Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བདུན་པ།


   
   
   
གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་གཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད།
   
   
   
   
   
   
   
   


 
previousགྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་གཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད། next

གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་གཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད།

གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་གཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད་ཅེས་བྱ་བ་མཆིས་སོ། །བི་ཛ་ཡནྟུ། ཐམས་ཅད་མཁྱེན་པ་དང་དབྱེར་མེད་པའི་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་ཅིང་། །མཐའ་ཡས་འགྲོ་ལ་ལེགས་པའི་ལམ་སྟོན་པ། །རྒྱལ་དང་དེ་སྲས་ངོ་བོ་གཅིག་འདུས་པའི། །རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །རྣམ་མང་ཆོས་སྒོ་འགྲོ་བའི་བླ་མ་ཡི། །དགོངས་པ་ཇི་བཞིན་འདོམས་མཛད་འཕགས་བོད་ཀྱི། །བཤེས་གཉེན་ཚོགས་ལ་དད་པས་ཕྱག་བགྱིས་ཏེ། །གྲུབ་མཐའི་རྣམ་བཞག་མདོ་ཙམ་འདིར་བརྗོད་བྱ། །དེ་ལ་རེ་ཞིག་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་ལས་བརྩམས་ཏེ་ངེས་དོན་དབུ་མ་ཆེན་པོའི་གནས་ལུགས་ཕྱོགས་ཙམ་བརྗོད་པར་བྱའོ། །དེ་ཡང་དང་པོ་བདག་ཅག་རྣམས་ཀྱི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཚདམེད་པའི་བདག་ཉིད་ཅན་དེ་ཉིད་ཀྱིས་གདུལ་བྱ་དམན་འབྲིང་མཆོག་གི་བློ་རིམ་དང་མཐུན་པར་ཆོས་ཀྱི་སྒོ་དང་ཐེག་པའི་རིམ་པ་སྐས་ཀྱི་གདང་བུ་ལྟར་བསྟན་པ་ཡིན་ཏེ། དང་པོ་རང་དོན་ཡིད་བྱེད་ཀྱི་གདུལ་བྱ་བློ་དམན་པ་རྣམས་ལ་བཀའ་དང་པོ་བདེན་པ་བཞི་ལན་གསུམ་བཟླས་པའི་ཆོས་འཁོར་ལོ་བསྐོར་བར་མཛད་དེ། དེའང་བཟླས་པ་དང་པོ་སྡུག་བསྔལ་བ། ཀུན་འབྱུང་བ། འགོག་ལམ་གྱི་ལ་བདེན་པ་བཞི་སོ་སོའི་ངོ་བོ་བསྟན་པ་དང་། གཉིས་པ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། གསུམ་པ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པར་བྱས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་པས་བདེན་བཞིའི་མངོན་རྟོགས་གདུལ་བྱའི་རྒྱུད་ལ་བསྐྱེད་པར་མཛད་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་ཞེས་པའི་དོན་བྱིས་པ་རྣམས་ཀྱིས་སྡུག་བསྔལ་དུ་མི་ཤེས། འཕགས་པ་རྣམས་ཀྱིས་སྲིད་རྩའི་གནས་ཀྱང་མེའི་འོབས་ལྟ་བུར་གཟིགས་ཤིང་མཁྱེན་པའི་ཕྱིར་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །དེ་ལྟར་བསྟན་པའི་མཚན་གཞི་ནི་ཐེག་དམན་གྱི་འདུལ་བ། མདོ་སྡེ། མངོན་པར་རྣམས་སོ། །དེ་ལ་སངས་རྒྱས་ཞལ་བཞུགས་པའི་སྐབས་གྲུབ་མཐའ་ཐ་དད་དུ་མེད་ལ། མྱ་ངན་ལས་འདས་པའི་རྗེས་དགྲ་བཅོམ་པ་བདུན་གྱིས་མཛད་པའི་མངོན་པ་སྡེེ་བདུན་བྱུང་ཞིང་བསྟན་བཅོས་ཐམས་ཅད་ཀྱི་ཐོག་མ་དེ་ཡིན་ལ། འདི་ཡང་བྱེ་སྨྲ་བ་རྣམས་ཀྱིས་བཀའ་ཡིན་པར་འདོད་དེ། འཕགས་པ་ཉེས་སྦས་ཀྱི་དུས་ཙམ་དུ་དགྲ་བཅོམ་པ་རྣམས་ཀྱིས་གསུང་རྒྱུན་གླེགས་བམ་ལ་བཀོད་པ་ཡིན་ཡང་ཟེར། དེར་མ་ཟད་བྱེ་བྲག་བཤད་པའི་མཚོ་ཞེས་བྱ་བ་བྱུང་ཞིང་། ཐེག་དམན་གྱི་སྡེ་སྣོད་དང་བསྟན་བཅོས་དེའི་རྗེས་འབྲངས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་གཉིས་བྱུང་ངོ་། །མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོའི་དོན་ཐམས་ཅད་བསྡུས་ནས་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་མཛད་ཅིང་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་དོན་སྟོན་པ་སྟེ། བྱེ་སྨྲའི་འདོད་པ་སྒེར་རྣམས་ཟུར་གསལ་དུ་མཛད། སློབ་དཔོན་རང་ཉིད་ཐེག་ཆེན་པ་ཡིན་ཡང་མདོ་སྡེ་པའི་འདོད་པ་ཕལ་ཆེར་བཞེད་པ་ཡིན། དེ་ལ་ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་སུ་དབྱེ་བས་ལམ་བདེན་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཟག་བཅས་ཡིན་ཏེ། རང་ལ་ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བའི་ཆོས་ཡིན་པས་སོ། །འདུས་བྱས་དེ་གང་ལ་ཟེར་ན་ཕུང་པོ་ལྔས་བསྡུས་ཀྱི་ཆོས་རྣམས་སོ། །དེས་ན་འདུས་བྱས་དེ་ཉིད་དུས་ཡིན་ཏེ་འདས་མ་འོངས་ད་ལྟའི་དུས་གསུམ་ཀྱང་དེ་ལ་ལྟོས་ནས་བཞག་པས་སོ། །འདུས་བྱས་གང་ཡིན་པའི་ཕུང་པོ་ལྔ་རྣམས་འདས་པའི་དུས་སོགས་སུ་བཏགས་པ་ཡིན་ཡང་བྱེ་སྨྲས་དུས་གསུམ་རྫས་སུ་འདོད་པའི་ཕྱིར་ན། དེ་ཡང་བུམ་པ་བུམ་པའི་འདས་པའི་དུས་སུ་ཡོད། མ་འོངས་པའི་དུས་སུའང་ཡོད་པར་འདོད། གོང་དུ་ལམ་བདེན་མ་གཏོགས་ཞེས་གསུངས་པའི་ཟག་བཅས་དེ་དག་ཉེར་ལེན་གྱི་ཕུང་པོ་ཡང་ཡིན་ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་ཟག་བཅས་པས་འབྱུང་བས་མེ་ཏོག་དང་འབྲས་བུ་འབྱུང་བའི་ཤིང་ལྟ་བུའི་ཕྱིར། ཟག་བཅས་ཀུན་ཉེར་ལེན་གྱི་ཕུང་པོ་ཡིན་པའམ། ཉོན་མོངས་པ་ལ་བརྟེན་ནས་ཟག་པ་དང་། བཅས་པའི་སྲིད་པ་མཐའ་དག་ཉེར་བར་ལེན་ཅིང་འགྲུབ་པར་བྱེད་ལ། སྡུག་བསྔལ་ཀུན་དེ་ལས་འབྱུང་བས་ཀུན་འབྱུང་ཡང་ཡིན། མི་རྟག་པ་དང་གཉེན་པོས་འཇིག་པར་འགྱུར་བས་འཇིག་རྟེན་དང་། འཇིག་ཚོགས་ལ་ལྟ་བའི་ལྟ་དོན་དྲུག་ཅུ་རྩ་གཉིས་སོགས་ལྟ་བ་ཀུན་དེ་ལས་འབྱུང་བས་ལྟ་གནས་སམ་འདི་ལ་བདག་ཏུ་ལྟ་བར་འགྱུར་བའི་ལྟ་བ་ཐམས་ཅད་རྒྱས་པར་འགྱུར་བས་ལྟ་གནས། སྐྱེ་ཞིང་འབྱུང་བས་སྲིད་པ་སྟེ། དེ་ཀུན་ཉེར་ལེན་ཕུང་ལྔ་གང་དག་གིས་བསྡུས་པའི་འདུས་བྱས་སོ། །ཟག་མེད་ནི། ལམ་བདེན་དང་འདུས་མ་བྱས་གསུམ་རྣམས་སོ། །དེ་ལ་ལམ་བདེན་ནི་རྒྱུ་རྐྱེན་གྱིས་འདུས་བྱས་པ་དང་མི་རྟག་པ་ཉིད་ཀྱི་ཕྱིར་འདུས་བྱས་ཡིན་ཡང་ཟག་བཅས་མ་ཡིན་ཏེ། གང་ལ་དམིགས་ནས་སྤང་བྱ་རྣམས་སྤོང་བར་བྱེད་པའོ། །གཞན་གསུམ་ནི། ནམ་མཁའ་དང་། སོ་སོར་བརྟགས་འགོག་དང་། སོ་སོར་བརྟགས་མིན་འགོག་གསུམ་མོ། །དེ་ལ་ནམ་མཁའ་ནི། མི་སྒྲིབ་ཅིང་གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་སྟེ་རེག་ཐོགས་མེད་པའི་བར་སྣང་སྟོང་པ་ཉིད་ཡིན་ལ། ནམ་མཁའ་སྔོན་པོ་ནི་མིན་ནོ། །སོ་སོར་བརྟགས་འགོག་ནི། སྤང་བྱའི་འདོད་ཆགས་ལྟ་བུ་ལ་མཚོན་ན། དེ་ཉིད་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཆགས་ཡུལ་དང་ཆགས་མཁན་ལ་སོ་སོར་བརྟགས་པའི་སྟོང་གིས་དེ་དང་བྲལ་བ་སྟེ་སླར་མི་སྐྱེ་བའི་འགོག་པ་ཐོབ་པ་དེའོ། །སོ་སོར་བརྟགས་མིན་ཕྱི་འགོག་པ་ནི། ཆེད་དུ་མ་བརྟགས་ཤིང་མ་བཀག་ཀྱང་རྐྱེན་མཚང་བས་རང་བཞིན་གྱིས་ཐོབ་པ་སྟེ། སླར་མི་སྐྱེ་བ་ངེས་པའོ། །རྟགས་ནས་རྟགས་ཀྱི་བར་འདི་མེད་པའང་འདུག །མཆན། བསྐལ་པ་སྔ་མ་ཞིག་ནས་རྗེས་མ་མ་ཆགས་པའི་བར་དེ་ཆུ་མེད་པའི་ལུང་སྐམ་ལྟ་བུའོ། །ཟེར་ཏེ་གོ་བ་ཞན་ཞེས་པ་གོ་བ་དམན་པའི་ཕྱོགས་དང་། དོན་དུ་ཟག་མེད་ཀྱི་ཚོར་བའི་ཕུང་པོ་ཤེས་རབ་ཀྱིས་མ་བརྟགས་ཀྱང་འགོག་སྙོམས་སུ་ཞུགས་དུས་ལྟ་བུར་མི་སྐྱེ་བའི་ཆོས་ཅན་དུ་རང་བཞིན་གྱིས་འགག་འགྲོ་བ་ཡོད་པས་དེ་ལྟ་བུ་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པ་ཡིན་ནོ། །འདི་ཐེག་ཆེན་གྱི་མཉམ་གཞག་གི་ངོ་བོ་ལ་བཤད་དུ་རུང་ཡང་སྐབས་འདིར་མི་འཇོང་པ་ཡིན་ནོ། །དེས་ཟག་བཅས་ཟག་མེད་ཀྱི་དབྱེ་བ་ཕྱོགས་ཙམ་སོང་ངོ་། །དེ་ལ་བྱེ་བྲག་སྨྲ་བ་རྣམས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། སྣང་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། མི་ལྡན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་དང་ལྔའོ། །དང་པོ་སྣང་བ་གཟུགས་ཀྱི་གཞི་ནི། ཕྱི་རོལ་གྱི་འབྱུང་བ་ས་ཆུ་མེ་རླུང་གི་རྡུལ་ཕྲན་ཆ་ཤས་སོ་སོར་བལ་མ་དུ་མི་བཏུབ་ཅིང་ཤིན་ཏུ་ཕྲ་བ་དབང་ཤེས་ཀྱི་ཡུལ་ལས་འདས་པ་དབུས་རྡུལ་དང་ཕྱོགས་སྡུལ་དྲུག་གིས་བསྐོར་བ་རེག་ལ་མ་འབྱར་བའི་བར་དང་བཅས་པ་འདུས་པ་ལས་རགས་པའི་རྡུལ་དང་རགས་པའི་དངོས་པོ་གྲུབ་པ་སྟེ། དབང་ཤེས་ཀྱི་ཡུལ་དུ་གྱུར་ཅིང་སྒྲིབ་བྱེད་ཀྱི་བྱ་བ་བྱེད་པ་དེ་ལ་རྡུལ་ཕྲ་རབ་ཅེས་འདོད། ཕྲ་རབ་བདུན་ལ་རྡུལ་ཕྲན་དུ་འདོད། རྡུལ་ཕྲན་བདུན་ལ་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་རྩོམ་གཞིའི་རྡུལ་ལྕགས་རྡུལ་ཞེས་བྱ་བ་དང་། དེ་བདུན་ལ་འབབ་ཆུ་ལ་སོགས་པ་ཆུའི་རྩོམ་གཞིར་གྱུར་པའི་ཆུ་རྡུལ་གཅིག་གོ། །དེ་བདུན་ལ་རི་བོང་གི་ཤ་ཁྲག་ལ་སོགས་པའི་རྩོམ་གཞིའི་རྡུལ་གཅིག །དེ་བདུན་ལུག་རྡུལ་གཅིག །དེ་བདུན་ལ་གླང་རྡུལ་གཅིག །དེ་གཉིས་ཀྱང་རང་རང་གི་ཤ་ཁྲག་གི་རྩོམ་གཞིའི་རྡུལ་དུ་ཤེས་པར་བྱ་ཞིང་། དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག །དེ་བདུན་ལ་སྲོ་མ་གཅིག །དེ་བདུན་གྱིས་ཤིག་གཅིག །དེ་བདུན་ལ་ནས། ནས་བདུན་སོར་ཚིགས་སུ་འགྱུར། སོར་མོ་ཉི་ཤུ་རྩ་བཞི་ཁྲུ་སོགས་སུ་འགྱུར་བའོ། །དེ་དག་གིས་གཟུགས་སོགས་གྲུབ་པ་སྟེ། དེ་ལྟར་གྲུབ་པའི་གཟུགས་ནི། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པའི། མིག །རྣ་བ། སྣ། ལྕེ། ལུས་ཏེ་དབང་པོ་ལྔ་དང་། དེའི་ཡུལ་གཟུགས་སྒྲ། དྲི། རོ། རེག་བྱ་སྟེ་དོན་ལྔ་རྣམས་ཡིན་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་པོ་དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བཞག །དབང་དོན་རྣམས་ཀྱི་རྩོམ་གཞིའི་རྡུལ་ཕྲན་ཀྱང་ཕྱི་རོལ་ན་འབྱུང་བ་བཞི་དང་། ཁ་དོག་དྲི་རོ་རེག་བྱའི་རྡུལ་བཞི་སྟེ་བརྒྱད་དུ་འདུས་ལ། ལུས་ཀྱི་དབང་པོ་ལ་བརྒྱད་པོ་དང་། དེ་ཉིད་ཀྱི་རྡུལ་ཏེ་དགུར་གནས། མིག་སོགས་དབང་པོ་གཞན་ལ་དགུ་པོའི་སྟེང་དུ་མིག་སོགས་དབང་པོ་སོ་སོའི་རྡུལ་དང་བཅུ་གནས་པ་ཡིན་ནོ། །གཟུགས་ཅན་བཅུ་པོ་དེ་རྣམས་རྡུལ་ཕྲན་བསགས་པའི་གཟུགས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། སྡོམ་པ་དང་། སྡོམ་མིན་དང་། བར་མས་བསྡུས་པ་གསུམ་སྟེ། དང་པོ་སྡོམ་པ་ནི། སྐབས་འདིར་སོ་ཐར་རིགས་བདུན་གང་རུང་ནོད་པའི་གང་ཟག་དེ་ཡང་ལུས་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་སོགས་ལུས་ཀྱི་རྣམ་རིག་དང་། སྐྱབས་འགྲོ་བརྗོད་པ་སོགས་ངག་གི་རྣམ་པར་རིག་བྱེད། མཁན་སློབ་སོགས་ཀྱང་ལུས་བསྲངས་སྐྱིལ་ཀྲུང་སོགས་ལུས་ཀྱི་རྣམ་རིག །སྡོམ་པ་འབོགས་ཆོག་འདོན་པ་སོགས་ངག་གི་རྣམ་རིག་གི་སྒོ་ནས་སྡོམ་པ་དེ་སྐད་ཅིག་དང་པོ་ལ་རྣམ་པར་རིག་བྱེད་དང་རིག་མིན་གྱི་གཟུགས་སུ་སྐྱེ། སྐད་ཅིག་གཉིས་པ་ཕན་ཆད་ནས་རྣམ་རིག་མ་ཡིན་པའི་གཟུགས་སུ་གནས། སྡོམ་པ་གཏོང་བའི་རྒྱུ་མ་བྱུང་བར་གཡེངས་བ་དང་སེམས་མེད་ཀྱི་སྐབས་སུ་ཡང་སྡོམ་པ་དེ་ཡོད། སྡོམ་པའི་ངོ་བོ་ནི་དགེ་བ་ཡིན་པ་ལྟ་བུའོ། །སྡོམ་མིན་ཞེས་པ་མི་དགེ་བའི་ལས་ལམ་གྱི་དངོས་གཞི་སྡོམ་མིན་དང་། དེ་ཇི་ལྟར་ཐོབ་ན། ལུས་ངག་གི་སྤོང་བ་བདུན་ལས་ལྡོག་ཕྱོགས་སྲོག་གཅོད་པ་སོགས་ཚང་བ་ལས་ཐོབ་ཅིང་། བཤད་པ་ལ་སོགས་པའི་རིགས་སུ་སྐྱེ་བ་དེས་འཐོབ་སླ་ཞིང་གསོད་སྤྱོད་ཀྱི་བྱ་བ་དེ་རྩོམ་པ་ཙམ་ན་ཐོབ། རིགས་སུ་མ་སྐྱེས་ཀྱང་སྲོག་གཅོད་ལ་སོགས་པའི་བྱ་བས་འཚོ་བར་བྱའོ། །ཞེས་དམ་བཅས་པའང་ཁངས་བླངས་བ་ལས་འཐོབ་པར་འགྱུར་རོ། །བར་མའི་རིག་མིན་གྱི་གཟུགས་ནི། བསོད་ནམས་ཀྱི་ཚོགས་བསགས་པར་ཁས་བླངས་ནས་ཐོག་ཏུ་མ་ཁེལ་བ་ལྟ་བུ་དེ་དགེ་བའི་རིག་མིན་བར་མ་དང་། དེ་ལས་ལྡོག་པ་མི་དགེ་བ་སྟེ་སྲོག་གཅོད་པར་ཁས་བླངས་པ་ཐོག་ཏུ་མ་ཁེལ་བ་ལྟ་བུ་མི་དགེ་བའི་རིག་མིན་བར་མའོ། །འགའ་ཞིག་མི་དགེ་བའི་སྦྱོར་འཇུག་གཉིས་ལ་འདོད་པའང་ཡོད་དོ། །བྱེ་སྨྲས་བདེན་པ་གཉིས་པོ་འདོད་ཚུལ། རགས་པའི་དངོས་པོ་ཆོས་གང་ཞིག་དབྱིབས་དང་གཟུགས་སུ་ཐོ་བ་ལ་སོགས་པས་ཆ་ཤས་སུ་བཅོམ་ཟིན་པའི་ཕྱིས་ནས་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང་། བློ་ནི་ཤེས་རབ་སྟེ་དེས་བརྟགས་ཤིང་དཔྱད་པས་བློའི་ཆ་ཤས་བསལ་བས་མི་རྙེད་ཅིང་མ་གྲུབ་པ་ཆུ་ཀླུང་ལྟ་བུ་སྟེ། གཞན་དུ་གཡག་རྔ་དང་ནེའུ་སེང་ལྟ་བུ་ཞེས་ཀུན་རྫོབ་ཀྱི་བདེན་པ་འདོད། རྡུལ་ཕྲ་རབ་གཉེན་པོས་བཅོམ་པ་དང་། རིགས་པས་གཞིག་སྟེ་བསལ་ཡང་རྡུལ་རབ་ཏུ་འཛིན་པའི་བློ་མི་འདོར་བ་རྡུལ་ཕྲན་ཕྱོགས་ཆས་བསལ་དུ་མི་བཏུབ་པ་དང་། ཤེས་པ་སྐད་ཅིག་མ་དུས་ཀྱི་ཆ་ཤས་སུ་དབྱེར་མི་བཏུབ་པ་དོན་དམ་བདེན་པའི་མཚན་ཉིད་དུ་གནས་པ་ནི་བྱེ་སྨྲའི་གྲུབ་མཐའ་སྟེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །གཉིས་པ་སེམས་ཀྱི་གཞི་ནི། མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་དྲུག་གོ། །ཚོགས་དྲུག་པོ་ལ་རྣམ་ཤེས་ཀྱི་ཕུང་པོར་བཞག་གོ། །རྣམ་ཤེས་དེ་དག་གི་ངོ་བོ་ནི་དམིགས་པ་ཡུལ་དང་རྣམ་པ་དང་སྟོབས་ཀྱིས་དོན་ཙམ་སོ་སོར་རིག་པ་སྟེ། མཛོད་ལས། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སོ། །དེས་ན་མཐོང་ཙམ། ཐོས་ཙམ། ཚོར་ཙམ། མྱོང་ཙམ། རེག་ཙམ། དྲན་ཙམ་དྲུག་པོ་གང་ཡིན་ཀྱང་ཚོར་བ་སོགས་སེམས་བྱུང་གི་སྟོབས་ལ་མ་རག་པ་ཙམ་ལ་འདོད་ཅིང་། རྣམ་ཤེས་འདི་རྣམས་ཀྱི་ངོ་བོ་དགེ་མི་དགེ་གཉིས་ཀ་མིན་པའི་ལུང་མ་བསྟན་ཡིན། དེ་དང་དུས་མཉམ་པའི་ཚོར་བ་འདུ་ཤེས་སོགས་སེམས་བྱུང་རྣམས་འཁོར་མཚུངས་པར་ལྡན་པས་ཡུལ་ལ་བྱ་བ་བྱས་པས་དགེ་མི་དགེའི་སེམས་སུ་འགྱུར་བ་ཡིན་ལ། ཡིད་ཀྱི་རྣམ་ཤེས་ཀྱིས་འདས་མ་འོངས་དང་དངོས་པོའི་རབ་ཏུ་དབྱེ་བ་ལ་སོགས་པའང་ངེས་པར་བྱེད་དོ། །དེ་ལྟར་ན། མིག །རྣ་བ། སྣ། ལྕེ། ལུས། ཡིད་དབང་སྟེ་རྟེན་དབང་པོ་དྲུག་ག ི་ཁམས་དང་། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག །གཟུགས་སྒྲ་དྲི་རོ་རེག་བྱ། ཆོས་ཀྱི་ཁམས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ། དྲུག་ཚན་གསུམ་པོ་དེ་དག་ལ་ཁམས་བཅོ་བརྒྱད་དུ་འདོད་དོ། །ཡང་། རྣམ་ཤེས་ཚོགས་དྲུག་དང་ཡུལ་དྲུག་པོ་དེ་ལ་སྐྱེ་མཆེད་བཅུ་གཉིས་སུ་འདོད། དེ་རྣམས་ལས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། རྡུལ་ཕྲན་ཆ་མེད་འདུས་པ་ལས་རགས་པ་གྲུབ་པའི་གཟུགས་ཁམས་གཅིག་པུ་སྟེ། དེ་ནི་འདི་ནའོ། །ཆེ་གེ་མོ་ཞིག་གོ། །ཞེས་པ་ལྟ་བུ། དངོས་སུ་གཞན་ལ་བསྟན་དུ་ཡོད་ལ། དེ་ཐོགས་བཅས་ཀྱང་ཡིན་ཏེ་རང་ཡོད་པའི་གོ་ས་ན་དངོས་པོ་གཞན་སྐྱེ་མི་ནུས་པ་དང་། ནང་ན་ཡོད་པའི་མིའི་མིག་གིས་ཕྱི་རོལ་གྱི་གཟུགས་མི་མཐོང་བས་ཐོགས་ཤིང་སྒྲིབ་པ་ལྟ་བུའོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང་། སྒྲ་དྲི་རོ་རེག་བྱ་སྟེ། དེ་རྣམས་ནི་སྒྲིབ་པ་ཡོད་ལ་ཐོགས་པ་དང་བཅས་པའོ། །བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་སྡོམ་པ་སོགས་གོང་དུ་སྨོས་པ་ལྟར་རོ། །ཚོར་བའི་ཕུང་པོ་ནི། དཔེར་ན་ཡུལ་གཟུགས་དང་། ཡུལ་ཅན་མིག་དབང་རྣམ་ཤེས་དང་བཅས་པ་འདུས་ཏེ་རེག་པ་ལ་བརྟེན་ནས། ཡུལ་གྱི་གཟུགས་དེ་མཛེས་པ་ཞིག་ན་ཚོར་བ་བདེ་བའི་ངོ་བོར་ཉམས་སུ་མྱོང་། མི་མཛེས་ཤིང་ཡིད་དུ་མི་འོང་བ་ཞིག་ན་ཚོར་བ་སྡུག་བསྔལ་གྱི་ངོ་བོར་མྱོང་། མཛེས་མི་མཛེས་ཡིད་དུ་འོང་མི་འོང་བར་མ་ཞིག་ན་ཚོར་བ་བཏང་སྙོམས་ཀྱི་ངོ་བོར་ཉམས་སུ་མྱོང་རྒྱུ་དེ་ནི་ཚོར་བའོ། །དེ་བཞིན་དུ་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་བར་དུ་ཤེས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ནི། མཚན་མར་འཛིན་པའི་བདག་ཉིད་དེ། ཡུལ་དྲུག་གང་རུང་ལ་དམིག་ནས་འདི་ནི་དཀར་པོའོ། །འདི་ནི་ནག་པོའོ། །འདི་ནི་རིང་བའོ། །འདི་ནི་ཐུང་བའོ། །འདི་ནི་ཕོ། འདི་ནི་མོ། འདི་དགྲ། འདི་གཉེན། འདི་བདེ་བ། འདི་སྡུག་བསྔལ་ལོ་སྙམ་པ་སོགས་ཡུལ་ལ་མཚན་མར་འཛིན་པ་དེའོ། །དབྱེ་ན་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་བར་འདུ་ཤེས་ཚོགས་དྲུག་སྟེ་ཚོར་བའི་སྐབས་བཞིན་ནོ། །གསུམ་པ་སེམས་བྱུང་གི་གཞི་ནི། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། སྒྱུ་དང་། གཡོ་དང་། ཕྲག་དོག་དང་། སེར་སྣ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་གཡེང་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་སྟེ། སེམས་བྱུང་ལྔ་བཅུ་རྩ་གཅིག་རྣམས་སོ། །དེ་དག་ལས་ཚོར་བ་འདུ་ཤེས་གཉིས་ཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོར་བཞག་སྟེ་མཚུངས་ལྡན་རྣམས་སོ། །དེ་ལ་རེག་པ་ནི། ཡུལ། དབང་པོ། རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་སྤྱོད་པའོ། །ཡིད་ལ་བྱེད་པ་ནི། སེམས་དམིགས་པ་ལ་གཏོད་ཅིང་འཇུག་པའོ། །སེམས་པ་ནི། སེམས་མངོན་པར་འདུ་བྱེད་པའམ་ཡུལ་ལ་འགྱུ་བར་བྱེད་པ། བདུན་པ་ནི། བྱེད་འདོད་པའམ་དམིགས་ཡུལ་ཐོབ་འདོད་བོ། མོས་པ་ནི། དམིགས་ཡུལ་ལ་ཡོན་ཏན་དུ་འཛིན་པའི་འདོད་པའོ། །དྲན་པ་ནི། དམིགས་པ་མི་བརྗེད་པར་འཛིན་པའོ། །ཏིང་ངེ་འཛིན་ནི། སེམས་རྩེ་གཅིག་པ་བྱེད་པའོ། །ཤེས་རབ་ནི། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་པར་འབྱེད་པའི་བློ་གྲོས་སོ། །དད་པ་ནི། སེམས་ཉོན་མོངས་དང་ཉེ་ཉོན་གྱི་རྙོག་པ་དང་བྲལ་བར་བྱེད་པའི་དང་པའོ། །ངོ་ཚ་ཤེས་པ་ནི། ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་པའི་ངོ་ཚ་ཤེས་པའོ། །ཁྲེལ་ཡོད་པ་ནི། ཁ་ན་མ་ཐོ་བ་ལ་འཛོམ་པའི་ཁྲེལ་ཡོད་པའོ། །མ་ཆགས་པ་དང་ཞེ་སྡང་མེད་པ་ནི། དེ་གཉིས་མེད་པའི་དགེ་རྩ་སྟེ་ཉོན་མོངས་དེ་དག་གི་གཉེན་པོའོ། །གཏི་མུག་མེད་པ་ནི། ཤེས་རབ་ཡིན་ཏེ་སྨོས་ཟིན་ཏོ། །བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་ཏུ་སྦྱངས་པ་ནི། སེམས་ལས་སུ་རུང་བའོ། །བག་ཡོད་ནི། དགེ་བའི་ཆོས་ལ་གཅེས་སྤྲས་སུ་བྱེད་པ་ཡིན། བཏང་སྙོམས་ནི། ཚོར་བ་བཏང་སྙོམས་དང་། ཚད་མེད་བཞིའི་ནང་གི་བཏང་སྙོམས་པ་དང་། འདུ་བྱེད་བཏང་སྙོམས་གསུམ་ལས་འདིར་ཕྱི་མ་སྟེ། སེམས་བྱིང་རྒོད་དང་བྲལ་བའི་མཉམ་པ་ཉིད་དོ། །རྣམ་པར་མི་འཚེ་བ་ནི། སྙིང་བརྩེ་བས་ཐོ་མི་འཚམ་པའོ། །འདོད་ཆགས་ནི། དབྱེ་ན་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སོ། །དང་པོ་འདོད་ཁམས་ལྷ་མའི་ཆགས་པ་སྤྱིའོ། །གཉིས་པ་ནི་ཁམས་གོང་མ་གཉིས་ལ་ཡོད་པ་ནང་ཏིང་ངེ་འཛིན་གྱི་སྙོམས་འཇུག་གི་རྟེན་དང་བཅས་པ་ལ་ཆགས་པའོ། །ཁོང་ཁྲོ་ནི། གཞན་ལ་མནར་སེམས་སོ། །ང་རྒྱལ་ནི། དབྱེ་ན་བདུན་ཏེ། ཕ་རོལ་དམན་པ་ལས་རང་ཉིད་རིགས་གཟུགས་ཡོན་ཏན་སོགས་ཐམས་ཅད་དམ་གང་རུང་ཞིག་གིས་ལྷག་གོ་སྙམ་པ་དང་པོ། མཉམ་པ་ལས་བདག་ལྷག་གོ་སྙམ་པ་གཉིས་པ། ལྷག་པ་བས་ཀྱང་བདག་ལྷག་གོ་སྙམ་དུ་རློམ་པ་གསུམ་པ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་རློམ་པ་བཞི་པ། མངོན་ཤེས་ལ་སོགས་མ་ཐོབ་པ་ཐོབ་པོ་སྙམ་དུ་རློམ་པ་ལྔ་པ། མཆོག་ལས་བདག་ཅུང་ཟད་དམན་ནོ་སྙམ་པ་དྲུག་པ། སྐྱོན་དང་ལྡན་པ་ལ་ཡོན་ཏན་དུ་རློམ་པ་བདུན་པའོ། །མ་རིག་པ་ནི། མི་གསལ་བའི་རྣམ་པ་ཅན་ཏེ་རིག་པའི་མི་མཐུན་ཕྱོགས་ཡང་དག་པའི་དོན་ལ་རྨོངས་པའོ། །འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་ལྔ་ལ་བདག་དང་བདག་གི་བར་འཛིན་པའོ། །ཐེ་ཚོམ་ནི་སེམས་རྩེ་གཉིས་པའམ་དོགས་པའི་རྣམ་པ་ཅན་ནོ། །ཁྲོ་བ་ནི། གནོད་བྱེད་ཀྱི་སེམས་ཅན་སོགས་སེམས་ཁོང་ནས་འཁྲུགས་པའོ། །ཁོན་དུ་འཛིན་པ་ནི། ཁྲོས་པའི་འོག་ཏུ་ཡང་དེ་ཉིད་སེམས་ལ་འཇོག་པའོ། །འཆབ་པ་ནི། ཉེས་པ་སྦེད་ཅིང་གསང་བའོ། །འཚིག་པ་ནི། སྡིག་པ་ལ་ཞེན་ནས་དམ་དུ་འཁྱུད་པའོ། །སྒྱུ་ནི། བསྙེན་བཀུར་གྱི་དོན་དུ་རང་ལ་ཡོན་ཏན་མེད་བཞིན་ཡོད་པ་ལྟར་བཅོས་པའོ། །གཡོ་ནི། ཉེས་པ་ཁས་མི་ལེན་པའི་སེམས་གྱ་གྱུའི་རྣམ་པ་ཅན་ནོ། །གཡོ་སྒྱུ་དང་གཅིག་པར་བཤད་པའང་ཡོད། ཕྲག་དོག་ནི། གཞན་གྱི་ཕུན་ཚོགས་ལ་སེམས་མི་བཟོད་པའོ། །སེར་སྣ་ནི། ཆོས་དང་ཟང་ཟིང་གི་དངོས་པོ་ལ་ཆགས་ནས་གཞན་ལ་གཏོང་མི་བྲ་བའོ། །རྒྱགས་པ་ནི། རང་ལ་ཡོད་པའི་རིགས་གཟུགས་ཡོན་ཏན་སོགས་ལ་སེམས་ཆགས་ནས་རང་རྩིས་སུ་བྱེད་པ་ལ་སེམས་ཟད་དུ་འཇུག་པའོ། །རྣམ་འཚེ་ནི། སེམས་ཅན་སྡུག་བསྔལ་བར་འདོད་པའོ། །ངོ་ཚ་མེད་པ་ནི། ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སོགས་ཡོན་ཏན་དང་ཡོན་ཏན་དེ་དང་ལྡན་པའི་གང་ཟག་མཁན་པོ་སོགས་ལ་བརྙས་པའི་སེམས་བྱུང་མ་གུས་པ་སྟེ་བསྐུར་སྟི་མི་བྱེད་པའོ། །ཁྲེལ་མེད་པ་ནི། དམ་པ་རྣམས་ཀྱིས་སྨད་པའི་ལས་ལ་འཇིགས་པར་མི་ལྟ་བའོ། །རྨུགས་པ་ནི་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བ་ཉིད་དོ། །རྒོད་པ་ནི། སེམས་རྣམ་པར་མ་ཞི་བའོ། །མ་དད་པ་ནི། དད་པའི་མི་མཐུན་ཕྱོགས་ལོག་ལྟའི་རྒྱུ་མཐུན་མ་དད་པའོ། །བག་མེད་ནི། བག་ཡོད་ཀྱི་མི་མཐུན་ཕྱོགས་དགེ་བའི་ཆོས་ལ་གཅེས་སྤྲས་མི་བྱེད་པ་ཟད་ཅིང་བརླག་ཏུ་འཇུག་པའོ། །ལེ་ལོ་ནི། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བའོ། །བརྗེད་ངས་ནི། དྲན་པས་མ་ཟིན་པའོ། །རྣམ་གཡེང་ནི། ཏིང་ངེ་འཛིན་ལ་བར་དུ་གཅོད་པའོ། །ཤེས་བཞིན་མ་ཡིན་པ་ནི། ཤེས་རབ་ཀྱི་མི་མཐུན་ཕྱོགས་སོ། །འགྱོད་པ་ནི་དགེ་མི་དགེའི་ལས་གང་རུང་ལ་འགྱོད་པའོ། །གཉིད་ནི་གོ་སླའོ། །རྟོག་པ་དང་དཔྱོད་པ་ནི། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིག་ཉིད། །ཅེས་པས། དོན་གྱི་ངོ་བོ་དང་ཁྱད་པར་གྱི་རྣམ་པ་ཅན་གྱི་འཇུག་པའི་སེམས་བྱུང་རྩིང་བ་ནི་རྟོག་པ་དང་། ཞིབ་པ་ནི་དཔྱོད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་སེམས་དང་སེམས་བྱུང་གཉིས་ཀའང་ཕྱི་རོལ་རིག་པ་ལས་མ་གཏོགས་པར་རང་རིག་པ་མེད་པར་སྨྲའོ། །བཞི་པ་མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི། མདོར་བསྡུ་ན་རྣམ་གྲངས་བཅུ་བཞི་སྟེ། ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་དང་། འགོག་པའི་སྙོམས་འཇུག་དག་སྟེ་གཉིས་དང་། སྲོག་དང་། མཚན་ཉིད་བཞི་རྣམས་དང་། མིང་གི་ཚོགས་དང་། དེའི་སོགས་ཁོངས་ནས་ཚིག་དང་ཡི་གེའི་ཚོགས་པ་ཡང་བསྟན། ཡང་གི་སྒྲས། དགེ་འདུན་གྱི་དབྱེན་དང་། ཆུད་མི་ཟ་བའི་རྫས་ཀྱང་སྡུད་དོ། །དེ་དག་ལ་མི་ལྡན་པའི་འདུ་བྱེད་ཅིའི་ཕྱིར་ཟེར་ན། སེམས་དང་མཚུངས་པར་ལྡན་པ་ཡང་མིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་ན་ཕུང་པོ་ལྔའི་ནང་ཚན་གྱི་འདུ་བྱེད་གང་ཞིག་ཁོང་རང་གི་ངོ་བོ་བེམ་ཤེས་གང་རུང་མ་ཡིན་པའོ། །དང་པོ་ཐོབ་པ་ལ་རྙེད་ཐོབ་དང་ལྡན་ཐོབ་གཉིས། རྙེད་ཐོབ་ལའང་གསར་དུ་རྙེད་པ་དང་། ཉམས་ནས་རྙེད་པ་གཉིས། སྔ་མ་ནི། སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྗེས་ཀྱིས་ཟག་མེད་སྐད་ཅིག་དང་པོའི་མཐོང་ལམ་ལྟ་བུ་ལ་བྱེད། ཉམས་ནས་རྙེད་པ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་དངོས་གཞི་རྙེད་པའི་ཚེ་སྔར་ཉམས་པའི་ཏིང་ངེ་འཛིན་རྣམས་ཀྱང་རྙེད་པ་ལྟ་བུའོ། །ལྡན་ཐོབ་ནི་རྒྱུན་ལྡན་དང་ཡེ་ལྡན་གཉིས་རྒྱུན་ལྡན་སོར་སྡོམ་ཐོབ་པའི་སྐད་ཅིག་གཉིས་པ་ནས་གཏོང་རྒྱུ་མ་བྱུང་བའི་བར་ལྟ་བུ་ལ་བྱེད། ཡེ་ལྡན་གདོད་མ་ནས་ལྡན་པ་སྟེ་སྔོན་ནས་ཡོད་པ་ལ་འཇུག་མོད། སོ་སྐྱེ་ལ་སྲིད་རྩའི་ཉོན་མོངས་པ་ཐོག་མ་ནས་ལྡན་པ་ལྟ་བུ་ལ་བྱེད་དོ། །གཉིས་པ་མ་ཐོབ་པ་ནི། ངོ་བོ་མ་བསྒྲིབས་ལུང་མ་བསྟན་ཁོ་ན་སྟེ། ཉོན་མོངས་པ་སྤངས་བ་དང་དགེ་རྩ་ཆང་པའི་གང་ཟག་གཉིས་ཀ་ལ་ལྡན་པས་དགེ་སྡིག་གང་རུང་མ་ཡིན་པའི་ཕྱིར་ཐོབ་པའི་འགལ་ཕྱོགས་སུ་གྱུར་པའི་མ་བསྒྲིབས་ལུང་མ་བསྟན་ནོ། །མ་ཐོབ་པ་ཟག་མེད་ནི་འགའ་ཡང་མེད་ཅིང་། ཟག་མེད་ལམ་གྱི་མ་ཐོབ་པ་རྒྱུད་ལྡན་ནི་སོ་སོ་སྐྱེ་བོར་འདོད་དེ། འཕགས་པའི་ཆོས་མ་སྐྱེས་པའི་རྒྱུད་སོ་སྐྱེ་དག་སྐྱེས་པའི་རྒྱུད་ནི་འཕགས་པའི་གང་ཟག་ཡིན་ནོ། །གསུམ་པ་སྐབས་མཉམ་ནི། སེམས་ཅན་རྣམས་སྤྱོད་པ་དང་རང་བཞིན་དང་བསམ་པ་ལ་སོགས་པ་མཚུངས་ཤིང་འདྲ་བར་བྱེད་པའོ། །མཚན་ཉིད་སེམས་ཅན་འདྲ་བ་སྐྱེད་པའི་རྫས་སོ། །དབྱེ་བ་ཐ་དད་མ་ཡིན་པ་དང་། ཐ་དད་པ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་སེམས་ཅན་དུ་རིགས་གཅིག་པ་ལྟ་བུའོ། །གཉིས་པ་ནི་སྐྱེ་གནས་དང་རིགས་དང་ཕོ་མོ་དང་དགེ་བསྙེན་དང་དགེ་སློང་དང་སློབ་པ་དང་མི་སློབ་པ་སོགས་འབྱེད་ཆོས་ཐ་དད་པས་སོ་སོར་རིགས་འདྲ་བའོ། །བཞི་པ་འདུ་ཤེས་མེད་པ་ནི། འདུ་ཤེས་མེད་པའི་ལྷའི་རྒྱུད་ཀྱི་སེམས་དང་སེམས་བྱུང་འགོག་པ་གང་ཡིན་པ་སྟེ་ལྷ་དེ་དག་གཟུགས་ཁམས་བསམ་གཏན་བཞི་པའི་ནང་ཚན་འབྲས་བུ་ཆེ་བ་ཞེས་བྱ་བའི་ཕྱོགས་གཅིག་ན་གནས་ཀྱི། གནས་རིགས་གཞན་ན་མེད་ལ། དེར་སྐྱེས་པ་ན་སེམས་དང་སེམས་བྱུང་མ་འོངས་པ་རྣམས་བསྐལ་པ་ཆེན་པོ་ལྔ་བརྒྱར་འགོག་པའི་རྫས་གང་ཡིན་པའོ། །འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་ཁོ་ནའོ། །འདི་ནི་ལྷ་ཚེ་རིང་པོ་ཡིན་ཏེ། མི་ཁོམ་པའི་གནས་བརྒྱད་ཀྱི་གྲངས་སུ་འཇོག་པའི་ཀླ་ཀློ་ཚེ་རིང་ལྷ་དང་ནི། ཞེས་བཤད་པའི་དེའོ། །ལྔ་པ་འདུ་ཤེས་མེད་པའི་སྙོམས་འཇུག་ནི། གང་སྨོས་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེ་ཡང་སེམས་དང་སེམས་བྱུང་རྣམས་འགོག་པ་ཡིན་ཏེ། འདུ་ཤེས་མེད་པའི་རྒྱུ་ཡིན་པའི་ཕྱིར། ས་གང་ཡིན་ཞེ་ན་བསམ་གཏན་བཞི་པར་གཏོགས་ཏེ། སྙོམས་འཇུག་འདིའི་རྣམ་སྨིན་འབྲས་བུ་ཆེ་བའི་ནང་དུ་སྨིན་པའི་ཕྱིར་རོ། །འོན་ཀྱང་ཐར་པའི་ལམ་ཡིན་པར་རློམས་ནས་སྒོམས་བས་ཀུན་སློང་གི་བསམ་པ་དགེ་བས་ལས་དགེ་བར་གཏོགས། སྙོམས་འཇུག་འདི་ལ་སོ་སྐྱེ་ཁོ་ནས་འཇུག་གི། འཕགས་པ་རྣམས་ཀྱིས་ནི་ལམ་གོལ་དུ་གཟིགས་པའི་ཕྱིར་མི་འཇུག་གོ། །དྲུག་པ་འགོག་པའི་སྙོམས་འཇུག་ནི། གོས་སྨོས་ལྟར་སེམས་སེམས་བྱུང་འགོག་པ་ཉིད་ཡིན་ལ། འདི་ལ་འཇུག་པའི་གང་ཟག་ཀྱང་འཕགས་པ་ཁོ་ན་ཡིན་གྱི། སོ་སྐྱེ་དག་གིས་འཇུག་མི་ནུས་སོ། །དེར་འཇུག་པའི་ཀུན་སློང་གི་ཡིད་བྱེད་ཀྱང་ཐར་པའི་གོ་འཕང་འདོད་པས་མ་ཡིན་གྱི་འདུ་ཤེས་དང་ཚོར་བ་མ་ཞི་བ་སེམས་ཟིང་ཟིང་པོ་རྣམས་ཞི་ནས་ཞི་བར་གནས་པའི་དོན་དུ་སྙོམས་པར་འཇུག་པ་ཡིན་ཞིང་། འཕགས་པ་ཡང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་ནུས་པ་རྣམས་སོ། །སྐྱེ་བའི་རྟེན་ནི་སྲིད་རྩེ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཁོ་ན་ལས་བསྐྱེད་པས་དེ་སྐྱེས་པ་ཁོ་ནས་འཇུག་གོ། །ལུས་ཀྱི་རྟེན་ནི་འདོད་ཁམས་ལའང་ཡོད་དོ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་འདི་ལ་སྙོམས་པར་བཞུགས་ན་སེམས་རྒྱུན་མེད་པའི་ཕྱིར་གཞན་དོན་ཉམས་པར་འགྱུར་བ་ལ་དགོངས་ནས་ཞག་བདུན་ལས་རིང་བར་མི་འཇུག་ཅིང་བཀག་པ་ཡིན་ནོ། །ད་ལྟ་མཁས་བླུན་རྣམས་ཀྱིས་ཉན་ཐོས་འགོག་པ་ཞེས་རླུང་ལྟར་བརྗོད་པ་དེའང་འདོད་ཁམས་པའི་ལུས་རྟེན་ཅན་སྙོམས་འཇུག་འདི་ལ་ཞུགས་པའི་གང་ཟག་ཡིན་ནོ། །སྙོམས་འཇུག་དེ་གཉིས་ཀའང་འདོད་པ་དང་གཟུགས་ཁམས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་ལ་བརྟེན་པ་ནི་མེད་དོ། །བདུན་པ་སྲོག་གི་དབང་པོ་ནི། ཁམས་གསུམ་པའི་ཚེ་ལ་ཟེར་ཏེ། ཚེ་དེ་ཉིད་གང་ཞེ་ན་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་ནས་ནམ་རྒྱུ་ཡིན་ནོ། །དེ་ཡང་ཁམས་འོག་མར་དེ་གཉིས་ཀ་དང་། གཟུགས་མེད་ན་རྣམ་ཤེས་ཁོ་ནའི་རྟེན་བྱེད་དོ། །དེ་ཡང་ཁམས་གསུམ་སོ་སོའི་ལས་ཀྱི་མཐུས་ཚེ་ཇི་ཙམ་ཞིག་འཚོ་བའི་དུས་ཀྱི་རིས་མཐུན་འཕངས་པ་དེ་སྲིད་དུ་གནས་པ་དེ་ལ་ཚེ་ཞེས་བྱའོ། །བརྒྱད་པ་འདུས་བྱས་ཀྱི་མཚོན་བཞི་ནི། མཛོད་ལས། མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །ཅེས་པས། འདུ་བྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་པའི་སྐྱེ་བ་དང་། རྙིང་པར་བྱེད་པའི་རྒ་བ་དང་། གནས་པར་བྱེད་པའི་གནས་པ་དང་། འཇིག་པར་བྱེད་པའི་མི་རྟག་པ་སྟེ་བཞིའོ། །སྐྱེ་བ་ལའང་། སྐྱེ་བའི་སྐྱེ་བ། སྐྱེ་བའི་རྒ་བ། སྐྱེ་བའི་གནས་པ། སྐྱེ་བའི་མི་རྟག་པ་དང་བཞི་སྟེ། བུམ་སོགས་མཚན་གཞི་གང་ཡིན་དེ་དང་སྐྱེ་བའི་སྐྱེ་བ་སོགས་ཆོས་བརྒྱད་པོ་ཀུན་ཀྱང་འདུས་བྱས་ཡིན་པས་མ་སྐྱེས་པ་མེད་པའི་ཕྱིར་སྐྱེ་བའི་སྒྲ་རེ་སྦྱར་བའོ། །སྐྱེ་སྐྱེ་བའི་རྒྱུ་ཁོ་རང་ཡིན་པས་རྫས་གཞན་མེད་དེ་སྐྱེ་བ་གཅིག་ལ་འཇུག་གོ། །དེ་བཞིན་དུ་རྒ་སོགས་ལའང་ཤེས་པར་བྱའོ། །ཀ་བུམ་ལ་སོགས་མཚན་གཞིར་གྱུར་པའི་འདུས་བྱས་སྐྱེ་བ་དང་ལྡན་པར་བྱེད་པའི་རྫས་དེ་སྐྱེ་བའི་མཚན་ཉིད། འདུས་བྱས་གང་དག་རྙིངས་པ་དང་ལྡན་པར་བྱེད་པའི་རྫས་དེ་རྒ་བའི་མཚན་ཉིད། འདུས་བྱས་གང་ཞིག་གནས་པ་དང་། ལྡན་པར་བྱེད་པའི་རྫས་དེ་གནས་པའི་མཚན་ཉིད། འདུས་བྱས་གང་ཞིག་འཇིག་པ་དང་ལྡན་པར་བྱེད་པའི་རྫས་དེ་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བཅུ་གཉིས་པ་མིང་ནི། དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་མི་ལྡན་འདུ་བྱེད་དེའོ། །མཚན་གཞི་ནི་ཀ་བ་བུམ་པ་ལ་སོགས་པའོ། །བཅུ་གསུམ་པ་ངག་དང་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དེ་ཇི་ལྟ་བུ་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པ་ལྟ་བུའོ། །བཅུ་བཞི་པ་ཡི་གེའི་མཚན་ཉིད་ནི། མིང་དང་ཚིག་གཉིས་ཀའི་གདགས་གཞིར་གྱུར་བ་སྟེ། ཇི་ལྟ་བུ་ཞེ་ན། ཨ་ཞེས་པ་དང་ཀ་ཞེས་པ་ལྟ་བུའོ། །དགེ་འདུན་གྱི་དབྱེན་ནི་གོ་སླ་སྟེ། སྟོན་པ་བཞུགས་པའི་དུས་ལྷས་བྱིན་གྱིས་སྟོན་པ་མ་ཡིན་པར་སྟོན་པར་བཅོས་ནས་སྟོན་པའི་བསྟན་པ་ལས་གཞན་དུ་གྱུར་པའི་ཆོས་བསྟན་པ་ལྟ་བུ་སྟེ། དེ་ཡང་འོ་མ་མི་བཏུང་བ། ཤ་མི་ཟ་བ། ལན་ཚྭ་མི་སྤྱོད་པ། གོས་མ་དྲས་བ་བགོ་བ། གྲོང་གི་གཙུག་ལག་ཁང་དུ་གནས་པ་སྟེ་གཞི་ལྔ་བསྟན་པས་དགེ་འདུན་རྣམས་ལྟ་སྤྱོད་མ་མཐུན་པ་ལྟ་བུ་འཁོར་ལོའི་དབྱེན་ཞེས་བྱའོ། །དགེ་བ་ལ་སོགས་པའི་ལས་བྱས་པ་ནའང་ཆུད་མི་ཟ་བའི་རྫས་ཞེས་བྱ་བ་ཐོབ་པ་ཡིན་ནོ། །ཞེས་པ་ཙམ་ལས་ཕྱི་མ་དེ་གཉིས་ལ་རྒྱས་བཤད་པ་བྱས་སོ། །ལྔ་པ་འདུས་མ་བྱས་ཀྱི་གཞི་ནི། གོང་ཟག་མེད་ཀྱི་སྐབས་སུ་སྨོས་པའི། ནམ་མཁའ་དང་། སོ་སོར་བརྟགས་འགོག་སོ་སོར་བརྟགས་མིན་འགོག་སྟེ་གསུམ་མོ། །དེ་དག་གིས་བྱེ་སྨྲའི་གྲུབ་མཐའ་ཐོགས་ཙམ་བརྗོད་ཟིན་ཏོ། ༈ །གཉིས་པ་མདོ་སྡེ་པའི་གྲུབ་མཐའ་ནི། ཕལ་ཆེ་བ་བྱེ་བྲག་སྨྲ་བ་དང་མཐུན་པ་ལས། ཁྱད་པར་སྔར་བཤད་གཟུགས་ཀྱི་གཞི་རྣམས་ལས། རིག་མིན་གྱི་གཟུགས་ནི་སྤོང་སེམས་རྒྱུན་ཆགས་པ་ལ་སོགས་ཡིན་པས་གཟུགས་མ་ཡིན་ཏེ། གཟུགས་ཅན་ལ་བརྟེན་པའི་ཕྱིར་གཟུགས་སུ་བཏགས་པར་འདོད་དོ། །རིག་མིན་གྱི་གཟུགས་དེ་དང་དུས་གསུམ་རྫས་སུ་མི་འདོད་དེ་བཏགས་ཡོད་ཙམ་དུ་འདོད་དོ། །རིག་མིན་མ་གཏོགས་པའི་མིག་སོགས་དབང་པོ་རྣམས་ནི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་དང་། ཡུལ་གཟུགས་སོགས་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་པས་དམིགས་པའི་རྐྱེན་དུ་འདོད་དོ། །རྡུལ་ཕྲ་རབ་ཆ་མེད་རེག་ལ་མ་འབྱར་བ་འདུས་པ་ལས་རགས་པ་རྩོམ་པར་འདོད་དོ། །དེ་ཡང་གཟུགས་སྒྲ་དྲི་རོ་སོགས་ཕྱི་རོལ་གྱི་དོན་རགས་པའི་གཟུང་འཛིན་ནི་མི་འདོད་དེ། གཟུགས་སོགས་ལྐོག་གྱུར་རམ་ཕག་ན་མོའི་ཚུལ་གྱིས་བག་ཉལ་ལྟ་བུར་འདོད་ལ། སེམས་དང་སེམས་བྱུང་གི་གཞི་སྒོ་ལྔའི་རྣམ་ཤེས་དང་། དེའི་འཁོར་གྱི་སེམས་ལས་བྱུང་བས་ཡུལ་གཟུགས་ལ་དམིགས་ཏེ་གཟུགས་སོགས་ཡུལ་ལྔ་མཐོང་བ་མེད་ཀྱང་མིའི་བཞིན་གྱིས་མེ་ལོང་ལ་རང་འདྲའི་རྣམ་པ་གཏད་པ་ལྟར། ཡུལ་གྱིས་ཤེས་པ་སྐད་ཅིག་གཉིས་པར་ཡུལ་དེ་རང་དང་འདྲ་བའི་རྣམ་པ་གཏད་པ་ལས་བྱུང་བའོ། །དེའང་རྣམ་པ་མ་གཏད་བར་དུ་གཟུགས་སོགས་ལྐོག་ཏུ་གྱུར་པ་ཡིན་ལ། རྣམ་པ་གཏོད་བྱེད་དེས་ཕྱི་རོལ་དུ་རྣམ་པ་གཏད་པས་གཟུགས་སོགས་མིག་སོགས་ལ་པར་བཏབ་པ་ལྟ་བུར་མངོན་དུ་བྱེད་པ་སྟེ། ཤེས་པ་དོན་གྱི་རྣམ་པར་ཤར་ནས་དོན་དང་འདྲ་བ་ཉམས་སུ་མྱོང་བ་ལ་དོན་མཐོང་ཞེས་རྣམ་པར་འཇོག་སྟེ། རྣམ་ངེས་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཞེས་ནི་རྣམ་པར་བརྗོད། །ཅེས་སོ། །མདོ་སྡེ་པ་འདིས་ཞེན་དོན་ལ་སྣང་སེམས་གཞི་མཐུན་པས་སློབ་དཔོན་ཁ་ཅིག་ཐེག་ཆེན་དུ་བཞེད་པའང་ཡོད་པར་མངོན་ལ། རྣམ་པ་གཏད་པས་རང་འདྲ་བར་ཤར་བ་ལ་ཡུལ་དུ་འདོད་པའི་ཕྱིར་རྣམ་པ་དེ་ཉིད་སེམས་ཀྱི་བག་ཆགས་ལས་འོས་མེད་རུང་ཐེག་དམན་གྱི་སྐབས་འདིར་ཀུན་གཞི་དང་བག་ཆགས་དངོས་སུ་མི་འདོད་དོ། །ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་བ་ཡིན་པར་འདོད་ལ། འདི་པས་ལྡན་མིན་འདུ་བྱེད་རྣམས་ཀྱང་ཐལ་མོ་བསྐུམས་པའི་གནས་སྐབས་སུ་ཁུར་ཚུར་ཡིན་པ་བཞིན། གཟུགས་དང་། སེམས་དང་། སེམས་བྱུང་གི་གནས་སྐབས་ཡིན་པས་དེ་གསུམ་ལས་རྫས་ཐ་དད་དུ་གྱུར་པ་ནི་མེད་དོ། །ཞེས་འདོད། བདེན་པ་གཉིས་ཀྱི་འཇོག་ཚུལ་བྱེ་སྨྲ་དང་མཐུན་ནོ། །བྱེ་མདོ་གཉིས་ཀའི་ལམ་སྒོམ་པ་ནི། བདེན་པ་བཞི་པོའི་སྡུག་བདེན་ལ། མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་བཞི། ཀུན་འབྱུང་ལ། རྒྱུ། ཀུན་འབྱུང་རབ་སྐྱེ། རྐྱེན་བཞི། འགོག་པ་ལ། འགོག་པ། ཞི་བ། གྱ་ནོམ་པ། ངེས་འབྱུང་བཞི། ལམ་ལ། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་བཞི་སྟེ། དེ་ཡང་འདི་ལྟར་སྡུག་བསྔལ་ནི་རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་གིར་ལྟ་བའི་མི་མཐུན་ཕྱོགས་ཀྱིས་ན་སྟོང་པའོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་ན་བདག་མེད་པའོ། །ཀུན་འབྱུང་ནི་ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་རྒྱུའོ། །འབྱུང་བའི་ཚུལ་གྱིས་ན་ཀུན་འབྱུང་པའོ། །འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །མངོན་པར་བསྒྲུབ་པའི་དོན་གྱིས་ན་རྐྱེན་ནོ། །འགོག་པ་ནི། ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་གི་མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །འཚེ་བ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །ལམ་ནི། བགྲོད་པའི་དོན་གྱིས་ལམ་མོ། །འཐད་པ་དང་ལྡན་པའི་ཕྱིར་རིགས་པའོ། །ཡང་དག་པར་སྒྲུབ་པའི་དོན་གྱིས་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ། །དེ་ལྟར་བདེན་པ་རེ་རེ་ལའང་ཁྱད་ཆོས་བཞི་རེ་སྦྱར་ནས་སྒོམ་པ་ཡིན་ལ། ལམ་གྱི་སྤང་བྱ་ནི། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་ལས། སྔ་མ་ཐར་པ་འཐོབ་པའི་བར་ཆད་གང་ཟག་གི་བདག་འཛིན་དང་། དེ་ལས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །ཕྱི་མ་ནི། སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པའི་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པའོ། །སྒྲིབ་པ་དེ་གཉིས་ལས་ཤེས་སྒྲིབ་མི་འདོད་དོ། །ལམ་གྱི་རང་བཞིན་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་སྟེ་ལམ་གྱི་བྱང་ཆུབ་མངོན་དུ་མཛད་པའི་གནས་ནི་འདོད་ཁམས་ཁོ་ནར་ངེས་ཏེ་སྤྲུལ་སྐུའི་ཞིང་སྟོང་གསུམ་མི་མཇེད་ཀྱི་ཁམས་འདི་ལས། སྟུག་པོ་བཀོད་པ་སོགས་ལོངས་སྐུའི་ཞིང་དང་ལོངས་སྐུ་ཁས་མི་ལེན་ལ། རྣམ་མཁྱེན་གྱི་ཡེ་ཤེས་ཀྱང་མི་འདོད་དོ། །གཉིས་ཀས་ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད། བྱེ་སྨྲས་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྔར་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དང་ཚེ་གཅིག་གིས་བསྡུས་པའི་ཕྱིར་སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་སུ་ཁས་ལེན། སངས་རྒྱས་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ཟད་དང་མི་སྐྱེ་བ་མཁྱེན་པའི་ཡེ་ཤེས་ལ་འདོད། མདོ་སྡེ་པས་རྟེན་གཟུགས་སྐུ་དང་བརྟེན་པ་ཆོས་སྐུ་གཉིས་ཀ་སངས་རྒྱས་དང་དགེ་འདུན་དཀོན་མཆོག་ཏུ་འདོད། དགེ་འདུན་ཡང་སློབ་པ་འཕགས་པ་རྣམས་ཟག་བཅས་ཡིན་པས་དགེ་འདུན་དཀོན་མཆོག་མིན་ཡང་དགེ་འདུན་ཡིན་ལ། དགེ་འདུན་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འདོད་དོ། །ཆོས་དཀོན་མཆོག་ཀྱང་སངས་རྒྱས་དང་ཉན་རང་གཉིས་ཀའི་རྒྱུད་ཀྱི་མྱང་འདས་གསུམ་དང་ཉོན་མོངས་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་འགོག་བདེན་ལ་འཇོག་གོ། །གཞན་ཡང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སངས་རྒྱས་ཡིན་ཞིང་། ཐུགས་ནི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཆོས་སྐུ་སྟེ། མྱ་ངན་ལས་འདས་པའི་ངོ་བོ་བློ་ཡིས་ཟད་པའི་སྟོང་ཉིད་དེ་མར་མེ་ཤི་བ་ལྟ་བུ་འདོད་པ་དང་། སྡེ་པ་བཅོ་བརྒྱད་ཀྱི་གནས་མ་བུ་སོགས་གྲུབ་མཐའ་དམན་པ་འགའ་ཞིག་གིས་ལས་འབྲས་ཀྱི་རྟེན་དུ་རྫས་སུ་གྲུབ་པའི་གང་ཟག་གི་བདག་ཀྱང་ཡོད་པར་འདོད་ལ། གཉིས་ཀས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཐེག་དམན་གྱི་སྡེ་སྣོད་གསུམ་ལ་སོ་སོའི་སེམས་བསྐྱེད་རྒྱ་ཆེ་ཆུང་གིས་འབྱུང་བར་འདོད་དོ། །དེ་དག་གིས་མདོ་སྡེ་པའི་གྲུབ་མཐའི་འདོད་ཚུལ་ཕྱོགས་ཙམ་བརྗོད་ཟིན་ཏོ། ༈ །ཐེག་པ་ཆེན་པོ་ལ་དབུ་མ་སེམས་ཙམ་གཉིས་ཀྱི་གྲུབ་མཐའ་བྱུང་ཞིང་། དེ་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། དམིགས་པ་རང་གི་དོན་གྱི་ཉི་ཞིབ་སྒྲུབ་པ་ནི་ཆུང་ངུ་ཡིན་ལ། གཞན་དོན་འབའ་ཞིག་སྒྲུབ་པ་ནི་ཆེན་པོའོ། །སྒྲུབ་པ་ནི་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་བ་ནི་ཆེན་པོ་དང་། དེ་དང་བྲལ་བ་ནི་ཆུང་ངུ་སྟེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པས། ཐབས་སྙིང་རྗེ་ཆེན་པོས་ཞི་བའི་མཐའ་སྟེ་འགོག་སྙོམས་ལྟ་བུ་རང་ཞི་བདེ་གཅིག་པུའི་མཐར་མི་གནས་ཤིང་ཤེས་རབ་ཟབ་མོས་རྟག་ཆད་ཀྱི་མཐའ་གཉིས་སུ་མི་གནས་པས། སྲིད་ཞི་གཉིས་ལས་འདའ་བར་བྱེད་པའོ། །ཡེ་ཤེས་ཀྱང་གང་ཟག་གི་བདག་མེད་ཙམ་དང་། ཆོས་ཀྱི་བདག་མེད་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཉན་རང་གི་ཡེ་ཤེས་ཏེ་ཆུང་ངུ། བདག་གཉིས་ཀྱིས་སྟོང་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཏེ་ཐེག་པ་ཆེན་པའོ། །བརྟག་གཉིས་ལས། གང་ཤེས་རབ་དང་སྙིང་རྗེ་ཆེ་བ་ནི་ཐེག་པ་ཆེན་པོ་ཡིན་ལ། གང་ཆུང་བ་རྣམས་ནི་ཐེག་པ་ཆུང་ངུའོ། །ཞེས་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོ་དེ་ལ་གྲུབ་མཐའི་སྒོ་ནས་དབྱེ་ན་སེམས་ཙམ་དབུ་མ་གཉིས་ལས། དང་པོ་སེམས་ཙམ་པའི་ཕྱོགས་ལ། རྒྱལ་བ་མྱ་ངན་ལས་འདས་ནས་བཀའ་བསྡུ་གསུམ་པའི་འཇུག་ཏུ། ས་ར་ཧ་དང་ཀླུ་སྒྲུབ་མ་བྱོན་པའི་གོང་དུ་བཀའ་ཐ་མའི་མདོ་སྡེ། ཕལ་པོ་ཆེ་དང་དཀོན་བརྩེགས་སོགས་མི་ཡུལ་དུ་བྱོན་ཞིང་། དེ་ལ་བརྟེན་ནས་ཨ་བི་ཏརྐ་ཛྙཱ་ན་ཏ་ལ་སོགས་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་བྱོན་ནས་རྣམ་རིག་སྨྲ་བའི་ལྔའི་རྣམ་གཞག་ཁས་ལེན་ཀྱང་ས་བཅུའི་ཡེ་ཤེས་མི་འདོད་དོ། །ལམ་བདེན་ལ་ཤེས་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཕུང་པོ་ལྔ་ལམ་བདེན་ཡིན་པའི་ཕྱིར་རོ། །ཟག་མེད་ཀྱི་ཕུང་པོ་ལྔ་ནི། ཆོས་རྣམ་འབྱེད་ཀྱི་ཤེས་རབ་གཙོ་བོར་གྱུར་པའི་འཁོར་དུ། ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་སྟེ་ལྔའོ། །འབྲས་བུ་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་པོ་དེ་བསྒོམས་པས་མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་པ་ཅན་གྱི་སྒྲིབ་པ་བཅོམ་སྟེ་དགྲ་བཅོམ་པའི་འབྲས་བུ་འཐོབ་བོ། །ཉན་ཐོས་རྒྱུན་དུ་ཞུགས་པ་ལ། ཞུགས་པ་དང་གནས་པ་གཉིས། ལན་ཅིག་ཕྱིར་འོང་ལ་ཞུགས་གནས་གཉིས། ཕྱིར་མི་འོང་བ་ལ་ཞུགས་གནས་གཉིས། དགྲ་བཅོམ་པ་ལ་ཞུགས་གནས་གཉིས་ཏེ་ཟུང་བཞི་ཡ་བརྒྱད་དུ་བརྗོད་ཅིང་ཞུགས་གནས་བརྒྱད་པོ་གང་རུང་ལ་འཕགས་པས་ཁྱབ་པར་འདོད་དོ། །རང་རྒྱལ་ནི། ཐེག་དམན་གྱི་སྡེ་སྣོད་གསུམ་ལ་བརྟེན་ནས་བསྒོམས་པས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལས་བྱུང་སྟེ། བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྤྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །ཉན་ཐོས་པས་གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་། གཟུང་ཡུལ་གྱི་དངོས་པོ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་ལ། རང་རྒྱལ་གྱིས་གང་ཟག་གི་བདག་མེད་རྟོགས་པའི་སྟེང་། གཟུང་བ་ཕྱི་རོལ་གྱི་དོན་ཡང་བདེན་མེད་དུ་རྟོགས་པས། བདག་མེད་ཕྱེད་དང་གཉིས་རྟོགས་པར་བྱེད་ལ། འཛིན་པའི་སེམས་བདེན་མེད་དུ་མ་རྟོགས་ཏེ། རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །ལམ་བགྲོད་ཚུལ་ཕལ་ཆེར་ཉན་ཐོས་དང་མཚུངས་སོ། །བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བྱེད་ཅིང་། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ཏེ་སྲིད་པ་ཐ་མའི་ཚེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་བཏུལ་གུང་ལ་མཉམ་པར་བཞག་པའི་ཚེ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་གསུམ་མངོན་དུ་བྱས་ནས། ཐོ་རངས་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་དོ། །དེས་ན་སྲོད་ལ་བདུད་བཏུལ་བ་ཡན་ཆད་སོ་སྐྱེའི་གནས་སྐབས་དང་། བྱང་སེམས་ཀྱི་སྦྱོར་མཐོང་སྒོམ་གསུམ་ལ་མཉམ་བཞག་ཁོ་ནས་ཁྱབ་པར་འདོད་ཅིང་། མཛད་པ་བཅུ་གཉིས་ཀྱི་དང་པོ་དགུ་བྱང་སེམས་དང་། ཕྱི་མ་གསུམ་སངས་རྒྱས་མཛད་པར་ཁས་ལེན་ནོ། །ཆོས་འཁོར་ལ་མཐོང་ལམ་གྱིས་ཁྱབ་པ་དང་། ལུས་ཀྱི་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པར་འདོད་དོ། །བྱེ་སྨྲས་མངོན་པ་སྡེ་བདུན་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཁས་ལེན་ཅིང་། བཀའ་ལ་སྒྲ་ཇི་བཞིན་པས་ཁྱབ་བོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལས། བཞི་སྟོང་གི་རྣམ་བཞག་ཁས་མི་ལེན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུང་དེ་དག །ཅེས་གསུངས་སོ། །སངས་རྒྱས་ལུགས་འདི་དར་ཞིང་རྒྱས་པར་མཛད་པ་ཡིན་ལ། ཀླུ་སྒྲུབ་བྱོན་ནས་བཟུང་སེམས་ཙམ་ལུགས་དེ་ནུབ་ནས་ཐེག་ཆེན་དབུ་མས་ས་སྟེང་ཁྱབ་པར་མཛད་པ་ཡིན་ལ། སེམས་ཙམ་ལུགས་ཀྱི་བསྟན་བཅོས་གངས་རིའི་ལྗོངས་སུ་བྱུང་བ་མེད་དོ། །འདིའི་ལུགས་སུ་བདེ་གཤེགས་སྙིང་པོ་གནས་ལུགས་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་སེམས་ཅན་གྱི་ཁམས་སུ་བཞུགས་ཤིང་། དེའི་སྟེང་ན་ཐོག་མ་མེད་པའི་མ་རིག་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དགེ་མི་དགེ་གཉིས་ཀའི་ཕྱོགས་སུ་མ་ཆད་པས་ལུང་དུ་མ་བསྟན་པའི་ཆ་ལ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་ཞིང་ངོ་བོ་རྟོག་མེད་ཡུལ་ལ་མི་འཛིན་པ་སྟེ། དེའི་ངང་དུ་གོམས་ན་གཟུགས་མེད་པའི་ཁམས་སུ་འཕེན་པའི་ལས་ཅན་ནོ། །ཀུན་གཞིའི་རྣམ་ཤེས་ནི། སྒོ་ལྔ་ཡིད་དང་བཅས་པར་མ་གྱུར་པའི་ཤེས་པ་གསལ་བ་སྟེ། དེའི་ངང་དུ་གོམས་ན་གཟུགས་ཁམས་སུ་འཕེན་པའི་ལས་ཅན་ནོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་ཀྱི་བར་དུ་ཆུ་བོའི་རྒྱུན་བཞིན་རྒྱུན་མི་ཆད་པར་འཇུག་སྟེ། རྒྱུན་མཐའི་རྡོར་ཏིང་མངོན་དུ་བྱས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་འགྱུར་བ་ཡིན་ནོ། །འདི་ནི་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་གཉིས་སོ་སོར་ཕྱེ་བའི་ལུགས་ཡིན་ལ། མ་ཕྱེས་པའི་ཚེ་ཀུན་གཞིའི་རྣམ་ཤེས་ཁོ་ན་ལས་ཀུན་གཞི་ལོགས་སུ་བཤད་པ་མེད་དོ། །ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་བཞེད་དེ། ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་མོ། །དེ་ཡང་གཟུང་འཛིན་གཉིས་ལྟར་དུ་སྣང་བ་གཞན་དབང་སྟེ་སེམས་ཀྱི་བག་ཆགས་སྣ་ཚོགས་པའི་དབང་ལས་སོ། །དེ་ལྟར་སྣང་བའི་ཡུལ་ཕྱི་རོལ་དུ་བློས་བརྟགས་ཤིང་སྒྲོ་བཏགས་པ་ནི་ཀུན་བརྟགས་ཏེ་དོན་དུ་མེད་པས་རྫུན་པ་སྟེ་ཀུན་རྫོབ་དང་། གཞན་དབང་ཀུན་བརྟགས་གཉིས་ཀའང་སེམས་ཀྱི་སྣང་ཆ་ཙམ་ལས་ཕྱི་རོལ་དུ་མེད་པར་ཤེས་ནས་སེམས་སུ་རྟོགས་པ་ཡོངས་གྲུབ་ཏུ་འདོད་ཅིང་། སེམས་བདེན་མེད་དུ་ནི་འདིས་མི་འདོད་དོ། །དེ་ལྟར་ཤེས་པ་གཟུང་འཛིན་གཉིས་མེད་ཡིན་ལ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པར་གསུངས་ཞེས། གསལ་རིག་ཙམ་གྱི་སེམས་དོན་དམ་བདེན་པ་འདོད་པ་ཡིན་ལ། དེ་ལྟར་ཕྱི་རོལ་གྱི་དོན་རྟོགས་ཚུལ་མ་ནོར་མོད་གཟུང་འཛིན་གཉིས་མེད་དུ་འདོད་ཀྱང་ཤེས་པའི་ངོ་བོར་རྫས་གཅིག་ཏུ་སོང་ཞིང་། རྣམ་ཤེས་ལ་དོན་དམ་བདེན་པར་འདོད་པའི་ཕྱིར་ཆོས་ཀྱི་བདག་མེད་ཇི་བཞིན་པ་མ་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་རང་རྒྱལ་དང་ཕྱོགས་མཚུངས་པའི་ཕྱིར་ཉན་རང་སེམས་ཙམ་གསུམ་དངོས་པོར་སྨྲ་བའི་གྲུབ་མཐར་བཞག་པ་ཡིན་ནོ། །དེ་ལ་ནང་གསེས་ཀྱི་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་དེ། རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས། དང་པོས་ཁ་དོག་སྔོན་པོར་འཛིན་པའི་ཚེ་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་ཁས་ལེན། གཉིས་པས་སྔོན་པོར་སྣང་བ་དེ་ལྟར་མ་གྲུབ་པར་ཁས་ལེན། ཡང་རྣམ་བདེན་པས་སྔོན་པོར་འཛིན་པའི་མིག་ཤེས་ལ་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ལ་མ་རིག་པས་བསླད་པ་བཞུགས་པར་འདོད་ལ། རྣམ་རྫུན་པས་སྔོན་པོ་ཕྱི་དོན་དུ་སྣང་བར་མ་ཟད། སྔོན་པར་སྣང་བ་དང་། སྔོན་པོར་རགས་སྣང་གཉིས་ཀ་ལ་མ་རིག་པས་བསླད་པར་འདོད། དེས་ན་དབང་ཤེས་ལ་རགས་པར་སྣང་བ་དེ་སྣང་བ་ལྟར་གྲུབ་པར་ཁས་ལེན་པ་རྣམ་བདེན་པ་དང་། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་མ་གྲུབ་པར་འདོད་པ་རྣམ་རྫུན་པའོ། །རྣམ་བདེན་པ་ལའང་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་གསུམ་ལས། ཡུལ་ཁ་པོ་ཞིག་ལ་འཛིན་པའི་ཚེ་ཁ་དོག་སོ་སོའམ་ཐ་དད་པའི་ཡུལ་གྱི་རྣམ་པ་གཏད་པས། ཡུལ་ཅན་གྱི་ངོས་ནས་ཀྱང་མི་འདྲ་བ་རེ་རེའི་རྣམ་པ་རྣམ་བདེན་དུ་སྐྱེ་བར་འདོད་པ་དང་པོ་དང་། ཡུལ་གྱིས་ངོས་ནས་དེ་ལྟར་མི་འདྲ་བ་རེ་རེའི་རྣམ་པ་གཏད་པ་ལ་ཡུལ་ཅན་གྱི་ངོས་ནས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་སྐྱེ་བར་འདོད་པ་གཉིས་པ་དང་། ཡུལ་གྱི་ངོས་ནས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་ཀྱང་ཁྲ་ཙམ་གྱི་རྣམ་པ་རྣམ་མེད་དུ་སྐྱེ་བར་འདོད་པ་གསུམ་པའི་མཚན་ཉིད་དོ། །གཟུང་འཛིན་གྲངས་མཉམ་པ་ལ་རྣམ་ཤེས་ཚོགས་བརྒྱད་འདོད་པ་དང་། ཚོགས་དྲུག་འདོད་པ་གཉིས། སྣ་ཚོགས་གཉིས་མེད་པ་ལ་རྣམ་ཤེས་ཚོགས་དྲུག་དང་། རྣམ་ཤེས་གཅིག་བུར་སྨྲ་བ་གཉིས་སོ། །རྣམ་རྫུན་པ་ལ་དབྱེ་ན། དྲི་བཅས་པ་དང་། དྲི་མེད་པ་གཉིས། སེམས་ཀྱི་ངོ་བོ་ལ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པར་འདོད་པ་དྲི་བཅས་པ་དང་། སེམས་ཀྱི་ངོ་བོ་ལ་མ་རིག་པའི་བག་ཆགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་འདོད་པ་དྲི་མེད་པ་གཉིས་སོ། །སེམས་ཙམ་པས་གཟུགས་སོགས་དོན་ལྔ་པོ་ཕྱི་རོལ་དོན་མ་གྲུབ་སྟེ། བྱེ་མདོ་གཉིས་ཀྱིས་རྡུལ་རྫས་ལས་གྲུབ་པར་འདོད་པ་དེའང་རྡུལ་རྫས་ཕྱོགས་ཆ་དང་ཤེས་པ་དུས་ཆས་ཕྱེས་པས་བདེན་པར་གྲུབ་པ་མེད་དོ། །རྨི་ལམ་ཡུལ་གྱི་གཟུགས་སྒྲ་ལ་སོགས་པའི་ལོངས་སྤྱོད་བཞིན། འདི་ཐམས་ཅད་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་པའི་མཐུས་སེམས་ཀྱི་སྣང་ཆ་ཙམ་དུ་སྐྱེས་པ་ཡིན་ཏེ། རྒྱལ་བས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར་རོ། །ཚོགས་བརྒྱད་འདོད་པའི་ཚེ་ཀུན་གཞིའི་རྣམ་ཤེས་གང་ཟག་གི་གདགས་གཞིར་ཁས་ལེན། ཁ་ཅིག་ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞིར་འདོད་པའང་ཡོད། ཀུན་གཞིའི་རྣམ་ཤེས་ནི་བག་ཆགས་སྣ་ཚོགས་འཇོག་པའི་གནས་ཡིན་ལ། ངོ་བོ་དགེ་མི་དགེ་གཉིས་ཀ་མིན་ཞིང་ཐར་པ་ལ་མི་སྒྲིབ་པའི་ཕྱིར་མ་བསྒྲིབས་ལུང་མ་བསྟན་དང་། གྲོགས་ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་དེ་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པའོ། །ཉོན་ཡིད་ནི་ཀུན་བཞི་ལ་དམིགས་ཏེ་ཁ་ནང་བལྟས་ང་བདག་ཏུ་འཛིན་པ། འཁོར་བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་དང་། ཀུན་འགྲོ་ལྔར་བཅས་པས་ལས་གསོག་པ་པོ་སྟེ་ངོ་བོ་ཐར་པ་ལ་སྒྲིབ་པར་བྱེད་པས་བསྒྲིབས་ལུང་མ་བསྟན་པ་ལ་འདོད་དོ། །དེ་ཡང་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་སོ་སོར་དབྱེ་བ་ལྟར་ན་གོང་དུ་སྨོས་པ་ལྟར་རོ། ༈ །གཉིས་པ་བཀའ་འཁོར་ལོ་བར་བའི་དངོས་བསྟན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱོགས་རྣམས་དང་། དགོངས་འགྲེལ་གྱི་བསྟན་བཅོས་འཕགས་པ་ཀླུའི་རིགས་ཚོགས་དྲུག་དང་། ཟླ་བའི་འཇུག་པ་སོགས་སུ་བཀྲལ་བའི་ཐེག་ཆེན་དབུ་མ་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ནི་རང་སྟོང་པ་སྟེ། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའོ། །དེ་བཞིན་དུ་བདེན་པར་གྲུབ་པའི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པའི་དབུ་མ་པ་ཞེས་འདོད་དོ། །དེ་ལ་དབྱེ་བ་དང་། རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཡོད། དེ་ལ་རང་རྒྱུད་པས་ཆོས་ཐམས་ཅད་ཐ་སྙད་ཙམ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན། དེ་ལ་དབྱེ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་སོ། །རྣལ་འབྱོར་སྤྱོད་པའི་དབུ་མ་པས་ཀུན་རྫོབ་ཏུ་ཤེས་པ་ལ་གསལ་ལོ་ཅོག་ཐམས་ཅད་ཤེས་པའི་དངོས་པོ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་མེད་དོ་ཞེས་སེམས་ཙམ་རྣམ་བཅས་པ་དང་མཐུན་པར་འདོད་པ་སྟེ། མཁན་པོ་ཞི་བ་འཚོ་སོགས་ཀྱིས་བཞེད་པ་ཡིན་ནོ། །མདོ་སྡེ་སྤྱོད་པའི་དབུ་མ་པ་ནི། ཉན་ཐོས་མདོ་སྡེ་པའི་འདོད་པ་ལྟར་ཁས་ལེན་ཏེ། ཤེས་པ་ལ་ཕྱི་རོལ་གྱི་དོན་ཉིད་དངོས་སུ་མི་སྣང་ཡང་དོན་གྱི་ཤེས་པ་ལ་རང་གི་རྣམ་པ་གཏད་པས་ཤེས་པ་དོན་དང་འདྲ་བའི་རྣམ་པར་སྐྱེས་པ་ལ་དོན་རིག་གོ་ཞེས་དམིགས་པའི་ཚུལ་གྱིས་དོན་ཡོངས་སུ་སྤྱོད་པ་དུས་ཐ་དད་པའི་གཟུང་འཛིན་ཀུན་རྫོབ་ཏུ་གནས་སོ་ཞེས་སྨྲ་བ་ནི་སློབ་དཔོན་ལེགས་ལྡན་འབྱེད་སོགས་སོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལའང་རྣམ་བདེན་པ་དང་མཚུངས་པ་ཞི་མཚོ་དང་ཀ་མ་ལ་ཤཱི་ལ་སོགས་སོ། །རྣམ་རྫུན་པ་དང་མཐུན་པར་ཁས་ལེན་པ་ཡེ་ཤེས་སྙིང་པོ་སོགས་སོ། །གྲུབ་མཐའི་འདོད་ཚུལ་གཞི་ལམ་འབྲས་གསུམ་ལས། གཞི་ལ་ཡུལ་དང་ཡུལ་ཅན་གཉིས། ཡུལ་ཤེས་བྱ་ལ། ཀུན་རྫོབ་དང་དོན་དམ་གཉིས། དང་པོ་ནི་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། གང་ལ་སྒྲིབ་ཅེ་ན། ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་འཁྲུལ་པའི་ཤེས་པའོ། །འཁྲུལ་ཤེས་དེ་ཉིད་ཀྱི་ཡུལ་དུ་བདེན་པས་ན་བདེན་པ་ཞེས་བཏགས་ཏེ་གཟུགས་སྒྲ་སོགས་སྣ་ཚོགས་པའི་ཆོས་སྣང་ཚོད་རྨི་ལམ་ལྟ་བུར་ཤར་བ་ཐམས་ཅད་དོ། །མཚན་ཉིད་ཀྱང་། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོ་བདེན་པས་སྟོང་ཞིང་རང་བཞིན་མེད་པ། རིགས་པས་དགག་པར་ནུས་པས་དཔྱད་མི་བཟོད་པ་ཟེར། གཉིས་པ་ནི། ངེས་ལེགས་དོན་དུ་གཉེར་བྱའི་འབྲས་བུ་ཡིན་པས་དོན་དམ་པ་དེ་ཉིད་བློ་མ་འཁྲུལ་བའི་ངོ་བོ་རིགས་པའི་ཤེས་པ་ཡིན་ཅིང་། གྱ་ནོམ་མཆོག་ཏུ་གྱུར་པས་ཀྱང་དམ་པ་སྟེ། བློ་མ་འཁྲུལ་བ་དེའི་ཡུལ་དུ་བདེན་པས་ན་བདེན་པ་སྟེ་དེ་བཞིན་ཉིད་དོ། །མཚན་གཞི་ནི། བུམ་པ་བདེན་པས་སྟོང་པ་དོན་དམ་གྱི་མཚན་གཞི། བུམ་པར་སྣང་བ་ཀུན་རྫོབ་ཀྱི་མཚན་གཞི། དབྱེ་ན། ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་ལས། དང་པོ་ནི། སྣང་ལ་དོན་བྱེད་ནུས་པ་ཆུ་དང་ཟླ་བ་ལྟ་བུ། གཉིས་པ་ནི། སྣང་ཡང་དོན་བྱེད་མི་ནུས་པ་སྨིག་རྒྱུ་དང་ཆུ་ཟླ་ལྟ་བུའོ། །དོན་དམ་ལ་དབྱེ་ན། སྐྱེ་བ་ལ་སོགས་བཀག་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་གྲོལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སོ། །ཡུལ་ཅན་ལ། ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞིར་འདོད་ཅིང་། ཀུན་གཞི་དང་ཉོན་ཡིད་ཁས་མི་ལེན་ཞིང་རྣམ་ཤེས་ཚོགས་དྲུག་འདོད་པའོ། །སྐྱེ་འགག་ལ་སོགས་མེད་པར་ངེས་པ་ཡང་གཏན་ཚིགས་ཆེན་པོ་ལྔས་ཁོང་དུ་བསྡུ་པར་འདོད་དེ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང་། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག །མ་ཡིན་དགག་གཏན་ཚིགས་སུ་བཀོད་ནས་འགོག་པ་རྟེན་འབྲེལ་ཆེན་པོ། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་ནི། ཆོས་ཐམས་ཅད་རང་དང་གཞན་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལས་མ་སྐྱེས་པ་དེ་ཉིད་སྐྱེ་བའི་དངོས་པོས་སྟོང་སྟེ། དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །གཉིས་པ་ནི། རྒྱུ་ལས་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བས་སྟོང་པ་དེ། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །གསུམ་པ་ནི། གང་གཅིག་ལས་གཅིག་དང་། གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་དང་། དུ་མ་ལས་དུ་མ་སྐྱེ་བས་སྟོང་པ་དེ། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །འདི་ལྟར་སྣང་བའང་དོན་དམ་པར་གཅིག་ལས་གཅིག་དང་དུ་མ་དང་། དུ་མ་ལས་དུ་མ་དང་གཅིག་ཅིག་སྐྱེ་བ་སྟེ་མུ་བཞིའི་སྐྱེ་བས་སྟོང་པས་སོ། །བཞི་པ་ནི། གང་སྣང་བ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་བདེན་པའི་རང་བཞིན་གྱིས་སྟོང་སྟེ། དཔེར་ན་གཟུགས་བརྙན་བཞིན་ནོ། །ལྔ་པ་ནི། གང་གཅིག་དང་དུ་མ་དང་བྲལ་བས་ཁྱབ་པ་དེ་བདེན་པའི་དངོས་པོས་སྟོང་པས་ཁྱབ་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །གཟུགས་སོགས་འདི་ལྟར་སྣང་བའང་། དོན་དམ་པའི་གཅིག་དང་དུ་བྲལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར་རོ། །གཏན་ཚིགས་དེ་རྣམས་ཀྱིས་བསྒྲུབ་བྱ་སྒྱུ་མ་ཙམ་དུ་ཡོད་ཀྱི་ངེས་པའི་དོན་དུ་མེད་པར་ཡོངས་གཅོད་མ་ཡིན་དགག་མིན་ཞིང་། བདེན་པའི་དངོས་པོ་བཀག་པ་ཙམ་རྣམ་གཅོད་མེད་དགག་སྒྲུབ་པ་ཡིན། ལུགས་འདིས་རིག་ཤེས་རྗེས་དཔག་གི་རང་བཞིན་སྐྱེ་མེད་སྤྲོས་བྲལ་དཔྱད་བཟོད་དོན་དམ་བདེན་པའི་མཚན་ཉིད་དུ་དབུ་མ་རང་རྒྱུད་པ་འདོད་པ་ཡིན་ནོ། །འདི་མཐར་ཐུག་གི་དབུ་མ་མ་ཡིན་ཏེ། དོན་དམ་པར་མེད་ལ་ཀུན་རྫོབ་ཏུ་ཡོད་པར་འདོད་པས་རྟག་ཆད་ཀྱི་དངོས་པོ་ལས་མ་འདས་ཤིང་། བློས་བཅད་པའི་རིགས་ཤེས་ཙམ་རྟོག་པ་ཉིད་ལས་ཡང་དག་པའི་དོན་དམ་དུ་མི་རུང་ཞིང་། འཇམ་དཔལ་གྱིས་ལྟ་འདོད་མདོར་བསྟན་དུ། ཕུང་པོ་རྣམ་དཔྱོད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་གསུངས་པ་དང་། སྤྲོས་པ་བཀག་ཙམ་དེའང་སྤྲོས་པའི་བྱེ་བྲག་ལས་མ་འདས་པ་སོགས་དང་། སློབ་དཔོན་ཀླུས། གང་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་འདོད་པ་དེའི་ཚེ་ཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །རང་རྒྱུད་པ་འདིས། རིགས་ཤེས་ཀྱི་དཔྱད་པས་བསྒྲུབ་བྱ་མེད་དགག་ཁོ་ན་སྤྲོས་བྲལ་ནམ་མཁའ་ལྟ་བུ་ངེས་དོན་མཐར་ཐུག་ཏུ་འདོད་ལ། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སོགས་དང་། འཁོར་བའི་གཟུགས་སྒྲ་ལ་སོགས་ཐམས་ཅད་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཙམ་སྟེ། སྟོང་པ་དང་རྟེན་འབྱུང་མི་འགལ་བར་འདོད་ལ། དོན་དམ་པར་སྐུ་དང་ཞིང་ཁམས་སོགས་ཀྱང་གདུལ་བྱ་གཞན་སྣང་ཡིན་པ་ལས། སངས་རྒྱས་རང་སྣང་ལ་མེད་པར་སྨྲ་ཞིང་། སངས་རྒྱས་ཀྱི་གནས་སྐབས་སུ་སེམས་ཀྱི་རྒྱུན་ཐམས་ཅད་འགགས་པས་ཡེ་ཤེས་ཀྱང་མི་འདོད་དེ་སྤྲོས་པ་ཐམས་ཅད་ཞི་བའི་འགོག་པ་དམ་པ་ལ་གནས་པར་བཤད་དེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་མཐུན་ནོ། །གཟུགས་སྐུ་གཉིས་གཞན་དོན་དུ་འཆར་བའི་རྒྱུ་ནི་སྔར་གཞན་དོན་དུ་ཐུགས་བསྐྱེད་ནས་ཚོགས་ལམ་པའི་སྐབས་སོགས་སུ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་བར་འདོད། ལམ་དང་། འབྲས་བུ་སོགས་གཞི་ཐེག་ཆེན་ལ། ལམ་ལྔ་དང་ས་བཅུ་བགྲོད་ནས་འབྲས་བུ་སངས་རྒྱས་ཀྱི་སྐུ་བཞི་སོགས་ཁས་ལེན། གང་ཟག་རྟག་གཅིག་རང་དབང་ཅན་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་རགས་ཕྲ་དང་། གཟུང་འཛིན་རྫས་གཞན་གྱི་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད། སྤང་བྱ་ནི། གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་། ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཏུ་འདོད། བཀའ་འཁོར་ལོ་བར་པ་ངེས་དོན་མཐར་ཐུག་ཏུ་འདོད་ཅིང་། དང་པོ་དྲང་དོན། ཐ་མ་དྲང་ངེས་ཅི་རིགས་སུ་འདོད་པ་དང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཡོད་པར་གསུངས་པ་དྲང་དོན་ཡིན་ཞིང་། དེ་སྟོན་པའི་འཁོར་ལོ་ཐ་མའི་མདོ་དགོངས་འགྲེལ་དང་བཅས་པ་དྲང་དོན་དུ་འདོད་ཅིང་བྱམས་ཆོས་བཞི་དང་ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་ལ་སེམས་ཙམ་རྣམ་རྫུན་པ་དང་། ཕྱོགས་གླང་སོགས་རྣམ་བདེན་པ་ཡིན་ཞེས་ཟེར་རོ། ༈ །གཉིས་པ་དབུ་མ་ཐལ་འགྱུར་པ་ནི། བློ་མ་འཁྲུལ་བ་དང་འཁྲུལ་པའི་དབྱེ་བ། དེ་ལ་ལྟོས་ནས་བདེན་གཉིས་ཀྱི་འདོད་ཚུལ་ལོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་ཐུན་མོང་མིན་པ་འཛིན་པ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་འདི་ལྟར་བཞེད་དེ། ས་ཐོབ་པའི་མཉམ་གཞག་དང་སངས་རྒྱས་ཀྱིས་ན་ཤེས་བྱ་དང་ཤེས་བྱེད་ལ་སོགས་པའི་ཡུལ་དང་ཡུལ་ཅན་གྱི་གཟུང་འཛིན་དུ་སྣང་བ་གང་ཡང་མ་གྲུབ་པས། ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞེ་བ་སྟེ། དེའི་ཚེ་སེམས་བྱུང་གི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ཆོས་ཉིད་རྟོགས་པ་ཡང་དག་པའི་བློ་མ་འཁྲུལ་བ་ཞེས་བྱ་བར་བཏགས་ཏེ། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། དེ་ཚེ་དེ་རྣམ་བསྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ། དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། ཞེས་དང་ཚིགས་གསལ་ལས་ཀྱང་། འདིར་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་དེ། ཞེས་སོ། །དེའི་གནས་སྐབས་ནི་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་སོ། །དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཡིན་ནོ། །མཐོང་བ་བརྫུན་པ་བློ་འཁྲུལ་པ་ནི་སོ་སྐྱེ་མ་རིག་པའི་བག་ཆགས་ཀྱིས་མིག་ལྡོངས་པས་རབ་རིབ་དང་སྐྲ་ཤད་འཛག་པ་ལ་དོན་དུ་ཞེན་པ་ལྟར། འགྲོ་བ་དྲུག་གི་གནས་ལུས་ལོངས་སྤྱོད་བདེ་སྡུག་སྣ་ཚོགས་སུ་སྣང་བ་འཁྲུལ་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུང་འཛིན་གྱི་རྣམ་པ་རྣམས་དང་། ས་ཐོབ་པའི་རྗེས་ཐོབ་ནི་གཞན་དང་ཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བ་རྣམས་སོ། །བདེན་པ་གཉིས་ཀྱི་མཚན་གཞི་ནི། སྤྱི་ཐུན་མོང་གི་དབྱེ་གཞི་མཚན་ཉིད་པ་མེད་ཅིང་སྟོང་པ་ཉིད་ཡིན་ཏེ་དོན་དུ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་པའི་བློ་ངོ་ན་བདེན་པ་མ་ཡིན་པ་ལས་ལོག་ཙམ་གྱི་བདེན་པ་ཙམ་ཞིག་གནས་པ་ལ་བྱ་སྟེ། ཀླུ་ཞབས་ཀྱིས། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ། །ཞེས་སོ། །ཀུན་རྫོབ་བདེན་པའི་མཚན་གཞི་ནི་རྣམ་ཤེས་དྲུག་པོ་སྣང་བའི་ཡུལ་དང་བཅས་པའི་རྣམ་པ་རྣམས་སོ། །དབུ་མ་པས་རྣམ་ཤེས་དྲུག་ཏུ་འཇོག་ཚུལ་ཉན་ཐོས་དང་འདྲའོ། །དོན་དམ་བདེན་པ་ནི། ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་དག་པའོ། །མཚན་ཉིད་ཀྱང་། ཀུན་རྫོབ་ཀྱི་མཚན་ཉིད་གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ་སྒྲིབ་པའི་རྣམ་པར་སྐྱེ་བ་སྟེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། །ཞེས་སོ། །དེའང་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་སེམས་བྱུང་མ་འགགས་པའི་ཆ་ཡུལ་མ་དག་པ་གཟུགས་ཚོགས་དྲུག་སྣང་བ་དང་བཅས་པ་སྤང་བྱར་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་གོ། །དོན་དམ་པའི་བདེན་པའི་མཚན་ཉིད་ནི་གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ་སྟེ། དེའང་སྒྲ་ཚིག་ལ་སོགས་པས་དངོས་སུ་མི་རྟོགས་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་པ། སེམས་སེམས་བྱུང་གི་རྙོག་པ་ཆོས་ཀྱི་དབྱིངས་སུ་ཞེས་པ་རྣམ་རྟོག་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐས་མ་རེག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེའང་དོན་གཅིག་པ་དང་ཐ་དད་པ་ལ་སོགས་པ་ནི་དངོས་པོར་སྨྲ་བ་དག་གི་གྲུབ་མཐའ་ཡིན་པས་དེས་མ་རེག་པ་ཙམ་དུ་མ་ཟད། སྤྲོས་པ་དང་བྲལ་བ་དབུ་མ་པའོ་ཞེས་པར་ཡང་མ་གྲུབ་པ་ཡིན་ནོ། །མདོར་ན་མྱ་ངན་ལས་འདས་པའི་ཆོས་ཟབ་པ་དང་ཞི་བ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་། དེ་རྟོགས་པའི་བློ་སྒྲིབ་པ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཀྱི་ཡེ་ཤེས་ཡུལ་རྣམ་པར་དག་པ་འགྱུར་བ་མེད་པར་སྣང་བ་དང་། ས་ཐོབ་པའི་མཉམ་གཞག་གི་ཡེ་ཤེས་དང་། དེའི་ངོ་བོ་གཅིག་ཏུ་གནས་པའི་རྗེས་ཐོབ་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །ཀུན་རྫོབ་ལ། མིག་སྐྱོན་ལྡན་ལ་སྐྲ་ཤད་དུ་སྣང་བ་མིག་དག་པས་ཅིར་ཡང་མ་མཐོང་བ་བཞིན་དུ། བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད་འཕགས་པའི་མཉམ་བཞག་དང་འཁྲུལ་པ་ཟད་པའི་སངས་རྒྱས་ལ་ཅིར་ཡང་དམིགས་པར་བྱ་བ་མེད་པས་ད་ལྟར་གྱི་འཁྲུལ་སྣང་རང་ག་མ་ཆ་དང་བཅས་པའི་མི་སྣང་བར་འདོད་དེ། དེ་ཉིད་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སོ། །འོ་ན་སེམས་ཅན་གྱི་དོན་ཇི་ལྟར་མཛད་ཅེ་ན། གདུལ་བྱའི་བསོད་ནམས་དད་མོས་པ་དང་སངས་རྒྱས་ཀྱི་ཐུགས་རྗེ་ལས་སྣང་བའི་སྤྲུལ་པས་དོན་མཛད་པ། དཔེར་ན། རྨི་ལམ་ནང་དུ་གཉིད་དུ་མ་སོང་བས་སྤྲུལ་པ་བཏང་ནས་ཆོས་འཆད་པ་ལ་སོགས་རང་སྣང་དང་མཐུན་པར་དོན་མཛད་དུས། གདུལ་བྱའི་སྣང་ངོའི་རྨི་ལམ་ཡང་མ་འགགས་པར་འཆར་བ་དངོས་སུ་དེ་ཉིད་ལ་སྣང་བ་མཁྱེན་དུས། རང་ཉིད་ལ་རྨི་ལམ་མེད་དེ་གཉིད་དུ་མ་སོང་བའི་ཕྱིར་ན། ཚུལ་དེ་བཞིན་དུ་སེམས་ཅན་ལ་འཁྲུལ་སྣང་ཤར་བར་མཁྱེན་ནས་དོན་མཛད་ཀྱང་རང་ཉིད་ལ་འཁྲུལ་སྣང་ཅུང་ཟད་ཀྱང་སྣང་བ་མེད་དོ། །བདེན་གཉིས་ཀྱི་ངེས་ཚིག་ནི། རང་རྒྱུད་ཀྱི་སྐབས་སུ་སྨོས་པ་ལྟར་ལ། བདེན་པ་ཞེས་པ་མ་དཔྱད་ན་བདེན་པར་སྣང་ཙམ་ཀུན་རྫོབ་དང་། དཔྱད་ན་གནོད་མེད་དུ་གནས་པ་དོན་དམ་མོ། །ངེས་བྱེད་ཀྱི་ཚད་མ་ནི། ཆོས་དབྱིངས་དོན་དམ་པ་ཆོས་ཅན། སྤྲོས་པ་ལས་གྲོལ་བར་ཐལ། དམིགས་བཅས་ཀྱི་བློ་ཡི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེའང་ཡེ་ཤེས་ཀྱིས་ནི་དམིགས་པ་མོད་པའི་ཚུལ་གྱིས་རྟོགས་སོ། །ཆོས་ཅན་ཀུན་རྫོབ་པ་རྣམས་ཆོས་ཅན། སྤྲོས་པ་དང་བཅས་པར་ཐལ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དམིགས་བཅས་ཀྱི་བློ་དང་། དེའི་ཡུལ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་ནས་ཉམས་སུ་བླང་བའི་ཚུལ་ནི། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཐམས་ཅད་གང་དུའང་མ་གྲུབ་པར་ལྟ་བས་ཐག་བཅད་པའི་ངང་དེར་སེམས་སྤྲོ་བསྡུ་དང་བྲལ་བར་བསྒོམ་པ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པས། དེའི་ངང་ལ་ཅི་ཙམ་གནས་ཀྱི་བར་བཞག་ནས་བསྔོ་བ་བྱ་བ་ནི་དོན་དམ་བདེན་པའི་བླང་ཚུལ་ལོ། །ཀུན་རྫོབ་བླང་ཚུལ་ནི་མཉམ་བཞག་པས་ལངས་པའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ལྟར་མཉམ་རྗེས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པས་མཐར་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་ཐོབ་སྟེ། དེའང་གཞི་དབུ་མ་བདེན་གཉིས་ཟུང་འཇུག །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག །འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་འདུས་པ་ཡིན་ནོ། །ཐལ་འགྱུར་བའི་སྤྲོས་པ་གཅོད་ཚུལ་ཡང་སྔར་སྨོས་གཏན་ཚིགས་ལྔས་ཆོས་ཐམས་ཅད་རང་བཞིན་མེད་པར་གཞལ་ལ། རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་སྒྲུབ་པ་དང་། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་མེད་སྒྲུབ་པ་ལྟར་མ་ཡིན་ཏེ། གང་དུ་ཞེན་པ་དེ་དངོས་སུ་བཀག་ཀྱང་ཤུགས་ལ་བསྒྲུབ་བྱ་གང་གང་ཡང་མི་སྒྲུབ་པས་ཕ་རོལ་གྱི་ལོག་རྟོགས་ཟློག་པར་བྱེད་དོ། །ཐལ་འགྱུར་འདིས་གྲུབ་པའི་མཐའ་ཐམས་ཅད་བཀག་ནས་རང་ལས་སྤྲོས་པའི་གྲུབ་མཐའ་ཁས་མི་ལེན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། དེ་ཚེ་ང་ལ་སྐྱོན་དེ་ཡོད། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །དེས་ན་ཐལ་འགྱུར་པས་ཡོད་མེད་ཡིན་མིན་གང་དུའང་བརྗོད་དུ་མེད་པ་ལ་དེ་ཉིད་རྟོགས་པར་འཇོག་སྟེ། ཀླུ་སྒྲུབ་ཀྱིས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། དོན་གྱི་ངོ་བོ་ཡེ་གདོད་མའི་གནས་ལུགས་སམ་གཤིས་ལུགས་མ་བཅོས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། རྫོགས་ཆེན་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གསུངས་པ་དང་དོན་གཅིག་པ་ཉིད་དོ། །དེ་ལྟར་ན་བདེན་གཉིས་ལ་སོགས་པའི་རྣམ་གཞག་ཀྱང་ཇི་ལྟར་བྱ་ཞེ་ན། འཇིག་རྟེན་པས་སྒྲོ་བཏགས་པ་ཙམ་དུ་འདོགས་པར་བྱེད་ཀྱི། གྲུབ་མཐའ་བདེན་པར་ཞེན་པ་ལྟར་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །སྒྲོ་གདགས་པའི་ཚུལ་ནི། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཅེས་སོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་བདེན་པར་མེད་པས་སྐྱེ་འགག་ལྟར་སྣང་ཙམ་གྱི་འཇིག་རྟེན་པའི་སྣང་བ་མི་འགོག་སྟེ། རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན་། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། དེ་བཞིན་སྐྱེ་དང་དེ་བཞིན་གནས། དེ་བཞིན་དུ་ནི་འཇིགས་པར་གསུངས། །ཞེས་སོ། །འདི་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་མ་ཤེས་ན་བྱང་ཆུབ་མི་འགྲུབ་སྟེ། རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །ཐལ་རང་གཉིས་པོ་དེ་ཨཱརྱ་དེ་བས། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་སྟེ། །ཐ་མར་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་པས། བར་པ་བདག་བཟློག་གི་འཁོར་ལོ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་མ་འཁྲུལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་ཇི་ལྟ་བ་བཀོད་པ་ཡིན་ལ། མཚན་ཉིད་ཐེག་པ་ཀུན་གྱི་ལྟ་བའི་རྩེ་མོ་མཐར་ཐུག་པར་བཞེད་པ་ཡིན་ནོ། །འདི་ཉིད་བོད་དུ་པ་ཚབ་ལོ་ཙཱ་བ་རྗེས་འབྲངས་བཅས་པ་དང་། ས་པཎ་གོ་རམས་པ་བསོད་ནམས་སེང་གེ། གཡག་ཕྲུག་པ་སངས་རྒྱས་དཔལ་རྗེས་འབྲངས་བཅས་པའི་ས་སྐྱ་པ་ཕལ་ཆེར་བཞེད་ཅིང་། རོང་སྟོན་ཤཱཀྱ་རྒྱལ་མཚན་ནི་དབུ་མ་རང་རྒྱུད་པ་བཞེད་ལ། མི་བསྐྱོད་རྡོ་རྗེ་མན་ཆད་ཀྱི་ཀར་ལུགས་ཕྱི་མ་རྣམས་ཐལ་འགྱུར་ལྟར་བཞེད། རྗེ་ཙོང་ཁ་བ་རྗེས་འབྲངས་དང་བཅས་པས་ཐལ་འགྱུར་རྩལ་འདོན་དུ་མཛད་དོ། །འོན་ཀྱང་སྔ་མ་དང་མི་མཐུན་པའི་ཀུན་རྫོབ་ཚད་མས་གྲུབ་པ་དང་། དེ་ཉིད་སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་བཞེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་འཁྲུལ་སྣང་གཟིགས་པར་བཞེད་པ་དང་། དོན་དམ་པ་སྒྲ་རྟོག་གིས་གཞལ་བྱར་བཞེད་པས། གནས་ལུགས་བསམ་གྱིས་མི་ཁྱབ་པ་རྟོག་གེས་གཞལ་བྱ་མཛད་པ་སོགས་ཐལ་འགྱུར་སྔ་མ་དང་མི་མཐུན་པ་མང་ཡོད་དོ། །དེ་དག་གིས་རང་སྟོང་གི་རྣམ་གཞག་མདོ་ཙམ་བཤད་ཟིན་ཏོ། ༈ །གཉིས་པ་ནི། སློབ་དཔོན་ཆེན་པོ་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མ་ལས་དེ་བས་དེ་དག་བདག་གིས་གཞུང་ཆེན་པོ་མང་པོ་དག་བཀོད་པ་ནི། ཕྱི་རོལ་གྱི་དབུ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕ་རོལ་རྒོལ་བ་བཟློག་པ་དང་། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་གསུངས་པས་ཐལ་རང་གི་དབུ་མ་རགས་པའི་ཕྱིའི་དབུ་མར་བཞག་ནས་ཕྱི་རོལ་པ་དང་རྩོད་པའི་ཆེད་དང་གཞུང་ཆེན་པོ་སྨྲ་བ་ལ་སོགས་པར་དགོས་པར་བསྟན་ལ། ནང་གི་རྣལ་འབྱོར་ཉམས་སུ་བླང་བྱ་ཕྲ་བའི་དབུ་མ་ཞེས་བཞེད་པས་དེ་ནི་འཁོར་ལོ་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོ་འདི་ཉིད་ཡིན་ལ། དེ་ཡང་རྒྱལ་བའི་བཀའ་འཁོར་ལོ་ཐ་མའི་ངེས་དོན་སྙིང་པོའི་མདོ་བཅུ་སོགས་དང་། གསང་སྔགས་ཀྱི་རྒྱུད་སྡེ། རྒྱལ་ཚབ་མ་ཕམ་པའི་རྒྱུད་བླ་མ་སོགས་བྱམས་ཆོས། ཀླུ་སྒྲུབ་ཡབ་སྲས་ཀྱི་མཐར་ཐུག་གི་དགོངས་པ་བསྟོད་ཚོགས་དང་། ཐེག་ཆེན་ཉི་ཤུ་པ། མདོ་སྡེ་ཀུན་ལས་བཏུས། དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད། སྲིད་པ་འཕོ་བ་སོགས་དང་། ཨཱརྱ་དེ་བའི་སྙིང་པོ་བརྒྱ་པ་དང་། དབུ་མ་བཞི་བརྒྱ་པ་གཞན་སྟོང་དུ་བཀྲལ་བའང་ཡོད། ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་དང་། རྗེས་འབྲངས་ཕྱོགས་གླང་། ཆོས་གྲགས། ཙནྡྲ་གོ་མི་སོགས་པཎྜི་ཏ་དང་། གྲུབ་ཐོབ་ཆེན་པོ་མདའ་བསྣུན་ཞབས། པདྨ་འབྱུང་གནས་སོགས་གྲུབ་ཐོབ་པ་གྲངས་ཀྱིས་མི་ལངས་པ་ཐམས་ཅད་ཀྱི་དགོངས་པ་ཟབ་མོ་སྔགས་ཀྱི་ལྟ་བ་རང་བྱུང་གི་ཡེ་ཤེས་དང་། སེམས་ཀྱི་རྡོ་རྗེ། སེམས་ཀྱི་ཕྱག་རྒྱ། གཉུག་མའི་སེམས། ཀུན་ཏུ་བཟང་པོ། དང་པོའི་སངས་རྒྱས། རྒྱུའི་རྡོར་འཛིན། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སོགས་ལམ་འབྲས་པ་ལ་གྲགས་པ། རྒྱུའི་རྒྱུད། གཞི་ལམ་འབྲས་གསུམ་གྱི་དབྱེ་བ། གནས་ཡོངས་སུ་གྱུར་པའི་ཡེ་ཤེས། ཐིག་ལེ་ཉག་གཅིག །སོ་སོ་རང་གི་རིག་པ་སོགས་མཚན་སྣ་ཚོགས་ཀྱིས་བསྙད་པའི་གཞི་གང་ཡིན་པ་དབུ་མ་ཆེན་པོ་འདི་ལས་མ་འདས་ཤིང་། མཚན་ཉིད་གསུམ་དང་སེམས་ཀྱི་སྒྲ་ཙམ་བསྟན་པ་ཐམས་ཅད་དངོས་པོར་སྨྲ་བ་རྣམ་རིག་གི་གྲུབ་མཐའ་ཙམ་དུ་འདོད་ན་རྒྱལ་བ་སྲས་དང་བཅས་པ་ལ་སྐུར་འདེབས་ཀྱི་ཕུང་པོར་འགྱུར་བས་ཤིན་ཏུ་ཡང་པའི་གནས་སོ། །དེ་ཡང་འཁོར་ལོ་ཐ་མར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་བསྟན་ཏེ། ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་མོ། །དང་པོ། ཀུན་བརྟགས་ལ་དབྱེ་ན་གཉིས་ཏེ། རྣམ་གྲངས་པའི་ཀུན་བརྟགས་ནི། མིང་ཚིག་ཡི་གེའི་རྣམ་པར་བརྟགས་པ། བརྗོད་བྱ་རྗོད་བྱེད། ཕུང་པོ་ཁམས་སྐྱེ་མཆེད། ཤར་ནུབ། མཐའ་དབུས། ཆེ་ཆུང་། མཐོ་དམན་སྟེང་འོག །བསྟོད་སྨད་སོགས། བློས་བཀོད་ཅིང་སྒྲོ་བཏགས་པའི་ཆ་རྣམས་ཀུན་རྫོབ་ཏུའང་མེད་ལ། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ནི། ཟླ་བ་གཉིས་ལྟ་བུ་མེད་པ་གསལ་སྣང་དང་། བདག་གཉིས་ལྟ་བུའོ། །གཞན་དབང་ལའང་མ་དག་གཞན་དབང་དང་། དག་པ་གཞན་དབང་གཉིས། དང་པོ་ནི། ལས་དང་བག་ཆགས་སྣ་ཚོགས་པའི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་ལ། དེ་ཡང་བག་ཆགས་སྣ་ཚོགས་པའི་དབང་གིས་སེམས་སྣང་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ། དོན། ལུས་དང་བཅས་པ་ཀུན་རྫོབ་ཏུ་ཡོད་ལ། དོན་དམ་མེད། དག་པའི་གཞན་དབང་ནི། ཤིན་ཏུ་དག་པའི་ཞིང་དང་སྐུ་ལ་སོགས་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་དབང་གིས་འགྱུར་བའོ། །ཡོངས་སུ་གྲུབ་པ་ལའང་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་ནི། གནས་ལུགས་དོན་གྱི་ཀུན་གཞི་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་གཞན་དབང་ཀུན་བརྟགས་གཉིས་ཀྱིས་སྟོང་པའི་བདེ་གཤེགས་སྙིང་པོ་སྟེ། རྒྱུད་བླ་ལས། ཇི་ལྟར་སྔར་བཞིན་གྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཞེས་སོ། །ཕྱི་ཅི་མ་ལོག་པའི་ཡོངས་གྲུབ་ནི། །དག་བྱའི་དྲི་མ་ཐམས་ཅད་དང་དག་པའི་མཐར་བྱིན་གྱི་འབྲས་བུ་ལ་འདོད་ཅིང་། གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དེ་ཉིད་ཀུན་རྫོབ་ཏུ་མེད་ལ་དོན་དམ་དུ་ཡོད་དོ། །དེས་ན་ངེས་དོན་འཁོར་ལོ་ཐ་མར་བསྟན་པའི་བདེ་གཤེགས་སྙིང་པོ་ནི་འགྱུར་མེད་ཡོངས་གྲུབ་སྟེ། དེའི་ཚུལ་ནི། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་གློ་བུར་བ་དང་ལྡན་པའི་དུས་ན་རིགས་སམ་ཁམས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། དྲི་མ་དང་བྲལ་བའི་ཚེ་དེ་བཞིན་གཤེགས་པའམ་སངས་རྒྱས་ཞེས་བྱའོ། །དེའང་དབྱིངས་སྙིང་པོ་དེའི་ངོ་བོ་ལ་དོར་བྱའི་དྲི་མ་ཡེ་ནས་མེད་དེ་རང་བཞིན་གྱི་འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་རོ་སྔར་མེད་ཀྱི་ཡོན་ཏན་ཕྱི་ནས་གསར་དུ་བསྒྲུབ་པའང་མེད་དེ། ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར། སྔ་མ་ལས། ལས་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོགས་ཕྱིར། །ཞེས་སོ། །དེའི་ཕྱིར་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་དབྱེ་དང་བཅས་པས་སྟོང་ལ། གདོད་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་པ་སྟེ། དེ་ཉིད་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེས་ན་རིགས་ཁམས་བདེར་གཤེགས་སྙིང་པོ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཞུགས་ཏེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དེའང་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་དེ་མ་དག་པ་དང་། ཅུང་ཟད་དག་པ། ཤིན་ཏུ་རྣམ་དག་གི་གོ་རིམ་བཞིན། སེམས་ཅན། འཕགས་པ། རྫོགས་སངས་ཀྱི་རིམ་པར་བཞག་པ་ལས་སྙིང་པོ་ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་དེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། ས་བུམ། ཟངས་བུམ། གསེར་བུམ་ནང་གི་ནམ་མཁའ་ལ་བཟང་ངན་མེད་པ་དང་མཚུངས་སོ། །རྒྱལ་བས་འཁོར་ལོ་དང་པོ་དང་བར་པ་རྣམས་སུ་བདག་མེད་དང་སྟོང་པ་ཉིད་ཁོ་ན་བསྟན་པ་བདག་དང་ཉོན་མོངས་པ་བཟློག་པའི་ཐབས་སུ་གསུངས་ཤིང་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་དང་ཡེ་ཤེས་མེད་པར་སྟོན་པ་མིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །དབྱིངས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་མ་གཏོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་ལ། །འདི་ཉིད་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་གསུངས་པའང་དབྱིངས་དེ་ཉིད་ཀྱིས་ཁྱབ་པས་ངོ་བོར་དབྱེར་མེད་པ་ལ་དགོངས་པ་ཡིན་ཏེ། དབྱིངས་ཡེ་ཤེས་གཉིས་ལས་སྣང་སྟོང་གི་དབྱེ་བས། སྟོང་ཆའི་དབྱིངས་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་རྟེན་དང་། ཡེ་ཤེས་སྣང་ཆ་མཚན་དཔེ་དང་བཅས་པ་རྟེན་པ་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུར་གནས་ཏེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་དང་། །ཞེས་སོ། །རིགས་དེ་གཉིས་གཞི་ལ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པ་ལ་རང་བཞིན་གནས་རིགས་དང་། དེའི་སྟེང་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་ས་བཅུ་རྒྱུན་མཐའི་བར་གྱི་དགེ་རྩ་ཚོགས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ནི་རྒྱས་འགྱུར་གྱི་རིགས་ཞེས་བྱ་ལ། དགེ་བ་དེའང་གློ་བུར་གྱི་སྒྲིབ་པའི་གཉེན་པོ་གསར་དུ་བླངས་པ་ཅན་གནས་རིགས་ཀྱི་དྲི་མ་བསལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཀུན་ཀྱང་བྲལ་བའི་འབྲས་བུ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུས་འབྲས་བུ་བསྒྲུབས་པ་མིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ཏེ། རྒྱུད་བླ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་སའི་རྒྱས་འགྱུར་གྱི་རིགས་སྣང་ཆ་ལོངས་སྐུ། དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གྱི་རིགས་གཉིས་དབྱེར་མེད་པའི་བྱིན་རླབས་ལས། གདུལ་བྱའི་སྣང་ངོར་རང་སྐལ་དང་འཚམས་པའི་སྤྲུལ་སྐུར་སྣང་བ་ཉིད། ནམ་མཁའ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣང་བའི་གཟུགས་བརྙན་གསེར་གྱི་རིའི་ངོས་ལ་འཆར་བ་བཞིན་ནོ། །བདེ་གཤེགས་སྙིང་པོ་སེམས་ཅན་ལ་བཞུགས་པ་དེ་ཡང་སྒྲིབ་བར་བྱེད་པའི་གློ་བུར་གྱི་དྲི་མའི་སྦུབས་སུ་བཞུགས་ཚུལ་དང་དེ་ལས་སད་ཚུལ་འཁོར་ལོ་ཐ་མའི་དགོངས་པ་ངེས་པ་དོན་གྱི་བསྟན་བཅོས་རྣམས་སུ་བཀྲལ་བ། ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པར། ཇི་ལྟར་འོ་མ་རྣམ་སྦྱངས་པས། མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། ཞེས་པ་ལ་སོགས་པས། མར་དང་། མར་མེ། ནོར་བུ་དང་། གསེར་དང་། འབྲུ་དང་། ཤིང་འབྲས་ཀྱི་རིམ་པས་གཞི་ལམ་འབྲས་གསུམ་མཚོན་ནས་གསུངས་པ་དང་། རྒྱལ་བ་བྱམས་པས། པདྨའི་ནང་དུ་སངས་རྒྱས་གཏུམས་པ་སོགས་དཔེ་དགུའི་སྒོ་ནས། བྱིས་པ་དང་། ཉན་རང་དགྲ་བཅོམ། ཐེག་ཆེན་སྐྱེ་འཕགས། ས་བཅུའི་མ་དག་ས་བདུན། དག་ས་གསུམ་གྱི་མཐོང་སྒོམ་གྱི་སྤང་བྱ་རྣམས་དཔེ་དང་དོན་གྱི་སྒོ་ནས་བསྟན་པ་ཡིན་ལ། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་དོན་དམ་བདེན་པ་དེ་ཉིད་ཚོགས་སྦྱོར་དུ་ཡོད་དོ་སྙམ་དུ་ཡིད་དཔྱོད་ཀྱི་མོས་པ་ལམ་བྱེད་ཙམ་ལས་མངོན་སུམ་དུ་མི་མཐོང་། མཐོང་ལམ་ནས་ཕྱོགས་རེ་མཐོང་། སངས་རྒྱས་ཀྱི་སར་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གྱུར་ནས་གཟིགས་སོ། །དེའང་ཉི་མ་ཤར་ཡང་མིག་མེད་པས་མི་མཐོང་ལ། ཡོད་པས་མཐོང་བ་བཞིན་ཏེ། བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་ཡང་། །མིག་མེད་པས་ནི་མཐོང་བ་མེད། །ཅེས་སོ། །དེའི་ཕྱིར་ཉན་རང་བྱང་སེམས་ཀྱི་འཕགས་པ་གསུམ་གྱིས་ཇི་བཞིན་མི་མཐོང་ལ། སངས་རྒྱས་ཀྱིས་རྫོགས་པར་གཟིགས་པའོ། །དེ་ཡང་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་ཡིན་ལ། འདིའི་རང་བཞིན་མཐོང་བས་དོན་དམ་བདེན་པ་མཐོང་ཞེས་བྱ་ཡི། ཅི་ཡང་མེད་པའི་སྟོང་པ་ཉིད་དོན་དམ་བདེན་པ་མ་ཡིན། དེའང་བྱིས་པ་དང་། ལས་དང་པོ་པ་བདག་ཏུ་ཞེན་པའི་གཉེན་པོ་བདག་མེད་པ་ལ་སོགས་པ་བསྟན་པ་ཡིན་གྱི། དོན་ལ་དབྱིངས་འོད་གསལ་བ་འདུས་མ་བྱས་ཤིང་ལྷུན་གྲུབ་ཏུ་ཡོད་པ་ཤེས་པར་བྱ་སྟེ། དེའང་རྒྱུད་བླའི་འགྲེལ་པར། མདོར་བསྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོད་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་བཞིན་ནོ། །ཞེས་སོ། །ཡང་ཁ་ཅིག་གིས། བཀའ་བར་པས་ཆོས་ཐམས་ཅད་མི་རྟག་པ་སྤྲིན་ལྟ་བུ། མི་བདེན་པ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་ཚོགས་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གསུངས་ན། བཀའ་ཐ་མར་ཡེ་ནས་འགྱུར་མེད་དུ་ཡོད་པས་རྟག་པ་དང་། རང་བཞིན་དུ་གནས་པས་བདེན་པ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་སུ་བསྟན་པ་འགལ་ལོ་སྙམ་ན། མི་འགལ་ཏེ། སྙིང་པོ་འདིའང་སྐྱོན་དང་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་སྟོང་པ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱིས་མི་སྟོང་བ་ཡིན་ཏེ། བྱམས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། སོགས་གོང་དུ་དྲངས་པ་ལྟར་རོ། །འདིས་ཀྱང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་དང་། དོན་དམ་བདེན་པ་ལ་ལྟོས་ནས་གཞན་སྟོང་པའི་ཚུལ་གསལ་བར་གསུངས་པ་ཤེས་པར་བྱ་དགོས་སོ། །དེས་ན། མི་རྟག་སྟོང་པ། བདག་མེད་སོགས་བསྟན་པས་བདག་གཉིས་སུ་ཞེན་པའི་གཉེན་པོ་བྱེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བྱེད་ལ། དེའི་འོག་ཏུ་བཀའ་ཐ་མར་སྟོང་ཉིད་ལ་མཐར་འཛིན་པའི་སྒྲོ་སྐུར་དུ་ཞེན་པ་ལ་སོགས་པའི་ཉེས་པ་ལྔ་འབྱུང་བས་དེ་དག་བསལ་བའི་ཕྱིར་དོན་དམ་བདེ་གཤེགས་སྙིང་པོ་བསྟན་པ་ཡིན་ཏེ། ཉེས་པ་ལྔ་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་སོ། །དེའང་བྱང་ཆུབ་སྙིང་པོ་རང་ལ་ཡོད་པར་མ་མཐོང་བས། བདག་ལྟ་བུས་སངས་རྒྱས་མི་ཐོབ་ཅེས་སེམས་ཞུམ་ནས་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་དང་། བསྐྱེད་ཀྱང་བདག་བྱང་ཆུབ་སེམས་དཔའ་གཞན་ཐ་མལ་པ་ཞེས་སེམས་ཅན་ལ་བརྙས་པས་ལམ་གོང་མ་ཐོབ་པའི་གེགས་བྱེད་པ་དང་། སྟོང་ཉིད་མཐར་འཛིན་གྱི་དབང་གིས་དོན་དམ་པའི་རང་བཞིན་ཆོས་ཀྱི་དབྱིངས་ལ་མི་འཇུག་པས་ཡང་དག་པར་མི་འཛིན་པ་དང་། རྟག་ཆད་དུ་ལྷུང་བས་ཡང་དག་པའི་ཆོས་ལ་སྐུར་བ་འདེབས་པ་དང་། བདག་དང་སེམས་ཅན་མཉམ་པར་མ་མཐོང་བས། བདག་གཞན་དུ་འཛིན་པའི་ཉེས་པ་འབྱུང་བའི་ཕྱིར་རོ། །འདི་ལྟ་བུའི་ཁམས་དང་གཞན་ལ་ཡོད་པར་ཤེས་ན། རང་གི་སེམས་ཐར་པར་བསྒྲུབ་པ་ལ་དཀའ་བ་མེད་པར་ཤེས་ཏེ་སྤྲོ་བ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་གུས་པས་འཚེ་བ་དང་གནོད་པ་མེད་ཀྱི་སྟེང་དུ་ཕན་འདོགས་པ་དང་། དོན་དམ་པའི་དབྱིངས་རྟོགས་པའི་ཤེས་རབ་དང་། གནས་ལུགས་མཐོང་བའི་ཡེ་ཤེས་དང་། བྱམས་པ་ཚད་མེད་པའི་དཀྱིལ་འཁོར་རྒྱས་པས་གཞན་དོན་སྒྲུབ་པར་ནུས་པ་སྟེ། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་མཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་སོ། །དེ་བས་ན་བདེ་གཤེགས་སྙིང་པོའི་རང་བཞིན་ཤིན་ཏུ་རྒྱས་པར་གསུངས་པའི་བཀའ་དང་བསྟན་བཅོས་རྣམས་དྲང་དོན་དུ་མི་བལྟ་བར་ངེས་པའི་དོན་འབའ་ཞིག་ཏུ་བཟུང་སྟེ་ཤེས་པར་བྱའོ། །དེ་ལས་ལྡོག་ན་གོང་དུ་སྨོས་པའི་བཀའ་མདོ་རྒྱུད་དང་། དེ་སྟོན་པའི་བསྟན་བཅོས་བཅས་ཐམས་ཅད་དྲང་དོན་དུ་ཁས་ལེན་དགོས་པར་འགྱུར་བས་འདི་ལྟ་བུའི་གཏམ་ལ་རྣ་བ་དགབ་པར་བྱའོ། །དེ་ནས་འཕགས་པ་ལྷས། བསོད་ནམས་མ་ཡིན་དང་པོར་བཟློག་སོགས་གང་དུ་དྲངས་པ་ལྟར་གྱི་དོན་ཇི་ལྟ་བར་ཤེས་ན། འཁོར་ལོ་བར་ཐ་དགོངས་པ་མི་འགལ་ཏེ། བར་བས་བདག་བཟློག་པས་ཆོས་ཐམས་ཅད་སྟོད་ཉིད་དུ་གཏན་ལ་ཕབ་ནས། ཐ་མས་མཐར་འཛིན་སྒྲོ་སྐུར་སོགས་ཀྱི་ལྟ་བའི་གཞི་ཐམས་ཅད་བཟློག་ནས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་ཉིད་སེམས་ཅན་ལ་འཇིག་རྟེན་ལས་འདས་པར་རང་བཞིན་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕབ་ནས་གསུངས་པ་ཡིན་ནོ། །ཞེས་འཆད་པའི་ཕྱིར་རོ། །ཡང་གཞུང་གཞན་ལས་འདི་ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་ཀྱི་སྣང་བར་བསྟན་པས་སེམས་ཙམ་གྱི་གྲུབ་མཐའ་སྟོན་ནོ་ཟེར་བའང་མིན་ཏེ། གོང་དུ་སྨོས་པ་ལྟར་བློ་འཁྲུལ་པའི་གཞན་དབང་གི་འཁོར་བའི་ཆོས་རྣམས་དང་། དེ་ལ་བརྟེན་པའི་སྒྲོ་བཏགས་ཀུན་བརྟགས་ཀྱི་ཆོས་ཀུན་དོན་དུ་མེད་པར་བསྟན་པ་ཡིན་ཏེ། ལང་གཤེགས་ལས། སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་ཡང་། །ང་དང་གཞན་དག་གིས་ཀྱང་བཤེད། །ཅེས་སེམས་ཙམ་ལས་འདས་པའི་དབུ་མ་བསྟན་པ་དང་། ཡང་ལང་གཤེགས་ལས། སེམས་ཙམ་དུ་ནི་རྟོག་པ་དང་། །ཕྱི་རོལ་དངོས་པོ་རྣམ་བསལ་བས། །རྣམ་པར་རྟོག་པ་རྣམ་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་པས་ཕྱི་རོལ་གྱི་དོན་དང་རྣམ་རིག་གཉིས་ཀ་བཀག་སྟེ་གཞན་སྟོང་དབུ་མའི་ལམ་ཉིད་བསྟན་པ་དང་། ཀླུའི་ཐེག་ཆེན་ཉི་ཤུ་པ་ལས། །སྒྱུ་མས་སྤྲུལ་པ་སྒྱུ་མར་མཐོང་། །གང་ཚེ་འདུས་པ་དེ་ཡི་ཚེ། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་ཡིན། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་ལྟ་བུར་གནས་པ་ཡིན། །དགེ་དང་མི་དགེའི་ལས་རྣམས་ཀྱིས། །དེ་ཡིས་བཟང་ངན་སྐྱེ་བ་རྣམས། །སེམས་ཀྱི་འཁོར་ལོ་འགགས་པ་ཡིས། །ཆོས་རྣམས་ཐམས་ཅད་འགག་པ་ཉིད། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཡེ་ཤེས་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །ཞེས་དང་། འཕགས་པ་ལྷས། ཕྱི་རོལ་དོན་ནི་ཡོད་མིན་ཏེ། །རང་གི་སེམས་ནི་མཐོང་བར་འགྱུར། །དེ་ཡང་སྒྱུ་མར་བསྒོམ་བྱ་ཞིང་། །དེ་བཞིན་ཉིད་ཀྱང་རྗེས་དྲན་བྱ། །ཞེས་དང་། གཟུགས་སོགས་ལྔ་དང་དེ་བཞིན་སྐྱེ་མཆེད་བཅུ་གཉིས་དང་། །བཅོ་བརྒྱད་ཁམས་ཞེས་བཤད་པ་དེ་རྣམས་དང་། །ཤེས་པ་ལྔ་དང་འགྲོ་བ་མ་ལུས་པ། །ཐམས་ཅད་རང་གི་སེམས་ཡིན་གཞན་མ་ཡིན། །གང་ཡང་རི་བརྒྱད་དང་ནི་མཚོ་རྣམས་དང་། །གླིང་ལ་སོགས་དང་དམྱལ་བ་ལ་སོགས་དབྱེ། །གང་ཡང་བརྟེན་དང་གཡོ་བ་ཉིད་མཐོང་བ། །ཐམས་ཅད་རང་གི་སེམས་ཡིན་གཞན་མ་ཡིན། །ཞེས་དང་། སློབ་དཔོན་ཟླ་བས་ཀྱང་། དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང་། ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་ཐམས་ཅད་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ཅི་ཡང་མེད་དོ། །ཞེས་སོགས་མཐའ་ཡས་པ་གསུངས་པས། ཁྱེད་རང་གིས་སེམས་ཞེས་པའི་སྒྲ་བྱུང་ཚད་སེམས་ཙམ་གྱི་གྲུབ་མཐར་ཁས་ལེན་ན། སློབ་དཔོན་འདི་རྣམས་ཀྱང་སེམས་ཙམ་དུ་སྨྲ་བར་འདོད་དགོས་པར་འགྱུར་ལ། གཞན་ཡང་ཆོས་འཁོར་བསྐོར་བའི་གོ་རིམ་ལྟར་གསུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ནོར་བུ་སྦྱངས་པའི་དཔེས་བསྟན་པའི་རིམ་པ་ཡང་། དང་པོ་དྲང་དོན། བར་པ་ངེས་དོན། ཐ་མ་མཐར་ཐུག་ངེས་དོན་དུ་འཐད་དེ། དང་པོ་དྲང་དོན། བར་པ་ངེས་དོན། ཐ་མ་དྲང་ངེས་ཅི་རིགས་པར་བཤད་ན། བར་པས་ངེས་དོན་བསྟན་པའི་ཕྱི་ནས་སླར་ཡང་དྲང་དོན་སྟོན་པ་མི་འཐད་ཅིང་གོ་རིམ་འཁྲུགས་པར་འགྱུར་བ་དང་། དང་པོ་བར་པ་གཉིས་སུ་རྣམ་ཤེས་ཚོགས་དྲུག་ལས་མ་གསུངས་ཤིང་། ཀུན་གཞི་མ་བསྟན་པ་དང་། དེ་བཞིན་དུ་བདེ་གཤེགས་སྙིང་པོའམ་མ་གསུང་པ་ནི། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་བས། །ངས་འདི་བྱིས་པ་རྣམས་ལ་མ་བསྟན་ཏོ། །ཞེས་གསུངས་པས་བྱིས་པ་རྣམས་ཀྱིས་བདག་ཏུ་འཁྲུལ་བར་གཟིགས་ནས་སྙིང་པོའི་གཏམ་འདི་དང་པོ་གཉིས་སུ་མ་བསྟན་ཅིང་། དེ་གཉིས་ཀྱིས་རྒྱུད་སྦྱངས་པའི་ཕྱི་ནས་བློ་ཆེན་པོ་རྣམས་ལ་འདི་ཉིད་བསྟན་པར་བཞེད་ལ། དེའི་ཕྱིར་ཆོས་འཁོར་དང་པོ་གཉིས་ནི། བླ་ན་མཆིས་ཤིང་། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་དང་། ཕྱི་མ་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། རྩོད་པའི་གཞིར་མ་གྱུར་པ། ངེས་པའི་དོན་འབའ་ཞིག་གོ། །ཞེས་བསྟན་པས་ཀྱང་ཐ་མ་ངེས་དོན་མཐར་ཐུག་རྒྱལ་བས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པའི་ཕྱིར་དང་། དེའང་བཀའ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོར་གསུངས་ཤིང་སངས་རྒྱས་ཉིད་ཀྱིས་དྲང་ངེས་ཕྱེ་བར་མཛད་པ་དང་། དེར་མ་ཟད་རྒྱལ་བས་དྲང་ངེས་འབྱེད་པར་ལུང་བསྟན་པའི་འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་རྣམ་པར་ཕྱེ་བ་ལ་ཚད་མར་མི་བྱེད་ན། སངས་རྒྱས་ལས་ཚད་མར་གྱུར་པ་འཇིག་རྟེན་དུ་མེད་པས་དེས་དྲང་ངེས་ཕྱེས་ཤིང་དྲང་ངེས་དབྱེ་བར་ལུང་བསྟན་པ་དོན་གྱིས་དབེན་པར་འགྱུར་རོ། །དེས་ན་བཀའ་མདོ་རྒྱུད་རྣམས་དང་། ས་བཅུའི་བྱང་སེམས་འཕགས་པ་སངས་རྒྱས་གཉིས་པ་ལྟ་བུ་དེ་རྣམས་ཀྱིས་མདོའི་འགྲེལ་པ་བྱམས་ཆོས་ལྔ་དང་། སྔགས་ཀྱི་སེམས་འགྲེལ་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དང་། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་པ། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་འགྲེལ་པ་རྣམས་སུ་གསུངས་པའི་ངེས་དོན་དབུ་མ་ཆེན་པོ་དེ་བོད་ཀྱི་ལྗོངས་སུ་གཟུ་དགའ་རྡོར་དང་བཙན་ཁ་པོ་ཆེ་རྣམ་གཉིས་ཀྱིས་མི་ཏྲི་པའི་བརྒྱུད་འཛིན་ཁ་ཆེ་རིན་རྡོར་དང་། སཛྫ་ན་ལས་རྒྱུད་བླ་སོགས་བྱམས་ཆོས་མན་ངག་ལྟར་གྱི་བཤད་པ་གསན་ནས་སྤེལ་ཞིང་། ཀུན་མཁྱེན་རང་བྱུང་རྡོ་རྗེས་དེ་ཉིད་རྩལ་དུ་བཏོན་ནས། རྣམ་ཤེས་ཡེ་ཤེས་དབྱེ་བ་དང་། སྙིང་པོ་བསྟན་པ། ཟབ་མོ་ནང་དོན་སོགས་མཛད། དེ་ཉིད་ཀྱི་སློབ་མར་གྱུར་པ་ཀུན་མཁྱེན་ཀློང་ཆེན་པས་འཁོར་ལོ་ཐ་མའི་བདེ་གཤེགས་སྙིང་པོའི་རྣམ་གཞག་རྒྱས་པར་བཀྲལ་ནས་དེ་ཉིད་ངེས་དོན་མཐར་ཐུག་ཏུ་བཞེད་ཅིང་། རྫོགས་ཆེན་གྱི་གཞི་འབྲས་དང་མཐུན་པར་ཆོས་སྐད་ཅི་རིགས་པའི་སྒོ་ནས་རྫོགས་ཆེན་དང་མཚམས་སྦྱོར་བའི་ངེས་དོན་གྱི་དགོངས་པ་མ་ནོར་བར་བཀྲལ་བར་མཛད་ལ། གཞན་སེང་གེའི་སྒྲས་ས་སྟེང་ཁྱབ་པར་མཛད་པ་པོ་ནི་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། པ་སྟེ་ཐོག་མར་ཐལ་འགྱུར་བཞེད་པ་ལ་རང་བྱུང་ཞབས་ཀྱིས་ཁྱོད་ཀྱི་ད་ལྟའི་འདི་མིན་པའི་ལྟ་བ་ཞིག་དང་འཕྲད་པར་འགྱུར། གསུངས་པ་བཞིན་བྱམས་ཆོས་མན་ངག་གི་བཤད་པ་གསན་ཞིང་སྦྱོར་བ་ཡན་ལག་དྲུག་པ་ཉམས་སུ་བཞེད་པས་ཐུག་དམན་འཕར་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས་ཤིང་བྱམས་ཆོས་ཀྱི་འགྲེལ་པ་དང་། དེས་རྒྱ་མཚོ་སོགས་དེ་སྟོན་པའི་བསྟན་བཅོས་མང་དུ་མཛད། གཞན་སྟོང་ཞེས་པ་གྲུབ་ཐོབ་ཡུ་མོ་པས་གསར་དུ་རྙེད་པ་ལས་ཁུངས་གཞན་མེད་ཚུལ་མཁས་པ་འགའ་ཞིག་གིས་གསུངས་ཀྱང་གཞན་སྟོང་གི་མཚན་གཞི། རྒྱལ་བ་བྱམས་པས། རྣམ་དབྱེར་བཅས་པའི་སོགས་ཀྱིས་དངོས་སུ་བསྟན་པའི་ཕྱིར། དེའང་སྟོང་ཉིད་མེད་དགག་ཏུ་སྨྲ་བའི་ལུགས་ལ་ཐུགས་ཞེན་ཆེ་བའི་རྣམ་འགྱུར་ཙམ་དུ་ཟད། དེའི་ལུགས་སུ་སངས་རྒྱས་རང་སྣང་ལ་སྐུ་དང་ཡེ་ཤེས་ཀྱང་མེད་པར་བཞེད་པ་ལྟར་ན་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་ཅང་མེད་ཅིག་ཏུ་འདོད་དགོས་པར་འགྱུར་ལ། དེ་ལྟར་ན་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་ཡོད་མ་ཡིན། ཞེས་གསུངས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས། ལུས་ལ་གནས་པའི་ཡེ་ཤེས་ནི། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་ལྟར་ལུས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དུས་ཀྱི་འཁོར་ལོ་ལས། བུམ་པའི་རྒྱུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་དང་། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ནོ། །ཞེས་དང་། སམྦུ་ཊི་ལས། ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང་། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་པོ་ཉིད། །ཅེས་པ་ལ་སོགས་རྒྱས་པར་གསུངས་པས་ཡེ་ཤེས་དེ་ཉིད་ས་བོན་གྱི་ཚུལ་ཙམ་བསྟན་པ་རྫོགས་ཆེན་གྱི་རྒྱུད་རྣམས་སུ་སྙིང་དབུས་སུ་གཞོན་ནུ་བུམ་སྐུའི་ཚུལ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞུགས་པ་དང་། དེའི་རྩལ་སྤྱི་བོར་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་བཞུགས་ཤིང་ལྷུན་གྲུབ་ཉམས་ལེན་གྱི་དུས་སུ་སྣང་བ་བཞིའི་འཆར་གཞི་སྙིང་དབུས་ནས་དབང་པོའི་སྒོར་འཆར་བའི་ཚུལ་སོགས་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ཏེ། མགོན་པོ་བྱམས་པས། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་སོགས་གསུངས་པ་དང་དགོངས་པ་གཅིག་གོ། །གཞན་ཡང་དྲི་མེད་འོད་ལས། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་ཕྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་རྣམས་ངེས་པར་མཐོང་ལ། རང་གི་སེམས་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོས་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཞེས་གསུངས་པ་འདིས་ནི་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ཉིད་དང་། སྔགས་སུ་དབང་གསུམ་པའི་དཔེའི་ཡེ་ཤེས་ཀྱང་བཀག་གནས། ནང་རིག་མི་འགྱུར་བའི་བདེ་བ་བསྟན་ཅིང་། ས་ར་ཧས། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པ་ན། ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་གསུངས་པ་སོགས་ངེས་དོན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དུ་ཟབ་གསལ་བདེ་སྟོང་གཉིས་མེད་ཀྱིས་ཡེ་ཤེས་ཁོ་ན་བསྟན་ཅིང་། དེ་རྟོགས་པའི་ཐབས་བླ་མའི་མན་ངག་དང་དད་པ་བསོད་ནམས་ཀྱི་ཚོགས་བསགས་པ་སྤྲེལ་ནས་རྟོགས་པར་བྱ་བ་ལས་ཐབས་གཞན་གྱིས་མི་རྟོགས་པར་གསུངས་བ་དང་རྟོག་དཔྱོད་ཀྱིས་དོན་དམ་པའི་བདེན་པ་མི་རྟོགས་པ་ནི། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། མེ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་དང་། ཀྱཻ་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་རྙེད་མིན་ཏེ། །བླ་མའི་དུས་ཐབས་མན་ངག་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལ་སོགས་རྒྱ་ཆེར་བསྟན་པའི་ཕྱིར་ཕྱིས་སུ་བླ་མའི་མན་ངག་ལ་ཡིད་མི་ཆེས་ཤིང་སྔགས་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་རང་རིག་པའི་ཡེ་ཤེས་ལ་ལོག་པར་ལྟ་ཞིང་དབུ་མའི་རིགས་པ་ཁོ་ནས་རྟོགས་པར་བྱ་བ་ལས་རྟོགས་བྱེད་ཐབས་ཀྱི་མན་ངག་གཞན་རྣམ་དག་ཏུ་མི་འདོད་པ་ནི་གོང་གི་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་རྣམས་ལས་ཕྱིར་ཕྱོགས་པར་འགྱུར་རམ་མི་འགྱུར་དཔྱོད་ལྡན་རྣམས་ཀྱིས་རྟོགས་ཤིག །སྤྱིར་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་གོ་ཡུལ་གྱི་ལྟ་བ་ཙམ་རྟོགས་པ་ཤིང་རྟ་ཆེན་པོའི་རང་ལུགས་མ་ནོར་བ་ཡིན་པས་ཁོ་བོ་ཅག་དེ་ལ་མི་གུས་པ་མ་ལགས་མོད་ཀྱི། དེས་རྟོགས་པ་ནི་ཆོས་སྤྱིའི་ལྟ་བ་རྗེས་དཔག་ཙམ་གྱི་རིགས་ཤེས་ཀྱི་ཡུལ་ཡིན་པ་དང་། སྔགས་སུ་བཤད་པའི་ལྟ་བ་རང་བྱུང་གི་ཡེ་ཤེས་ཐོས་བསམ་ཙམ་ལ་རག་མ་ལུས་ཤིང་བླ་མ་མཚན་ཉིད་དང་ལྡན་པར་རིམ་པས་བརྒྱུད་པའི་མན་ངག་འདོམས་སུ་ཡོད་པ་དང་། བྱིན་རླབས་ཀྱི་བཀའ་བབས་གཞིར་བཞག་ནས་དབང་དང་རིམ་གཉིས་ཀྱི་སྒོ་ལ་བརྟེན་ནས་རྟོགས་པར་བྱར་ཡོད་པས། སྲོལ་འདི་གཉིས་འགལ་བར་འདུ་བར་མི་བསམ་པ་ནི་ཤིན་ཏུ་གལ་ཆེ་བའི་གནས་སུ་ཤེས་པར་བྱ་དགོས་ཤིང་། སྔགས་ཀྱི་ཡེ་ཤེས་དེ་ཉིད་སྤྲོས་བྲལ་གྱི་ཆ་ནས་དབུ་མའི་དགོངས་པ་དང་གཅིག་མོད་ཀྱང་། བདེ་སྟོང་ཟུང་འཇུག་དང་རྣམ་པ་ཐམས་ཅད་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་གྱུར་པ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། །དེས་ན་ཡང་དག་པའི་ལྟ་བ་དེ་ཉིད་དགག་ཕྱོགས་དང་སྒྲུབ་ཕྱོགས་ནས་དགོངས་པ་ལེན་ལུགས་ཆེས་མི་མཚུངས་པས་འགལ་འདུར་སེམས་པ་དང་། རང་བྱུང་གི་ཡེ་ཤེས་རྟོག་དཔྱོད་ཀྱི་རིགས་པ་ལྟར་སྣང་བ་དགོས་པར་འདོད་པ་སོགས་ཉ་དང་ཉུངས་མ་བསྲེས་པར་ཟད་དོ། །ཡང་འགའ་ཞིག་འདི་སྙམ་དུ། ཁྱེད་ཅག་གིས་ཐོས་བསམ་གྱི་ཤེས་རབ་སྤངས་པར་ཐལ་ལོ་ཞེ་ན། ཐོས་བསམ་གཏན་མི་དགོས་པར་སྨྲ་བའང་མིན་མོད་ཀྱི། བླ་མའི་བྱིན་རླབས་དང་། ཐབས་ཀྱི་རིམ་པས་སྒོ་གསུམ་ལ་གནད་དུ་བསྣུན་པར་ངོ་སྤྲོད་ཀྱི་གནད་གསང་ལ་བརྟེན་ནས་རྣལ་འབྱོར་པས་རང་རིག་མངོན་སུམ་ཡུལ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱར་ཡོད་པ་དེས་མ་རིག་པའི་མུན་པ་སྟུག་པོ་བསལ་བར་ནུས་པས་སྒོམ་བྱུང་གི་ཤེས་རབ་བླ་ན་མེད་པར་གྲུབ་ཅིང་། དེ་ཉིད་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཏུ་སོང་བས་ཤེས་བྱ་ཀུན་ལ་རྨོངས་པ་མེད་པས་ཤེས་རབ་ཀྱི་ཕར་ཕྱིན་ཀྱང་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་ཤིང་བདེ་མཆོག་སྡོམ་འབྱུང་ལས་ཀྱང་། །གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །སེམས་ཅན་ཇི་ལྟར་བསམ་མེད་དེ། །བསམ་མེད་ཇི་ལྟར་རྒྱལ་བའང་། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་དུ་མེད་པའི་སེམས་དེ་ལ། །བསམ་པ་ཀུན་གྱིས་བགྲོད་དང་བྲལ། །སྣ་ཚོགས་སྒྲོ་འདོགས་སྒྲོ་འདོགས་མེད། །ཆགས་མེད་བདེ་བ་ཆེན་པོའོ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདུས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་ཀྱང་། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་རང་རིག་པ། །ཤེས་པ་མ་ཡིན་མཐོང་བ་མིན། །གཟུགས་མེད་ཕྱིར་ན་གར་མི་གནས། །འགྱུར་བ་མེད་པས་དེ་རྟག་པ། །ཞེས་སོགས་ཕུང་ལྔ་དང་ཚོགས་བརྒྱད་ཀྱི་ཤེས་པ་ལས་འདས་པའི་སོ་སོ་རང་གི་རིག་པ་གསུངས་ཤིང་། ཧེ་བཛྲ་ལས་ཀྱང་། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་སོགས་ལུང་མཐའ་ཡས་སོ། །དེས་ན་ཤེས་རབ་ཀྱི་དཔྱད་པ་ཐམས་ཅད་རྗེས་ཐོབ་ཏུ་ལྟ་བ་གཏན་ལ་དབབ་པའི་ཐབས་སུ་གསུངས་པ་ལས་མཉམ་གཞག་ལ་རྟོག་དཔྱོད་དགོས་པར་ཚད་ལྡན་གྱི་མདོ་རྒྱུད་རྣམས་ལས་གསུངས་པ་མེད་ཅིང་། མན་ངག་སྙེ་མ་ལས། ཡན་ལག་འདི་རྣམས་ནི་ལངས་པ་ཁོ་ནའི་སྟེ། ལམ་ལ་མཉམ་པར་གཞག་པ་ལ་ནི་ཡང་དག་པའི་རྟོགས་པ་དང་། ངག་དང་། ལས་ཀྱི་མཐའ་རྣམས་དང་། ཚོར་བ་དང་། དྲན་པ་རྣམས་མི་སྲིད་དོ། །ཞེས་པ་ལ་སོགས་མདོ་རྒྱུད་ཐམས་ཅད་དུ་བསམ་ངོ་དང་བྲལ་བའི་མཉམ་གཞག་ཁོ་ན་བསྟན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་མཉམ་པར་བཞག་པའི་ལྷག་མཐོང་གི་ཡེ་ཤེས་དེ་ཉིད་རྟོག་དཔྱོད་སོགས་སེམས་བྱུང་རྣམ་རྟོག་གི་ཕྲེང་བ་ཞིག་ཏུ་འདོད་ན་མ་རིག་པའི་མུན་པ་སེལ་བ་ལྟ་ཅི་རྣམ་རྟོག་ཉིད་མ་རིག་པའི་རང་བཞིན་ཡིན་པའི་ཕྱིར། ཏིང་འཛིན་རྒྱལ་པོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་འབྱུང་བའི་ཕྱིར་རོ། །ཡང་དབུ་མའི་ལྟ་བ་རྟོགས་པ་དེ་སྔགས་ཀྱི་སྐྱོན་དུ་མི་འགྱུར་ཏེ། འཕགས་ཡུལ་གྱི་གྲུབ་ཐོབ་འགའ་ཞིག་ཀྱང་ཐོག་མར་ཐོས་བསམ་ལ་བརྟེན་པས་ཆོས་སྤྱིའི་ལྟ་བ་ཉམས་འོག་ཏུ་ཆུད་ནས་སྔགས་ལ་ཞུགས་པའི་ཚེ་དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་འཕྲོད་ནས་ཐབས་ལམ་སྣ་ཚོགས་ཀྱིས་བོག་དབྱུང་སྟེ་དངོས་གྲུབ་མཆོག་ཐོབ་པའང་ཡོད་དོ། །ཕྱག་རྒྱ་ཆེན་པོ་ཡང་ངེས་དོན་དབུ་མ་ཆེན་པོ་དང་གཉིས་སུ་མེད་པ་ཡིན་ཏེ། སློབ་དཔོན་ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་གོང་དེ་ཉིད་དོ། །ཞེས་བསྟན་པའི་ཕྱིར་རོ། །དེས་ན་གངས་ཅན་ལྗོངས་འདིར་མར་མི་དག་གསུམ། འགྲོ་བའི་མགོན་པོ་ཕག་མོ་གྲུབ་པ་འབྲི་སྟག་འབྲུག་པ། ཀཾ་ཚང་སོགས་བཀའ་བརྒྱུད་སྔོན་བྱོན་ཐམས་ཅད་ཟབ་མོའི་དོན་འདི་ཉིད་བཞེད་པ་ཡིན་པས་དོན་གྱིས་གཞན་སྟོང་དབུ་མ་ཆེན་པོ་ལས་མ་འདས་ཤིང་། ས་སྐྱ་པཎྜི་ཏས་ཆོས་སྐད་ཐལ་འགྱུར་བཞེད་ཀྱང་དགོངས་པ་ཐུན་མོང་མིན་པ་ནི་བདག་མེད་བསྟོད་པའི་འགྲེལ་བར་གསུངས་པ་ལྟར་སྙིང་པོའི་ཡེ་ཤེས་ཀྱི་བཞུགས་ཚུལ་རྒྱས་པར་འཆད་པ་འཁོར་ལོ་ཐ་མ་དང་གཅིག་གོ། །དེས་ན་རྒྱུའི་རྒྱུད་སོགས་གསུམ་དང་། སྦྱང་གཞི་སྦྱོང་བྱེད་སྦྱོངས་འབྲས། རྒྱུའི་རྡོ་རྗེ་འཛིན་པ་དང་། དང་པོའི་སངས་རྒྱས་སོགས་གསང་སྔགས་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ། སྨིན་བྱེད་དང་གྲོལ་བྱེད་ཐམས་ཅད་འཁོར་ལོ་ཐ་མ་གཞིར་བཞག་ནས་འཆད་དགོས་པའི་ཕྱིར་མཁས་གྲུབ་ཚད་ལྡན་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་དབུ་མ་འདི་ལས་མི་འདའོ། །རྫོགས་པ་ཆེན་པོ་ནི་ཡིད་དཔྱོད་ཀྱི་གྲུབ་མཐར་བཞག་པའི་བློ་དང་ཚིག་གི་སྤྲོས་པ་ལས་གྲོལ་བས་ལམ་བདེན་འདུ་བྱས་ཀྱི་ཆོས་སུ་མི་གནས་པའི་ཕྱིར་ཚིག་དང་ཐ་སྙད་ཀྱི་ལམ་དུ་མི་གནས་ཏེ། ཀུན་བྱེད་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣལ་གཞག་གཅིག་ཏུ་རྟོགས། །ཞེས་གསུངས་པས་དབུ་མ་ཐལ་འགྱུར་པས་བཞེད་པའི་ཁས་ལེན་ཐམས་ཅད་དང་བྲལ་བའི་དགོངས་པ་ཀ་དག་གི་ངོ་བོའི་བཞུགས་ཚུལ་དང་མཐུན་ཞིང་། དེ་ཉིད་ལས། ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །ཞེས་གསུངས་པས་སྐུ་གསུམ་ཡོན་ཏན་དང་བཅས་པ་ཐམས་ཅད་གཞི་ལ་བཞུགས་པའི་ལྷུན་གྲུབ་ཀྱི་ཆ་ནས་འཁོར་ལོ་ཐ་མ་དང་བྱམས་ཆོས་ཀྱི་དགོངས་པ་ཇི་ལྟ་བར་གནས་ཤིང་། མྱ་ངན་ལས་འདས་པའི་ཡོན་ཏན་ཉི་མ་དང་འོད་ཟེར་བཞིན་ཡེ་ནས་ལྷན་ཅིག་ཏུ་གནས་ཏེ། སྣང་བའི་ཡོན་ཏན་སྐུ་དང་། འོད་ཟེར་དང་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དང་། རིག་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལྷུན་གྲུབ་ཏུ་བཞུགས་པའི་ཚུལ་ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་གསུངས་པ་བཞིན་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་སོགས་དང་། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་རྗེས་དཔག་སོགས་ཀྱི་བློས་མི་རྟོགས་པར་བསྟན་པ་སོགས་རྫོགས་ཆེན་གྱི་ལམ་ཇི་བཞིན་པར་བསྟན་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་སྒོམ། །ཞེས་པས་ཕར་ཕྱིན་སོགས་ལམ་འོག་མས་གྲངས་མེད་གསུམ་དུ་ངལ་དུབ་དང་བཅས་པ་བསྒོམས་པས་རང་གི་བྱང་ཆུབ་རྗེས་མཐུན་པ་རེ་ཐོབ་ཏུ་ཟིན་ཀྱང་། ད་དུང་དེའི་གོང་དུ་ཐོབ་བྱ་གཞན་ཡོད་པའི་ཕྱིར་གཏན་གྱི་འབྲས་བུ་མ་ཡིན་པས། དེའི་ཕྱིར་ན་རྫོགས་པ་ཆེན་པོའི་ལམ་གོང་ན་མེད་པ་འདི་ཅིའི་ཕྱིར་མི་སྒོམ་སྟེ་བསྒོམ་བར་བྱ་བ་ཉིད་དོ། །ཞེས་བསྟན་པའོ། །བུ་སྟོན་ཆེན་པོའི་ཤེར་ཕྱིན་གྱི་ཊཱི་ཀ་དང་། རྡོ་རྗེ་འབྱུང་བ། དཔལ་མཆོག་དང་པོའི་རྒྱུད་འབྲེལ་རྒྱུད་སྡེ་སྤྱི་རྣམ་དུ་རྒྱུའི་རྒྱུད་འཆད་པའི་སྐབས་དང་། བདེ་གཤེགས་སྙིང་པོའི་མཛེས་རྒྱན་རྣམས་སུ་སྙིང་པོའི་བཞུགས་ཚུལ་འཁོར་ལོ་ཐ་མ་དང་གཞན་སྟོང་དབུ་མ་ལྟར་རྒྱས་པར་བཤད་ཅིང་། རྗེ་བཙུན་རེད་མདའ་པས་དང་པོ་བྱམས་ཆོས་སེམས་ཙམ་གྱི་བསྟན་བཅོས་སུ་མཛད་ནས་སེམས་ཙམ་དང་མཐུན་པའི་ཊཱི་ཀ་ཡང་མཛད་ཕྱིས་དབེན་པ་བསྟེན་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས་ཤིང་། ཇི་སྐད་དུ། དེ་ཕྱིར་རང་སེམས་རིག་སྟོད་དབྱེར་མེད་འདི། །སེམས་ཅན་ཀུན་ལ་ཁྱབ་པར་ཡོད་གཟིགས་ནས། །ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས། །ཞེས་བྱ་བའི་ཉམས་མགུར་བླངས། ཀུན་མཁྱེན་པདྨ་དཀར་པོ་ནི་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་བཞེད་ཅིང་། ཟུང་འཇུག་དངོས་ནི་གཞི་དུས་འོད་གསལ་གྱི་སེམས་དེ་ཉིད་སྒྱུ་མའི་སྣང་བར་ཤར་བ་ལ་གསལ་བ་དང་། སྣང་བ་དེ་ཉིད་དེར་མ་གྲུབ་པའི་སྟོང་པ་སྟེ་རབ་ཏུ་མི་གནས་ཤིང་རྣམ་པར་མི་རྟོག་པ་ཞེས་བྱ་ཞིང་། འབྲས་དུས་དབུ་མ་སྐུ་གཉིས་ཟུང་འཇུག་ཀྱང་སྐུ་དང་ཞིང་ཁམས་ཟུང་དུ་འཇུག་པ་ལ་འདོད་དགོས་པས་རང་སྟོང་ཙམ་ལ་དེ་ལྟ་བུ་མེད་དོ། །བོ་དོང་པཎ་ཆེན་ཀྱང་ངེས་དོན་དབུ་མ་ཆེན་པོ་འདི་ཉིད་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་གྲགས་སོ། །གཞན་ཡང་རྗེ་ཙོང་ཁ་པའི་བླ་མ་མཁན་ཆེན་ཤུད་པུ་པ་ལས་ཀྱི་རྡོ་རྗེ་ལ་གསང་བའི་བདག་པོས་གསུངས་པ་ལས། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག །སྨན་ཆེན་པོ་སྒྲུབ་པ་ལ་སེམས་ཉིད་འོད་གསལ་རྩད་ཆོད་ཅིག །ཅེས་གསུངས་ཤིང་དེ་ཉིད་ཀྱི་སྙན་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་རྫོགས་ཆེན་གྱི་ཁྲིད་ཡིག་ཁོ་ནར་གསལ་བར་བཞུགས་སོ། །གཞན་ཡང་ཀླུ་ཐོག་རྣམ་གཉིས་སྔ་ཕྱིའི་རིམ་པའང་། ཀླུ་སྒྲུབ་མི་ཡུལ་དུ་མ་བཞུགས་པའི་ཕྱི་མོ་ཞིག་ཏུ་ཐོགས་མེད་སྐུ་མཆེད་བྱོན་པས་འཕགས་པ་ཡབ་སྲས་ཀྱི་བསྟན་བཅོས་རྣམས་སུ་ཕྱོགས་སྔར་བཀོད་པ་གྲུབ་མཐའ་བཞིའི་ནང་གི་རྣམ་རིག་སྨྲ་བ་ཁོ་ན་ཡིན་ལ། བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་བཀོད་པ་མིན་པ་ཕྱུགས་རྫི་རྒན་པོས་ཀྱང་ཤེས་སླ་བ་དེར་ཟད། བྱམས་ཆོས་ལྔས་གྲུབ་མཐའ་ཐ་དད་སྟོན་པར་འདོད་པའང་མི་རིགས་ཏེ། མངོན་རྟོགས་རྒྱན་གྱིས་འཕགས་པ་གསུམ་གྱི་ཐུགས་རྒྱུད་ལ་ཡུམ་དོན་མངོན་པར་རྟོགས་ཚུལ་གྱི་རིམ་པ་གསུངས་པ་ཡིན་ཅིང་། གཞན་བཞི་པོས་བདེ་གཤེགས་སྙིང་པོའི་བཞུགས་ཚུལ་རྒྱས་པར་བསྟན་པ་ལ། སྔ་མ་རང་སྟོང་དང་གཞན་བཞི་པོ་སེམས་ཙམ་དུ་འདོད་པའང་རྣམ་པར་འཁྱམས་པས་ལོག་རྟོག་དང་སྐུར་འདེབས་གཉིས་ཆབས་ཅིག་ཏུ་གྲུབ་པ་ཡིན་ནོ། །འཕགས་པ་རྣམ་གཉིས་དགོངས་པ་དབུ་མ་གཉིས་མི་འགལ་བར་བཞེད་པ་རྒྱ་གར་དུ་སློབ་དཔོན་རིན་འབྱུང་ཞི་བ་དང་། གསེར་གླིང་པ་དང་། མི་ཏྲི་པ། ཇོ་བོ་ཨ་ཏི་ཤ་སོགས་ཀྱིས་བཞེད་ལ། བོད་འདིར། པཎ་ཆེན་གསེར་མདོག་ཅན་པ་ཤཱཀྱ་མཆོག་ལྡན་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ་གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ངག་དབང་ཆོས་དཔལ་སོགས་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སློབ་མའི་ཚོགས་ཀྱང་དེ་ལྟར་བཞེད་པ་ཡིན་ནོ། །སླར་ཡང་སྨྲས་པ། རྒྱལ་དང་དེ་སྲས་ཚོགས་ཀྱི་གསུང་རབ་རྣམས། །རྡུལ་དང་མུན་པའི་གནས་སུ་ངལ་གསོས་ནས། །ཀློག་པ་ཙམ་ཡང་མེད་ན་བདག་འདྲ་ཡིས། །འདི་བ རྗོད་རང་ཉིད་ངལ་བའི་རྒྱུ་རུ་ཟད། །འོན་ཀྱང་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུས། །བཀའ་ནན་ཐོད་བཅིངས་དོན་གཉེས་ཅན་འགས་ཀྱང་། །བསྐུལ་ཕྱིར་གཞན་ལ་ཕན་འདོད་ཁོ་ན་ཡིས། །ངལ་བས་བྲིས་འདི་དོན་མེད་མ་གྱུར་ཅིག །བདག་བློས་མ་ཡིན་བཀའ་དང་དགོངས་འགྲེལ་དོན། །ཇི་བཞིན་མ་ནོར་གཟིགས་པའི་མཁས་རྣམས་ཀྱི། །གཞུང་བཟང་ལ་བརྟེན་གོ་བདེར་བཤད་པ་ལ། །ནོངས་པར་འགྱུར་ན་སྙིང་ནས་མཐོལ་བགྱིད་ཅིང་། །འདིས་ཀྱང་གསུང་རབ་དོན་ལ་རྨོངས་པའི་མུན། །རབ་བསལ་ཆོས་རབ་རྣམ་འབྱེད་ཤེས་རབ་ལས། །རྟོན་པ་རྣམ་བཞིའི་རྡུལ་ཕྲན་སྤྱན་ཐོབ་སྟེ། །ཀུན་མཁྱེན་གནས་སུ་བདེ་བླག་འཇུག་གྱུར་ཅིག །དེ་ལྟར་ནང་པའི་གྲུབ་མཐའ་བཞིའི་གནས་ལུགས་གསལ་བར་བྱེད་པའི་ཡི་གེ་ཉུང་ངུ་ཞིག་ཅིས་ཀྱང་དགོས་ཞེས། ༈ སྐྱབས་མགོན་རྗེ་བཙུན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དེ་ཉིད་ཀྱི་མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་རིག་འཛིན་མགོན་པོའི་བཀའ་སྩལ་གསེར་གྱི་མེ་ཏོག་གཙུག་གིས་མཆོད་དེ་གྱི་འདའ་བ་ལ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ཞེས་པས། ༈ རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོ་གཙོ་བོར་གྱུར་པ་ཚད་མའི་སྐྱེས་མཆོག་རྣམས་ཀྱི་ཞལ་ལུང་བཞིན་གོ་བདེར་ཅུང་ཟད་བཀྲལ་བའི་ཡི་གེ་པ་ནི་སྔགས་རམས་པ། །འགྱུར་མེད་མཆོག་ལྡན་གྱིས་འདུ་བྱས་པ་འདིས་ཀྱང་ཆོས་རྣམས་ལ་རྨོངས་པ་མེད་པའི་ཤེས་རབ་ཀྱིས་སྲིད་མཚོ་བརྒལ་ནུས་པར་གྱུར་ཅིག །རྒྱས་པར་ནི་གཞུང་ཆེན་པོ་ལས་རྟོགས་པར་བྱ་དགོས་སོ།། །།


previousགྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་གཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད། next