Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བདུན་པ།


   
   
   
   
   
   
   
   
སྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་།
   
   
   


 
previousསྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་།next

སྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་།

སྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དང་པོ་ལས་ཅན་རྣལ་འབྱོར་ལ། སྩོགས་པའི་རྣལ་འབྱོར་བཅུ་པོ་རྣམས། །ཡི་གེ་རྟོག་དཔྱོད་དོན་ལ་འཇུག །དེ་འདིར་ངེས་པར་རྣམ་གཉིས་ཀྱིས། །དོན་འཇུག་བྱང་ཆུབ་ལྗོན་པའི་ཤིང་། །བསྐྱེད་ཕྱིར་ལེགས་པར་བསྟན་པར་བྱའོ། །དེ་ལ་བློ་གྲོས་ཞེན་ཅན་ཕྱིར། །ཤེས་རབ་ཐབས་ཀྱིས་ངེས་གསུངས་པའི། །ཐོག་མར་བློ་གྲོས་ལྡན་པ་ཡིས། །སོ་སོར་རྟོག་པ་མངོན་འགྲོ་བས། །མཐའ་བཅུ་སློབ་ཅིང་དེ་ཉིད་ལ། །ངོ་བོ་ངེས་ཚིག་དགོས་པ་དང་། །གལ་པོ་ཆེ་རེའང་ཆོས་རྟགས་དང་། །ལྡན་པས་དེ་འདིར་ཐག་བཅད་དགོས། །དེ་ཡིས་དོན་འགྱུར་གཞི་ཡི་ཕྱིར། །གནས་དང་ཆ་རྐྱེན་ལྡན་བྱས་ནས། །སྔོན་འགྲོ་ལས་རྣམས་རྫོགས་བྱས་ཏེ། །ལྗོན་ཤིང་བསྐྱེད་པའི་ལས་ལ་འབད། །རྣལ་འབྱོར་ལྔ་ཡང་ཁྱད་པར་ལས། །རྣལ་འབྱོར་ཆེན་པོའི་སྐབས་བཅུ་སེམས། །སྔ་མ་ཕྱི་མ་རྒྱུ་འབྲས་ཚུལ། །གྱུར་པ་བཅུ་དྲུག་རྒྱུན་གྱིས་རྫོགས། །འདུན་པ་སྐྱེ་བའི་སྐབས་དག་ལ། །མུན་པའི་སྤྲིན་ལས་སྐར་ཕྲེང་གཟེར། །སྣང་བ་ལྟ་བུར་གསལ་བ་ཡིས། །དོན་མཆོག་ཐོས་དང་རྟོག་དཔྱོད་པས། །ལྷག་པའི་གསང་བའི་བདེན་གཉིས་ཚུལ། །རང་མིན་སྤྱིའི་མཚན་ཉིད་དུ། །སྒྲ་ལ་བརྟེན་ནས་གཡོས་ལ་བསྒོམ། །བདག་དོན་འཇུག་པ་དང་པོའི་ཚེ། །བྱིང་རྒོད་ལ་སོགས་གཉེན་པོས་སྤོང་། །ཉམས་གསུམ་མཐའ་ལ་འཇུག་པའི་དྲུག །ནང་དུ་དུ་བས་གཟེར་འཕྲོ་མཐོང་། །ཉེར་མཚོན་རྟགས་ཚུལ་གཉིས་ཀར་སྦྱར། །རྩོལ་བ་སྦྱོང་བའི་སྐབས་དག་ལ། །མཐའ་བཅུ་ཉིད་ལ་འཇུག་པར་རྩོལ། །གཡོ་བའི་རྒྱུ་ནི་ཆོས་རྣམས་ཀུན། །བདེན་གཉིས་རང་གི་མཚན་ཉིད་དུ། །རྟོག་པར་སྨོན་པས་ཁྱད་པར་ཕྱིར། །མ་ངེས་སེམས་ལས་ལྷག་པར་བསྒོམ། །དེ་ཚེ་རང་མཚན་ཉམས་རིམ་མཐའ། །སྐར་མ་ཕལ་པར་རབ་རིབ་མཐོང་། །དང་པོ་ལས་ཀྱི་རྣལ་འབྱོར་འདི། །ཡང་དག་ཚོལ་ལ་བརྩོན་བྱ་དགོས། །སེམས་རྐྱེན་གཡེང་སྤོང་བསྐྲུན་བྱས་ནས། །ངན་སོང་ལས་རྣམས་གཅོད་པར་འགྱུར། །བསླབས་པ་འཇུག་པའི་སྐབས་དག་ལ། །མཐའ་བཅུར་ཞུགས་ཏེ་གཅོད་སྦྱོང་ཞིང་། །དེ་ཚེ་ལྷག་པའི་བདེན་གཉིས་ཀྱང་། །སྨོན་རྒྱུ་བཅུ་རྐྱེན་ལྡན་པ་ཡིས། །གཉིས་མེད་རྟོགས་པས་གཡོ་ཞིང་ལྡང་། །དབྱེར་མེད་རང་གི་མཚན་ཉིད་དུ། །ལྡང་བའི་སེམས་བསྒོམས་འཕེལ་སྟོབས་ཀྱིས། །མེ་གཟེར་སྐར་ཆེན་ལྟ་བུའང་མཐོང་། །འདུ་ཤེས་འགྱུར་བའི་སྐབས་དག་ལ། །བཅུ་མཐར་གནས་པས་འདུ་ཤེས་ཀྱང་། །དོན་ལ་བཟོད་པ་ཐོབ་པར་འགྱུར། །གཉིས་མེད་དོན་ལ་སྦྱོར་སེམས་སྐྱེ། །ཡུལ་དང་དབང་པོ་རྣམ་ཤེས་ཆོས། །འཁོར་དང་མྱ་ངན་འདས་པའི་ཆོས། །རང་རིག་སྣང་ཕྱིར་སྣང་ཀུན་སེམས། །ཡུལ་མེད་སེམས་ཀྱང་དབྱིབས་མདོག་མཚན། །ཡོད་མེད་བྲལ་བས་རིགས་རྒྱུད་མིན། །དེ་ཕྱིར་མ་སྐྱེས་སྣང་སྟོང་མཐའ། །དབྱེར་མེད་བསྒོམས་པའི་ཉམས་མཐའ་ལ། །འགལ་མེད་འཁོར་ལོ་ཟླ་ཚེས་སྣང་། །སྦྱོར་ཆེན་འཇུག་པའི་སྐབས་དག་ལ། །ངན་སོང་མི་ལྡོག་སྔོན་ཐོབ་ཅིང་། །མཐའ་བཅུ་ཅིར་ཆིབ་གཉིས་མེད་དོན། །རྟོགས་མཐར་ཕྱིན་ལ་མ་རག་ལ། །བརྟན་པས་དེ་དོན་མཇུག་སེམས་སྐྱེ། །ཉམས་གསུམ་མཐའ་ལ་སྒྲོན་མེའམ། །ཟླ་ཚེས་གཉིས་པའི་རྟགས་མཐོང་འགྱུར། །དབུགས་ཕྱིན་མཐོང་ལ་མ་རག་ཀྱང་། །ལེ་ལོས་ཡུལ་ལ་མ་བརྩོན་ན། །མཐོང་ལམ་མི་ཐོབ་ལྷ་མིན་མིའི། །གནས་བཟློག་ཟག་པས་ཅུང་ཟད་འཁོར། །བསྒྲུབ་པའི་རིག་འཛིན་གང་དེ་ལའང་། །བདག་གི་དོན་འཇུག་སུམ་ཅུ་གཉིས། །རང་རང་ཤེས་འཇུག་འབྱོར་པ་སྔོན། །ཚོལ་ཐོས་བཞི་བཞིར་སྐབས་ལའང་སྦྱར། །འོ་ན་མདོ་ཀྱང་སེམས་ལྔ་ཡི། །རིམ་པ་ཇི་བཞིན་ཁྱད་པར་འགྱུར། །རོ་མྱོང་ས་ཡི་སྐབས་དག་ལ། །དགའ་བ་ལྷག་པའི་སེམས་འབྱུང་སྟེ། །ཅི་ཕྱིར་སྔོན་དུ་བཅུ་མཐར་བས། །གཉན་བསམ་བསྒོམ་ལས་ཆོས་ཉིད་དོན། །མ་མྱོང་མ་མཐོང་སུ་ཤེས་མྱོང་། །ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །མི་མཐོང་སེམས་ཅན་སེམས་མི་མཐོང་། །སངས་རྒྱས་མི་མཐོང་གང་མཐོང་བ། །དེས་ནི་ཡང་དག་བདེན་པ་མཐོང་། །འཇིགས་པ་ལྔ་བྲལ་བདེ་བའི་སེམས། །བསྒོམས་པ་བུམ་པ་མར་མེའི་ཚུལ། །དེ་ཉིད་མཐོང་དང་ཆོས་གསུམ་མཐོང་། །དེ་ཉིད་མཐོང་བའི་ཁྱད་པར་གྱིས། །སྤྱོད་ལམ་དངོས་གཞིར་གང་སྤྱོད་ཀྱང་། །འཆིང་བར་མི་འགྱུར་གྲོལ་འགྱུར་ཐབས། །ཐམས་ཅད་དེར་སྦྱང་ལམ་གནས་མཆོག །ཡུལ་ལ་འཇུག་པའི་སྐབས་དག་ལ། །མི་འགྱུར་ལྷག་པའི་སེམས་འབྱུང་བ། །ཇི་ལྟར་ཇི་བཞིན་ཉིད་མཐོང་ནས། །ཤེས་རབ་དངོས་ཡུལ་དེ་ཉིད་ལ། །རྣལ་འབྱོར་ཡང་དག་འཇོག་པའི་ཚེ། །གཉིས་མེད་རང་གི་མི་གཡོ་བར། །མཐོང་ལམ་འདུ་བྱེད་དང་བྲལ་བ། །ཕྲ་མོའི་བྱིང་རྒོད་དབང་གྱུར་བྲལ། །ཤིན་ཏུ་མི་གཡོ་སེམས་ལྡན་པས། །བཞི་པའི་རི་བོང་ཅན་མཐོང་འཕེལ། །ལམ་བྱས་པ་ཡི་ལྔ་ལྟས་དག །རང་བྱུང་ཆེན་པོའི་རྟགས་མཆོག་ཉེ། །གདུལ་བྱའི་འདོད་པ་ཇི་ལྟ་བར། །ཕྱིར་འོང་སྔོན་དང་སྨད་འཚོང་སྟོན། །རྟོག་ཆེན་དག་གི་སྐབས་དག་ལ། །རིག་པ་ལྷག་པའི་སེམས་འབྱུང་སྟེ། །རྣལ་འབྱོར་ཡང་དག་འཇོག་པའི་རྒྱུས། །དངོས་གཉིས་སེམས་ཀྱི་ཆོ་འཕྲུལ་ཕྱིར། །བདག་ཉིད་ཆེན་པོ་གསལ་བར་རིགས། །རྣལ་འབྱོར་ཡུལ་འདས་རིག་པ་ཡི། །མངོན་སུམ་སྐབས་ཀྱི་བྱས་པའི་ཕྱིར། །ལམ་རིམ་གདེང་ཆུད་རྟགས་ཆེན་སོ། །རང་བྱུང་ཡེ་ཤེས་ཉེ་བར་བསྟན། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །གདེང་དུ་གྱུར་པའི་སྐབས་དག་ལ། །གནས་པ་ལྷག་པའི་སེམས་འབྱུང་བའང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་རིག་དབྱིངས་ཀྱི་རྩལ་སྣང་ཕྱིར། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །བདེ་ཆེན་སྟོབས་ལྡན་ཐེ་ཚོམ་མེད། །སྤྱོད་ཡུལ་ཆོས་ཉིད་གདལ་གནས་ས། །རང་བྱུང་ཡེ་ཤེས་རྟོགས་ཐོབ་པས། །དོན་གསལ་བརྟན་པའི་སྒྲོན་མེ་འདྲ། །དེ་མཐོང་བརྒྱད་པའི་སྐར་འཛིན་མཐོའོ། །རྟགས་ཆེན་ཡེ་ཤེས་གྲུབ་ཕྱིར་ཐོབ། །ལས་སུ་རུང་བའི་སྐབས་དག་ལ། །རྫོགས་པ་ལྷག་པའི་སེམས་འབྱུང་སྟེ། །ཅི་ཕྱིར་མཐའ་བཅུ་ས་བཅུ་ཡི། །ཅིར་ཆིབས་ཆོས་ཀུན་རང་རིག་ཉིད། །རང་བྱུང་རང་སྣང་རྒྱུ་རྐྱེན་བྲལ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །ཡེ་ཤེས་དབྱིངས་ཞེས་བྱ་བའི་དོན། །ཐ་སྙད་ཙམ་དུ་རྟོགས་ཆུད་ནས། །ཐམས་ཅད་རྫོགས་པའི་སྤྱིར་ཆིབ་པས། ཐ་མའི་དབུགས་ཆེན་འདི་ཚེ་འབྱུང་། །མཉམ་གཞག་མ་བཞག་སྙད་ལས་འདས། །རང་རིག་མངོན་སུམ་ཆེན་པོ་ཡི། །ས་བཅུ་རྣལ་འབྱོར་ཕྲ་མོ་རྣམས། །རང་སེམས་གཅིག་ལ་གཡོ་ཐོབ་བརྟན། །རིམ་པས་གསལ་དང་མི་གསལ་བའི། །སྟོབས་ཀྱི་ཁྱད་པར་གྱུར་པ་ཡིན། །རྫོགས་སེམས་རྗེས་གསུམ་རིམ་གྱི་ས། །ཀློང་ཡངས་ཆུབ་ལ་མངོན་སངས་རྒྱས། །ཇི་སྙེད་ཉིད་ཀྱི་སྐུ་གསུང་ཐུགས། །མངོན་བྱས་ངོ་བོ་ཉིད་སྐུ་ཐོབ། །འདུས་བྱས་སྐུ་སོགས་ལྔར་སྣང་སྒྲོལ། །འདུས་མ་བྱས་པའི་སངས་རྒྱས་སོ། །ཕྱེད་སྣང་གནས་དང་ཆགས་ཅན་ཕྱིར། །གཡེམ་ལ་གཡེམ་སྟོན་ཆགས་ལ་ཆགས། །ཇི་ལྟར་དུག་གིས་དུག་ནད་ལྟར། །ཐབས་ཀྱི་ཆགས་པས་ངེས་བྱའི་ཕྱིར། །ཆགས་ཆུས་གསང་སེམས་ཤིང་སྐྱེད་པའང་། །བསྙེན་སྒྲུབ་བཞི་སོགས་བདག་དོན་ལྡན། །མཚན་ལྡན་བཀྲ་ཤིས་གསང་བའི་ཡུམ། །དཀའ་བས་བཙལ་ལ་ཆགས་པས་བསྟེན། །འདོད་ཡོན་ལྔ་ཡིས་མཆོད་བྱས་ཏེ། །གཉིས་སུ་མེད་པར་ནན་ཏན་བྱ། །བཅས་དཀའ་བྲལ་བའི་བཀྲ་ཤིས་གནས། །བརྩལ་ལ་སྔོན་དུ་བྱས་རྣམས་ལ། །བསྙེན་པ་དག་གི་དུས་སུ་ནི། །གང་ཟག་མིའི་ཟས་ལ་བརྟེན། །ཉེ་བའི་བསྙེན་པའི་ཚེ་ན་ནི། །བཅུད་ཀྱི་མཆོག་གིས་འཚོ་བྱས་ཏེ། །དམ་ཕོག་ཆོས་བཤད་བརླབས་བསྐུལ་སོགས། །ལེགས་བྱས་བཅུ་གཉིས་གསུམ་འཆོས་བྱ། །ཕན་ཚུན་བསྣོལ་མས་འབད་བྱས་ཏེ། །དེ་ནས་དབང་པོ་བསྲུབས་པ་ཡིས། །མཚོན་བྱས་ཤིང་བཅུ་བསྐྱེད་བརྟག་བྱ། །དེ་དེའི་རིམ་པ་འདི་ལྟ་སྟེ། །བདེ་བའི་མཚན་རྫོགས་རིག་མ་ལ། །མཐོང་བས་འདུན་སྐྱེ་གཡོ་བ་སྟེ། །ལུས་ཀུན་ལ་གནས་ཐིག་ལེ་ཉིད། །རྡུལ་བྱུང་ཕལ་པོ་གཡོ་བར་བྱེད། །སེམས་རྩོལ་འདོད་པ་རྩེ་གཅིག་གིས། །སྨོན་ནས་ཆོ་འཕྲུལ་འཇུག་བྱེད་པ། །འབྲིང་པོ་རྩ་ཡི་ཐིག་ལེ་ནི། །རྡུལ་འདུས་སྲོ་མའི་མཚན་ཉིད་འབྱུང་། །ཐ་མལ་པ་རུ་དེ་བརྗོད་དོ། །ཕྲད་པའི་རེག་པས་ཆ་ཕྲ་བའི། །རྡུལ་ཕྲན་ལྡན་པར་གྱུར་པའི་མཐུས། །དངུལ་ཆུ་ལྟ་བུའི་ཉུངས་དཀར་ནི། །ལྟོས་པས་ཆེན་པོར་ངེས་པར་འགྱུར། །དེ་ཉིད་བདེ་བའི་ལམ་སླེབས་པས། །རྩོལ་བྲལ་བདེ་བར་བློ་སྦྱར་བ། །ཐིག་ལེ་ངོ་བོ་ཟླ་གཅིག་ཚུལ། །གང་ཞིག་རྟགས་འཛིན་རྩོལ་བྱས་སྐབས། །གཟུང་འཛིན་ཆོ་འཕྲུལ་སེམས་བཅུ་པ། །ཐིག་ལེ་དངོས་དང་ཡེ་ཤེས་ཀྱང་། །ཅུང་ཟད་ཀྱིས་འཕགས་ཀུན་ལ་བལྟ། །ཅུང་ཟད་ཕྱེད་འདས་བདེ་བ་མྱོང་། །སྤྲོས་པ་ཉེར་ཞི་དགའ་བའི་མཆོག །ཆས་བགེས་པས་ན་གསུམ་ཉིད་དེ། །གཟུང་དང་ཡེ་ཤེས་དེ་བཞིན་ཤེས། །བདེ་བ་ཆོས་ཀྱི་མི་དམིགས་ཡུལ། །གར་མཐོང་ངོ་བོ་འགྱུར་མེད་དེ། །རིམ་པ་ཇི་ཞི་ཇི་ཞི་བ། །མཚན་ཉིད་གཉིས་འཕགས་དེ་བཞིན་ནོ། །སྟོང་ཉིད་མི་གཡོ་རྣམ་རྟོག་སྟེ། །རང་རིག་ངོ་བོ་རང་གསལ་བ། །རྡུལ་ཕྲན་ལྔ་པ་མྱ་ངན་འདས། །རྩེ་མོ་དབུས་སུ་གང་གནས་སེམས། །གོམས་པ་གདེང་དང་བཅས་པ་ནི། །ཡེ་ཤེས་ཚོགས་ཀྱི་བཅུ་དྲུག་ཕྱེད། །ཕྱེད་རྫོགས་ཚོགས་འཕེལ་དེ་ཕན་ཆད། །མི་དམིགས་ཆོས་ལ་བློ་སྦྱངས་ཡིན། །ཇེ་ཞི་ཇེ་ཕྲ་མི་དམིགས་པ། །མཚན་མ་ཤེས་བྱ་བསྲབ་པ་སྟེ། །མཉམ་པས་སྟོང་པར་གྱུར་པས་ན། །ཐམས་ཅད་ཆོས་སྐུར་རྫོགས་པའོ། །གང་ཞིག་འདྲེན་པའི་ཆོ་ག་ནི། །ལས་སུ་བྱང་བ་ཀུན་གྲུབ་ཕྱིར། །རྩལ་བྱ་རྩོལ་བྱེད་གཉིས་རྫོགས་པ། །བཅུ་དྲུག་ཚོགས་ཀྱིས་རྫོགས་པས་ན། །མཛེས་པའི་ཉི་མ་བཅུ་དྲུག་གིས། །ཟླ་དཀྱིལ་འོད་ཀྱི་ཕྱག་རྒྱ་ལ། །མཛེས་པས་སྤྲས་པའི་བདེ་བ་དེ། །བཅུ་དྲུག་ཚོགས་ཀྱི་བསོད་ནམས་བསྐྲུན། །དུས་དེ་ཉིད་དུ་ཉི་ཟླ་འཆར། །མཐའ་རྫོགས་སེམས་སུ་རྒྱལ་བས་གསུངས། །དེ་ལྟར་ཉམས་དང་འཕྲོད་ལྡན་པ། །བསྒྲུབ་པ་དག་གི་དུས་སུ་ནི། །ཁམས་ལས་གྱུར་པའི་བཅུད་ཀྱིས་འཚོ། །རྡོ་རྗེ་ཚེ་གཅིག་ལྟ་བུར་འགྱུར། །བསྒྲུབ་པ་ཆེན་པོར་ཟག་པ་ཟད། །ཁམས་ཀྱི་ཟས་དང་བྲལ་གྱུར་ཡང་། །དབང་པོ་གཟི་མདངས་གསལ་འགྱུར་ཞིང་། །ནམ་མཁར་འགྲོ་བར་ཐེ་ཚོམ་མེད། །ཆོ་འཕྲུལ་བཞི་སོགས་སྟོན་པར་ནུས། །མཐར་རྫོགས་རྒྱས་ལ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ཀྱི་ཆུ་མེད་ན། །རྒྱལ་བ་རྣམས་ཀྱི་སྐམ་པར་འགྱུར། །བྱང་ཆུབ་སེམས་ཀྱི་ཆུ་བོ་འདིས། །སྔོན་ཞེན་མཐའ་དང་སྔོ་བསྐམས་བརླན། །ནོར་བུ་རིན་ཆེན་གང་སྲེལ་བ། །དབུལ་བའི་འཇིགས་པ་མེད་པ་ལྟར། །གསང་བའི་དོན་གསང་གང་སྲེལ་བ། །ལྟུང་གནས་འཁོར་བའི་འཇིགས་པ་མེད། །སེང་གེའི་ཕྲུ་གུའི་དྲིས་ནི་གར་ཁྱབ་པར། །གང་དག་མི་བཟོད་ཐམས་ཅད་འབྲེས་པར་འགྱུར། །སྙིང་པོའི་དོན་ལ་རིག་པའི་མཐུ་མེད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །ལོག་པའི་དགྲ་རྣམས་ཟིལ་གནོན་སྐྲག་འགྱུར་ཞིང་། །རང་རང་གནས་སུ་ཟུག་རྔུས་གཟིར་བར་འགྱུར། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོ་ཐོག་གི་རྡུལ་ཙམ་དུ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པ། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །གསང་ཉིད་སྙིང་པོའི་བྱིན་རླབས་ནི། །གང་དུ་རྣམ་པར་མི་རྟོག་བཞིན། །འདོད་པ་འབྱུང་བའི་བྱ་བ་བྱེད། །དེ་ལ་བྱེད་པ་ཅི་ཡང་མེད། །ཀུན་འབྱུང་བྱང་ཆུབ་ཤིང་གིས་ཀུན་ཁྱབ་ཀྱང་། །དྲ་བ་བཞིར་ཆུད་ལྔ་ལ་ལྗོན་ཤིང་མེད། །དེ་འདིར་གསང་ཆེན་སྦྱོར་བའི་ལྡེམ་དགོངས་ཀྱིས། དྲངས་བཅུག་ངེས་བྱའི་གདུལ་བྱར་ཀུན་གྱུར་ཀྱང་། །གསང་བའི་ལྗོན་ཤིང་ཡལ་ག་ལོ་འདབ་དང་། །མེ་ཏོག་འབྲས་བུ་རྒྱས་བྱེད་འདི་བསྡུས་པའི། །ངལ་བའི་དགེ་རྩས་དྲ་བ་བཞི་བོར་ནས། །བྱང་ཆུབ་ཆེན་པོའི་ཆུས་བརླན་སངས་རྒྱས་ཤོག །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་། སྠི་ར་མ་ཏིས་མཛད་པ་རྫོགས་སོ།། །།


previousསྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་།next