Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་ལྔ་པ།


   
   
   
   
   
   
དམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང། ཡེ་ཤེས་རྒྱལ་མཚན།
   
   
   


 
previousདམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང། ཡེ་ཤེས་རྒྱལ་མཚན།next

དམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང། ཡེ་ཤེས་རྒྱལ་མཚན།

ས མ ཡ བ ཛྲ དཱི པྲ ཤྩི ཏྲཾ བྲྀ ཏྟཾ ཤུ དྡྷཱི ཀཱ ཤཱ ད ཪྴཾ ནཱ མ བི ཧ ར ཏི སྨ། །
དམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྡྷི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གནས་ལུགས་ཆོས་དབྱིངས་ནམ་མཁའ་ཡངས་པ་ལ། །མཁྱེན་བརྩེ་ཡེ་ཤེས་འོད་དཀར་དྲྭ་བ་ཅན། །མཛད་པའི་འཕྲིན་ལས་བསིལ་ཟེར་ཀུན་འཕྲོ་བ། །ཀུན་མཁྱེན་ཀུ་མུད་གཉེན་ལ་མི་ཕྱེད་འདུད། །རྒྱ་གར་ཆུ་བཞིའི་མཁས་མཆོག་རྡོར་འཛིན་དེས། །གསང་སྔགས་རྨད་བྱུང་ཐེག་མཆོག་ཁོང་ཆུད་དོན། །ཅི་བཞིན་མ་ནོར་བསྲུང་བྱའི་དོན་སྟོན་པ། །སྒེག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྒེག་པའི་དགོངས་པ་དངུལ་དཀར་མེ་ལོང་ལ། །སུམ་བརྒྱ་དྲུག་ཅུའི་གཟུགས་བརྙན་གསལ་བ་ནི། །གང་ཟག་ལོག་རྟོག་གཡའ་ཡིས་གཡོགས་པ་ལ། །བདག་གིས་ཚད་མ་གསུམ་གྱིས་གསལ་བར་ཕྱེ། །དེ་ཉིད་ཀྱིས་མཛད་པའི་དམ་ཚིག་རྡོ་རྗེ་གསལ་བཀྲ་འདི་ལ་སྤྱི་དོན་གསུམ་སྟེ། འཆད་ཉན་ཇི་ལྟར་བྱ་བའི་ཚུལ་དང་། གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག །འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་དང་གསུམ། དང་པོ་ལ་གཉིས་ཏེ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་དང་། ཉན་པ་པོ་སློབ་མའི་མཚན་ཉིད་དོ། །དང་པོ་སློབ་དཔོན་དེའི་མཚན་ཉིད། དེས་ཆོས་བཤད་ཚུལ། བཤད་པའི་ཕན་ཡོན་དང་གསུམ། གཉིས་པ་ཉན་པ་པོ་སློབ་མའི་མཚན་ཉིད། དེས་ཆོས་ཉན་ཚུལ་དང་། ཆོས་ཉན་པའི་ཕན་ཡོན་དང་གསུམ། དེ་རྣམས་ནི་ཞིབ་པར་ཐེག་པ་སྤྱིའི་བཅིང་གི་ཁོག་དབུབ་ནང་དུ་གཟིགས་མཛོད། གཉིས་པ་གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གང་ཟག་འཇུག་ངོར་ཤེས་པར་བྱ་བའི་ཕྱིར། དམ་པའི་ཆོས་ངོས་བཟུང་བ་དང་། དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར། བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་གསུམ་དུ་གནས་པ་ལ། དང་པོ་དམ་པའི་ཆོས་ངོས་བཟུང་བ་ལ་འདས་ཆོས་དང་། འཁོར་ཆོས་གཉིས། འདས་ཆོས་ལ་ཡང་། རྟོགས་ཆོས་དང་། ལུང་ཆོས་གཉིས། ལུང་ཆོས་ལ་ཡང་། སྡེ་སྣོད་དང་། རྒྱུད་སྡེ་གཉིས། རྒྱུད་སྡེ་ལ་ཡང་། ཕྱི་ནང་གཉིས། ནང་པ་ལ་ཡང་གསུམ་ཡོད་པའི་འདིར་མ་ཧཱ་ཡོ་ག །དེ་ལ་བདེ་བར་གཤེགས་པའི་ཞལ་ནས་གསུངས་པའི་རྒྱུད། དེ་ལ་བརྟེན་པའི་མན་ངག་གཉིས་ལས་འདི་མན་ངག །དེ་ལ་རྒྱུད་ཀྱི་དོན་མངོན་པར་རྟོགས་པའི་མན་ངག་དང་། བསླབ་ཅིང་ཉམས་སུ་བྱང་བའི་མན་ངག་གཉིས་ལས་འདི་བསླབ་ཅིང་ཉམས་སུ་བླང་བའི་མན་ངག །དེ་ལ་རྒྱུད་དོན་དངོས་པོ་བཅུ་ཡོད་པ་ལས། འདི་ནི་བསྲུང་བྱ་དམ་ཚིག་ཆོས་སོ། །གཉིས་པ་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་ལ། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད། བསྟན་བཅོས་མན་ངག་ཐམས་ཅད་རྩིས་འགོ་ལྔས་འཆད་པ་ལས། འདི་མན་ངག་ཡིན་པས་རྩིས་འགོ་ལྔས་འཆད་པར་བྱ་སྟེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོས་ཀླད་ནས་གཞོམ། །ཞེས་གསུངས་པས། ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལ་བཏགས་པ་དང་། བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་དགོས་ཆེད་གང་གི་དོན་དུ་མཛད་པ་དང་། ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དབུ་ཞབས་སུ་དོན་དུ་བསྟན་པ་དང་ལྔ་ལས། དང་པོ་ནི། སྤྱིར་བསྟན་བཅོས་བརྩམ་པའི་ཚད་ལ། རབ་ཆོས་ཉིད་ཀྱི་བདེན་པའི་དོན་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ། ཐ་མ་བཀའི་དགོངས་དོན་ཁྲོལ་ཞིང་ཐེག་པའི་ཤན་འབྱེད་ཅིང་ལ་ཟློས་པ་ཚིག་དོན་ལ་མཁས་ཤིང་བྱེ་བྲག་ཕྱེད་པ་ཞིག་གིས་བརྩམ་དགོས་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་གསུངས་པས། གཞུང་འདི་ཉིད་རྩོམ་པའི་སློབ་དཔོན་སྒེག་རྡོར་ནི། བལ་པོ་སྒེག་རྡོར་དང་། རྒྱ་གར་སྒེག་རྡོར་གཉིས་ལས། འདི་རྒྱ་གར་བ། དེ་ཡང་ཐོག་མཐར་བར་གསུམ་ཡོད་པ་ལ། འདི་དང་པོའི་སྒེག་རྡོར་ཡིན་ལ། གོང་གི་བརྩམ་ཚད་རབ་འབྲིང་ཐ་མ་གསུམ་ཀ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། གཞུང་འདི་ཉིད་ལས། རྒྱུད་གསུམ་ཞེས་པ། གཏོར་རྒྱུད་ཀྱིས་ཁོག་ཕུབ། གསང་སྙིང་གིས་གཞུང་བསྲང་། ས་མ་བཀོད་པས་རྒྱས་པར་བཤད་པའི་དོན་རྣམས་འདིར་བསྟུས་ཤིང་ཕྱོགས་མ་ཧཱ་ཡོ་གར་གཏོགས། གསུམ་པ་ནི། སྤྱིར་མཚན་གྱི་འདོགས་ལུགས་ལ། ཡུལ་ལ་བཏགས་པ་དང་། ཞུ་བ་པོ་ལ། དཔེ་ལ། རྣམ་གྲངས་ལ། དོན་ལ་བཏགས་པ་དང་ལྔ་ལས། འདིར་ནི་དམ་ཚིག་རྡོ་རྗེ་གསལ་བཀྲ་ཞེས་པས་དོན་རང་གི་ངོ་བོ་ལ་འདོགས་པ་སྟེ། མཚན་དོན་གྱི་བཤད་ལུགས་མང་ཡང་། འདིར་ཕྱོགས་གཅིག་ཉེ་བར་མཚོན་ན། མི་འདའ་བས་དམ་ཚིག །གང་ལས་མི་འདའ་ན། སྣང་སྟོང་དབྱེར་མེད་མཚོན་པའི་རྡོ་རྗེ་དེ་ཉིད་འདའ་ཉམས་མེད་པར་སྲུང་བའི་ཐབས་རྣམས་རྒྱུད་ཀྱི་ནང་ནས་འཐོར་བ། གཞུང་འདིར་རྩ་བ་དང་ཡན་ལག་གི་སྲུང་བྱ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་གསལ་ཞིང་བཀྲ་བར་བྱེད་པའོ། །བཞི་པ་ནི་འདི་ཉིད་ལས། ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། །ཞེས་པས། གསང་སྔགས་མ་ཧཱ་ཡོ་གའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་བྱ་བའི་མཛད་པའོ། །ལྔ་པ་ནི། ཀླད་དོན་དང་། གཞུང་དོན་དང་། ཞབས་དོན་དང་གསུམ་དུ་གནས་པ་ལ། གཞུང་དོན་ལའང་། ངོ་བོ་རྣམ་གྲངས་སྲུང་ཐབས་དང་། །ཉམས་རྒྱུ་སྔ་རྟགས་སྐྱོན་ཡོན་གཉིས། །སྐོང་ཐབས་དཔེ་དང་མདོར་བཅུར་བཤད། །ཅེས་གསུངས་གཞུང་དོན་རྒྱས་པར་བཤད་དོ། །དེས་སྤྱི་དོན་གྱིས་ཁོག་དབུབ་པ་བསྡུས་པ་ཙམ་ཞིང་སོང་ནས། གཞུང་དོན་ས་བཅད་པ་དང་། ཚིག་དོན་གྱི་འབྲུ་གཉེར་བ་གཉིས་ནི་བཤད་བྱ་གཞུང་དོན་དང་འབྲེལ་བ་ཡིན་ནོ། །སྤྱིར་བཤད་བྱ་རང་ལ་ཡང་། འདུལ་བ་གླེང་བཞིས་བཤད་མདོ་སྡེ་དཔེ་ཡིས་བཤད། མངོན་པ་རྩིས་ཀྱིས་བཤད། གསང་སྔགས་རྟགས་ཀྱིས་བཤད། ལྟ་བ་གལ་འགག་གིས་བཤད། འཕྲིན་ལས་ཆོག་འགྲིག་གིས་བཤད། དམ་ཚིག་རྣམ་གྲངས་ཀྱིས་བཤད། དེ་ལའང་དགོས་བསྡུས་ཚིག་གསུམ་བརྒལ་ལན་མཚམས་སྦྱོར་ལྔས་འཆད་དགོས་ཏེ། དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བ ཅས་དང་བརྒལ་ལན་བཅས། །མཚམས་སྦྱོར་བསྙད་དེ་བཤད་པར་བྱ། །ཞེས་གསུངས་པས། གཞུང་གང་བཤད་ནའང་། དགོས་ཆེད་ཀྱི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། བརྒལ་ལེན་གྱི་དོན་དང་། མཚམས་སྦྱོར་གྱི་དོན་དང་ལྔའི་སྒོ་ནས་འཆད་པར་བྱའོ། ༈ །སྤྱི་དོན་གསུམ་པ་བཤད་བྱ་གཞུང་གི་དོན་དངོས་ལ་གསུམ་སྟེ། ཀླད་དོན་དང་། གཞུང་དོན། ཞབས་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ལ་གཉིས་ཡོད་པའི་དང་པོ་ཕྱག་འཚལ་བ་ནི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་ལྔ། གང་གིས་ན་སློབ་དཔོན་སྒེག་པའི་རྡོ་རྗེས། རྗེས་འཇུག་འཆད་ཉན་པ་རྣམས་ཀྱིས། གང་ལ་ན་རྡོ་རྗེ་འཛིན་པ་ལ། དེ་ཡང་དཔེ་དོན་རྟགས་གསུམ་གྱིས་འཆད་དེ། དཔེར་ན་རིན་པོ་ཆེ་རྡོ་རྗེ་ཕ་ལམ་གྱིས་ཕར་ལ་རིན་པོ་ཆེ་གཞན་རྣམས་འཇོམས་ཚུར་ལ་མི་ཚུགས་པ་བཞིན་དུ། དོན་རྡོ་རྗེ་ཆོས་ཉིད་ཀྱིས་ཀྱང་ཕར་ལ་དངོས་པོ་མཚན་མ་ཐམས་ཅད་འཇོམས་ཤིང་ཚུར་ལ་མི་ཚུགས་པ་དེ་ལ་ལྔ་སྟེ་རྡོ་རྗེ་སེམས་དཔའ་རང་བཞིན་ཆོས་ཉིད་འདུས་མ་བྱས་པའི་རྡོ་རྗེ། ངོ་བོ་དབྱིངས་ཡེ་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེ། མཚན་ཉིད་ནི་རྒྱུ་རྐྱེན་དང་བྲལ་ཞིང་གཉེན་པོས་མི་ཤིགས་པས་སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ། ཡོན་ཏན་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་གཞན་དུ་བཙལ་བ་མེད་པའི་རྡོ་རྗེ། འཕྲིན་ལས་ཀྱིས་རང་ལས་གཞན་དུ་འཛིན་པའི་རྟོག་པ་ཐམས་ཅད་འཇོམས་པའི་རྡོ་རྗེའོ། །དེ་ལྟར་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་པའི་བརྡ་རྡོ་རྗེ་རྩེ་གཅིག །དེ་ལ་ཇི་ལྟ་ཇི་སྙེད་དབྱེར་མེད་ཀྱི་ཡེ་ཤེས་གསུམ་དང་ལྡན་པའི་རྟགས་སུ་རྡོ་རྗེ་རྩེ་གསུམ། དེའང་བྱེད་ལས་ཀྱི་ཆ་ལས་ཡེ་ཤེས་ལྔར་སྣང་བའི་རྟགས་སུ་རྡོ་རྗེ་རྩེ་ལྔ། དེ་ལྟར་ཡེ་ཤེས་དགུ་པོ་ལྷུན་གྱིས་གྲུབ་པ་མཚོན་པའི་རྟགས་སུ་རྡོ་རྗེ་རྩེ་དགུ་བསྟན་པའི་དོན་དེ་ཉིད་རྒྱུན་དུ་མི་གཏོང་བས་ན་འཛིན་པ་དེ་ལ་ཕྱག་འཚལ་བའོ། །དུས་ནམ་འཚལ་ན། སྔོན་བྱུང་དུ་སློབ་དཔོན་སྒེག་རྡོར་གྱིས། བསྟན་བཅོས་འདི་ཉིད་བརྩམ་པའི་ཐོག་མར་འཚལ། རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་ཉན་བཤད་བྱེད་པའི་ཐོག་མར་འཚལ། ཚུལ་ཇི་ལྟར་དུ་འཚལ་ན། མི་ཕྱེད་འདྲེས་པ། སྒྲུབ་པ་ཐབས། སྤྱོད་པ་ཡ་རབས་དང་གསུམ་ལས། དང་པོ་ནི་རྡོ་རྗེ་སེམས་དཔའི་དགོངས་པ་དང་། སློབ་དཔོན་སྒེག་རྡོར་གྱི་དགོངས་པ་གཉིས་ཤར་ནུབ་ཀྱི་ནམ་མཁའ་ལྟར་དབྱེར་མེད་ཀྱི་ངང་དུ་རྟོགས་པ་ནི་མི་ཕྱེད་འདྲེས་པའི་ཕྱག་ཅེས་བྱའོ། །གཞུང་འདི་ཉིད་ཀྱི་དོན་རྣམས་བདེ་བླག་ཏུ་རྟོགས་ཤིང་ཉམས་སུ་ལེན་པ་མཐར་ཕྱིན་པ་ནི་སྒྲུབ་པ་ཐབས་སོ། །སྤྱོད་པ་ཡ་རབས་ཀྱི་ཕྱག་ནི། ལུས་གུས་པ་དང་བཅས་ནས་སྨད་ལྔ་ས་ལ་གཏུགས། ངག་དྭང་བ་དད་པས་བསྟོད་པ་དང་དབྱངས་སུ་བཅས། ཡིད་ཏིང་ངེ་འཛིན་གྱི་སྒོ་ནས་ཕྱག་འཚལ་བའོ། །དགོས་ཆེད་ཅིའི་ཕྱིར་འཚལ་ན། སྔོན་བྱུང་དུ་སྒེག་རྡོར་གྱིས་བསྟན་བཅོས་བརྩམ་པའི་ཐོག་མར་སྟོན་པ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པས། སྒྲིབ་པ་བྱང་། ཚོགས་རྫོགས། བར་ཆད་རྒྱུད་ནས་དག་སྟེ། བརྩམ་པ་མཐར་ཕྱིན་པའི་དགོས་པ་དང་། གཞུང་མཛེས་པའི་དགོས་པ་རྣམས་ཡོད་དོ། །གཉིས་པ་བཤད་པར་དམ་བཅའ་བ་ལ་གཉིས་ཡོད་པའི་དང་པོ་དམ་བཅའ་དངོས་ནི། དེ་ལྟར་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས་དཔའ་ལ་མཆོད་བརྗོད་བྱས་ནས་ཅི་བྱེད་ན། བཤད་པར་བྱ། གང་བཤད་ན། དམ་ཚིག་ཆེན་པོ། གང་གི་དོན་དང་བཤད་ན། ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། འོ་ན་རང་བཟོ་མ་ཡིན་ནམ་ཞེ་ན། རྒྱུད་གསུམ་བལྡབ་པར་མི་འགྱུར་རམ་ཞེ་ན། རྒྱུད་ནས་འཐོར་བ་རྣམས་མདོར་བསྡུས་ནས་བཤད་པར་བྱ། འོ་ན་ལྷག་ཆད་ཅན་དུ་མ་སོང་ངམ་ཞེ་ན། ངེས་པར་གསལ་བྱེད་ཅེས་པས་ནི་ཁོག་བསྡེབ་སྟེ་བཤད་པའོ། །ཚིག་དོན་རྒྱས་པར་བཤད་པ་ནི། གསང་སྔགས་མ་ཧཱ་ཡོ་གའི་སྒོར་འཇུག་ཅིང་བགྲོད་པས་ལམ་གྱི་རྒྱུད་ལ་ཞུགས་པའི་སྣང་སེམས་དབྱེར་མེད་རྣལ་མ་ལ་བློ་འབྱོར་པའི་གང་ཟག་དུ་མ་རྣམས་ཀྱི་དོན་བྱ་བའི་ཕྱིར། གསང་སྙིང་། གཏོར་རྒྱུད་ས་མ་ཡ་བཀོད་པའི་རྒྱུད་དང་གསུམ་གྱི་དོན་རྣམས་ལུང་རིག་མན་ངག་གསུམ་དང་མི་འགལ་བར་ངེས་པར་གསལ་བར་བྱེད་པའི། མི་འདའ་བས་དམ་ཚིག་གསང་སྔགས་བླ་མེད་ཀྱི་བསྲུང་བྱ་ཡིན་པས་ཆེན་པོ་རྒྱུད་ནས་ཚིག་དོན་འཐོར་བ་རྣམས་གཞུང་འདིར་མདོར་བསྡུས་ཏེ། སློབ་དཔོན་སྒེག་རྡོར་གྱི་ཐུགས་ཀྱིས་དགོངས་པ་ཞལ་དུ་མ་འདྲེས་པར་སངས་རྒྱས་ཀྱིས་ཕྱུང་ནས་བཤད་པར་བྱའོ། །གཉིས་པ་དམ་ཚིག་སྣོད་ཀྱི་བྱེ་བྲག་དང་སྦྱར་བའི་དགོས་པ་ལ་གསུམ་ཡོད་པའི་དང་པོ་གསང་སྔགས་ཀྱི་སྒོར་འཇུག་པའི་རྣལ་འབྱོར་པའི་མཚན་ཉིད་ནི། གསང་སྔགས་མ་ཧཱ་ཡོ་གའི་ལམ་གྱི་རྒྱུད་ལ་ཞུགས་པའི་རྣལ་འབྱོར་བ་ལམ་གྱིས་བསླབ་པ་གསུམ་ལ་གནས་པར་བྱས་ནས་ཉམས་སུ་ལེན་དགོས་ཏེ། ལས་དང་པོ་པས་ཐུན་མོང་པ་དང་སྤྱིའི་བསླབ་པ་ལ་འཇུག་དགོས་ཏེ། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོ་འགྲོ་བའི་ལམ། །ཞེས་པ་དང་། བརྟག་གཉིས་ལས། དང་པོ་གསོ་སྦྱོང་སྡོམ་པ་བླང་། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཅེས་གསུངས་པས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདུལ་བ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་མདོ་སྡེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་མངོན་པ། ལྷག་པའི་དོན་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ལེགས་སྨོན་གྱི་ཚུལ་ཁྲིམས། ངེས་འབྱུང་གི་ཚུལ་ཁྲིམས་དང་གསུམ་དུ་ཡོད་པ་ལས། འདིར་སངས་རྒྱས་བསྟན་པའི་རྨིང་གཞི་ཡིན་པས། ངེས་འབྱུང་གི་ཚུལ་ཁྲིམས་ལ་བསླབ་དགོས། ཏིང་ངེ་འཛིན་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། ལྷག་མཐོང་གི་ཏིང་ངེ་འཛིན་གཉིས་ཡོད་པ་ལས། ལྷག་མཐོང་གི་ཏིང་འཛིན་ལྷག་པའི་བསླབ་པ་ཡིན་ནོ། །ཤེས་རབ་ལ་ཐོས་བསམ་སྒོམ་གསུམ་ཡོད་པ་ལ་སྒོམ་པའི་ཤེས་རབ་ལ་བསླབ་དགོས། ཡང་ཐེག་པའི་སྡོམ་པའི་བསླབ་པ་ནི། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ། གསང་སྔགས་ཀྱི་སྡོམ་པ། གསང་སྔགས་རང་ལའང་ཁྱད་པར་བླ་མེད་རང་གཞུང་གི་ལྟ་སྤྱོད་སྒོམ་གསུམ་གྱི་བསླབ་པ་གསུམ་ལ་བློ་གནས་པར་བྱས་ནས་གོམས་ན། འབྲས་བུ་བདག་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཚེ་འདི་ལ་མངོན་སུམ་དུ་བྱེད་པ་ཡིན་ཡང་། ཡང་ན་དོན་གཉིས་ནི་མཆོག་ཐུན་མོང་གཉིས་སམ། བདག་གཞན་གཉིས་ཀྱི་དོན་ལ་འབྲུ་གནོན་པ་ཡང་འདུག །གཉིས་པ་བྱེ་བྲག་ཏུ་བསྟན་པའི་དགོས་པ་ནི་ནང་པ་སངས་རྒྱས་པའི་རིས་ནང་ཚན་མི་འདྲ་བ་ལ་ལ་ཐེག་ཆུང་གི་གང་ཟག་གིས་ཉོན་མོངས་པ་སྤང་བྱ་མུན་པ་དང་འདྲ་བ་དེ། ཐེག་ཆེན་གྱི་གང་ཟག་གིས་སྤང་བྱ་སྣང་བ་དང་འདྲ་བའི་ཕྱིར། གཏན་ཚིགས་དེ་བས་ན་ཐེག་པ་གཅིག་གིས་གདུལ་བྱའི་བློ་མཐོ་དམན་ཀུན་འདུལ་བར་འཐད་པ་མ་ཡིན་ལ། གདུལ་བྱ་ལ་ལ་སྟེ་བློ་མཐོན་དམན་རང་རང་གིས་ཆ་དང་མཐུན་པར་ཐེག་པ་ཆེ་ཆུང་ཡང་དེ་ལྟར་དུ་སྤྱོད་ཅིང་ཉམས་སུ་ལེན་བཅུག་པས་རང་སའི་འབྲས་བུ་ཟིན་པས་ན་རིགས་ཏེ་འཐད་པའོ། །གསུམ་པ་སྔོན་བྱུང་སངས་རྒྱས་ཀྱིས་ཀྱང་གདུལ་བྱའི་དོན་མཛད་པ་ཡང་རང་རང་གི་བློ་དང་འཚམས་པར་དེ་ལྟར་དུ་བསྟན་པ་ནི། དེ་ལྟར་གདུལ་བློ་བྱའི་ཆེ་ཆུང་གི་སྐབས་ཀྱི་རིམ་པ་མཐོན་དམན་དང་སྦྱར་ནས་ཐེག་པ་དགུ་ལ་སོགས་ལ་ལ་སྤྱོད་བཅུག་པ་ནི། སྔོན་བྱུང་དུ་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་སུའང་དེ་ལྟར་དུ་གསུངས་སོ། ༈ །གཞུང་ལ་གཉིས་ཡོད་པའི་ཐོག་མར་མདོར་བསྟན་ནི། གསང་སྔགས་བླ་མེད་ཀྱི་སྒོར་འཇུག་པའི་གང་ཟག་རྣམས་ཀྱིས་གཉེར་བྱའི་དམ་ཚིག་རྡོ་རྗེ་གསལ་བཀྲ་འདི་ཉིད་གཏེར་རྒྱུད་ཀྱི་ལུང་གིས་ལུས་རྣམ་པར་བཞག་ན་བཅུ་པོ་འདི་རྣམས་ཡིན་ནོ། །དམ་ཚིག་གི་ངོ་བོ་དང་། དམ་ཚིག་གི་རྣམ་གྲངས་དང་། དམ་ཚིག་གི་སྲུང་ཐབས་དང་། དམ་ཚིག་ཉམས་པའི་རྒྱུ་དང་། དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་དང་། དམ་ཚིག་ཉམས་པའི་སྐྱོན་ཚེ་ཕྱི་མ་ལ་འབྱུང་ལུགས་དང་། དམ་ཚིག་མ་ཉམས་པའི་ཡོན་ཏན་དང་གཉིས་སོ། །དམ་ཚིག་ཉམས་ན་སྐོང་བའི་ཐབས་རྣམས་དང་། ལེགས་ཉེས་ཆེ་བའི་དཔེ་མེ་ལོང་བཅུ་གཅིག་གིས་མཚོན་པ་དང་། མདོ་བཞི་བརྗོད་བྱའི་དོན་ལ་བསྡུ་བ་དང་བཅུར་བཤད་པ་ནི་འདི་ལྟ་སྟེ། དེ་ལ་ངོ་བོ་མ་བསྟན་ན་ངོས་མི་ཟིན། རྣམ་གྲངས་མ་བསྟན་ན་དབྱེ་མི་ཤེས། སྲུང་ཐབས་མ་བསྟན་ན་སྲུང་བྱ་ཉམས་སུ་མི་ལོན། ཉམས་རྒྱུ་མ་བསྟན་ན་བསྲུང་མི་ཐུབ། སྔ་རྟགས་མ་བསྟན་ན་ཡིད་མི་ཆེས། སྐྱོན་མ་བསྟན་ན་བསྲུང་བྱ་ལ་མི་འཛེམ། ཡོན་ཏན་མ་བསྟན་ན་དགེ་བ་ལ་བྲོད་པ་མི་སྐྱེ། སྐོང་ཐབས་མ་བསྟན་ན་གསང་སྔགས་ཐབས་མང་ཞེས་བྱ་བ་དང་འགལ། དཔེ་མ་བསྟན་ན་ལེགས་ཉེས་ཀྱི་དོན་མི་རིག །མདོ་བཞི་བརྗོད་བྱའི་དོན་རྣམས་གཅིག་ཏུ་བསྡུ་མི་ཤེས་ན་པྲ་ཡས་སུ་འགྲོ་བས་དེས་ན་བཅུ་བས་ཉུང་ན་མི་ཆོག །མང་ན་ལྷག་པའོ། །གཉིས་པ་གཞུང་རྒྱས་པར་བཤད་པ་ལ་བཅུ་ཡོད་པའི་ཐོག་མར་ངོ་བོ། དེ་ལ་གསུམ་ཡོད་པའི་དང་པོ་རྩ་བ་ནི། དམ་ཚིག་གི་ངོ་བོ་ངོས་བཟུང་ན་རྩ་བའི་དམ་ཚིག་ལ་བྱང་ཆུབ་སེམས་དང་། སྐུ་གསུང་ཐུགས་གསུམ་དང་བཞི་ནི་རྩ་བའོ། །གཉིས་པ་ཡན་ལག་ནི། ཐུན་མོང་མིན་པ་ལ་སྤྱོད་པ་ལྔ། མི་སྤང་བ་ལྔ། དང་དུ་བླང་ལྔ། བསྒྲུབ་བྱ་ལྔ། ཤེས་བྱ་ལྔའོ། །ཐུན་མོང་ལ་བདག་དོན་དང་དོན་གཞན་ཏེ་དེ་ལྟར་ཡན་ལག་གི་དམ་ཚིག་གཉིས་སོ། །གསུམ་པ་རྩ་བའི་རྩ་བ་ནི། རྩ་བ་བཞིའི་ནང་ནས་ཆེན་པོ་ནི་བྱང་ཆུབ་སེམས་ཀྱི་དམ་ཚིག་མདོ་བཞི་དང་འབྲེལ་བ་འདི་ཉིད་བསྲུང་ན་སུམ་བརྒྱ་དྲུག་ཅུའི་བསྲུང་བྱ་ལྷག་མ་རྣམས་མདོར་དེ་ཉིད་ལ་འདུས་ཤིང་སུམ་བརྒྱ་དྲུག་ཅུར་བྱུང་བ་ཡང་དེ་ཉིད་མི་ཉམས་པའི་ཐབས་སུ་འབྲེལ་བའོ། །གཉིས་པ་རྣམ་གྲངས་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་ནི། རྩ་བ་ཡན་ལག་གི་དམ་ཚིག་རྣམ་པའི་གྲངས་དག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས་ཡོད་པའི་ཐོག་མར་སྤྱིར་དམ་ཚིག་གི་རྣམ་གྲངས་ལ་མཐའ་ཡས་ལུགས་ནི། སྤྱིར་རིགས་དྲུག་གི་སེམས་ཅན་གྱི་གྲངས་ལ་མཐའ་ཡས་པ་དང་། སེམས་ཅན་རེ་རེའི་ཤེས་རྒྱུད་ཀྱི་ལོག་རྟོག་གི་རྣམས་གྲངས་ལ་མཐའ་ཡས་ཤིང་གྲངས་མེད་པར་འཕྲོ་བ་ནི། ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཉིད་ཀྱིས་ཀྱང་གངས་ཅན་དུ་བགྲང་བར་མི་མཁྱེན་པའི་ཕྱིར་གཏན་ཚིག་དེ་བས་ན། རྣམ་རྟོག་རེ་རེ་འདུལ་བའི་གཉེན་པོ་དམ་ཚིག་གི་རྣམས་གྲངས་རེ་རེ་གསུངས་དགོས་པ་ལ། རྣམ་རྟོག་ལ་མཐའ་ཡས་ལ་དེའི་གཉེན་པོར་དམ་ཚིག་རྣམ་གྲངས་ཡང་མཐའ་ཡས་པའི་ཕྱིར་རྒྱལ་བ་སངས་རྒྱས་ཉིད་ཀྱིས་ཀྱང་བརྗོད་པ་ལས་འདས་པའོ། །གཉིས་པ་བསྡུ་ན་སུམ་བརྒྱ་དྲུག་ཅུ་ལ་འདུས་པའོ། །དེ་ལ་གཉིས་ཡོད་པའི་ཐོག་མར་གྲངས་འོང་བའི་རྒྱུ་མཚན་ནི། འོན་ཀྱང་སེམས་ཅན་བློ་རྨོངས་པ་རྣམས་ཀྱི་དོན་ལ་དགོངས་ནས་མདོར་བསྡུས་ཙམ་ཞིག་ངོས་བཟུང་ན་འདི་ལྟ་སྟེ། གཉིས་པ་རྣམ་གྲངས་དངོས་ལ་གསུམ་ཡོད་པའི་ཐོག་མར་རྩ་བའི་རྣམ་གྲངས་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་ལ་དོན་དམ་ཀུན་རྫོབ་རྣམ་པ་གཉིས་དང་། སྐུའི་དམ་ཚིག་ལ། སྤྱིའི་སློབ་དཔོན། འདྲེན་པའི་སློབ་དཔོན། དབང་བསྐུར་བའི་སློབ་དཔོན། ཆག་ཉམས་བསྐོང་བའི་སློབ་དཔོན། ཤེས་རྒྱུད་གྲོལ་བའི་སློབ་དཔོན། མན་ངག་ལུང་གི་སློབ་དཔོན་དང་དྲུག །སྤྱིའི་མཆེད། རིང་བའི་མཆེད། ཉེ་བའི་མཆེད། འདྲེས་པའི་མཆེད་དང་བཞི་སྟེ་སྡོམས་པས་བཅུའོ། །གསུང་གི་དམ་ཚིག་ལ། རྒྱུ་མ་ནོར་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བསྐུལ་པ་ལས་ཀྱི་སྔགས་ཏེ་གསུམ་དང། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་སྟེ་བཞི་དང་བསྡོམས་པས་བདུན་ནོ། །ཐུགས་ཀྱི་དམ་ཚིག་ལ། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ་གཉེན་གཏད་པ་གཉིས་དང་གསང་བ་བཅུའོ། །དེ་ལྟར་ཉི་ཤུ་རྩ་དགུ་ནི་རྩ་བའི་དམ་ཚིག་རྣམ་གྲངས་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་གི་གྲངས་ནི། སྤྱད་པ་ལྔ་ལ་ནང་ཚན་དབྱེ་ན། སྦྱོར་བ་ལ་ཉི་ཤུ། སྒྲོལ་བ་ལ་བཅུ་བཞི། མ་བྱིན་པ་ལེན་པ་ལ་བཅུ་བདུན། རྫུན་དུ་སྨྲ་བ་ལ་བཅུ་བདུན། ངག་བརླང་པོ་ལ་བཅོ་ལྔ་དང་། སྤྱིར་བརྒྱད་ཅུ་རྩ་གསུམ་ཡོད། མི་སྤང་བ་ལྔ་ལ། ཡང་དག་པའི་དུག་ལྔ་ལ་ལྟ་སྤྱོད་གཉིས་གཉིས་སུ་ཕྱེ་བས་བཅུ། ལོག་དུས་ལྔ་དང་བཅོ་ལྔ་ཡོད། དང་དུ་བླང་བ་ལ་རྩ་བའི་བདུད་རྩི་ལྔ་དང་། མཐུས་གྲུབ་པ། བྱིན་རླབས་ཀྱིས་གྲུབ་པ། ངོ་བོས་གྲུབ་པ་རེ་རེ་ལ་ལྔ་ལྔ། རང་བཞིན་གྱིས་གྲུབ་པ་ལ་རིག་ལྔ་ཡེ་ཤེས་ལྔ་དང་སུམ་ཅུ་ཡོད། བསྒྲུབ་པར་བྱ་བ་ལའང་དེ་བཞིན་དུ་ལྔ་ལས་དབྱེ་ན་བཞི་ཅུ་ཞེ་ལྔ་ཡོད། ཤེས་པར་བྱ་བ་ལྔ་ལ་བདུན་ཅུ་སྟེ། དེ་རྣམས་ནི་ཡོ་ག་མན་ཆད་དང་ཐུན་མོང་མིན་པར་བཤད་དེ། རྣམ་གྲངས་ཀྱི་ཡན་ལག་རྒྱས་བཤད་ནི་འོག་སྲུང་ཐབས་ཀྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ཐུན་མོང་ཡན་ལག་གི་རྣམས་གྲངས་ནི། ཐུན་མོང་གི་དམ་ཚིག་གི་རྣམ་གྲངས་ལ་མཐའ་ཡས་པ་ཞིག་ཡོད་ཀྱང་། མདོར་བསྡུས་ན་བདག་དོན་དང་གཞན་དོན་གཉིས་པོ་ལ་འདུས་ཏེ། དེ་ལ་བདག་དོན་ཉེར་གཅིག་གཞན་དོན་ཞེ་བཞིའི་རྣམ་གྲངས་རྒྱས་བཤད་ནི་འོག་སྲུང་ཐབས་ཀྱི་སྐབས་སུ་ཤེས་པར་བྱའོ། །གཞན་ཡང་ཉམས་རྒྱུ་ཉི་ཤུ། རང་བཞིན་གཞིའི་མདོ་མིན་པ་མདོ་གསུམ་བརྩིས་པས་སུམ་བརྒྱ་དྲུག་ཅུ་ཡོད་དོ། །གསུམ་པ་སྲུང་ཐབས་ལ་གསུམ་ཡོད་པའི་དང་པོ་མདོར་བསྟན་ནི། དམ་ཚིག་སྲུང་བའི་ཐབས་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། དེ་ལ་ཕ་དམ་པས། བསྲུང་ཞེས་པའི་དོན་ནི་བྲན་མོ་ཆུ་ཁུར་བ་ལྟ་བུ་ཞིག་དགོས། དེའི་གཏན་རྒྱུད་ནི་དཔེར་ན་རྒྱལ་པོ་གཏུམ་ལ་མགུ་དཀའ་བ་ཞིག་གི་འཁོར་ཤིན་ཏུ་དམན་པ་བྲན་མོ་གཅིག་གིས་འབྲི་མར་གྱི་མར་ཁུ་སྐྱོགས་གང་བཟུང་ནས་འདམ་པའི་ཁྲོད་ཅིག་ལ་འགྲོ་སྟེ། རྒྱབ་ན་རལ་གྲི་རྣོན་པོ་ཅན་ཅིག་འགྲོ་ནས། གལ་ཏེ་ཐིགས་པ་གཅིག་བོ་ན་མགོ་བྲེག་པར་བྱེད་ལ། གནས་སུ་སྐྱོལ་ནས་ནི་བྱ་དགའ་ཆེན་པོ་སྦྱིན་ཞེས་པའི་ཕྱི་རོལ་དུ་གླུ་གར་དང་རོལ་མོ་ལ་སོགས་པའི་ལྟས་མོའི་རྣམ་པ་ཅི་ཡོད་ཀྱང་། དེ་ལ་དབང་པོ་མི་ཡེང་ཁོ་རང་གིས་དེ་ལ་བསྒྲིམས་པ་ལྟར་འབང་དང་འདྲ་བའི་རྣལ་འབྱོར་པ་རྣམས་ཀྱིས། རྒྱལ་པོ་དང་འདྲ་བའི་སློབ་དཔོན་གྱིས་ཕོང་བའི་མར་ཁུ་དང་འདྲ་བའི་དམ་ཚིག་ཤིན་ཏུ་བསྲུང་དཀའ་བ་དེ། མགོ་བྲེག་པ་དང་འདྲ་བར་གལ་ཏེ་ཉམས་ན་ངན་སོང་གསུམ་དུ་སྡུག་བསྔལ་ལ། ལེགས་པར་བསྲུང་ཐུབ་ན། བྱ་དགའ་དང་འདྲ་བའི་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས་མངོན་དུ་འབྱིན་པས། ལྟས་མོ་དང་འདྲ་བའི་འཇིག་རྟེན་རྣམ་གཡེང་གི་དབང་དུ་མི་གཏང་བར་རང་གིས་དམ་ཚིག་ལ་ནན་ཏན་དུ་བྱའོ། །གཉིས་པ་སྲུང་ཐབས་རྒྱས་བཤད་ལ་གཉིས་ཡོད་པའི་དང་པོ་རྩ་བའི་དམ་ཚིག །དེ་ལ་ལྔ་ཡོད་པའི་དང་པོ་བྱང་ཆུབ་སེམས་ཀྱི་དམ་ཚིག །དེ་ལ་བཞི་ཡོད་པའི་དང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དམ་ཚིག་ནི། རང་གི་ལུས་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་གདོད་མ་ནས་རྒྱལ་བའི་དལ་བཞི་བཅུ་རྩ་གཉིས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ནོ། །དེ་ཡང་ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་ཤེས་བཞི་ནི་ནང་གི་སེམས་དཔའ་བཞི། དེའི་ཡུལ་བཞི་ཡུམ་བཞི། དབང་པོ་བཞི་ཕྱིའི་སེམས་དཔའ་བཞིའི། དུས་བཞི་དེའི་ཡུམ་བཞི། ལུས་ཀྱི་དབང་པོ་རྣམ་ཤེས་དབང་ཡུལ་གསུམ་འདུས་ཀྱི་རེག་པ་དང་བཞི་ནི་ཁྲོ་བོ་བཞི། རྟག་ཆད་བདག་ལྟ་མཚན་མར་ལྟ་བ་བཞི་ཁྲོ་མོ་བཞི། ཉོན་མོངས་དྲུག་ཐུབ་པ་དྲུག །ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོར་བསྟན་པ་དེ་བཞིན་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་རྒྱལ་བའི་དཀྱིལ་འཁོར་དུ་གནས་པ་དེ་ལྟར་དུ་ཤེས་ཤིང་རྟོགས་པར་བྱའོ། །འོ་ན་དེ་ལྟར་དུ་སྣང་བ་རྣམས་གདོས་བཅས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ནོ། །གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི། རང་ལུས་ཀྱིས་བྱས་པ་མིག་གིས་གཟུགས་མཐོང་བ་ལྕེས་རོ་ཟོས་པ་ལ་སོགས་ཚོགས་དྲུག་གི་སྣང་བ་ཐམས་ཅད་ལ་ཤར་དུས་སེམས་རང་ཡིན་པའི་ཕྱིར་སེམས་དངོས་པོ་གང་དུ་ཡང་མ་གྲུབ་པས་ན་ལུས་ཀྱིས་བྱ་བ་བྱས་པ། མིག་གིས་གཟུགས་སྣང་བ་ལ་སོགས་ཚོགས་དྲུག་གི་སྣང་བ་རང་རྒྱུད་དུ་གྲུབ་པ་མེད་དེ་སྟོང་། སྟོང་བཞིན་དུ་ཤེས་བྱ་སྣ་ཚོགས་ལ་ཤར་བའོ། །དེ་ལྟར་བསྐྱེད་རྫོགས་ཀྱི་དོན་དེ་ཉིད་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་སྔོན་དུ་བཏང་ལ་དུས་གསུམ་རྒྱུན་ཆད་མེད་པར་རང་གིས་རྒྱུད་ལ་འབྱོར་དགོས་པ་ལས། གསུམ་པ་དེ་དག་དང་མི་ལྡན་པའི་ཉེས་དམིགས་ནི། དེ་ལྟར་བསྐྱེད་རྫོགས་ཀྱི་དོན་དེ་ཉིད་དུས་གསུམ་རྒྱུན་དུ་མ་དྲན་ན། ཐེག་པ་མཆོག་གསང་སྔགས་པའི་རྣལ་འབྱོར་པར་ཅི་ཞིག་ཚུད་དེ་མི་ཚུད་དོ། །བཞི་པ་གང་གི་སྲུང་བའི་རྣལ་འབྱོར་པའི་མཚན་ཉིད་ནི། ལྟ་བ་བདེན་གཉིས་དབྱེར་མེད་རྟོགས། སྤྱོད་པ་དེ་དང་ཡ་མི་འབྲལ་བར་ཁྱེར། དམ་ཚིག་དེ་དང་འདའ་ཉམས་མེད་ཅིང་ཏིང་ངེ་འཛིན་འབྲེལ་བའི་རྣལ་འབྱོར་པ་ཞིག་དགོས་སོ། །གཉིས་པ་སྐུའི་དམ་ཚིག་ལ་སྲུང་བའི་ཐབས་ལ་གཉིས་ཡོད་པའི་དང་པོ་སློབ་དཔོན་གྱི་དམ་ཚིག །དེ་ལ་བཞི་ཡོད་པའི་དང་པོ་སྔོན་དུ་བསྲུང་བའི་ཡུལ་གྱི་གྲངས་ནི། ཐུན་མོང་གི་སྐྱབས་སྡོམ་ཞུས་པ་ཡན་ཆད་ནི་སྤྱིའི་སློབ་དཔོན་དང་། དབང་ཞུ་བའི་ནུབ་མོ་རྡོ་རྗེ་སློབ་དཔོན་གྱི་མདུན་ཁྲིད་མི་ནི་འདྲེན་པའི་སློབ་དཔོན་དང་། དམ་ཚིག་དབོག་ཅིང་དབང་བསྐུར་མཁན་ནི་དམ་ཚིག་དབང་གི་སློབ་དཔོན་དང་། གསང་སྔགས་ཀྱི་རྒྱུད་གཞུང་ཞུས་པ་ནི་རང་གི་ཤེས་རྒྱུད་གྲོལ་བར་བྱེད་པའི་སློབ་དཔོན་ཡིན་ལ། བསྐྱེད་རྫོགས་ཀྱི་ཁྲིད་རིམ་ཀྱི་ངོ་སྤྲོད་མཁན་ནི་མན་ངག་ལུང་གི་སློབ་དཔོན་ཡིན་པ་དེ་རྣམས་ལ། གཉིས་པ་བསྲུང་བའི་ཚུལ་མཚོན་པ་དཔེའི་གྲངས་ནི། སྤྱིའི་སློབ་དཔོན་ཡུལ་ལ་དབང་བའི་རྒྱལ་པོའི་བཀའ་འོག་ན་ཆུད་པ་རྣམས་ཀྱིས་དེ་ཉིད་ཁྲིམས་དང་མི་འགལ་བར་བྱེད་དགོས་པས་དེ་ཙམ་དུ་བསྐུར་བ་དང་། འདྲེན་པའི་སློབ་དཔོན་ནི་རྒྱལ་བུ་གདན་ས་ཕ་ཁུ་བོས་བཞག་དགོས་པས་དེ་ཙམ་དུ་བསྐུར་བ་དང་། དམ་ཚིག་དབང་གིས་སློབ་དཔོན་ནི་མས་རང་གི་ལུས་བསྐྱེད་པས་དེ་ཙམ་དུ་བསྐུར་བ་དང་། ཆག་ཉམས་སྐོང་བའི་སློབ་དཔོན་ནི་ཕས་རང་ལ་ཉེས་པ་འོང་ན་བསལ་བས་དེ་ཙམ་དུ་བསྐུར་བ་དང་། ཤེས་རྒྱུད་གྲོལ་བའི་སློབ་དཔོན་ནི་མིག་གིས་མཐོང་བར་བྱེད་པས་དེ་ཙམ་དུ་བསྐུར་བ་དང་། མན་ངག་ལུང་གི་སློབ་དཔོན་ནི་སྙིང་མེད་ན་ལུས་པོ་གཞན་ཡོད་པ་དོན་མེད་པས་དེ་ཙམ་དུ་བསྐུར་དགོས་པ་དེ་བས། སློབ་དཔོན་ནི་རྣམ་མཁྱེན་གྱི་འབྲས་བུ་བསྐྱེད་པའི་ལམ་སྟོན་མཁན་ཡིན་པས་གོང་གི་དཔེ་དེ་རྣམས་པས་ལྷག་པའི་ཚུལ་དུ་ལྟ་སྟེ་བསྐུར་བར་བྱའོ། །གསུམ་པ་སྲུང་ཐབས་ནི། རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་དུ་ཟོལ་ཏེ་རྫུན་དང་། རྒྱུ་ནི་ནུས་པ་ལ་མི་ནུས་པའི་ཚུལ་དུ་བྱེད་པ་དེ་རྣམས་མེད་པར་བསྲུང་བ་ནི། དཔེར་ན་ཡི་དམ་གྱི་ལྷ་རྒྱུན་དུ་བསྒོམ་པ་ལྟར་སློབ་དཔོན་ལ་དད་མོས་རྒྱུན་དུ་བསམ་ཞིང་སྤྱོད་ལམ་ཐམས་ཅད་དུ་ཅི་ལྟར་མཉེས་པ་ལྟར་བྱའོ། །བཞི་པ་ལྷག་མ་སྐུའི་དམ་ཚིག་སྤྱིར་བསྟན་པ་ལ་ཤེས་པར་བྱ་བ་ནི། སྲུང་ཐབས་ཀྱི་རིམ་པ་རྒྱས་བཤད་ནི་འོག་མཆེད་དང་ཐུན་མོང་དུ་འཆད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མཆེད་ཀྱི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་མཆེད་དུ་འབྲེལ་བའི་བྱེ་བྲག །དེ་དག་ལ་ལྔ་ཡོད་པའི་དང་པོ་བྱམས་པ་དང་སྙིང་རྗེའི་ཡུལ་དུ་གྱུར་པ་སྤྱིའི་མཆེད་ནི། ཐེག་པ་ཆེན་པོའི་ལུགས་ཀྱི་ཁམས་གསུམ་ཐམས་ཅད་སྤྱིའི་མཆེད་ཡིན་གསུངས་ཀྱང་། འདིར་གཞུང་རང་དང་གསང་སྔགས་ཀྱི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བསྒྲུབ་ན་འཐད་པར་མཐོང་ངོ་། །དེ་ལ་སྤྱིར་ནམ་མཁའ་ལ་མཐའ་ཡས། དེས་ཁྱབ་པའི་འཇིག་རྟེན་གྱི་ཁམས་ལ་མཐའ་ཡས། དེ་ལ་གནས་པའི་སེམས་ཅན་མཐའ་ཡས་པ་རྣམས་ནི། རང་རིག་པའི་ཡེ་ཤེས་ཀྱི་འཆར་སྒོ་ལས་སྣང་བའི་ཕྱིར། ལམ་རྣལ་འབྱོར་པའི་དུས་སུ། སྣོད་བཅུད་གང་ལྟར་སྣང་ཡང་། བསྐྱེད་རིམ་གྱི་སྒོ་ནས་ལྷའི་སྐུ་གསུང་ཐུགས་ཡིན་པ་དང་། རྫོགས་རིམ་གྱི་སྒོ་ནས་རིག་པ་བདག་ཉིད་ཆེན་པོ། །རང་སྣང་ལས་མ་གཏོགས་པའི་ཡུལ་གཞན་རང་རྒྱུད་དུ་གྲུབ་པ་མིན་པའི་ཕྱིར་སྤུན་ཡིན་པ་དང་། གཞིའི་དུས་སུ་ཁམས་བདེར་གཤེགས་སྙིང་པོར་གཅིག་པའི་སྤུན་ཡིན་པའི་ཕྱིར་དང་། མ་འོང་པ་འབྲས་བུའི་དུས་སུ། གང་ཟག་སྒོས་བཙན་སངས་རྒྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་སྤུན་ཡིན་ནོ། །དེས་ན་གཏན་ཚིགས་གསུམ་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་མཆེད་ཡིན་ནོ། །སྤྱི་ཡི་མཆོད་སེམས་ཅན་དེ་རྣམས་ལ་ཕ་ཚན་བཟང་པོ་བཞིན་དུ་བསྲུང་བར་བྱའོ། །གཉིས་པ་བསྟན་པ་ལ་ཞུགས་པ་རིང་བའི་མཆེད་ནི། ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ནི། ཉེ་བའི་མཆེད་ལྟོས་ན་རིང་བའི་མཆེད་ཡིན་པ་དང་། གསུམ་པ་སྔགས་སུ་ཞེས་པ་ཉེ་བའི་མཆེད་ནི། གསང་སྔགས་ཀྱི་སྒོར་ཞུགས་པའི་ལྟ་སྤྱོད་མཐུན་པ་ནི་ཉེ་བའི་མཆེད་ཡིན་པར་བཤད་དོ། །བཞི་པ་དལ་གཅིག་ཏུ་ཞུགས་པ་འདྲེས་པའི་མཆེད་ནི། ཕ་བླ་མ་གཅིག་ལ་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དབང་ཐོབ་དམ་ཚིག་གི་ནང་འདྲེས་ན་འདྲེས་པའི་མཆེད་ཡིན་ནོ། །ལྔ་པ་དེ་དག་ལ་བསྲུང་ལུགས་མཚོན་ཚུལ་གྱི་དཔེ་བསྟན་པ་ནི། རིང་བའི་མཆེད་ལ་ཕ་སྡེ་གཅིག་གི་ནང་ཚན་བཟང་པོ་བཞིན་དུ་བསྲུང་། ཉེ་བའི་མཆེད་ལ་ཕ་སྤུན་བཟང་པོ་བཞིན་དུ་བསྲུང་། འདྲེས་པའི་མཆེད་ལ་སྤུན་བཟང་པོ་བཞིན་དུ་བསྲུང་དགོས་སོ། །མཆེད་ནི་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དེ་བས་ཀྱང་ལྷག་པར་ལྟ་སྟེ་བསྲུང་བའི་ཚུལ་ནི། གསུམ་པ་སྐུའི་དམ་ཚིག་བསྲུང་ཐབས་ཐུན་མོང་དུ་བསྟན་པ་ལ་བཞི་ཡོད་པའི་དང་པོ་ལུས་ཀྱི་སྒོ་ནས་བསྲུང་ཐབས། དེ་ལ་དྲུག་ཡོད་པའི་དང་པོ་མཆོད་སྦྱིན་གྱི་སྒོ་ནས་མཉེས་པར་བྱ་བ་ནི། ལུས་ཀྱི་སྒོ་ནས་ཟས་ནོར་ཅི་འབྱོར་པ་ཕུལ་ནས་མན་ངག་དང་གྲོགས་གོང་མ་མཉེས་པར་བྱས་པ་ལ། དཔེར་ན་སྦུར་མ་ལྟ་བུར་སེར་སྣ་ཕངས་པ་མེད་པའི་སྒོ་ནས་མཉེས་པར་བྱའོ། །གཉིས་པ་ཞབས་འབྲིང་བྱ་བའི་ཚུལ་ནི། བླ་མ་དང་གྲོགས་གོང་མ་ལ་གར་བཞུགས་པའི་སར་གདན་གཏིང་བ་དང་། བྱོན་དུས་ལ་འདམ་རྫབ་དང་ཆུ་ལ་ཁུར་བའམ། ཁུར་པོ་ཁུར་རོགས་བྱེད་པ་དང་། སོགས་ཀྱི་སྒྲས་གཟིམ་མལ་དང་། བཅིབ་ཁ་དང་། ན་བཟའ་བསྐོན་པ་ལ་སོགས་ཞབས་འབྲིང་གི་ལས་བྱ་བ་ནི། མི་མོས་མི་དད་མེད་པར་རང་གཉེར་གྱིས་བྲན་བཞིན་དུ་བླང་བར་བྱའོ། །གསུམ་པ་བླ་མའི་ཉེ་འཁོར་ལ་ཡང་གྲོགས་ལྟར་བྱ་བ་ནི། བླ་མའི་རིགས་རྒྱུད་དང་། ཉེ་འཁོར་ལ་ཡང་མཆེད་ལ་བསྲུང་བ་དེ་བཞིན་དུ་བསྲུང་དགོས་པ་ཡིན་ནོ། །བཞི་པ་གནང་བ་མེད་པའི་ནོར་རྫས་བླང་བ་སྤང་བ་ནི། བླ་མས་མ་གནང་བའི་ནོར་དང་ཟས་ལ་འདོད་ཞེན་གྱི་སྒོ་ནས་བླང་བ་ནི་རྣམ་སྨིན་ཤིན་ཏུ་ཆེ་བས་ངན་སོང་ཁ་བརྒྱུད་པའི་ཕྱིར་ན། ཐ་མ་ཏིལ་འབྲུ་ཙམ་ཡང་མི་འབག་ཅིང་བསྲུང་བར་བྱའོ། །ལྔ་པ་བླ་མའི་གདན་ལ་སོགས་པ་ལ་བག་མེད་དུ་སྤྱོད་པའི་ཉེས་པ་ནི། མལ་སྟན་དང་གོས་དང་ཆས་ཀྱི་བྱེ་བྲག་གདུགས་ལ་སོགས་པ་རྣམས་དང་། སོགས་ཀྱི་སྒྲས་ཞབས་འབྲིང་མིན་པ་སྐུའི་གྲིབ་མ་དང་། བཞོན་པ་མ་གནང་བར་ཞོན་པ་དང་། བཅིབ་སྒ་དང་། ཆགས་ལམ་པ་ཡིན་ན་བཙུན་མོ་དང་དེ་རྣམས་བགོམ་པར་མི་བྱའོ། །གལ་ཏེ་བགོམ་ན་མཆོད་རྟེན་བཤིག་པ་ནི་ཉེ་བ་ལྔའི་གཅིག་ཡིན་པ་དེ་དང་འདྲ་བར་དགོངས་འདུས་དང་གསང་བ་སྤྱི་རྒྱུད་ལས་གསུངས་སོ། །དྲུག་པ་དམན་པའི་སྤྱོད་པ་བཞི་རྩེ་མོར་ཡང་སྤང་བ་ནི། བརྡེག་པ་དང་། བསད་པ་དང་། རྐུ་བ་དང་། ཕྲོགས་པ་དེ་དག་གི་སྤྱོད་པ་རྣམས་ནི། དངོས་སུ་བྱ་བ་ལྟ་ཅི་སྨོས་ཀྱི། རྩེ་མོའི་ལས་སུ་བྱ་བའང་མིན་ཏེ་མི་བྱའོ། །གཉིས་པ་ངག་གི་སྒོ་ནས་སྲུང་ཐབས་ནི། ངག་གི་སྒོ་ནས་བླ་མ་དང་གྲོགས་ཀྱི་སྐྱོན་རྣམས་སྦ་ཞིང་ཡོན་ཏན་ཐམས་ཅད་བསྒྲག་པར་བྱའོ། །ལྐོག་ཏུ་འདྲ་ཚུལ་བརྗོད་པ་ནི་དམ་ཚིག་ཉམས་པར་འགྱུར་བས་སྤང་ལ། སྐྱོན་མེད་པ་ལ་ཡོད་ཟེར་ནས་སྒྲོ་བཏགས་པ་དང་། ཡོན་ཏན་ཡོད་པ་ལ་མེད་ཟེར་ནས་སྐུར་པ་བཏབ་པའི་རྫུན་ལ་སོགས་ཕྲ་མ། ཚིག་རྩུབ། ངག་འཁྱལ། དཔེ་ཕོག །རྟ་བགད་ངན་པའི་མཚན་ཉིད་དེ་དག །ཀུ་རེའམ་བྲེ་མོའི་དལ་གཏམ་དུ་ཡང་ཟུར་ཙམ་ཡང་བརྗོད་པར་མི་བྱའོ། །བླ་མ་དང་གྲོགས་ཀྱིས་ཟེར་ན་ཉེས་པ་མེད་དོ། །གསུམ་པ་ཡིད་ཀྱི་སྒོ་ནས་སྲུང་ཐབས་ནི། ཡིད་ཀྱི་སྒོ་ནས་བླ་མ་དང་གྲོགས་པོ་ལ་དངོས་སུ་ཉེས་པ་ཁས་མི་ལེན་པས་གཡོ་དང་། རང་ལ་ཡོན་ཏན་ཡོད་པ་ལྟར་བྱེད་པས་སྒྱུ་དང་། གཞན་ལ་ཡོན་ཏན་ཡོད་པ་ལ་མི་འདོད་པ་འཕྲག་དོག་དང་། རང་བས་དམའ་བའི་ཐབས་ཀྱིས་རྔན་བརྡུང་བའི་སེམས། བླ་མ་དང་གྲོགས་པོའི་སྤྱོད་པ་མི་ལེགས་པ་དཔྱད་པའི་སེམས་དང་། བླ་མ་དང་གྲོགས་པོ་ལ་ནོར་རྫས་སྣང་བ་ལ་བརྐམ་ཆགས་འདོད་སེམས་ཀྱིས་བརྣབ་པ་རྣམས་ནི། སེ་གོལ་གཅིག་གི་ཡུན་དུའང་བསམ་པར་མི་བྱ་སྟེ། སློབ་དཔོན་དང་གྲོགས་པོ་ལ་དང་པ་ཤིན་ཏུ་ཡིད་གདུང་ཞིང་སེམས་བརྩེ་བར་བྱའོ། །བཞི་པ་སྲུངས་བའི་ཡོན་ཏན་ནི། དེ་ལྟར་སྤྱོད་ལམ་འགྲོ་ཉལ་འདུག་སྡོད་ལ་ཅིས་ཀྱང་སློབ་དཔོན་དང་གྲོགས་པོ་མཉེས་པར་བྱེད་ཅིང་། གསུང་གི་བཀའ་ཚིག་ཟུར་ཙམ་ཡང་མི་གཅོད་པའི་རྣལ་འབྱོར་པ་དེ་ནི་འཁོར་བ་ལ་ཕྱིར་ལྡོག་པར་རྒྱལ་བ་ཀུན་བཟང་གིས་མ་གསུངས་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་མ་ཉམས་པར་བསྲུང་ན། །ཀུན་ཏུ་བཟང་དང་སྐལ་པ་མཉམ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་གནང་བཀག་གི་བྱེ་བྲག་གིས་བསྲུང་བ་ཡིན་པས། བཀའ་བཅག་ཀྱང་མི་སྟོ་བ་ནི། དེ་ཉིད་ལས། བདུད་དང་བར་ཆད་སློབ་དཔོན་གྱི་ཆ་བྱད་དུ་བྱུང་བ་དང་། སློབ་དཔོན་སྨྱོས་པ་དང་། ཆང་དབང་གདོན་དབང་དུ་སོང་བ་དང་། ལེགས་པའི་ལམ་ལ་འགོག་ཅིང་། དགེ་བའི་གེགས་བྱེད་དེ། སྡིག་པའི་ལས་ལ་བསྐུལ་བ་དང་། བཀའ་བདེན་པ་མི་སྟོན་ཞིང་། མུ་སྟེགས་དང་ལོག་པའི་ཕྱོགས་སྟོན་པར་བྱེད་ན་བཀའ་བཅག་པར་མི་སྟོ་སྟེ། གནས་སྐབས་བཞིའོ། །གྲོགས་པོ་ཡང་དཀར་པོ་ལ་སྨད་ཅིང་ནག་པོ་ལ་བསྟོད་པ་དང་། དད་པ་ཅན་གྱི་ཚིག་བཅག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་། བཀའ་དང་དམ་ཚིག་ལས་འགལ་ཞིང་། མཆེད་ལ་བརྩེ་གདུང་མེད་ཅིང་འཁུ་བ་དང་། ཆོས་ལ་མི་དད་ཅིང་དགེ་བ་ལ་མི་གུས་ན། བཀའ་བཅག་པར་མི་སྟོའོ། །ཞེས་གསུངས་སོ། །གཉིས་པ་གསུང་གི་དམ་ཚིག་བསྲུང་བ་ལ་བཞི་ཡོད་པའི་དང་པོ་སྔགས་གསུམ་བསྟན་པ་ནི། ཞི་བ་ལྟར་ན་ཧཱུྃ་ནི་རྒྱུ་མ་ནོར་རྩ་བའི་སྔགས་དང་། བཛྲ་དྷྲྀཀ་ནི་རྡོ་རྗེ་སེམས་དཔའི་བསྐྱེད་པའི་སྐྱེན་སྔགས་ཡིན་པ་དང་། རྩ་སྔགས་དང་བསྐྱེད་སྔགས་དྲིལ་བ་ནི་བསྐུལ་པ་ལས་སྔགས་དང་གསུམ་མོ། །ཁྲོ་བོ་ལྟར་ན། ༀ་རྩ་སྔགས། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་བསྐྱེད་སྔགས། མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པཱ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ནི་ལས་སྔགས་སོ། །གཉིས་པ་ཕྱག་རྒྱ་བཞི་བསྟན་པ་ནི། ཐུགས་དམ་ཚིག་གི་ཕྱག་རྒྱ་ལ་གུང་མོ་ལ་སོགས་པའི་རྩེ་མོ་དང་ཐུགས་ཀར་རྡོ་རྗེ་ལ་སོགས་པ་རང་རང་གི་ཕྱག་མཚན་བསམ་པ་ནི། བསམ་པ་དམ་ཚིག་ཕྱག་རྒྱའོ། །འབྲུ་བཞི་སྦས་ནས་གུང་མོ་ལ་སོགས་པ་ལྔ་རིམ་པ་ལྟར་གྱེན་དུ་བགྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་ལ། ཡུམ་ལ་འཁྱུད་པར་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱའོ། །ཡུམ་ལ་འཁྲིལ་བའི་ཚུལ་གྱི་བརླ་གཡོན་པ་ཆོས་ཀྱི་རིག་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི། བཅའ་བ་ལས་རྒྱ་ཡིན་པ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་ལ། སྔགས་བརྗོད་པ་ནི་བཟླས་པ་ཆོས་ཀྱི་ཕྱག་དང་། ཕྱག་རྒྱའི་རྩེ་མོ་དང་ཐུགས་ཀར་ཡིག་འབྲུ་བསྒོམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ་ཡིན། སྐུ་ཉིད་ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུ་དབུའི་གཙུག་ཏོར་ནས་འོག་གི་གདན་ཁྲིའི་བར་གསལ་བར་བསྒོམ་པ་དང་བཞིའོ། །གསུམ་པ་ཕྱག་རྒྱ་བཞི་པོ་དེ་དག་བསྒོམ་ཞིང་སྔགས་གསུམ་བཟླས་པའི་ཡོན་ཏན་ནི། རྣལ་འབྱོར་པ་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་ནི། ཡི་དམ་གྱི་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཞི་ཡིན་པ་ལ་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་རབ་ཏུ་སྦྱོར་ལ་སྒོམ་པ་དང་། སྔགས་གསུམ་དུས་རྟག་ཏུ་བཟླས་པ་བྱེད་པའི་ཡོན་ཏན་ནི། བྱང་བ་སྟོང་པ་དང་། ཆུབ་པ་སྣང་བ་དབྱེར་མེད་པའི་དོན་གྱིས་བཟུང་བས་ན་འཁོར་བ་ལ་མི་ལྡོག་ཅིང་སངས་རྒྱས་ཀྱི་ས་ལ་ཞུགས་པ་ཡིན་ནོ། །ཀུན་སློང་ཉོན་མོངས་པ་དུག་གསུམ་གྱིས་བསླང་བའི་སྒོ་ནས་བཟླས་བསྒོམ་བྱེད་ན། དེ་ལྟར་མ་ཡིན་ཏེ་ཕལ་ཆེར་ངན་སོང་དུ་གཞོལ་ཅེས་དགོངས་འདུས་ལས་གསུངས་སོ། །བཞི་པ་ཡུན་གྱི་ཚད་བསྟན་པ་ལ་གཉིས་ཡོད་པའི་དང་པོ་ཡུན་གྱི་ཚད་བསྟན་ཅིང་དེ་དག་དང་མི་ལྡན་པའི་ཉེས་དམིགས་ནི། རྣལ་འབྱོར་པ་རབ་ཀྱིས་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་བཞིན་ནམ། རབ་ཀྱི་འབྲིང་གིས་ཉིན་ཐུན་གསུམ་མཚན་ཐུན་གསུམ་སྟེ་ཐུན་དྲུག་གམ། རབ་ཀྱི་ཐ་མས་ཉིན་གཅིག་ལ་ལྷ་ལན་གཅིག་ཏུ་སྒོམ་ཞིང་སེམས་ཏིང་ངེ་འཛིན་མ་ཡེངས་པ་ཙམ་གྱི་ངང་ནས་ངག་གིས་སྔགས་བཟླས། རྣལ་འབྱོར་པ་འབྲིང་གིས་རབ་ཀྱི་ཟླ་བ་གཅིག་ལ་དུས་དྲུག་ཏུ་ཕྱེས་ཏེ། ཚེས་བརྒྱད། བཅུ་བཞི། བཅོ་ལྔ། བཅོ་བརྒྱད། ཉི་ཤུ། དགུ། གནམ་སྟོང་དང་དྲུག་གོ། །འབྲིང་གི་འབྲིང་ཟླ་བ་གཅིག་ལ་དུས་བཞི་སྟེ་ཉ་སྟོང་གསུམ་ཉི་ཤུ་དགུ་དང་བཞི། འབྲིང་གི་ཐ་མའི་ཟླ་བ་གཅིག་ལ་དུས་བཟང་གསུམ་གྱི་བར་བར་དུ་ལྷ་སྒོམ་ཞིང་སྔགས་རྒྱུན་མི་བཅད་ཅིང་བཟླའོ། །ཐ་མ་བརྩོན་འགྲུས་ཞན་ཅིང་གཞན་གྱིས་དཔྱད་པའི་རྣལ་འབྱོར་པས་ཀྱང་། ཟླ་རེའི་ནང་དུ་ལྷ་ལན་རེ་སྒོམ་པའམ། ཐ་མའི་འབྲིང་གིས་ལོ་གཅིག་ལ་ར་བ་བཞིའི་དུས་དག་ཏུ་སྒོམ་བཟླས་བྱེད་དགོས་སོ། །ཐ་མའི་ཐ་མར་གྱུར་པ་དེས་ལོ་གཅིག་ལ་ཐང་གཅིག་གི་དུས་སུ་བསྒོམ་བཟླས་བྱེད་དགོས། དེ་ལྟར་སྒོམ་བཟླས་ལ་བརྩོན་པར་འབད་དེ་མི་བྱེད་པ་ན། བྱང་ཆུབ་ཐོབ་པའི་ས་བོན་བརླགས་པ་ཡིན་པས་སངས་རྒྱས་མི་ཐོབ་བོ། །གཉིས་པ་ཚོགས་གཏོར་ཡང་ཡུན་དེ་དང་འདྲ་བ་ནི། ཚོགས་དང་གཏོར་མའི་ཡུན་ཡང་གང་གི་རབ་འབྲིང་ཐ་མའི་དེ་བཞིན་དུ་བྱེད་པ་ཡིན་ལ། ཐ་མ་ཡང་ཚོགས་ལོ་མི་བཟླ། གཏོར་མ་ཟླ་མི་བཟླའོ། །དུས་འདི་རྣམས་ནི་ལས་དང་པོ་མོས་པ་ལམ་ཁྱེར་ནས་བཟུང་སྟེ་མཐར་མངོན་དུ་མ་གྱུར་པར་དུ་ཤེས་པར་བྱའོ། །འོ་ན་གསུང་གི་དམ་ཚིག་གི་སྐབས་སུ་སྒོམ་པ་ཏིང་ངེ་འཛིན་བྱུང་ཞེ་ན། སྒོམ་བཟླས་གཉིས་འབྲེལ་པའི་ཕྱིར་རོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་གསང་བྱའི་ངོ་བོ། དེ་ལ་བཞི་ཡོད་པའི་དང་པོ་སྤྱིར་སྔགས་སུ་ཞུགས་ནས་གསང་དགོས་པ་ནི། ལྟ་བ་ཟབ་མོ་བདེན་གཉིས་དབྱེར་མེད་མི་རྟོགས། སྤྱོད་པ་སྦྱོར་སྒྲོལ་ལ་སོགས་བརླང་མོ་རང་ཁར་བྱེད་པ་དང་། ཡི་དམ་གྱི་ལྷ་མ་གསང་ན་དངོས་གྲུབ་ཡལ་བས་ལྟ་སྤྱོད་སྒོམ་གསུམ་གཅིག་ཏུ་བརྩིའོ། །དབང་གི་གསང་མཚན་གྱི་མིང་བཤད་ན་བར་དུ་གཅོད། དབང་བསྒྲུབ་དུས་ཀྱི་གཟུངས་མ་བཤད་ན་གཞན་མི་དད་པ་དང་། སྒྲུབ་པ་བྱེད་དུས་ཀྱི་གྲུབ་རྟགས་རྣམས་བཤད་ན་མི་གྲུབ་པས། སྤྱིར་དུས་ཀུན་ཏུ་གསང་བྱ་རྣམ་པ་བཞི་ཡིན་པར་སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་ཐམས་ཅད་དུ་བཤད་དོ། །གཉིས་པ་ཁྱད་པར་སྒྲུབ་པའི་དུས་ཀྱི་གསང་བ་བཞི་ནི། སྒྲུབ་པ་བྱེད་པའི་གནས་འདི་འདྲ། དུས་ཚད་འདི་ལ་གྲོགས་དང་། རྫས་འདི་དགོས་ཞེས་སྒྲུབ་པ་མ་ཚར་བར་བུ་རབ་ཏུ་གསང་ལ་བསྒྲུབ་པར་བྱའོ། །གསུམ་པ་གསང་བར་འོས་པའི་རྣམ་གྲངས་མདོར་བསྡུས་པ་ནི། སྤྱིར་གསང་སྔགས་སུ་ཞུགས་ནས་གསང་བར་འོས་པ་མང་དུ་ཡོད་ཀྱང་མདོར་བསྡུས་ན་འདི་ལྟ་སྟེ། མཐོང་བྱ་གསང་བ་ནི། ནང་མཆོད་རྣམས་ལྔ་ལ་མཁོ་བའི་ཤ་ཁྲག་གི་ཕུད་དང་། དམ་རྫས་ལྔ་ལ་སོགས་པའི་གཏོར་མའི་རྒྱུ་དང་། ཚོགས་དག་གི་ཡོ་བྱད་ཤ་ཆང་རྣམས་དང་། སྨན་བསྒྲུབ་པའི་རྟེན་ཡོན་ཏན་འབྱུང་ནུས་པའི་བྷནྷ་མཚན་ལྡན་དང་། ཕུར་བུ་བསྒྲུབ་པའི་རྟེན་རབ་གནས་ཅན་གྱི་ཕུར་པ་དང་། ཡང་དག་བསྒྲུབ་པའི་རྟེན་མར་མེའི་སྣོད་ཟླ་གམ་བང་རིམ་གསུམ་དང་ལྡན་པ་དང་། དེ་ཡང་མར་མེ་དགུ་པ་ལ་དེ་འདྲ་དགུ་དང་། གཅིག་པ་ལ་དེ་འདྲ་བ་གཅིག་དང་། རྩིབ་མའི་རལ་གྲི། མཆོག་ཕུར་བཞིའི་ཕུར་བུ་དང་། ཞིང་རྒྱུས་ཀྱི་མཚོན་དྲྭ། བམ་གྱི་རྣམ་ལྔ། སྒལ་ཚིགས་གསར་རྙིང་ལ་སོགས་པའི་བསྒྲུབ་རྫས་རྣམས་དང་། གསང་སྔགས་ནང་པའི་རྡོར་དྲིལ། ཐོད་རྔ། གསང་བའི་རྔིལ་ཆུང་། རྐང་གི་དུང་དང་གླིང་བུ་ལ་སོགས་པའི་ལག་ཆ་དང་། དཀྱིལ་འཁོར་བྲི་ཞིང་རྒྱན་དགོད་པ་དེ་རྣམས་སྐྱེ་བོ་ཐ་མལ་པས་མཐོང་བར་མི་བྱའོ། །ཐོས་བྱ་གསང་བ་ནི། ནང་གི་དྲིལ་བུ་དང་གསང་བའི་རྔིལ་ཆུང་ལ་སོགས་པ་ལྷ་ཆའི་སྒྲ་རྣམས་ནི། སྐྱེ་བོ་ཐ་མལ་པས་ཐོས་པར་ཡང་མི་བརྡུང་ངོ་། །འོ་ན་དྲིལ་བུ་རྔིལ་ཆུང་གཉིས་ཐང་གཉིས་བྱུང་ཞེ་ན། མཐོང་ཐོས་ཀྱི་ཁྱད་པར་ཡིན་ནོ། །ངན་པའི་སྤྱོད་པ་རྣམས་གསང་བ་ནི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་རང་གིས་གྲོགས་པོའི་སྤྱོད་པ་ངན་པ་བྱེད་པ་དང་། གཞན་ཡང་ངན་པའི་མཚང་རྣམས་དང་། སེམས་ཅན་ཀུན་གྱི་རྐུ་བ་ལ་སོགས་ངན་པའི་སྤྱོད་པ་རྣམས་དང་། སེམས་ཅན་ཀུན་ལ་གནོད་པའི་ཐབས་ལ་དུག་སྦྱོར། རྒྱ་སྙི་ལ་སོགས་པ་ངན་པའི་སྤྱོད་པ་རྣམས་རང་གི་ཤེས་པ་དེ་དག །གཞན་ལ་ཤིན་ཏུ་གསང་བ་ནི་བྱང་ཆུབ་ཐོབ་པའི་ཐབས་ཀྱི་རྒྱུ་ཡིན་ནོ། །བཞི་པ་གཉེར་གཏད་པའི་དམ་ཚིག་ནི། དེ་ལྟར་སྐྱོན་མི་ཆེ་ན་ཡང་གཞན་གྱིས་གསང་ཞེས་གཉེར་གཏད་པ་ནི་དམ་པ་ཡིན་ཏེ། གང་གིས་གཉེར་གཏད་ན་སྔར་སྐུའི་དམ་ཚིག་གི་སྐབས་སུ་བཤད་པའི་སློབ་དཔོན་དང་མཆེད་རྣམས་ཀྱིས་གསང་ཟེར་ན་གསང་དགོས་སོ། །གཉིས་པ་གསང་ཐབས་གསུམ་ཡོད་པའི་དང་པོ་གསང་བའི་དགོས་ཆེད་ནི། གསང་སྔགས་རང་ལ་སྐྱོན་ཡོད་ནས་གསང་དགོས་པ་མ་ཡིན་ཏེ། སེམས་ཅན་གཞན་གྱི་དོན་བྱ་བའི་ཕྱིར་རབ་ཏུ་གསང་དགོས་ཏེ། མ་གསང་ན་གསང་སྔགས་ཀྱི་ལྟ་བ་ཟབ་མོ་མི་རྟོགས་སྤྱོད་པ་བརླང་མོ་རང་ཁར་སྤྱོད་པའམ། གང་གི་རྫས་ཟབ་མོ་རྣམས་མཐོང་ན་མི་དད་པས་གསང་སྔགས་ལ་སྐུར་པ་བཏབ་པས་ངན་སོང་དུ་འགྲོའོ། །རང་དོན་དུ་གསང་ཐུབ་ན་བསྒྲུབ་པའི་དངོས་གྲུབ་མི་ཡལ་ན་འབྲས་བུ་ཐོབ་པས་ན་གཞན་ལ་གསང་བའི་ཕྱིར་ལུས་ཀྱི་བརྡ་དང་ངག་གི་བརྡ་མི་འདྲ་བ་སྣ་ཚོགས་ཤིག་རྔམ་གློག་ལ་སོགས་པའི་རྒྱུད་སྡེ་རྣམས་སུ་གསུངས་སོ། །བརྡ་འདིའི་དོན་ནི། རྒྱ་གར་ན་བརྡ་དང་བརྡའི་ལན་ལ་མ་མཁས་ན། གསང་སྔགས་ཀྱི་ཚོགས་འཁོར་ལ་འདུག་ར་མེད། རྒྱ་གར་ན་རྣལ་འབྱོར་པ་གཅིག་གིས་གདན་བཞིའི་བརྡ་ཤེས་གཅིག་གིས་དགྱེས་རྡོར་གྱི་བརྡ་ཤེས་པས་ཁོང་གཉིས་བརྡ་མ་མཐུན་པས་རྡོ་རྗེ་སྤུན་དུ་མ་གྱུར། རྣལ་འབྱོར་ཕོ་མོ་གཉིས་ཀྱིས་དགྱེས་རྡོར་གྱི་བརྡ་ཤེས་པ་འདྲ་འདྲ་གཉིས་འཛོམ་པས་རྡོ་རྗེ་མཆེད་དང་ལྕམ་བྲལ་དུ་འགྱུར་རོ། །ཞེས་གསུངས་སོ། །བརྡ་ལ་གཉིས། ལུས་བརྡའ་དང་། ངག་བརྡ་གཉིས། བརྡའ་བྱེད་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། བཟླས་བསྒོམ་གྱི་ཐུན་མཚམས་སུ་ནུས་པ་མི་ཡལ་བ་དང་། སོ་སོ་སྐྱེ་བོ་ཐ་མལ་པ་དང་ཐེག་པ་འོག་མ་རྣམས་ཀྱི་སྔོན་དུ་གསང་དོན་བརྗོད་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་གསང་བའི་ཡུལ་ནི། གང་ལ་གསང་ན་དང་པོ་དམ་ཚིག་མནོས་ཀྱང་ཕྱོགས་རེ་ཉམས་པས་དམ་ཉམས་ཀུན་ཉམས་པས་དམ་ཚིག་ལས་ལོག་པ་དང་། དམ་ཚིག་མ་མནོས་པའི་དམ་མེད་དཀྱིལ་འཁོར་མ་མཐོང་ཞིང་དབང་མ་ཐོབ་པའི་སྐྱེ་བོ་ཐ་མལ་པ་དང་། དེ་ལྟར་རང་དང་འདྲེས་པའི་མཆེད་ཡིན་ཀྱང་ཉམས་པ་ཅན་དང་། རང་དང་མ་འདྲེས་པའི་ཉམས་པ་ཅན་ཐམས་ཅད་ལ་གསང་ངོ་། །ཡང་ན། རང་དང་འདྲེས་པའི་མཆེད་དམ་ཚིག་མ་ཉམས་པ་དང་། མ་འདྲེས་པའི་མཆེད་དམ་ཚིག་མ་ཉམས་པ་གང་ཡིན་ཀྱང་། བསྒྲུབ་རོགས་མིན་ན་སྒྲུབ་པ་མ་ཚར་བར་དུ་གསང་བར་བྱའོ། །གསུམ་པ་སྒོ་གསུམ་གྱིས་གསང་བའི་ཐབས་ནི། དེ་ལྟར་གསང་བྱའི་ཡུལ་རྣམས་ལ་གསང་དགོས་ཏེ། དེ་དག་ལ་སེམས་ཀྱིས་སྒོ་ནས་བསྟན་པར་མི་བསམ་ཞིང་། ལུས་ཀྱི་སྒོ་ནས་གསང་དགོས་ཀྱི་རྫས་རྣམས་ཐམས་ཅད་སྦས་ནས་ཀྱང་། ངག་གི་སྒོ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དོན་སྣང་སྟོང་གཉིས་མེད་རྟོགས་ནས་སྨྲ་ནུས་པའི་ལྕེ་ཡོད་ཀྱང་གསང་དགོས་རྣམས་བརྗོད་པ་དག་ཏུ་བྱ་བ་མིན་ཏེ་མི་བརྗོད་དོ། །ལྔ་པ་ཞབས་བསྡུ་བ་ནི། དཔེར་ན་ཤིང་རྩ་བ་ཆད་ན་ཡན་ལག་དོན་མེད་པ་བཞིན་བྱང་ཆུབ་སེམས་སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་བསྲུངས་ན་བསྲུང་བྱ་གཞན་རྣམས་དོན་མེད་པས་ན། དེ་དག་རྩ་བའི་དམ་ཚིག་བཞི་ཡིན་པར་ཀུན་བཟང་གིས་བཤད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་ཁྱད་པར་གྱི་ཡན་ལག །དེ་ལ་གཉིས་ཡོད་པའི་དང་པོ་དམ་བཅའ་བའི་ངོས་ནས་མདོར་བསྟན་པ་ནི། ཡོ་ག་མན་ཆད་དང་ཐུན་མོང་མ་ཡིན་པའི་ཡན་ལག་བཤད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་ལྔ་ཡོད་པའི་དང་པོ་སྤྱད་པར་བྱ་བའི་དམ་ཚིག །དེ་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་ནི། སྦྱོར་བ་དང་། སྒྲོལ་བ་དང་། མ་བྱིན་པ་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་བརླང་པོ་སྟེ་སྤྱད་པ་ལྔའོ། །གཉིས་པ་རྒྱས་བཤད་ལ་བཞི་ཡོད་པའི་དང་པོ་སྦྱོར་སྒྲོལ་ཐུན་མོང་དུ་བསྟན་པ། དེ་ལ་གཉིས་ཡོད་པའི་དང་པོ་སྦྱོར་སྒྲོལ་དབྱེ་བ་སྤྱིར་བསྟན་པ། དེ་ལ་བདུན་ཡོད་པའི་དང་པོ་རང་བཞིན་ལྟ་བའི་སྦྱོར་སྒྲོལ་ནི། དོན་དམ་པ་རང་བཞིན་མ་བཅོས་པའི་སེམས་ཀྱི་གནས་ལུགས་སྐྱེ་མེད་མངོན་སུམ་དུ་རྟོགས་པ་ནི་ལྟ་བ། དེ་ལ་བློ་སྦྱོར་བས་གཟུང་འཛིན་གྱི་དྲི་མ་དག་པས་སྒྲོལ་བ་དང་། གཉིས་པ་ཏིང་ངེ་འཛིན་གོམས་པའི་སྦྱོར་སྒྲོལ་ནི། ཏིང་ངེ་འཛིན་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་བློ་སྦྱོར་བས་རྗེས་ཤེས་ཀྱི་མཚན་མ་ལས་སྒྲོལ་བ་དང་། གསུམ་པ་དབང་ཡུལ་ཐབས་ཤེས་རབ་ཀྱི་སྦྱོར་སྒྲོལ་ནི། ཀུན་རྫོབ་ཏུ་དབང་པོ་ཡུལ་དུས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་གྱི་ངང་དུ་ཤར་བ་ལ་སྦྱོར་བས། རྟོག་ཚོགས་རང་ཁ་མར་འཛིན་པ་ལས་སྒྲོལ་བ་དང་། བཞི་པ་སྔོན་བྱུང་དུ་སྤྱོད་པ་ཐབས་ཀྱིས་སྦྱོར་སྒྲོལ་བྱེད་ལུགས་ནི། སྔོན་དཔལ་ཆེན་པོས་རུ་ཏྲ་འཁོར་བཅས་ཀྱི་ལམ་མ་བགྲོད་པ་ཐབས་ཆེན་པོའི་སྒོ་ནས། མོ་ཐམས་ཅད་སྦྱོར་བས་སྦྱོར་ལམ་ལ་བཀོད། ཕོ་ཐམས་ཅད་སྒྲོལ་ནས་མཐོང་ལམ་ལ་བཀོད་པ་དང་། ལྔ་པ་རྗེས་འཇུག་ཏུ་མངོན་ཕྱུང་འཕྲིན་ལས་ཀྱི་སྦྱོར་སྒྲོལ་ནི། དེ་དང་རྗེས་སུ་མཐུན་པའི་ད་ལྟའི་རྣལ་འབྱོར་པ་རྣམས་ཀྱི་དབང་པོའི་མངོན་སུམ་དུ་ཕྱུང་བའི། རིག་མ་མཚན་ཉིད་དང་ལྡན་པ་ལ་སྦྱོར་ཞིང་བསྒྲལ་བའི་ཞིང་བཅུ་སྒྲོལ་ལོ། །དྲུག་པ་རྒྱུད་དང་མན་ངག་གི་ལྟ་བ་གཉིས་ཤེས་བྱ་ཡིན་པའི་ཕྱིར་ཐུན་མོང་དུ་བསྟན་པ་ནི། རང་བཞིན་གྱི་སྦྱོར་སྒྲོལ་དང་དབང་པོ་ཡུལ་གྱི་སྦྱོར་སྒྲོལ་གཉིས་ནི་ཤེས་བྱ་ལྟ་བ་ཡིན་པས་བླ་མེད་ཀྱི་ལམ་ལ་འཇུག་གོ་ལྕོག་ཀུན་གྱི་ཐུན་མོང་དུ་ཉམས་སུ་ལེན་རྒྱུ་ཡིན་པར་རྒྱུད་ནས་བཤད། བདུན་པ་ནི་ཏིང་ངེ་འཛིན་གོམས་པ་བསྐྱེད་རྫོགས་ཀུན་གྱི་ཐུན་མོང་དུ་བསྟན་པ་ནི། ཏིང་ངེ་འཛིན་བསྒོམ་པར་བྱ་བའི་བསླབ་པ་ནི་བླ་མེད་ཀྱི་ལམ་པ་ཀུན་གྱི་ཐུན་མོང་ཡིན་པར་ཀུན་བཟང་གིས་གསུངས་སོ། །གཉིས་པ་མངོན་ཕྱུང་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་པ་ནི། ད་ལྟ་རྣལ་འབྱོར་པས་དབང་པོའི་མངོན་སུམ་དུ་ཕྱུང་བའི་སྦྱོར་སྒྲོལ་ལས་མི་འདའ་བས་དམ་ཚིག །གསང་སྔགས་བླ་མེད་ཀྱི་དྲོད་ཐོབ་པ་མིན་པ་ཐེག་པ་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོ་དེ་ལ་སྦྱོར་སྒྲོལ་བྱེད་པའི་ཐབས་ལ་གཏན་ཚིགས་ལྔར་ཤེས་པར་བྱ་སྟེ། གང་གིས་སྦྱོར་སྒྲོལ་བྱེད་པའི་རྣལ་འབྱོར་པའི་མཚན་ཉིད། གང་སྦྱོར་སྒྲོལ་བྱ་བའི་ཡུལ་གྱི་མཚན་ཉིད། སྦྱོར་སྒྲོལ་བྱེད་པའི་ཐབས། སྦྱོར་སྒྲོལ་གྱི་དགོས་ཆེད། ཐེག་འོག་གི་རྩོད་པ་སྤང་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཡོད་པའི་དང་པོ་སྒྲོལ་བའི་དམ་ཚིག །དེ་ལ་ལྔ་ཡོད་པའི་དང་པོ་གང་གིས་སྒྲོལ་བའི་རྣལ་འབྱོར་པ་ནི། སྒྲོལ་མཁན་གྱི་རྣལ་འབྱོར་པ་རང་གིས་ལྟ་བ་བདེན་པ་དབྱེར་མེད་རྟོགས་ཤིང་སྤྱོད་པ་དེ་དང་ཡ་མི་བྲལ་བ། ཏིང་ངེ་འཛིན་དང་མགོ་འབྲེལ་ཞིང་གོམས་པས་ན། རྟོགས་པས་བདག་བསྒྲལ་ཞིང་། དེ་ནས་ཐུགས་རྗེས་གཞན་བསྒྲལ་བ་ལ། གཉིས་པ་བསྒྲལ་བའི་ཞིང་ལ་གཉིས་ཡོད་པའི་དང་པའི་རྒྱུ་ལས་བསྒྲལ་བྱ་བདུན་ནི། སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་གནོད་བྱེད་དང་གཅིག །རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང་གཉིས། སློབ་མ་ལ་དམ་ཚིག་མནོས་ཀྱང་དམ་ལས་ལོག་པ་དང་གསུམ། བླ་མ་གྲོགས་པོ་ལ་ཚུར་ལ་གནོད་པ་བྱེད་པས་ན་འཁུས་ཞེས་པ་དང་བཞི། སྤྱིར་ཆོས་ཉན་བཤད་ཀྱི་སར་འདུས་པར་འོང་བ་རྣམས་ལ་གནོད་པ་བྱེད་པ་དང་། ཁྱད་པར་དུ་སྔགས་ཀྱི་དབང་དང་སྒྲུབ་པ་བྱེད་པར་འདུས་པར་འོང་བ་རྣམས་གནོད་པ་བྱེད་པ་དང་ལྔ། སྤྱིར་བདག་གཞན་སེམས་ཅན་ཡོངས་ལ་གནོད་པའི་གང་ཟག་དང་དྲུག །ཁྱད་པར་དུ་ཆོས་བྱེད་པའི་དམ་ཚིག་ཅན་ལ་དགྲ་བྱེད་པས་ངན་པའི་ངང་ཚུལ་བཟུང་བ་ཅན་དང་བདུན་ནོ། །ངང་ཚུལ་ཅན་འདི་ནི་ཞི་རྒྱས་གང་གིས་ཀྱང་མི་འདུལ་བ་སྔོན་གྱི་མཆིམས་བྱ་རོག་དང་། རྡོག་དགེ་ལ་སྟོན་པ་ལྟ་བུའོ། །གཉིས་པ་སྤྱིར་འབྲས་བུ་ལ་བསྒྲལ་བྱ་གསུམ་དང་སྤྱིར་གྲངས་དང་བཅས་པ་ནི། ཉམས་པའི་འབྲས་བུ་དམྱལ་བ་ཡི་དྭགས་བྱོལ་སོང་སྟེ་ངན་སོང་གསུམ་དུ་སྐྱེས་པ་དང་། དེ་ལྟར་བསྒྲལ་ཞིང་བཅུ་པོ་ནི། བླ་མེད་མ་ཧཱའི་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་པའི་རྣལ་འབྱོར་པ་ཀུན་གྱིས་དང་དུ་བླང་ངོ་། །སྤྱིར་བསྒྲལ་བའི་རྣམ་གྲངས་ནི། རྩ་བ་བྱེད་པའི་ཚིག་ལྔ་ལ། བསྒྲལ་ཞིང་ལ་བཅུ། སྒྲོལ་མཁན། བསྒྲལ་ཐབས། དགོས་ཆེད། ཐེག་འོག་གི་རྩོད་པ་སྤང་བ་དང་། བཞི་སྟེ་དེ་ལྟར་བཅུ་བཞིའོ། །ཡང་ན་ལྷ་རྗེ་ཡང་ཁེངས་བླ་མའི་བཞེད་ཀྱི། དཀོན་མཆོག་གསུམ་གྱི་གསུམ། སློབ་དཔོན་དང་མཆེད་ཀྱི་སྐུ་དགྲ་གཉིས་དང་ལྔ། དམ་ལས་ལོག་པ་དང་དྲུག །འཁུས་པ་དང་འདུན། འདུས་པར་འོང་པ་ལ་གནོད་པ་དང་བརྒྱད། ཡོངས་ལ་གནོད་པ་དང་དགུ། དམ་དགྲ་དང་བཅུ། ངན་པའི་ངང་ཚུལ་ཅན་དང་བཅུ་གཅིག །ངན་སོང་གསུམ་དང་བཅུ་བཞིའོ། །ཡང་ན་ཧེ་རུ་ཀ་གལྤོ་ལས་ནི། མཁའ་ལ་རླུང་ལྟར་འཕྱོ་བ་དང་། །བཅུ་དྲུག་ཚང་ལ་འཁྱིལ་བ་དང་། །ཨུ་མ་ཚང་ལ་ཉལ་བ་དང་། །རྔམ་པའི་དྲག་ཤུལ་སྤྱོད་པ་དང་། །བདག་དང་སྤུན་ཕྱིར་གནོད་པ་དང་། །སྐྱེ་བོ་ཡོངས་ལ་གནོད་པ་དང་། །སྙིང་རྗེ་ལམ་ནས་ལོག་པ་དང་། །ཐིག་ལེའི་སྤྱོད་པ་ཉམས་པ་དང་། །དམྱལ་བའི་རྡོ་རྗེ་བྱེད་པ་དང་། །གཞན་གྱི་སྲོག་གཅོད་རྔམ་པ་དང་། །འདི་བཅུ་བསྒྲལ་བའི་ཞིང་བཅུ་སྟེ། །ཞེས་གསུངས་སོ། །གསུམ་པ་བསྒྲལ་བའི་ཐབས་ལ་གཉིས་ཡོད་པའི་དང་པོ་བསྒྲལ་ཐབས་ཡོན་ཏན་དང་བཅས་པ་སྤྱིར་བསྟན་པ་ནི། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་རྣམས་ལ་ཤིན་ཏུ་གོམས་པའི་རྣལ་འབྱོར་པ་དེས། བསྒྲལ་ཞིང་དེའི་སྒྲིབ་པ་སྦྱངས་དབང་བསྐུར་ཏེ། སེམས་ཟག་མེད་བྱང་ཆུབ་ཀྱི་ཞིང་དུ་དགོད་པ་བྱ་དགོས་པ་ལ། གཉིས་པ་བྱེ་བྲག་རྒྱས་བཤད་ནི། རྣལ་འབྱོར་པ་རང་གི་ཡིད་ཏིང་ངེ་འཛིན། ངག་སྔགས་ལུས་ལྷའི་ཕྱག་རྒྱ་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས། སྒྲོལ་མཁན་གི་ཊཱ་ཀི་རཱ་ཛ་བསྒོམ། ལག་པ་གཡས་པའི་སོར་མོ་ལ་དཔའ་བོ་འབྲུ་ལྔ། གྲི་འཇམ་དཔལ། བསྒྲལ་ཞིང་རུ་ཏྲར་བསམ་ལ་བྲང་དེ་ཤགས་སེ་བཀས། སྙིང་རྩེར་གྱིས་བཟུང་བས། ལག་པའི་དཔའ་བོ་འབྲུ་ལྔའི་འོད་ཟེར་གྱིས་བསྒྲལ་ཞིང་གི་སྙིང་ནང་དུ་རིགས་དྲུག་དུ་སྐྱེ་བའིི་བག་ཆགས་ཀྱི་ས་བོན་ཨ་ཪྣྲི་སུ་ཏྲི་པྲེ་དུ་ཡོད་པ་དེ་སྦྱངས་ནས། རྣམ་ཤེས་དེ་ཧཱུྃ་དུ་གྱུར་ནས་ཡུམ་གྱི་མཁའ་གསང་ཉི་ཟླའི་སྟེང་དུ་བཞག །ཧཱུྃ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་ཐུགས་ཀྱི་ལྷ་རྡོ་རྗེ་སེམས་དཔར་བསྐྱེད་ལ། གཙུག་ཏུ་རྣམ་པར་རྒྱལ་བ་སྟེ་ཀུན་བཟང་བསྒོམས་ནས་དབང་བསྐུར་ལ། ཡྃ་སྥ་ར་ཎ་ཕཊ་ཀྱིས་འོག་མིན་རྣམ་སྣང་གིས་ཐུགས་ཀར་འཕང་བས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པ་ནི་ཆོས་སྐུའི་རྒྱུར་འགྱུར་བ་དང་། བསྒྲལ་བའི་ཕུང་པོ་ཤ་ཁྲག་རུས་གསུམ་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བསྔོས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་གྱུར་པ་འདི་གཟུགས་སྐུ་གཉིས་ཀྱི་རྒྱུར་འགྱུར་རོ། །འབྲས་བུའི་བསྒྲལ་བྱ་ངན་སོང་གསུམ་ཚུལ་ཇི་ལྟར་དུ་བསྒྲལ་ན། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ཀྱི་ལྟར་གསལ་བའི་ཐུགས་ཀ་ནས་རྃ་སྤྲོས་པས་ཡེ་ཤེས་ཀྱི་མེས་ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་བསྲེགས། རྣམ་ཤེས་ཨར་གྱུར་ནས་འོག་མིན་དུ་འཕང་ངོ་། །བཞི་པ་དགོས་ཆེད་ནི། དེ་ལྟར་བསྒྲལ་བའི་དགོས་ཆེད་ནི། སློབ་དཔོན་མཆེད་ལ་སོགས་རང་གཞན་རྣམས་ཀྱིས་དམ་ཆོས་བྱེད་པ་ལ་བར་ཆད་བྱེད་མི་མེད་པས་བྱང་ཆུབ་བསྒྲུབ་པའི་སྤྱོད་པ་འཕེལ་ཞིང་སེམས་ཅན་ཡོངས་ལ་གནོད་པ་དང་བྲལ་བས་བདེ་བ་དང་། ཕུང་པོ་མཆོད་པར་བསྔོས་པས་ལྷ་མཉེས་པས་རྣལ་འབྱོར་པ་བདག་གི་དམ་ཚིག་ཆག་ཉམས་སྐོང་ཞིང་། རྣལ་འབྱོར་པ་རབ་ཀྱིས་ཟག་མེད་ལ་བཀོད་པར་བྱེད། འབྲིང་གིས་ལས་ངན་པའི་བར་ཆད་ཅིང་ངན་སོང་གསུམ་གྱི་སྒོ་འགག་པར་བྱེད། ཐ་མས་ངན་སོང་དུ་སོང་ཡང་སྡུག་བསྔལ་ཡུན་ཐུང་བར་བྱེད་དོ། །ཞིང་རང་གིས་དགེ་བའི་ལས་བསགས་པ་མེད་པ་ལ། དེ་ལྟ་བུ་ངན་སོང་ལས་ཐར་ཞིང་ཟག་མེད་བདེ་བའི་ལམ་ལ་བཀོད་པ་ལ་བསྒྲལ་བ་འདི་བྱེད་པ་ལས་མ་གཏོགས་པ་གཞན་ཐབས་མེད་དོ། །ལྔ་པ་ཐེག་པ་འོག་མ་དང་རྩོད་པ་སྤང་བ་ལ་གསུམ་ཡོད་པའི་དང་པོ་ཐབས་ཀྱི་སྤྱོད་པས་མི་འཆིང་བའི་གཏན་ཚིགས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མགོ་བསྒྲེ་བ་ནི། གསང་སྔགས་ཀྱི་རྣལ་འབྱོར་པས་དང་པོ་རྟོགས་པས་བདག་བསྒྲལ་ཞིང་། དེ་ནས་ཐུགས་རྗེས་གཞན་བསྒྲལ་བའི་ཐབས་ཀྱི་སྤྱོད་པས་འཆིང་བར་འགྱུར་ན། ཐུབ་པའི་དབང་པོས་འདི་ཉིད་སྔར་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་པའི་དུས་སུ་སེམས་བསྐྱེད་སྙིང་རྗེ་བསྒོམས་ནས་གདུལ་བྱ་འདུལ་ཐབས་ཀྱི་དབང་གིས། རྔོན་པས་འདུལ་བའི་ཆེད་དུ་རྔོན་པ་བྱ་དཀར་པོ་སྣང་ནས་སེམས་ཅན་སྒྲོལ་བ་དང་། སྨད་འཚོང་མས་འདུལ་བའི་ཆེད་དུ་སྦྱོར་བས་སྟོན་པ་ཐུབ་པའི་དབང་པོའང་ངན་སོང་དུ་ལྟུང་དགོས་ཀྱང་མི་ལྷུང་ནས་སངས་རྒྱས་པའོ། །ཐེག་པ་ཆེན་པོའི་ལུགས་ལ་མི་དགེ་བ་བཅུ་འདི་ཡིད་ཀྱི་གསུམ་ནི་དུས་དང་རྣམ་པ་ཐམས་ཅད་དུ་དགག །དོན་འགྱུར་སྣང་ན་ལུས་ངག་གི་བདུན་པོ་འདི་ལྟ་བ་མ་རྟོགས་ཀྱང་སྤྱོད་པའི་སྐབས་ལ་གནང་བར་བཤད། དེ་ཡང་སྲོག་གཅོད་པ་ལ་དེད་དཔོན་སྙིང་རྗེ་ཆེར་སེམས་ལྟ་བུ་ཞིག་དགོས། མི་ཚངས་པར་སྤྱོད་པ་ལ་ཁྱེའུ་སྐར་མ་ལྟ་བུ་ཞིག་དགོས། མ་བྱིན་པ་ལེན་པ་རྒྱལ་པོ་གསེར་མདོག་ལྟ་བུ་ཞིག་དགོས། རྫུན་དུ་སྨྲ་བ་ལ་བྲམ་ཟེ་ཀུན་རྒྱལ་ལྟ་བུ་ཞིག་དགོས། གཉིས་པ་དམན་སྤྱོད་ཀྱི་དབང་དུ་མི་གཏོང་བ་ནི། འཇིག་རྟེན་གྱི་ཁེ་དང་གྲགས་པའི་སྤྱོད་པ་ཀུན་ནས་ཉོན་མོངས་པས་བསླངས་པའི་སྦྱོར་སྒྲོལ་བྱས་ན་དེ་ལྟར་ཕྱིན་ཏེ་ངན་སོང་དུ་ལྟུང་བའི་ཕྱིར་རང་ཁར་མི་སྤྱོད་དོ། །གསུམ་པ་ཐབས་མཁས་པའི་ལྟ་བས་ཟིན་པ་ནི། ཉོན་མོངས་མ་སྤངས་ཡེ་ཤེས་སུ་ཤར་བས་ཐབས་ཆེན་གསང་སྔགས་བླ་མེད་ཀྱི་ལམ་ལ་གནས་པ་ཡི། སྐྱེ་བོ་ཚོགས་སྦྱོར་བ་ཀུན་གྱིས་སྦྱོར་སྒྲོལ་བྱ་བར་བླ་མེད་ཀྱི་རྒྱུད་སྡེ་ཀུན་ནས་འབྱུང་ངོ་། །གཉིས་པ་སྦྱོར་བའི་དམ་ཚིག་ལ་གཉིས་ཡོད་པའི། དང་པོ་ཉེར་བསྟན་ནི། གྷ་ན་ནི་སྦྱོར་བ་དེའི་དོན་ལ་མི་འདའ་བ་དམ་ཚིག་ཡོ་ག་མན་ཆད་ཀྱི་ཐུན་མོང་མིན་པས་ཆེན་པོ་དེའི་དོན་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་བཞི། དང་པོ་གང་གིས་སྦྱོར་བའི་རྣལ་འབྱོར་པའི་མཚན་ཉིད་ནི། ལོག་པར་འདོད་སྲེད་ཀྱི་ཆགས་པའི་ཡིད་ཤིན་ཏུ་གཡོས་པའི་ཉོན་མོངས་པ་རང་ཁ་མ་དེ་སྤངས་པའི་རྣལ་འབྱོར་པ་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བའམ། འབྲས་བུ་བདག་དོན་ཆོས་སྐུ་དང་། གཞན་དོན་ལ་གཟུགས་སྐུ་གཉིས་ཚེ་གཅིག་ལུས་གཅིག་ལ་མངོན་དུ་བྱེད་འདོད་པའི་མི་དེས་སྦྱོར། གཉིས་པ་གང་ལ་སྦྱོར་བའི་གཟུངས་མའི་མཚན་ཉིད་ལ་གཉིས། དང་པོ་རིགས་བསྟན་པ་ནི། པདྨ་ཅན་ནི་དབང་གི་ཡུམ་སྟེ། བཞིན་མདོག་དམར་བ། དབྱིབས་སོགས་ཁ་མིག་དཀྱུས་རིང་སོ་ཚགས་དམ་ལ་སོ་ཞོ་ཆགས་པ། རྐེད་པ་ཕྲ་ལ་ལུས་ལ་དྲི་ཞིམ་འབྱུང་བའོ། །དེ་སྒྱུ་འཕྲུལ་ཐལ་བ་ལས། བཞིན་མདོག་དམར་པོ་སོག་ཁ་མ། །པདྨ་ཅན་གྱི་བུད་མེད་དེ། །དབང་གི་དུས་སུ་ཤེས་པར་བྱ། །ཞེས་སོ། །དུང་ཅན་མ་ནི་ཞི་བའི་ཡུམ་སྟེ། བོང་ཀེ་ཆུང་ལ་ལུས་མཛེས་པ་བཞིན་དཀར་ལ་ཟླ་བའི་མདོག་འདྲ་ཞིང་སྤུ་གཙུག་གཡས་སུ་འཁྱིལ་བ། ངོ་དང་རི་མོའི་དབྱིབས་ཟླུམ་པོ་ཡོད་པ། སྐད་གསལ་སྔགས་ཟློས་ལ་ཡིད་མི་སྐྱོ་བ་ནི་ཞི་བའི་རིགས་ཏེ། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་སྐད་སྙན་ཁྲོ་སྤང་བ། །ཞི་བའི་དུས་སུ་ཤེས་པར་བྱ། །ཞེས་སོ། །རི་མོ་ཅན་ནི་དྲག་པོའི་ཡུམ་ཏེ། བཞིན་མདོག་ནག་ལ་དབྱིབས་གྲུ་གསུམ་པ། ངོ་ལ་ཁྲོ་གཉེར་ཡོད་པ། གེལ་བག་ཆེ་བ། རྩིད་མགོ་རི་མོ་ཅན་དུ་བཤད་དོ། །བཞིན་མདོག་ནག་མ་གྲུ་གསུམ་པ། །དྲག་པོའི་དུས་སུ་ཤེས་པར་བྱ། །ཞེས་སོ། །བ་གླང་ཅན་ནི་རྒྱས་པའི་ཡུམ་སྟེ། བཞིན་མདོག་སེར་པོ་དབྱིབས་གྲུ་བཞི་པ། སྐྲ་ཁམས་པ། སྨིན་ཚོས་ཆེ་བ། མིག་འབུར་བ། འགྲམ་པ་ཡངས་པ། རྣ་བ་རིང་བ། ཤ་རྒྱས་པ། སྐྲ་མཚམས་དམའ་བ་ནི་བ་གླང་ཅན་ཡིན་པ་དང་། བ་གླང་སེར་པོ་གྲུ་བཞི་པ། རྒྱས་པའི་དུས་སུ་ཤེས་པར་བྱ། ལྕུག་ཕྲན་ཅན་ནི་ཞི་བའི་ཡུམ་སྟེ། སྤུན་ཟླ་མང་ཞིང་རིགས་རྒྱུད་འཕེལ་བའོ། །སྡོང་རྩིག་ནི་དབང་གི་ཡུམ་སྟེ་བུ་མོ་གཅིག་སྐྱེས་སོ། །མེ་ཏོག་ནི་དྲག་པོའི་ཡུམ་སྟེ། ཟླ་བྲལ་མྱ་ངན་གྱིས་གདུང་བའོ། །ཕྱལ་བ་ནི་རྒྱས་པའི་ཡུམ་སྟེ་རང་བཞིན་མི་སྡོམ་པ་སྟེ། དེ་ལྟར་རིགས་བརྟག་པ་བརྒྱད་དོ། །གཉིས་པ་མཚན་བསྟན་པ་ནི། ལུས་ཀྱི་མཚན་ཉིད་མཉེན་ཞིང་དྲང་བ་དང་གཅིག །དཔྱི་དང་རྩིབ་ཐུང་བར་སོར་བཞི་ཡོད་པས་རྐེད་པ་རིང་བ་སྟེ། གཞུའི་ཆང་ཟུར་ལྟར་དུ་སྟོད་སྨད་ཕྱེད་པ་དང་གཉིས། ཡན་ལག་འཕྲ་ལ་འཇམ་ཞིང་ཚིགས་མིག་ཟླུམ་པ་སྟེ་མི་འབུར་བ་དང་གསུམ། དཔྲལ་བའི་དབྱེས་ཆེ་བ་དང་བཞི། མིག་གི་དཀྱུས་ལྷའི་སྤྱན་ལྟར་དུ་རིང་བ་དང་ལྔ། མིག་ཐོག་གི་སྨིན་མ་དཔྲལ་བའི་དཀྱིལ་ན་འབྲེལ་ཞིང་ཁོགས་ནག་ཨུཏྤལ་མདོག་ལྟ་བུ་དང་དྲུག །ལུས་ཀྱང་ཡར་མར་གྱི་ཆུ་རིང་ཐུང་། ཕར་ཚུར་གྱི་ཞེང་སྦོམ་ཕྲ་གཉིས་ཀ་གཞན་གྱི་སྣང་ངོ་ལ་རན་ཏེ་འབྲིང་ཙམ་དུ་བཤད་པ་དང་བདུན། ལུས་ལ་དྲི་མ་མི་ཆགས་པས་ན་ཆུ་ཀློང་ལྟར་དུ་དག་ཅིང་། དབུགས་ལ་སྨན་ག་བུར་གྱི་དྲི་བྲོ་བ་དང་བརྒྱད་དོ། །གསང་བྱའི་དམ་ཚིག་རྣམས་གསང་ཐུབ་ཅིང་ཡང་དག་པའི་དོནལ་ཤེས་རབ་ཆེ་བ། གཤིས་བཟང་ལ་སྤྱོད་པ་དལ་ལ་ཡིད་དུ་འོང་བ། བླ་མ་དང་མཆེད་གྲོགས་ལ་དང་པོ་དད་པ་དང་ལྡན་ཞིང་འགྲོགས་ཤིང་མི་ཡལ་ནས་དད་པ་ཤིན་ཏུ་ཆེ་བ་དང་། དེ་ལྟར་སྤྱོད་ལམ་གྱི་མཚན་ཉིད་བཞི་དང་ཉི་ཤུའོ། །དེ་ལྟ་བུའི་རིག་མ་མཚན་ཉིད་དང་ལྡན་པ་དེ་ཉིད་གསང་བ་བླ་མེད་ཀྱི་དོན་རྣམས་ཉམས་སུ་ལེན་པ་དབང་དང་བསྒྲུབ་པའི་གནས་སུ་སྤྱད་པར་བྱའོ། །གསུམ་པ་བྱིན་གྱིས་བརླབས་པ་ནི། དེ་ཡང་དང་པོ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་དབོག་ལ། དེ་ནས་ལུས་སྦྱོར་ཐབས་ངག་བརྡ་བྱེད་ཐབས། སེམས་ཏིང་ངེ་འཛིན་སྒོམ་ཐབས་ཀྱི་ཆོས་གསུམ་བཤད་དོ། །ཡང་ན་ཕྱི་འདོད་པའི་བསྟན་བཅོས། ནང་ལྷའི་ཏིང་ངེ་འཛིན། གསང་བ་བདེ་སྟོང་གི་ཡེ་ཤེས་ཀྱི་ཆོས་གསུམ་བཤད་ལ། ལུས་ཀྱི་ཡན་ལག་ལྔ་ལ་རིགས་ཀྱི་ཡུམ་ལྔའི་སྐུ་ལ་སོགས་པ་རྣམས་བསྒོམ་པ་ནི། ཕུང་པོ་ཉིད་ལྷར་སྣང་བས་རྡུལ་ཚོན་འགྱེད་པ་སྟེ། གསང་སྔགས་ཐབས་ལ་མཁས་པའི་ལྟ་བས་ཟིན་པའི་རྣལ་འབྱོར་པ་རང་དོན་དུ་བསྒྲུབ་པ་དང་། གཞན་དོན་དུ་དབང་བསྐུར་བའི་སྐབས་ཀྱི་དུས་སུ་སྦྱོར་བར་བྱའོ། །བཞི་པ་རྣམ་གྲངས་ཀྱི་ངོས་ནས་སྦྱོར་བའི་ཕན་ཡོན་བསྟན་པ་ནི། སྦྱོར་བའི་དམ་ཚིག་གི་རྣམ་གྲངས་ལ་རིགས་བརྟགས་པ་ལ་བརྒྱད། མཚན་བརྟགས་པ་ལ་བརྒྱད། སྤྱོད་ལམ་གྱི་ཆོས་བཞི་དང་བཅུ་གཉིས་ཏེ་ཉི་ཤུའི་དོན་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླངས་ན། རང་དོན་དུ་མཆོག་གི་དངོས་གྲུབ་ཚེ་རྣམས་ཐོབ་པ་ལ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། གཞན་དོན་དུ་ཟབ་མོའི་དབང་དོན་གྱིས་སློབ་བུའི་རྒྱུད་སྨིན་ཅིང་ཐུན་མོང་ལས་བཞི་གང་བསྒྲུབ་པ་རྣམས་འགྲུབ་པ་དང་། ཁམས་གསུམ་འཁོར་བའི་སྐྱེ་གནས་ལས་གྲོལ་ཐར་ཞིང་། སངས་རྒྱས་པའི་རིགས་སུ་ངེས་ཏེ་རིག་འཛིན་ཐོབ་པས། དེ་བས་གསང་སྔགས་ཐབས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནི་འདིར་བཤད་པ་སྦྱོར་བས་སངས་རྒྱས་པར་བྱེད་པ་འདི་ཉིད་དོ། །གཉིས་པ་རྫུན་དུ་སྨྲ་བའི་དམ་ཚིག་ལ་བཞི། དང་པོ་ལྟ་བའི་རྫུན་གསུམ་ནི། ཡུལ་སྣང་འདི་རྣམས་རང་རྒྱུད་དུ་མ་གྲུབ་སྟེ་མཚན་ཉིད་རྒྱ་ཆད་ནས་མིང་འདོགས་སྣ་ཚོགས་འབྱུང་བ་ཡང་སེམས་ཀྱིས་ཀུན་བརྟགས་པས་མཚན་ཉིད་རྒྱ་ཆད་པ་རང་མ་གྲུབ་པ་ནི་རི་བོང་གི་རྭ་དང་འདྲ་བ་དང་། རྣམ་གྲངས་མི་འདྲ་བ་དུ་མ་སྣང་ཡང་སེམས་ཀྱིས་ཀུན་བརྟགས་པའི་བསམ་གཟུགས་ཡིན་ཏེ་ཆུ་ལ་རིགས་དྲུག་གི་མཐོང་སྣང་དྲུག་ཏུ་ཤར་བ་དང་། རིང་པོ་ལ་ལྟོས་པའི་ཐུང་ངུར་སྣང་བ་ལ་སོགས་པ་ཡང་སེམས་ཀྱིས་ཀུན་བརྟགས་པ་ཡིན་པ་དང་རྣམ་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པས། ཀུན་རྫོབ་དངོས་པོ་དེ་ཉིད་སྣང་བ་ལ་རང་རྒྱུད་དུ་མ་གྲུབ་པས་རྫུན་ཞེས་བྱ་སྟེ། དེ་ལ་ཤེས་བྱ་ཇི་ལྟར་སྣང་བ་ཐམས་ཅད་རང་རིག་པའི་རྩལ་ལས་གྲུབ་ནས། སྣང་བའི་ཕྱིར་རོ། །ཀུན་རྫོབ་བདེན་པ་འདི་ཉིད་ཡེ་གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་ཤེས་ནས་གཞན་ཀུན་ལ་དེ་ལྟར་དུ་སྨྲ་བ་ལ་ཉེས་པ་མེད་དེ་སྐྱེས་བུ་རྟོགས་ཟིན་དེའི་སྤྱོད་ཡུལ་དུ་གྱུར་པས་ན་ལྟ་བའི་རྫུན་གསུམ་ལ་སྤྱོད་ཅེས་བྱའོ། །ཡང་ན་ལྟ་བའི་རྫུན་གསུམ་གྱི་སྐབས་འདི་ལྟར་དུ་ལ་འདོད་པ་ཡང་སྣང་། རི་བོང་གི་རྭ། མོ་གཤམ་གྱི་བུ་ནམ་མཁའི་མེ་ཏོག་ལ་སོགས་པའི་མཚན་ནི་ཚིག་ཏུ་གྲུབ་ལ་དོན་ལ་མ་གྲུབ་པས་མཚན་ཉིད་ཆད་པའི་ཀུན་བརྟགས་དང་། ཆུ་ལ་རིགས་དྲུག་གི་མཐོང་སྣང་དྲུག་ལ་སོགས་པ་རྣམ་གྲངས་ཀྱི་ཀུན་བརྟགས་དང་། ཚུར་ཀ་ལ་ལྟོས་པའི་ཕར་ཀ་ལ་སོགས་པའི་ཀུན་བརྟགས་དང་རྣམ་པ་གསུམ་གྱི་དངོས་པོ་དེ་ཉིད་ལ་བདེན་པ་མེད་ཅིང་རྫུན་པར་ཞེས་དམ་བཅའ། འོ་ན་གང་བདེན་ཞེ་ན། སྣང་སྲིད་ཐམས་ཅད་རང་རིག་པ་ཉིད་རང་སྣང་བའི་གཏན་ཚིགས་དེའི་ཕྱིར་ཐམས་ཅད་རང་རིག་པ་ཉིད་བདེན་པར་ཐག་ཆོད། དེ་གང་གི་སྤྱོད་ཡུལ་ཡིན་ན། ཐོས་པས་ཤེས་ཤིང་། བསམ་པས་གཞལ་ནས་ཚོགས་དྲུག་གི་སྣང་བ་ཀུན་སྨྲ་བསམ་གཞལ་བྱའི་ཡུལ་ལས་འདས་པར་གང་གིས་རྟོགས་པའི་སྐྱེས་བུ་དེས་དོན་ཉམས་སུ་ལེན་ཅིང་སྤྱོད་པའི་ཡུལ་ཡིན་པར་བཤད་དོ། །མ་རྟོགས་པར་སྨྲས་ན་དགོངས་འདུས་ལས། ཁམས་གསུམས་སེམས་ཅན་སྲོག་གཅོད་པས། །མ་ངེས་ཆོས་བཤད་དེ་བས་ལྕི། །ཞེས་གསུངས་སོ། །རྟོགས་ནས་སྨྲ་བ་ནི། གསང་སྙིང་ལས། རྟོགས་ནས་སྨྲ་བ་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །གཉིས་པ་སྤྱོད་པའི་རྫུན་བཞི་ནི། སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། སློབ་དཔོན་དང་། མཆེད་གྲོགས་དང་། སེམས་ཅན་ཡོངས་ལ་གནོད་པར་བྱེད་འོང་བ་ལ། གནོད་པ་མི་འོང་བའི་ཐབས་རྫུན་དུ་སྨྲ་བའི་དོན་དེ་ལ་མི་འདའ་བས་དམ་ཚིག་བྱའོ། །གསུམ་པ་གསང་བའི་རྫུན་བཅུ་ནི། གསང་བྱའི་ཡུལ་གང་ལ་གང་གསང་བར་བྱ་བའི་དོན་རྣམས། གསང་ཚུལ་གསང་བ་བཅུ་གང་ལ་འདྲིས་པ་ལ་མི་རིག་པའི་ཐབས་ཀྱི་རྫུན་བཅུ་སྨྲ་བའོ། །བཞི་པ་རྣམ་གྲངས་ཀྱི་སྒོ་ནས་ཞབས་བསྡུ་བ་ནི། རྫུན་གྱི་དམ་ཚིག་གསུང་བ་ལྟ་བའི་རྫུན་གསུམ་སྤྱོད་པའི་རྫུན་བཞི་གསང་བའི་རྫུན་བཅུ་དང་བཅུ་བདུན་ཉམས་སུ་བླང་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། གསང་བའི་དོན་དྲང་པོར་སྨྲ་བ་མ་ཡིན་ཅིང་། ཕན་པའི་ཆོས་སུ་འགྱུར་བས་རྫུན་སྨྲ་བ་ནི་དམ་ཚིག་གོ། །གསང་གབ་མེད་པར་རང་རྒྱལ་བྱ་བ་དང་། གཞན་ལ་གནོད་པར་སྨྲ་བ་རྣམ་པ་རྣམས་ནི་ཉམས་སོ། །ཞེས་སོ། །གསུམ་པ་མ་བྱིན་པར་ལེན་པའི་དམ་ཚིག་ལ་གསུམ། དང་པོ་ཚར་གཅོད་པའི་སྒོ་ནས་བླང་བ་ནི། བསྒྲལ་བའི་ཞིང་བཅུར་གྱུར་པའི་ནོར་བཅུ་བླང་བ་དང་། འོ་ན་ངན་སོང་གསུམ་གྱི་ནོར་ཇི་ལྟར་བླང་ན་ངན་སོང་གི་ནོར་དེ་སྡུག་བསྔལ་ཡིན་པ་དེ་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས་དེ་དང་བྲལ་བར་བྱེད་པའོ། །གཉིས་པ་དངོས་གྲུབ་ཀྱི་སྒོ་ནས་བླང་བ་ནི། གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་གཟུངས་མ་གཞན་ལ་སྣང་བ་དང་། བཀྲ་ཤིས་པའི་རྫས་སམ་སྐྱེ་བ་བདུན་པ་ལྟ་བུ་དང་། ས་ན་སྦས་པའི་ཆོས་ཟབ་མོ་དང་། སྐྱེ་བོ་ཕལ་པས་འཆང་བའི་བྱིན་རླབས་ཆེན་པོ་ཡོད་པའི་རྫས་བྷ ནྡྷ་མཚན་ཉིད་དང་ལྡན་པ། སློབ་དཔོན་པདྨའི་དུང་གྲག་ཆེན་གྲག་ཆུང་དང་། དུང་གཡས་འཁྱིལ། རྔུལ་ཆུང་རྡོར་དྲིལ་ལ་སོགས་པ་རྣམས་དང་། ལྷ་འདྲེས་བསྲུང་བ་ཡོད་པའི་གཏེར་དང་། བསྲུང་བ་མེད་པའི་གཏེར་དང་། ལོག་ལྟ་ཅན་གྱི་ཕྱུག་པོ་སེར་སྣས་བཅིངས་པའི་ནོར་རྣམས་ཆོས་ཕྱིར་གཏོང་མི་ནུས་པ་དང་། གོང་དུ་སོང་བའི་བླང་བྱའི་མིང་གི་རྣམ་གྲངས་དེ་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བླངས་ལ་དཀོན་མཆོག་གསུམ་གྱི་ཕྱོགས་ལ་ཚོགས་སུ་འབུལ་བར་བྱའོ། །གསུམ་པ་རྣམ་གྲངས་བསྟན་པའི་སྒོ་ནས་ཞབས་བསྡུ་བ་ནི། མ་བྱིན་པ་ལེན་པ་ལ་མི་འདའ་བས་དམ་ཚིག་ལ་ཞིང་བཅུའི་ནོར་བཅུ། གཟུངས་མ། བཀྲ་ཤིས་རྫས། སྦས་ཆོས། བྱིན་ཆེན་རྫས། བསྲུང་བ་ཡོད་པ་དང་། མེད་པ་དང་། ཕྱུག་པོ་སེར་སྣས་བཅིངས་པའི་ནོར་དང་བཅུ་བདུན་ལ་སྤྱད་པར་བྱའོ། །དམ་ཚིག་བཀོད་པ་ལས། སེར་སྣས་བཅིངས་པའི་སྤྱད་པ་དང་། དངོས་གྲུབ་ཀྱི་རྫས་ཐ་མལ་པས་འཆང་བ་རྣམས་བླངས་ནས་བྱིན་རླབས་ཀྱི་རྟེན་དུ་བྱ་བ་ནི་དམ་ཚིག་གོ། །རང་རྒྱལ་དུ་གཞན་གྱི་སྤྱད་ཕྲོག་པ་རྣམས་ཉམས་པའོ། །ཞེས་སོ། །བཞི་པ་ངག་བརླང་པོའི་དམ་ཚིག་ལ་གསུམ། དང་པོ་ཞིང་བཅུ་ཚར་གཅོད་པའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུར་གྱུར་པའི་སེམས་ཅན་རྣམས་ལ། ཁོང་ནས་སྐྲག་ཅིང་ཚར་བཅད་པའི་ངག་བརླང་པོའི་ཚིག་བཅུ་ཡིས་ཁོའི་ཞེ་གཅོད་ཅིང་སྤྱོས་པས་ཁོ་ཡིས་ལས་ངན་རང་གིས་བྱས་པ་དྲན་ནས་ལས་ལ་འགྱོད་པའི་དགོས་པ་ཡོད། གཉིས་པ་གསང་སྔགས་སྤྱོད་པའི་བརླང་ཚིག་ནི། སྔོན་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ཕྲིན་ལས་དྲག་པོའི་སྒོ་ནས་རུ་ཏྲ་འཁོར་བཅས་བསྒྲལ་བའི་ཤུལ་དུ་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པ་དེ་དང་ཚུལ་མཐུན་པར་དྲག་པོའི་ཕྱག་རྒྱ་ལ་བརྟེན་པ་ཐོབ་ཅིང་སྔགས་བརྗོད་པས་དགྲ་བགེགས་ཀྱི་གདུག་རྩུབ་དག་ཅིང་མི་གནས་པར་བྱེད་པ་དང་། ཐེག་པ་འོག་མའི་སྤང་བྱ་གཟུངས་མ་ལ་བརླང་པོར་སྦྱོར་བའི་དུས་སུ་ས་མ་ཡ་ཧོ། ས་མ་ཡ་སྟྭམ། ཞེས་རྒྱུད་ནས་གསུངས་པ་བཞིན་བརྗོད་པའི་དུས་སུ་འདོད་པའི་བསྟན་བཅོས་བཤད་པས་བདེ་བ་རྒྱས་པ་དང་། སློབ་བུ་སྣོད་བཅོས་པའི་ཕྱིར་ཞེ་གཅོད་པའི་ཚིག་སྣ་ཚོགས་བྱས་པས་ཆོས་ཀྱི་སྣོད་དུ་རུང་བ་དང་འབྱུང་པོའི་གདུག་རྩུབ་བཟློག་པའི་ཕྱིར་དུ་ཞེ་གཅོད་པའི་ཐབས་དྲག་པོའི་ཕྲིན་ལས་ཀྱི་གདངས་ཆེ་ལ་རྔམ་པའི་སྒྲ་དང་བཅས་པའི་གྱེར་མོ་བྱེད་པས་བགེགས་རྣམས་བྱེར་བ་དང་། བཅོས་མི་དགོས་པའི་སྣོད་ཀྱིས་མཚན་ཉིད་དང་ལྡན་པའི་བུ་ལ་བརླང་པོ་སྦྱོར་སྒྲོལ་ལ་སོགས་པའི་ཆོས་བཤད་པས་གསང་སྔགས་གཉིས་མེད་ཀྱི་དོན་ཁོང་དུ་ཆུད་པའོ། །གསུམ་པ་རྣམ་གྲངས་ཀྱི་སྒོ་ནས་ཞབས་བསྡུ་བ་ནི། ངག་བརླང་པོ་དག་གི་དོན་ལ་མི་འདའ་བས་དམ་ཚིག །ཞིང་བཅུ་ལ་བརླང་ཚིག་བཅུ། དྲག་ཤུལ་གྱི་སྔགས། གཟུངས་ལ་བརླང་པོར་སྦྱོར་བ་དང་། སློབ་བུའི་ཞེ་གཅོད་པ། འབྱུང་པོའི་ཞེ་གཅོད་པ། སྣོད་ལྔན་བུ་ལ་བརླང་ཆོས་བཤད་པ་སྟེ། ལྔ་དང་བཅོ་ལྔ་བསྲུང་བའོ། །གཉིས་པ་མི་སྤང་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་པ་ནི། ཐེག་འོག་གི་སྤང་བྱ་འདིར་མི་སྤང་ལམ་དུ་ཁྱེར་བར་བྱེད་པའི་དམ་ཚིག་བཤད་པར་བྱ་བ་ལ་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་འདིར་མདོར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ལ་ལྔ་ཡོད་པའི་དང་པོ་ཐབས་ཀྱིས་ཟིན་པའི་འདོད་ཆགས་ནི། གོང་དུ་གྷ་ནའི་དམ་ཚིག་གི་སྐབས་སུ་ཞིབ་པར་བཤད་པའི་ཐབས་མཁས་པའི་སྒོ་ནས་སྦྱོར་བ་དངོས་སྤྱོད་པའི་འདོད་ཆགས་དང་། དེ་ལྟར་འདོད་ཆགས་ལ་སྤྱོད་དུས་བདེ་བ་རང་ཡེ་ཤེས་སུ་ཤར་བས་སེམས་ཉིད་ཀྱི་རྒྱན་དུ་ཤེས་ནས་རྟོགས་པ་ན། ཤིན་ཏུ་ཞེན་པའི་འདོད་ཆགས་ནི་ཡང་དག་པའི་ལམ་དུ་འགྱུར་ཞེས་ཀུན་བཟང་གིས་གསུངས་སོ། །འདོད་ཆགས་ཆོས་ཉིད་ལ་ཏིང་ངེ་འཛིན་ཆགས་པ་དམ་པའོ། །འདོད་པ་དངོས་པོ་ལ་ཆགས་པ་ཉམས་པའོ། །ཞེས་སོ། །གཉིས་པ་སྙིང་རྗེ་དང་ཤེས་རབ་ཀྱིས་ཟིན་པའི་ཞེ་སྡང་ནི། བསྒྲལ་བའི་ཞིང་བཅུ་བརླག་ནས་ཐར་པའི་ཞིང་ལ་བཀོད་པར་བྱེད་པ་ནི་ཞེ་སྡང་གི་སྤྱོད་པ་རང་ཀ་མ་ལས་དཔག་པས་ན་མཆོག་ཡིན་པ་དང་། ཞིང་བཅུ་བསྒྲལ་བ་ལ་བརྟེན་ནས་ནང་དུ་སྙིང་རྗེའི་རྩལ་རྫོགས་པས་ཕྱི་རོལ་གྱི་ཡུལ་སྣང་སེམས་ཟུང་འཇུག་ཏུ་རྟོགས་པས་འོག་མའི་ཕྱོགས་འཛིན་གྱི་ལྟ་བ་ངན་པ་འཇོམས་པ་དེ་བཞིན་དུ་ཞེ་སྡང་གི་ལྟ་བ་ཡིན་ཏེ། དེ་བས་བསྒྲལ་བ་ལ་བརྟེན་ནས་སྙིང་རྗེའི་རྩལ་རྫོགས་ནས་སྣང་སེམས་ཟུང་འཇུག་རྟོགས་པས་ན་ཐབས་མཁས་པའི་ཞེ་སྡང་གི་སྤྱོད་པ་ཡིན་ནོ། །གསུམ་པ་ཡང་དག་པའི་ལྟ་བ་ལ་བཟོད་པ་ཐོབ་པའི་ང་རྒྱལ་ནི། ཐེག་པ་འོག་མ་ལས་མངོན་པར་མཐོལ་བའི་ལྟ་བ་བདེན་གཉིས་དབྱེར་མེད་མ་འདྲེས་ཡོངས་རྫོགས་རྟོགས་པ་དང་། དེའི་དོན་སྤྱོད་པས་ཏིང་ངེ་འཛིན་ལ་གནས་པའི་ཚེ་རྣམ་རྟོག་གིས་མི་གཡོ་བས་ངེས་པར་སྲན་ཚུགས་པ་དང་། དེ་གཉིས་པོ་ནི་ཤིན་ཏུ་ང་རྒྱལ་བའི་ལྟ་སྤྱོད་ཀྱི་མཆོག་ཏུ་གྱུར་ཅེས་ཀུན་བཟང་གིས་གསུངས་སོ། །ང་རྒྱལ་བདུད་ཀྱིས་བསླུ་བས་མི་ཚུགས་ཤིང་། རྡོ་རྗེ་ཐེག་པ་ལ་སྲན་ཚུགས་པས་དམ་པའོ། །བདེན་པ་མེད་པར་ལོག་པའི་ཕྱོགས་ལ་འཆལ་ཞིང་ཆེ་བ་ཉམས་པའོ། །ཞེས་སོ། །བཞི་པ་ཕྱོགས་འཛིན་དང་བྲལ་བའི་གཏི་མུག་ནི། གསང་སྔགས་བླ་མེད་ཀྱི་ལྟ་བ་རྟོགས་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ཆོས་ཉིད་རང་དུ་གསལ་བས་ཕྱོགས་དང་རིས་སུ་མི་ཕྱེད་པ་དང་། ལྟ་བ་དེ་ལྟར་དུ་རྟོགས་པ་ལ་སྤྱོད་པས་ན་བླང་དོར་མེད་དེ་མི་བྱེད་པ་ནི་ཐེག་པ་ཆེན་པོ་གསང་སྔགས་པའི་གཏི་མུག་གི་ལྟ་སྤྱོད་གོ། །གཏི་མུག་ཕྱོགས་རིས་མེད་ཅིང་ཅི་ཡང་མི་རྟོགས་པ་དམ་པའོ། །བསྟན་པ་ཉན་མི་ཤེས་དགེ་སྡིག་ལ་འཛེམས་བག་མེད་པ་ཉམས་པའོ། །ཞེས་སོ། །ལྔ་པ་སྣོད་དང་མི་ལྡན་པ་སྤང་བའི་ཕྲག་དོག་ནི། ཐེག་པ་འོག་མའི་ཕྱོགས་རེ་བའི་ལྟ་སྤྱོད་དམན་པ་རྣམས་ལ་ནི་འདིར་གསང་སྔགས་བླ་མེད་ཀྱི་ལྟ་བ་བདེན་པ་དབྱེར་མེད་ཀྱི་ཕྲག་ཏུ་མི་ཤོང་བས་དོག་ཅིང་དམ་ཚིག་མ་འདྲེས་པའི་ཉམས་པ་ཅན་སྤོང་བར་བྱེད་པའི་སྤྱོད་པ་ནི་ཕྲག་དོག་དེ་ལས་མི་འདའ་བས་དམ་ཚིག་བསྲུང་བ་ཡིན་ནོ། །ཕྲག་དོག་ཆོས་ཉིད་ལ་གལ་མི་འཇུག་ཅིང་། ཡང་དག་པ་ལ་འཛིན་རྟོག་མིང་ཡང་མེད་པར་གནས་པ་ནི་དམ་པའོ། །གཞན་ཉམས་པ་མེད་པར་གྲོགས་མཆེད་ལ་ཕྲག་དོག་པ་ནི་ཉམས་པའོ། །ཞེས་སོ། །གཉིས་པ་ལོག་པའི་དུས་ལྔ་མི་སྤང་བ་ལ་ལྔ། དང་པོ་ལོག་པའི་དུག་ལྔ་གང་ནས་ལྡན་པ་ངོས་བཟུང་བ་ནི། ལོག་པའི་དུག་ལྔ་ནི་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་རང་ཆས་སུ་ལྡན་པ་འདི་ཉིད་ཡིན་ཏེ། གཉིས་པ་དུག་ལྔ་སེམས་ཡིན་པ་ལ་སེམས་རང་གཟུགས་འཛིན་དང་བྲལ་བས་དུག་ལྔ་སྤང་མི་དགོས་པར་ཡེ་ཤེས་ཡིན་པར་བསྟན་པ་ནི། དུག་ལྔ་དེ་ཉིད་རང་རིག་རང་སྣང་ཡིན་པའི་ཕྱིར། གཏན་ཚིག་དེ་བས་ན། དང་པོ་དྲན་པའི་ཡུལ་བཟང་ངན་བར་གསུམ་ཐམས་ཅད་ཤེས་པ་ལ། ཤེས་པའི་ཡུལ་བཟང་ངན་བར་གསུམ་ཐམས་ཅད་ལ་བཟང་པོ་ལ་འདོད་ཆགས། ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག །བདག་ཏུ་ང་རྒྱལ། ཞིང་གཞན་དུ་ཕྲག་དོག་པའི་རྩོལ་བ་བྱུང་བ་ནི་དུག་ལྔ་ཡིན་ཏེ། རྩོལ་བ་བྱུང་དུས་སེམས་རང་གིས་བཙལ་བའི་ཕྱིར། སེམས་ནི་དངོས་པོ་མེད་འོད་གསལ་བའི་དུག་ལྔ་སྤང་དུ་མེད་པའི་ཐབས་མཁས་པས་ཐབས་མཁས་དེ་ཉིད་རང་རིག་པའི་ཡེ་ཤེས་ཡིན་ཏེ། དུག་ལྔ་རང་རིག་རང་སྣང་འདི་ལ། ཀུན་གཞི་ནས་ཕར་ངོ་སྤྲད་ལུགས་དང་། སྒོ་ལྔ་ནས་ཚུར་ལ་ངོ་སྤྲོད་ལུགས་གཉིས། ཕྱི་མ་ལྟར་ན། དྲན་པ་སྒོ་ལྔ། ཤེས་པ་ཡིད། རྩོལ་བ་ཉོན་ཡིད། སེམས་ཀུན་གཞི། ཀུན་གཞི་རང་སྟོང་དུ་སོང་བས་རྣལ་མ་དོན་གྱི་ཀུན་གཞི། ཚོགས་དགུ་དྲི་མ་མེད་པ་ལ་ངོ་སྤྲད། དེའི་དུས་སུ་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་ཤར་བས་ཐབས་མཁས་ཞེས་བྱའོ། །གསང་སྔགས་ཀྱི་ལུགས་ཀྱིས་སྤྲོ་བསྡུ་དང་དགག་བསྒྲུབ་མེད་པར་རྩོལ་བ་བྱུང་དུས་རང་རིག་པའི་ཡེ་ཤེས་སུ་ཤར་དགོས། དེའི་དོན་གྱིས་སྔ་མ་ལྟར་འཐད་པར་མངོན་ནོ། །གསུམ་པ་དེ་ཡང་གསར་དུ་མ་ཡིན་ཞིང་ཡེ་གདོད་མ་ནས་དུག་ལྔ་ཡེ་ཤེས་ཡིན་པའི་དཔེ་དང་བཅས་པ་ནི། དཔེར་ན་ཉི་མའི་དཀྱིལ་ན་མུན་པ་གཏན་ནས་མེད་པ་ལྟར་ཡེའམ་ཐོག་མེད་དུས་ནས་སེམས་ཉིད་ངོ་བོ་ལ་ཡེ་ཤེས་རང་སྣང་མ་གཏོགས་པ་རྒྱུ་ཉོན་མོངས་དུག་ལྔ་བྱུང་དུས་ངོས་བཟུང་མེད་པས་ན་འབྲས་བུ་འཁོར་བའི་སེམས་ཅན་བྱུང་དུས་རང་རྒྱུད་དུ་གྲུབ་པ་ངང་གིས་མེད་པའོ། །བཞི་པ་དེ་ལྟ་བའི་དོན་རིག་ན་ཡེ་ཤེས་ཉིད་མ་གཏོགས་པ་སྤང་བྱ་མེད་དེ་མི་སྤང་བའི་དོན་བསྟན་པ་ནི། གང་གི་དོན་དེ་རྣམས་ཤེས་ཤིང་རྟོགས་པའི་ངོ་བོ་ལ་རང་རིག་ཡེ་ཤེས་སུ་ཤར་བ་ལས་མ་གཏོགས་པ་སྤང་བར་བྱ་བའི་ཉོན་མོངས་པའང་རང་རྒྱུད་དུ་མ་གྲུབ་པས་དམིགས་མི་འགྱུར་བའི་རིན་པོ་ཆེའི་གླིང་དུ་ཕྱིན་པས་ས་རྡོ་མེད་པ་བཞིན་ནོ། །ལྔ་པ་རྣམ་གྲངས་ཀྱི་སྒོ་ནས་འབྲས་བུ་ཐོབ་ཚུལ་གྱི་ཞབས་བསྡུ་བ་ནི། དེ་ལྟར་མི་སྤང་བའི་དམ་ཚིག་ལ་ཡང་དག་པའི་དུག་ལྔ་ལ་ལྟ་སྤྱོད་གཉིས་སུ་ཕྱེ་བས་བཅུ། ལོག་དུག་ལྔ་དང་བཅོ་ལྔ་ལ་གནས་པའི་གང་ཟག་གི་སྣང་ངོའི་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཤར་བས་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་པའི་མཐར་ཐུག་གི་འབྲས་བུ་དོན་གཉིས་རྫོགས་པའོ། །འོ་ན་ལོག་པའི་དུག་ལྔ་མི་སྤང་བར་བཤད་པ་འདི་གསང་བ་ཡིན་ནམ། བསྒྲགས་པ་ཡིན། དྲང་དོན་ཡིན་ནམ། ངེས་དོན་ཡིན། མི་སྤང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན་མི་སྤང་བ་ལ་དགོས་ཆེད་ཅི་ཡོད། ལམ་དུ་བྱེད་ན་ཚུལ་ཇི་ལྟར་བྱེད། ཅེ་ན། དྲི་བ་དང་པོའི་ལན་ནི། བློ་ཆུང་གསང་སྔགས་སྒྲ་ཅི་བཞིན་པར་སྤྱོད་པ་ལ་གསང་ཞིང་། བློ་ལྡན་ཡང་དག་པའི་ལམ་ལ་ཞུགས་པ་ལ་བསྒྲགས་པ་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། ཉོན་མོངས་པའི་ཏིང་ངེ་འཛིན་དང་ཡེ་ཤེས་གཉིས། སྤང་གཉེན་གྱི་ལྟ་བ་དྲང་དོན་ཡིན་ལ། གཉིས་མེད་ཀྱི་ལྟ་བ་ངེས་དོན་ཏེ། རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཅེས་པ་ལ་སོགས་པ་གསུངས་པས་མངོན་ནོ། །དྲི་བ་གསུམ་པའི་ལན་ནི། ལོག་པའི་དུག་ལྔ་མི་སྤང་བའི་གཏན་ཚིགས་ལ་ལྔ་སྟེ། སྤང་བར་བྱ་བའི་གཞི་མ་གྲུབ་པ་དང་། རྣམ་པར་བྱང་བའི་ལམ་ཡིན་པ་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་གྲུབ་ཡིན་པ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་ན་མི་སྤང་ངོ་། །དེ་ལ་དང་པོ་ནི། ལོག་པའི་དུག་ལྔ་ཆོས་ཅན། སྤང་བར་བྱ་བའི་གཞི་མ་གྲུབ་སྟེ། ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་ཁ་མ་མེད་པའི་ཕྱིར། དཔེར་ན་ཐག་ཁྲ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །རིག་པ་ཡེ་ཤེས་བསྒྲུབ་ཏུ་མེད། །ཅེས་པས་མངོན་ནོ། །གཉིས་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་ཀྱིས་ཟིན་ན་རྣམ་པར་བྱང་བའི་ལམ་ཡིན་ཏེ། དུག་ལྔ་སྤྱི་དང་རང་གི་མཚན་ཉིད་རྟོགས་པ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། དཔེར་ན་དུག་གི་སྨན་མར་གྱིས་དུག་ནད་འཇོམས་ཤིང་བདུད་རྩིའི་མཆོག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་པ་དང་། ཀུན་བྱེད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་ལྔ་རྣམས་ཀྱང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་ནི་ལོག་པའི་དུག་ལྔ་ཆོས་ཅན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། དུག་ལྔ་ཡི་གེ་ༀ་གྱིས་མཚོན་ནས་སྐུ། ཨཱཿཡིས་མཚོན་ནས་གསུང་། ཧཱུྃ་གིས་མཚོན་ནས་ཐུགས་སུ་བརྡ་སྤྲོད་པས། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱིར་རོ། །དཔེར་ན་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་ནོ། །དེ་ཡང་སྤྱི་མདོ་ལས། ཉོན་མོངས་དུག་ལྔར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་། །ཞེས་གསུངས་སོ། །བཞི་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དུག་ལྔར་སྣང་བ་ཐབས་དང་། དེ་ལས་རང་བཞིན་མེད་པ་ཤེས་རབ་ཡིན། དེ་གཉིས་ཡེ་ནས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དཔེར་ན་ཚ་ནད་ཅན་དང་རླུང་ནད་ཅན་ལ་ག་བུར་སྨན་དང་དུག་ཏུ་སྣང་ཡང་། ག་བུར་སྨན་དུག་དབྱེར་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་འགགས་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །ལྔ་པ་ནི་ལོག་པའི་དུག་ལྔ་ཆོས་ཅན་རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ཏེ། ཞེ་སྡང་མི་བསྐྱོད་པ་རྡོ་རྗེའི་རིགས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་བཞིན་ཏུ་གཏི་མུག་དེ་བཞིན་གཤེགས་པའི་རིགས་དང་། མེ་ལོང་ལྟ་བུ། ང་རྒྱལ་རིན་ཆེན་རིགས་དང་། མཉམ་པ་ཉིད། འདོད་ཆགས་པདྨའི་རིགས་དང་། སོ་སོར་རྟོག །ཕྲག་དོག་ལས་ཀྱི་རིགས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དཔེར་ན་འཁྱག་པའི་བདག་ཉིད་ཆུ་ཡིན་པ་བཞིན་ནོ། །ཀུན་བྱེད་ལས། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །དྲི་བ་བཞི་པའི་ལན་ནི། ལོག་པའི་དུག་ལྔ་མ་སྤངས་པའི་དགོས་ཆེད་ལ་དོན་གཉེར་དང་། གཞན་སེལ་གཉིས་ལས། དང་པོ་ལ་ལྔ་སྟེ། དང་པོ་བློ་ཞེན་པ་ལྡོག་པའི། སྤྲོས་པའི་བག་ཆགས་ཉེ་བར་ཞི་བའི། ཆོས་ཉིད་ཀྱི་དོན་ལ་བློ་མྱུར་བའི་བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི། སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་ཆེད་ཡོད་དོ། །དེ་ལ་དགོས་པ་དང་པོ་ནི། ཕ་མེས་ཐམས་ཅད་མེས་ཚིག་ནས་ཤི་བའི་མི་ཞིག་གིས་བསམ་པ་ལ། མེ་ནི་ཚ་ཞིང་སྲེག་པ་ཁོ་ནའོ་སྙམས་དུ་མངོན་པར་ཞེན་པ། དུས་ནམ་ཞིག་གི་ཚེ་འབྲོག་དགོན་པ་གཅིག་ཏུ་ཕྱིན་པས་དེ་ནས་དྲང་སྲོང་མེའི་གཙང་སྦྲ་ཅན་དང་། རི་དྭགས་མེ་བྱི་དཀར་པོ་བྱ་བ། མེ་ལ་གནས་བཅས་ནས་ཟས་སུ་མེ་ཟ་བ་སྐོམ་དུ་མེ་འཐུང་བ་ཞིག་མཐོང་ནས་འོ་ན་མེ་འདི་ཚ་ཞིང་སྲེག་པ་ཁོ་ནར་འདུག་སྙམ་པའི་མངོན་པར་ཞེན་པ་ལོག་གོ། །དཔེ་དེ་བཞིན་དུ་ཐེག་པ་འོག་མ་པས། ཉོན་མོངས་པ་འཁོར་བའི་ཆོས་ཁོ་ནར་བཟུང་སྟེ། སྤོང་འགེགས་སྦྱང་བསྒྱུར་བྱེད་པ་ལ། གསང་སྔགས་པས་ཉོན་མོངས་པ་ཉིད་རང་རིག་པ་བྱུང་ཆུབ་སེམས་ཡིན་པས། མ་སྤངས་པར་ལམ་དུ་བྱས་ན་སངས་རྒྱས་ཀྱི་འབྲས་བུ་ཚེ་གཅིག་ལུས་གཅིག་ལ་ཐོབ་བོ་ཞེས་བརྗོད་པས། ཐེག་པ་འོག་མ་པས་དུག་ལྔ་འཁོར་བའི་ཆོས་ཁོ་ན་ཡིན་སྙམ་པའི་མངོན་པར་ཞེན་པ་ལས་གྲོལ་ལོ། །གཉིས་པ་ནི། སྤང་བླང་ལ་སོགས་པ་གཉིས་བྱུང་ཕན་ཆད་སྤྲོས་པ་སྟེ། གཉིས་སུ་ཞེན་པ་ལས་ལོག་ཙ་ན། སྤྲོས་པའི་བག་ཆགས་ཞི་བའོ། །གསུམ་པ་ནི། ཉོན་མོངས་པ་ཉིད་ཆོས་ཉིད་ཡིན་པས་དེ་ལྟར་རྟོགས་ན་ལམ་དང་འབྲས་བུ་གཞན་ན་ཚོལ་མི་དགོས་པར་ཐག་ཆོད་པས། ཆོས་ཉིད་ལ་བློ་མྱུར་བའོ། །བཞི་པ་ནི། ཉོན་མོངས་པ་མ་སྤངས་བར་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་དང་ལྡན་པ་སྔགས་ཀྱི་བཀའ་རྒྱུད་འདི་ནི། ཐེག་པ་གཞན་ལས་ཁྱད་པར་འཕགས་པས་ཤིན་ཏུ་ཟབ་པའོ་སྙམ་པའི་གུས་པ་སྐྱེའོ། །ལྔ་པ་ནི། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐམས་ཅད་ལ་མ་འགགས་པར་ཤེས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། དེའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཡེ་ཤེས་སུ་ཤར་བའོ། །གཉིས་པ་གཞན་སེལ་གྱི་དགོས་ཆེད་ནི། ཞེ་སྡང་མེད་ན། རང་བྱུང་གི་ཡེ་ཤེས་སྐྱེ་མི་ཐུབ། འདོད་ཆགས་མེད་ན་བདེ་བའི་ཡེ་ཤེས་རྒྱུད་ལ་མི་སྐྱེ་གཏི་མུག་མེད་ན་རྣམ་པར་མི་རྟོག་པའི་ངང་ལ་བློ་མི་གནས། ང་རྒྱལ་མེད་ན་ཆོས་ཉིད་དུ་ལ་མི་བཟློས། ཕྲག་དོག་མེད་ན་མཉམ་པ་ཉིད་དུ་ཁོད་མ་སྙོམས་པའོ། །དྲི་བ་ལྔ་པའི་ལན་ནི། དུག་ལྔ་ལམ་དུ་བྱེད་ཚུལ་ལ་བརྟག་པ་བཞི་སྟེ། དེའང་ཆོས་ཅན་ཞེ་སྡང་ལྟ་བུ་གཅིག་ལ་སྦྱར་ན། རྒྱུད་ལ་ཞེ་སྡང་དྲག་པོ་ཀམ་གྱིས་སྐྱེས་པའི་རང་ལྡོག་དེ་ཀ་ལམ་དུ་བྱེད་དམ། དེ་གཏན་ཚིགས་ཀྱིས་གཞིག་པས་རང་བཞིན་མ་གྲུབ་པ་དེ་ལམ་དུ་བྱེད་དམ། ཞེ་སྡང་ལ་བརྟེན་ནས་གཉེན་པོ་བྱམས་པ་བསྒོམས་པ་དེ་ལམ་དུ་བྱེད་དམ། ཞེ་སྟང་འགགས་པའི་རྗེས་ཐོབ་གྱི་ཤེས་པ་གསལ་ལ་རྟོག་མེད་ལམ་དུ་བྱེད་དམ། དང་པོ་ལྟར་ན། ཕ་བསད་ཀྱི་བུ་མཚམས་མེད་ཀྱི་ལས་ཀྱིས་མི་གོས་པར་རྣམ་གྲོལ་ཐོབ་པར་ཐལ། གཉིས་པ་ལྟར་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་མེད་པར་ཐལ། གསུམ་པ་ལྟར་ན། འདོད་ཉོན་མོངས་ལམ་བྱེད་དུ་འདོད་ཀྱང་། གཉེན་པོ་ལམ་བྱེད་དུ་ཐལ། བཞི་པ་ལྟར་ན། མ་རིག་པ་ཡེ་ཤེས་ཐ་དད་དུ་ཐལ། དེ་ཐམས་ཅད་རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་འདོད་པར་ནུས་པ་མ་ཡིན་ཏེ། ལུང་རིགས་ཀྱིས་གསལ་ལོ་ཞེ་ན། འདི་ཡིན་མིན་ནི། རྗེ་གོང་བུ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱིས་ཞལ་ནས། སྐད་གཅིག་མ་དང་པོ་ལ་ཉོན་མོངས་པ་ཏུལ་གྱིས་སྐྱེས་པ་ལ། སྐད་ཅིག་གཉིས་པར་ཆོས་ཉིད་དུ་ཤེས་པ་ལམ་དུ་བྱེད་གསུངས་ཏེ། དེས་ཀྱང་བརྟག་པ་ཐ་མའི་སྐྱོན་མི་སྤང་དོ། །རྗེ་སྒྲོལ་ཕུག་པའི་བཞེད་ཀྱིས་ཉོན་མོངས་པ་ཀམ་གྱིས་སྐྱེ་བ་ལམ་དུ་བྱེད་དེ། དེ་ཡང་དག་པའི་ལྟ་བས་རྩིས་ཟིན་པ། རང་རྒྱུད་དུ་མ་ནོར་བ་ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་དང་ཆོས་སུམ་ལྡན་གཅིག་ལ་ལམ་དུ་བྱེད་གསུང་ཡོད་ཀྱང་། དེ་ལྟར་ན། ཆོས་གསུམ་ལྡན་དང་ཀམ་གྱིས་སྐྱེས་པ་ལ་ཁྱད་ཡོད་དམ་མེད། ཡོད་ན་ལམ་དུ་བྱེད་རྒྱུ་དེ་ཉོན་མོངས་པ་ཀམ་སྐྱེས་མ་ཡིན་པར་ཐལ། ཆོས་གསུམ་ལྡན་ཡིན་པའི་ཕྱིར། ཀམ་སྐྱེས་ཡིན་ཀྱང་། ཆོས་སུམ་ལྡན་ཡིན་ན། ཐ་དད་པའི་དམ་བཅའ་བུད། འོན་ཏེ་ཁྱད་མེད་ན། བརྟག་པ་དང་པོའི་སྐྱོན་གྱིིས་གནོད། དེས་ན་ཁོ་བོས་ནི་འདི་ལྟར་བསམ་ཏེ། ཉོན་མོངས་པ་ཀམ་སྐྱེས་ལ་ལམ་དུ་བྱེད་ལ། འོ་ན་ཕ་བསད་ཀྱི་བུ་རང་གྲོལ་བར་ཐལ་ཞེ་ན། དེ་ལ་བརྟག་སྟེ། མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་ལམ་དུ་བྱེད་པའི་ཕ་བསད་ཀྱི་བུ་ལ་ཟེར་རམ། དེ་ལས་གཞན་པའི་ཕ་བསད་ཀྱི་བུ་ལ་ཟེར། སྔ་མ་ལྟར་ན་འདོད་ཐོག །ཕྱི་མ་ལྟར་ན་ཁྱབ་པ་མེད་དེ། ཕ་བསད་ཀྱི་བུ་དེ་ལ། ཞེ་སྡང་ཀམ་སྐྱེས་ཡོད་ཀྱང་མ་ཧཱ་ཡོ་གའི་ལམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་གང་ཡིན་སྙམ་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདིང་དང་ལྡན་པས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ་པའི་ཐབས་ཀྱིས་ཉོན་མོངས་པ་སྤྱོད་ཀྱང་མི་འཆིང་བ། རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས། ཉོན་མོངས་པ་ཀམ་གྱིས་སྐྱེས་པའི་དུས་ན། སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་རྗེས་སུ་མི་གཏོང་། ཉན་ཐོས་ལྟར་མི་སྤོང་། རང་རྒྱལ་ལྟར་མི་འགོགས། བྱང་ཆུབ་སེམས་དཔའ་ལྟར་མི་སྦྱོང་། སྔགས་ཕྱི་རྒྱུད་ལྟར་མི་སྒྱུར་བར་དཔེར་ན་ཉ་ལམ་དུ་ཆུ་བདེ་བ་ལྟ་བུ་ནི། མ་ཧཱ་ཡོ་གའི་ལམ་པ་མཚན་ཉིད་ལྡན་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་གསང་སྔགས་པར་ཁས་འཆེས་པས། གབ་བའི་གསང་བ་ཆོས་ཉིད་ཇི་བཞིན་པའི་དོན་མ་རྟོགས་ཤིང་། སྦས་པའི་གསང་བ་ཏ་ན་དང་གྷ་ན་ལ་སོགས་པ་ལ། མངོན་པར་འཆལ་ནས། གསང་སྔགས་སྒྲ་ཇི་བཞིན་པ་ལྟར་སྤྱོད་པ་རྣམས་ནི། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མར་གསུངས་སོ། །གསུམ་པ་དང་དུ་བླང་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་ནི། གསང་སྔགས་བླ་མེད་ཀྱི་སྒོར་འཇུག་པའི་རྣལ་འབྱོར་པ་ཀུན་གྱིས་མོས་པ་དང་ནུས་པའི་སྒོ་ནས་དང་དུ་བླང་བའི་དམ་ཚིག་ལ་ལྔ་སྟེ། གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་རྫས་ཀྱི་ངོ་བོ་ནི། དྲི་ཆེན་དང་། དྲི་ཆུ་དང་། མཾ་ས་སྟེ་ཤ་ཆེན་དང་། ཟིལ་པ་སྟེ་པདྨ་རཀྟ་དང་། ལྷག་པའི་བྱང་སེམས་དང་རྣམ་པ་ལྔ་ལ། གཉིས་པ་ཡོན་ཏན་འབྱུང་བས་དང་དུ་བླང་བའི་གཏན་ཚིགས་ནི། རང་བཞིན་དང་། ངོ་བོ་དང་། མཐུ་དང་། བྱིན་རླབས་ཀྱིས་གྲུབ་པ་དང་བཞི་ཡིས་བརྒྱན་པའི་ཕྱིར་དང་དུ་བླང་སྟེ། སེམས་དངོས་པོ་མེད་བཞིན་ལུས་སུ་སྣང་བ་ལ་དམ་རྫས་ལྔ་གནས་པ་ཡང་སྣང་བཞིན་ངོ་བོ་མ་གྲུབ་པ་ནི་ཆོས་ཉིད་རང་གི་རང་བཞིན་གྱིས་གྲུབ་པ། དམ་རྫས་ལྔ་ངོ་བོ་མ་གྲུབ་བདེ་བའི་ཡེ་ཤེས་བསྐྱེད་པ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ལྟ་སྒོམ་གྱིས་ཉམས་སུ་ལེན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བ་ནི་མཐུས་གྲུབ་པ། དམ་རྫས་དང་དུ་བླངས་པའི་རྣལ་འབྱོར་པ་ལ་སངས་རྒྱས་བྱང་སེམས་མ་དང་མཁའ་འགྲོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནི་བྱིན་རླབས་ཀྱིས་གྲུབ་པའོ། །དེ་ཡང་ཐལ་བའི་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་ཡེ་ཤེས་བདེ་བ་ལྔ། །བྱེད་པ་མེད་པར་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་སོ། །གཞན་ཡང་། ནད་ལྔ་བསལ་ཕྱིར་བླང་བ་དང་། །གཙང་སྨེ་སྡིག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔར་གྲུབ་པའི་ཡོན་ཏན་ནོ། །སྡུག་བསྔལ་ལས་དགྲོལ་དངོས་གྲུབ་ཐོབ་པའི་ཕྱིར་དང་དུ་བླང་བའོ། །ཡང་ན་སྔར་གྱི་བཤད་སྲོལ་ལྟར་ན། དང་པོ་མཐུས་གྲུབ་པ་ནི། ནད་ལྔ་བསལ་བའི་ཕྱིར་དང་དུ་བླང་སྟེ། དྲི་ཆེན་གྱི་དུག་ནད་སེལ། དྲི་ཆུས་གྲང་ནད། ཤ་ཆེན་གྱིས་མཛེ་ནད། རཀྟས་འབྲུམ་ནད། བྱང་སེམས་ཀྱི་ཚ་ནད་སེལ་བ་དང་། བྱིན་རླབས་ཀྱིས་སྒྲུབ་པ་ནི། གཙང་བ་དང་སྨེ་བ་སྟེ་བཙོག་པ་གཉིས་འཛིན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར་ལྔ་པོ་དང་དུ་བླང་བས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པ་དང་། ངོ་བོས་གྲུབ་པ་ནི། ཀུན་དང་ཐུན་མོང་གི་དགོས་པ་ལྔ་ཡོད་པའི་ཕྱིར་དང་དུ་བླང་སྟེ་དྲི་ཆེན་བསྟེན་པས་ཚེ་རིང་། དྲི་ཆུས་སྐད་སྙན། ཤ་ཆེན་གྱི་མཐུ་ཆེ། རཀྟས་བཀྲག་གསལ། བྱང་སེམས་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པས་གཞན་ཟིལ་གྱིས་གནོན་པས་བརྗིད་ཆེ་བ་དང་། རང་བཞིན་གྱིས་གྲུབ་པ་ནི། རྒྱ་ཆེ་བའི་ངོས་ནས་རིགས་ལྔ་དང་། ཟབ་པའི་ངོས་ནས་ཡེ་ཤེས་ལྔར་གྲུབ་པའི་ཡོན་ཏན་ཡོད་དེ། ཕའི་བྱང་སེམས་ཀྱིས་ཞེ་སྡང་སྐྱེ་བས་དེ་ཉིད་རྡོ་རྗེ་སེམས་དཔའ། དྲི་ཆེན་གྱི་རྩ་ཁ་འགགས་པས་གཏི་མུག་བསྐྱེད་པ་དེ་ཉིད་རྣམ་སྣང་། ལུས་ཀྱིས་ཤ་ཡིས་སྟོབས་རྫོགས་པས་ང་རྒྱལ་བསྐྱེད་པས་དེ་ཉིད་རི་ཆེན་འབྱུང་ལྡན། མའི་རཀྟས་འདོད་ཆགས་བསྐྱེད་པས་དེ་ཉིད་སྣང་བ་མཐའ་ཡས། ཆུ་ཡིས་རླུང་། རླུང་གིས་འདུ་བྱེད་ཀྱི་ལས་བྱེད་པས་ཕྲག་དོག་བྱུང་བས་དེ་ཉིད་དོན་གྲུབ་གཏི་མུག་གི་རྨུག་པ་དག་ནས་མི་འབྱེད་པ་རང་ཆོས་དབྱིངས་ཡེ་ཤེས། ཞེ་སྡང་གི་རྩུབ་ཟེར་དག་ནས་གསང་བ་རང་མེ་ལོང་ཡེ་ཤེས། ང་རྒྱལ་གྱི་མི་ཉམས་པ་དག་ནས་རང་མཉམ་ཉིད་ཡེ་ཤེས། འདོད་ཆགས་ཀྱིས་ཞེན་པ་དག་ནས་སོ་སོར་འབྱེད་པ་རང་སོར་རྟོག་ཡེ་ཤེས། ཕྲག་དོག་གི་གཞན་གྱི་ཡོན་ཏན་རང་གི་ཕྲག་ལ་མི་ཤོང་བ་དག་ནས་རང་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ཡང་ན་ཁ་དོག་ལྔའི་སྒོ་ནས་རིགས་ལྔ་ངོ་སྤྲད་པ་ཡིན་ཏེ་བདུད་རྩི་བམ་བརྒྱད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །མཱཾ་ས་རིན་ཆེན་འབྱུང་ལྡན་སྔོ། །རཀྟ་སྣང་བ་མཐའ་ཡས་དམར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་། །ཞེས་གསུངས་སོ། །དེའི་དོན་གྱིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་མཆོག་ཐུན་མོང་བསྒྲུབ་པའི་དངོས་གྲུབ་རྣམས་ཐོབ་པའོ། །གསུམ་པ་ལྟ་སྤྱོད་ཀྱི་རྩི་ཡིས་ཟིན་ནས་སྤྱད་ན་ལམ་གྱི་མཆོག་གི་ཡོན་ཏན་དཔག་མེད་ཡོད་པ་ནི་ལྟེ་བའི་རྩ་ནི་ཤ་ཆེན་གྱི་བཅུད། ལོང་རྩ་ན་རིན་ཆེན། རོ་མ་ན་དྲི་ཆུ། རྐྱང་མ་ན་རཀྟ་ཀུན་འདར་མ་ནི་བྱང་སེམས་ཀྱི་བཅུད་དང་ལྔ་པོ་བཏུང་བ་སྟེ་ཉམས་སུ་བླང་བ་ལ་དབང་ཐོབ་ན་གཉིས་འཛིན་ལས་གྲོལ་ནས་མཉམ་པ་ཉིད་ཀྱི་དོན་རྟོགས་པ་ན་ལམ་གྱི་མཆོག་ཡིན་ནོ། །འོ་ན་བདུད་རྩི་ལྔ་ལ་གང་སྤྱོད་གྲོལ་ལམ་ཞེ་ན། གསང་སྔགས་ཐབས་མཁས་པའི་ལྟ་སྤྱོད་ཀྱི་རྩི་ཡིས་ཟིན་ཅིང་ལུང་བམ་བརྒྱད་ལ་བཤད་པ་ལྟར་བསྟེན་ཤེས་ན། གོང་དུ་གྲུབ་པ་བཞིའི་སྐབས་སུ་བཤད་པ་ལ་སོགས། ཡོན་ཏན་བརྗོད་པ་ལས་འདས་པར་ཀུན་བཟང་གིས་གསུངས་སོ། །ཐབས་ཀྱིས་མ་ཟིན་ན་མི་གྲོལ་ཏེ་ཁྱི་ཕག་བཞིན་ནོ། །གསུམ་པ་རྣམ་གྲངས་ཀྱི་ངོས་ནས་ཞབས་བསྡུ་བ་ནི། གྲངས་སུ་ཕྱེ་བས་དོན་ལ། མི་འདའ་བས་དམ་ཚིག །དེ་ལ་རྩ་བའི་བདུད་རྩི་ལྔ། རང་བཞིན་གྱིས་གྲུབ་པ་ལ་རིགས་ལྔ་ཡེ་ཤེས་ལྔ་སྟེ་བཅོ་ལྔ། གྲུབ་པ་གསུམ་པོ་ལ་ལྔ་ལྔ་སྟེ་བཅོ་ལྔ་དང་སུམ་ཅུ་དེ་ཉིད། ལམ་ཟག་བཅས་ཀྱི་ཏིང་ངེ་འཛིན་མཐོན་དམན་གྱི་སྐབས་ཀྱི་ཕྱེ་བས་དང་པོ་མོས་པ་ལམ་དུ་བྱེད། དེ་ནས་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་དངོས་སུ་དང་དུ་བླང་བརཀུན་བཟང་གིས་གསུངས་སོ། །ཡང་ན་དབང་དང་སྒྲུབ་པའི་སྐབས་སུ་དང་དུ་བླང་བར་བྱ་གསུངས་ཞེས་ཟེར་རོ། །དམ་ཚིག་བཀོད་པ་ལས། དང་དུ་བླང་བ་ལ་ལྔ་སྟེ། རྣམ་རྫས་ལྔ་པོ་ཉིད། ཆོས་ཐམས་ཅད་ལ་རྟག་པ་མེད་པ་དང་། རང་བཞིན་གྲུབ་པའི་མཐུ་ཡོད་པ་དང་། ཡེ་ནས་བདུད་རྩི་ཡིན་པ་དང་། སྐྱོན་ཡོན་གྱིས་དུག་དང་བདུད་རྩི་ཡིན་པ་དང་། དེ་ཉིད་དངོས་གྲུབ་ཆེན་པོའི་རྒྱུ་དང་རྐྱེན་ཡིན་པས། གསང་སྔགས་བསྒྲུབ་པའི་ཐབས་དམ་པར་སྤྱོད་པའི་དམ་ཚིག་གོ། །རྟོགས་པ་དང་ཏིང་ངེ་འཛིན་མི་ལྡན་ཞིང་། གསང་མེད་པར་བྱོལ་སོང་བཞིན་དུ་བབ་ཅོལ་དུ་སྤྱོད་པ་ནི་ཉམས་པའོ། །ཞེས་སོ། །བཞི་པ་བསྒྲུབ་པར་བྱ་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་ནི། གསང་སྔགས་ནང་པའི་རྣལ་འབྱོར་རྣམས་ཀྱི་ལམ་གྱི་རྩོལ་བས་འབྲས་བུ་བསྒྲུབ་པར་བྱ་བ་ལ་ལྔ་ཡོད་པ་རྣམས་ལའང་། གཉིས་པ་རྒྱས་པར་དབྱེ་བ་ནི། ཐུགས་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་རིགས། །སྐུ་དྲི་མ་དང་བྲལ་བ་དེ་པའི་རིགས། །ཡོན་ཏན་དགོས་འདོད་འབྱུང་བ་རིན་ཆེན་རིགས། །གསུང་ཉེས་སྐྱོན་གྱིས་མ་གོས་པ་པདྨའི་རིགས། ཕྲིན་ལས་ལྷུན་གྱིས་གྲུབ་པ་ལས་ཀྱི་རིགས་དང་ལྔའོ། །སྟོང་པ་ནི་ཆོས་དབྱིངས་ཡེ་ཤེས། གསལ་བ་ནི་མེ་ལོང་། གསལ་སྟོང་དབྱེར་མེད་ནི་མཉམ་ཉིད། དེ་ཉིད་ཤེས་བྱ་མ་འདྲེས་པར་སོ་སོར་གསལ་བ་ནི་སོར་རྟོག །མ་འདྲེས་པར་སྣང་དུས་རིག་པ་རང་སྣང་དུ་དོན་གཉིས་ལྷུན་གྱིས་གྲུབ་པ་ནི་བྱ་གྲུབ་ཡེ་ཤེས་དང་ལྔ། ཆོས་དབྱིངས་སྣང་སྟོང་མཐའ་གང་དུ་ཡང་མ་བསྐྱོད་པས་མི་བསྐྱོད་པ་དང་། དེ་ཉིད་རང་གསལ་བ་ལས་ཅིར་ཡང་གསལ་བས་རྣམ་པར་སྣང་མཛད། གསལ་སྟོང་དབྱེར་མེད་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་བས་རིན་ཆེན་འབྱུང་ལྡན། དབྱེར་མེད་དེ་ཉིད་ཤེས་བྱ་སོ་སོར་མ་འདྲེས་པར་ཞིང་ཁམས་མཐར་ཐུག་པ་མེད་པར་གསལ་བས་ན་སྣང་བ་མཐའ་ཡས། ཆོས་ཉིད་གསལ་བ་ལས་མ་གཡོས་པ་བཞིན་དུ་འཁོར་བ་མ་སྟོངས་བར་དུ་གཞན་དོན་གྱི་ཕྲིན་ལས་རྒྱུན་མི་འཆད་ཅིང་ལམ་བར་མ་དོར་ཆུད་མི་ཟ་བར་འབྲས་བུ་ལ་སྦྱོར་བས་ན་དོན་ཡོད་གྲུབ་པ་སྟེ་སྣང་བའི་ཆ་འཛིན་པས་ཡབ་ལྔ། སྟོང་པས་རྣམ་ཤེས་བསྐྱེད་ཅིང་ཆོས་ཉིད་ཀྱི་འབྱུང་གཞིར་གྱུར་པས་ན་ནམ་མཁའ་དབྱིངས་ཕྱུག་མ། ས་ཡིས་གཟུགས་སྣང་བསྐྱོད་ཅིང་རང་ལ་བཟང་ངན་གྱི་རྟོགས་པ་དང་བྲལ་ཞིང་སྣང་དུས་སྟོང་པས་སངས་རྒྱས་སྤྱན་མ། ཆུས་ཚོར་བ་བསྐྱེད་ཅིང་ཚོར་བས་ཆོས་ཐམས་ཅད་བསྐྱེད་པས་ན་མ་མཱ་ཀཱི། མེ་གསལ་བས་འདུ་ཤེས་བསྐྱེད་ཅིང་རྟོགས་ན་གཟུང་འཛིན་གྱི་ལྷག་པ་ལས་སྐྱོབ་པ་དང་། སྲིད་པའི་ལྗེན་ལྗིན་སྐམ་པར་བྱེད་པས་ན་གོས་དཀར་མོ། རླུང་གིས་འདུ་བྱེད་ཀྱི་ལས་བསྐྱེད་ཅིང་ཕྲིན་ལས་ཀྱིས་སེམས་ཅན་སངས་རྒྱས་ཀྱི་སར་སྒྲོལ་བ་ལས་མི་འདའ་བས་དམ་ཚིག་སྒྲོལ་མ་སྟེ། སྟོང་པའི་ཆ་འཛིན་པས་ན་ཡུམ་ལྔ་དང་། དེ་ལྟར་ཡེ་ཤེས་ཡབ་ཡུམ་ལ། གཅིག་ལ་འང་ལྔ་ལྔ་ཤེས་པར་བྱའོ། །སྐུ་ལྔ་ནི་འཁོར་འདས་ཀྱི་ཆོས་ཀུན་སྣང་ལ་རང་བཞིན་མེད་པར་ཤར་བ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆོས་སྐུའོ། །ཐམས་ཅད་དུ་རིགས་པ་རང་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །སྣང་སྟོང་དབྱེར་མེད་པས་འཁོར་འདས་ལ་ལོངས་སྤྱོད་པས་ལོངས་སྐུའོ། །རིག་རྩལ་འགག་མེད་དུ་ཤར་བའི་ངོ་བོ་ལ་ཐམས་ཅད་ལྷུན་གྱིས་གྲུབ་པས་དགོངས་པ་ལ་འགྲོ་འོང་མེད་ཀྱང་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ་ནི་སྤྲུལ་སྐུའོ། །དགོངས་པ་སྐྱེ་འཇིག་དང་བྲལ་བ་ནི་རྡོ་རྗེའི་སྐུ་དང་ལྔ་། གསུངས་ལྔ་ནི། ཆོས་སྐུ་སྐྱེ་མེད་དོནགྱི་གསུང་ནི། ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལམ་པས་བརྡ་མཇལ་ནས་གྲོལ་བ་ལ་བྱའོ། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ནི་ཡེ་ཤེས་ལྔ་རང་ལ་གནས་པ་དང་། རྟོགས་བྱེད་ཀྱི་བློའི་ཤེས་རབ་གཉིས་འབྲེལ་བའི་བྱིན་རླབས་ཀྱི་དཔེ་ཉི་མ་ཤར་བ་དང་ཐམས་ཅད་གསལ་བ་བཞིན་དུ། འཁོར་འདས་ཐམས་ཅད་རིག་པ་རང་གསལ་བ་ལ་ལམ་པས་བརྡ་མཇལ་བའོ། །ལོངས་སྐུ་དགོངས་པ་བརྡའི་གསུང་ནི། དཔེ་མེ་ལོང་ལ་བལྟས་ན་བྱད་ལ་དྲི་མ་གང་ཡོད་གསལ་ནས་རིག་པ་བཞིན་དུ། ལོངས་སྐུ་ལ་བལྟས་པས་ཤེས་བྱའི་དྲི་མ་རིག་ཅིང་སྣང་སྟོང་དབྱེར་མེད་ལམ་པས་བརྡའ་མཇལ་བའོ། །སྤྲུལ་སྐུ་ཚིག་གི་གསུང་ནི། ཚངས་པའི་གསུང་གཅིག་གིས་རིགས་དྲུག་སོ་སོར་གོ་བ་ལྟར། སྤྲུལ་སྐུའི་གསུང་གཅིག་ལ་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། སོ་སོར་རང་རང་དང་མཐུན་པར་གོ་བའོ། །རྡོ་རྗེའི་གསུང་གྲག་སྟོང་དབྱེར་མེད་ནི། དཔེ་བྲག་ཆ་ལྟ་བུའོ། །ཐུགས་ལྔ་ནི་ཡེ་ཤེས་ལྔ་སྟེ། ཅིར་ཡང་མི་དམིགས་པ་བདེ་བ་ཆེན་པོ་ཆོས་སྐུའི་ཐུགས། ཅིར་ཡང་མ་འགགས་པ་མེ་ལོང་ལྟ་བུ་མངོན་བྱང་གི་ཐུགས། དབྱེར་མེད་མཉམ་པ་ཉིད་ལོངས་སྐུའི་ཐུགས། རིག་པ་རང་སྣང་དུ་རང་གཞན་གྱི་བྱ་བ་ལྷུན་གྱིས་གྲུབ་པས་འགྲོ་བ་སྒྲོལ་བ་སྤྲུལ་སྐུའི་ཐུགས། ཅིར་ཡང་སྣང་བ་སོ་སོར་རྟོགས་པ་རྡོ་རྗེའི་སྐུའི་ཐུགས་སོ། །ཡོན་ཏན་ལྔ་ནི། སྤྱིར་གཟུགས་ཡུལ་གནས་སུ་དག་ཅིང་། རིག་པ་རང་སྣང་བས། སངས་རྒྱས་ཀྱི་ཞིང་ཁམས་སུ་ཤར་བ་ནི། ཞིང་ཁམས་ཡོན་ཏན་དང་། སྣང་བ་གནས་སུ་དག་ནས་འབྲས་བུའི་ཆོས་ཉིད་ལྷུན་གྲུབ་ཏུ་རྫོགས་པར་རིག་པ་རང་སྣང་བ་ནི་གཞལ་ཡས་ཁང་ངོ་། །འདོད་ཡོན་ལྔ་ལ་སོགས་མ་སྤངས་པར་ལོངས་སྤྱོད་ཅིང་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར། དབུ་རྒྱན་ལ་སོགས་རྒྱན་དུ་མས་བརྒྱན་ཆ། སྙིང་རྗེས་མཐར་ཕྱིན་ནས་ཆོས་ཉིད་མ་བསྒྲིབ་པར་ཡེ་ཤེས་རང་གསལ་བའི་ཕྱིར། འོད་ཟེར་ཁ་དོག་དྲུག་ལྡན་སྣ་ཚོགས་སུ་འཕྲོ་བས་རིགས་དྲུག་གི་དོན་བྱེད་པ་ནི་འོད་ཟེར། མི་འཇིགས་སེང་གེ། སྟོབས་གླང་ཆེན། རྫུ་འཕྲུལ་རྟ། དབང་རྨ་བྱ། ཕྲིན་ལས་ཤང་ཤང་། རེ་བ་བསྐང་བ་རིན་པོ་ཆེའི་ཁྲི། མ་ཆགས་པད་མའི་གདན། ཐབས་ཤེས་ཉི་ཟླའི་གདན་ནི། གདན་ཁྲི་ཡོན་ཏན་ཅན་ནོ། །ཕྲིན་ལས་ལྔ་ནི། ནད་གདོན་སྡིག་སྒྲིབ་གཟུང་འཛིན་གྱིས་མཚན་མ་ཞི་བ། ཚེ་དང་བསོད་ནམས་སྐུ་དང་ཡེ་ཤེས་རྒྱས་པ། ལྷ་འདྲེ་མི་གསུམ་མཐའ་གཉིས་དབང་དུ་བསྡུ་བ། དགྲ་བགེགས་ཉོན་མོངས་འཇོམས་པའི་དྲག་ལས་བྱ་བ། དེ་བཞི་ལྷུན་གྱིས་གྲུབ་པ་དང་ལྔའོ། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཀྱང་ལྔ་ལྔར་ཕྱེ་བས་ན། གསུམ་པ་རྣམ་གྲངས་ཀྱི་ངོས་ནས་གདམས་པ་དང་བཅས་པ་ནི། དེ་ལྟར་གོང་གི་ལྔ་རྣམས་བརྩིས་པས་བཞི་བཅུ་རྩ་ལྔ་ཡི་བྱེ་བྲག་རྣམས་ཀྱི་མཚན་ཉིད་ཐོས་བསམ་གྱིས་ཤེས་ཤིང་རྟོགས་ནས་སྒོམ་པ་ཏིང་ངེ་འཛིན་གྱིས་བསྒྲུབ་ཅིང་ཉམས་སུ་བླང་བར་བྱའོ། །ལྔ་པ་ཤེས་པར་བྱ་བའི་དམ་ཚིག་ལ་གསུམ་གྱི་དང་པོ་མདོར་བསྟན། རྣམ་པར་ཤེས་པ་ལ་ཚོགས་བརྒྱད། གཟུགས་ལ་གཟུགས་ཆེན་བཅོ་ལྔ། ཚོར་བ་ལ་དྲུག་གསུམ་བཅོ་བརྒྱད། འདུ་ཤེས་ལ་ཟབ་པ་རྒྱ་ཆེ་ཆུང་གསུམ། འདུ་བྱེད་ལ་ཚོར་བ་འདུ་ཤེས་གཉིས་གོང་དུ་སོང་ནས་བཞི་བཅུ་རྩ་དགུ་སྤུང་བས་ཕུང་པོ་ལྔ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་འབྱུང་བ་ལྔ་དང་། མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་གྲོ་ག་བཅུས་པ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབ་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་བཀས་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་སྟེ་ཚོར་བ་བསྐྱེད་ནུས་པས་དབང་པོ་ལྔ་དང་། མིག་གི་ཡུལ་གཟུགས་ལ་ཁ་དོག་དང་དབྱིབས་གཉིས། རྣ་བའི་ཡུལ་སྒྲ་ལ་ཟིན་མ་ཟིན་གཉིས། སྣའི་ཡུལ་དྲི་ལ་བཟང་ངན་གཉིས། ལྕེའི་ཡུལ་རོ་ལ་དྲུག །ལུས་ཀྱི་ཡུལ་རེག་བྱ་ལ་འཇམ་རྩུབ་གཉིས་ཏེ་དབང་ཤེས་སྐུའི་སྐྱེ་ནུས་པའི་ཡུལ་ལྔ་དང་། རྐང་ལག་བཞི་མགོ་དང་ལྔ་ནི་ལུས་ལས་གྱེས་པའི་ཡན་ལག་ལྔ་དང་། ཡན་ལག་ལས་གྱེས་པའི་ཉིང་ལག་སོར་མོ་ལྔ་དང་། བཟང་པོ་ལ་འདོད་ཆགས། ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག །བདག་ཏུ་ང་རྒྱལ། གཞན་ལ་ཕྲག་དོག་སྟེ་ལུས་སེམས་སྡུག་པར་བྱེད་པའི་ཉོན་མོངས་ལྔ་དང་། དྲི་ཆེན། དྲི་ཆུ། ཤ་ཆེན། རཀྟ། བྱང་སེམས་ཏེ་དམ་རྫས་ལྔ་དང་། མི་ཞེ་སྡང་། གླང་ཆེན་གཏི་མུག །རྟ་ང་རྒྱལ། རྨ་བྱ་འདོད་ཆགས། ཁྱི་ཕྲག་དོག་སྟེ་ཤ་ལྔ་དང་མི། ཤར་ལྷོ་ནུབ་བྱང་དབུས་དང་ཕྱོགས་ལྔ་དང་། མཐིང་དཀར་སེར་དམར་ལྗང་སྟེ་ཁ་དོག་ལྔ་དང་། རིགས་དྲུག་ལ་ལྷ་མ་ཡིན་ལྷར་བརྩིས་པས་འགྲོ་བ་ལྔ་དང་། དུས་ཀྱི་སྙིགས་མ་དུས་ངན་རྩོད་པའི་དུས། ཚེའི་སྙིགས་མ་ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་མི་དགེ་བ་བཅུ་ལ་སྤྱོད་པ། སེམས་ཅན་གྱི་སྙིགས་མ་དུས་དེར་སྐྱེ་བའི་སེམས་ཅན། ཉོན་མོངས་པའི་སྙིགས་མ་སྐྱེ་སླ་ལ་འཇིག་དཀའ་བ་སྟེ་སྙིགས་མ་ལྔ་དང་། ཉོན་མོངས་པ་ཅན་གྱི་ཡིད་ལ་དྲི་མ་ཅན་གྱི་འཁོར་བཞི་སྟེ། བདག་ཏུ་རློམ་པ། བདག་ཏུ་འཛིན་པ། བདག་ཏུ་ཆགས་པ། བདག་ཏུ་ང་རྒྱལ་བ་སྟེ། དེ་ཡང་རྫས་ཅན་གསེར་ལྟ་བུ་གཅིག་ལ། དང་པོ་གསེར་ཕྱི་འཁོར་ལ་ཡོད་ན་གསེར་འདི་བྱེ་བྲག་ཏུ་ང་ཡིས་ཨི་ལོན་བསམ་པ་ནི་བདག་ཏུ་རློམ་པ། ལོན་ནས་གསེར་འདི་ངའི་གསེར་ཞེས་བདག་ཏུ་འཛིན་པ། གསེར་འདི་གཅེས་པའི་ཆ་ནས་བདག་ཏུ་ཆགས་པ། གསེར་འདི་ང་ལ་ཡོད་གཞན་ལ་མེད་བསམ་པས་བདག་ཏུ་ང་རྒྱལ་བ་དང་བཞིས་བསྐོར་བས་བག་ཆགས་ལྔ་དང་། ཡང་ན་བདག་ཏུ་འཛིན་པ། བདག་ཏུ་ཆགས་པ། བདག་ཏུ་རློམ་པ། བདག་ཏུ་ང་རྒྱལ་བ་སྟེ། དེ་ཡང་རྫས་ཅན་གསེར་ལྟ་བུ་གཅིག་ལ། དང་པོ་གསེར་དུ་འཛིན། དེ་ནས་འདོད་སེམས་ཀྱིས་ཆགས། དེ་ནས་ངས་ལོན་པར་བྱེད་བསམ་ནས་རློམ། ལོན་པ་ལ་འདི་ཡོད་བསམ་པའི་ང་རྒྱལ་དུ་འདོད་པ་ཡང་སྣང་། དེ་རྣམས་རེ་རེ་ལ་ལྔ་ལྔ་པོ་དག་ཏུ་ཕྱེས་པས། གྲངས་བདུན་ཅུ་ཡོད་པ་ལ་སོགས་འཁོར་བའི་ཆོས་ཐམས་ཅད་ནི། གཉིས་པ་འཁོར་བའི་ཆོས་ཐམས་ཅད་ཡེ་ནས་རིག་སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ཀ་ནས་དག་པ་ཡིན་པ་ནི། ཡེ་ཤེས་ལྔ། སྐུ་ལྔ། རིགས་ལྔ། ཡབ་ལྔ། ཡུམ་ལྔ། ལ་སོགས་རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངང་གིས་ཀ་ནས་དག་པ་ཡིན་ཏེ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་པོ་ལྔ་རིགས་ལྔ། དེའི་ཡུལ་ལྔ་ཡུམ་ལྔ། ཡན་ལག་ལྔ་རིགས་ལྔ། གཡས་ཀྱི་སོར་མོ་ལྔ་རིགས་ལྔ། གཡོན་གྱི་སོར་མོ་ལྔ་ཡུམ་ལྔ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། དམ་རྫས་ལྔ་རིགས་ལྔ། ཤ་ལྔ་ཡུམ་ལྔ། ཕྱོགས་ལྔ་རིགས་ལྔ། ཁ་དོག་ལྔ་ནི་ཡེ་ཤེས་ལྔའི་རང་འོད་རིག་ལྔའི་ཁ་དོག །འགྲོ་བ་རྒྱུད་ལྔའི་ལམ་ནི། དུག་ལྔ་ཡིན་པ་ནི་ཡེ་ཤེས་ལྔ། སྙིགས་མ་ལྔ་ཉིད་བདེ་བ་དང་ལྡན་པས་ན། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད། བག་ཆགས་ལྔ་ནི་ཉོན་མོངས་པ་སྟེ་ཡེ་ཤེས་སོ། །གསུམ་པ་དེའི་དོན་རྟོགས་པ་ནི་ལྟ་བའི་གདིང་དང་ལྡན་པ་ནི། དོན་དེ་རྣམས་རང་གིས་ཐོས་ཤིང་བསམ་པས་བློ་ལ་ཉམས་སུ་བླངས་པས་དོན་རྟོགས་པའི་ངོ་བོ་ནི། བསམ་པའི་བློའི་སྤྱོད་ཡུལ་དང་བྲལ་ཞིང་ཡང་དག་པའི་སྣང་སྟོང་དབྱེར་མེད་ཀྱི་དོན་རྣལ་མ་ལ་རིག་པ་འབྱོར་བའོ། །གཉིས་ཐུན་མོང་གི་ཡན་ལག་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཐེག་པ་རིམ་པ་དགུའི་ཐུན་མོང་གི་བསྲུང་བྱའི་དམ་ཚིག་ལ་མཐའ་ཡས་ཀྱང་མདོར་བསྡུས་ནས། བདག་དོན་ཉི་ཤུ་རྩ་གཅིག །གཞན་དོན་དུ་བཞི་བཅུ་ཞེ་བཞིར་ཤེས་པར་བྱ། གཉིས་པ་རྒྱས་བཤད་དེ་ལ་གཉིས་ཡོད་པའི་དང་པོ། བདག་དོན་དུ་བསྲུང་བ་ལ་གཉིས་ཀྱི་ཐོག་མར། སྤང་བྱའི་སྐྱོན་རྣམས་བསྟན་པ་ནི། སྐུགས་བཙུག་ནས། ཤོ་དང་མིག་མང་ལ་སོགས་རྒྱན་འགྱེད་པར་བྱེད་པ་དང་། ཆོས་དང་མི་མཐུན་པའི་ལུས་མཛེས་པར་བྱེད་པའི་ཐབས་ཀྱི་སྒེག་ཆོས་རྣམས་དང་གཅིག །དམག་དང་སྟོན་མོ་ཚོང་དུས་ལ་སོགས་པའི་མི་མང་པོ་འདུས་པའི་སར་འགྲོ་འདོད་པ་དང་གཉིས། དགྲ་སྡང་སྡིག་འཕེལ་མི་བསྔགས་འཆི་ཉེས་ཅན། །དེ་ཕྱིར་མཁས་པས་འཁྲུགས་པའི་ལྟད་མོ་སྤང་། །ཞེས་སོ། །ཆང་དད་ཆེ་བ་དང་གསུམ། དེ་ལ་སྐྱོན་ཅི་ཡོད་ན། ཡོ་ག་རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དང་། གདོང་དྲུག་ལས། ཉེས་པ་ཐམས་ཅད་བསྐྱེད་བྱེད་པའི། །ཆང་ནི་སྔགས་པས་སྤང་བར་བྱ། །ཞེས་དང་། དཔལ་ཡང་དག་གི་སྒྲུབ་པ་ལས། སྒྲུབ་པ་པོ་རྣམས་ཏིང་ངེ་འཛིན་གྱི་འགལ་རྐྱེན་ཆང་སྤང་བར་བྱའོ། །ཞེས་དང་། དགོངས་འདུས་ལས། ཐུག་ཐུབ་ར་ཆོད་ང་རྒྱལ་རིས། །དྲག་བྱེད་དབང་པོ་ཉམས་པའི་བཅུད། །སྙོམ་ལས་ལེ་ལོའི་གཞིར་གྱུར་པ། །དཔའ་བྱེད་རྐྱེན་ཡང་རྣམ་པར་བསྡོམ། །ཞེས་སོ། །གནང་བ་ནི། དགྱེས་རྡོར་ལས། དེར་ནི་ཆང་ནི་བཏུང་བར་བྱ། །ཞེས་པས། ཚོགས་ཀྱི་སྐབས་སུ་གནང་ལ། བྱིན་གྱིས་མ་བརླབས་པའི་ཆང་བཏུང་བར་མི་བྱ་སྟེ། བདེ་མཆོག་ལས། བྱིན་གྱིས་མ་བརླབས་ཆང་བཏུང་ན། །དམྱལ་བ་ངུ་འབོད་གནས་སུ་སྐྱེ། །ཞེས་གསུངས་སོ། །ང་རྒྱལ་གྱི་དྲེག་པས་ལུས་ཀྱི་སྒོ་ནས་མཆོང་རྒྱུག་གྱད་འདེགས་ལ་སོགས་པ་མ་ཞི་བའི་སྤྱོད་པས་གཞན་ཟིལ་གྱིས་གནོན་པར་བྱེད་པ་རྣམས་དང་། ངག་གི་སྒོ་ནས་ཚིག་རྩུབ་ཀྱིས་གཞན་གྱི་ཞེ་གཅོད་ཅིང་རང་མཐོ་བའི་ཚིག་འདོན་པ་དང་བཞི། སེམས་ཀྱི་སྒོ་ནས་ཁེང་སེམས་ཀྱིས་བླ་མ་དང་མཆེད་ལ་མི་གུས་ཤིང་སེམས་ཅན་གཞན་ལ་སྙིང་རྗེ་དང་མི་ལྡན་པ་དང་ལྔ། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོར་བྱིན་གྱིས་བརླབས་ནས། རང་བས་ཡུལ་དམའ་བ་རྣམས་ལ་ཕྱག་མི་བྱེད་པ་དང་དྲུག །ཞར་ལ་སྔགས་ལ་དགོངས་པ་མཐོ་དམན། དབང་གྲངས་མང་ཉུང་། དབང་ཟབ་མི་ཟབ་ཉན་ཐོས་ལ་སྡོམ་པ་ཚང་མི་ཚང་། བྱང་ཆུབ་སེམས་དཔའ་ལ་སེམས་བསྐྱེད་ཡོད་མེད་རྣམས་ཤེས་པར་བྱའོ། །རང་དེ་ཙམ་མིན་ཡང་གོང་མ་ཆེན་པོ་རྣམས་ཀྱི་གསུངས་ཚུལ་གྱི་ངག་ལྟར་བྱེད་པ་དང་བདུན། གཞན་གྱིས་དགེ་བའི་བྱེ་བྲག་གང་བྱེད་ལ་ཁེ་བྲག་ཆེ་ལ་འཆོས་ཡིན་བྱས་པས་སྨོད་པ་དང་བརྒྱད། གཞན་གྱིས་སྡིག་ལས་བྱེད་པ་ལ་དཔའ་བོ་ཕོ་རྒོད་ཟེར་ནས་བསྟོད་པ་དང་དགུ། ཆོས་བསྒྲུབ་པ་ལ་བརྩོན་འགྲུས་མི་བྱེད་ནས་ལེ་ལོ་བྱེད་པ་དང་བཅུ། དཀོན་མཆོག་གསུམ་དང་བླ་མ་དང་གྲོགས་པོ་ཆོས་བསྒྲུབ་པའི་ཕྱོགས་སུ་ནོར་གཏོང་མི་ནུས་པའི་སེར་སྣ་ཆེ་བ་དང་བཅུ་གཅིག །དགེ་སྦྱོར་བྱེད་དུས་གཏི་མུག་དབང་དུ་བཏང་ནས་གཉིད་ལ་དགའ་བ་དང་བཅུ་གཉིས་འཇིག་རྟེན་གྱི་བྱ་བས་གཡེང་ནས་དགེ་བ་མི་བྱེད་པ་དང་བཅུ་གསུམ། སེམས་ཁྲོ་ཤིང་ལུས་ངག་གཏུམ་པའི་སྤྱོད་པས་ཞེ་སྡང་གི་སྡིག་ལས་བྱེད་པ་དང་བཅུ་བཞི། ལས་གང་བྱེད་ལ་ལེགས་ཉེས་ཡི་སྐྱོན་ཡོན་ཤེས་པའི་བསམ་པ་སྔོན་དུ་མི་གཏོང་ཞིང་གཞན་གྱིས་བཅོས་ཀྱང་མི་ཉན་པ་དང་བཅོ་ལྔ། བླ་མ་དང་གྲོགས་པོའི་བཀའ་གཅོག་པ་དང་བཅུ་དྲུག །ཆོས་དོན་དུ་མི་གཉེར་ཞིང་ཚེ་འདིར་དོན་དུ་གཉེར་བ་ལ་ཉ་པ་རྔོན་པ་ལ་སོགས་མི་དགེ་བ་སྡིག་པའི་གྲོགས་པོ་བརྟེན་པ་དང་བཅུ་བདུན། གོང་མ་རྣམས་ཀྱི་ཐུགས་དཀྲུགས། བར་མ་རྣམས་ཀྱི་ཞེ་གཅོད། དམན་པ་རྣམས་ལ་དངོས་སུ་གནོད་པའི་བག་མེད་པའི་སྤྱོད་པ་དང་བཅོ་བརྒྱད། དགེ་བ་བསྒྲུབ་པར་དམ་བཅས་པ་མི་བྱེད་ནས་དོར་བ་དང་བཅུ་དགུ། ལོངས་སྤྱོད་རང་ལ་ཕུན་སུམ་ཚོགས་ཀྱང་ཆོག་མི་ཤེས་ཏེ་སྣོན་པ་བཙལ་བའི་བསམ་པས་སྲིད་པ་ཕྱིར་ཕྱིར་ཆེ་བ་དང་ཉི་ཤུ། འཇིག་རྟེན་ཁེ་དྲག་གི་སྒོ་ནས་ཆོས་ཀྱི་དོན་དང་སྤྱོད་ལམ་གྱིས་དོན་གང་ཡང་གཞན་ལ་ངོམ་པ་ལ་དགའ་བ་དང་ཉེར་གཅིག་གོ། །གཉིས་པ་དེ་ལས་བཟློག་པའི་ཡོན་ཏན་བསྟན་པ་ནི། གོང་དུ་བསྟན་པའི་སྤང་བྱ་ཉི་ཤུ་རྩ་གཅིག་པོ་དེ་ལས་བཟློག་སྟེ་སྤངས་པ་ནི། རྣལ་འབྱོར་པ་བདག་གི་དོན་མཆོག་ཏུ་འགྱུར་བ་ཡིན་ཏེ། མཁའ་འགྲོ་ཆོས་སྐྱོང་ལ་སོགས་འཇིག་རྟེན་ལྷ་མི་ཀུན་གྱིས་བདག་ཉིད་གཙུག་ཏུ་ཁུར་ཞིང་བསྐུར་བར་འགྱུར། གཉིས་པ་གཞན་དོན་ལ་གཉིས་ཀྱི་དང་པོ་ཐུགས་རྗེས་སྤྱོད་པའི་ངོས་ནས་གཞན་དོན་ཉམས་སུ་བླང་བ་ནི། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་སྤྱོད་པ་ནི། སྦྱིན་པ་གཏང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ་བཙོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་པ་སྟེ་དྲུག་དང་། ཡི་གེ་བྲི། དཀོན་མཆོག་མཆོད། སེམས་ཅན་ལ་སྦྱིན་པ་གཏོང་བ་དང་། ཆོས་ཉན་པ་དང་། ཀློག་པ་དང་། ཚིག་འཛིན་པ་དང་། གཞན་ལ་འཆད་པ་དང་། རང་གིས་ཁ་ཐོན་བྱེད་པ་དང་། དེའི་དོན་ལ་སེམས་ནས་བསམ་པ་དང་། བསྒོམ་པ་སྟེ་དགེ་འདུན་གྱི་ཆོས་སྤྱོད་བཅུ་ལ་སྤྱོད་པ་དང་། འོ་ན་ཕར་ཕྱིན་དྲུག་ཆོས་སྤྱོད་བཅུ་པོ་འདི་རྣམས་རང་གཞན་གཉིས་ཀའི་དོན་དུ་སྤྱད་དགོས་ཟེར་ན། སེམས་བསྐྱེད་ཀྱིས་ཟིན་ན་རང་དོན་ཡང་གཞན་དོན་ཡིན་ལ། སེམས་བསྐྱེད་ཀྱིས་མ་ཟིན་ན་གཞན་དོན་བྱེད་པ་ལྟར་དུ་སྣང་ཡང་རང་དོན་ཡིན་ནོ། །ཟང་ཟིང་སྦྱིན་པས་ཆོས་ལ་འཛུད། སྙན་པར་སྨྲ་བས་ཆོས་ལེགས་པར་སྟོན། དོན་སྤྱོད་པས་ཆོས་ཉམས་སུ་ལེན་བཅུག །དོན་དང་མཐུན་པས་རང་གཞན་གཉིས་ཀའི་ཆོས་དང་མཐུན་པར་བྱས་ཏེ། བསྡུ་བའི་དངོས་པོ་རྣམ་པ་བཞིའི་འཕྲིན་ལས་ཀྱི་སྤྱོད་པ་དང་། ཡང་ན་འཕྲིན་ལས་རྣམ་པ་བཞི་ཡང་ཟེར། གདུལ་བྱ་རང་རང་དང་དོན་མཐུན་པར་འཇུག་པའི་ཐབས་ཀྱི་སྤྱོད་པ་ནི། ཐེག་པ་དགུ་ཡིས་འདུལ་བ་ལ། དབང་པོ་རབ་འབྲིང་རང་རང་གི་བློ་དང་མཐུན་པར་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། བྱ་བ་སྤྱོད་པ་རྣལ་འབྱོར་གསུམ། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དང་དགུ་སྟོན་པ་དང་། མུ་སྟེགས་འདུལ་བ་ལ་བྱེ་བྲག་པ་དང་ཐ་སྙད་པ་གཉིས་ནི་ཉན་ཐོས་ཀྱི་མུ་སྟེགས་པ་སྟེ་གཅིག །རང་སྣང་ཕྱོགས་གཅིག་པ་ནི་རང་སངས་རྒྱས་ཀྱི་མུ་སྟེགས་པ་དང་གཉིས། ཕྲ་བ་རྣམ་བདེན། ཟབ་པ་རྣམ་རྫུན། རྒྱ་ཆེར་ཡངས་པ་དབུ་མ་དང་གསུམ་བྱང་ཆུབ་སེམས་དཔའི་མུ་སྟེགས་པ་དང་གསུམ། རིག་བྱེད་པ། རིག་སྤྱོད་པ། རིག་སྦྱོར་བ་གསུམ་ནི་སྔགས་ཕྱི་རྒྱུད་གསུམ་གྱི་མུ་སྟེགས་པ་གསུམ་དང་དྲུག །བརྟུལ་ཞུགས་ཆེར་སྤྱོད་པ་དང་། རྒྱལ་ཐབས་དང་། རྒྱལ་དཔོག་པ་དང་གསུམ་སྟེ་ནང་པ་རྣམ་གསུམ་ཀྱི་མུ་སྟེགས་པ་དགུ་པོ་རང་རང་གི་ཚུལ་དང་བསྟུན་ཅིང་མཐར་ནང་པ་ལ་བཙུད་པ་དང་། འགྲོ་བ་རིགས་དྲུག་གི་དོན་བྱེད་པ་ལ་རང་རང་གི་སྤྱོད་པ་རྣམས་དང་མཐུན་པའི་སྒོ་ནས་དོན་བྱེད་དགོས་པ་ལ། སྤྱོད་པ་དེ་རྣམས་རང་རྒྱུད་དུ་འཛིན་པ་དང་དེར་ལྟུང་དགོས་ཀྱི་རྣམ་གྲངས་མེད་པར་སྤྱད་ཅིང་དོན་འགྱུར་ཅི་ལྟར་སྣང་བ་དེ་ཡང་ཉམས་སུ་བླང་སྟེ། རྔོན་པ་འདུལ་བ་ལ་རྔོན་པ། སྨད་འཚོང་མ་འདུལ་བ་ལ་སྨད་འཚོང་མ་ལ་སོགས་གང་ལ་གང་འདུལ་གྱི་དོན་བྱ་བའོ། །གཉིས་པ་རྣམ་གྲངས་ཀྱི་ངོས་ནས་གདུལ་བྱ་མི་སྤང་བར་གདམས་པ་ནི། ཕར་ཕྱིན་དྲུག་ཆོས་སྤྱོད་བཅུ་བསྡུ་དངོས་བཞི་ཐེག་པ་དགུ་མུ་སྟེགས་དགུ་འགྲོ་བ་རིགས་དྲུག་སྟེ་གཞན་དོན་བཞི་བཅུ་རྩ་བཞི་ལ་སོགས་པ་ཡི། གདུལ་བྱ་གང་ཡང་གང་ལ་གང་འདུལ་གྱི་དོན་བྱ་ཞིང་། དོར་བར་མི་བྱའོ། །གཉིས་པ་བསྲུང་བའི་མན་ངག་ཕན་ཡོན་དང་བཅས་པའི་སྒོ་ནས་ཞབས་བསྡུ་བ་ནི། གོང་གི་རྩ་བ་དང་ཡན་ལག་གི་བསྲུང་བར་བྱ་བ་དེ་དག་བསྲུང་ཚུལ་ནི། དཔེར་ན་བྱང་བའི་ལུག་རྫི་ཡིས་ལུག་སྐྱོང་བ་ལ་ཚང་བ་སྐྱོང་ཞིང་མ་ཚང་བ་རྣམས་གཞུག་པ་བཞིན་དུ། རྣམ་གྲངས་སུམ་བརྒྱ་དྲུག་ཅུ་བཏབ་ནས་ཉིན་མཚན་དུས་དྲུག་ཏུ་དྲན་པ་དང་ཤེས་བཞིན་གྱིས་བྱ་ར་བ་བཏང་ནས་ལས་དང་པོ་པས་རྡེའུ་དཀར་ནག་བགྲང་སྟེ། སུམ་བརྒྱ་དྲུག་བཅུའི་རྣམ་གྲངས་ཚང་བ་བསྲུང་། མ་ཚང་ན་བཤགས་སྡོམ་བྱས་ནས་གཞུགས་ཅིང་། དང་པོ་ཐུན་མོང་གི་ཡན་ལག་ནུས་ལྡན་དུ་བསྲུངས་ལ། ཁྱད་པར་གྱི་ཡན་ལག་མོས་བསྲུང་བྱེད་ཅིང་། མཐར་ཐུན་མོང་གི་དམ་ཚིག་གཞན་དོན་དུ་བསྲུངས་ལ། ཁྱད་པར་གྱི་དམ་ཚིག་ནུས་ལྡན་དུ་བསྲུང་བ་ལ་སྤྱོད་པའི་ཡོན་ཏན་ནི། སྣང་སྟོང་དབྱེར་མེད་ཀྱི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་ཞིང་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཤར་བའི་དབང་ཕྱུག་ཆེན་པོར་འགྱུར་ཞེས་རྒྱལ་བ་ཀུན་བཟང་གིས་གསུངས་སོ། ༈ །སྤྱི་དོན་བཞི་པ་དམ་ཚིག་ཉམས་པའི་རྒྱུ་བསྟན་པ་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། གོང་དུ་སོང་བའི་དམ་ཚིག་དེ་རྣམས་ཉམས་པར་གྱུར་པའི་རྒྱུ་དག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་ཉམས་རྒྱུའི་རྣམ་གྲངས་རྒྱས་བཤད་ནི། ལྷ་ཆོས་དང་འདྲ་བའི་མི་ཆོས་རྒྱལ་པོའི་བློན་པོ་ལྟ་བུའི་ལས་གཞན་ཕྱོགས་ཕམ་ཞིང་རང་ཕྱོགས་རྒྱལ་བར་བྱེད་པའི་ཐབས་ལ་འབད་པ་ལ་ཡེངས་པས་ཀུན་ཉམས་ཀྱང་ཁྱད་པར་དུ་སྐུའི་དམ་ཚིག་ཉམས་པའི་རྒྱུ་དང་གཅིག །བདག་གི་སྐྱོན་རྣམས་སྦ་ཞིང་ཡོན་ཏན་གང་ཡོད་ཚིག་གིས་བརྒྱན་ནས་བསྟོད་པ་དང་གཉིས། གཞན་གྱི་ཡོན་ཏན་ཐམས་ཅད་བསྐུང་ཞིང་སྐྱོན་གང་ཡོད་ཚིག་གིས་བརྒྱན་ནས་སྨད་པ་དང་གསུམ། གཏམ་ཅི་སྨྲས་ན་ཡང་གཞན་ལ་ཕྲག་དོག་པའི་ངོས་ནས་ཟུར་ཟ་ནས་ཐབས་མཁས་པའི་སྒོ་ནས་བསྟོད་ཚུལ་གྱིས་སྨོད་པ་དང་བཞི། དེ་རྣམས་སྐུའི་དམ་ཚིག་ཉམས་པའི་རྒྱུར་འགྲོའོ། །ཟས་ནོར་གྱི་ཁེ་འདོད་པ་དང་། འཇིག་རྟེན་གྱི་གྲག་པ་ཉིད་འདོད་པའི་ཕྱིར་འཁོར་དང་ཟས་ནོར་འདུ་བའི་ཐབས་འཛིན་ཞེན་གྱིས་རྟ་རྒྱུག་ཅིང་འབུལ་འགྱེད་ལ་སོགས་པ་དུ་མ་བསྟན་པ་དང་ལྔ། དེ་ན་ཀུན་ཉམས་པའི་རྒྱུ་ཡིན་ནོ། །ནོར་རྫས་ཀྱི་དངོས་པོ་རྣམས་ལ་ཆགས་སེམས་ཆེ་བས་ངག་གིས་གཡམ་པ་ལྟར་བྱེད་ནས་སེམས་ཀྱིས་བྱི་ལའི་སྤར་མོ་ལྟར་བསྡམ་པ་དང་དྲུག །བྱ་བ་ཅི་ལ་ཡང་རང་ཕྱོགས་ཆེ་ནས་གཞན་བློས་དོར་བ་དང་བདུན། དེ་གཉིས་ནི་སྐུའི་དམ ཚིག་ཉམས་པའི་རྒྱུ་ཡིན་ལ་གཞན་རྣམས་ཆ་ཕྲ་མོ་ཙམ་ཡོད་ཆང་དད་ཆེ་བ་ནི་ཀུན་ཉམས་པའི་རྒྱུ་ཡིན་པ་དང་བརྒྱད། རང་རིགས་མཐོ་སྒོ་བཟང་། ཡོན་ཏན་ཆེ་བར་རློམས་ནས་རང་མཐོང་ཆེ་བ་ནི་སྐུའི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་དགུ། ལྟ་སྒོམ་སྤྱོད་གསུམ་སྡོམ་ལས་སུ་བཏང་ནས་ཡལ་བ་ནི་བྱང་སེམས་སྐུ་གསུང་ཐུགས་ཁྱད་པར་གྱི་ཡན་ལག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ། ཆོས་ལ་ཕྱོགས་རིས་བྱེད་ནས་ཆགས་སྡང་ཆེ་བ་ནི་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་པའི་རྒྱུ་ཡིན་པ་དང་བཅུ་གཅིག །ཆོས་དང་འཇིག་རྟེན་གྱི་བྱ་བའི་ཡོན་ཏན་གཉིས་ཀ་གཞན་ལ་ངོམ་སྐྱེན་པ་ནི་ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ་གཉིས། གསང་བར་གདམ་པ་ལ་སོགས་པ་སྐྱོན་ཡོན་གང་ཡང་གསང་ཆུང་བ་ནི་ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ་གསུམ། བརྩོན་འགྲུས་ཆུང་ཞིང་ལེ་ལོ་ཆེ་བ་ནི་གསུང་སྐུ་བྱང་སེམས་ཉམས་པའི་རྒྱུར་ཉེ་བ་དང་བཅུ་བཞི། གཙང་སྨེ་ཆེ་བ་ནི་དང་བླང་ཉམས་པའི་རྒྱུར་འགྲོ་བ་དང་བཅོ་ལྔ། བླ་མ་དང་མཆེད་ལ་སོགས་པ་རྣམས་ལ་སྐྱོན་མེད་པ་ལ་སྐྱོན་ཡོད་ཟེར་ནས་སྒྲོ་བཏགས་པ་དང་། ཡོན་ཏན་ཡོད་པ་ལ་མེད་ཅེས་སྐུར་པས་བཏབ་པ་ནི། སྐུའི་དམ་ཚིག་ཉམས་ཉེ་བ་དང་བཅུ་དྲུག །ཐབས་ཀྱིས་གྲོགས་པོ་རྣམས་ཀྱི་ཁ་ཚོད་ཉུལ་ནས་ཅི་འདྲ་ཉམས་ལེན་བྱེད་ཅིང་སྐྱོན་གང་ཡོད་གཞན་ལ་སྒྲོགས་པ་ནི་སྐུ་ཉམ་པའི་རྒྱུ་ཡིན་པ་དང་བཅུ་བདུན། འཁོར་བའི་རང་གི་རིགས་རྒྱུད་བུ་དང་ཚ་བོ་ནོར་རྣམས་འཕེལ་བར་འདོད་ཅིང་དེ་ལ་བརྩོན་པ་ནི་ཀུན་ཉམས་པའི་རྒྱུར་འགྲོ་བ་དང་བཅོ་བརྒྱད། རང་གཅིག་པུར་དགོན་པར་མི་གནས་པ་ནི་ཀུན་ཉམས་པའི་རྒྱུ་ཡིན་པ་དང་བཅུ་དགུ། འདུས་ཚོགས་གར་ཆེ་ས་ལ་དགའ་བ་ནི་ཀུན་ཉམས་པའི་རྒྱུར་འགྲོ་བ་དང་ཉི་ཤུའོ། །གསུམ་པ་མ་སྤངས་ན་ཉམས་པར་འགྱུར་བ་ནི། དེ་ལྟར་གྲངས་ཉི་ཤུ་མ་སྤངས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་ཉམས་པའི་རྒྱུར་འགྱུར་རོ། ༈ །སྤྱི་དོན་ལྔ་པ་ཉམས་པའི་སྔ་རྟགས་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདིར་སྔོན་དུ་འབྱུང་བ་ནི་འདི་ལྟ་སྟེ། རྒྱས་བཤད་ལ་གསུམ་གྱི་དང་པོ་ཉམས་པའི་སྐྱོན་ཚེ་འདི་ལ་འབྱུང་བས་ཕྱི་མར་ངན་སོང་དུ་འགྲོ་བའི་སྔ་རྟགས་ནི། སྐུ་ཉམས་པའི་སྔ་རྟགས་ནི་ལུས་ལ་གཞན་ཉམས་ང་བའི་ནད་མཛེ་དང་ཕོལ་མིག་འབྲུམ་བུ་ལ་སོགས་པ་རྣམས་དང་། གསུང་ཉམས་པའི་སྔ་རྟགས་ལ་ངག་གིས་དགྲ་བགེགས་གཉིས་ལ་བདེན་པ་བདར་བས་དོན་མི་འཇུག་སྟེ་དགྲ་ལ་མཐུ་མེད། བགེགས་ལ་བྱིན་རླབས་མེད་ཅིང་འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་དང་བྲལ་ཞིང་། གཞན་གྱི་ཡ་ཁས་རང་མ་ཉེས་ཀྱང་གཏམ་ངན་པའི་ཁ་གཡོགས་འབྱུང་ལ། ཐུགས་ཉམས་པའི་སྔ་རྟགས་ལ་བརྩམ་པའི་ལས་ལ་འབྲས་བུ་མེད་ཅིང་མི་གྲུབ་པའི་སྟེང་དུ་ཡིད་དུ་མི་འོང་པའི་ལས་སྣ་ཚོགས་འབྱུང་བའོ། །གཉིས་པ་ཉམས་ཀྱང་རྟགས་མེད་ན་ཕྱི་མར་ལྟུང་ཚབ་ཆེ་བས་སྡུག་བསྔལ་ཡུན་རིང་བར་བསྟན་པ་ནི། གལ་ཏེ་དམ་ཚིག་ཉམས་པ་ཅན་ལ་ཉམས་པའི་སྔ་རྟགས་རྣམས་ཚེ་འདི་ལ་མེད་པར་ལེགས་པ་ལྟར་སྣང་བ་ནི་མི་རུང་བ་ཡིན་ཏེ། སྔར་གྱི་བདེ་བའི་ལས་འབྲས་ཀྱི་རྟིང་ལ་ཚེ་འདིར་ཟད་པར་བྱས་ནས་ཕྱི་མ་ལ་གཏན་དུ་སྡུག་བསྔལ་བའི་ངན་སོང་ལས་ཐོན་དཀའོ། །གསུམ་པ་མ་ཉམས་པར་རྟགས་བྱུང་ན་ཚེ་སྔ་མའི་ལས་ངན་གྱི་རྟིང་པ་འདི་དགེ་སྦྱོར་བྱེད་པའི་སྟོབས་ཀྱིས་སློང་བས་བསྐང་གསོ་ལ་བརྩོན་ན་ཕྱི་མ་ངན་སོང་དུ་མི་མྱོང་བ་ནི། གལ་ཏེ་དམ་ཚིག་མ་ཉམས་པ་ལ་ཉམས་པའི་རྟགས་གོང་ལྟར་དུ་བྱུང་ན། ཚེ་རབས་སྔོན་གྱི་དམ་ཚིག་ཉམས་པའི་རྣམ་སྨིན་གྱི་ལས་རྟིང་ཡོད་པ་དེ་འདིར་དམ་ཚིག་ལ་ནན་ཏན་དུ་བསྲུངས་བའི་སྟོབས་ཀྱིས་ལས་ངན་ཟད་པར་འགྱུར་བའི་ལྟས་ཡིན་པས་ཉམས་པ་བསྐང་བ་དང་། དམ་ཚིག་གསོ་བའི་ལས་ལ་བརྩོན་པར་བྱས་ན། ཕྱི་མར་ངན་སོང་གསུམ་གྱིས་སྡུག་བསྔལ་རྣམས་མྱོང་བར་མི་འགྱུར་རོ། ༈ །སྤྱི་དོན་དྲུག་པ་ཉམས་པའི་སྐྱོན་བསྟན་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི། དམ་ཚིག་ཉམས་པར་གྱུར་པའི་སྐྱོན་རྣམས་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་རྩ་བ་ཉམས་པའི་སྐྱོན་ལ་གཉིས་ཀྱི་དང་པོ་བྱེ་བྲག་ཉམས་པའི་སྐྱོན་བཞིའི། དང་པོ་བྱང་སེམས་དམ་ཚིག་ཉམས་པའི་སྐྱོན་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་བསྐྱེད་རྫོགས་ཀྱི་དོན་ཉམས་པར་འགྱུར་ན། བསྐལ་པར་འདུས་བྱས་ཀྱི་དགེ་བ་བཅུ་ཅི་བསགས་ཀྱང་ལྷ་མིའི་བདེ་འབྲས་ཐོབ་པ་མ་གཏོགས་པ། བསྐྱེད་རྫོགས་ཀྱི་དོན་ཉམས་སུ་མི་བླང་ཞིང་། སྐུར་པས་བཏབ་ན་རྣམ་མཁྱེན་སངས་རྒྱས་ཐོབ་པའི་གཞི་རྟེན་མེད་པར་འགྱུར་བ་ཡིན་པས་ན། ཕྱི་མ་ཁམས་གསུམ་འཁོར་བའི་ཁམས་སུ་ཟག་པར་འགྱུར་ཞིང་འབྲས་བུ་སངས་རྒྱས་མི་ཐོབ་བོ། །དམ་ཚིག་བཀོད་པ་ལས། གཏན་ནས་མ་ལོག་ཅིང་བཤགས་སེམས་དང་ལྡན་ན་ཉམས་ཀྱང་སླར་འཚོ་བ་ལ། གཏིང་ནས་བཤགས་སེམས་མེད་པ་ནི་བསྐང་བའི་ཚད་ལས་འདས་པའོ། །ཞེས་སོ། །གཉིས་པ་སྐུའི་དམ་ཚིག་ནི། སྐུའི་དམ་ཚིག་སློབ་དཔོན་དང་མཆེད་ལ་ཉམས་པར་གྱུར་ན། ཕྱི་མར་གཞན་ཡ་ང་བའི་ནད་མཛེ་དང་ཕོལ་མིག་འབྲུམ་བུ་ལ་སོགས་སྡུག་བསྔལ་ཆེ་ཞིང་། འཆི་བའི་དུས་མིན་པར་ཚེ་ཟད་ན་འཆི་བ་ལ་སོགས་གློ་བུར་གྱི་བར་ཆད་མང་བ་དང་། ལྟུང་ཚབ་ཆེ་ན་བསྐལ་པར་རྡོ་རྗེ་དམྱལ་བར་ལྷུང་བས་བདེ་བ་སྐད་ཅིག་ཀྱང་མི་མྱོང་བས་རབ་ཏུ་བྲལ་བར་འགྱུར་རོ། །རྡོ་རྗེ་དམྱལ་བ་ནི་མནར་མེད་དམྱལ་བ་དང་གྲོང་དང་དགོན་དུ་འདོད་དོ། །གསུམ་པ་གསུང་ནི། གསུང་གི་དམ་ཚིག་སྔགས་གསུམ་དང་ཕྱག་རྒྱ་བཞི་ཉམས་པར་གྱུར་ན། ཕྱི་མར་བགེགས་རྣམས་ཐོགས་པ་མེད་པར་འོང་བས་བར་ཆད་སྣ་ཚོགས་བྱེད་པ་དང་། གློ་བུར་དུ་དགྲ་དང་ནད་ཀྱི་རྐྱེན་མང་བ་དང་། ཡུལ་ཞུགས་བུད་དང་ཤི་ཆད་ཀྱི་ཡེ་འགྲོགས་མང་བ་དང་། གང་བསྒྲུབ་པའི་ཆོས་ལ་བྱིན་རླབས་མེད་པར་འགྱུར་ཞིང་ལྟུང་ཚབ་ཆེ་ན་བསྐལ་པ་གཉིས་སུ་རྡོ་རྗེ་དམྱལ་བར་ལྟུང་ངོ་། །འོ་ན་མཚན་ཉིད་སྡེ་གསུམ་གྱིས་སྔགས་གསུམ་དང་ཕྱག་རྒྱ་བཞི་མི་བསྒོམ་པས་ཉམས་པ་དེ་རྣམས་འབྱུང་ཞེ་ན། གསུང་གི་དམ་ཚིག་ཉམས་པའི་སྟེང་ནས་ལས་མི་དགེ་བ་སྣ་ཚོགས་བྱས་ན་ཚེ་འདི་ཕྱིའི་སྡུག་བསྔལ་མྱོང་ལ། གསུང་གི་དམ་ཚིག་ཉམས་པ་ཙམ་གྱིས་མཆོག་ཐུན་མོང་གི་སྒྲུབ་པའི་ཐབས་གང་བསྒྲུབ་པ་ལས། འབྲས་བུ་དུས་ཚོད་ལ་མི་འབྱུང་བས་འགྱང་བར་རྒྱལ་བ་ཀུན་བཟང་གིས་གསུངས་སོ། །བཞི་པ་ཐུགས་ཀྱི་དམ་ཚིག་ཉམས་པའི་སྐྱོན་ནི། ཐུགས་ཀྱི་དམ་ཚིག་གསང་བ་བཅུ་ལས་ཉམས་པར་གྱུར་ན་ཕྱི་མ་སེམས་ཀྱི་དྲན་པ་མེད་པས་སྨྱོ་བ་དང་། ངག་འདི་ཡིན་འདི་མིན་མེད་པའི་འབགས་འབོགས་གཏམ་པ་དང་། དབང་པོའི་སྒོ་ལྔ་ཉམས་པས་ཡུལ་ལ་འཇུག་མི་ནུས་པ་དང་། གཞན་ཡང་ལུས་ངག་གི་སྤྱོད་པ་འཆལ་བ་དང་། སེམས་མྱོས་ཤིང་འཐིབ་པ་དང་། ངག་སྒྲ་མི་ཤེས་ནས་ལྐུགས་པའི་གནས་སུ་སྐྱེ་བར་འགྱུར་ཞིང་། གལ་ཏེ་མིར་སྐྱེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡིན་ཡང་གསང་བར་སྨྲ་བའི་སྐྱོན་གྱིས་བསྒྲུབ་པ་ལ་རྟགས་མེད་ཅིང་ཕྱི་མ་ལྟུང་ཚབ་ཆེ་ན་ཁྱད་པར་དུ་ལྕེ་དཔག་ཚད་ལྔ་བརྒྱ་པར་གྱུར་པ་ལ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བ་ལྔ་བརྒྱས་ཞིང་རྨོ་བ་ལ་སོགས་པའི་རྡོ་རྗེ་དམྱལ་བར་བསྐལ་པ་ཆེན་པོ་གསུམ་དུ་གནས་པར་བཤད་དོ། །གཉིས་པ་སྤྱིར་རྩ་བ་ཀུན་ཉམས་པ་ལ་རྡོ་རྗེ་དམྱལ་བར་ལྟུང་བའི་སྐྱོན་ལ་ལྔ་ཡི་དང་པོ་སྐྱོན་དངོས་ནི། སྤྱིར་རྩ་བའི་དམ་ཚིག་ཀུན་ཉམས་ཏེ་སྣ་གཅིག་ཙམ་ཡང་བསྲུང་རྒྱུ་མེད་པའི་ཕྱལ་བ་དེ་དག །ཚུར་གསོ་བའི་ཐབས་ལ་ཉེ་བར་མི་བརྩོན་ན། ཕྱི་མར་རྡོ་རྗེ་དམྱལ་བར་དམ་ཉམས་དེ་ལྟུང་ངོ་། །གསང་སྔགས་རྡོ་རྗེ་ཐེག་པ་ལས་ལོག་པ་རྣམས་དེར་སྐྱེ་བས་ན་རྡོ་རྗེ་དམྱལ་བ་ཞེས་བྱའོ། །རིན་པོ་ཆེའི་ཞལ་ནས། བླ་མ་རྡོ་རྗེ་སློབ་དཔོན། གསང་སྔགས་རྡོ་རྗེ་ཐེག་པ། དེའི་དོན་ལ་གོལ་ཞིང་ལོག་པ་ནི་རྡོ་རྗེ་དམྱལ་བ་ཞེས་གསུངས་སོ། །ཆོས་རྗེས་དམ་ཚིག་རྒྱ་མཚོ་ལས། གསུམ་ལྡན་རྩ་བའི་བླ་མ་ལ། སྦྱོར་བ་གཉིས་ལྡན་གྱི་སྒོ་ནས་དམ་ཚིག་ཉམས། རྡོ་རྗེ་དམྱལ་བར་ལྟུང་བ་ནི། དེ་ལ་བླ་མ་དང་སློབ་མའི་འབྲེལ་བ་ཐོབ་ནས་བསམ་པ་དང་སྦྱོར་བའི་དབང་གིས་ཉམས་པ་ལྕི་ཡང་དགུར་འགྱུར་ཏེ། གཅིག་གཉིས་གསུམ་དང་ལྡན་པས་ཉི་ཤུ་རྩ་བདུན་ནོ། །དེ་ཡང་རྡོ་རྗེ་ཐེག་དགུ་འབྱུང་བའི་རྒྱུད་ལས། བླ་མ་ལ་ནི་དགུར་ཤེས་བྱ། །ལྟུང་བའི་མཚན་ཉིད་ཤེས་བྱ་སྟེ། །ལུས་ཀྱིས་མ་སྤྱད་ཆུང་བ་སྟེ། །ཟིན་ཀྱང་མ་ཤེས་འབྲིང་དུ་བཤད། །ཟིན་ཀྱང་མ་བཤགས་ཆེན་པོ་ཡིན། །ངག་གིས་སྦྱོར་བའི་རྣམ་པ་ཡང་། །མ་རྟགས་འཁྲུལ་ན་ཆུང་བ་སྟེ། །བརྟགས་བྱེད་ཉེས་པ་འབྲིང་དུ་བཤད། །ཚད་འདས་ཆེན་པོའི་སྦྱོར་བའོ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །ཤིན་ཏུ་ལྕི་བའི་རིམ་པ་ཡིན། །སེམས་ཀྱི་ལས་གསུམ་བརྟག་པར་བྱ། །ཞེས་པས་ལུས་དང་ངག་དང་ཡིད་ཀྱི་དབྱེ་བ་དང་གསུམ་པོ་ལ། སྦྱོར་བ་དངོས་གཞི་རྗེས་རྫོགས་མ་རྫོགས་ལས་དབྱེ་བ་དུ་མར་འགྱུར་རོ། །དེ་བཞིན་དུ་དབང་གིས་དབྱེ་བས་ཀྱང་ལྕི་ཡང་དུ་གསུངས་ཏེ། བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རིམ་པ་ཤེས་པར་བྱ། །ཞེས་རྒྱུད་ལས་བྱུང་ཞིང་རྒྱུད་ཐོས་པ་དང་མན་ངག་ཀྱང་རིམ་པ་དེ་ཉིད་དུ་འགྱུར་བས་མང་དུ་འགྱུར་རོ། །དེ་ན་ལྕི་ཡང་གི་དབྱེ་བ་བརྗོད་དེ། ཕམ་ལྟུང་དང་། ལྟུང་བ་ཉིད། སྦོམ་པོ་དང་། ཉེས་བྱས་དང་ཉེས་མེད་སྣང་བ་དེ་ལྔའོ། །དང་པོ་གཉིས་ཀྱི་དབྱེ་བ་དང་བཅས་ཏེ་དེའི་མཚན་ཉིད་བརྗོད་པ་ནི། འཇམ་དཔལ་གྲོགས་པས། གསུམ་གཅིག་ལ་ལྡན་པ་སྦྱོར་བ་བདུན་དང་ལྡན་ནས་ལྟུང་བ་སྟེ། ཉོན་མོངས་པས་ཀུན་ནས་བསླངས་པའི་བསམ་པ་དང་། དེ་ལ་དེར་ཤེས་པ་དང་། ལུས་ངག་གི་སྦྱོར་བ་མ་བསྡོམས་པ་དང་། འཚོ་བ་བྲལ་བ་དང་། ཤེས་ཤིང་འགྱོད་པ་མེད་པ་དང་། དེ་ལ་ཡིད་རངས་པ་དང་། བདག་ཉིད་མ་འཁྲུལ་བའོ། །དེ་ལྟར་བདུན་པོས་དངོས་ཀྱི་འཚོ་བ་དང་བྲལ་ནས་དུས་འདས་ཤིང་མ་བཤགས་པ་ནི་ཕམ་པ་སྟེ་ཚད་ལས་འདས་པའོ། །འོག་ནས་བྱུང་བའི་བཤགས་པ་མ་བྱས་ན་ལྟུང་བའོ། །འཚོ་བ་མ་བྲལ་བའི་བསམ་སྦྱོར་དང་པོ་གསུམ་དང་ལྡན་ན་སྦོམ་པོའོ། །ཡན་ལག་གཞན་དྲུག་མེད་པའི་ལུས་སེམས་ངག་གིས་སྦྱོར་བ་བརྩམ་པ་ནི་ཉེས་བྱས་སོ། །ཞེས་གསུངས་སོ། །ཅིའི་ཕྱིར་འདིར་ཉན་ཐོས་དང་། མཐུན་པར་ཕམ་པ་བཤད་ཅེ་ན། ལོག་སྲེད་ཅན་ཚུལ་མ་ཡིན་པ་ལ་ཞུགས་ནས་མི་བཤགས་པ་དང་། ཕྱི་རོལ་ཆོས་ལ་ཞུགས་ནས་རྒྱབ་ཀྱིས་ཕྱོགས་པ་སྟེ། དེ་ནི་ངེས་པར་རྡོ་རྗེ་དམྱལ་བར་མྱོང་བ་ཡིན་ནོ། །ཞེས་སོ། །དེའི་ངེས་པ་ཡང་རྣལ་འབྱོར་གྱི་རྒྱུད་དུ་མ་ནས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨད་པ། །དེས་ན་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྷུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྐྱོལ་བས། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། ཆོས་ལ་སྡང་བ་ཉིད་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ལོག་སྲེད་ཅན་གཏན་ནས་མྱ་ངན་ལས་མི་འདའ་བའི་ལས་ཅན་ཞེས་གསུངས་པ་ཡིན་ནོ། །བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། བླ་མ་ལ་ཁྲོས་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །དེ་སྙེད་བསྐལ་པར་དམྱལ་སོགས་ཀྱི། །སྡུག་བསྔལ་ཚོར་བ་དྲག་པོར་བསྐྱེད། །ཅེས་འབྱུང་བས་ཕམ་པ་དང་འདྲ་བར་བཞག་པ་ཡིན་ནོ། །གཉིས་པ་རྡོ་རྗེ་དམྱལ་བའི་སྡུག་བསྔལ་གྱི་ཚད་ནི། དམྱལ་བ་ཕལ་པ་བཅོ་བརྒྱད་པོ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། རྡོ་རྗེ་དམྱལ་བའི་སྡུག་བསྔལ་དེ་ཡི་འབུམ་གྱིས་ཆར་ཡང་མི་ཕོད་དེ་མི་ནུས་པ་ཡིན་ནོ། །གསུམ་པ་སྔར་སངས་རྒྱས་པའི་བསྟན་པ་ལ་ཉམས་པའི་དབང་གིས་ཐུགས་རྗེས་ཕན་པར་མི་འགྱུར་བ་ནི། དེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གི་འོད་ཟེར་དང་། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔས། ཁོའི་སྡུག་བསྔལ་བསལ་ཐབས་ཀྱི་ཕྲིན་ལས་ནི། དུས་རྒྱུན་དུ་མཛད་ཀྱང་ཁོ་ལ་ཕན་ཐོགས་པར་མི་འགྱུར་ཏེ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་ལོག་པའི་ཕྱིར་དོན་ཅི་མཛད་གནོད་པ་ལྟར་དུ་སྣང་ངོ་། །བཞི་པ་རྡོ་རྗེ་དམྱལ་བར་གནས་པའི་ཡུན་ནི། བསྐལ་པ་ཐེར་འབུམ་ལ་སོགས་གྲངས་མེད་དུ་ཉམས་པ་ཅན་དེ་ཉིད་སྡུག་བསྔལ་ལས་ཐོན་ཏེ་ཐར་བར་མི་འགྱུར་རོ། །དེའང་དམྱལ་བའི་འཇིག་རྟེན་དེ་ཞིག་ནས་འཇིག་རྟེན་གཞན་གྱི་དམྱལ་བའི་ནང་དུ་འཕོ་སྟེ། འཕོ་བའི་སྐབས་འདིར་ཡང་བདེ་བ་མི་འབྱུང་སྟེ་ཡུན་སེ་གོལ་གདབ་པ་ཙམ་གཅིག་གིས་ཕྱིན་པར་འགྱུར་རོ། །ཡང་ན་རྡོ་རྗེ་དམྱལ་བའི་ཚེ་ཚད་ནི། ཆོས་རྗེའི་དམ་ཚིག་རྒྱ་མཚོ་ལས། གང་དམ་ཚིག་ཉམས་པ་ཅན་དེ་རྡོ་རྗེ་དམྱལ་བར་འགྲོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པར་རྡོ་རྗེ་དམྱལ་བ་ནི་འོག་རླུང་གི་དཀྱིལ་འཁོར་ནམ་མཁའི་རླུང་རྡོ་རྗེའི་རང་བཞིན་གྱིས་ཆར་གནས་པར་བཤད། དེ་ལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བསྐུར་རྫོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བ་དངོས་ཀྱི་རབ་རྫོགས་པས། །རྩ་བ་ཡན་ལག་ཉམས་གྱུར་ན། །བློ་ལྡན་སློབ་མས་བཤགས་པར་བྱ། །གལ་ཏེ་མ་བཤགས་དུས་འདུས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་ནི་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཅེས་གསུངས་སོ། །ལྔ་པ་དེ་ལྟར་ཉེན་ཆེ་བས་བསྲུང་བ་ལ་ནན་ཏན་ཁྱད་པར་དུ་གདམས་པ་ནི་དམ་ཚིག་ཉམས་ནི་ཉེས་པ་ཆེ་བས་དེ་བས་བསྲུང་བྱ་རྣམས་ལ་ཤིན་ཏུ་ནན་ཏན་གྱིས་ལ་བསྲུང་བར་བྱའོ། །གཉིས་པ་ལ་ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་སྐྱོན་ནི། གཉིས་པ་རྒྱས་བཤད་ལ་གསུམ་གྱི་དང་པོ་སྤྱོད་པ་མ་བྱས་པའི་སྐྱོན་ནི་ཐུན་མོང་གི་ཡན་ལག་ཉམས་སུ་མ་བླངས་ན་ཟས་ནོར་ལོངས་སྤྱོད་རྣམས་མང་དུ་འཕེལ་བ་མེད་དེ་ཀུན་གྱིས་མི་བཀུར་ཞིང་དབུལ་བ་དང་། ཁྱད་པར་གྱི་ཡན་ལག་གི་དམ་ཚིག་མ་བསྲུངས་པས་ཐེག་པ་ཆེན་པོ་གསང་སྔགས་ཡིན་པར་འདོད་ནས་དེ་ལ་ཀུན་གྱིས་དཔྱ་བློས་འདོགས་ཤིང་། རང་དོན་དུ་དྭང་བླང་མི་སྤང་ཤེས་བསྒྲུབ་རྣམས་ཡལ་བར་དོར་བས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམས་ཆེད་དུ་བསྒྲུབ་ཀྱང་མྱུར་དུ་མི་འགྲུབ་སྟེ། གྲུབ་ཐག་ཤིན་ཏུ་ཡུན་རིང་བར་འགྱུར་བ་དང་། གཞན་དོན་དུ་སྤྱོད་པ་ལྔ་དོར་བས་གདུལ་བྱའི་དོན་བྱེད་ལུགས་རང་རང་གི་སྐབས་རྣམས་སུ་བཤད་པ་བཞིན་མི་འགྲུབ་པས་ཡལ་བར་གྱུར་ཅིང་། གཉིས་པ་ལྟ་སྤྱོད་མི་འཚམས་པའི་སྐྱོན་ནི། ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་ཤིང་སྤྱོད་པ་སྦྱོར་སྒྲོལ་ལ་སོགས་པ་བྱས་ཀྱང་ཡ་ཆར་གྱུར་པ་དེ་ཉིད་ངན་སོང་དུ་འགྲོ་ལ། སྤྱོད་པ་ཐེག་པ་ཕྱི་པའི་སྤྱོད་པ་གནས་ནས་རྩལ་སྤུག་མ་ནུས། ལྟ་བ་ནང་པའི་ལྟ་བ་རྟོགས་ཤིང་ལྟ་སྤྱོད་མ་འདྲེས་པའི་སྐྱོན་གྱིས། གསང་སྔགས་གང་གིས་བཀའ་ཡི་བྱིན་བརླབས་ཀྱི་དངོས་གྲུབ་རྣམས་ཚེ་འདིར་འགྲུབ་པར་དཀའ་སྟེ་བསྐལ་པ་གྲངས་མེད་ཐོགས་སོ། །གསུམ་པ་སྤྱི་ཉམས་པའི་སྐྱོན་ནི། སྤྱིར་ཡན་ལག་གི་དམ་ཚིག་ཉམས་པས་སྲུང་པའི་ལྷ་ཆོས་སྐྱོང་རྣམས་གསལ་ཅིང་མི་བསྲུང་བ་དང་། ཁྱད་པར་གྱི་ཡན་ལག་ཉམས་པས་ཟབ་མོའི་ཆོས་ཉིད་མཉམ་པ་ཉིད་ལ་རིང་བར་འགྱུར་ཞིང་། སྦྱོར་སྒྲོལ་ལ་སོགས་རང་ཁར་སྤྱད་ན་བསྐལ་པར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ལ། ཡན་ལག་གི་དམ་ཚིག་མ་བསྲུངས་པའི་རྣལ་འབྱོར་པ་ནི་སྤྱོད་པའི་རླན་མེད་པས་དངོས་སྐམ་ཉིད་དུ་འགྱུར་ཏེ་འབྲས་བུ་མི་ཐོབ་བོ། ༈ །སྤྱི་དོན་བདུན་པ་མ་ཉམས་པའི་ཡོན་ཏན་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། ཆོས་ཉིད་རང་བཞིན་མ་བཅོས་པའི་རྣལ་མ་ལ་རང་རིག་པའི་བློ་འབྱོར་པའི་སྐྱེས་བུ་འོག་མ་ལས་དཔགས་པས་ཆེན་པོ་དེ་ཡིས། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་རྩ་བའི་ཡོན་ཏན། དེ་ལ་གསུམ་གྱི་དང་པོ་བྱང་ཆུབ་སེམས་དང་སྐུའི་ཡོན་ཏན་ཐུན་མོང་དུ་བསྟན་པ་ནི། བྱང་སེམས་དང་སྐུའི་དམ་ཚིག་མ་ཉམས་པར་གཞུང་ནས་བཤད་པ་བཞིན་བསྲུང་ཐུབ་ན། ལུས་ལ་ནད་ཉུང་ལ་ཀུན་གྱི་ཡིད་ལ་འོང་བའི་མཚན་ཉིད་དང་ལྡན་ཞིང་། བསྐལ་པར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་མི་འགྱུར་བ་དང་། བསྐྱེད་རྫོགས་ཀྱི་དོན་ལ་བློ་གནས་ན་ཐུན་མོང་གི་བསྲུང་བའི་ཉེས་བྱས་ཐམས་ཅད་མ་བསྲུངས་ཀྱང་དག་པར་འགྱུར་བ་དང་། སྲིད་པ་ཁམས་གསུམ་དུ་དབང་བའི་འཇིག་རྟེན་པའི་གཙོ་འཁོར་ཐམས་ཅད་ཀྱིས་རང་བསྐུར་ཞིང་སངས་རྒྱས་ཀྱིས་སྲས་སུ་དགོངས། བྱང་ཆུབ་སེམས་དཔའི་སྤུན་དུ་དགོངས་ནས་བྱིན་གྱིས་བརླབས་པ་དང་། ཚེ་རབས་སྐྱེ་བ་ཐམས་ཅད་དུ་ཐེག་པ་ཆེན་པོའི་གཞུང་གི་དོན་རྣམས་ལ་དབང་ཐོབས་ཅིང་དེའི་བདག་པོར་འགྱུར་རོ། །གཉིས་པ་གསུང་གི་ཡོན་ཏན་ནི། གསུང་གི་དམ་ཚིག་མ་ཉམས་པའི་ཡོན་ཏན་ནི་ཡེ་ཤེས་ཀྱི་ལྷ་མཉེས་པས་བར་ཆད་བྲལ་བས་རང་གི་རིགས་རྒྱུད་འཕེལ་ཞིང་སྔགས་ཕྱག་རྒྱ་སྒོམ་བཟླས་བྱེད་པ་རང་ནུས་མཐུ་དང་ལྡན་པ་དེའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་བྱུང་ནས་གཞན་དོན་གྱི་འཕྲིན་ལས་རྣམ་པ་བཞི་གང་ཡང་བསྒྲུབ་པའི་དུས་སུ་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དང་། མདོར་བསྡུ་ན་ཅི་བསམ་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་བའོ། །གཞན་ཡང་དམ་ཚིག་མཐར་ཕྱིན་པའི་རྒྱ་རྟགས་རྣམ་པ་བཞི་སྟེ། མང་པོས་བསྐུར་ཞིང་གྲགས་པ་ཐོབ་པ་དང་། ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། མངོན་ཤེས་འབྱུང་ཞིང་རིག་པ་འཆར་བ་རྣམས་རྫོགས་པའོ། །གསུམ་པ་ཐུགས་ཀྱི་ཡོན་ཏན་ནི། ཐུགས་ཀྱི་དམ་ཚིག་མ་ཉམས་པའི་ཡོན་ཏན་ནི་ཆོས་ཀྱི་ཕྱོགས་ལ་མི་འདོད་ནས་སྐྱོ་བ་དང་ངལ་ཞིང་དུབ་པ་མེད་པ་དང་། གསང་ཐུབ་པས་བསྐྱེད་རྫོགས་གཉིས་ཀྱི་མན་ངག་གི་སྣོད་དུ་གྱུར་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལ་བར་ཆད་མེད་ཅིང་མྱུར་བས་ཉེ་བ་དང་། སངས་རྒྱས་ཀྱི་དགོངས་པ་ཟབ་མོ་རྟོགས་དཀའ་བའི་དོན་མཉམ་པ་ཉིད་ལ་མཁས་པའི་གདིང་ལྡན་དུ་གྱུར་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀུན་གྱིས་དབང་བསྐུར་བར་འགྱུར་རོ། །དམ་ཚིག་བཀོད་པ་ལས། ཐུགས་དམ་བསྲུངས་པའི་ཡོན་ཏན་ནི། དོན་མཐུན་སྐྱོ་དུབ་མེད་པ་དང་། །མན་ངག་སྣོད་གྱུར་ལ་སོགས་པ། །ཀུན་བཟང་ང་དང་མཉམ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ནི། ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་ན་ཡོན་ཏན་གོང་གི་མ་བསྲུངས་པའི་སྐྱོན་ལས་བཟློག་པ་དེ་ཉིད་ཡོན་ཏན་ཡིན་ཏེ། ལོངས་སྤྱོད་འཕེལ། ཁྱད་པར་གྱི་སྤྱོད་པ་བྱས་པས་ཐེག་པ་ཆེན་པོར་འགྱུར་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ལ་ཉེ། གདུལ་བྱའི་དོན་དུ་འགྱུར། ལྟ་སྤྱོད་འཚམས་པས་བཀའི་བྱིན་རླབས་འགྲུབ། སྲུང་བའི་ལྷ་མི་ཡལ་ཟབ་མོའི་ཆོས་ཉིད་ཉམས་སུ་ལེན། བསྐལ་པར་ངན་སོང་དུ་མི་འགྲོ། རྣལ་འབྱོར་པའི་སྤྱོད་པའི་རླན་གྱིས་ཟིན་པས་ས་ལམ་གྱི་ཡོན་ཏན་འཕེལ་ལོ། །གཞན་ཡང་སྤྱད་པ་ལྔས་མཉམ་པ་ཉིད་ཀྱི་དོན་རེ་དོགས་དང་བྲལ་བ་མངོན་དུ་བྱས་པས་ལྷའི་བུའི་བདུད། མི་སྤང་བ་ལྔས་ཉོན་མོངས་ཡེ་ཤེས་སུ་ཤར་བས་ཉོན་མོངས་པའི་བདུད། དང་བླང་ལྔས་གཙང་སྨེ་གཉིས་འཛིན་སྐྱེ་འཆི་དང་བྲལ་བའི་དོན་མངོན་དུ་བྱས་པས་འཆི་བདག་གི། ཤེས་བྱས་ལྔས་ཕུང་པོ་ཁམས་སྐྱེ་མཆེད་སྐུ་དང་ཡེ་ཤེས་སུ་ཤར་བས་ཕུང་པོའི་བདུད་དང་བཞི་འཇོམས་ཤིང་བསྒྲུབ་བྱ་ལྔ་ནི་ཤེས་བྱའི་དོན་ཉིད་བསྒོམ་པའོ། །དེ་ལྟར་ངན་སོང་གསུམ་གྱི་རྒྱུ་ཉོན་མོངས་པ་རང་ཡེ་ཤེས་སུ་ཤར་བས་སྦྱངས་ཏེ་མི་མྱོང་བ་དང་། ཐེག་ཆེན་གྱི་ལྟ་སྤྱོད་ཡ་མ་བྲལ་བའི་གཞུང་བསྲངས་ནས་ཉམས་སུ་ལོན་པའི་བྱིན་རླབས་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་བདག་ལ་འགོ་ཞིང་བསམ་པ་ཐམས་ཅད་འགྲུབ་པ་དང་། མཐར་ཐུག་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །གསུམ་པ་ཐེག་གསུམ་གྱི་སྡོམ་པ་ཐམས་ཅད་འདིར་ཡར་ལྡན་གྱི་ཚུལ་དུ་རྫོགས་པ་ནི། ཐེག་ཆེན་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྩ་བ་དང་་ཡན་ལག་གི་བསྲུང་བྱ་ལ་གནས་པ་ཡི་རྣལ་འབྱོར་པ་ལ། ཐེག་པ་འོག་མའི་བསྲུང་བྱ་ཉན་ཐོས་འདུལ་བའི་ཚུལ་ཁྲིམས་ཀྱིས་ཉོན་མོངས་པ་སྤང་བ་དང་། བྱང་སེམས་ཀྱི་སྡོམ་པས་སྦྱང་བ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་གིས་བསྒྱུར་བ་དང་གསུམ་པོ་དེ་དག་ཆེད་དུ་བསྲུང་བ་མེད་པར་བླ་མེད་ཀྱིས་ཉོན་མོངས་པ་རང་ཡེ་ཤེས་སུ་ཤར་བས་འོག་མའི་བསྲུང་བྱ་ཡར་ལྡན་གྱི་ཚུལ་དུ་བསྲུང་ཐུབ་པས་ན། དཔེར་ན་ཤིང་གི་ཕུང་པོ་ལ་ཡལ་ག་རང་ཤུགས་ཀྱིས་རྫོགས་པ་བཞིན་དུ་ཚུལ་ཁྲིམས་རྫོགས་པས་དགེ་སློང་ཡིན་པ་དང་། སེམས་བསྐྱེད་ཀྱི་སྡོམ་པ་རྫོགས་པས་བྱང་ཆུབ་སེམས་དཔའ་ཡིན་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་རྫོགས་པས་རྣལ་འབྱོར་ཡིན་པ་དང་། བླ་མེད་ཀྱི་བསྲུང་བྱ་མ་ལུས་པ་རྫོགས་པས་རྣལ་འབྱོར་ཆེན་པོ་ཡིན་ནོ། ༈ །སྤྱི་དོན་བརྒྱད་པ་ཉམས་ན་བསྐང་བའི་ཐབས་ལ་གསུམ་གྱི་དང་པོ་ཉེར་བསྟན་ནི། སྐྱེས་བུ་ཡང་རབས་པ་རྣམས་ཀྱིས་དམ་ཚིག་ཉམས་ཀྱང་དེའི་སར་མི་འཇོག་སྟེ། སྐོང་བའི་ཐབས་ཡོད་པ་ནི། དམ་ཚིག་བཀོད་པ་ལས། འདི་དག་དམ་ཚིག་ཉམས་གྱུར་ན། །སླར་གསོ་བ་ཡི་ཐབས་ཅི་མངའ། །གསོས་ནས་སྐོང་བར་མི་འགྱུར་རམ། །བདེ་བར་གཤེགས་པས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་གསོ་བའི་ཐབས་ནི་མང་སྟེ། དཔེར་ན་མར་མེ་འདྲ། ཤི་ཤིང་ཉམས་ཀྱང་གསོ་བའི་ཐབས་མངའོ། །ཞེས་གསུངས་པས། གོང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་རྣམས་ཉམས་ན་སླར་བསྐང་བའི་ཐབས་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། རྒྱས་བཤད་ལ་གཉིས་ཏེ། དང་པོ་རྩ་བ་ཉམས་པའི་བསྐང་ཐབས། དེ་ལ་བཞིའི་ཐོག་མར་བྱང་ཆུབ་སེམས་ཀྱི་བསྐང་ཐབས་ནི། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་རྫོགས་ཀྱི་དོན་ལ་མི་མོས་ཤིང་ཉམས་སུ་བླང་བས་དམ་ཉམས་པ་དང་དོན་མ་རྟོགས་ནའང་ཉམས་པས་ན། དེ་བསྐང་བའི་ཐབས་ནི་བླ་མ་རྒྱུད་གཞུང་མན་ངག་ལ་མཁས་པ་ལ། དང་པོ་ཟས་ནོར་ལོངས་སྤྱོད་ཀྱིས་མཉེས་པར་བྱས་ལ། བསྐྱེད་རྫོགས་ཀྱི་དགོངས་དོན་ངོ་སྤྲད་རྣམས་རང་གི་ཉེར་ལེན་གྱི་ཤེས་རབ་ཀྱིས་བླངས་ཏེ་རྟོགས་པ་དེ་ཉིད་ལ་བློ་གནས་པར་བྱ་བ་མ་གཏོགས་པ་ཐབས་གཞན་གྱིས་མི་སྐོང་སྟེ། དམ་ཚིག་བཀོད་པ་ལས། སེམས་དཔའ་ཆེན་པོ་ཆོས་ཉིད་དངོས་པོ་རང་བཞིན་མེད་པར་ཤེས་ན། དམ་ཚིག་མི་ཉམས་སོ། །ཅིའི་ཕྱིར་ཞེ་ན། འཛིན་པ་དང་ཆགས་པ་མེད་པའོ། །དེ་བས་ཀྱང་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མཉམ་པ་ཉིད་དུ་ཤེས་ན། དམ་ལ་ཉམས་པའི་དུས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་རྟོག་གི་ཕྱོགས་ཀྱི་མིང་ཡང་མེད་པས་ཉམ་པའི་དུས་མེད་དོ། །ཞེས་སོ། །གཉིས་པ་སྐུའི་བསྐང་ཐབས་ལ་ལྔའི་དང་པོ་བསྐང་ཐབས་དངོས་ནི། ས་མ་ཡ་བཀོད་པ་ལས། སྐུ་ལ་བསྡོས་དང་ཐུགས་ཐུབ་སྤྱད། མ་རིག་ཀ་མ་ལི་ལ་བརླབས། །ལན་དུ་བརྗོད་དང་ལོག་པར་སྨྲས། །སྐུ་ལ་སྨད་ཅིང་ཐུགས་ལ་བསྡོས། །བཀའ་རྐུ་ལུང་མེད་ཡོངས་སུ་བསླད། །ཅེས་སློབ་དཔོན་དང་གྲོགས་ལ་འཐབས་རྩོད་སྐྱེས་པ་ལ་གཅིག་ལན་གཅིག་གིས་བྱེད་པ་ནི། བེལ་སྦྲེལ་གཡང་དུ་ལྟུང་བ་བཞིན། གཉིས་ཀ་དམྱལ་བར་ལྟུང་བར་འགྱུར་རོ། །གང་གིས་བསྲིང་བ་དེ་རྒྱལ་བས། །གཉིས་ཀ་བསྲིང་ན་རྒྱལ་བར་ངེས། །རྩོད་པ་རྒྱལ་ཡང་ཕམ་པར་འགྱུར། །ཞེས་དེ་ལྟར་དུ་བྱས་ནས་སྐུ་ཡི་དམ་ཚིག་ཉམས་པར་གྱུར་ན་བསྐང་བའི་ཐབས་ནི། སློབ་དཔོན་དང་གྲོགས་པོ་གང་ལ་ཆགས་ཉམས་བྱས་པའི་དྲུང་དེར་སོང་ལ། ཟས་ནོར་རང་གིས་འབྱོར་བ་ཙམ་ཞིག་ཕུལ་བའམ། བཤགས་བྱ་ཡུལ་མཉེས་པ་ཞིག་ཕུལ་ནས། ཤིན་ཏུ་འགྱོད་པའི་སེམས་ཀྱིས་གང་ཉེས་པ་བྱས་པ་དེ་ཚིག་ཏུ་བརྗོད་ལ་བཤགས་པར་བྱས་ལ། དེ་ཕྱིན་ཆད་དམ་ལས་མི་འདའ་བས་ལེགས་པར་བཅའ་བའོ། །དེ་ཡང་དམ་ཚིག་བཀོད་པ་ལས། རྣམ་པར་དག་པའི་བསམ་པས་མཐོལ། །དོན་གྱིས་མི་གནས་ཚིག་འདིས་བཤགས། །རང་བཞིན་མེད་པས་བཟོད་པར་གསོལ། །ཅེས་གསུངས་སོ། །གཉིས་པ་ཡུལ་དེ་མེད་ན་དེའི་སློབ་དཔོན་ལ་བསྐང་བའི་ཐབས་ནི། གལ་ཏེ་བཤགས་ཡུལ་སློབ་དཔོན་དང་གྲོགས་པོ་གང་ཡིན་དེ་གྲོངས་ཏེ་འདས་སམ་ཡུལ་མི་གཅིག་པས་ས་ལམ་ལ་བར་ཆད་མང་ནས་བགྲོད་ཐབས་མེད་པར་འགྱུར་བས་ན། གང་ཉམས་པ་དེ་ཡི་སློབ་དཔོན་བཞུགས་པ་ལ་བཤགས་པ་བྱེད་པ་དེའི་ཚེ། ཚུལ་གོངས་མ་བཞིན་དུ་བཤགས་ཏེ་ཟས་ནོར་འབྱོར་པ་མཉེས་པར་ཕུལ་ནས་ཉེས་པ་གང་བྱས་ཚིག་ཏུ་བརྗོད་ནས་བཤགས། ཕྱིན་ཆད་མི་བྱེད་པ་དམ་བཅའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ལྟར་བཤགས་པ་བྱེད་ན་ཡང་། །སློབ་དཔོན་ལ་སོགས་མཆེད་རྣམས་ཀྱིས། །གང་ཞིག་ནོངས་པ་དྲན་པ་དང་། །རྗེས་སུ་འགྱོད་པ་སྐྱེས་ནས་སུ། །སླན་ཆད་སྡོམ་པར་འཚལ་བ་དང་། །ཚངས་པ་ཕྲལ་དུ་སེལ་བར་བྱ། །ཞེས་སོ། །གསུམ་པ་དེ་ཡང་མེད་ན་མཉམ་པ་བརྒྱ་ལ་མཆོད་སྦྱིན་གྱི་སྒོ་ནས་བསྐང་བ་ནི། དེའི་སློབ་དཔོན་གྲོངས་འདས་སུ་གྱུར་ནས་མེད་ན་གང་ལ་ཉམས་པ་དེ་དང་དགོངས་པ་མཉམ་པ་བརྒྱ་ལ་བཤགས་པ་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ཡི་སློབ་དཔོན་མི་བཞུགས་ན། །དེ་དང་མཉམ་པ་བརྒྱ་རྣམས་ལ། །དེ་ཚེ་གོང་མ་བཞིན་དུ་བཤགས། །ཞེས་གསུངས་སོ། །བཞི་པ་དེ་ཡང་མ་རྙེད་ན་མཉམ་པ་གསུམ་ལ་སྦྱིན་སྲེག་གིས་བསྐང་བ་ནི། བརྒྱ་པོ་དེ་ཡང་རྙེད་པར་མ་གྱུར་ན། གང་ལ་ཉམས་པ་དེ་དང་ལྟ་སྤྱོད་བསྒོམ་གསུམ་གྱི་དགོངས་པ་མཉམ་པ་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས། ལས་མཁན་གསུམ་བཀུག་ལ། ཞི་བའི་སྦྱིན་སྲེག་གི་མེ་ཐབས་རབ་ཏུ་བརྩིགས་ནས། དང་པོ་རྩ་དཀྱིལ་ལ་མཆོད་བསྟོད་བསྙེན་པ་ཚོགས་མཆོད་ཡན་ཆད་ཚར་ནས། དེ་ནས་ཐབས་བསང་བ་ལ་སོགས་མཆོད་པ་བྱིན་གྱིས་བརླབས་པར་བྱས་ནས། མེ་ཐབ་ཀྱི་དབུས་སུ། སྦྱིན་ལྷ་དེའི་ལྟོ་བའི་ནང་དུ་སྲེག་ལྷ་གང་ལ་ཉམས་པ་དེ་དང་ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་དུ་བསྐྱེད་ལ་ཟས་ནོར་འབྱོར་བ་ཐམས་ཅད་སྟ་གོན་དུ་རྫོགས་པར་བྱས་ལ་མཆོད་རྫས་སུ་འབུལ་ཏེ། དེ་ཡང་སྔོན་དུ་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་ཞིང་། སྤྱི་མཆོད་ཚར་ནས་ཞི་བའི་མཆོད་རྫས་ཕུལ་བ་དང་། ལྷ་གང་ཡིན་པའི་སྔགས་རྟིང་དང་ཁོ་རང་གི་གསང་མཚན་ལ་སོགས་མིང་བཏགས་ལ་དེ་དང་དམ་ཚིག་ཉམས་པ་རྣམས་ཤིནྟིཾ་ཀུ་རུ་ཡཱེ་སྭཱ་ཧཱ། ཞེས་བརྗོད་ལ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་རིམ་བཞིན་བསྲེག་རྫས་ཀྱི་མཆོད་པ་འབུལ་ལ་བསྟོད་པ་ལ་སོགས་རྒྱས་པར་རྒྱུད་ནས་གསུངས་པ་བཞིན་ལག་ལེན་ལ་བདུན་ནམ་ཉེར་གཅིག །ཡང་ན་ཆགས་ཉམས་སྐོང་བའི་རྟགས་མ་བྱུང་བར་དུ་བྱའོ། །རྟགས་ཐོན་པ་དང་གོང་དུ་སྨོས་པའི་སྤྱོད་པ་རྣམས། བཤགས་པའི་དཔང་པོའི་སློབ་དཔོན་གསུམ་ལ་འབུལ་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ཡང་རྙེད་པར་མ་གྱུར་ན། སྦྱིན་སྲེག་མེ་ཐབ་རབ་བརྩེགས་ནས། །དེ་དང་མཉམ་པ་གསུམ་བཀུག་ལ། །མཆོད་རྫས་སྣ་ཚོགས་བཤམ་པར་བྱ། །གསུམ་པོ་དེ་ཡང་དཔང་པོ་བཞག །བླ་མ་ལ་སོགས་མཆེད་རྣམས་ཀྱིས། །གསང་མཚན་ལ་སོགས་སྤྱན་དྲངས་ཏེ། །སྦྱིན་སྲེག་མཆོད་པ་གཞུང་བཞིན་བྱ། །དཀྱིལ་འཁོར་ལྷ་ལ་ཚུལ་བཞིན་བྱ། །གཞུང་ལ་གཤེགས་པའི་ཆོ་ག་གདགས། །དེ་ཚེ་ཟིན་པ་གྱུར་པའི་ཚེ། །གོང་དུ་སྨོས་པའི་ཡོན་རྣམས་ཀྱང་། །དཔང་པོ་གསུམ་ལ་འབུལ་བར་བྱ། །དེས་ཀྱང་ཡོངས་སུ་བཤད་པ་བཏང་། །དེ་བཞིན་ལན་གྲངས་བདུན་དུ་བྱ། །དེ་ལྟར་བྱས་ན་བསྐང་བར་འགྱུར། །མཆེད་ལ་སོགས་པ་དེ་བཞིན་ནོ། །ཞེས་སོ། །ཆོས་རྗེའི་དམ་ཚིག་རྒྱ་མཚོ་ལས། ཉམས་པ་བཤགས་པའི་ཐབས་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །བསྐང་བའི་ཆོ་ག་བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པ་ཡི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་གི་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱོད་དེ། །དེ་ནས་བདོག་པ་ཐམས་ཅད་ཕུལ། །རྗེས་སུ་གནང་བ་བསྒྲུབ་པར་འགྱུར། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཆོས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་གིས་ནི་འབུམ་ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །ལྔ་པ་ཞར་ལ་བཤགས་ཡུལ་རང་གིས་ཀྱང་བཤགས་པ་མི་བླང་ན་ལྟུང་བར་བསྟན་པ་ནི། གལ་ཏེ་བཤགས་ཡུལ་གང་ཡིན་པ་དེ་ལ། ཉམས་པ་ཅན་དེས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་བཤགས་ཀྱང་མི་ལེན་ན་ཉེས་པ་ཤིན་ཏུ་ཆེ་སྟེ། གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་བས་དེ་བས་བཤགས་ཡུལ་བཤགས་མཁན་གཉིས་ཀས་བསྐུལ་ཏེ་མྱུར་དུ་ཉེས་པ་དག་པས་ཚངས་པར་སེལ་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ལས་ཚངས་པར་མ་སེལ་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། །དེ་ལ་སྡུག་བསྔལ་བཟོད་བླག་མེད། །དེ་བས་ཚངས་པར་སེལ་བར་བྱ། །ཞེས་སོ། །དེ་ལྟར་ཉེས་པ་དག་པར་གྱུར་ཀྱང་། ད་ཕྱིན་ཆད་མི་སྟོང་ཟེར་བ་ནི་མ་ཡིན་ནོ། །དེ་ལྟར་ཚང་པ་ཐོན་ནས་ཀྱང་། །བཤགས་པར་འདོད་པ་གང་ཡིན་པའི། །ཞབས་ནི་སྤྱི་བོས་བླང་བར་བྱ། །སླན་ཆད་མི་གཉིས་གཅིག་པར་བྱ། །ཞེས་གསུངས་སོ། །གསུམ་པ་གསུང་གི་བསྐང་ཐབས་ནི། གསུང་གི་དམ་ཚིག་ལ་སྔགས་གསུམ་ཕྱག་རྒྱ་བཞི་སྒོམ་བཟླས་མ་བྱས་ནས་ཉམས་པར་གྱུར་ན་བསྐང་ཐབས་ནི། རང་གི་ལུས་ངག་ཡིད་ཀྱི་སྒོ་གསུམ་ནི། ལུས་ཡི་དམ་ལྷའི་སྐུ། ངག་གསུང་། ཡིད་ཐུགས། དེ་ཉིད་དུ། ཚིག་ཙམ་མ་ཡིན་པར་ངེས་པར་ལྟ་བས་ཤེས་ཤིང་སྒོམ་པས་བློ་འབྱོར་ན། ཕྱག་རྒྱ་ཉམས་པ་དེ་དག་སྐོང་བར་འགྱུར་རོ། །དམ་ཚིག་བཀོད་པ་ལས། ལུས་ཀྱི་བསྒུལ་བསྐྱོད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་ལ། ངག་གི་བཟླས་བརྗོད་ནི་བཟླས་པར་བྱེད་པའི་སྙིང་པོ་ཡིན་ལ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ནོ། །ཞེས་གསུངས་སོ། །སྔགས་གསུམ་ཉམས་པ་བསྐང་བ་ནི། བཟླས་པ་སངས་རྒྱས་འགྲུབ་པ་ཙམ་ལ་གཉིས་བརྒྱ་བཟླས་པ་ལྟ་བུ་ལོག་པོ་གཅིག་བལྡབ་པ་ཙམ་གྱིས་ཉམས་པ་བསལ་བ་དང་། གཞན་ཡང་ཡང་ཕུར་སྨན་གསུམ་གྱི་བསྒྲུབ་པ་ཆེན་པོ་གསུམ་གྱིས་སྔགས་ཕྱག་རྒྱ་ཉམས་པ་ཐམས་ཅད་བསྐངས་སོ། །བཞི་པ་ཐུགས་ཀྱི་བསྐང་ཐབས་ནི། ཐུགས་ཀྱི་དམ་ཚིག་གསང་བ་བཅུ་ལ་ཉམས་པར་གྱུར་ན་བསྐང་ཐབས་ནི། ལྟ་བས་འགྲོ་དྲུག་གི་སེམས་ཅན་ཇི་ལྟར་སྣང་དུས་སེམས་ཉིད་རང་སྣང་དུ་གསལ་ཞིང་རྟོགས་ན། བདག་ཉིད་ཀྱི་བདག་ཉིད་ལ་གསུང་བ་མེད་ཅིང་དེ་ལྟ་བུ་སྣང་སེམས་ཐ་དད་དུ་མི་རྟོག་ཅིང་དབྱེར་མེད་དུ་རྟོགས་པའི་དོན་ལ་འདའ་ཉམས་མེད་པས་ཏིང་ངེ་འཛིན་གྱི་ཀློང་དུ་ཞུགས་ཏེ་བསྒོམས་པས་མ་ཡེངས་པར་བློ་ལ་གོམས་ཤིང་འདྲེས་པར་བྱ་བས་སྐོང་སྟེ། དམ་ཚིག་བཀོད་པ་ལས། ནམ་མཁའ་ལ་ཡངས་དོགས་མེད་པ་བཞིན། བློ་ཆོས་ཉིད་དུ་གྱུར་པ་ལ། འཇིག་རྟེན་གྱི་བག་ཆགས་སྤངས་པས་གང་ཞིག་བརྗོད་ན་ཡང་། སྣོད་དང་མི་ལྡན་པ་མེད་པར་ཤེས་པར་བྱས་ལ། བསྲུང་དུ་མེད་པའི་ངོ་བོའི་རང་བཞིན་གྱི་རྣལ་འབྱོར་པས་ཆོས་ཉིད་ཚིག་དང་ཡི་གེ་ལས་འདས་པ། ཞེས་དང་། སེམས་དཔའ་ཆེན་པོ་འདི་ལྟ་བུའི་མན་ངག་ནོས་ལ། ཁོང་དུ་ཆུད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་སྐོང་བའོ། །འདི་ལྟ་བུ་ལ་ཡེངས་པ་མེད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་ཉམས་པའོ། །འདིའི་དོན་ལ་འགྱུར་བ་མེད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་འདའོ། །ཞེས་སོ། །གཉིས་པ་ཡན་ལག་གི་བསྐང་ཐབས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་བསྐང་བའི་ཐབས་ནི། རྩ་བ་བསྐང་བ་ལ་ཡན་ལག་ཤུགས་ཀྱིས་ཚང་ཡང་། ཁྱད་པར་དུ་སྤྱད་པ་ལྔ་ལ་སོགས་པའི་གང་ཉམས་པ་དེ་ཡི་དོན་ཉམས་སུ་བླངས་ནས་སོར་ཆུད་ལ། ཚོགས་ཀྱི་འཁོར་ལོ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱིས་ཉམས་པ་བསྐངས་སོ། །གསུམ་པ་བསྐངས་པའི་ཡོན་ཏན་གྱི་ངོས་ནས་ཞབས་བསྡུ་བ་ནི། རྩ་བ་ཡན་ལག་གི་དམ་ཚིག་ཉམས་པའི་བསྐང་ཐབས་གོང་དུ་བཤད་པ་དེ་ལྟར་དུ་ཉམས་སུ་བླང་ན་སྐོང་བར་འགྱུར་རོ། །ཡོན་ཏན་ནི་སྔ་རྟགས་ཚེ་འདི་ལ་སྡུག་བསྔལ་རྣམས་འབྱུང་བར་མི་འགྱུར་ཞིང་། དེས་ནི་ཕྱི་མ་ལ་སྨིན་པའི་འབྲས་བུ་ངན་སོང་གཏན་ནས་མེད་དོ། ༈ །སྤྱི་དོན་དགུ་པ་མཚོན་པ་དཔེ་ལ་གཉིས་ཀྱི་དང་པོ་ཉེར་བསྟན་ནི། བླ་མེད་མ་ཧཱའི་བསྲུང་བྱ་རྣམས་ལ་མི་འདའ་བས་དམ་ཚིག་ཡོ་ག་མན་ཆད་ལ་དཔགས་པས་ཆེན་པོ་དེའི་ལེགས་ཉེས་ཆེ་བའི་དཔེ་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་བཅུ་གཅིག་གི་དང་པོ་ཡོན་ཏན་ཐམས་ཅད་གྱི་གཞི་དམ་ཚིག་གིས་བཟུང་བའི་དཔེ་ནི། དཔེར་ན་ས་གཞི་ལ་སྐྱེས་འགྲོ་རྩི་ཤིང་ལ་སོགས་པ་ཀུན་དེ་ལ་བརྟེན་ནས་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་ལམ་ལྔ་དང་། དེ་ལས་བྱུང་བའི་འབྲས་བུའི་ཆོས་རྣམས་ཀུན་གྱི་ཡོན་ཏན་ནི། དམ་ཚིག་འདི་མེད་པར་ལོག་ཤིག་ནས་མི་འགྱུར་རོ། །གཉིས་པ་བསྲུང་ཐུབ་མ་ཐུབ་ཀྱི་ལེགས་ཉེས་ཆེ་བའི་དཔེ་ནི། དཔེར་ན་དགྲ་དང་རང་གི་ས་མཚམས་ན་རྫོང་མཁར་བཙན་པོ་ཞིག་ཡོད་ན་རང་ཕྱོགས་ཀྱིས་ཐོབ་ན་ཁེ་ཆེ་ལ། དགྲ་ལ་ཤོར་ན་ཉེན་ཆེ་བས་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་ལ། དམ་ཚིག་འདི་ཉིད་བསྲུང་བ་ཐུབ་དང་མི་ཐུབ་པ་ལས་བསྲུངས་ན་ལེགས་པའི་ཡོན་ཏན་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཐོབ་ལ། མ་བསྲུངས་ན་ཉེས་པའི་སྟོབས་ཆེན་པོ་རྡོ་རྗེ་དམྱལ་བ་ལ་འགྲོ་བར་བྱེད་པའོ། །གསུམ་པ་བསྲུངས་བའི་ཡོན་ཏན་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བའི་དཔེ་ནི། དཔེར་ན་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། དམ་ཚིག་ཚུལ་བཞིན་དུ་བསྲུངས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དགོས་འདོད་ཐམས་ཅད་འབྱུང་ངོ་། །བཞི་པ་ཆོས་ཉིད་དམ་ཚིག་ཏུ་འདུས་པའི་དཔེ་ནི། དཔེར་ན་ནམ་མཁའ་རང་གི་ནང་དུ་འབྱུང་བཞི་ཀུན་ཤོང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་ཆོས་ཉིད་མཉམ་པའི་དམ་ཚིག་འདི་རང་གི་རྒྱུད་ཐོག་ལ་འདའ་ཉམས་མེད་པར་ཡོད་ན་མྱང་འདས་ཀྱི་ཆོས་ཐམས་ཅད་འདིར་འདུས་ཤིང་ཤོང་བར་འགྱུར་རོ། །ལྔ་པ་བསྲུངས་ན་འཁོར་བ་མངོན་དུ་གྱུར་པའི་སྡུག་བསྔལ་གྱི་འཆིང་བ་གཅོད་པའི་དཔེ་ནི། དཔེར་ན་རྣོ་ངལ་དབལ་དང་ལྡན་པའི་མཚོན་གྱིས་དངོས་པོ་གང་གཅོད་པས་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། དམ་ཚིག་བསྲུང་བས་ཉོན་མོངས་འཁོར་བ་གཟུང་འཛིན་གྱིས་འབྲེལ་བའི་དྲྭ་བ་མ་ལུས་པ་གཅོད་དོ། །དྲུག་པ་དུས་གསུམ་གྱི་རྒྱལ་བ་ཡང་དམ་ཚིག་འདིས་བསྐྱེད་པའི་དཔེ་ནི། དཔེར་ན་ཕ་མས་བུ་ཚ་བསྐྱེད་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བ་མ་ལུས་པ་རྣམས་ཀྱང་དམ་ཚིག་འདིས་བསྐྱེད་ཅིང་ནར་སོན་ནོ། །བདུན་པ་བསྲུང་བའི་བྱིན་རླབས་ལ་ཡོན་ཏན་འབྱུང་བའི་དཔེ་ནི། དཔེར་ན་རྒྱ་མཚོའི་རླབས་ལས་རིན་པོ་ཆེ་སྣ་ཚོགས་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་དམ་ཚིག་བསྲུངས་པའི་བྱིན་རླབས་ལས་གཞན་དོན་ཆེན་པོ་འཕྲིན་ལས་རྣམ་བཞིས་གདུལ་བྱའི་དོན་བྱེད་པའི་དུས་སུ་ཐོགས་པ་མེད་པ་འབྱུང་བར་འགྱུར་རོ། །བརྒྱད་པ་ཁྱད་པར་དུ་བསད་ཅིང་བག་མེད་དུ་སྤྱོད་ན་མྱང་འདས་ཀྱི་རྒྱུ་འབྲས་འཇིག་པའི་དཔེ་ནི། དཔེར་ན་མེ་འདི་ཉིད་བཙའ་ཤེས་ན་མཐུན་པའི་གྲོགས་ཡིན། བཙའ་མ་ཤེས་ནས་བག་མེད་དུ་བྱས་ན། མེ་དཔུང་དུ་གྱུར་ནས་རང་དང་གནས་ཁང་དང་བཅས་པ་བསྲེགས་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། ཁྱད་པར་དུ་ཡན་ལག་གི་དམ་ཚིག་ཉོན་མོངས་པ་འདི་ཐབས་མཁས་པའི་ལྟ་བས་ཟིན་ན། འབྲས་བུ་སངས་རྒྱས་ཐོབ་ལ། རང་ཁར་བག་མེད་དུ་སྤྱོད་པའི་ཕྱོགས་སུ་གང་མཆོངས་པ་ཐམས་ཅད་ཀྱི་རྒྱུད་ལ་མྱང་འདས་ཀྱི་རྒྱུ་འབྲས་འཇིག་པར་འགྱུར་རོ། །དགུ་པ་བག་ཡོད་དུ་སྤྱོད་ན་ཉོན་མོངས་པའི་ས་བོན་དྲུངས་འབྱིན་པའི་དཔེ་ནི། ཉོན་མོངས་པའི་དམ་ཚིག་ལ་ཐབས་མཁས་པའི་ལྟ་བའི་རྩི་ཡིས་ཟིན་པའི་སྒོ་ནས་བག་ཡོད་དུ་སྤྱོད་ན་འབྲས་བུ་སངས་རྒྱས་ཐོབ་པ་དེ་བཞིན་དུ། དཔེ་ན་གཅོང་ནད་ཅན་གྱིས་རྩི་དང་། སྨན་བྱས་པས་ནད་རོ་དྲུངས་ནས་འབྱིན་པ་ལྟ་བུའི། དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། འཁོར་བའི་གཅོང་རོ་ཉོན་མོངས་པའི་ས་བོན་དང་བཅས་པ་མ་ལུས་པ་དྲུང་ནས་འབྱིན་ནོ། །བཅུ་པ་རང་དང་འཚམས་པར་བག་ཡོད་དུ་བསྲུངས་པར་བྱས་པས་ཐམས་ཅད་ཆུད་མི་ཟ་བའི་དཔེ་ནི། དཔེར་ན་རྒྱལ་པོ་ཁྲིམས་ཡོད་པའི་མངའ་འོག་ཏུ་ཚུད་པའི་མི་སྡེ་དེས་དང་པོ་རྒྱལ་ཁྲིམས་དང་མི་འགལ་བར་བྱེད་ཅིང་ཐབས་མཁས་ན་མཐར་བློན་པོར་གྱུར་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། ཚོགས་ལམ་དང་པོར་ཐུན་མོང་གི་བསྲུང་བྱ་དང་རྩ་བའི་དམ་ཚིག །ཕྱོགས་འགའ་ཙམ་བསྲུང་བ་ལ་བརྟེན་པའི་རིམ་གྱིས་ཁྱད་པར་གྱི་བསྲུང་བྱ་རྣམས་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་རྫོགས་པས་མཐོང་ལམ་ཟག་མེད་ཀྱི་ཆོས་ཉིད་རྟོགས་པས་འཁོར་བར་འཆིང་བས་འཚོ་བ་འམ། ཡང་ན་སངས་རྒྱས་ཐོབ་པའི་འཚོ་ཡང་ཟེར་རོ། །བཅུ་གཅིག་པ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་མཐར་སངས་མ་རྒྱས་ཀྱི་བར་དུ་སྐད་ཅིག་ཙམ་ཡང་བྲལ་མི་རུང་བའི་དཔེ་ནི། དཔེར་ན་རྒྱ་མཚོ་ལ་ནོར་བུ་ལེན་འགྲོ་བའི་ཚོང་དཔོན་བཞིན་དུ། ཐོག་མ་ཚོགས་ལམ་ནས་བཟུང་སྟེ་ལམ་མཐར་མ་ཕྱིན་གྱི་བར་དུ་ཚོང་དཔོན་གྱིས་དང་པོ་འགྲོ་བ་ནས་བཟུང་སྟེ་མཐར་ཁྱིམ་འདིར་མ་ཕྱིན་གྱི་བར་དུ་ལེགས་ཉེས་ཀྱི་སྤང་བླང་ལ་མཁས་ཤིང་བསྲུངས་པ་ལྟར། འདི་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་དམ་ཚིག་གི་བསྲུང་བྱ་འདི་རྣམས་ལ་ཤིན་ཏུ་མཁས་ཤིང་ནན་ཏན་དུ་བསྲུང་བར་བྱའོ། །དེ་ཡང་དང་པོ་ཚོགས་ལམ་ཆུང་ངུ་ལ་ཐུན་མོང་གི་དམ་ཚིག་རྣམས་ནུས་བསྲུང་བྱེད་ལ། ཁྱད་པར་མོས་བསྲུང་། ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་ཐུན་མོང་གཞན་དོན་དུ་བསྲུང་ལ། ཁྱད་པར་གྱི་བསྲུང་བྱ་རྣམས་ནུས་བསྲུང་བྱེད་ལ་མཐོང་ལམ་ཕྱིན་ཆད་ལྷུན་གྲུབ་ཡིན་ནོ། །ཡང་ན་རྒྱ་མཚོ་ནོར་ལེན་འདིའི་དཔེ་དོན་ནི། རྒྱ་མཚོའི་གླིང་དུ་ནོར་བུ་རིན་པོ་ཆེ་ལེན་འགྲོ་བ་ལ་མཐའི་རྒྱ་མཚོ་ལ་བསྒྲལ་དགོས་ཏེ། དེ་ཡང་གཟིང་ལ་བརྟེན་ནས་འགྲོ་བ་ཡིན་པས་དེའི་ཐབས་ནི། མཐུན་པའི་རླུང་འོང་བའི་ཚེ། གཟིང་འགྲོ་བའི་རྐྱེན་དུ་ཟུར་བཞི་བ་དན་བཞི། མི་མཐུན་པའི་རྐྱེན་བྱུང་དུས་མལ་དུ་བསྡད་པའི་རྐྱེན་ཁྲོ་ཆུའི་ཕ་བོང་བཞི། ལྕགས་ཐག་འདོམ་པ་དགུ་པ་བཞིས་ཟུར་བཞིར་བཏགས་པ་དང་། ཆུ་སྲིན་གྱི་ཁ་ལ་གཟིངས་འགྲོ་དོགས་པས། བྲག་དང་ཆུ་སྲིན་བརྟག་པའི་ཆེད་དུ་ཕུག་རོན། དེ་ཡང་ཆུ་ཆགས་པའི་ཆེད་དུ་བདུན། ཆུ་སྲིན་ཡིན་ན་དེའི་གཉེན་པོ་དུང་། དེ་འོ་མས་འཚོ་བར་བྱེད་པ་ལ་བ། དེ་ཡང་ཤི་ཐེབ་དང་བཅས་པ་ཡར་དྲུས་གཉིས། སྐོམ་ས་ཐང་ཤིང་དང་ཉ་ནག་མདུང་གཉིས་ཤན་ཕྱེ་བ་ལ་བྱ་རོག །དེ་ཡང་ཁྱུ་ཆགས་པར་བྱ་བའི་ཕྱིར་གཉིས། དེ་རྣམས་ཀུན་ཚོགས་ཀྱང་ཚོང་དཔོན་རྒན་པོ་སྔོན་ནས་ལན་མང་དུ་འགྲོ་མྱོང་བ་ཞིག་དགོས། དེ་རྣམས་བརྟེན་ནས་ནོར་བུའི་གླིང་དུ་ཕྱིན་པར་བྱེད་ཅིང་གཟིངས་མི་བྱིང་བའི་ཚད་དང་བསྟུན་ནས་ནོར་བུ་ཁྱེར་ཏེ། སླར་རང་ཡུལ་དུ་འོང་སྟེ། མི་སྡེ་ཐམས་ཅད་ལ་ཕན་པར་བྱེད་པ་བཞིན་འདིར་ཡང་ཐར་པ་སྒྲུབ་པར་བྱེད་པ་ལ། རྒྱ་མཚོ་དང་འདྲ་བའི་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་བརྒལ་བར་བྱ་བ་ལ། གཟིང་དང་འདྲ་བའི་གསང་སྔགས་ཀྱི་ཐེག་པར་འཇུག་ཅིང་། བ་དན་དང་འདྲ་བའི་བགྲོད་པར་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི། ཁྲོ་ཆུ་ཕ་བོང་དང་འདྲ་བའི་ཚད་མེད་པ་བཞིའི་སྟོབས་དང་ལྡན་དགོས། ཆུ་སྲིན་དང་འདྲ་བའི་ལམ་གྱི་བར་ཆད་ཉོན་མོངས་པའི་ཚོགས། དེ་བསལ་བའི་ཐབས་སུ་དུང་དང་འདྲ་བའི་གནས་ལུགས་ཀྱི་དོན་རྟོགས་པའི་གདིང་དང་ལྡན་པ་ཞིག་དགོས། བ་གཉིས་དང་འདྲ་བའི་ཐབས་ཤེས་ཀྱི་བདེན་པ་གཉིས་ལ་བརྟེན་དགོས། བྱ་རོག་དང་འདྲ་བའི་ལམ་མཐོན་དམན་གྱི་ཚོད་འཛིན་ཅིང་ཉམས་སུ་ལེན་དགོས། ཕུག་རོན་དང་འདྲ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཤུགས་ལ་ལྡན་པ་ཞིག་སླར་རང་ཡུལ་དུ་ཕེབས་ནས་རིན་པོ་ཆེས་གཞན་གྱི་དབུལ་ཕོངས་བསལ་བ་དང་འདྲ་བར། རང་དོན་ཆོས་སྐུ་ཐོབ་ཅིང་གཞན་དོན་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི་དོན་རྒྱུན་ཆད་མེད་པར་མཛད་པ་ཡང་། ཚོང་དཔོན་ལན་མང་དུ་སོང་བ་དང་འདྲ་བའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། དམ་ཚིག་འདི་ལ་བརྟེན་ནས་འབྱུང་དགོས་པའོ། ༈ །སྤྱི་དོན་བཅུ་པ་མདོ་བཞི་བརྗོད་བྱའི་ཞབས་བསྡུ་བ་ལ་གཉིས་ཏེ། དང་པོ་ལ་བཞིའི། དང་པོ་རང་བཞིན་གཞིའི་མདོ་ནི། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་རྣམས་ནི། གུད་དམ་ལོགས་ཤིག་ན་ཡོད་པ་མ་ཡིན་ཏེ་རྣལ་འབྱོར་པ་རང་གི་སེམས་ཉིད་འདི་དམ་ཚིག་ཡིན་ཏེ། གཏན་ཚིགས་ཅིའི་ཕྱིར་ཡིན་ཞེ་ན། ཀུན་རྫོབ་ཏུ་ཤེས་བྱ་ཇི་སྙེད་དུ་སྣང་བའི་ཆོས་རྣམས་མ་ལུས་པ་ཀུན་ཀྱང་སྣང་དུས་རང་རྒྱུད་དུ་གྲུབ་པ་མེད་པ་དེ། རང་གི་རིག་པ་འདི་ཉིད་ལས་དབྱིབས་ཁ་དོག་ལ་སོགས་ངོས་བཟུང་ཀུན་དང་བྲལ་བས་སྟོང་པ་དེ་ཉིད་ཡུལ་སྣ་ཚོགས་སུ་ཤར་ནས་སྣང་བ་སྟོང་དུས་སྣང་ལ། དངོས་པོའི་ཡུལ་དུ་ཅི་ལྟར་དུ་སྣང་བ་དང་། ཤེས་བྱ་ཅི་སྲིད་ཐམས་ཅད་རང་རིག་པ་དེ་ཉིད་ཀྱི་འཆར་སྒོ་ཡིན་པས་ན་སྣང་དུས་སྟོང་ལ། དེ་ལྟར་ཀུན་རྫོབ་དང་དོན་དམ་པ་བྱུང་ཆུབ་ཀྱི་སེམས་དབྱེར་མེད་དེ་ཁམས་གསུམ་གྱི་སེམས་ཅན་འགྲེང་བུར་འགྲོ་བ། ལ་ལ་ལྡོག་སྟེ་སྤྱི་གཙུག་གིས་འགྲོ་བ་ལ་སོགས་སྐྱེ་གནས་གར་སུ་ཡང་བྱང་ཆུབ་ཀྱི་སེམས་བདེར་གཤེགས་སྙིང་པོའི་དོན་ལ་སྐད་ཅིག་ཙམ་ཡང་འདའ་མི་སྲིད་དེ་ཆུ་དང་གཤེར་བ་བཞིན་ནོ། །དོན་དེ་ཉིད་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། བྱེད་པ་པོས་མ་བྱས་པས་རང་བཞིན་དེ་ལས་མི་འདའ་བས་དམ་ཚིག་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོའོ། །གཉིས་པ་ཤེས་བྱ་ལྟ་བའི་མདོ་ནི། དེ་ལྟར་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་རང་ལ་གནས་པ་དེ་ལ་བརྟག་ཅིང་དཔྱད། གཞིག་ཅིང་གཞལ་པས་དོན་དེ་རིག་པའི་ཚེ་ཡུལ་ཡུལ་ཅན་གྱི་འཛིན་པ་དང་བྲལ་ཞིང་། ཡུལ་བྲལ་གཉིས་མེད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤར་ནས་སྣང་བས། མངོན་སུམ་དུ་སྣང་བའི་ཞེན་བརྟགས་འཁྲུལ་པའི་ཆོས་རང་རྒྱུད་དུ་མེད་པས་དག་ཅིང་ཤེས་བྱའི་ཆོས་མ་འདྲེས་པར་སྣང་བ་རང་གི་རིག་པ་ཉིད་ལ་ཡོངས་སུ་རྫོགས་པས་ལྟ་བ་དེ་ལས་མི་འདའ་བའི་དམ་ཚིག་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོ་ཡིན་པར་རྒྱུད་ནས་བཤད་དོ། །གསུམ་པ་གོམས་བྱེད་ཏིང་ངེ་འཛིན་གྱི་མདོ་ནི། ལྟ་བ་རྟོགས་པའི་དོན་རྣལ་འབྱོར་པ་རང་གི་བློ་ལ་འདྲིས་ཤིང་གོམས་པར་གྱིས་ལ། འགྲོ་ཉལ་འདུག་སྡོད་ཀྱི་སྤྱོད་ལམ་རྣམ་བཞི་ཀུན་ཏུ་སྐད་ཅིག་ཀྱང་མ་ཡེངས་པར་འདའ་ཉམས་མེད་པར་ཏིང་ངེ་འཛིན་རྒྱུན་གྱིས་སྒོམ་པ་ལ་མི་འདའ་བས་དམ་ཚིག་ཡིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་ན་མཐར་ཕྱིན་སངས་རྒྱས་དེ་ཉིད་དང་། ད་ལྟའི་རྣལ་འབྱོར་པ་གཉིས་སྤྱོད་ཡུལ་གཅིག་སྟེ། སངས་རྒྱས་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ལ་འདའ་ཉམས་མེད་པ་ཡིན་ནོ། །བཞི་པ་བླང་དོར་མེད་པ་སྤྱོད་པའི་མདོ་ནི། ཏིང་ངེ་འཛིན་རྒྱུན་ཆད་མེད་པ་འདི་ལ་བློ་གནས་ན་གཞན་བསྲུང་བར་བྱ་བ་གཅིག་ཀྱང་བསྲུང་དུ་མེད་དེ། མ་བསྲུངས་པའི་ཉེས་པ་རྡུལ་ཕྲན་ཙམ་ཡང་འབྱུང་མི་སྲིད་དེ། གཏན་ཚིགས་ཅིའི་ཕྱིར་མི་འབྱུང་ན་ཚོགས་དྲུག་གི་སྣང་བ་མ་བཤགས་སྤྱོད་པ་ལ་རང་རྒྱུད་དུ་འཛིན་པའི་བློ་དང་བྲལ་ཏེ་མེད་པས་དཔེར་ནམ་མཁའ་སྟོང་པ་ལ་རྡུལ་མི་ཆགས་པ་དང་འདྲ་བས། ཐམས་ཅད་ཆོས་ཉིད་ཀྱི་རྦ་ཀློང་དུ་གྱུར་པས་ཉམས་པ་ནི་གཟུང་འཛིན་གྱི་དྲི་མ་དེ་གཏན་ནས་མེད་དོ། །གཉིས་པ་དམ་ཚིག་ཐམས་ཅད་མདོ་བཞིར་འདུས་པ་ནི། སུམ་བརྒྱ་དྲུག་ཅུའི་ནང་ནས་ལྷག་པའི་དམ་ཚིག་མདོ་རྣམ་པ་བཞིར་འདུས་པ་འདི་དང་ལྡན་ན། སུམ་བརྒྱ་དྲུག་ཅུའི་བསྲུང་བར་བྱ་བ་མ་ལུས་པ་རྣམས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་བསྐྱེད་རྫོགས་ཀྱི་དོན་ལ་མི་ཉམས་པའི་ཐབས་ཡིན་པས་དེ་བས་བསྲུང་བྱ་མ་ལུས་པ་མདོ་བཞི་འདིར་འདུས་པའི་ཕྱིར་ན། དམ་ཚིག་ཀུན་གྱི་མདོར་བསྡུས་པ་ཞེས་གསུངས་པའོ། །ཡང་ན་ལྷག་པའི་དམ་ཚིག་རྣམ་བཞིར་ལྡན་ཞེས་པ་འདི། འོག་མ་ཆེད་འཛིན་ཅན་རྣམས་ལས་ལྷག་པའི་རྫོགས་པ་ཆེན་པོའི་དམ་ཚིག་གི་མདོ་རྣམས་པ་བཞིར་འདུས་པ་ཡིན་ཏེ། ཤེས་བྱ་གཞིའི་འདུག་ཚུལ་ཐམས་ཅད་རང་བཞིན་གཞིའི་མདོར་འདུས་ལྟ་བའི་བྱེ་བྲག་ཐམས་ཅད་ཤེས་བྱ་ལྟ་བའི་མདོར་འདུས་སྒོམ་པ་ཏིང་ངེ་འཛིན་གྱི་བྱེ་བྲག་ཐམས་ཅད་གོམས་བྱེད་ཏིང་ངེ་འཛིན་གྱི་མདོར་འདུས། སྤྱོད་པའི་བྱེ་བྲག་ཐམས་ཅད་བླང་དོར་མེད་པར་སྤྱོད་པའི་མདོར་འདུས་པ་དང་རྣམ་བཞིར་ལྡན་པས། ཐེག་པ་ཐམས་ཅད་ཀྱིས་བསྲུང་བར་བྱ་བའི་དམ་ཚིག་མ་ལུས་པ་ཀུན་རྫོགས་པ་ཆེན་པོ་འདིར་འདུས་པའི་ཕྱིར་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་གྱི་མདོ། ལྟ་བ་ཆེད་འཛིན་དང་བྲལ་བས་མེད་པ། །སྤྱོད་པ་ཆེད་བྱས་དང་བྲལ་བས་ཕྱལ་བ། །སྒོམ་པ་ཡུལ་འཛིན་དང་བྲལ་བས་གཅིག་པུ། །འབྲས་བུ་རེ་དོགས་དང་བྲལ་བས་ལྷུན་གྲུབ་དང་བཞིར་འདུས་པའོ། །ཞེས་དམ་ཚིག་བྱེ་བྲག་ཐམས་ཅད་མདོ་བཞིར་བརྗོད་བྱར་འདུས་པས། རྫོགས་པ་ཆེན་པོའི་དོན་ནོ། །དེ་རྣམས་ཀུན་གྱིས་གཞུང་གི་དོན་དེ་སོང་ནས། ༈ །གསུམ་པ་ཞབས་དགེ་བའི་རྩ་བ་བསྔོ་བ་ནི། སྒྱུ་འཕྲུལ་གསང་སྙིང་གིས་གཞུང་བསྲངས། དམ་ཚིག་རྣམ་པར་བཀོད་པའི་རྒྱས་པར་བཤད། གཏེར་རྒྱུད་ཀྱིས་ཁོག་དབུབ་པའི་དེ་ལ་སོགས་པ་གསང་སྔགས་བླ་མེད་ཀྱི་ཐེག་པ་ཟབ་ལ་རྒྱ་ཆེ་བ་རྒྱ་མཚོ་དང་འདྲ་བའི་རྒྱུད་སྡེ་ཆེན་པོ་རྣམས་ལས། ལམ་དེ་ལས་བྱུང་བ འི་འབྲས་བུ་ཐམས་ཅད་ཀྱི་སྙིང་པོ་དཔེ་མེ་ལོང་བཅུ་གཅིག་གིས་མཚོན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་གཅིག་ཐོག་ན་གཅིག་འོང་བས་འཁོར་ལོ་དང་འདྲ་བའི་གཞུང་འདི་ཉིད། དཔེར་ན་བྱ་ངང་པའི་མཆུ་ལ་སྐྱུ་རྩི་ཡོད་པ་ཡིས་རྒྱ་མཚོའི་ནང་ནས་འོ་མ་ཐིམ་གཅིག་ཡོད་ན་བླང་བའི་ཚུལ་གྱིས། སློབ་དཔོན་སྒེག་པའི་རྡོ་རྗེའི་བློ་ཡི་ཉེར་ལེན་གྱི་ཤེས་རབ་སྐྱུར་རྩི་དང་འདྲ་བས། རྒྱུད་སྡེ་རྒྱ་མཚོ་དང་འདྲ་བའི་ནང་ནས། འོ་མ་དང་འདྲ་བའི་གཞུང་འདི་བསྡུས་པས། དགེ་རྩ་དེས་ཀུན་ཀྱང་དམ་ཚིག་ལ་གནས་ནས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །དེས་ཞབས་དགེ་བའི་རྩ་བ་བསྔོ་བ། དེའི་གོང་དུ་གཞུང་། དེའི་གོང་དུ་ཀླད་དོན། དེ་གསུམ་གྱི་བཤད་བྱ་གཞུང་དོན། དེའི་གོང་དུ་དོན་མ་ནོར་བའི་བཤད་ཐབས། དེའི་གོང་དུ་འཇུག་ངོ་ཤེས་པའི་ཆོས་ངོས་བཟུང་། དེ་གསུམ་གྱི་གོང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་དེ་སོང་ནས། གསུམ་པ་འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་ནི། དམ་ཚིག་རྡོ་རྗེའི་གསལ་བཀྲ་ཞེས་བྱ་བ་བླ་མེད་སྤྱིའི་བསྲུང་བའི་དམ་ཚིག་རྒྱུད་ནས་འཐོར་བའི་དོན་རྣམས་མདོར་བསྡུས་པ། རྡོ་རྗེ་བཞད་པ་ནི་སྒེག་མོ་ལ་མེ་ཏོག་ཕོག་པའི་གསང་མཚན་ཡིན་པས། སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ་གསུངས་སོ། །རྫོགས་སོ་ནི་ཚིག་དོན་ལྷག་མ་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པའི་དོན་དུ་གདའོ། །ཚུལ་འདི་ནི་སྔར་འགྲེལ་པ་ཐབས་ཅད་ལ་གཞི་བླངས་ནས། གཞུང་ལུགས་མ་ནོར་བའི་དགོངས་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བ་འདི་གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་སྨྲས་སོ། ༈ །ཡེ་ནས་གནས་པའི་ཆོས་ཉིད་ལྷུན་གྲུབ་དེ། །ཤེས་རབ་སྤྱན་གྱིས་མ་ལུས་དབྱིངས་སུ་གཟིགས། །རྒྱལ་བ་ཀུན་དང་དགོངས་པ་དབྱེར་མེད་བཞུགས། །མཚན་མཆོག་དོན་ལྡན་དེ་ཡི་ཞབས་ལ་འདུད། །གསུངས་རབ་རྒྱུད་སྡེ་ཆུ་གཏེར་ཆེན་པོ་ལས། །དེད་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ་ཡིས། །ཤེས་བྱ་འབྱེད་པའི་ཤེས་རབ་གྲུ་གཟིངས་ཐོག །བསྲུང་བའི་དོན་མཆོག་རིན་ཆེན་རྒྱལ་པོ་ལེན། །ལྔ་སྐྱེས་དབང་པོ་ཛྙཱ་ནའི་མཚན་ཅན་གྱིས། །ལུང་རིགས་དུ་མས་ཕྱི་དོར་བྱས་ནས་ཀྱང་། །གངས་ཆེན་ཁྲོད་འདིར་རྒྱལ་མཚན་རྩེ་ལ་ཕྱར། །དད་ལྡན་ནོར་འདོད་གསང་སྔགས་རིགས་ཅན་དེས། །ཐོས་བསམ་སྒོམ་པས་ཡེངས་མེད་གསོལ་བ་ཐོབ། །སྐུ་ལྔ་ལྷུན་གྲུབ་ནོར་གྱིས་ཕྱུག་གོ་སྙམ། །འདི་བྲིས་དྲི་མེད་གང་གཱའི་ཆུ་རྒྱུན་དེས། །འགྲོ་མང་གཟུང་འཛིན་དྲི་མ་ཀུན་བཀྲུ་བས། །ཅི་བཞིན་མ་ནོར་འདི་ཉིད་དོན་རྟོགས་ནས། །དོན་གཉིས་ལྷུན་གྲུབ་ཆུ་གཏེར་འཇུག་པར་ཤོག ༈ །བདག་ནི་ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལུང་བསྟན་ཐོབ་པ་འཕགས་པའི་ཞབས་དྲུང་དུ། །གནས་ལུགས་རྟོགས་པའི་དོན་དང་རབ་ལྡན་ནས། །བྱང་ཆུབ་མིང་ཅན་བྱང་ཆུང་ཐོབ་པར་ཤོག །བླ་མའི་ཞབས་རྡུལ་སྤྱི་བོས་ལེན་ཅིང་འབངས་ཐམས་ཅད་ཀྱི་ཐ་མར་གྱུར་པ་བྱང་ཆུབ་བཟང་གིས། བདག་དང་མཚུངས་པའི་གྲོགས་མཆེད་འགའ་འགའི་དོན་དུ་ཞུ་བ་ཡང་ཡང་ཕུལ་བས། བླ་མའི་ཐུགས་རྗེ་གདུལ་བྱ་ལ་ཉེ་བར་དགོངས་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་བརྡོལ་ནས། མན་ངག་སྙིང་ཁུ་ཡང་ཞུན་གྱི་ཐིགས་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བའི་ཡི་གེའི་རིས་སུ་བྲིས་པ་འདི་རེ་ཞིག་རྫོགས་སོ།། །།བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།


previousདམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང། ཡེ་ཤེས་རྒྱལ་མཚན།next