རས་སམ་ཟ་འོག་གམ། ཤིང་ལ་བྱའོ། །ཐ་མ་ནི། རྡོ་དང་། ས་དང་། རྭ་ལ་བྱའོ། །དེ་ལ་ལྡེ་ཚོའི་བྲིས་སམ་ཚ་ཚ་བྱས་ནས། རབ་ཏུ་གནས་པ་བྱས་ན། རྒྱུ་བཟང་ངན་དང་། བསམ་པ་དག་མ་དག་གི་དབང་གིས། རིམ་པས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ། །དོན་བསྟན། དག་པའི་ཡེ་ཤེས་ཀྱིས་སྦྱངས་པའི། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །འདིར་ལྟ་བ་རྟོགས་ནས། དེ་བཞིན་ཉིད་ཀྱི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྦྱང་བ་དང་། ཀུན་ཏུ་སྣང་གི་དུས་ན་སྙིང་རྗེ་སྒྱུ་མའི་ཏིང་ངེས་སྦྱང་བ་དང་། རྒྱུའི་དུས་ན་ཡི་གེའི་འཕྲོ་དུ་སྦྱང་བ་དང་། ཕྱག་རྒྱ་གཅིག་པའི་དུས་ན་སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱང་བ་དང་། ཕྱག་རྒྱ་སྤྲོས་པའི་དུས་ན་རྟོག་ཚོགས་ཐམས་ཅད་ལྷའི་དལ་དུ་སྦྱང་བ་དང་། དེ་ལྟར་སྦྱངས་པའི་འབྲས་བུ་ཐོབ་པར་ལྟ་ཅི་སྨོས་ཏེ། ཏིང་ངེ་འཛིན་རང་རིག་པ་ཉིད་མངོན་སུམ་དུ་གསལ་བ་བྱུང་བ་ཉིད་འབྲས་བུ་ཡིན་པས་གཞན་དུ་རྩལ་མྱེད་དོ། ༈ །ཡུལ་གང་ནས་སྤྱན་དྲང་། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཕྱོགས་བཅུ་དང་། དུས་བཞི་དང་། ཕྱི་ནང་ཆོས་ཐམས་ཅད་གནས་སུ་དག་པ་ནི། བདག་ཉིད་དང་གཉིས་སུ་མྱེད་པ་སྟེ། ཆོས་ཀྱི་དབྱིངས་དེ་དམིགས་པ་ལས་འདས་པ་ཡིན་ནོ། །ངོ་བོ་གང་སྤྱན་དྲངས་ན། མྱི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཅིའི་ངོ་བོར་ཡང་མྱི་དམྱིགས་པའི་ཐུགས་རང་འབྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་སྤྲོས་པ་མྱེད་པའི་དཀྱིལ་འཁོར་དེ། བདེའ་བར་གཤེགས་པ་ཐམས་ཅད་བཞུགས་པའི་གནས་དང་། གཟིགས་པའི་གནས་ཡིན་པས། དེ་ནས་སྤྱན་དྲངས་པའོ། །གང་སྤྱན་དྲངས་ན། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །དེ་ལྟར་རྟོགས་པའི་རིག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར། ཕྱོགས་བཅུ་དུས་བཞིའི་བདག་ཆེན་པོ། དཔལ་ཁྲག་འཐུང་གི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མྱེད་པ་ཐམས་ཅད་སྤྱན་དྲང་བར་བྱ་བ་ཡིན་ནོ། །གང་དུ་སྤྱན་དྲངས་ན། རང་སྣང་དབྱེར་མྱེད་དཀྱིལ་འཁོར་ལ། །སེམས་ཅན་གྱི་རིག་པ་རང་སྣང་བ་དང་། དེ་བཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་ནི་རིག་པ་རང་སྣང་བའི་ཏིང་ངེ་འཛིན་གྱིས། དཀྱིལ་འཁོར་སྣང་ལ་རང་བཞིན་མྱེད་པའི་གནས་འདིར་སྤྱན་དྲངས་བ་ཡིན་ནོ། །དུས་ཇི་ཙམ་ན། ཚུལ་ལམ། ཐབས་ཇི་ལྟར་སྤྱན་དྲངས། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ལྟ་བ་རྟོགས་པའི་དོན་ལ། རྣལ་འབྱོར་པའི་ཏིང་ངེ་འཛིན་རྐྱེན་འཇུག་པ་ལས། འབུ་ཏའི་མཚན་ཉིད་དང་། རྣལ་འབྱོར་པའི་མཚན་ཉིད་མཉམ་པར་སྦྱོར་བ་ནི། ཤེས་རབ་དང་ཏིང་ངེ་འཛིན་སྦྱར་ནས། བསྐལ་པའི་སྒྲིབ་པ་སྦྱོང་བ་དང་། ཚོགས་བ སོག་པའི་རྟེན་དུ། དུས་ད་ལྟ་ཁོ་ན་སྤྱན་འདྲེན་པའོ། །ཚུལ་ཇི་ལྟར་སྤྱན་དྲངས། ཕྱོགས་དུས་ཀུན་ནས་གཤེགས་པའི། །ཕྱི་པ་ལྟར་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་དང་། སྤུན་དང་གྲོགས་པོ་ལྟར་ལྟ་བ་མ་ཡིན་ཏེ། ཕྱོགས་བཅུ་དུས་བཞི་ནས་འགྲོ་དོན་དུ་གཤེགས་པ་རྣམས་རང་རིག་པ་རང་སྣང་བས་བདག་དང་ལྷ་གཉིས་སུ་མྱེད་པས་སྤྱན་དྲང་བར་བྱའོ། །སྤྱན་དྲངས་པས་བྱོན་པ་ནི། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །བདག་གི་རྒྱལ་བའི་དཀྱིལ་འཁོར་ལ། །ཚེ་སྔ་མར་བསྙེན་པ་རྫོགས་པར་ཕུལ་བ་དང་། ད་ལྟ་བདག་དང་། དཀྱིལ་འཁོར་གྱི་ལྷ་དང་། ཉེ་བར་གྱུར་པ་དང་། བསྙེན་པ་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ན། ཉེ་བར་གྱུར་པའི་དམ་ཚིག་མཆོག །ད་ལྟ་བདག་དང་ཉེ་བར་གྱུར་པ་ནི། བདེའ་བར་གཤེགས་པ་ཡང་འགྲོ་དོན་མཛད་པར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལས་མི་འདའ་བའི་དམ་ཚིག་གི་དབང་གིས་བྱོན་པ་ཡིན་ནོ། །ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཡེ་ཤེས་ལྔ་སྟེ་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ། རུ་ལུ་གནས་ཀྱི་མ་བརྒྱད། རུ་ལུ་འོག་མ་ཡུལ་གྱི་འཕྲ་མེན་བརྒྱད། ཧཱུྃ་སྒོ་མ་བཞི། བྷྱོ་དབང་མོ་ཉི་ཤུ་རྩ་བརྒྱད། ཧཱུྃ་བསྡུ་བའོ། །དེ་བས་ན་དཔལ་ཆེན་པོ་འཁོར་དང་བཅས་པའི་སྙིང་པོའོ། །ཨེ་ཧ་ཧི་ཨ་ན་ཡ་བཛྲ། ཨེ་ཧ་ཧི་ནི་ཀྱེ་ཀྱེ་ཞེས་བོས་པའོ། །ཨ་ན་ཡ་ན་ཚུར་གཤེགས་ཞེས་སྤྱན་དྲང་ངོ་། །ཛཿཧཱུྃ་དེ་ཡང་མདུན་གྱི་ནམ་ཀ་ལ་སྤྲིན་ཕུང་བཞིན་དུ་མེ་རི་འདབ་འབྱོར་ཙམ་དུ་སྤྱན་དྲང་ངོ་བྃ་ཧོཿ ཛཿཧཱུྃ་བཾ་ཧོཿནི་བདག་གི་ཏིང་ངེ་འཛིན་གྱི་ལྷའི་ཐུགས་ཀ་ནས། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་དྲིལ་བུས་སྤྱན་དྲང་ངོ་། །རཾ། དེ་ཡང་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་བཞིན་དུ་མེ་རི་འདབ་འབྱོར་ཙམ་དུ་སྤྱན་དྲང་བའོ། །ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་ཀ །སྐུ་དང་ཡེ་ཤེས་ཙམ་དུ་གསལ་ལ་རྟོག་པ་ནི། རིག་པའི་མེ་ཏོག་དོར་བའོ། །དེ་ཡང་བདག་ཡེ་ནས་སངས་རྒྱས་ཡིན་པ་ལ། མ་རིག་པས་སྒྲིབས་པས་མ་ཤེས་ཏེ། དེའི་དོན་ད་ལྟ་ཁོ་ན་རིག་པས། བདག་ལ་སྤྱན་འདྲེན་ནོ་མཉམ་པ་ཁོ་ན་ལ་རིག་པའི་མེ་ཏོག་དོར་བ་ཞེས་གདགས་སོ། །ཨཱོཾ་འཁྲོ་ལ་འཁྲོས་པས་ཞི་མཛད་པ། །རུ་ཏྲ་དྲེགས་པ་ཅན་ལས་དང་ཉོན་མོངས་པའི་དང་ཁྲོ་བོ་དེ་ལ། དཔལ་ཆེན་པོས་ཁྲོ་བོའི་སྐུར་བསྟན་ནས། ཁོའི་ཞེ་སྡང་གི་དབང་གིས་ཁྲོ་བོ་དེ་སྟུལ་ནས། རུ་ཏྲ་དེའི་གཟུང་འཛིན་གྱིས་སྤྲོས་པ་ཞི་བར་མཛད་པའོ། །ཐུགས་ཡང་ན་ཁོའི་མགོན་དུ་གྱུར་པས་ན་རྗེ་འཁྲོས་སྒྲལ་བྱ་དེ་དག་བླ་ན་མྱེད་པའི་ས་ལ་བཀོད་པས་དཔལ་དང་གྲགས་པ་དང་ཕུན་སུམ་འཚོགས་པའོ། །དཔལ་རྔམ་པའི་ཚོགས། །དེ་ལྟར་ཁྲོ་བོའི་སྐུར་སྟོན་པ་དེ་ཡང་ཞེ་སྡང་གི་དབང་གིས་འཁྲོས་པ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཞེ་སྡང་གི་དབང་དུ་གྱུར་པ་ལ་ཐབས་གཞན་གྱིས་ཐུལ་བར་མ་གྱུར་པ་དེ་ལྟ་བུ་ལ་ཐུགས་རྗེའི་དབང་གིས་ཁྲོ་བོའི་སྐུར་བསྟན་པ་ཡིན་ནོ། །བྱིན་བརླབ་ཀྱི་ངོ་བོ་བསྟན། འབར་བའི་བྱིན་བརླབས་རྨད་པོ་ཆེ། །རྟོགས་པ་དང་ཐུགས་རྗེའི་རྟགས་སུ་མེ་འབར་བའི་ཀློང་ན་བཞུགས་པ། དེ་ལྟ་བུ་ཕྱིན་ཅི་ལོག་གི་འཇིག་རྟེན་གསུམ་ན་མྱེད་པས་རྨད་པོ་ཆེའོ། །བྱིན་རླབས་ཞུ་ལུགས། དེ་ཉིད་དུ་ནི་བདག་ལ་གསོལ། །སྐུ་གསུང་ཐུགས་ཤིན་ཏུ་རྔམ་པའི་ང་རོ་དང་བཅས་པའི་དཔལ་ཆེན་པོའི་འཁོར་གྱི་ཚོགས་དང་བཅས་པས་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱིན་རླབས་རྨད་དུ་བྱུང་བ་དེ་དུས་ད་ལྟ་ཉིད་དུ་བདག་གི་ཏིང་ངེ་འཛིན་གྱི་དལ་ལ་གསོལ་ཅིག་པའོ། །སྒྲུབ་པ་པོ་ལ་དུས་ཕྱིས་མ་ལགས་ཏེ་དུས་ད་ལྟ་ཉིད་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་གསོལ་ཞེས་ལྷ་རྣམས་ལ་བསྐུལ་ལོ། །དམ་ཚིག་སྐུལ་བས་དགྱེས་པ། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་སྟོམ། །ཡེ་ཤེས་ཁྲོ་བོས་དམ་ཚིག་གསལ་བའི་དུས་ལ་བབ། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཡེ་ཤེས་ཁྲོ་བོའི་དམ་ཚིག་གིས་བགེགས་རླག་པར་མཛོད་ཅིག །ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཡེ་ཤེས་ཁྲོ་བོའི་དམ་ཚིག་གིས་བགེགས་བརླག་པར་མཛོད་ཅིག ༈ །ཨ་ལི་བཟའ་བ་དང་བཅའ་བ་ཨུ་ལི་བཏུང་བ་ཏ་ལི་སྤྱན་གཟིགས་ཏ་པ་ཏི་མུར་བ་དང་ཤཾ་མཆེའ་བ་ཅན། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། མུར་བའི་རྣམ་པ་ཉིད་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ཏེ། ཞལ་འབར་བའི་ཚོགས་དང་ཡོན་ཏན་དྲག་མོ་རྣམས་གསོལ་ཅིག་ཞེས་འབུལ་བའི་རིམ་པའོ། །འགཱོ་ཡུམ་ན་ཡོན་ཏན་རོའུ་དབང་མོ་ཏྲི་དྲག་མོ། ཁ་རཾ་གསོལ་ཡོ་གི་རྣལ་འབྱོར་མ་ནི་ཁ་ཧི་གསོལ་ཧོ་དགྱེས། ཧཱུྃ་རིགས་ལྔའི་ཧ་མ་མོའི་ཧེ་འཕྲ་མྱེན་ཕཊ་སྒོ་མ་བྷྱོ་དབང་མོ་རཾ། སྨུག་ནག་འབུ་ཏ་ཧེ་རུ་ཀ་སྨུག་ནག་སྟེ་ཞི་བའི་འཕྲིན་ལས་རྫོགས་ཤིང་མཐར་ཕྱིན་པར་མཛད་པའོ། །སྔོ་ནག་བཛྲ་ཧེ་རུ་ཀ་མཐིང་ནག་དེ་ཆོས་ཀྱི་དབྱིངས་མི་འགྱུར་བས་ནག་གོ། །སེར་ནག་རད་ན་ཧེ་རུ་ཀ་སེར་ནག་སྟེ་རྒྱས་པའི་ལས་མཛད་དང་། དམར་ནག་པད་མ་ཧེ་རུ་ཀ་དམར་ནག་སྟེ། དབང་གི་ལས་མཛད་དོ། །ལྗང་ནག་ཀར་མ་ཧེ་རུ་ཀ་ལྗང་ནག་སྟེ། དྲག་པོའི་ལས་མཛད་པའོ། །དབུའ་དབུས་མ་སྐུ་དང་མཐུན་ནོ། །གཡས་གཡོན་གཉིས་ནི་གནས་འཕྲོག་རྩི་སྟེ། འབུ་ཏ་ཞལ་གཡས་སྐར་མའི། གཡོན་རད་ནའི་འཕྲོག །དེས་ཀུན་འདྲ་བ་ཡིན་ནོ། །འཇིགས་པའི་སྐུ། ༈ །སྤྱིར་སྐུ་མདོག་ལ་གསུམ་སྟེ། རང་བཞིན་གྱི་སྐུ་མདོག་དང་། འཕྲིན་ལས་དང་། རིགས་སོ། །དེ་ལ་རང་བཞིན་ནི། སྣུམ་པ་དང་། འདྲིལ་བའོ། །རིགས་ཀྱི་མདོག་ནི། སྨུག་པ་དང་། སྔོ་བ། སེར་བ། དམར་བ། ལྗང་ཁུའོ། །འཕྲིན་ལས་ནི། ལས་ཐམས་ཅད་ཞི་དྲག་བཞི་པོར་བྱེད་པས་ན་ནག་ཅེས་འབྱུང་ངོ་། །དབུའ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་ཐམས་ཅད་ཆོས་སྐུ་མཚོན། གཡོན་ཐམས་ཅད་སྤྲུལ་སྐུ་མཚོན། དབུས་ཐམས་ཅད་ལོངས་སྐུ་མཚོན་ཏེ། གནས་འཕྲོག་རྩིས་པའོ། །ཚད་མྱེད་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །ཡེ་ཤེས་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་ནོ། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །དཀོན་པའི་གོས་གསུམ་ནི། ཁྱད་པར་ཐུགས་རྗེའི་གོས། གླང་པོ་ཆེའི་ཀོ་རློན་དང་། ཕྱི་ནང་གསང་བ་གསུམ་དུ་སྡུད་པའི་གོས། ཞིང་གི་གཡང་གཞིའ་དང་། མཛད་པ་འཕྲིན་ལས་ཀྱི་གོས་སྟག་གི་ཤམ་ཐབས་སོ། །གདབ་པའི་ཚོམ་བུ་གསུམ་ནི། དོན་དམ་བཅུད་ཀྱི་ཐིག་ལེ། ཞལ་འགྲམ་དུ་ཞག་གི་ཟོ་རིས་དང་། འདུལ་བྱེད་དཔྲལ་བར་ཐལ་ཆེན་ཐིག་ལེ་དང་། དམ་སྲི་བྲན་དུ་འཁོལ་བ་སྣ་རྩེ་ལ་རག་ཏའི་ཐིག་ལེའོ། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །གསུང་ཤིན་ཏུ་རྔམ་པའི་འབྱུང་པོ་ཐམས་ཅད་ཞེ་གཅོད་པའོ། །དེ་ཡང་ཨ་ཨ་ད་ཧ་ལ་དང་། ཕཊ་ཕཊ་དང་བྷྱོ་བྷྱོ་ཞེས་རྔམ་པའི་སྒྲ་སྐད་འཇིགས་པ་སྒྲོག་པའོ། །སྦྲུལ་དང་ཐོད་འཕྲེང་ཉི་ཟླ་བཅས། །གདགས་པའི་རྒྱན་གསུམ་ནི། དུག་ལྔ་མ་སྤངས་གནས་སུ་དག་པས། སྦྲུལ་རིགས་བཞིས་དབུའ་དང་། དཔུང་པ་དང་། ཕྱག་དང་། ཞབས་དང་། སྐུ་རགས་བྱས་པའོ། །སྐུ་གསུམ་མཚོན་པའི་རྟགས་སུ། ཐོད་རློན་གྱི་འཕྲེང་བ་དང་། ཐོད་སྐམ་གྱི་དབུའ་རྒྱན་དང་། ཐོད་པ་ར་རིས་སེ་རལ་ཁར་སྦྱོར། ཐབས་ཤེས་རབ་མཚོན་པའི་རྟགས་སུ། དབུའ་ལ་ཉི་མའི་དལ་འབུལ་འབྱེད་པའོ། །འབུ་ཏ་ཧེ་རུ་ཀའི། སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །བཛྲ་ཧེ་རུ་ཀའི། རྡོ་རྗེ་དུང་ཆེན་གཡོན་ཐམས་ཅད་དང་ཡུམ་གྱི་གང་བ་དང་། །ཀར་མ་ཧེ་རུ་ཀའི། རལ་གྲི་དགྲ་སྟྭ་པད་མའི་བཤོལ་རཏྣའི་ལ་སོགས། །རིགས་ལྔ་དང་གནས་ཡུལ་གྱི་མ་མོ། རང་གི་ལག་ཆ་སྣ་ཚོགས་སྣམས། །ཡུམ་རྣམས་སྐུ་མདོག་སོ་སོའི་གཙོའ་དང་མཐུན། བཙུན་མོ་གཡས་ཡབ་ལ་འཁྱུད་གཡོན་བན་དྷ་སྟོབ་པའོ། །འཇིགས་པའི་ཚོགས་དང་འཁྲིལ། ༈ སྤྱིར་ཁྲོ་བོ་གདུལ་བྱ་དང་མཐུན་པར་དོན་མཛད་པས། ཕྱག་མཚན་ཡང་མ་ངེས་པར་སྣམས་པ་སྟེ། གང་ཟག་ལམ་པ་རྣམས་སྒོམ་བདེའ་བའི་ཕྱིར་ན། རྩ་རྒྱུད་དུ་གནས་འཕྲོག་རྩི་བ་དང་། བཤད་རྒྱུད་ཀྱིས་ཁ་སྐང་བ་གཉིས་སོ། །རྩ་རྒྱུད་དུ་གནས་འཕྲོག་རྩི་ན། རང་རྟགས་ཀྱི་ཕྱག་མཚན་དང་པོར་སྟོན་ཏེ། གཞན་གནས་འཕྲོག་གོ། །བཤད་རྒྱུད་ཀྱི་ཁ་སྐང་ན། སྒྱུ་འཕྲུལ་རྡོ་རྗེ་དང་། བླ་མ་དང་། ལྷ་མོ་སྒྱུ་འཕྲུལ་ནས་རྒྱས་པར་བཤད་དོ། །དེ་ལ་དགོངས་པའི་དབང་དུ་བྱས་ན། ཆོས་ཉིད་རང་རྟགས་ཀྱི་ཕྱག་མཚན་དོན་སྐྱེ་མྱེད་སྟོན་པར་དགོངས་པ་དང་། རྒྱལ་དཔའ་རྟགས་ཀྱི་ཕྱག་མཚན་རུ་ཏྲ་གདུག་པ་ཆོམ་པར་དགོངས་པ་དང་། འདུལ་ཐབས་མཚན་མའི་ཕྱག་མཚན་གང་ལ་གང་མོས་སུ་སྣམས་པའོ། །དེ་ལས་འདིར་རྩ་རྒྱུད་ནས་བསྟུས་པས་གནས་འཕྲོག་རྩིའོ། །དེ་ལ་སྟོང་གི་འཇིག་རྟེན་འབུ་ཏའོ། །རྡོ་རྗེ་བཛྲ་རོ། །དུང་ཆེན་ཡབ་ཀྱི་གཡས་དང་ཡུམ་གྱིའོ། །རལ་གྲི་ཀར་མའོ། །དགྲ་སྟྭ་པད་མའོ། །བཤོལ་རད་ནའོ། །སོགས་ཞེས་ནི། གནས་ཡུལ་གྱི་ཆ་བསྙེན་ནོ། །གནས་ཡུལ་གྱི་མ་མོ་བཅུ་དྲུག་བསྟན། གནས་དང་ཡུལ་གྱི་ཕྱག་རྒྱ་དང་། གནས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། དེའི་རང་བཞིན་ཡེ་ནས་ཁྲོ་མོ་བརྒྱད་ཡིན་ལ། དེ་ལྟར་རྟོགས་པ་བསྒོམ་པའི་དུས་ན་ཡང་ཁྲོ་མོ་བརྒྱད་དུ་སྣང་བའོ། །ཡུལ་གྱི་ཕྲ་མྱེན་བརྒྱད་ནི། ལྟ་བར་བྱ་བའི་ཡུལ་གཟུགས་སྒྲ་ལ་སོགས་པ་བརྒྱད་དོ། །དེའི་རང་བཞིན་འཕྲ་མྱེན་མ་བརྒྱད་དེ། ཡེ་ནས་གནས་པ་མངོན་དུ་བྱས་པ་དང་། སྒོམ་པའི་དུས་ན་ཡང་དེ་ལྟར་དུ་སྣང་ངོ་། །སྒོ་མ་བཞི་བསྟན། སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །ཡན་ལག་བཞི་ནི། སྒོ་མ་བཞིའི་རང་བཞིན་ཏེ། ལུས་ཀྱི་དབང་པོ་གཞིའ་ལ་གནས་པ་དང་། དེའི་རང་བཞིན་སྒོ་མ་བཞི་ཡིན་པ་དང་། ཡེ་ནས་གནས་པ་དེ་མངོན་དུ་བྱས་ཏེ། སྒོམ་པ་དེ་ལྟར་སྣང་ངོ་། །དབང་མོ་ཉི་ཤུ་རྩ་བརྒྱད་བསྟན། སླས་དང་བྱི་མོ་བྲན་མོའི་ཚོགས། །དཔལ་ཆེན་པོས་རུ་ཏྲ་སྒྲལ་བའི་དུས་ན་སྲིན་མོ་རྣམས་དང་རོལ་པ་མཛད་པས་བྱི་མོའོ། །སླས་ནི་ཆུང་མར་བྱས་ནས་བར་ཁྱམས་ལ་བཀོད་པའོ། །བྲན་མོ་ནི་བྲན་དུ་ཁས་བླངས་ནས་ལྷག་མ་བྱིན་པར་བྱས་པའོ། །ཚོགས་ནི་གང་ཞེ་ན། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །བཅུ་གཉིས་ལ་ཉི་ཤུ་རྩ་བརྒྱད་དེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི་བར་ཁྱམས་ཕྱི་མ་ལ་རང་རང་གི་གནས་ན་མཛེས་པར་གནས་ཤིང་འཁོད་དོ། །རང་གི་གཏན་དང་ལག་ཆ་དང་། །དེ་རྣམས་ནི་གདན་ཞིང་རྐྱང་རེ་རེ་དང་བཅས་ནས། འཕྲིན་ལས་ཀྱི་ལས་མཛད་པའི་ཕྱག་རྒྱ་དང་། ཕྱག་མཚན་དུ་བཅས་ནས་བྱོན་ཏེ། དབང་མོའི་འཕྲིན་ལས་བསྟན། ཅི་བགྱིའ་ཞེས་ནི་ཆས་ཏེ་གནས། །འཕྲིན་ལས་ཇི་ལྟར་འདོད་པ་བདག་ཅག་གིས་བགྱི་ཟེར་ནས་བར་ཁྱམས་ཕྱི་མ་ལ་རང་རང་གི་གདན་སྟིང་བའི་སྟེང་དུ་རང་རང་གི་ལག་ཆ་དང་བཅས་ནས་བཞུགས་པའི་ཕྱིར་ན་གནས་ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །གོང་དུ་བསྟན་པ་དེ་ལྟར་ལྷའི་དཀྱིལ་འཁོར་རྣམས་གསལ་བར་བཀོད་ནས། སྐུ་མདོག་དང་ཕྱག་མཚན་དང་ཆ་ལུགས་གསལ་བར་སྒོམ་མོ། །མཐའ་དབུས་མེད་པར་ཁྱབ་པའི། །ཆོས་ཀྱི་དབྱིངས་ནི་ནམ་མཁས་གར་ཁྱབ་པར་ཁྱབ་ལ། ནམ་མཁའ་ནི། མཐའ་དབུས་མྱེད་པ་ཆོས་ཀྱི་དབྱིངས་སོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འཇིག་རྟེན་དྲུག་ནི་རིགས་དྲུག་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་དཀྱིལ་འཁོར་གསལ་བར་སྣང་བ་ནི། དཀྱིལ་འཁོར་བསྟན་པའོ། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པའི་རྟགས། ཁྲོ་བོའི་དཀྱིལ་འཁོར་གསལ་བར་སྣང་བའོ། །འདི་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། ༈ །ཐབས་ཤེས་རབ་གཉིས་སུ་མྱེད་པའི་རྒྱུད་ལས། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་སྙིང་པོ་ལྷུན་གྲུབ་པས། །ཐམས་ཅད་དུས་གཅིག་བསྒོམ་པར་འགྱུར། །ཞེས་སོ། །སྐུ་ལྔ་ལ་བསྟོད་པའོ། །ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཧཱུྃ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར་འགོའ་འདྲེན་པའོ། །སྟུམ་པ་ནི་གཟིའ་བརྗིད་ཆེན་པོ་སྐུ་སྟུམ་པ་དང་། འཇིགས་བྱེད་ཆེན་པོའི་གསུང་སྟུམ་པ་དང་། སྟོང་པ་ཆེན་པོའི་ཐུགས་སྟུམ་པ་དང་། སྒྲོལ་བྱེད་ཆེན་པོའི་ཕྱག་སྟུམ་པ་དང་། ཟ་བྱེད་ཆེན་པོའི་མཆེའ་བ་སྟུམ་པ་སྟེ། དེ་ཡང་དུས་མཐའི་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུར་འབར་བའི་ཀློང་ན་བཞུགས་པའོ། །འོད་ཟེར་ཉི་མ་འབུམ་གྱི་གཟིའི། །ཐབས་མཁས་པའི་འོད་ཟེར། བ་སྤུའི་བུ་ག་རེ་རེ་ནས་དུ་མ་འབྱུང་བའོ། །གདུག་པ་སེལ་བའི་འོད་ཟེར། གསལ་བས་སེམས་ཅན་གྱི་གཏིའ་མུག་གི་མུན་པ་སེལ་བའོ། །ཐུགས་རྗེ་ཆེན་པོའི་འོད་ཟེར། ཐམས་ཅད་དུ་ཁྱབ་པར་མཛད་པའོ། །དེ་ནི་དཔེར་ན་ཉི་མ་འབུམ་དུས་གཅིག་ལ་ནམ་མཁའ་ལ་ཤར་བ་ལྟ་བུའོ། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །དབང་དུ་བསྡུས་པའི་ཁྲོ་གཉེར་ནི། བསྡུས་པ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་ནི། གཡོའ་བ་དང་ཟིལ་གྱིས་གནོན་པའི་ཁྲོ་གཉེར་ནི་འདྲེང་བའོ། །དེ་དག་ཀྱང་དཔེར་ན་གློག་སྟོང་དུས་གཅིག་ལ་ནམ་མཁའ་ལ་འབྱུང་བ་བཞིན་ནོ། །མཆེའ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །གདུག་པ་འདུལ་བའི་མཆེའ་བ་ནི་དཀར་ལ་རྩ་དམར་བའི་མདངས་ཆགས་པ་དང་། ཟ་བྱེད་ཆེན་པོའི་མཆེའ་བ་ནི་རྩིགས་པ། སྐྱེ་ཤི་རྩད་ནས་གཅོད་པའི་མཆེའ་བ་ནི་རྣོ་ལ་དཀར་བའོ། །གསུང་ལ་བསྟོད་པ་བསྟན། ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་འདིར། །ཧཱུྃ་ལ་གསུང་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར། ཧཱུྃ་གིས་མགོའ་དྲངས་པའོ། །དཔལ་ཁྲག་འཐུང་གི་གསུང་རྔམ་པའི་ང་རོ་ནི། དཔེར་ན་ནམ་མཁའ་ལ་འབྲུག་སྟོང་དུས་གཅིག་ལ་འདིར་བ་ལྟ་བུའོ། །དེ་ཡང་ཞལ་གསུམ་ནས། གཡས་ཆོས་སྐུ་སྐྱེ་མྱེད་དོན་གྱི་གསུང་གིས་སེམས་ཅན་བདེའ་བ་ལ་འགོད་པ་དང་། གཡོན་ལོངས་སྐུ་གསུང་བྲག་ཆ་ལྟ་བུར་ཟིལ་གྱིས་མནོན་པ་དང་། དབུས་སྤྲུལ་སྐུའི་གསུང་གང་ལ་གང་འདུལ་དུ་མཛད་པའི་ཚུལ་ཡིན་ནོ། །བསྟུག་ཆོམ་རི་རབ་འབུམ་སྙིལ་སྐད། །ལྷ་གཤེགས་པའི་སྟུག་ཆེམ་ནི། ལྡིར་བ་དང་། སྤྲུལ་པ་འགྱེད་པའི་སྟུག་ཆེམ་ནི་རིང་བ་དང་། འཕྲིན་ལས་མཛད་པའི་སྟུག་ཆེམ་ནི་དྲག་པའོ། །དེ་དག་ནི་དཔེར་ན་རི་རབ་འབུམ་དུས་གཅིག་ལ་ཉིལ་བའི་སྒྲ་སྐད་དང་འདྲ་བའོ། །ཨ་ཨ་ཧ་ལའི་གད་རྒྱངས་ཆེ། །རྔམ་པའི་གད་མོ་ཨ་ལ་ལའོ། །སྟུམ་པའི་གད་མོ་ཧ་ལའོ། །དགྱེས་པའི་གད་མོ་ཧ་ཧ་ཞེས་གད་རྒྱངས་ཆེན་པོ་སྒྲོག་པའོ། །དབྱུགས་པའི་མཐོར་རླུང་གཡེང་བ་ཆེ་ཧོ། འཁོར་སྡུད་པའི་བཤུགས་པ་ནི་སྙན་པ་དང་། གདུག་པ་འདུལ་བའི་བཤུགས་པ་ནི་དྲག་པ་དང་། བྱིན་འབེབས་པའི་བཤུཊ་པ་མཚེར་ལ་རིང་བ་སྟེ། བཤུགས་པ་དེ་དག་ལ་རླུང་ནག་བྱུང་བས། འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་གཡེང་བར་བྱེད་པའོ། །ཐུགས་བསྟོད་པ་ནི། ཧཱུྃ་ཁྲོ་བོའི་ཤེས་རབ་འོད་པོ་ཆེ། །མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་དོན་རྟོགས་པ། ཐབས་ལ་མཁས་པའི་ཤེས་རབ་ཀྱིས་སྤྲུལ་པ་སྣ་ཚོགས་སུ་འགྱེད་པ་དང་། རིགས་སུ་འབྱེད་པའི་ཤེས་རབ་ཀྱིས་ཚད་མ་བཀའ་གཞུང་གསུངས་པ་དང་། དེས་ན་ཤེས་རབ་ཆེན་པོ་སྟོང་པ་ཉིད་ཀྱི་ཁྲོ་བོ་སྟེ། ལྟ་ངན་འཇོམས་པའོ། །དེ་ལ་ཅིས་ཀྱང་མ་སྒྲིབས་པས་ན་འོད་ཆེན་པོའོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་རྫོགས། །གཞིའ་ཡེ་ཤེས་རྣམ་ཤེས་ཚོགས་བརྒྱད་དང་། ལམ་གྱི་ཡེ་ཤེས་ཡེ་ཤེས་རྣམ་པ་ལྔ་དང་། འབྲས་བུའི་ཡེ་ཤེས་ཆོས་ཀྱི་སྐུའོ། །དེ་དག་ནི་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྟེ། མ་སྒྲིབས་པར་འོད་གསལ་བའོ། །དེ་ཡང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ཉིད་ཕྱི་ནང་མྱེད་པར་གསལ་བ་ཡིན་ནོ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཁྲོ་བོའི་ཡེ་ཤེས་ནི་སྲེག་པའི་མེ་ལྟར་འབར་བ་སྟེ་ཡེ་ཤེས་མེས་ལས་དང་ཉོན་མོངས་པ་ཀུན་འཇོམས། ཅིར་སྣང་ཐུགས་ཡེ་ཤེས་སུ་འབར་རོ། །ཡེ་ཤེས་དག་གིས་བགེགས་ཐམས་ཅད་བུད་ཤིང་དང་འདྲ་བར་འཇོམས་པའོ། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་ན་ཡེ་ཤེས་སོ། །དེ་ལ་དབྱེར་མྱེད་པས་ན་ཐིག་ལེའོ། །དེ་ཡང་སྣ་ཚོགས་སུ་སྣང་བ་ཉིད་རང་འབྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་རང་སྣང་བའི་ཐུགས་རྗེ་སྟེ། དེ་ལ་དགྱེས་པའོ། །ཡོན་ཏན་ལ་བསྟོད་པ། ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཡེ་ཤེས་ཆེན་པོའི་སྐུ་རྔམ་པའི་ཕྱིར། ཁྲོ་བོ་གཞན་ལ་དབང་སྒྱུར་བ་སྟེ། བདུད་དང་མུ་སྟེགས་ལ་སོགས་པ་ཁྲོ་བོ་དེ་ལས་རྒྱལ་བའོ། །དེ་དག་གི་ཡོན་ཏན་འབྱུང་བའི་ཕྱིར་སྤྲིན་ཆེན་པོའོ། །དེ་ཡང་སྤྲིན་ཆེན་པོ་ལས་ཆར་འབབ་པ་ལྟར། འཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དེ་དག་ཡང་ཐུགས་རྗེའི་དབང་གིས་འཁྲོས་པའི་དུས་ན། ཁྲོ་བོའི་ཚོགས་ནམ་མཁའ་གང་བར་ཆར་དུ་འབེབས་པར་བྱེད་དོ། །ཇི་ལྟར་ན། འཁྲོས་པའི་སྤྲུལ་པ་ནི་ཁྲོ་བོ་སྟེ། དེ་ནི་སྤྲུལ་པའི་དཀྱིལ་འཁོར་ཏེ། ཆར་ཆེན་པོ་ལྟ་བུ་འབེབས་པར་བྱེད་དོ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཁྲོ་བོའི་དཀྱིལ་འཁོར་སྤྲུལ་པ་དང་བཅས་པའོ། །ཇི་ལྟར་འདོད་པ་བཞིན་འབྱུང་བ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་སྟེ། སྤྲིན་ལྟ་བུར་སྣང་བའོ། །སྣ་ཚོགས་འཁྲོས་པའི་ཐིག་ལེ་ཆེ་ཧོ། །ཡོན་ཏན་སྣ་ཚོགས་མངའ་བའི་ཁྲོ་བོ་ཐམས་ཅད་ཀྱང་། དོན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་གཅིག་གོ། །དཀྱིལ་འཁོར་མང་པོ་དེར་གཅིག་པས་ན་ཐིག་ལེའོ། །དེ་ལྟ་བུའི་དོན་ཡང་དག་པ་དེ་ལ་རབ་ཏུ་དགྱེས་པས་ན་ཧོ་ཞེས་སོ། །འཕྲིན་ལས་ལ་བསྟོད་པ། ཧཱུྃ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ནི་རུ་ཏྲ་སྟེ། དེའི་ཡང་བདུད་དུ་གྱུར་པ་ནི། དཔལ་ཆེན་པོའོ། །ཇི་ལྟར་ན། རུ་ཏྲས་སེམས་ཅན་ཐམས་ཅད་གསད་པས་ན་སེམས་ཅན་གྱི་བདུད་དོ། །དེ་དཔལ་ཆེན་པོས་བཏུལ་ཏེ་ལུས་གདན་དུ་བྱས་པས་ན་བདུད་ཆེན་པོའོ། །བདུད་ཀྱི་བདུད་ཏེ་བདུད་རྣམས་འཇོམས། །བདུད་ནི་རུ་ཏྲ་ལ། དེའི་བདུད་ནི་ཧེ་རུ་ཀའོ། །བདུད་རྣམས་ནི་རུ་ཏྲ་འཁོར་བཅས་སོ། །འཇོམས་པ་ནི་བདུད་དེ་དག་སྒྲལ་ནས་ཤ་ཁྲག་གསོལ། སེམས་འོག་མིན་དུ་གནས་སྤར་ནས། བདུད་ཀྱི་ཚོགས་ཐམས་ཅད་རབ་ཏུ་འཕམ་པར་བྱས་ནས་བཅོམ་པའོ། །འཇིགས་པའི་ཚོགས་ཀྱང་འཇིགས་པར་བྱེད། །འཇིགས་པའི་ཚོགས་ནི་རུ་ཏྲ་འཁོར་བཅས་སོ། །དེ་དག་ཀྱང་འཇིགས་པར་བྱེད་པ་ནི་ཧེ་རུ་སྟེ། ཇི་ལྟར་ན། རུ་ཏྲ་རྣམས་ཀྱི་མགོའ་དང་ཡན་ལག་མང་པོ་དང་། དུར་ཁྲོད་ཀྱི་རྒྱན་མང་པོ་རྟོགས་ནས་འཇིགས་འཇིགས་འདྲ་བ་ལ། དེ་དཔལ་ཆེན་པོའི་སྐུའི་ཆ་ལུགས་ཀྱིས་བྲེད་ཅིང་རྔངས་ནས་འཇིགས་པར་བྱེད་པ་ཡིན་ནོ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །དེ་ལྟར་འཇིགས་བྱེད་ཆེན་པོའི་སྐུར་བསྟན་ཀྱང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པའོ། །དེ་ལྟ་བུ་དེ་ཆོས་ཉིད་ཀྱི་དོན་ལས་མ་གཡོས་པར་འཇིགས་འཇིགས་འདྲ་བར་འབྱུང་བ་ལ། དེ་དག་ཐམས་ཅད་རང་འབྱུང་གི་ཡེ་ཤེས་སུ་འདུག་པས་ན་ཐིག་ལེ་ཆེན་པོའོ། །དོན་ལ་ཅི་ཡང་མྱེད་པས་དེ་ལ་དགྱེས་པ་ཧོ་ཞེའོ། །སྤྱིར་བསྟོད་པའོ། །ཧཱུྃ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །ཧཱུྃ་ནི་འབྱུང་བ་བཞི་སྟེ་བདག་ཉིད་དེ། དེ་ཡང་འབྱུང་བ་བཞི་པོ་གནས་སུ་དག་པས་ཡུམ་བཞི། ཡུམ་བཞི་པོ་ཡང་ཆོས་ཉིད་སྐྱེ་འཇིག་དང་བྲལ་བས་དོན་ཆོས་ཉིད་སྐྱེ་འཇིག་དང་བྲལ་བས་དོན་ཆོས་ཉིད་ཀྱི་ངང་དུ་ཐིམ་མོ། །དེའི་ཕྱིར་ཧཱུྃ་གིས་འགོ་དྲངས་པ་ཡིན་ནོ། །རྡོ་རྗེ་ཆུ་བོ་བསྡུད་ཆེན་པོ། །དེ་ལྟར་ཡིན་ཡང་ཐུགས་རྗེ་ཆེན་པོའི་གླན་གྱིས། སེམས་ཅན་ཐམས་ཅད་སེམས་ཀྱི་བག་ཆགས་འཁྲུ་བས་ན་ཡེ་ཤེས་ཆེན་པོའི་ཆུ་ཡིན་ནོ། །རྡོ་རྗེ་མེ་ཏོག་ཀུན་འབར་ཆེ། །ཡེ་ཤེས་ཆེན་པོ་མེ་དང་འདྲ་བ་ཡིས་ཉོན་མོངས་པ་སྲེག་པར་མཛད་པ་དང་། དེ་ཡང་འཁོར་བ་མ་སྟོངས་ཀྱི་བར་དུ་ཡེ་ཤེས་ཀྱི་མེ་འབར་བའོ། །རྡོ་རྗེ་རླུང་སྟེ་མཐོར་རླུང་ཆེ་ཧོ། །གདུལ་བྱ་རྣམས་འཁོར་བའི་གནས་ནས། མྱ་ངན་ལས་འདས་པའི་དབྱིངས་སུ། ཐུགས་རྗེ་ཆེན་པོས་སྤྱོད་པ་མཛད་པ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྡོ་རྗེའི་རླུང་གིས་འཐོར་ནས། མྱ་ངན་ལས་འདས་པའི་ས་ལ་འདོད་པའོ། །དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་གཞན་གང་གི་ཡང་འོག་ཏུ་མ་གྱུར་བས་ན་ཆེན་པོའོ། །དེ་བཞིན་གཤེགས་པའི་སྤྲུལ་པ་རླུང་གིས་སེམས་ཅན་གྱི་དོན་བྱེད་པས་ན་དེ་ལ་དགྱེས་པས་ཧོ་ཞེས་པའོ། ༈ །བསྟོད་པ་འདི་ལ་གསུམ་སྟེ། བསྐལ་པའི་འཕྲིན་ལས་ལ་བསྟོད་པ་དང་། འབྱུང་བ་དག་བྱེད་ལ་བསྟོད་པ་དང་། མཚན་ཉིད་ཡོན་ཏན་ལ་བསྟོད་པའོ། །དང་པོ་ནི། བསྐལ་པ་མེ་བདུན་ཆུ་གཅིག་གིས་འཇིག་པ་དེ། སངས་རྒྱས་ཀྱི་འཕྲིན་ལས་ཡིན་ཏེ། ཇི་ལྟར་ན། སེམས་ཅན་གྱི་ལས་ངན་པ་རྒྱུན་བཅད་ནས། གནས་ངན་པ་ལས་སྒྲོལ་བའོ། །ཇི་ལྟར་སྒྲོལ་ན། སྲ་བ་རྟེན་པའི་བསྐལ་པར་ཐམས་ཅད་གནས། །ཞི་གནས་ཆུའི་བ སྐལ་པས་ཐམས་ཅད་འཁྲུས། །ལྷག་འཐོང་མེའི་བསྐལ་པས་ཐམས་ཅད་སྲེགས། །ཡེ་ཤེས་རླུང་གི་སྐལ་པས་ཐམས་ཅད་འཐོར། །ཤེས་རབ་ནམ་ཀའི་བསྐལ་པས་རྒས་རྒུད་སྟོངས། །ཞེས་མདོའི་དགོངས་པ་འདུས་པ་ལས་གསུངས་སོ། །རྒྱུད་གཞན་ལས་ཡང་གསུངས་སོ། །གཉིས་པ་ནི། འབུ་ཏ་ཧེ་རུ་ཀའི་ཐུགས་ཡེ་ཤེས་ནི་འབྱུང་བ་པ་ཡིན། དེས་པ་ཐ་མལ་པ་འཇོམས་པས་འབུ་ཏ་ཀྲོ་ཏིའི་མཁའ་ཀློང་རྣམ་པར་དག་པའོ། །དེ་ལྟར་རད་ན་ཆུ། པད་མ་མེ། ཀར་མ་རླུང་ངོ་། །གསུམ་པ་ནི། དེ་ཡང་དཔལ་ཁྲག་འཐུང་ལ་རྡོ་རྗེ་ལྟ་བུའི་སྐུ་མངའ་བས། མཚན་ཉིད་སྐྱེ་འཇིག་ལས་འདས་པའོ། །དེ་ཁོ་ན་དཔེར་ན་བྲག་དང་འདྲ་སྟེ་སྲ་བའོ། །ཡོ་བྱད་ཕུན་སུམ་ཚོགས་པ་བསྟན། ཡན་ལག་མ་ཉམས་ཡོ་བྱད་ལྡན། །རྩ་བའི་དམ་ཚིག་དྲུག་ལ། བྱང་ཆུབ་སེམས་རྣམ་པ་གཉིས། སློབ་དཔོན་དྲུག །མཆེད་བཞི། སྔགས་གསུམ། ཕྱག་རྒྱ་བཞི། གསང་བ་བཅུ། ཡན་ལག་གི་དམ་ཚིག་ལྔ་ནི། སྤྱད་པར་བྱ་བ་དང་། མི་སྤང་བ་དང་། དང་དུ་བླང་བ་དང་། ཤེས་པར་བྱ་བ་དང་། སྒྲུབ་པར་བྱ་བ་མ་ཉམས་པའོ། །ཡོ་བྱད་ལྔ་ནི། བྲོ་གར་འདུ་འཕྲོའི་ཡོ་བྱད་དང་། བཟའ་དང་སྟུང་བའི་དང་། གླུ་ཚིག་སྒྲའི་ཡོ་བྱད་དང་། རྒྱན་དང་བགོའ་བའི་དང་། ཨ་ལི་ཀ་ལིའི་ཡོ་བྱད་ལྔ་སྟེ་ལྡན་པའོ། །ཡང་ན་སྔགས་ཀྱི་ཡན་ལག་ལྔ་སྟེ། རྩ་བའི་ལྷ་དང་། ཐབས་ཀྱི་ལྷ་དང་། ཤེས་རབ་ཀྱི་ལྷ་དང་། བསམ་གྱིས་མི་ཁྱབ་པའི་ལྷ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །སྟོན་པ་ཕུན་པ། ཆོ་ག་རྫོགས་པར་ཤེས་པ་ཡིས། །ཆོ་ག་ལྔ་ནི། དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཆོ་ག་དང་། ཀུན་ཏུ་སྣང་སྒྱུ་མ་སྙིང་རྗེའི་ཆོ་ག་དང་། རྒྱུའི་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་ཆོ་ག་དང་། ཕྱག་རྒྱ་གཅིག་པ་ལྷ་འགེར་ཉན་པའི་ཆོ་ག་དང་། ཕྱག་རྒྱ་སྤྲོས་པ་རྣལ་འབྱོར་རྩལ་སྦྱོང་བའི་ཆོ་ག་རྣམས་ཡོངས་སུ་རྫོགས་པར་ཤེས་པ་ཡིས། འཁོར་ཕུན་པ། རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས། །རྣལ་འབྱོར་པ་ནི། སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་། རྡོ་རྗེ་རྒྱལ་ཐེབ་ཡབ་ཡུམ་དང་། ལས་ཀྱི་ཀར་མ་ཡབ་ཡུམ་དང་། རྡོ་རྗེ་བྱ་རོག་ཡབ་ཡུམ་དང་། རྡུལ་ཕྱགས་སྐྱེ་བོའོ། །དེ་རྣམས་འཚོགས་ནས་སྒྲུབ་པའི་དཀྱིལ་འཁོར་ནི། ཚོམ་བུ་མང་ཉུང་ལྷ་གྲངས་དང་མི་གྲངས་སུ་སྦྱར་ནས། དཔའ་བོ་དང་དཔའ་མོར་བསྟུན་ནས་སྒྲུབས་པ་ཡིས། དུས་ཕུན་པ། ངེས་པར་ལེགས་པའི་དགོངས་པ་འགྲུབ། །དེ་ནི་དྲང་དོན་མ་ཡིན་ཏེ་ངེས་པའི་དོན་ཡིན་པས། ངེས་པར་ཐེ་ཚོམ་མྱེད་པར་འགྲུབ་བོ། །གང་འགྲུབ་ན། མྱ་ངན་ལས་འདས་པ་འབུ་ཏའི་དངོས་གྲུབ་ལེགས་པར་འགྲུབ། སངས་རྒྱས་ཀྱི་དགོངས་པ་གང་ཡིན་པ་དེ་འགྲུབ། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱང་ལེགས་པར་འགྲུབ་པར་འགྱུར་རོ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་། །དེ་ཡང་འགྲུབ་པ་དེ་རང་གང་ཞེ་ན། ཁྲོ་བོ་ནི་ཁྲག་འཐུང་རྒྱལ་བ་རིགས་རྣམ་པ་ལྔའོ། །ཁྲོ་མོ་ནི་ཡུམ་ལྔའོ། །ཚོགས་ཆེན་ནི། ཡབ་ཡུམ་བཅུ་པོ་དེ་ཡོན་ཏན་གྱི་ཚོགས་མང་པོ་དང་ལྡན་པས། འཁོར་ཡེ་ཤེས་དང་ལས་ལས་གྲུབ་པ་མང་པོ་ཡོད་པའོ། །དེའི་ཡང་འཁོར་གང་ཞེ་ན། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཕོ་ཉ་ནི་ཀོའུ་རི་མ་བརྒྱད་དེ། བཅོལ་བའི་ལས་རྣམས་བྱེད་པའོ། །ཕྱག་བརྙན་ནི་སིང་ང་མ་བརྒྱད་དེ། མངག་པའི་ལས་ལ་མགྱོགས་པའོ། །བཀའ་ཉན་ནི་སྒོ་མ་བཞི་སྟེ། འགུགས་འདྲེན་གྱི་ལས་ལ་མཁས་པའོ། །ཚོགས་ནི་རང་རང་གི་སྤྲུལ་པ་རྣམས་སོ། །ཅི་བགྱིའ་ལ་སོགས་ཚོགས་རྣམས་ཀྱིས། །ཅི་བགྱི་ནི་དབང་ཕྱུག་མ་སྟེ། རྗེ་དཔལ་ཆེན་པོའི་ཡིན་པའི་ཕྱིར་ན། མ་བཅོལ་ཡང་ལས་ཅི་བགྱི་ཟེར་ནས་འོང་བའོ། །སོགས་ནི། དབང་མོ་ཉི་ཤུ་རྩ་བརྒྱད་པའོ། །ཚོགས་རྣམས་ནི། ཡང་སྤྲུལ་དང་བ ཅས་པ་རྣམས་སོ། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །དེ་རྣམས་ཀྱི་རྣལ་འབྱོར་པའི་དངོས་གྲུབ་རབ་འབྲིང་གསུམ་དང་། ལས་རྣམ་པ་བཞི་པོ་རྣམས། མ་ལུས་པར་འགྲུབ་པར་བྱེད། ཐུན་མོང་གི་འབྲས་བུ་རིག་འཛིན་བཞིན་སྒྲོད་པར་བྱེད། མཆོག་གི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀུན། །རང་གི་སྙིང་ཀར་བསྡུས་ནས་ནི། །ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བཟླས་པ་རྫོགས་པ་དེ་ནས། དམ་ཚིག་གི་དཀྱིལ་འཁོར་ཀུན་བསྡུ་བ་ནི། བདག་གི་ཐུགས་ཀ་ནས་ཡི་གེ་ཧཱུྃ་ལས་འོད་ཟེར་འཕྲོས་པས། ལྷ་དང་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས། འོད་དེ་ཡང་གཞལ་ཡས་ཁང་གི་འོད་ལྷའི་འོད་ལ་འདུས། ལྷ་རྣམས་ཀྱི་འོད་རིམས་ཀྱིས་བདག་ལ་འདུས། བདག་ཀྱང་འོད་དུ་ཞུ་ནས་མྱི་དམྱིགས་པར་གྱུར་ཏེ། མ་བསྡུས་ན་དངོས་གྲུབ་གཡེལ་བར་འགྱུར་བས་བསྡུའ་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་དུ་གསལ་བར་བྱའོ། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་པས། །འདུས་པ་དེ་དག་ཅི་བདེར་སྤྱད་། །དང་པོ་ཡང་ཧཱུྃ་ལས་བྱུང་བས། ཐ་མ་ཡང་ཧཱུྃ་ལ་སྡུད་པའོ། །དེ་ལྟར་མྱི་དམྱིགས་དེའི་ངང་ལས། སྐད་ཅིག་གིས་ལྷའི་སྐུར་སྐྱེད་ལ། ཀཾ་ལས་རྡོ་རྗེའི་གོ་ཁྲབ་ཀྱིས་ལུས་ལ་རྡོ་རྗེའི་གོ་བགོའ། ཧཾ་ལས་རྡོ་རྗེའི་རྒྱུན་ཐག་གིས་སྡམ། ཨ་ལས་རིན་པོ་ཆེ་དང་། ཧཱུྃ་ལས་རྡོ་རྗེའི་ཐག་པ་གཉིས་མཛུབ་མོ་ལ་གསལ་ལ་བཅིང་ངོ་། །རད་ན་མ་མེ་ཨ་བི་ཤིན་ཙ་ཞེས་པས་རིན་པོ་ཆེའི་འཕྲེང་བས་བཅིང་། པ་ཏ་ལམ་ཞེས་པས་དར་དཔྱངས་དཀར་པོ་གཡས་སུ་འཕུར་བར་བསམ་མོ། །ཨ་བི་ཤི་ན་ཙ་ལམ་ཞེས་པས་དར་དཔྱངས་དམར་པོ་གཡོན་དུ་འཕུར་བར་བསམ་མོ། །དེ་ནས་དཀྱིལ་འཁོར་བསྡུས་ནས་ཀྱང་། །དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས། ཡེ་ཤེས་ཀྱི་དཀྱིལ་འཁོར་འོག་མིན་དུ་གཤེགས་པ་དེ་ནས། སྤྱོད་ལམ་བྱ་བར་བསྟན་པ་དེ་ཡང་། རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །བློ་རྣལ་མ་ལ་རིག་པ་ལྷའི་སྐུར་འབྱོར་བས། རྣལ་འབྱོར། སྐུ་གསུང་ཐུགས་ཀྱི་བདག་ཉིད་སངས་རྒྱས་དང་སྐལ་བ་མཉམ་པར་ཆེན་པོ། དེ་ཡིས་ཇི་ལྟར་ཞེ་ན། བོར་ནས་བཞག་པ་ལྟ་བུ་ནི་མ་ཡིན་ཏེ། སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །འགྲོ་བ་དང་། ཉལ་བ་དང་། འདུག་པ་དང་། ཟ་བའི་དུས་ཀུན་ཏུ་ཡང་། ལྷའི་ཏིང་ངེ་འཛིན་ལས་མ་ཉམས་པར། རང་ཉིད་ཡི་དམ་ལྷའི་ཏིང་ངེ་འཛིན་དུ་རྟག་ཏུ་བསྒོམ་མོ། །ཇི་ལྟར་ན། འགྲོ་ན་རྐང་པའི་མཐིལ་དུ་རྡོ་རྗེ་སྒོམས་ནས་འགྲོ་དེས་སེམས་ཅན་རྡོག་པའི་འགྲོ་ལ་ཤི་བོ་གནས་ངན་པར་མི་སྐྱེ། ཉལ་ན་ཨ་ཞེས་སྟོང་ཉིད་དུ་ཉལ། རྨི་ལམ་སྒྱུ་མ་ཙམ་ལ་སེམས་འཛིན། དེས་སྣང་བ་རྨི་ལམ་ཙམ་དུ་ཤེས། འདུག་ན་ཕྱི་སྣོད་གཞལ་ཡས་ཁང་ལ། ནང་བཅུད་ལྷའི་སྐུར་འདུག །དེས་རྟོག་པ་གནས་འགྱུར་བ་དག་པར་བྱེད། ཟ་ན་ཡོ་བྱད་ཚོགས་སུ་རོལ་ཏེ། ཟས་ཀྱི་རྣལ་འབྱོར་བྱ། དེ་རྣམས་གང་བྱེད་ཀྱང་ལྷ་སྒོམ་དགོས་པས་ན། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ་ཞེས་གསུངས་པ་ཡིན་ནོ། །ཕུང་པོ་ལྔ་ཉིད་ཁྲོ་རྒྱལ་གཙོའ། །ཞེས་པ་གཟུགས་ཀྱི་ཕུང་པོ་༼རྣམ་སྣང་༽འབུ་ཏ་ཧེ་རུ་ཀའོ། །རྣམ་པར་ཤེས་པའི་ཕུང་པོ་༼རྡོ་རྗེ་སེམས་དཔའ་༽བཛྲ་ཧེ་རུ་ཀའོ། །ཚོར་བའི་ཕུང་པོ་༼རིན་འབྱུང་༽ རད་ན་ཧེ་རུ་ཀའོ། །འདུ་ཤེས་ཀྱི་ཕུང་པོ་༼སྣང་བ་མཐའ་ཡས་༽པད་མ་ཧེ་རུ་ཀའོ། །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་ཉིད་ཀར་མ་ཧེ་རུ་ཀར་ཡིན་ནོ། །ཆེན་པོ་ལྔ་ཉིད་དབང་ཕྱུག་ཡུམ། །ཞེས་པ་འབྱུང་བ་ལྔ་ནི་ཡུམ་སྟེ། བཛྲ་ཀྲོ་ཏ་ཤྭ་རི་མ་སྟེ། རྣམ་པར་ཤེས་པའི་རང་བཞིན་གྱི་སྤྱད་བྱ་སྟེ་ཡུམ་མོ། །འབྱུང་བ་ནམ་མཁའ་ནི་ཡུམ་འབུ་ཏ་ཀྲོ་ཏི་སྟེ་ནམ་མཁའི་རང་བཞིན་ནོ། །ཆུ་ནི་རད་ན་ཀྲོ་ཏི་སྟེ་ཚོར་བའི་ཡུམ་མོ། །འདུ་ཤེས་མོའི་ཡུམ་པད་མ་ཀྲོ་ཏིའོ། །འདུ་བྱེད་རླུང་གི་རང་བཞིན་གྱིས་སྤྱད་བྱའི་ཡུལ་དུ་གྱུར་པས་ན། ཡུམ་ཀར་མ་ཀྲོ་ཏི་ཤྭ་རི་མའོ། །དེ་བས་ན་ཕུང་པོ་ལྔ་ཡབ། འབྱུང་བ་ལྔ་ཡུམ་གྱི་རང་བཞིན་ནོ། །སྐྱེ་མཆེད་གནས་ཀྱི་མ་བརྒྱད་ཁམས་ཡུལ་གྱི་འཕྲ་མེན་རེ་རེ་ལ་གཉིས་གཉིས་རྩིས་པ་རྣམས་མང་པོ་ཀུན། །སངས་རྒྱས་ཀྱི་ཐུགས་རྗེ་རྔམ་པའི་འཁྲོས་པའི་དཀྱིལ་བཛྲ་ལ་འཁོར་ལ་ཚོགས་མང་པོ། །མྱིག་གི་རྣམ་ཤེས་ཀྭོའུ་རི། རྣ་བའི་རྣམ་ཤེས་ཙོའུ་རི། སྣ་བའི་རྣམ་ཤེས་པྲ་མོ་ཧ། ལྕེའི་རྣམ་ཤེས་པེ་ཏ་ལི། མིག་གི་དབང་པོ་པུ་ཀ་སི། རྣ་བའི་དབང་པོ་ཀ་རྨ་ཧྲི། སྣའི་དབང་པོ་སྨན་ཤ་ནི། ལྕེའི་དབང་པོ་ཙན་དྷ་ལིའོ། །དེ་བས་ན་རྣམ་པ་བཞི་དང་། དབང་པོ་བཞི་ནི་རང་རང་གི་གནས་ལ་སྤྱོད་པས་ན། གནས་ཀྱི་མ་མོ་བརྒྱད་དོ། །དེ་རྣམས་ལ་སྐྱེ་མཆེད་བརྒྱད་ཞེས་བྱའོ། །ཁམས་ནི། མྱིག་གི་གཟུགས་ཀྱི་ཁམས་ཏེ། སིང་ང་མ། རྣ་བའི་ཡུལ་སྒྲའི་ཁམས་ཏེ་བྱང་ཏྲི་མ། སྣའི་ཡུལ་དྲིའི་ཁམས་ཏེ་ཀྲི་ལ་མ། ལྕེའི་ཡུལ་རོའི་ཁམས་ཏེ་ཤོ་ན་མ། མྱིག་གི་དབང་དབང་པོ་སྤྱད་བྱ་འདས་པ་སྟེ་ཀྲི་ཏ་མ། རྣའི་ད་ལྟ་སྟེ་ཀང་ཀ་མ། སྣ་མ་བྱོན་པ་སྟེ་ཁ་ཁ་མ། ལྕེ་འབྱུང་བར་མ་ངེས་པ་སྟེ་ཧུ་ལུ་མ། ལུས་ཀྱི་དབང་པོ་བཞི་ནི། སྒོ་མ་བཞི་ཡིན་ནོ། །རྒྱུ་ཅིག་པར་རྟོགས་པ་དང་། རྒྱུ་ཅིག་པ་དང་དེ་ཡང་སངས་རྒྱས་དང་སེམས་ཅན་རིགས་པར་རྒྱུ་ཅིག་ཡིག་འབྲུའི་ཚུལ། །ཡིག་འབྲུའི་ཚུལ་དུ་རྟོགས་པ་དང་། རྒྱུ་དེ་ཡི་གེ་ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་མཚོན་ཚུལ་ལོ། །བྱིན་གྱིས་རླབས་ཀྱིས་རྟོགས་པ་དང་། བྱིན་གྱིས་རླབས་དང་ཡི་གེ་གསུམ་གྱིས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་རླབས་མངོན་སུམ་པ། །མངོན་སུམ་པར་རྟོགས་པ་དང་། ཐེ་ཚོམ་མེད་པར་མངོན་པར་བྱས་པའོ། །རབ་ཏུ་རྟོགས་དང་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །འདིར་རིག་འཛིན་བསྡུའོ། །དེ་ལྟར་དུ་རྒྱུ་གཅིག་པ་དེ་ཏིང་དང་། ཡིག་འབྲུ་རྒྱུ་ཏིང་དང་། བྱིན་གྱིས་རླབས་ཀུན་ཏིང་དང་། མངོན་སུམ་པ་ལྷའི་སྐུར་རྟོགས་ནས། དེ་ལ་རབ་ཏུ་གོམས་པར་རྟོགས་ན། ཆོས་ཐམས་ཅད་རང་རིག་ཏུ་མངོན་པར་རྫོགས་པ་སངས་རྒྱས་དེ། འཁོར་བ་ལས་རྒྱལ་བ་ནི། དུས་ཐམས་ཅད་དུ་མངོན་པར་རྫོགས་པ་སངས་རྒྱས་སོ། ༈ །རྟོགས་པ་རྣམ་པ་བཞི་ལ་དོན་བཞི་སྟེ། ལྟ་བ་དང་སྦྱར་བའི་རྟོགས་པ་བཞི་དང་། སྐྱེད་རིམས་དང་སྦྱར་བ་དང་། རྫོགས་རིམས་དང་སྦྱར་བ་དང་། གྲུབ་མཐའ་དང་སྦྱར་བའོ། །ལྟ་བ་དང་སྦྱར་བའི་རྟོགས་པ་བཞི་ལ་རེ་རེ་ལ་དོན་གསུམ་གསུམ་སྟེ། དེ་ལ་རྒྱུ་ཅིག་པར་རྟོགས་པའི་གཞལ་བྱ་ནི། འཁོར་འདས་ཀྱི་ཞེན་སྣང་ལ་འཇོལ་བའོ། །བཞི་ཀ་མཐུན་ནོ། །གོ་བའམ་རྟོགས་པ་གང་སྐྱེ་བ་ནི། འཁོར་འདས་སེམས་ཉིད་དུ་རྒྱུ་ཅིག་པར་རྟོགས་པའོ། །ཞེན་པ་གང་གྲོལ་བ་ནི། འཁོར་འདས་ཐ་དད་དུ་ཞེན་པ་གྲོལ་པའོ། །ཡིག་འབྲུའི་ཚུལ་དུ་རྟོགས་པའི་གོ་བའམ་རྟོགས་པ་གང་སྐྱེད་པ་ནི། ཡི་གེ་འབྲུ་གསུམ་གྱི་སྒོ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །ཞེན་པ་ནི། འབྲས་བུ་གཞན་ནས་ཐོབ་བམ་མཉམ་ནས་གཞན་ནས་ཚོལ་བའི་ཞེན་པ་གྲོལ་ལོ། །བྱིན་གྱིས་རླབས་ཀྱིས་རྟོགས་པའི་རྟོགས་པ་གང་སྐྱེ་བ་ནི། རྒྱུ་གཅིག་པ་དང་། ཡིག་འབྲུའི་ཚུལ་གྱིས། སྐུ་གསུང་ཐུགས་སུ་རྟོགས་པའི་མཐུའ་ངོ་ཤེས་ནས་བརྟན་པར་རྟོགས་པའོ། །ཞེན་པ་མི་བརྟན་པའི་ཞེན་པ་ལས་གྲོལ་ནས་བརྟན་པའོ། །མངོན་སུམ་པར་རྟོགས་པ་ནི། མཐུའ་ངོ་ཤེས་མི་རྟན་པ་རྟན་པར་རྟོགས་པ། དེ་སྒྲ་ཙམ་མ་ཡིན་པར་བློ་གཏིང་དུ་གོ་བའོ། །ཞེན་པ་གང་གྲོལ་བ་ནི། སྒྲ་ཇི་བཞིན་དུ་འཛིན་པའི་ཞེན་པ་ལས་གྲོལ་ལོ། །བསྐྱེད་རིམ་དང་སྦྱར་ན། རྒྱུ་གཅིག་པར་རྟོགས་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །བྱིན་གྱིས་བརླབས་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ། །ཡིག་འབྲུའི་ཚུལ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །མངོན་སུམ་པར་རྟོགས་པ་ནི་ལྷའི་སྐུ་བསྐྱེད་པའོ། །ལྷ་གསལ་བ་ལ་རབ་ཏུ་རྟོགས་པ་ཞེས་བཞེད་དོ། །རྫོགས་རིམས་དང་སྦྱར་ན། རྒྱུ་ཅིག་པ་ནི། སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་ན། ཐམས་ཅད་བྱང་སེམས་ཀླད་པར་རྒྱུ་ཅིག་པའོ། །ཡིག་འབྲུ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། གསུང་དབྱངས་ཡན་ལག་དྲུག་ཅུ་འབྱུང་བ་ཡི་གེ་ཨ་ལི་བཅུ་དྲུག་གོ། །བྱིན་གྱིས་རླབ་པ་ནི། རང་རིག་པ་བདེའ་གཤེགས་ཀྱི་ཐུགས་སུ་བྱིན་གྱིས་བརླབ་པ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་གནས་སོ། །མངོན་སུམ་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་མེ་རླུང་གཡོས་ནས་བྱང་སེམས་ཕབ་པའི་དུས་ན། བདེའ་བ་མངོན་སུམ་དུ་འཆར་བའོ། །གྲུབ་མཐའ་དང་སྦྱར་ན། རེ་རེ་ལ་ཡང་ཆོས་བཞི་བཞི་སྟེ། གཞལ་བྱ་དང་། གཏན་ཚིགས་དང་། འཇལ་ཚུལ་དང་། གྲུབ་མཐའོ། །དེ་ལ་རྒྱུ་གཅིག་པའི་གཞལ་བྱ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་ཕྱི་ནང་གི་དངོས་པོ་འདིའོ། །གཏན་ཚིགས་ནི། རྒྱུ་སྐྱེ་བ་མྱེད་པའི་ཕྱིར། སྟོང་པར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི། བློ་ཆེ་ན་ཅིག་ཆར་དུ་རྟོགས། ཆུང་ན་རིམས་ཀྱིས་གཞལ་ནས་རྟོགས་སོ། །གྲུབ་མཐའ་ནི་དོན་སྐྱེ་མྱེད་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱི་གཞལ་བྱ་ནི། གོང་གི་དོན་དམ་དེ་རང་ངོ་། །གཏན་ཚིགས་ནི། ཡི་གེ་ཨ་ཨོ་ཨཾ་ནི་ལ་སོགས་རྣམས་ཀྱིས། སྒྱུ་མར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི། ཀུན་རྫོབ་སྒྱུ་མ་བློ་ཆེ་ཆུང་གི་རིམ་པ་དང་ཅིག་ཆར་དུ་རྟོགས་པའོ། །གྲུབ་མཐའ་ཀུན་རྫོབ་དོན་དམ་དུ་རྟོགས་ཏེ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏོ། །བྱིན་གྱིས་རླབས་ཀྱི་གཞལ་བྱ་ནི། གོང་གི་དོན་དམ་དང་ཀུན་རྫོབ་གཉིས་པོ་རང་ངོ་། །གཏན་ཚིགས་ནི། བདེན་པ་གཉིས་དབྱེར་མྱེད་དུ་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི། བདེན་པ་དབྱེར་མྱེད་རྟོགས་ཚབ་ཆེ་ཆུང་དུ་འདུག་པའོ། །གྲུབ་པའི་མཐའ་ནི། བདེན་པ་དབྱེར་མྱེད་དུ་རྟོགས་པ་དེ་རང་ངོ་། །མངོན་སུམ་པར་རྟོགས་པའི་གཞལ་བྱ་ནི། གོང་གི་བདེན་པ་དབྱེར་མྱེད་དེ་རང་ངོ་། །གཏན་ཚིགས་ནི་བར་སྣང་སྟོང་པ་ལྟ་བུ། སྣང་ལ་རང་བཞིན་མྱེད་པའོ། །འཇལ་ཚུལ་ནི། ཀུན་ལ་ཡུལ་དུ་མི་འབྱེད་པ་དེ་ལ་བློ་ཆེ་ཆུང་དུ་འདུག་པའོ། །གྲུབ་མཐའ་ནི། དབྱེར་མྱེད་སྤྱོད་ཡུལ་དང་བྲལ་བའོ། །དེ་ལྟར་ཡོད་པ་ལས་འདིར་ནི། བསྐྱེད་རིམས་ལ་དགོངས་པ་གཙོའ་ཆེ་སྟེ། བསྐྱེད་རྫོགས་གཉིས་པོ་རྟོགས་པར་བྱེད་པ་ལ་དེ་མ་ཡིན་པ་རྣམས་ཀྱང་དགོས་པའོ། །དེ་རྣམས་ལ་ནི་རབ་ཏུ་རྟོགས་པ་རྣམ་པ་བཞི་ཞེས་བྱའོ། །ཕྱོགས་བཅུ་དུས་བཞིར་རྫོགས་པའི། །ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་མངོན་པར་རྫོགས་པར་སངས་རྒྱས་པའི་འབྲས་བུ་ཐོབ་སྟེ། དེའི་ངོ་བོའམ་ཡོན་ཏན་གང་ཞེ་ན། འདི་རྣམས་ཡིན་ཏེ། སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །སྐུ་ལྔ་ནི། ཆོས་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། རྡོ་རྗེའི་སྐུའོ། གསུང་ལྔ་ནི། སྐྱེ་མྱེད་དོན་གྱི་གསུང་དང་། རིག་པ་རང་སྣང་གི་གསུང་དང་། དགོངས་པ་བརྡའི་གསུང་དང་། སྣ་ཚོགས་ཚིག་གི་གསུང་དང་། གྲག་སྟོང་དབྱེར་མྱེད་ཀྱི་གསུང་ངོ་། །ཡོན་ཏན་ལྔ་ནི། གཞལ་ཡས་ཁང་དང་། ཞིང་ཁམས་དང་། རྒྱན་དང་། འོད་ཟེར་དང་། གདན་ཁྲིའོ། །འཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྲུབ་བོ། །ཐུགས་ལྔ་ནི། ཆོས་ཀྱི་དབྱིངས་མི་རྟོག་པའི་ཐུགས་དང་། མེ་ལོང་ལྟ་བུ་ས་ལེར་མཁྱེན་པ་དང་། མཉམ་པ་ཉིད་མ་གཡོས་པ་དང་། སོ་སོར་རྟོག་པ་མ་འགགས་པ་དང་། བྱ་བ་གྲུབ་པ་འགྲོ་བ་སྒྲོལ་བའི་ཐུགས་སོ། །དེ་རྣམས་དབྱེར་མྱེད་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །མ་ལུས་བདག་ཉིད་ཞལ་མཐོང་བས། །སྣང་སྲིད་མ་ལུས་པར་རྣམ་པར་དག་པའི་སྐུ་ནི་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ལ། དེའི་ཞལ་བདག་གིས་མཐོང་བ་ནི། འབྲས་བུ་དེ་ཉིད་ཐོབ་པའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རང་བཞིན་གནས་པས་གཞན་ནས་འོངས་པ་མྱེད། ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། ཞེས་སོ། །དབང་སྐུར་མཆོག་ཉིད་དམ་པ་ཡིན། །ཞལ་མཐོང་བ་དེ་ལ་ཉེས་པ། སྒྲིབ་པར་གྱུར་པས་སྒྲིབ་པ་ཡིན་ཏེ། སྒྲིབ་པ་དེ་ཞལ་མཐོང་ནས། དབང་སྐུར་བས་སྒྲིབ་པ་དག་སྟེ། སངས་རྒྱས་ཀྱི་དགོངས་པའི་དམ་པ་དེ་ཡིན་ནོ། ༈ །འདིར་ནི་འབྲས་བུའི་ཐོབ་ལུགས་རྣམ་པ་གཉིས་ཏེ། ཐུན་མོང་དུ་རིག་འཛིན་ཐོབ་པ་དང་། ཁྱད་པར་དུ་སྐུ་ལྔ་ལྷུན་གྲུབ་ཐོབ་པའོ། །དེ་ལ་རིག་འཛིན་ལ་བཞི་སྟེ། རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་པའི་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྲུབ་པའོ། །དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ལ་གཉིས་ཏེ། རྒྱུས་བསྡུས་པའི་རྣམ་སྨིན་དང་། འབྲས་བུས་བསྡུས་པ་ལས། འདི་འབྲས་བུས་བསྡུས་པའོ། །དེའི་ངོ་བོ་ནི། ནང་ཡིད་ཀྱི་ལྷའི་སྐུ་གཟུགས་གཟུང་ནས། ཕྱི་ལུས་ཀྱི་དྲ་བས་སྒྲིབས་པས་ཏེ། དཔེར་ན་སྐོར་ཕོར་འདག་པ་ལྟ་བུས་སྟེ། འདག་པ་ནང་ན་ཚ་ཚའི་གཟུགས་སུ་གནས་ཡང་། ཕྱིའི་སྐོར་ཕོར་གྱིས་སྒྲིབ་པའོ། །རང་ཡིད་ཀྱི་རྣམ་པ་ལྷའི་སྐུར་སྨིན་པས་ན་རྣམ་སྨིན་ནོ། །ཚེ་ལ་དབང་བ་ལ་བཞི་སྟེ། བདུད་རྩི་སྨན་ལས་གྲུབ་པའི་ཚེ་དབང་དང་། སྒྲོན་མ་རླུང་ལས་གྲུབ་པའི་ཚེ་དབང་དང་། ཐབས་ལམ་རྩ་རླུང་ཐིག་ལེ་ལས་གྲུབ་པའི་ཚེ་དབང་དང་། གྲོལ་ལམ་བསྐྱེད་རྫོགས་ལས་གྲུབ་པའི་ཚེ་དབང་ལས། འདི་ཕྱི་མའོ། །དེའི་ངོ་བོ་ནི། མི་དང་ལྷའི་ཆ་བྱད་དུ་གནས་ནས། ལོ་སྟོང་ལྔ་བརྒྱ་ཐུབ། གཞན་དོན་དུ་གནས་ན། ལོ་བརྒྱ་བརྒྱ་ན་མར་ལ་མནུར་ནས་བྱིས་པ་ལོ་བརྒྱད་ལོན་པ་ལྟར་ཡོང་ངོ་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་བཞི་སྟེ། ཀྲི་ཡའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཨུ་པ་ཡའི་དང་། ཡོ་གའི་དང་། མ་ཧཱ་ཡོ་གའི་འོ། །འདི་མ་ཧཱའོ། །དེའི་ངོ་བོ་ནི། རང་གིས་རང་སྒོམས་པའི་ལྷའི་སྐུ་དེའི་ལུས་སུ་གནས་ནས། བདག་གཞན་གྱི་དོན་བྱེད་པའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གསུམ་སྟེ། བྱ་བའི་ལྷུན་གྲུབ་དང་། རྣལ་འབྱོར་གྱི་ལྷུན་གྲུབ་དང་། མ་ཧཱའི་ལྷུན་གྲུབ་བོ། །འདི་མ་ཧཱའོ། །དེའི་ངོ་བོ་ནི། ལུས་སྐུ་ལྔའི་ངོ་བོ་གནས། ཕྱོགས་བཅུར་འགྲོ་དོན་གྱི་སྤྲུལ་པ་སྤྲོ་བར་གནས་པའོ། །ཁྱད་པར་སྐུ་ལྔ་ལྷུན་གྲུབ་ལ་སྦྱོར་བ་ནི། ཕྱོགས་བཅུ་དུས་བཞི་ཞེས་པ་ལ་སོགས་པའོ། །བསྒྲུབ་པའི་ཐབས་འདི་བསྡུས་པ་ཡིས། །ཁྲོ་བོ་སྒྲུབ་པའི་ཐབས་འདི། རྒྱུད་གསང་བ་སྙིང་པོ་ལས་བསྡུས་པ་ཡིན་ནོ། །བསོད་ནམས་བདག་གིས་གང་ཐོབ་པ། །འདི་ཙམས་པའི་བསོད་ནམས་སངས་རྒྱས་གསང་བ་བདག་གིས་གང་ཐོབ་པ་དེ། དགེ་བར་བསྔོ་སྟེ་གང་ཞེ་ན། དཔལ་ཆེན་ཀུན་བཟང་སྐུ་གསུང་ཐུགས། །བཅོམ་ལྡན་འདས་དཔལ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡང་དག་པ་དེ། སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །ཁམས་ག སུམ་གྱི་སེམས་ཅན་ཐམས་ཅད་ཀུན་གྱིས་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་གདབ་བོ། །དེ་ཁོ་ན་ཉིད་དོན་དམ་པ་སྟེ། སྐུ་ལྔ་ལྷུན་གྲུབ་ཉིད་དཔལ་ཧེ་རུ་ཀའི་དོན་ཡིན་པའོ། །སྣང་བ་དེ་ཁོ་ན་གདུལ་བྱ་ལམ་པའི་དོན་དུ་སྐུར་སྣང་བའོ། །དམ་པ་སྣང་བ་དེ་ཁོ་ན་མི་སླུ་ངེས་པས་དོན་དམ་པ་ཡིན་ངེས་པའོ། །རྒྱན། །དེ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱན་དུ་གྱུར་པ་སྟེ། སྒོམས་ན་ལེགས་པར་འབྱུང་ཞིང་མཛེས་པས་ན་རྒྱན་ནོ། །སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྫོགས་ས྄ཧོ།྅྅྅ །རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བྲན་ཀ་མུ་རི་ཏ་དང་། བྷ་མན་འཛུ་ཤྲི་ཝར་མས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །དགེའོ།། །།


previousདེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་མཆན་ཊིག་ཅན། next