Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
   
   
   
   
   
   
མདོ་ཚོགས་ཆེན་འདུས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་བསྙེན་ཡིག་ལེགས་བཤད་སྐྱ་རེངས་དང་པོའི་སྣང་བ། ངག་དབང་དཔལ་བཟང་།


 
previousམདོ་ཚོགས་ཆེན་འདུས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་བསྙེན་ཡིག་ལེགས་བཤད་སྐྱ་རེངས་དང་པོའི་སྣང་བ། ངག་དབང་དཔལ་བཟང་།no next

མདོ་ཚོགས་ཆེན་འདུས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་བསྙེན་ཡིག་ལེགས་བཤད་སྐྱ་རེངས་དང་པོའི་སྣང་བ། ངག་དབང་དཔལ་བཟང་།

མདོ་ཚོགས་ཆེན་འདུས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་བསྙེན་ཡིག་ལེགས་བཤད་སྐྱ་རེངས་དང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ། །སྐུ་ལྔ་ལྷུན་གྲུབ་རྩལ་ཆེན་རྫོགས། །དཀྱིལ་འཁོར་གསུམ་དུ་མངོན་སངས་རྒྱས། །ཀུན་ཏུ་བཟང་པོ་ཆེ་བའི་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །ལམ་འདིར་གོམས་པ་བསྐྱེད་ཕྱིར་དང་། །སྐལ་མཉམ་གཞན་ལ་ཕན་པའི་བློས། །རྣལ་འབྱོར་ཨ་ནུའི་འཇུག་ཚུལ་བཤད། །དེ་ལ་འདིར་གསང་སྔགས་སྔ་འགྱུར་བཀའ་མའི་གཞུང་ལུགས་དྲི་མ་མེད་པ་མདོ་སྡེ་དང་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་ལམ་ཚང་ལ་མ་ནོར་བར་སྟོན་པའི་འཇུག་སྒོའི་སྲོལ་ཆེན་པོར་གྱུར་པ་འདུས་པ་མདོའི་འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་ལམ་བསྐྱེད་རྫོགས་གཉིས་ལ་གོམས་པས་ཇི་ལྟར་བསྙེན་པ་ལ་འཇུག་པའི་ཚུལ་ནི། མདོ་རང་གི་བཤད་ཚུལ་དུ་གདུལ་བྱའི་སྣོད་དང་འཚམས་པར་རྣམ་གྲངས་བཞིར་གསུངས་ཏེ། དང་པོ་གདུལ་བྱ་ཆགས་སྲེད་ཅན་ལ་འདོད་པ་རང་རྐྱེན་གྱི་ཚིག་ཏུ། ཆགས་པ་ཐབས་ཀྱིས་ཟིན་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ལ་ཚང་འབྲེལ་དུ་གནས་པར་བསྟན་པ་དང་། གཉིས་པ་ལོག་སྲེད་ཅན་ལ་བཀྲི་དྲང་དང་བསྒྱུར་བའི་ཚིག་ཏུ་བཤད་པ་ནི། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས་རྒྱལ་བའི་ཐུགས་ཡིན་བྱས་པས། ཚིག་དེས་བརྒྱུད་ནས་ངོ་བོ་ཉིད་མི་འགྱུར་བ་དང་། རང་བཞིན་མེད་པར་རྟོགས་པར་བྱེད་པས། རང་བྱུང་གི་ཡེ་ཤེས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྟོགས་པར་བྱེད་པའོ། །གསུམ་པ་རིམ་བརྒྱུད་ཅན་ལ་ལྡེམ་དགོངས་སྦྱོར་བའི་ཚིག་ཏུ་བཤད་པ་ནི། དམ་ཚིག་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། བྱང་ཆུབ་ཀྱི་སེམས། སྙིང་རྗེ་དང་ལྔ་བར་མཚམས་མེད་པར་སྤྱོད་པའི་དོན་ལ་དགོངས་ནས། མཚམས་མེད་པ་ལྔ་ལ་སྤྱོད་པ་ཉིད་ཐེག་པ་ཆེན་པོ་སྟོན་ཅིང་། ཆོས་ཐམས་ཅད་སེམས་ཉིད་ལ་ཡོངས་སུ་རྫོགས་པ་ལ་དགོངས་ནས་བསྟན་ལ། བཞི་པ་བློ་གྲོས་ཅན་ལ་དོན་དམ་ངེས་པའི་ཚིག་ཏུ་བཤད་པ་སེམས་ཅན་ཐམས་ཅད་ཀྱི་སེམས་འཁྲུལ་པ་འདི་ཉིད་དངོས་པོ་མ་བཅོས་མ་བསླད་པར་ཡེ་ནས་དཀྱིལ་འཁོར་གསུམ་དུ་མ་འདྲེས་ཡོངས་རྫོགས་རྒྱལ་བའི་ཐུགས་སུ་བསྟན་ཏེ། མདོ་ལས། གསང་སྔགས་རྡོ་རྗེ་ཐེག་པ་ནི། །དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཅིའི་ཕྱིར་རྡོ་རྗེའི་གསང་སྔགས་དང་། །སེམས་ཅན་སངས་རྒྱས་ཐ་མི་དད། །ཅེས་སོ། །དེ་ལྟར་གདུལ་བྱའི་བློའི་རིམ་པ་དང་སྦྱར་བའི་འཆད་ཚུལ་ཁྱད་པར་ཅན་གྱི་དབང་དུ་བྱས་ན། ལུང་བསྟན་ཆོས་སྐོར་གྱི་བརྒྱུད་པ་བཀའ་རང་གཞུང་གི་འཆད་ཚུལ་གྱི་རྒྱུད་འདི་ལ། རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་གསུམ་དུ་བཞེད་ལ། ལེའུ་གཉིས་པ་གདམས་ངག་ངེས་པར་བཞག་པ་རྩ་བའི་རྒྱུད་དང་། གཉིས་པ་ཕྱི་མའི་རྒྱུད་མན་ཆད་རྒྱུད་ཕྱི་མའི་ཕྱི་མའོ། །དེ་ཡང་དོན་བསྡུས་ལས། གདམས་ངག་ལུང་བསྟན་རྩ་བའི་རྒྱུད། །ཅེས་དང་། བྱུང་ཚུལ་བསྡུས་པ་ལས། གསུམ་པ་ནས་བཟུང་དྲུག་ཅུ་རྩ་ལྔའི་བར། །གཉིས་པ་རྩ་བའི་ལེགས་པར་བཤད་པ་ཡིན། །ཅེས་པས། ལེའུ་གསུམ་པ་ནས་དྲུག་ཅུ་རྩ་ལྔ་ཡན་ཆད་རྒྱུད་ཕྱི་མའོ། །དེ་ཉིད་ལས། དང་པོའི་དོན་ལས་བྱུང་བས་ཕྱི་མ་དེ། །སྔ་མའི་དོན་དེ་གསལ་བས་ཕྱིས་འཆད་ཅིང་། །འབྲེལ་ཅིང་ཐེ་ཚོམ་གཅོད་དེ་དོན་འཆད་པས། །འདི་ནི་རྒྱུད་ཀྱི་ཕྱི་མར་བསྟན་པ་ཡིན། །ཅེས་སོ། །ལེའུ་དྲུག་ཅུ་རེ་དྲུག་ནས། བདུན་ཅུ་དོན་ལྔ་བར་མན་ཆད་ཀྱིས་གསང་སྔགས་བསླབ་པའི་མཐའ་བཅུར་རྒྱུད་ཀྱི་དོན་ཡོངས་སུ་ཚང་འབྲེལ་དུ་སྟོན་པས་ན་རྒྱུད་ཕྱི་མའི་ཕྱི་མའོ། །འདི་ཉིད་ལས། རྣམ་འབྱོར་ལེགས་པར་བསྒྲུབས་ཤིང་ངེས་པར་གནས་པ་ལ། །བསླབ་པའི་མཐའ་བཅུས་དོན་ནི་རྫོགས་པའི་ཕྱིར། །འདི་ནི་ཕྱི་མའི་ཕྱི་མར་བསྟན་པའོ། །ཞེས་དང་། འགྲེལ་ཆེན་མུན་པའི་གོ་ཆ་ལ་སོགས་པའི་འཆད་ཚུལ་ལ། ཀུན་འདུས་རིག་པའི་མདོ་རྩ་རྒྱུད་དགོངས་པ་འདུས་པ་བཤད་པའི་རྒྱུད་དུ་བཞེད་པས། ལེའུ་དང་པོས་ནི། གཏན་ཚིགས་བྱུང་ཁུང་གི་གླེང་གཞི། གཉིས་པར་གདམས་ངག་གཞན་ནས་སྟོན་པ་མྱ་ངན་ལས་འདས་པ་ནི། ལུང་བསྟན་བརྒྱུད་པའི་གླེང་གཞིའི་རྒྱུའི་རྒྱུའོ། །གསུམ་པས་གདུང་བ་བཏོན་པ་ནི་རྒྱུ་དངོས་སོ། །བཞི་པར་གདུང་བ་པོས་གཅིག་པར་བསྐུལ་ནས་གསལ་བར་གསང་བདག་གིས་ཞལ་གྱིས་བཞེས་པ་ནི་གླེང་གཞིའི་རྐྱེན་ནོ། །ལྔ་པའི་སྟོད་ནི་གླེང་གཞི་རང་གི་ངོ་བོ། སྨད་ནི་རྐྱེན་གླེང་བསླང་བའོ། །དྲུག་པ་མན་ཆད་རྒྱུད་ཀྱི་དོན་བྱུང་ཚུལ་བཅུ་གཉིས་ནི། རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་དང་། བྱིན་གྱིས་བརླབས་པའི་དང་། སྙིང་པོ་བྱང་ཆུབ་ངེས་པའི་དང་། སྒྲོན་མ་ཡོངས་སུ་བཀོད་པའི་དང་། དགོངས་པ་ངེས་པར་འགྲེལ་པའི་དང་། གང་གིས་ངེས་པ་རྙེད་པའི་དང་། གདུལ་བྱའི་སྐབས་ལ་བབ་པའི་དང་། བརྒྱུད་པ་ཐབས་ཀྱིས་གྲགས་པའི་དང་། ལས་རྒྱུན་ཡོངས་སུ་གཅོད་པའི་ཚུལ་དང་། གང་གི་ཆེད་དུ་མཛད་པ་བྱུང་ཚུལ་དང་། ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་དང་། སངས་རྒྱས་རྣམས་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་དང་བཅུ་གཉིས་སམ་འདིདག་གིས་རྒྱུད་ཀྱི་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུས་ཏེ་བྱུང་ཚུལ་བཅུ་གཉིས་པོ་དེ་ནི། མཚོན་ཚུལ་ལྔས་རྣམ་པར་འགྲེལ་བར་བྱེད་པའོ། །དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་གནས་ལུགས་ཀྱི་བྱུང་ཚུལ་དང་། དེ་མཚོན་པ་གདམས་ངག་འབོག་པའི་བྱུང་ཚུལ་དང་། སྨིན་བྱེད་དབང་བསྐུར་ཐབས་ཀྱི་བྱུང་ཚུལ་དང་། གདུལ་བྱའི་བློ་གྲོས་ཀྱི་ཁྱད་པར་རྩལ་འཕང་གི་བྱུང་ཚུལ་དང་། རྒྱུད་གཞུང་རང་གི་ལེའུ་གོང་འོག་གི་གནས་ལུགས་ཀྱི་བྱུང་ཚུལ་དང་ལྔའི་སྒོ་ནས་སྙིང་པོ་བྱང་ཆུབ་ལ་བྱུང་ཚུལ་བཅུ་གཉིས་རྩིས་ནས་སྙིང་པོ་བྱང་ཆུབ་རྟོགས་ཚུལ་སྦྱོར་བ་དང་། གཉིས་པ། སློབ་མ་ལས་དང་སྐལ་བར་ལྡན་པ་ལ། བླ་མ་མཚན་ཉིད་དང་ལྡན་པས་གདམས་ངག་འབོག་པ་ལ་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་གྱིས་སྟོན་པ་དང་། གསུམ་པ་དབང་བསྐུར་བ་ལ། བྱུང་ཚུལ་བཅུ་གཉིས་ཀྱི་ཆིངས་ཀྱིས་བཅིངས་ནས་དབང་བསྐུར། བཞི་པ་ཁྱད་པར་རྩལ་འཕང་ལ། ལམ་དང་དེ་ཡི་འབྲས་བུ་གཉིས། ལམ་ལ་བྱུང་ཚུལ་དྲུག་གི་སྒོ་ནས་རྨོངས་པ་གདུང་སེལ། སྒྲོན་མ་བཀོད་པ་གཉིས་ནི། ཚོགས་ལམ་མམ་འདུན་པ་སེམས་པའི་རྣལ་འབྱོར་ཏེ། གདུང་སེལ་ནི་ཚོགས་ལམ་གྱི་སྔོན་དུ་སེམས་བསྐྱེད་པའོ། །དོན་བསྡུས་ལས། རྨོངས་པ་སེལ་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གིས་འདུ་ཤེས་བསྒྱུར། །སྒྲོན་མ་བཀོད་པ་ནི། ལེའུ་བདུན་པ་བསོད་ནམས་ཀྱི་ཚོགས་དང་། བརྒྱད་པར་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ངོ་བོར་བསྟན། གང་གིས་ངེས་པ་རྙེད་པ། རྒྱལ་ཚབ་ཁྱེའུ་ལྔ་བློ་ཆོས་ཉིད་དུ་འབྱོར་བས་སྦྱོར་ལམ་མམ། རིགས་ཆེན་འབྱེད་པའི་རྣལ་འབྱོར་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པ་ལེའུ་དགུ་པའི་སྟོད་མཐོང་ལམ་དུ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། སྨད་ཀྱིས་བསྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། དགོངས་པ་ངེས་པར་འགྲེལ་བས་བསྒོམ་པ་གཞན་དོན་དུ། རྒྱལ་བའི་དགོངས་པ་ཆོ་འཕྲུལ་བཞིས་བཀྲལ་བའོ། །གདུལ་བྱ་སྐབས་ལ་བབ་པ་ནི། གཉེན་པོ་རྡོ་རྗེ་ལྟ་བུས་བདུད་བཏུལ་བ་མཐར་ལམ་པ་སངས་རྒྱས་མ་རག་པའོ། །དེ་ནས་མཐར་ལམ་པ་དེ་ཉིད་འབྲས་བུ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ནི་སློབ་པའི་གོ་འཕང་མངོན་དུ་བྱས་ནས་བྱིན་གྱིས་བརླབས་པའི་བྱུང་ཚུལ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལྔ་རང་དོན་དུ་མངོན་དུ་གྲུབ་པའོ། །དེ་ནས་གཞན་དོན་དུ་མཛད་པ་ལྔ་སྟེ། བརྒྱུད་པ་ཐབས་ཀྱི་གྲགས་པ་ནི། ཐབས་མཁས་ཀྱི་མཛད་པའོ། །གང་གི་ཆེད་དུ་མཛད་ན། གདུལ་བྱའི་ཡུལ་དང་མཐུན་པར་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པ་ནི། གསང་ཆེན་རྨད་དུ་བྱུང་བའི་ཆེ་བའི་མཛད་པ་དང་། ལས་རྒྱུན་གཅོད་པའི་མཛད་པའོ། །དགོངས་པ་རྣམ་པར་བགྲོ་བ་ནི། ལྷན་ཅིག་པའི་འཁོར་དང་། གོ་ཕྱེ་བའི་འཁོར་གཉིས་ཀྱི་ཆེད་དུ་བསྟན་པ་གསང་སྔགས་ཀྱི་རྒྱུད་འཆད་པའི་མཛད་པའོ། །རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་ནི། རྒྱུད་རང་གི་དཀྱུས་དང་ལེའུ་ཚིག་དང་དོན་གྱི་ཆ་མ་འདྲེས་པར་ཐོས་བསམ་གྱི་ཤེས་རབ་ཀྱིས་ངེས་པ་བསྐྱེད་པའི་མཛད་པའོ། །དཔེ་མཚོན་ན་རྨོངས་པ་གདུལ་སེལ་ནི། མ་རིག་པའི་མུན་པ་སེལ་ཞིང་། ལྟ་བ་མ་དང་བུ་འཕྲད་པ་ལྟ་བུའོ། །སྒྲོན་མ་ནི། ཡེ་ཤེས་རང་རྒྱལ་གྱི་ལྟ་བ་ཉི་མའི་སྙིང་པོ། ངེས་རྙེད་ནི། མ་ནོར་དོན་རྙེད་ཀྱི་ལྟ་བ་དབུལ་པོ་གཏེར་རྙེད་ལྟ་བུ། སྙིང་པོ་བྱང་ཆུབ་ཀྱི་དེ་ཁོ་ན་ཉིད་ཀྱི་ལྟ་བ་ནམ་མཁའ་ལྟ་བུའོ། །དགོངས་པ་ངེས་འགྲེལ་ནི། མ་འདྲེས་ཡོངས་རྫོགས་རྒྱ་མཚོའི་གཟུགས་བརྙན་ལྟ་བུའོ། །གདུལ་བྱའི་བྱུང་ཚུལ་ནི། མཚན་མ་རང་ཞིའི་ལྟ་བ་དཔའ་བོས་དགྲ་ཐུབ་པ་ལྟ་བུའོ། །བྱིན་གྱིས་བརླབས་པ་ནི། བྱིན་བརླབས་བྱུང་བའི་ལྟ་བ། ནམ་མཁའི་ངོས་ལ་ཆོ་འཕྲུལ་འབྱུང་བ་ལྟ་བུའོ། །བརྒྱུད་པ་ཐབས་ཀྱི་གྲགས་པ་ནི། མི་མཐུན་པའི་སྐྱོན་སེལ་བ་སྟག་མོ་ཚང་སེལ་བའམ། ལྡུམ་རའི་དུག་སེལ་བ་ལྟ་བུའོ། །གང་ཆེད་མངོན་པ་ནི། གྲོལ་བ་དོན་མཐུན་གྱི་ལྟ་བ་སྨན་པ་མཁས་པས་ནད་གསོ་བ་ལ་ལྟ་བུའོ། །ལུང་ཆེན་ངེས་བསྟན་ནི། ངེས་པ་ཕྱི་འབྱུང་གི་ལྟ་བ་བློན་པོ་རིག་པ་ཅན་གྱི་ཁ་ཆེམས་ལྟ་བུའོ། །ལས་རྒྱུན་ནི། བག་ཆགས་རང་དག་གི་ལྟ་བ་ཁྲུས་མཁན་ཁྲུས་བྱེད་པ་ལྟ་བུའོ། །དགོངས་པ་བཀའ་བགྲོ་ནི། རྒྱལ་བློན་འཚོགས་ནས་རྒྱལ་པོའི་ཆབ་སྲིད་འཛིན་པ་ལྟ་བུའོ། །དེས་ན་འདི་ལྟར་བྱུང་ཚུལ་བཅུ་གཉིས་པོ་མཚོན་བྱེད་ལྔའི་སྒོ་ནས་འདུན་པ་སེམས་པ་ཚོགས་ཀྱི་ལམ་ནས་རྩལ་ཆེན་རྫོགས་པ་འབྲས་བུ་མི་སློབ་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་གི་བར་གྱིས་གཞི་དང་ལམ་དང་འབྲས་བུའི་རྣམ་པར་བཞག་པ་བཙལ་ནས་ངེས་པ་ཐུན་མོང་མ་ཡིན་པ་འགྲོ་བ་ཞིག་བྱ་བ་ཤིན་ཏུ་གལ་ཆེ་ནའང་། དེང་སང་དུས་ཀྱི་སྙིགས་མའི་དབང་གིས་སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་ལ་བཤད་ཉན་གྱི་སྲོལ་ནུབ་པར་ཕྱོགས་པས་རང་གི་ཡིད་ལ་བག་ཆགས་བཟང་པོའི་མཚན་མ་བསྒོ་བའི་ཕྱིར་ཉུང་ངུའི་ངག་གིས་འདོམས་པའི་འདི་ཡིད་ལ་བཟུང་ནས་དགོངས་འདུས་ཀྱི་རྒྱུད་དོན་བཙལ་བའི་ཕྱིར་སྨོས་པའོ། །ད་ནི་འདི་ན་རྒྱུད་ཕྱི་མའི་ཕྱི་མས་དབང་གིས་གསང་སྔགས་བསླབ་པའི་མཐའ་བཅུའི་ནང་དུ་ཉམས་སུ་ལེན་པའི་གནད་རྣམས་བསྡུས་ཏེ་འཆད་པ་ལ། གདུལ་བྱའི་གང་ཟག་གི་ཁམས་དང་དབང་པོའི་བྱེ་བྲག་གི་རིམ་གྱིས་པ་དང་། ཅིག་ཆར་བ་གཉིས། དང་པོ་ལམ་རིམ་གྱིས་པའི་དབང་གིས་བསླབ་པའི་མཐའ་བཅུའམ་དྲུག་ཏུ་བསྡུས་ཏེ་རྒྱུད་འདིའི་ལེའུ་དྲུག་པ་ནས་བདུན་ཅུ་རྩ་ལྔ་བར་གྱིས་རྒྱས་པར་གསུངས་ཀྱང་འདིར་ནི་མདོར་བསྡུས་ན། རྒྱུད་ཐོས་པས་གྲོལ། སྒོ་ཀུན་ནས་སྡུད། མདོ་གཅིག་ཏུ་བསྡུས། མཁས་པར་ཕུལ་དུ་ཕྱིན་པར་བསླབ་པ་བཞིས་སྤྱི་མདོ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་བྱེ་བྲག་ཏུ་རྒྱུད་ཆེན་པོ་འདི་ལ་སྒྲོ་འདོགས་བཅད། ཐོག་མར་རྒྱུད་ལུང་མན་ངག་གི་དོན་ཟབ་མོ་མ་ཐོབ་ན་བླང་དོར་གྱི་དམིགས་མི་འབྱེད་པས། རྒྱུད་ཐོས་པས་གྲོལ་བ་རྟ་ཕོ་སྒྲོག་བཀྲོལ་བ་ལྟ་བུ་ཞིག་གཞིར་བཞག །དེ་ཡང་ཐོས་པ་ཉུང་ངུས་ཤེས་རབ་རྒྱ་ཆེན་པོ་དཀྲོལ་བར་མི་ནུས་པས། ཐོས་པའི་སྒོ་མང་པོ་བཙལ་བ་སྒོ་ཀུན་ནས་སྡུད་པ་བུང་བ་ཚང་ཚོལ་ལྟ་བུས་མང་དུ་ཐོས་པར་བྱ། མང་དུ་ཐོས་ཀྱང་ལག་ལེན་གྱི་གནད་དུ་མ་ཁེལ་ན་རང་རྒྱུད་མི་གྲོལ་བས་མཐར་ཐུག་པ་ལག་ལེན་ཉམས་མྱོང་མན་ངག་གི་གནད་ཟབ་མོས་ཉམས་འོག་ཏུ་ཚུད་པར་བྱས་ནས་མདོ་གཅིག་ཏུ་སྡུད་པ་ཚོང་པས་ཁེ་ཚོལ་བ་ལྟ་བུའི་དོན་གནད་དུ་ཕོག་དགོས། དེ་ལྟར་བྱས་ན་ཐོས་པས་རྒྱུད་ཀྱི་དོན་ཤེས། ལུང་གིས་རྒྱུད་དོན་ཉམས་སུ་བླངས། མན་ངག་གིས་ཡིད་ཆེས་ནས་ཐེ་ཚོམ་མེད་པའི་གདིང་དང་ལྡན་པར་བསླབ་པའི་སྒོ་ནས་མཁས་པ་ལ་ཕུལ་དུ་ཕྱིན་པ་རི་མཐོན་པོའི་རྩེར་ཕྱིན་པ་ལྟ་བུ་ཞིག་བྱ་སྟེ། དེ་བཞིན་གསང་སྔགས་དང་པོ་ཐོས་བསམ་གཉིས་ཀྱིས་སྒྲོ་འདོགས་གཅོད་ཚུལ་གྱིས་བསླབ་པའི་ཐབས་བཞི་ཡིན་ལ། དེ་བཞིའི་སྟེང་དུ་ལམ་ཉམས་སུ་ལེན་པས་སློབ་པའི་དབང་གིས། དེ་ལ་བསླབ་བྱའི་ཡུལ་གྱི་ཆ་ནས་བསླབ་པའི་མཐའ་དྲུག་ཏུ་གསུངས་པ་སྔ་མ་བཞི་བསྣན་པས་བསླབ་པའི་གནས་བཅུར་བཞེད་པས། དེ་ལ་བསླབ་པའི་མཐའ་དྲུག་ནི། རིམ་པ་དབང་གིས་བསྒྲོད། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པ་དང་དྲུག་ལས། དང་པོ་ནི། སྔ་འགྱུར་རྡོ་རྗེ་ཐེག་པའི་བཞེད་སྲོལ་ལ། གདུལ་བྱའི་ལམ་གྱི་འཇུག་ཚུལ་གྱི་དབང་གིས་ཐེག་པ་རིམ་པ་དགུར་དབྱེ་བ་ལས། དེ་རྣམས་དབང་གིས་ཆུ་བོ་བཞིའི་ཚུལ་གྱིས་སྣོད་ལྡན་གྱི་སློབ་མ་ལ་དབང་བསྐུར་བའི་རིམ་པ་ཇི་སྙེད་པ་ལས་འདིར་མདོ་པ་ཨ་ནུ་ཡོ་ག་རང་གི་ལུགས་ཀྱི་དབང་གི་དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་་ཧཱ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ནི། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་པས། རྒྱུད་ལས་གསུངས་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་བརྒྱུད་པའི་ཕྱག་བཞེས་ཀྱིས་སྒྲུབ་དབང་དང་འབྲེལ་བའམ། དབང་རྐྱང་ཙམ་གྱིས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ལ་ནང་གསེས་དབྱེ་ན་བརྒྱ་དང་རྩ་བརྒྱད། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ལ་ནང་གསེས་དབྱེ་ན་དྲུག་བརྒྱ་དང་དྲུག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ལ་ནང་གསེས་དབྱེ་ན་བརྒྱ་དང་བཅོ་ལྔ། གསང་དབང་རྫོགས་པའི་ཆུ་བོ་གཉིས་ལ་དབྱེ་བ་མེད་པས་ཀུན་དྲིལ་བས་རྣམ་གྲངས་བརྒྱད་བརྒྱ་དང་སུམ་ཅུ་སོ་གཅིག་ཡོད་པའི་ཕྱིར། དེ་ལྟ་བུའི་དབང་གི་ཆུ་བོས་རང་གི་རྒྱུད་སྨིན་ངེས་པར་ཐོབ་པ་གལ་ཆེ་བས་དབང་ནི་སྤྱིར་རྡོ་རྗེ་ཐེག་པའི་འཇུག་སྒོ་ཡང་ཡིན། སྨིན་བྱེད་ཡང་ཡིན། སྡོམ་ཆོག་ཡང་ཡིན་པས་སྨིན་གྲོལ་གྱི་ལམ་ཉམས་སུ་ལེན་པའི་ལམ་གྱི་གཞི་དབང་ཞིག་ནི་རྒྱུད་སྡེའི་ཞི་ཁྲོ་དང་། འདུས་པ་མདོ། བཀའ་བརྒྱུད་བདེ་གཤེགས་འདུས་པ། གང་རུང་ལས་གཞན་གྱི་གཞི་དབང་གི་གོ་མི་ཆོད་པར་རིག་འཛིན་གོང་མ་རྣམས་བཞེད་ཀྱང་མདོར་ན་དབང་ཐོབ་པའི་ཚད་རབ་ཀྱི་དབང་དོན་གྱི་ལྟ་བ་བདེན་པ་དབྱེར་མེད་ལ་ངེས་པ་རྙེད། འབྲིང་བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཁྱད་པར་ཅན་སྐྱེ། ཐ་མས་བུམ་དབང་སོགས་ཀྱི་དགོས་པ་ལྷ་རྟོག་དབྱེར་མེད་དང་། སེམས་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་གོ་བའི་ངེས་པ་རྐྱེན་གཞན་གྱིས་མི་འཕྲོག་པ་ཞིག་སྐྱེད་ནུས་ན་དབང་ཐོབ་པའི་ཚད་ཡིན། དེ་མ་ཡིན་པའི་ཞུས་ཞུས་ཐོབ་ཐོབ་ཀྱི་གྲངས་མང་བ་སྒྲུབ་དབང་ཟེར་བའི་གཡེར་པོ་ཆེ་རྣམས་ལ་དོན་འབྲས་ཆེར་ཡོད་པ་ཆོས་སྤྱན་ལྡན་པས་གཟིགས་ན་མ་མཐོང་ངོ་། །གཉིས་པ་གཞི་དམ་ཚིག་གིས་བཟུང་བ་ནི། དབང་ཐོབ་པས་མི་ཆོག་པར་དབང་སྲོག་རང་གི་རྒྱུད་ལ་འཛིན་པར་དམ་ཚིག་རྣམ་པར་དག་པ་སྲུང་བ་ལ་རག་ལས་པ། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། ཉམས་ན་ས་བོན་མེ་ཡིས་ཚིག་པ་བཞིན། ཞེས་པས་དམ་ཚིག་ཉམས་པར་གྱུར་ན། དཔེ་ས་བོན་མེས་ཚིག་པ་ལ་འབྲས་བུ་མྱུ་གུ་སྔོན་པོ་མི་འབྱུང་བ་བཞིན། ལམ་སྒྲུབ་སྒྲུབ་པའི་འབྲས་བུ་མཆོག་ཐུན་གང་ཡང་མི་འགྲུབ་པར་མ་ཟད་རྣམ་སྨིན་ངན་སོང་ལས་འགྲོ་ས་གཉིས་པ་མེད་པར་ཇི་སྐད་དུ། སྔགས་ལ་ཞུགས་པའི་སྐྱེས་བུ་སངས་རྒྱས་དང་། །ངན་སོང་གཉིས་ལས་འགྲོ་ས་གསུམ་པ་མེད། །ཞེས་པ་བཞིན། དང་པོ་ཉིད་ནས་གཞི་དམ་ཚིག་ཡང་དག་པར་སྲུང་བ་གལ་ཆེ་བས། དེ་ནི་སྤྱི་མདོ་དགོངས་འདུས་ལས། སྐུ་གསུང་ཐུགས་དང་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་བསྒྲུབ་པ་དང་། །ཞེས་མདོ་རང་ལུགས་ཀྱི་ཉི་ཤུ་རྩ་བརྒྱད་གྲངས་ངེས་ཅན་དུ་བསྟན་པའི། དང་པོ་རྩ་བ་གསུམ་ནི། སྐུ་ཡི་དམ་ཚིག་ཏུ་བླ་མ་དང་ལྷ་ལ་གུས་པར་ལྟ་ཞིང་མཆེད་དང་ལྕམ་དྲལ་གྱི་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུའི་གདུལ་བྱ་ཡིན་པས་གནོད་པ་སྤང་ངོ་། །རྣམ་པར་སྨིན་པའི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱངས་པ་དེ་ཡིན། གསུང་གི་དམ་ཚིག་ཏུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། ངག་གི་ཉེས་པ་སྤང་ཕྱིར་བླ་མས་ཅི་གསུང་སྒྲུབ་པ་དང་། མཆེད་ལྕམ་གྱི་ངག་མི་གཅོག་པའོ། །ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ། ཏིང་ངེ་འཛིན་གྱི་སྒོ་དུ་མ་སྤྱོད་པ་ཐུགས་ཀྱི་དམ་ཚིག་གོ། །འདི་གསུམ་པོར་མ་ཧཱའི་རྩ་བ་ལྔ་ཡང་ངེས་པར་འདུ་བས་མདོ་སྒྱུ་གཉིས་གང་ཡང་རུང་བའི་དམ་ཚིག་རྣམ་པར་དག་པས་རྒྱུད་སྡོམ་པ་ནི་གཞིར་བཅས་པ་ཞིག་བསྐྱེད་རྫོགས་གང་བསྒོམ་པ་ལ་མེད་དུ་མི་རུང་བའི་ཡན་ལག་ཡིན་པས། རྩ་བ་གསུམ་པོ་སྟེང་དུ་ཡན་ལག་གི་དམ་ཚིག་ཉེར་ལྔ་སྟེ། དེ་ཡང་། ཤེས་བྱ་ལྟ་བའི་དམ་ཚིག་ལྔ། ཕུང་ལྔ། རིགས་ལྔ། འབྱུང་ལྔ། ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་ལྟ་བས་ཤེས་པར་བྱ་ལ། བསྒྲུབ་བྱ་སྒོམ་པའི་དམ་ཚིག་ལྔ། རིགས་ལྔའི་དཀྱིལ་འཁོར་གང་དུ་མོས་པའམ་མེ་ཏོག་ཕོག་པའི་རིགས་གང་རུང་གཙོ་བོར་སྒྲུབ་པའོ། །སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ་སྟེ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། མི་འདོར་བ་ལྔ་དང་བཅོ་ལྔ་པོ་ལྟ་བ་མ་འདྲེས་ཡོངས་རྫོགས་ཀྱི་རྩིས་ཟིན་པར་ཅི་རིགས་པར་སྤྱོད་པའོ། །གསུམ་པ་ཐག་ལྟ་བས་བཅད་པ་ལ། འདིར་མདོ་རང་གི་ལུགས་ཨ་ནུ་ཡོ་གའི་བཞེད་པ་སྟེ། མ་ཧཱ་དང་ཨ་ནུའི་ཁྱད་པར་ནི། མ་ཧཱ་ཡོ་ག་ཞེས་པ། སྤྲོས་པའི་ཐེག་པ་ཞེས། སྣང་བ་སེམས་དང་སེམས་ཀྱི་ངོ་བོ། ཡེ་ཤེས་དེའི་རོལ་པ་ལྷ་སྐུར་རྟོག་ཚོགས་རེ་རེ་ནས་དག་པ་སྦྱང་ཞིང་ལྟ་བས་ངེས་པ་བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ལྷུན་གྱིས་གྲུབ་པའི་བར་དུ་སྒོམ་པའི་སྤྱོད་པ་རྒྱས་པར་བསྟན་ལ། འདིར་ནི་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་གཏན་ལ་འབེབས་པ་སྟེ་དམ་པ་རིན་པོ་ཆེས། མ་ཧཱ་ཡོ་ག་བས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་ལྟ། ཨ་ནུ་ཡོ་ག་བས་སྣང་བ་སེམས་ཀྱི་རྩལ་དང་། ཨ་ཏི་ཡོ་ག་བས་སྣང་ཡང་ཡེ་ཤེས་ཤེས་སུ་ལྟ་བའི་ཁྱད་པར་ཡིན་གསུངས་པ་འདི་བཞིན་ངེས་ན་གོ་བ་འགང་ཆེ་ཤོས་ཡིན་པས། འདིར་དེ་བཞིན་དུ་ལྟ་བས་གཏན་ལ་འབེབས་པ་ལ། མདོ་པ་རང་གི་བཞེད་པ། དེ་ཡང་ཐོག་མ་སེམས་ཀྱི་ཆོས་ཉིད་ཡེ་ནས་གནས་པའི་གནས་ཚུལ་དང་། དེ་མ་རྟོགས་པར་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་པ་དེ་ཉིད་ལ་ཐུགས་རྗེ་ཡེ་ཤེས་ཀྱིས་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་དང་། སྐྱེས་ནས་གདུལ་བྱའི་དོན་མཛད་ཚུལ་དང་ལྔའོ། །དེ་དག་མ་འདྲེས་ཡོངས་རྫོགས་མཉམ་པ་ཆེན་པོར་བསྟན་པ་ནི་གྲུབ་མཐའོ། །དེ་ལྟར་མཚོན་ཚུལ་ལྔ་པོ་དཔེ་མཚོན་བྱ་བདག་ཉིད་ཆེན་པོ་སྟེ། སེམས་ཀྱི་གནས་ལུགས་སམ། རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་རྩ་བ་དེ་ལས་འཕྲོས་ཤིང་། དེའི་ངང་ལས་ལོགས་སུ་མ་གཡོས་པས། མདོ་དགོངས་འདུས་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །སངས་རྒྱས་བདེ་ཆེན་དེར་གཅིག་པས། །སྐྱེ་འགགས་མེད་པའི་སྙིང་པོ་ཡིན། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་ལྷུན་གྱིས་གྲུབ་པའོ། །ཞེས་པས། འགག་མེད་སྣང་ལུགས་ཀྱི་ངང་དུ་མ་འདྲེས་ལ། སྐྱེ་མེད་གནས་ལུགས་ཀྱི་ངང་དུ་ཡོངས་སུ་རྫོགས་པས། རང་བྱུང་ཡེ་ཤེས་སེམས་ཉིད་ཀྱི་སྟེང་ན་མཉམ་ཞིང་རྫོགས་པའི་གཏན་ཚིགས་ཀྱིས་ངེས་པར་འགོད་པ་སྟེ། སྤྱི་མདོ་ལས། རབ་འབྱམས་རྨད་དུ་གྲགས་པ་ཡི། །བཀའ་ཡི་རབ་བརྒྱུད་གྲགས་པ་ཉིད། །སྡེ་མཛོད་དམ་པའི་བཀའ་ལུང་རྣམས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་འདི་ལ་རྒྱུ་མཚན་གཏན་ཚིགས་དང་སྦྱར་བ་མདོ་ལེའུ་ཉེར་དགུ་དང་རེ་དྲུག་པ་ན་རྒྱས་པར་གསུངས་པས། དེའི་དོན་རྒྱས་པར་བསྟན་ན། ཐོག་མར་གཞི་ཡེ་ནས་གནས་པའི་གནས་ཚུལ་གསལ་བར་འཆད་པ་ལ། དཀྱིལ་འཁོར་ཅེས་པས། སྐྱེ་བ་མེད་པ་ནི་དཀྱིལ་ཡིན་ལ། འགགས་པ་མེད་པ་འཁོར་གྱིས་བསྐོར་བའོ། །དེ་ལ་ནང་གི་ལྡོག་པ་གསུམ་སྟེ། གཞི་ཅི་བཞིན་པའི་དཀྱིལ་འཁོར་སྐྱེ་བ་མེད་པ་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང་། འགགས་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དང་། དེ་གཉིས་སུ་མེད་པ་རྩ་བ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་ཅིང་། ཤེས་བྱ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཀུན་གྱི་གཞིར་གནས་པས་ཐམས་ཅད་ངོ་བོ་མཉམ་པ་ཉིད་རོ་གཅིག་པ་སྟེ་རིགས་གཅིག་པའི་དོན་ལ། རྫས་གཅིག་པར་གོ་བའི་དོན་མེད་དེ། འདི་ལྟ་བུ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་མཐར་ཐུགས་སངས་རྒྱས་ཐོབ་པ་ལས་མི་འདའ་བ་ཡིན་ནོ། །དེ་ལྟ་བུའི་སྙིང་པོ་ཇི་བཞིན་པར་ལྟ་བས་རྟོགས། སྒོམ་པས་བསྒོམ་ལ། སྤྱོད་པས་ལ་དོར་ནས་འབྲས་བུ་དཀྱིལ་འཁོར་གསུམ་དུ་སངས་རྒྱས་པར་ངེས་པ་ཚད་མས་གྲུབ་སྟེ། གཞི་ཇི་བཞིན་པ་སྐྱེ་བ་མེད་པའི་གནས་ལུགས་དེ་རྟོགས་ནས། བློས་བཅོས་བསླད་དང་བྲལ་བར་གོམས་པས་ཆོས་སྐུར་སངས་རྒྱས་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྩོལ་བ་མེད་པར་རང་སྣང་བ་འགགས་པ་མེད་པའི་ཡེ་ཤེས་སུ་རྟོགས་ནས་གོམས་པས་འགག་མེད་སྤྲུལ་སྐུར་སངས་རྒྱས་པ་དང་། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་རྟོགས་ནས་གོམས་པས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པ་ནི། མདོ་པ་རང་ལུགས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་བྲིས་པའོ། །དེ་ཡང་དགོངས་འདུས་ལས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགགས་མེད་པའི་སྙིང་པོ་སྟེ། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ཡང་གདུལ་བྱ་བློ་རིགས་སྣ་ཚོགས་ཞེན་བཅས་ཀྱི་རྟོག་པའི་མཚན་འཛིན་ཅན་ཡོད་པས། དེ་གྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་དང་གཞི་ཅི་བཞིན་པའི་དཀྱིལ་འཁོར་དུ་ངོ་སྤྲད། སངས་རྒྱས་བྱ་བ་བཟང་པོ་གཅིག་ལོགས་ན་ཡོད་པར་འཛིན་པའི་རྟོག་པ་ཡོད་པས། དེ་གྲོལ་བའི་ཕྱིར་སེམས་ཅན་དང་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ངོ་སྤྲད། སྣ་ཚོགས་གཉིས་འཛིན་གྱི་རྟོག་པ་ཅན་ཡོད་པས་དེ་གྲོལ་བའི་ཕྱིར། སེམས་ཅན་དང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པའོ། །དེ་དག་གི་རྒྱུ་མཚན་དང་བཅས་པ་འོག་ཏུ་ལུང་གསུམ་གྱིས་གཏན་ཚིགས་ཀྱིས་གཏན་ལ་འབེབས་པའོ། །གཉིས་པ་གཞི་དེ་མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་ནི། མདོ་ལེའུ་ཉེར་དགུ་པ་ལས། བདག་འཛིན་བདག་གི་རྟོག་པ་ཡིས། །ཕྱིན་ཅི་ལོག་སྟོབས་བཅུ་གཉིས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །ཅེས་དང་། ལེའུ་སོ་བཞི་པ་ལས། ཐམས་ཅད་ཀྱིས་རང་བཞིན་ཡེ་ནས་གནས་ཤིང་ཐམས་ཅད་ལ་ཁྱབ་ཀྱང་ཐམས་ཅད་ཀྱིས་མཐོང་བ་མ་ཡིན་ནོ། །ཞེས་དང་། ལེའུ་ང་གཅིག་པ་དང་། ང་ལྔ་པ་དང་། དོན་གསུམ་རྣམས་ཀྱིས་དང་། ལེའུ་ལྔ་པར་དེ་ལྟར་སངས་རྒྱས་ཀྱང་སེམས་ཅན་གྱིས་མི་མཐོང་བའི་རྒྱུ་མཚན་རྒྱས་པར། རྩ་བའི་སེམས་དང་། འཛིན་པའི་སེམས། རྒྱས་པའི་སེམས་གསུམ་གྱིས་མི་མཐོང་བའི་རྒྱུ་མཚན་རྒྱས་པར་བསྟན་པ་ཡིན་པས། དེ་ལ་རྩ་བའི་སེམས་ནི་ཀུན་གཞི་དང་། འཛིན་པའི་སེམས་ཉོན་མོངས་པའི་ཡིད་གཉིས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དང་། རྒྱས་པའི་སེམས་རྟེན་འབྲེལ་ལྷག་མ་རྣམས་དང་རྒྱས་པར་གསུངས་པས། ཆོས་རྗེ་དམ་པ་རིན་པོ་ཆེས། དང་པོ་ལྷན་ཅིག་པའི་མ་རིག་པས། སངས་རྒྱས་ཡིན་པ་ལ་དེར་མ་ཟད་ཀུན་བརྟགས་ཀྱི་མ་རིག་པས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་ཡུལ་དང་ཡུལ་ཅན་དུ་བཟུང་བ་དང་། དེའི་དབང་གིས་གཟུང་འཛིན་དང་། ཉོན་མོངས་རྒྱས་པར་འགྱུར་རོ། །གསུམ་པ་ཡང་དག་པའི་ལམ་དང་བྲལ་ཞིང་མ་རྟོགས་པ་དང་། ལོག་པར་རྟོགས་པའི་ཆོས་སྣ་ཚོགས་སུ་བཟུང་བས་འཁོར་བར་བརྒྱུད་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པའོ། །ཞེས་གསུངས་པས། དེ་ལྟར་ལེའུ་ཕྱི་མ་གསུམ་གྱི་ཁོང་ནས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པའི་ངོས་འཛིན་ཚུལ་དང་། ཐུན་མོང་རྟོག་པ་བརྒྱད་ཅུ་རྩ་གཅིག་ནི་ལམ་དང་གོལ་ས་ཐུན་མོང་དུ་བསྟན་པ་ལེའུ་བཅུ་དྲུག་པས་བསྟན། ཤེས་པའི་བྱེ་བྲག་དྲུག་གིས་ནི། ལམ་རང་གི་བསྒྲོད་ཚུལ་གྱི་གོལ་ས། ལེའུ་དྲུག་ཅུ་པའི་སྟོད། རེ་བརྒྱད་པས་བསྟན་པ་བཞིན་ངེས་བར་བྱས་ནས། དེ་ཡང་འཁོར་བའི་རྩ་བ་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ་ལ་གཉིས། མདོ་པ་རང་གི་ཆོས་སྐད་དུ། རྩ་བའི་མ་རིག་པ་དང་། རྐྱེན་གྱི་མ་རིག་པ་ཞེས་བྱའོ། །མདོ་ལེའུ་ཉེར་བདུན་པ་ལས། རྒྱུ་དང་རྐྱེན་གྱིས་མ་རིག་པས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་དང་། འདི་ལ་ཆོས་རྗེ་དམ་པ་རིན་པོ་ཆེས། ལྷན་ཅིག་བྱེད་དང་ཉེ་བར་ལེན། །མ་རིག་རྣམ་པ་གཉིས་མཐུ་ཡིས། །འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས། །ཞེན་མཐུས་རྨི་ལམ་བལྟས་པ་བཞིན། །ཞེས་པས། གསུང་གི་ཟུར་ལ་འདྲ་མིན་གཉིས་སུ་གསུངས་པས། ལྷན་སྐྱེས་དང་ཀུན་བརྟགས་གཉིས་གཞུང་སྤྱིའི་ཆོས་སྐད་ཡིན་ན་སྙམ་པ་རང་ཉིད་གཅིག་པུའི་རྣམ་རྟོག་གོ། །དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པའི་མཐུས་མ་རྟོགས་པ་ཡིན། གཞི་རང་བྱུང་གི་ཡེ་ཤེས་སངས་རྒྱས་སུ་གནས་ཀྱང་ངེས་ཤེས་མ་སྐྱེ་བའི་སེམས་ཡིན་ནོ། །དེ་ལ་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། རང་ངོ་རང་གིས་མ་ཤེས་པའི་ཤེས་པའོ། །དཔེར་ན་རྒྱལ་པོའི་ཕྲུ་གུ་འབངས་སུ་འཁྱམས་པ་ཡིན། འདི་ལ་ཆོས་རྗེ་དམ་པ་རིན་པོ་ཆེས། འབངས་འཁྱམས་སྟོང་ཐུན་གྱི་ངོ་སྤྲོད་ཞིག་སྔར་སི་ཏུ་རིན་པོ་ཆེའི་མདུན་ནས་ཐོབ་ཀྱང་དཔེ་ཆ་མེད་པས་རྙེད་ན་འདིར་གཞུག་པ་གལ་ཆེ། སྤྱོད་པ་རྡོ་རྗེ་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱང་། །མུན་པས་སྒྲིབ་པས་ངོ་མ་ཤེས། །ཞེས། དེ་ལྟར་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་རང་གིས་མ་ཤེས་པས་དེ་ཙམ་དུ་མི་སྡོད་པར། རྐྱེན་ཉེ་བར་ལེན་པའི་མ་རིག་པའི་མཐུས་ཡེ་ཤེས་ལ་ལོག་པར་རྟོག་སྟེ་གཟུང་འཛིན་སྣ་ཚོགས་སུ་སྣང་ནས་འཁྲུལ་ལོ། །དཔེར་ན་རྒྱལ་པོའི་ཕྲུ་གུ་དེ་ཡང་ལྟད་མོ་ལ་གཡེངས་པས་རང་གི་གནས་བརྗེད་དེ་འབངས་སུ་འཁྱམས་པ། རང་ངོ་མ་ཤེས་པ་ཙམ་ནས་མི་སྡོད་པར་ཟས་སུ་རྗེན་ཤ་ཟ། གོས་སུ་རེ་བ་གྱོན། ལག་གིས་ཁྱི་གནོད་ཀྱི་བེར་ཀ་ཐོགས་ནས། འབངས་ཕལ་པའི་སྤྱོད་ངན་སྣ་ཚོགས་བྱེད་དོ། །དེས་ན་རྐྱེན་ཉེ་བར་ལེན་པས་ཉོན་མོངས་པ་དུག་གསུམ་གྱིས་བསྐྱེད་པའི་ལས་དགེ་སྡིག་གཉིས་ཀྱིས་འབྲས་བུ་མཐོ་རིས་དང་ངན་སོང་དུ་འཕེན་པ་དེ། རྐྱེན་བཞིས་འཁྲུལ་པའི་སྟོབས་རྒྱས་པར་བྱེད་དོ། །དེ་ལ་རྐྱེན་བཞི་ནི། རྒྱུའི་རྐྱེན་ཀུན་གཞི་ལ་ཡོད་པའི་བག་ཆགས། དམིགས་པའི་རྐྱེན་ཡུལ་གཟུགས་ལ་སོགས་པའོ། །དེ་མ་ཐག་པའི་རྐྱེན་དབང་ཡུལ་རྣམ་ཤེས་ཚོགས་པའི་སྐད་ཅིག་མའོ། །བདག་པོའི་རྐྱེན་ཡིད་ཀྱི་ཤེས་པའོ། །དེས་ན་ཡིད་ཤེས་ཀྱིས་རང་བྱུང་གི་ཡེ་ཤེས་ངོ་མ་ཤེས་པ་དེ་ལ་མ་རིག་ཞེས་བྱའོ། །སྡུད་པ་ལས། སེམས་ཅན་འབྲིང་དང་ཐ་མ་མཆོག་གྱུར་ཇི་སྙེད་པ། །དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་ཀྱིས་གསུངས། །ཞེས་སོ། །འགྲོ་བ་ལ་གཉིས་རྒྱུད་དྲུག་ལས་ཀྱིས་འགྲོ་བ་དྲུག་གམ་རྒྱུད་ལྔའོ། །དབྱིངས་དང་ཡེ་ཤེས་སུ་འགྲོ་བ་ལམ་པའི་གང་ཟག་ལ་བརྟགས་པའོ། །དེས་ན་འཁྲུལ་ཤེས་དེ་མ་ཡིན་པ་ལ་དེར་འཛིན་པའོ། །ཞེས་པས། གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་ཤེས་པའོ། །སྣང་བ་ནི་ལམ་དང་ལོག་རྟོག་གི་བློ་ངོར་འཁྲུལ་གཟུགས་རྣམས་ཤར་བ་ནི་མེད་བཞིན་དུ་བདེན་པར་ཞེན་པའི་མཐུས་རྨི་ལམ་གྱི་མཐུ་བརྟས་པ་བཞིན་ཡིན་པར། མདོའི་དགོངས་པ་ཆོས་རྗེ་དམ་པ་རིན་པོ་ཆེ། འཁྲུལ་པ་དང་། སྣང་བ་དང་། ཤར་བ་གསུམ་གྱི་གསལ་བར་བསྟན་པས། དེ་ནས་རྒྱུད་ནམ་མཁའ་ཆེའི་ལུང་གི་དོན། སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །སྐྱེ་རྒ་ན་དང་འཆི་བ་དང་། །འཇིགས་ཆགས་སྟོང་གནས་བཞི་པ་ནི། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀ་འཁོར་བའོ། །ཞེས་སོ། །ཐ་ཚིག་ཞེས་པ་ནི། མཉམ་པ་ཉིད་ཀྱི་དོན་དང་བྲལ་བས་དེ་ལ་སྐྱོན་ཅི་ཡོད་ན་སྣང་བ་ལ་ཅི་ཤར་ཅི་སྣང་ཐམས་ཅད་འཁྲུལ་གཟུགས་ཤར་བ་ལས་མི་འདའ་བས་ཐ་ཚིག་གམ་དམ་ཚིག་གིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གཉིས་སོ། །དེ་དག་གིས་འཁོར་བའི་རྩ་བ་གང་ལ་ངོས་འཛིན་པ་དང་། སྡུག་བསྔལ་འཁོར་བའི་སྣང་བ་འཆར་ཚུལ་དང་བཅས། ཆོས་རྗེ་དམ་པ་རིན་པོ་ཆེའི་དགོངས་པ་ཐུན་མོང་མ་ཡིན་པ་བྲིས་པའོ། །དེས་ན་སེམས་བདེན་འཛིན་མ་རིག་པ་དང་། སེམས་རང་གི་ངོ་བོ་ཤེས་པ་དང་ཤེས་སྒྲིབ་གཞི་མཐུན་དུ་བཞེད་པ། གང་རུང་གསུམ་རང་གི་བཞེད་པ་ཐུན་མིན་ཡིན་པ་ཤིན་ཏུ་ངེས་པའི་གནད་གལ་པོ་ཆེ་ཡིན་པར་ཤེས་པར་བྱའོ། །དེས་ན་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱི་སྤང་བྱ་ཀུན་ཀུན་བརྟགས་དང་ལྷན་སྐྱེས་ཞེས་པ་ལ་ནོར་སོ་གཏན་མི་སྣང་བས་ཀུན་བཏགས་གྲུབ་མཐའ་བཞག་པ་དེ་ལ་གཏན་གོ་བར་མི་བྱའོ། །གསུམ་པ་སངས་རྒྱས་ཀྱི་གཟིགས་ཚུལ་ལ་གསུམ། དབྱེར་མེད་མཁྱེན་པས་མ་འདྲེས་ཡོངས་སུ་རྫོགས་པའི་གཟིགས་ཚུལ། ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཡེ་ཤེས་ཀྱི་ཡུལ་གདུལ་བྱ་གཟིགས་ཤིང་མཁྱེན་པར་མཛད་པ་དེ་ཡང་། ཡུལ་ཡུལ་ཅན་གྱི་རྣམ་པར་རྟོག་པ་མི་མངའ་བར། རྩོལ་བྲལ་གཉིས་མེད་ཀྱི་ངང་དེར་ས་ལེར་མཁྱེན་ཏེ་ཅིའི་ཕྱིར་ན། ཇི་སྙེད་མཁྱེན་པའི་ཡེ་ཤེས་མ་འདྲེས་པར་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པར་མཁྱེན་པའོ། །རྣམ་རྟོག་མི་མངའ་དུས་གསུམ་ས་ལེར་མཁྱེན། །དེ་ནི་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཡིན། །རྡོ་རྗེ་སེམས་དཔའམ་མཁྱེན་པའི་མཆོག་ཏུ་གསུངས། །ཞེས་པས། ཇི་སྙེད་མཁྱེན་པ་མ་འགགས་པར་གཟིགས་ཚུལ་ལ། གཟུང་འཛིན་གཉིས་ཀྱིས་ལོག་པར་རྟོག་ཅིང་། དེར་བཏགས་པའི་ཀུན་ཏུ་བརྟགས་པའི་མ་རིག་པའི་སྒྲིབ་པ་སྤང་བ་མཐར་ཕྱིན་པས་ཡེ་ཤེས་ལ་སྣང་ཞིང་མཁྱེན་པའི་རྒྱུ་མཚན། དེ་བཞིན་ཉིད་ཀྱི་གནས་ལུགས་ལས་མི་གཞན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་གདུལ་བྱའི་སྔོན་སྨོན་ལམ་འབྲེལ་པ་ཡོད་པའི་ཕྱིར། འགྲོ་དྲུག་ཏུ་གཟིགས་ནས་མཐོ་དམན་མ་ལུས་པར་སྣང་ཞིང་མཁྱེན་པའོ། །ལ་ཤན་ལས། ཆོས་རྣམསས་མ་ལུས་དག་གསལ་ཕྱིར། །ཡེ་ཤེས་རྣམ་གྲངས་བསམ་མི་ཁྱབ། །ཞེས་སོ། །ཇི་ལྟ་བས་སྐྱེ་མེད་དུ་གཟིགས་པའི་ཚུལ། དེ་ལྟར་དུ་མཁྱེན་ཡང་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཏེ། ཆོས་ཉིད་དབྱིངས་སུ་དབྱེར་མེད་ཀྱང་། །ཞེས་པའི་ཚིག་གིས། ལྷན་སྐྱེས་གཟུང་འཛིན་གྱི་མ་རིག་པ་མ་སྤང་ན་མི་ཕན་ཀྱང་། །སངས་རྒྱས་ཀྱི་ས་འདིར་ནི་མ་རིག་པ་དེ་སྤང་ཟིན་པས་ཡེ་ཤེས་ཀྱི་མཁྱེན་པ་ཡུལ་མེད་ཅིག་ཆར་དུ་མཁྱེན་པའོ། །ནམ་མཁའ་མཐའ་མཉམ་ལས། མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡིས། །གང་ཡང་མི་མཁྱེན་རང་གསལ་མཁྱེན། །མཐའ་དང་དབུས་སུ་མི་དམིགས་པས། །ཞེས་སོ། །དེ་ཡང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ནི། ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི་ངང་ལས་མ་གཡོས་བཞིན་དུ། ཤེས་བྱ་ཐམས་ཅད་མ་འདྲེས་པ་ཤྭ་མང་གི་སུལ་བཞིན་དུ་མཁྱེན་པ། ཕྱོགས་བཅུ་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞོན་ནུ་མ་ལ་པྲ་བབ་པ་བཞིན་དུ་རྟོག་མེད་རང་གསལ་དུ་མཁྱེན་པའོ། །བཞི་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། ཐུགས་སྤྲོས་པ་ཐམས་ཅད་བྲལ་བ། དགོངས་པ་སྤྲོ་བསྡུ་དང་འབྱུང་འཇུག་མི་མངའ་ཡང་གདུལ་བྱའི་ངོ་ག་ལ་རྟག་པ་རྒྱུན་གྱི་ཐུགས་རྗེ་ཆེན་པོ་ཆུ་བོའི་རྒྱུན་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས་རྗེ་སྐྱེས་པ་རྒྱུན་ཆད་མེད་པའོ། །རང་བཞིན་གྱི་ཐུགས་རྗེ་ཉི་མའི་འོད་ཟེར་ལྟར། རྒྱལ་བའི་ཐུགས་རྗེ་ལ་རྩོལ་རྟོག་དང་སྐྱོ་དུབ་མེད་པར་ངང་ངམ་ཤུགས་ཀྱིས་འབྱུང་བའོ། །རྒྱུད་ཀྱི་གླེང་གཞི་དང་སྦྱོར་ཡུལ་དང་འཕྲད་པའི་ཐུགས་རྗེས་ཕྱུག་པོ་ལ་སྤྲང་ལོང་གིས་སྨྲེ་ངག་འདོན་པ་བས། མཛེ་ཕོ་ལ་སྙིང་རྗེས་ལྷག་པར་སྟེར་བ་ལྟར། སྤྱིར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་ཡུལ་ཡིན་ཀྱང་། ཁྱད་པར་དུག་གསུམ་ལྷག་པ་རགས་པར་སྨིན་པ་རཱུ་དྲ་ལ་ཐུགས་རྗེ་ཁྱད་པར་ཅན་སྐྱེ་བ་ཡིན་ཏེ། རཱུ་དྲ་བཏུལ་ནས་དབང་བསྐུར་བའི་བར་གྱིས་ལེའུ་རྣམས་དང་སྦྱར་རོ། །བཞི་པ་བསྐུལ་ཞིང་གསོལ་བ་བཏབ་པའི་རྐྱེན་ནམ་ཤུགས་ཀྱིས་ཐུགས་རྗེས་ཕྱུག་པོས་སྡུག་ཕོངས་པ་ལ་སྟེར་བ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་དངོས་གྲུབ་བསྐུལ་ཞིང་གསོལ་བ་བཏབ་ན་ཐུགས་རྗེས་ཁྱད་པར་སྐྱེས་པ་སྟེ། རྒྱུད་ཀྱི་རྐྱེན་གླེང་བསླང་བ་དང་། བྱ་བ་རྒྱུའི་རྣལ་འབྱོར་རྒྱུད་ཀྱི་ལེའུ་དྲུག་པ། བརྒྱད་པ། དགུ་པ། བཅུ་གཉིས་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ། སོ་གཉིས། ང་བཞི། ང་ལྔ། ང་དྲུག །ང་བདུན། ང་དགུ། ལེའུ་ཐ་མ་རྣམས་དང་སྦྱར་རོ། །བྱེད་པ་རྐྱེན་གྱི་རྣལ་འབྱོར། ལེའུ་དགུ་པ། བཅུ་པ། སོ་བདུན། བཞི་བཅུ་ཞེ་བཞི། ཞེ་ལྔ། ང་ལྔ། དྲུག་ཅུ་པ། རེ་བརྒྱད་པ། རེ་དགུ་རྣམས་དང་སྦྱར། བྱ་བྲལ་འབྲས་བུའི་རྣལ་འབྱོར་ལམ་གྱི་མི་མཐུན་ཕྱོགས་གོལ་སྒྲིབ་དང་། ལམ་རང་གི་ངོ་བོ་དང་། ལམ་གྱི་ཆ་རྐྱེན་ཡན་ལག་རྣམས་ཀྱི་གོལ་ས། ལྟུང་བའི་སྒོ་རྣམས་ཀྱི་ལེའུ་ཉི་ཤུ་པ། ཉེར་གཅིག་པ། ཉེར་ལྔ་པ། སོ་དྲུག་པ་དང་། སོ་བདུན་པ། སོ་བརྒྱད་པ་རྣམས་ཀྱིས་སྟོན་པ་དང་སྦྱར། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས། རྒྱུད་ལེའུ་ང་གཅིག་པ་དང་། ང་ལྔ་པ་བདུན་པའི་ཁམས་དང་། དོན་གསུམ་པ་དང་སྦྱར། ཐུན་མོང་རྟོག་པ་བརྒྱད་ཅུ་རྩ་གཅིག་ནི། ལམ་དང་གོལ་ས་ཐུན་མོང་དུ་བསྟན་པ། རྒྱུད་ལེའུ་བཅུ་དྲུག་པས་བསྟན། ཤེས་པའི་བྱེ་བྲག་དྲུག་ནི། ལམ་རང་གི་བསྒྲོད་ཚུལ་གྱི་གོལ་ས་སྟེ། ལེའུ་དྲུག་ཅུའི་སྟོད་དང་། རེ་བརྒྱད་པས་སྟོན། ལམ་རང་གི་ངོ་བོ་ལ་གཉིས་ཏེ་སྔོན་བྱུང་སངས་རྒྱས་ཀྱི་མཛད་པའི་ལམ་དང་། རྗེས་འཇུག་རྣལ་འབྱོར་པས་སྒྲུབ་པའི་ལམ་སྟེ། སྔོན་བྱུང་རྒྱལ་ཚབ་སྐྱེས་བུ་ལྔས་གཞན་དོན་དུ་ལམ་བསྒྲོད་ཚུལ་དང་། རྒྱལ་བས་གཞན་དོན་དུ་ལམ་བསྒྲོད་ཚུལ། ཐབས་ལམ་གྱི་སྒོ་ནས་རཱུ་དྲ་རྒྱུད་སྦྱང་ཚུལ་ལོ། །དང་པོ་ནི། ལེའུ་དང་པོ་སྐུ་གསུམ་གྱི་འཁོར་རྣམས་དང་། བཅུ་གཅིག་པ་ནས་བཅུ་བཞི་པའི་བར་གྱིས་རིགས་ལྔ་ལམ་བསྒྲོད་ཚུལ་དང་། ཞེ་བརྒྱད་པ་ནས། ཡན་ལག་གི་གླེང་བསླང་འཁོར་གྱི་རྒྱུད་སྦྱང་ཚུལ་བསྟན། སུམ་ཅུ་པ་ནས་སོ་དགུ་བར་རཱུ་དྲ་ཐབས་ཀྱིས་དྲང་བ་ལྡེམ་དགོངས་སྦྱོར་བ་བཀྲི་དྲང་རྒྱུད་པའི་ཚིག་གིས་ཐབས་ལམ་སྟེང་འོག་གི་སྒོ་རྣམས་བསྟན། སྤྱིར་ལེའུ་ཉི་ཤུ་པ་ནས་སུམ་ཅུ་རྩ་གཅིག་པའི་བར་གྱིས་སྔོན་བྱུང་གི་སྦྱོར་སྒྲོལ་གྱི་ཐབས་རྗེས་འཇུག་གི་ལམ་དུ་འགྲོ་ཚུལ་དང་། དེའི་འཆད་ཚུལ་གྱིས་བཀྲི་དྲང་རྒྱུད་པ་ཐབས་ཀྱི་ལམ་ལྡེམ་དགོངས་སྦྱར་ཏེ་སྟོན། རྗེས་འཇུག་གི་ལམ་ལ་གཉིས་ཏེ། ཐུན་མོང་སྤྱི་ཡི་ལམ་ཆེན་དང་། ཁྱད་པར་འདི་ཉིད་ཀྱི་ལམ་གཉིས། དང་པོ་ལ་གསུམ། སྤྱོད་པའི་འདྲེན་སྒོ་དང་། གྲུབ་པ་ཐབས་ཀྱི་སྒོ་དང་། དངོས་པོའི་གསང་སྒོ་གསུམ་དུ་ཀུན་འདུས་རིག་པར་འཇུག་པའི་ལམ་ཡང་འདི་ལྟ་སྟེ། དམ་པས་གསུམ་དུ་གསལ་བར་བསྟན། །འདྲེན་པ་ཆེན་པོའི་སྡེ་སྣོད་དང་། །གྲུབ་པ་ཐབས་ཀྱི་འཇུག་སྒོ་དང་། །དམ་པ་ཆེན་པོའི་མཛོད་གསུམ་མོ། །ཞེས་པས། དེ་ཡང་དང་པོ་ནི། བློ་ཆུང་བ་རྣམས་ཐེག་པ་དགུ་རིམ་པར་བསྒྲོད་ནས་འབྲས་བུ་ལ་སྦྱོར་བའི་ལམ་མཚན་ཉིད་ཐེག་པ་གསུམ། བྱ་སྤྱོད་རྣལ་འབྱོར་གསུམ། ནང་རྒྱུད་གསུམ་མོ། །གཉིས་པ་ཁྱད་པར་འདི་ཉིད་ཀྱི་ལམ་ནི། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ཀྱི་ལམ་དང་། ཤེས་རབ་ཀྱི་ལམ་མོ། །དེ་ལ་ཐབས་ཀྱི་ལམ་ནི། ལེའུ་བཅུ་གསུམ་པ་རིགས་ཅན་ལ་དབང་བསྐུར་དང་། སུམ་ཅུ་པ་རཱུ་དྲྭ་ལ་དབང་བསྐུར་བ། བདུན་ཅུ་པ་བསླབ་པ་དབང་གི་ལེའུ། བདུན་ཅུ་རྩ་གཅིག་པ་ནས་ཐབས་དང་ཤེས་རབ་འབྲེལ་བ་རླུང་དང་ཐིག་ལེའི་གནད་རྣམས་སྟོན། ཡང་ན་རྒྱུད་དབུ་ཞབས་ཀྱི་དོན་རྣམས་སྔོན་གྱི་བྱུང་ཚུལ་བཅུ་གཉིས་དང་སྦྲེལ་ནས་དབང་བསྐུར་ཐབས་ཀྱིས་རྒྱུད་ཀྱི་གོ་བ་དབང་གི་ཁུངས་ནས་ངེས་པར་བྱེད་པ་དང་། སྤྱིར་ན་རྒྱུད་དབུ་ཞབས་ཀྱི་དོན། ཐབས་དང་ཤེས་རབ་ཀྱི་ལམ་གཉིས་ཀྱིས་ཁྱད་པར་ཤེས་དགོས་སོ། །ཤེས་རབ་ཀྱི་ལམ་ནི་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་གྱིས་དཀྱིལ་འཁོར་གསུམ་དུ་འཇུག་པ་སྟེ། ཇི་སྐད་དུ། དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེའི་རྗེས་སུ་འཇུག །ཅེས་པས་འཇུག་ཚུལ་གསུམ་སྟེ། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་དང་། དོན་གྱི་རྗེས་སུ་འཇུག་པ་དང་། ཡི་གེའི་རྗེས་སུ་འཇུག་པའོ། །དེ་ལ་ཡང་རིམ་གྱིས་དང་། ཅིག་ཆར་གྱིས་གང་ཟག་གི་འཇུག་ཚུལ་གཉིས་ཀྱི་དང་པོས་ནི། རྒྱལ་བས་གསུངས་པ་དམ་པ་ངེས་པའི་ལུང་། གསང་བའི་བདག་པོས་རྒྱུད་བྱུང་ཚུལ་བཅུ་གཉིས་ཀྱིས་གཏན་ལ་འབེབས་ཚུལ་གྱིས་རིག་པའི་གཏན་ཚིགས་རྣམས་ཀྱིས་རིམ་གྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྒྱུད་དོན་གཏན་ལ་འབེབས་པའོ། །གཉིས་པ་ངེས་པའི་དོན་གྱི་མན་ངག་ཚད་མས་རིམ་རྩོལ་མི་དགོས་པར་དཀྱིལ་འཁོར་གསུམ་དུ་ཡུལ་མེད་རང་གསལ་དུ་ཅིག་ཆར་དུ་གཏན་ལ་འབེབས་པ་རྒྱུད་འདིའི་ཨ་ཏི་ཡོ་གའི་དགོངས་པ་གསལ་བར་སྟོན་པ་གནུབས་ཆེན་པོའི་བསམ་གཏན་མིག་གི་སྒྲོན་མ་ལྟ་བུ་མན་ངག་གིས་གཏན་ལ་འབེབས་པའོ། །འདི་ལྟར་ཐབས་གྲོལ་གྱི་ལམ་གཉིས་པོ་ལ་ཅིག་ཆར་བའི་འཇུག་ཚུལ་གཅིག་གསུངས་པ་འདི་ཆོས་རྗེ་དམ་པ་རིན་པོ་ཆེའི་འདི་ལྟར་འབྱུང་སྲིད་པ་ཙམ་ལས་དཀའ་གསུངས་པས། དང་པོ་རིམ་གྱིས་པའི་འཇུག་ཚུལ་རྒྱུད་ལེའུ་བཅུ་བདུན་པ་དང་། སོ་བཞི་པ། སོ་བདུན་པའི་སྨད། ང་དགུ་བ་དང་། ང་དྲུག་པ་དང་། དྲུག་ཅུ་རྩ་ལྔ་པ་རྣམས་ཀྱི་ཤས་ཆེར་སྟོན། གཉིས་པ་ཅིག་ཆར་བའི་འཇུག་ཚུལ། རྒྱུད་ལེའུ་བཅོ་ལྔ་པ་དང་། ང་བཞི་པ་དང་། བརྒྱད་པ་དང་། དགུ་པ་ལ་ཤས་ཙམ་སྟོན། དོན་གྱི་རྗེས་སུ་འཇུག་པ་ནི། དོན་ལ་རིམ་དང་ཅིག་ཆར་གྱི་འཇུག་ཚུལ་གྱིས། དོན་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སྙིང་པོ་དེ། འཇུག་པ་རང་སེམས་ཀྱི་གནས་ཚུལ་རྙེད་པའོ། །དེ་ལ་གཉིས་ཏེ། རིམ་དང་ཅིག་ཆར་གྱི་འཇུག་ཚུལ་ལོ། །རིམ་གྱིས་འཇུག་པ་ལ་གསུམ། བློ་ཆེ་བའི་དབང་དུ་རྣལ་འབྱོར་ལྔ་བསྟན་པ་ལ། སྔོན་བྱུང་གི་ལེའུ་དང་པོ་ན་བསྟན། རྗེས་ཀྱི་ལམ་ནི། ལེའུ་དོན་གཅིག་པར་སྟོན། འབྲིང་པོའི་དབང་གིས་རྣལ་འབྱོར་བཅུ་རྒྱུད་ལེའུ་བརྒྱད་པ་ལྗོན་ཤིང་བསྐྱེད་རིམ་གྱི་ལེའུ་ན་སྟོན། ཐ་མའི་དབང་དུ་རྣལ་འབྱོར་སུམ་ཅུ་རྩ་བཞི། རྣལ་འབྱོར་བཞི་བཅུས་བསྒྲོད་ཚུལ་ལེའུ་དྲུག་ཅུ་པ་རྣལ་འབྱོར་སྒྲོན་མ་བསྟན་པ། མན་ངག་ངང་སྒོམ་གྱི་ཁྲིད་དུ་གསལ། དེ་ཡང་། དོན་གྱི་རྗེས་སུ་འཇུག་པའི་རིམ་དང་ཅིག་ཆར་བ་ནི། རྒྱུད་ལེའུ་རྫོགས་པ་དང་། ང་བཞི་པ་དང་། ང་དྲུག་པ་དང་། ང་བདུན་པ་སྟོན། ཡི་གེ་རྗེས་སུ་འཇུག་པའི་རྣལ་འབྱོར་ལ་གཉིས། རིམ་དང་ཅིག་ཆར་བའོ། །དང་པོ་ལ་གསུམ། བློ་ཆེ་བའི་དབང་དུ་རྣལ་འབྱོར་ལྔ། འབྲིང་པོའི་དོན་དུ་བཅུ། ཐ་མའི་དབང་དུ་རྣལ་འབྱོར་སུམ་ཅུ་རྩ་བཞི། ལམ་བཞི་བཅུས་ཉམས་སུ་ལེན་པ་རྣམས་གོང་དུ་གསལ། ཅིག་ཆར་བ་ནི། སྣང་བ་ཐམས་ཅད་ལྷ་སྐུའི་ཕྱག་རྒྱར་གཅིག་ཏུ་བསྒོམ་ནུས་པའོ། །ལེའུ་ཐ་མ་ལས། བརྟན་གཡོའི་དཀྱིལ་འཁོར་ཕྱག་རྒྱར་རྫོགས། །ཞེས་སོ། །དེ་དག་གིས་ལམ་རྐྱེན་སྒྲུབ་བྱེད་དང་། ཤེས་བྱེད་དང་། ཤེས་ནས་སྒྲུབ་དགོས་པའི་ཡན་ལག་རྣམས་གཞུང་རྣམས་དང་ལྷན་ཅིག་འཆད་པར་སྤྲོའོ། །དེ་དག་གིས་བསྐུར་ཞིང་གསོལ་བ་བཏབ་པའི་ཐུགས་རྗེས་ཇི་ལྟར་བསྐུལ་བའི་ཚུལ་བསྟན་ནས། ལྔ་པ་གཟིགས་ནས་དོན་མཛད་ཚུལ་ནི། དེས་ནི་སྔོན་བྱུང་དུ་དམ་པའི་རིགས་ཅན་དྲྭ་མ་ལྔས་གསོལ་བ་བཏབ་པས་ཆོས་འབྱུང་བ་གླེང་གཞི་དང་། རྐྱེན་གླེང་བསླང་བས་རྒྱུད་ཀྱི་ཆོས་འབྱུང་ཚུལ་དང་། རྗེས་འཇུག་གིས་གསོལ་བ་བཏབ་པས་གནས་སྐབས་ཐུན་མོང་གི་དངོས་གྲུབ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ཚུལ། རྣམས་སྔོན་གྱི་གླེང་གཞི་དང་སྦྱར་ན། གསང་བའི་བདག་པོས་སྟོན་པ་ལ་རྒྱུད་གསུངས་པར་གསོལ་བ་བཏབ་པས་གསུང་བར་ཞལ་གྱིས་བཞེས་ནས་རྒྱུད་གསུངས་པ་དང་། རཱུ་དྲས་གདུག་པའི་ང་རོ་ར་ལ་དང་རུ་ལུའི་སྐད་ཀྱིས་སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་ཏེ་རྒྱུད་སྦྱངས་ནས་འཕགས་པའི་ས་ལ་བཀོད་པ་དང་། རྒྱལ་པོ་ཛཿས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུའི་དོན་རྟོགས་ནས་གསོལ་བ་བཏབ་སྟེ་སྒྲུབ་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་། རིག་འཛིན་གྱི་ས་ལ་འཁོད་པ་རྣམས་སངས་རྒྱས་ཀྱི་ཐུགས་རྗེས་གཟིགས་ནས་འགྲོ་བའི་དོན་མཛད་ཚུལ་མཚོན་པ་ཡིན་པས། རྒྱུད་འདིར་ནི་ཀུན་ཏུ་བཟང་པོས་གདུལ་བྱའི་སེམས་ཅན་གཟིགས་ནས་དོན་མཛད་ཚུལ་གྱི་སྒོ་ནས་འཁོར་ལོར་རྒྱུན་གྱི་ཐེག་པ་དང་། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པ་གསུམ་གང་དང་གང་གིས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་མཛད་ཚུལ་གྱི། དང་པོ་ནི། ཁམས་གསུམ་དུ་གནས་པའི་སེམས་ཅན་རྣམས་ནི། འདོད་པ་ལ་ཞེན་པའི་གདུལ་བྱ་ཞེས་བྱ་སྟེ། འདོད་ཁམས་པ་འདོད་ཡོན་ལ་ཞེན། གཟུགས་ཁམས་པ་གཟུགས་དང་ཏིང་ངེ་འཛིན་གྱི་དགའ་བདེ་ལ་ཞེན། གཟུགས་མེད་པ་སྙོམས་འཇུག་གི་ཏིང་ངེ་འཛིན་ལ་ཞེན་པ་དང་། ཡང་ན་འཚོ་བའི་ཟས། བརྟེན་པའི་གནས། མཐུན་པའི་གྲོགས་ཀྱི་ཞེན་པ་གསུམ་གྱིས་འདོད་པ་དང་མ་བྲལ་བས་འདོད་ལ་ཞེན་པའི་གདུལ་བྱ་ཞེས་བྱ་བ་སྟེ། གདུལ་བྱ་ལ་ཆོས་འཁོར་རྒྱུན་གྱི་ཐེག་པས་འདུལ་བ། དེ་ཡང་ཡེ་ཐོག་མེད་པའི་དུས་ནས་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ། སྤྱི་མདོ་ལས། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། མ་བཅོས་རྟོག་བྲལ་ཡེ་ནས་གནས། །ཞེས་འབྱུང་བ་ཆེན་པོ་ལྔར་སྣང་བ། འདི་ཡང་ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀུན་ལ་ཁྱབ་པ་དོན་འགྱུར་བ་མེད་པ་རྟག་པ་རྒྱུན་གྱི་སངས་རྒྱས་ཡིན་ཏེ། འབྱུང་བ་ཆེན་པོ་ལྔའི་ངོ་བོ་སུས་ཀྱང་མ་བཅོས་རྟོག་པ་ཐམས་ཅད་དང་བྲལ་ཞིང་ཡེ་ནས་ཆོས་ཀྱི་དབྱིངས་སུ་དག་པས་སངས་པ་དང་། རྒྱས་པ་ཡིན་ཏེ། བཅོས་བསླད་དང་རྣམ་རྟོག་ཐམས་ཅད་དང་ངང་གིས་བྲལ་བའམ་བཅོམ་པ། གཞན་དོན་དུ་སངས་རྒྱས་ཀྱི་ཐུགས་རྗེས་འབྱུང་བ་ཆེན་པོ་ལྔས་ཟས་སྐོམ་ལ་སོགས་པ་དུས་རྟག་པ་རྒྱུན་དུ་འབྱུང་བའི་ཕྱིར་རྒྱས་པའམ་ལྡན་པ་ཡིན་ལ། སྣང་སྟོང་གི་མཐར་མི་གནས་པས་འདས་པ་ཞེས་བྱའོ། །དགོངས་འདུས་ལས། དེ་ཉིད་ཡེ་ནས་སངས་རྒྱས་ནི། །ནམ་མཁའ་རྣམ་པར་སྣང་མཛད་དང་། །ས་ནི་མི་གཡོ་རྡོ་རྗེ་ཡིན། །ཆུ་འདི་རིན་ཆེན་འབྱུང་ལྡན་ཉིད། །མེ་ནི་སྣང་བ་མཐའ་ཡས་ཡིས། །རླུང་ནི་ཀུན་བྱེད་གདོད་མའི་ས། །ཐམས་ཅད་སྟོང་པ་ཡེ་སངས་རྒྱས། །དེས་ཁྱབ་མ་འདྲེས་རྒྱས་པ་ནི། །མ་བཅོས་ཡེ་ནས་སངས་རྒྱས་པ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་སོ། །དཔེར་ཇི་ལྟར་སེམས་ཅན་གྱི་དོན་མཛད་ན། འཁོར་ལོ་རྒྱུན་གྱི་ཐེག་པ་འབྱུང་བ་ལྔ་པོ་དེས་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དང་པོ་སྐྱེ་བའི་རྒྱུ་བྱེད་ཅིང་། བར་དུ་འཚོ་བའི་ལོངས་སྤྱོད་ཀྱི་རྐྱེན་བྱེད་ནས་རྟེན་བྱེད་པའི་གནས་ལ་སོགས་པའི་དོན་ཇི་ལྟར་མཛད་ན་ཡང་། འབྱུང་བ་ལྔ་ཡི་ངོ་བོ་ལ་རྟོག་པ་མི་མངའ་བས་མི་རྟོག་པ་ཞེས་བྱའོ། །དེའི་ངང་ལ་སྐྱེ་འཚོ་རྟེན་གསུམ་གྱི་རྟེན་དགོས་འདོད་ཀུན་འབྱུང་བས་ན། ངང་ངམ་ཤུགས་ཀྱིས་རྒྱུན་ཆད་མེད་པའི་ཚུལ་གྱིས་བསྐལ་པའི་འཁོར་ལོ་གནས་པའོ། །དེས་བརྒྱུད་པའི་འབྲས་བུ་དུས་ནམ་ཞིག་ན། དང་པོ་ཕལ་པའི་སེམས་བརྒྱད་སྐྱེས་ནས། མཐར་ཐེག་པ་ཆེན་པོ་ལ་འཇུག་པའི་དཔེ་ས་བོན་ལྟ་བུའི་སེམས་དང་། མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུ་བདུན་དང་། གསོས་སུ་གྱུར་པ་ལྟ་བུའི་སེམས་དང་བརྒྱད་སྐྱེ་བ་སྟེ། དང་པོ་ནི། འདུན་པའི་ཤེས་པ་སོ་སོའི་སྐྱེ་བོའི་ས་ནས་འཁོར་བ་ལ་སྐྱོ་བ་སྐྱེ་ཞིང་། མྱང་འདས་ལ་དགའ་བའི་སེམས་སྐྱེས་ནས་ཆོས་བྱེད་སྙམ་པ་ནི་ས་བོན་ལྟ་བུའོ། །དེ་ནས་རང་གི་ཕ་མ་དང་། མཛའ་བཤེས་ལ་སྦྱིན་པ་གཏོང་བ་མྱུ་གུ་ལྟ་བུའི་སེམས་དང་། དེ་ལ་ཕྱོགས་རིས་མི་བྱེད་པར་གཏོང་བ་སྡོང་པོ་ལྟ་བུའི་སེམས་དང་། དགེ་སྦྱོང་ལ་སོགས་པའི་ཡུལ་ཐམས་ཅད་ལ་གཏོང་བ་ཡལ་ག་ལྟ་བུའི་སེམས་དང་། ལག་པ་བརྐྱང་ནས་གཏོང་བ་ལ་སྤྲོ་བ་ལོ་མ་ལྟ་བུའི་སེམས་དང་། ལྷུག་པར་གཏོང་བ་ལ་སྤྲོ་བ་ཆེར་བསྐྱེད་པ་མེ་ཏོག་ལྟ་བུའི་སེམས་དང་། བསྙེན་གནས་ལ་སོགས་པའི་སྡོམ་པ་སྣ་རེ་སྲུང་བ་འབྲས་བུ་ལྟ་བུའི་སེམས་དང་། མོས་པའི་ལྷ་དཀོན་མཆོག་གསུམ་ལ་མཆོད་པ་ནི་གསོས་སུ་གྱུར་པ་ལྟ་བུའི་སེམས་སོ། །ལམ་རིམ་ལས། ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །སྙིང་པོ་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལས་ལུང་གཉིས་ཐོབ། །ཞེས་འཁོར་ལོ་རྒྱུན་གྱི་ཐེག་པ་དེས་གདུལ་བྱ་ལ་ཕན་ཇི་ལྟར་ཐོགས་ན་སྐྱེ་འཚོ་རྟེན་གསུམ་གྱི་བྱ་བ་བྱས། བར་དུ་ཕལ་པའི་སེམས་བསྐྱེད་པ་དང་། མཐར་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་རུང་ནས། མཐར་དོན་དམ་ངེས་པའི་ཐེག་པ་ཉམས་སུ་བླངས་པས་མཐར་ཐུག་ཟག་པ་མེད་པའི་དབྱིངས་སུ་འཕགས་པའི་ལམ་ལ་བཀོད་པ་ནི་དེའི་བྱེད་ལས་སོ། །གཉིས་པ་གདུལ་དཀའ་དྲག་པོའི་གདུལ་བྱ་ལ། སངས་རྒྱས་རྣམས་ཀྱི་མཛད་པ་ཆོ་འཕྲུལ་མངོན་བྱུང་གི་ཐེག་པས་འདུལ་བ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་ཆོ་འཕྲུལ། ཕྱི་མེ་ཆུ་རླུང་གསུམ། ནང་ནད་མཚོན་མུ་གེ་གསུམ་གྱི་བསྐལ་པས་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་ངོར། ཚེ་ལོ་སུམ་ཅུའི་དུས་ན་ཟས་སྐོམ་ལ་ཆགས་ཤིང་ཞེན་པ་རྣམས་འདུལ་བ་པདྨ་ཧེ་རུ་ཀའི་ཕྲིན་ལས་མུ་གེའི་བསྐལ་པར་སྣང་ནས། ཟས་སྐོམ་གྱི་ཞེན་པ་རང་དབང་མེད་པར་གཅོད་པ་དང་། ཚེ་ལོ་ཉི་ཤུ་པའི་དུས་སུ་བུདྡྷ་ཧེ་རུ་ཀའི་ཕྲིན་ལས། གཏི་མུག་ཅན་གྱི་ངོར་ནད་ཀྱི་བསྐལ་པས་དྲན་པ་ཉམས་ཞིང་རྨོངས་པར་བྱེད་ཅིང་། ལུས་ཀྱི་ཞེན་པ་རང་དབང་མེད་པར་གཅོད། །ཚེ་ལོ་བཅུ་པའི་དུས་སུ་ཞེ་སྡང་ཅན་གྱི་ངོར་བཛྲ་ཧེ་རུ་ཀའི་ཕྲིན་ལས་མཚོན་གྱི་བསྐལ་པས་ཉེ་དུ་གཉེན་འབྲེལ་ལ་སོགས་པ་བདག་གི་བའི་དངོས་འཛིན་ཐམས་ཅད་དབང་མེད་དུ་གཅོད་པའོ། །དེ་དག་གི་དགོས་པ་ནི། རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་འཁོར་ལོ་བསྐོར་བས་མི་འདུལ་བའི་གདུལ་བྱ་དུག་གསུམ་རགས་པ་རྣམས། ཕྱི་ནང་གི་བསྐལ་པའི་འཁོར་ལོས་ལས་ངན་པ་རྒྱུན་གཅོད་ཅིང་རིམ་གྱིས་ཡང་དག་པའི་ལམ་ལ་འགོད་པར་མཛད་པ་ཐུགས་རྗེས་ནམ་ཡང་མི་གཏོང་བའི་ཕྲིན་ལས་མཛད་པའོ། །དེ་ལྟར་བཅུད་ཀྱི་སེམས་ཅན་རྣམས་ཀྱི་རྒྱུད་སྦྱང་ནས། སྣོད་སྦྱང་བ་ལ་བཅུད་ཀྱི་སེམས་ཅན་ངན་སོང་ནས་རིམ་གྱིས་སྟོང་སྟེ། ལྷ་དང་མི་རྣམས་ཀྱི་ཆོས་ཉིད་ཀྱི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་སེམས་རིམ་གྱིས་ཐོབ་ནས། དང་པོ་སངས་རྒྱས་ཀྱི་ལྷག་མཐོང་ངམ་སོ་སོར་རྟོག་པའི་ཡེ་ཤེས་སམ། པདྨ་ཧེ་རུ་ཀ་ཉིད་མེ་ཡི་བསྐལ་པར་སྣང་བས་དངོས་པོ་གཟུང་འཛིན་གཅིག་ནས་གཅིག་ཏུ་འབྲེལ་བའི་དྲྭ་བ་མ་ལུས་པ་མེའི་འཇིགས་པས་གཅོད་པར་བྱེད་དོ། །མངོན་པ་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །རྡོ་རྗེས་རླུང་གིས་འཇིགས་པ་ཡིན། །ཞེས་སོ། །དེའི་རྗེས་སུ་སངས་རྒྱས་ཀྱི་ཞི་གནས་སམ། མཉམ་པ་ཉིད་ཀྱི་ཡེ་ཤེས། རཏྣ་ཧེ་རུ་ཀ་ཉིད་ཆུ་ཡིས་འཇིགས་པའི་བསྐལ་པས་སེམས་ཅན་གྱི་རྟོག་དཔྱོད་ཀྱི་འཛིན་པའི་བག་ཆགས་ཐམས་ཅད་འཁྲུ་བར་བྱེད་དོ། །དེའི་རྗེས་སུ་སངས་རྒྱས་ཀྱི་ཕྲིན་ལས་སམ། བྱ་བ་གྲུབ་པའི་ཡེ་ཤེས། ཀརྨ་ཧེ་རུ་ཀ་ཉིད་གང་དུའང་ཐོགས་ཆགས་མེད་པ་རླུང་གི་འཇིགས་པས་བསྐལ་པས་ཤེས་བྱའི་དངོས་པོ་གང་སྣང་ཐམས་ཅད་ཐོགས་པ་མེད་པར་ཀུན་ཏུ་བསྐྱོད་ཅིང་གཏོར་བར་བྱེད་དོ། །དེ་ལྟར་མེ་འཇིག་གིས་བསམ་གཏན་དང་པོ་མན་ཆད། ཆུ་འཇིག་གིས་གཉིས་པ་མན་ཆད། རླུང་འཇིག་གིས་གསུམ་པ་མན་ཆད་འཇིགས་པར་བྱེད་དོ། །འདི་དག་གི་ཤེས་བྱེད་མདོ་རང་དང་། ཞི་ཁྲོ་ལྷ་རྒྱུད་ལས་རྒྱུས་པར་གསུངས་པས་དེར་ཤེས་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་ཐུགས་ཤེས་རབ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཤེས་སམ་བུདྡྷ་ཧེ་རུ་ཀ་ཉིད་ནམ་མཁའི་བསྐལ་པར་སྣང་བ་ཡིས་སྟོང་སྟེ་དངོས་པོར་སྐྱེ་བའི་མཚན་མའི་རྒས་རྒུད་ཏེ་སྐྱེ་རྒ་ན་འཆི་ཐམས་ཅད་སྟོང་པར་བྱེད་པའོ། །དེ་ལ་དགོས་པ་ཅི་ཡོད་ན། སྔར་གྱི་ལས་ངན་པའི་དྲི་མ་དག་ནས་ཕྱིས་ནས་འཇིག་རྟེན་ཆགས་ནས་སངས་རྒྱས་ཀྱི་གདུལ་བྱར་གྱུར་ནས་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་རུང་བར་མཛད་པའོ། །དེ་ལ་བསམ་གཏན་བཞི་པ་ཡན་ཆད་མི་འཇིགས་པ་དང་། འོག་མ་དག་འཇིགས་པའི་རྒྱུ་མཚན་ཆོ་འཕྲུལ་དེ་དག་གིས་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་རྒྱུད་སྦྱང་ནས་གཟོད་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་འགྱུར་བས། སངས་རྒྱས་ཀྱི་མཛད་པ་རྒྱུན་མི་ཆད་པར་སེམས་ཅན་གྱི་དོན་དུ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པ་མི་འགྱུར་ཏེ། །སོགས་དེ་དག་ལ་དགོངས་པའོ། །མདོ་རང་གི་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པའི་ལས་རྒྱུན་གཅོད་ཅིང་བསྟན་པའི་ཆེ་བའི་སྐབས་སུ་ཤེས་དགོས་པ་མང་ངོ་། །གསུམ་པ་ངེས་པར་འབྱུང་བའི་གདུལ་བྱའི་ངོར་དོན་དམ་ངེས་པའི་ཐེག་པའི་ཆོས་ཀྱི་འཁོར་ལོས་འདུལ་བར་མཛད་པ་སྟེ། སྲིད་པ་ཁམས་གསུམ་འཁོར་བས་བསྡུས་པའི་ཆོས་རྣམས་ནི། མ་རིག་པ་གཟུང་འཛིན་ལོག་པར་རྟོག་པའི་དབང་གིས། ལས་དང་ཉོན་མོངས་པས་སྡུག་བསྔལ་བ་དེ་ལས་ཐར་བར་འདོད་པའི་གང་ཟག་ལས་དང་སྐལ་བར་ལྡན་པ་རང་རང་གི་ངོ་སྐལ་དུ། དབང་པོ་ཐ་མ་ལ་མདོ་པ་རང་གི་ཆོས་སྐད་དུ། བྱ་བ་རྒྱུའི་རྣལ་འབྱོར་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ། དབང་འབྲིང་གི་དོན་དུ་བྱེད་པ་རྐྱེན་གྱི་རྣལ་འབྱོར་བྱ་སྤྱོད་རྣལ་འབྱོར་གསུམ། བློ་ཆེ་བའི་དོན་དུ་བྱ་བྲལ་འབྲས་བུའི་རྣལ་འབྱོར་ནང་རྒྱུད་གསུམ་སྟེ། དོན་དམ་ངེས་པའི་ཐེག་པ་རིམ་པ་དགུས་འདུལ་བར་མཛད་པས། དེ་དག་ལ་ནང་གི་དབྱེ་བ་བདུན་རེ་སྟེ། འཇུག་སྒོ་ལྟ་བ་ཏིང་འཛིན་དང་། །སྤྱོད་དང་ཚུལ་ཁྲིམས་ལས་དང་འབྲས་བུ་དག་དང་བདུན་དུ་ཤེས། །ཞེས་སོ། །དེ་དག་གི་གོམས་པ་ཤུགས་ཀྱིས་བསྟན་པ་ནི། སངས་རྒྱས་སྔ་མའི་བསྟན་པའི་མཇུག་ཏུ་ཡང་དག་པ་རིག་པའི་ཤེས་རབ་དང་བྲལ་བས། རང་གང་དགའ་བའི་ཕྱོགས་བཟུང་ནས། དེ་ལ་རྟོག་ཅིང་དཔྱོད་པའི་བྱེ་བྲག་གིས་མུ་སྟེགས་པའི་གྲུབ་མཐའ་མང་དུ་འཕེལ་བ་སྟེ། དམ་པ་རིན་པོ་ཆེས། འོད་སྲུང་བསྟན་པ་རྒས་པ་ན། བསྟན་པའི་སྙིགས་མར་གྱུར་པའི་ཚེ། །བསྟན་པ་དེ་ཡི་གཟུགས་བརྙན་ལ། །འཇུག་འདོད་གཡོ་ཅན་རློམ་བཅས་ཀྱིས། །ཤེས་རབ་གསུམ་ལ་མ་སྦྱང་བས། །བསྟན་པའི་དོན་ལ་རྟོག་དཔྱོད་བྱས། །བདེན་གཉིས་བརྗོད་བྱའི་དོན་མ་ཡིན། །ཟབ་མོའི་དོན་ལ་ཞེན་ཕྱོགས་དྲངས། །རིག་བྱེད་ལྷག་སྤྱོད་ལ་སོགས་པའི། །ལོག་པར་སྨྲ་བ་མང་དུ་བྱུང་། །ཞེས་པས། དེ་བཞིན་གཤེགས་པ་འོད་སྲུང་གི་བསྟན་པ་སྙིགས་ནས། བསྟན་པའི་གཟུགས་བརྙན་འཛིན་པ་རྟག་ཆད་གཉིས་ལས་བྱེ་བའི་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་དང་། དེ་ལས་གྱེས་པའི་ལྟ་བ་དང་། གྲུབ་མཐའ་འཛིན་པ་སུམ་བརྒྱ་དྲུག་ཅུར་བྱུང་ངོ་། །དེ་དག་གི་བསྟན་པའི་གཟུགས་བརྙན་འཛིན་པའི་མུ་སྟེགས་པ་དང་། བརྟེན་ལོག་འཆལ་བའི་མུ་སྟེགས་པ་ནི། སངས་རྒྱས་ཀྱི་བསྟན་པ་རྒས་པའི་དུས་སུ་ནང་དུ་ལུགས་བཞིན་མི་སྤྱོད་པ། ཕྱི་ནས་ཚུལ་འཆོས་གཟབ་པར་ཟེར་རོ། །ད་དུང་ཡང་སྤྲུལ་སྐུ་ཤཱཀྱ་སེངྒེའི་བསྟན་པ་རྒས་ཏེ་འཇིག་པ་ཉེ་བ་བསྙིགས་མ་ལྔ་བདོ་བ་དེང་སང་གི་དུས་ན། རྟགས་ཙམ་འཛིན་པའི་ནང་པ་སངས་རྒྱས་པའི་ནང་ན་ཆེས་མང་བར་གསུང་སྟེ། ལང་ཀར་གཤེགས་པ་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་དག་གི་གོས་བསྒོས་ཤིང་། །འབྲས་བུ་ཡོད་དང་མེད་སྨྲ་བའི། །བྱིས་པའི་གཟུགས་ཅན་རང་བཞིན་འབྱུང་། །འབྲས་བུ་མེད་སྨྲའི་ལྟ་ངན་གྱིས། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་དང་། ཆོས་ཀྱི་རྗེ་དམ་པ་རིན་པོ་ཆེས། ཤཱཀྱ་སེང་གེའི་བསྟན་པ་རྒས། །སྙིགས་མའི་དུས་ལ་དེང་སང་བབ། །རྟགས་ཙམ་འཛིན་པའི་འགྲོ་བ་དེ། །དེང་སང་ནང་པའི་ནང་ན་མང་། །ཞེས་པས། བདེ་བར་གཤེགས་པའི་གསུང་སྡེ་སྣོད་གསུམ་པ་རྒྱུད་སྡེ་བཞིའི་ཕྱོགས་ཕྲ་བ་ཙམ་གཅིག་འཛིན་པར་བྱེད་ཅིང་རྟག་ཆད་ཀྱི་མཐར་སོང་བའི་མུ་སྟེགས་པ་མགོ་སྙོམས་དགུར་གོལ་བར་བསྟན་པ་ནི། ཕྱོགས་ནི་ཅུང་ཟད་ནང་པའི་ཐེག་པ་དགུ་དང་མཐུན་ལ། ངོ་བོ་ལྟ་བ་དོན་ནོར་བས་ལོག་པར་སོང་བ་དགུ་སྟེ། རང་གི་འདོད་པའི་ཕྱོགས་ཀྱི་འཁྲུལ་པའི་ལམ་དུ་ཞུགས་ནས། དེ་ལ་ང་རྒྱལ་གྱིས་སྙེམས་པས་དེ་ལས་བཟློག་པར་དཀའ་བའོ། །དེ་ཡང་ལུང་ཕྱོགས་འཛིན་པའི་མུ་སྟེགས་པ་དེ་ལ་ཡང་། མདོ་སྐད་ཀྱིས་བྱེ་བྲག་རྣམ་པ་བཞི་སྟེ། གང་ཞེ་ན། ཉན་རང་གཉིས་ལས་གོལ་བའི་ཕྱི་རོལ་པ་དང་། བྱང་སེམས་ལས་གོལ་བའི་ཡང་དག་པ་དང་། ཕྱི་རྒྱུད་གསུམ་ལས་གོལ་བ་གསང་སྔགས་པ་དང་། ནང་པ་གསུམ་ལས་གོལ་བ་གསང་ཆེན་པ་དང་བཞི། འདི་དག་རེ་རེ་ལ་བྱེ་བྲག་གསུམ་གསུམ་དུ་ཕྱེ་སྟེ། ཐེག་པ་དགུ་ལས་གོལ་བའི་མུ་སྟེགས་པ་དགུའོ། །དེ་ཡང་ཉན་ཐོས་བྱེ་བྲག་པ་དང་། མདོ་སྡེ་པ་དང་། རང་སངས་རྒྱས་ཀྱི་ལྟ་བས་ལོག་པར་སོང་བ་མུ་སྟེགས་བྱེ་བྲག་པ་དང་། ཐ་སྙད་པ་དང་། རང་སྣང་ཕྱོགས་གཅིག་པ་ཞེས་པ་གསུམ་སྟེ། དང་པོ་ནི། བྱེ་བྲག་སྨྲ་བའི་དུས་གསུམ་རྫས་ཡོད་པ་དང་། གཟུང་བ་རྡུལ་ཕྲན་དང་། འཛིན་པ་སྐད་ཅིག་མའི་ཆ་ཕྲ་བ་ཡོད་པར་འདོད་པ་ལ་གོལ་ནས། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་རྟག་པར་འདོད། ཐ་སྙད་པ་ནི། ཉན་ཐོས་མདོ་སྡེ་པས་གཞལ་བྱ་འཇལ་བྱེད་ཀྱི་ཚད་མའི་འབྲེལ་པ་སྒྲུབ་པ་ལྟར་གོལ་ནས། གཟུང་བའི་ཡུལ་རྡུལ་འདུས་པའི་རང་བཞིན་པོ་ཏིའི་དྲས་ཁ་ལྟར་མ་རེག་ལ་རྟག་པར་འདོད། ནང་གི་སེམས་ནི། བྱེ་བྲག་པ་ལྟར། བདག་དེ་དག་པའི་ཕྱིར་ཤེས་པ་ཡུལ་ལ་མི་སྤྱོད་དེ་ལ་སེམས་འཛིན་པའོ། །རང་སྣང་ཕྱོགས་གཅིག་པ་ནི། རང་རྒྱལ་གྱི་ལྟ་བ་ལས་གོལ་ནས། ཕྱི་ཡུལ་ལ་རྟེན་དཔྱོད་མི་བྱེད་པར། སྡོད་པ་ཕྱལ་ཆད་དུ་དང་། ནང་འཛིན་པའི་སེམས་རིག་པའི་རྫས་སུ་གྲུབ་པ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཅིག་ཏུ་འདོད། གཅིག་པུ་དབེན་པར་གནས་པའོ། །ཡང་དག་པ་ནི། གོང་གི་ཕྱི་རོལ་པ་རྣམས་ལས་ལྷག་པར་འདོད་པས་ཡང་དག་པ་ཞེས་བྱ་སྟེ། མུ་སྟེགས་ཕྲ་བ་དང་། ཟབ་པ་དང་། རྒྱ་ཆེ་ཡངས་པ་གསུམ་མོ། །གང་ལས་ལོག་ན། སེམས་ཙམ་རྣམ་བདེན་དང་། རྣམ་རྫུན་པ་དང་། དབུ་མ་ཆེན་པོ་ལས། ལྟ་བ་ལོག་པ་སོང་བ་སྟེ། སྤྱོད་པ་ཕྱོགས་མཐུན་ཙམ་ལ་ཞུགས། ལྟ་བ་ཆ་མཐུན་གྱིས་ལོག་པར་སོང་བ་སྟེ། ཕྲ་བ་པ་ནི་རྣམ་བདེན་པ་ལས་གོལ་བ། སེམས་ནང་གི་བདག་རྟག་པས་ཡུལ་བྱེད་པ་དང་བྱེད་མཁན་གྱི་ངོ་བོ་བདེན་པར་འདོད། གཞན་ཡང་ཡུལ་དུ་སྣང་བ་འབྱུང་བཞི་སེམས་ཡོད་དུ་སྒྲུབ་པའོ། །ཟབ་པ་ནི་རྣམ་རྫུན་པ་ལས་གོལ་བ་སྟེ། ཕྱི་ཡུལ་གྱི་རྣམ་རྫུན་དེ་ཆད་ལྟ་ལ་ཤོར། ནང་འཛིན་པའི་སེམས་རང་རིག་རང་གསལ་དཀར་འཚེར་སྣུམ་ལ་འདྲིལ་བ་ཆེ་ཆུང་གི་ཚད་རང་གི་ལུས་དང་སྦྱར་བ་ཞིག་ཡོད་པར་འདོད། རྒྱ་ཆེ་ཡངས་པ་ནི་དབུ་མ་ཆེན་པོའི་ལྟ་བ་ལས་གོལ་བ། སེམས་ཅན་གྱི་ཤེས་རྒྱུད་ཐམས་ཅད་བདག་ཆེན་པོ་གཅིག་ཡིན་གྱི། དེ་ཡང་རིག་པ་མུ་མཐའ་མེད་ཅིང་དངོས་པོ་ཡོད་མེད་ལས་གྲོལ་མ་འགྲོ་བ་ཀུན་ལ་གཉིས་སུ་མེད་པར་ཁྱབ་པའི་བདག་རྟག་པ་ཆེན་པོ་གཅིག་ཡིན་ལ། སེམས་རྒྱུད་ཐ་དད་པར་སྣང་བ་ནི། སྲོག་ལུས་དུ་མར་འཁྲུལ་པའི་དབང་གིས། བདག་གཞན་ཐ་དད་དུ་བཟུང་བའོ། །དཔེར་ན་སྤྱིར་ནམ་མཁའ་ཆེན་པོ་སྣོད་ཐ་དད་པའི་ནང་དུ་སྣང་བ་བཞིན་ཕྱིས་གཅིག་པར་འདོད་པའོ། །དེ་ཡང་སེམས་ཅན་ལ་བྱམས་པ་དང་། སྙིང་རྗེ་ཅུང་ཟད་སྒོམ། གཞན་ལ་གནོད་འཚེ་སྤང་བས་རྐང་པར་དྲིལ་གཡེར་འདོགས་པའོ། །དེ་དག་གིས་བདག་གཉིས་སྤང་བའི་ལམ་མེད་པའོ། །ཕྱི་རྒྱུད་གསུམ་ལས་ཆ་མཐུན་པར་ལོག་པ་གསང་སྔགས་ལས་གོལ་བས། གསང་སྔགས་པ་ཞེས་བྱ་སྟེ། དེ་ལ་གསུམ་རིག་བྱེད་པ་དང་། རིག་སྤྱོད་པ་དང་། རིག་སྦྱོར་བའོ། །ལྟ་བ་སྤྱོད་པ་སྒོམ་པ་གཙོ་བོར་སྤྱོད་པའི་བྱ་སྤྱོད་རྣལ་འབྱོར་གསུམ་ལས་ལོག་པ་སྟེ། དང་པོ་རིག་བྱེད་པ་ཀྲི་ཡ་ལྷ་དྲུག་གིས་བསྐྱེད་པ་ལས་གོལ་ཏེ། འཇིག་རྟེན་གྱི་བྱེད་པོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་ཡེ་ནས་ཡོད་པའི་རྟག་པ་ཚངས་པ་ཆེན་པོས་སྤྲུལ་པར་འདོད་པ་རྟག་ལྟའི་བྱེ་བྲག་གོ། །རིག་སྤྱོད་པ་ནི། སྤྱོད་རྒྱུད་ལས་གོལ་ཏེ། འཇིག་རྟེན་འདི་དག་ཁྱབ་འཇུག་གི་བྱས་པས་བྱེད་པོ་རྟག་པ་གཅིག་པུ་འདོད་དེ། ཁྱབ་འཇུག་གི་འཇུག་པའི་སྤྲུལ་པ་བཅུས་སྤྲུལ་བར་འདོད། རིག་སྦྱོར་བ་ནི། ལྟ་བ་ནི་རྒྱུ་རྐྱེན་དང་བྲལ་བའི་ཡེ་གྲུབ་པ་ཆེན་པོའམ། ཁ་གཅིག་དབང་ཕྱུག་གིས་སྣོད་བཅུད་འདི་དག་བྱས་པས་དེའི་གོ་འཕང་ཐོབ་པར་བྱེད་དགོས་པར་འདོད། རིག་བྱེད་ཀྱི་གཞུང་འདོན་པ་དང་། ཁྲུས་དང་གཙང་སྦྲ་དང་། དཀའ་ཐུབ་ལ་བརྩོན་པའོ། །གསང་སྔགས་ནང་པ་གསུམ་ལས་གོལ་བའི་མུ་སྟེགས་པ་གསུམ་ནི། བཅུ་དྲུག་བཀླག་ཆེར་སྤྱོད་པ་དང་། རྒྱལ་དཔོག་པ་དང་། རྒྱལ་ཐོབ་པ་གསུམ་མོ། །གང་ལས་འཁྲུལ་ན། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས་གོལ་བའོ། །ཇི་ལྟར་གོལ་ན། ལྟ་བ་སྤྱོད་པ་ཏིང་ངེ་འཛིན་གསུམ་ལས་འདྲ་མཐུན་གྱིས་གོལ་བའོ། །དང་པོ་བཀླག་ཆེར་སྤྱོད་པས་ནི། རྟག་པ་ཡེ་གྲུབ་ཀྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་སྟེ། དེ་ནི་སྣོད་བཅུད་འདི་དག་གི་བྱེད་པོ་ཡིན་ཏེ། ཕོར་སྣང་བ་ཐམས་ཅད་ཡབ་ཀྱིས་བྱིན་བརླབས། མོར་སྣང་བ་ཐམས་ཅད་ཡུམ་གྱིས་བྱིན་རླབས། སྐྱེ་གནས་བཞིའི་སེམས་ཅན་རྣམས་ནི་གཉིས་ཀའི་བྱིན་བརླབས་ཏེ། ཡབ་ཡུམ་རྒྱུན་ཆད་མེད་པར་འདོད་པ་སྤྱོད་པ་ལས། བུ་ཆེ་བ་རྣམས་ནི་ལྷ་ཆེན་པོ་རྣམས་དང་། འབྲིང་བ་གཟའ་དང་སྐར་མ་རྣམས་དང་། ཆུང་བ་ཚྭ་དང་སྒོག་པ་ལ་སོགས་པའི་བེམ་པོ་ནུས་པ་ཅན་རྣམས་སུ་སྣང་བས། འཛིན་བྱེད་འདི་དག་ནི། རྟག་པ་ཆེན་པོ་ལས་བྱུང་བས་རྟག་པ་ཉིད་དོ། །དེའི་སྤྱོད་པ་ནི། སྦྱོར་བའི་མཆོད་པ་ཕོ་མོ་མང་པོ་འགྲོགས་པ་དང་། སྒྲོལ་བའི་མཆོད་པ་སེམས་ཅན་མང་པོའི་སྲོག་གཅོད་ནས་ཤ་ཁྲག་གིས་དབང་ཕྱུག་ཆེན་པོར་མཆོད། ཏིང་ངེ་འཛིན་རྩ་གསུམ་འཁོར་ལོ་བཞིར་རླུང་དང་ཐིག་ལེ་རང་རྒྱུད་དུ་བསྒོམ་ནས་བདག་རྟག་པ་མངོན་དུ་གྱུར་ཏེ་ཐུན་མོང་གི་དངོས་གྲུབ་ཕྲ་མོ་ཐོབ་ནས་དབང་ཕྱུག་ཆེན་པོའི་འཁོར་དུ་སྐྱེ་བར་འདོད་པའོ། །དེ་དག་གི་སྤྱོད་པ་ནི། མཐོ་རིས་མི་ཐོབ་པའི་སྟེང་རང་གཞན་གྱི་རྒྱུད་ཆུད་ཟོས་ནས་ངན་སོང་གསུམ་དུ་ལྟུང་བ་ཤས་མང་ངོ་། །གཉིས་པ་མུ་སྟེགས་རྒྱལ་དཔོག་པ་ནི། ཨ་ནུ་ཡོ་ག་ལས་ཆ་མཐུན་ཙམ་གྱི་འཁྲུལ་ཏེ། ཨ་ནུའི་ལྟ་བ་ཆོས་དབྱིངས་ནམ་མཁའ་ལྟ་བུ་མུ་མེད་པས་གོལ་གཞི་བྱས་ནས་གཙོ་བོ་ཞེས་བྱ་བེམ་པོ་སྣོད་བཅུད་ཀྱི་བྱེད་པ་པོ། ནང་རང་བྱུང་གི་ཡེ་ཤེས་ལ་འཁྲུལ་ནས་ནང་གི་སྐྱེས་བུ་ཞེས་བྱ་བ་ཤེས་ཤིང་རིག་པ་རྟག་པ་བརྟན་པ་འགྱུར་བ་མེད་པ་གཙོ་བོས་སྤྲུལ་པའི་གཟུགས་སྒྲ་ལ་སོགས་པར་ལོངས་སྤྱོད་པ་གཙོ་བོ་དང་། སྐྱེས་བུ་དབྱེར་མེད་པ་ཞེས་ཟབ་ཟབ་ཕྲ་བའི་ཚུལ་དུ་སྨྲ་ཡང་། བདག་མེད་པའི་དོན་མ་རྟོགས་པས་འཁོར་བར་འཁྱམས་པས་གོལ་བའི་རྣམ་གྲངས་སྔར་བྱུང་བ་དང་། ཕྱིས་ཀྱང་འབྱུང་བ་མང་བའི་ཚུལ་དམ་པ་རིན་པོ་ཆེའི་ཐེག་སྤྱི་ལས་ངེས་པར་བྱའོ། །གསུམ་པ་མུ་སྟེགས་རྒྱལ་ཐབས་པ་ནི། ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་པ་གསུམ་ལས་ཆ་མཐུན་པར་ཕྱོགས་གཅིག་ཏུ་འཁྲུལ་པ་སྟེ། བདེན་གཉིས་ལ་ལོག་པར་རྟོག་ཅིང་བདག་གསང་བར་སྨྲ་བ་སྟེ། འདིའི་ལྟ་བ་ནི། ཀུན་རྫོབ་སྒྱུ་མ་ཡིན་ཟེར་ཡང་། དེ་རང་རྒྱུད་དུ་སོང་། ཀུན་རྫོབ་དེའི་རྟེན། རྟེན་འབྲེལ་རང་རྒྱུད་ཐ་མལ་དུ་འདོད་པ་ཡིན་ཏེ། རྫོགས་ཆེན་ལས། སོ་མ་མ་བཅོས་དེ་ག་ཡིན་ཟེར་བའི་དོན་ལས་གོལ་བ་དང་། དོན་དམ་ལ་ཀུན་རྫོབ་ཀྱི་རྟེན་མེད། དོན་དམ་པ་ལ་ཡང་ཅི་ཡང་མེད་ཀྱི་སྟོང་པ་ཕྱང་ཆད་དུ་སོང་། གང་ཟག་སོ་སོའི་སེམས་ཀྱི་རང་བཞིན་ལ་བདག་བྱ་བ་གཅིག་ཡོད་ལ་དྲུག །རྒྱུད་ལེའུ་ཞེ་བདུན་པ་ལས། རྒྱུའི་ཡན་ལག་གླེང་གཞི། འབྱེད་པའི་ཡན་ལག་གླེང་བསླང་བ་དང་གཉིས་ནི་རྒྱུད་ལེའུ་ཞེས་བརྒྱད་པས་བསྟན། འགྲེལ་པ་དགོས་ཆེད་ཀྱི་ཡན་ལག་རྒྱུད་ལེའུ་ཞེ་དགུ་པས་བསྟན། འདྲེན་པ་ཚིག་གི་ཡན་ལག་རྒྱུད་ལེའུ་ལྔ་བཅུ་པས་བསྟན། ངེས་པའི་ཡན་ལག་རྒྱུད་ལེའུ་ང་གཅིག་པས་བསྟན། སྦྱོར་བའི་ཡན་ལག་རྒྱུད་ལེའུ་ང་གཉིས་པས་བསྟན། དགྲོལ་བའི་མདོ་བཞི་རྒྱུད་ལེའུ་ང་གསུམ་པས་བསྟན། འབྱིན་པའི་རྩ་བ་གསུམ་ལས། མཚོན་པ་དཔེའི་རྩ་བ་རྒྱུད་ལེའུ་ང་བཞི་པས་བསྟན། མི་མཐུན་སྐྱོན་གྱི་རྩ་བ་རྒྱུད་ལེའུ་ང་ལྔ་པས་བསྟན། དེ་ཁོ་ན་ཉིད་ངེས་པ་རྩ་བ་ལེའུ་ང་དྲུག་པས་བསྟན། རྒྱུད་སྒོ་དྲུག་སྒོ་གཉིས་སུ་བསྡུས་ཏེ། བྱིན་བརླབས་འབྱུང་བའི་བརྒྱུད་པ་བསྟན་པའི་སྒོ་གོང་དུ་བསྟན་ནས། འདིར་ནི་གཉིས་པ་ལུང་བསྟན་བརྒྱུད་པའི་བསྟན་པའི་སྒོ་ལ་ནང་གསེས་བཞི། དང་པོ་གཞན་ལས་འཕགས་པའི་ཆེ་བ། རྒྱུད་ལེའུ་རེ་དྲུག་པ་ལས་ཆེ་བ་བདུན་བསྟན། སྣོད་གང་གི་སྤྱོད་ཡུལ་ཡིན་པ་སྣོད་སྐྱོན་བཞི་དང་བྲལ་བའི་སྐྱེས་བུ་བློ་གྲོས་ཟབ་པ་དང་། ཤིན་ཏུ་ཟབ་པ་དང་། ཞིབ་པ་དང་། ཤིན་ཏུ་ཞིབ་པའི་སྤྱོད་ཡུལ་ཡིན་པ་རྒྱུད་ལེའུ་རེ་དྲུག་པ་དང་། རེ་བདུན་པ་གཉིས་སུ་གསལ་བར་བསྟན་ནོ། །དེ་སྐབས་ཀྱིས་ཐོས་བསམ་གྱི་ཤེས་རབ་ཀྱི་གནས་མ་ངེས་པ་བསྐྱེད་པ་སྤྱིར་བསྟན་ནས། ད་ནི་ཁྱད་པར་ཅན་གྱི་ལུང་གསུམ་གྱིས་རྒྱུད་ཀྱི་དོན་གཏན་ལ་འབེབས་པ་སྟེ། ཆོས་རྗེ་དམ་པ་རིན་པོ་ཆེས། ཤེས་རབ་གསུམ་གྱིས་རྒྱུད་སྦྱང་སྟེ། །རྒྱུ་རྐྱེན་དྲུག་ལ་མེ་ལྟར་གཡོ། །གཏན་ཚིགས་ས་གསུམ་ལ་བློ་གདལ་བས། །སྲིད་པའི་ཆོས་རྣམས་རང་སར་གྲོལ། །ཉོན་མོངས་སྡུག་བསྔལ་ཤུགས་ཀྱིས་ཞི། །ཞེས་ཐོས་བསམ་གྱི་ཤེས་རབ་བསྐྱེད་པ་ལ། རྒྱུ་གཉིས་དང་རྐྱེན་དྲུག་གིས་གཏན་ཚིགས་གསུམ་ལ་སྒྲོ་འདོགས་བཅད་ནས། དེ་གོམས་པས་སྲིད་པའི་རྩ་བ་བདེན་འཛིན་གྱི་རྟོག་པས་བསྡུས་པའི་ཆོས་རྣམས་ཀྱི་འཛིན་པ་ཞི་བས། དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་ཐམས་ཅད་ཤུགས་ཀྱིས་ཞི་ནས་འབྲས་བུ་སངས་རྒྱས་ལ་སྦྱོར་བའི་རྒྱུ་འབྲས་ངེས་པར་སྒྲུབ་པ་དེ་བཞིན་དུ། འདིར་ནི་དང་པོ་སྣང་བ་སེམས་ཀྱི་ལུང་གིས་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ཀུན་སྣང་ཙམ་ཉིད་ནས། ངོ་བོ་མ་སྐྱེས་པས་མཚན་མར་མི་དམིགས་དངོས་པོར་མི་དམིགས་མཐའ་སྤྲོས་པ་ཐམས་ཅད་དང་བྲལ་བ་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དུ་ངེས་པ་འདྲེན་པ་སྟེ། ལ་ཤན་ལས། གང་ཡང་སེམས་ལས་གཞན་མིན་པས། །རང་བཞིན་ཅི་ཡང་མ་ཡིན་ཕྱིར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཀུན་ཏུ་བཟང་པོའི་མཁའ་དབྱིངས་ཀློང་། །ཅི་ཡང་སྣང་བ་ཡུམ་གྱི་དབྱིངས། །ཞེས་པས། འདི་གཏན་ཚིགས་སུ་འགོད་ན། དང་པོ་སྣང་བ་སེམས་ཀྱི་ལུང་འདིས་ལོག་རྟོག་མ་དག་པའི་གཟུང་འཛིན་རྟོག་པ་དངོས་པོ་བདེན་པར་གྲུབ་པར་འཛིན་པའི་ཞེན་པ་ཅན་གྱི་ངོར། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། རྒྱུ་སེམས་ཀྱི་ལུང་གིས་རིགས་གཅིག་པ་ཡིན་ཏེ། དབྱིངས་སྟོང་པ་ཉིད་ལས་གཞན་དུ་མ་དམིགས་པའི་ཕྱིར། དཔེར་ན་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྣང་བ་བཞིན་ནོ། །རླབས་ཇི་ལྟར་འཕྱོ་ཡང་ཆུ་ལས་གཞན་དུ་མ་དམིགས་པ་བཞིན་ནོ། །འདི་ལ་ཁྱབ་པ་ཚད་མས་གྲུབ་ལ། གཏན་ཚིགས་སྒྲུབ་ན། ནང་པ་རྣམས་ཀྱིས་སྣང་བ་ནི། སེམས་མ་དག་པ་ལས་འབྱུང་བར་འདོད་དགོས་ལ། སེམས་ལ་ཡང་ཕྲ་རགས་ཡོད་པར་ནི་འདོད་དགོས་ལ། དེ་ཡང་སེམས་མེད་པའི་གནས་སྐབས་ན་ཡང་སེམས་ཡུལ་དང་འཛིན་པ་མེད་པའི་ཕྲ་བ་སེམས་ཀྱི་ཡིན་ལུགས་ཞིག་ཡོད་པར་འདོད་དགོས་ཏེ། རྣམ་འགྲེལ་ལས། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །གསུངས་པ་བཞིན་ནོ། །དེས་ན་ཡུལ་འཛིན་བྱེད་དུ་སྐྱེས་པའི་ཤེས་པ་མ་དག་པ་ཡིན་པ་དེ་དང་བྲལ་བ་ནི་དག་པར་འདོད་པའི་རྒྱུ་མཚན་གསུམ་གྱིས་ཡུལ་ཅན་འོད་གསལ་ཡེ་ཤེས་དག་པ་ཞིག་ཡོད་པར་གྲུབ་ལ། དེ་གྲུབ་ན་དེའི་ཡུལ་སྟོང་པ་ཉིད་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་སྐྱེ་བ་མེད་པར་གྲུབ་པས། དེ་ལས་ཆོས་ཐམས་ཅད་འདའ་བ་མེད་པར་ཆོས་ཉིད་ཀྱི་རིག་པས་གྲུབ་བོ། །མཐུན་དཔེ་ལ་སྤྱིར་བུམ་པ་བྱས་པ་དང་མི་རྟག་པར་གྲུབ་ན། སྒྲ་ཡང་དེ་དང་མཚུངས་པར་གྲུབ་པ་བཞིན་འོག་མིན་གྱི་ལོངས་སྤྱོད་སོགས་ཡེ་ཤེས་སམ་སེམས་ཀྱི་གདངས་དང་རོལ་པ་ཡིན་པའི་མཐུན་དཔེ་གྲུབ་བོ། །དེ་ཡང་གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་དབྱིངས་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཅེས་སོ། །གཉིས་པ་སྲིད་པ་ཡེ་ཤེས་ཀྱི་ལུང་གིས་རོལ་པ་འགགས་པ་མེད་པར་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་གཏན་ལ་འབེབས་པ་སྟེ། དེ་ཡང་ཡ་ཀི་བླ་མེད་སངས་རྒྱས་མན་ཆད་དང་། མ་གི་ན་རག་དམྱལ་ཁམས་ཡན་ཆད་ཀྱི། ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་དུ་སྣང་བ་དང་། ཕྲ་བ་རྡུལ་ཕྲན། རགས་པ་རི་རབ་འབྱུང་བ་བཞི། སེམས་དང་སེམས་བྱུང་ལས་དཀར་ནག་ལ་སོགས་པར། རྣམ་པ་མ་འགགས་པར་བྱེ་བྲག་ཅིར་ཡང་སྣང་བ་ཐམས་ཅད་རོལ་པ་འགགས་པ་མེད་པར་ཤར་བ་སྟེ། ལ་ཤན་ལས། རྗེས་ལ་ཐོབ་འཇུག་རྣལ་འབྱོར་གཞུང་། །མ་སྐྱེས་ཡེ་ཤེས་རང་རིག་ཉིད། །རྩལ་རྫོགས་རིག་པ་རང་སྣང་བ། །གྲངས་དག་མ་ངེས་སྐུ་གསུང་ཐུགས། །རང་སྣང་ཕྱག་རྒྱ་བསམ་མི་ཁྱབ། །ཀུན་བཟང་རོལ་ཕྱིར་བླང་དོར་མེད། །ཅེས་པས། དེ་གཏན་ཚིགས་སུ་འགོད་པ་ལ། སྲིད་པ་ཡེ་ཤེས་ཀྱི་ལུང་གིས། ལོག་རྟོག་དེ་ལྟར་རྒྱུའམ། སེམས་སུ་རིགས་གཅིག་ན། སྣ་ཚོགས་སུ་སྣང་མི་རིགས་སོ་སྙམ་ན། དེ་ལ་འདི་ལྟར། དག་མ་དག་གི་སྣང་བ་འདི་ཆོས་ཅན། སྣ་ཚོགས་སུ་འཆར་རུང་སྟེ། ཅིར་ཡང་སྲིད་པ་ཡེ་ཤེས་ཀྱི་ལུང་དེའི་ཕྱིར། དཔེར་ན་སྐྱུ་རུ་རའི་ས་བོན་ཆུ་དང་འོ་མས་བྲན་པ་བཞིན་ནོ། །འོ་ན་སྲིད་པ་དག་པ་དང་མ་དག་པའི་སྣང་བ་དེ་གང་ནས་བྱུང་ན། དེ་ལྟ་བུའི་ཡེ་ཤེས་དེ་ངོ་ཤེས་པ། རྩ་བའི་མ་རིག་པ་དང་། རྐྱེན་གྱི་མ་རིག་པ་གཉིས་ཀྱི་རང་ངོ་མ་ཤེས་པས་དག་པ་དང་མ་དག་པའི་སྣང་བ་རོལ་པ་འགགས་པ་མེད་པའི་རྟེན་འབྱུང་དུ་ཤར་བའོ། །དེས་ན་འདི་གཉིས་ཀྱིས་ལམ་གྱི་གཞི་དབྱིངས་དང་ཡེ་ཤེས་ཀྱིས་ལུང་གི་ལྟ་བ་བསྟན་ནས། གསུམ་པ་རོལ་པ་འབྱུང་བའི་ལུང་གིས་དེ་ལ་དོགས་པ་གཅོད་པ་སྟེ། རྣམ་འགྲེལ་ལས། ཡུལ་སྟོང་ཉིད་དེ་རྟོགས་ནས་གོམས་ན་བདེན་རྫུན་བཟློག་ནུས་སམ། ནུས་ནའང་ཕྱིར་མི་ལྡོག་གམ་སྙམ་པའི་དོགས་པ་བཞིན། འདིར་ཡང་དབྱིངས་དང་ཡེ་ཤེས་ཀྱི་རོལ་པ། དེ་ལྟར་གོམས་ན་ཐ་མལ་མ་དག་པའི་སྣང་ཞེན་འདི་བཟློག་ནུས་སམ། ནུས་ན་རེ་ཞིག་ནས་ཕྱིར་མི་ལྡོག་གམ་སྙམ་ན། ལ་ཤན་ལས། རང་སྣང་རོལ་པ་བསམ་ཡས་ཀྱང་། །བྷ་གའི་ཀློང་ལས་གཡོས་པ་མེད། །འདུ་འབྲལ་མེད་པའི་བདེ་ཆེན་པོར། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཅེས་དང་། གཡུ་ཐང་ལས། ཡབ་ཡུམ་སྲས་བཅས་བདེ་ཆེན་པོའོ། །ཞེས་མ་སྐྱེས་མ་བཅོས་སེམས་ཀྱི་དབྱིངས་མུ་མཐའ་དང་བྲལ་བ་ཡུམ་ཀུན་ཏུ་བཟང་མོ་དང་། དེ་ཉིད་རང་སྣང་འགགས་པ་མེད་པའི་རང་རྩལ་འཁོར་བའི་ཆོས་ཐམས་ཅད་དང་འདས་པའི་ཆོས་ཐམས་ཅད་མ་འགགས་པར་སྣང་བ་ཡབ་ཀུན་ཏུ་བཟང་པོ་དང་། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་སྲས་བདེ་བ་ཆེན་པོ། ཡེ་ཤེས་རོལ་པའི་རྒྱན་དུ་ཡེ་ནས་རྫོགས་པར་རྟོགས་ཤིང་གོམས་ན་དོན་ཇི་ལྟ་བ་བཞིན་མངོན་དུ་ཐོབ་པ་ཡིན་ནོ། །སྤྱིར་ཆོས་དེ་རྟོགས་ན་དེ་ཐོབ་མི་དགོས་པ་ཡོད་མོད་འདིར་ནི་ཁྱད་པ་རབ་གཏན་ཚིགས་སྔ་མ་གཉིས་ཀྱིས་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་དེ་གོམས་ན་འབྲས་བུ་མི་སློབ་པའི་ཟུང་འཇུག་གི་ས་ཐོབ་དགོས་པར་སྤྱི་མདོ་ལས། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི། །ཇི་བཞིན་པ་ཡི་དེ་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མ་ཡེངས་སྐྱེ་འགགས་མེད་པའོ། །ཞེས་པ་བཞིན། དེ་གཏན་ཚིགས་སུ་འགོད་ན། གསུམ་པ་རོལ་པ་འབྱུང་བའི་ལུང་གིས་ཡེ་ཤེས་ཀྱི་རོལ་པ་འདི་ཆོས་ཅན། ཁྱོད་ཇི་ལྟར་རྟོགས་ནས་གོམས་ན་ཁྱོད་ཇི་ལྟ་བ་བཞིན་དུ་འབྱུང་བའི་ཕྱིར། དཔེར་ན་ཆབ་རོམ་ཆུར་ཞུ་བའི་ནུས་པའམ་བྱིན་བརླབས་ཡོད་པ་བཞིན་ནོ། །དེས་ན་མདོ་པ་རང་གི་ཆོས་སྐད་ཐུན་མིན་དཀྱིལ་འཁོར་གསུམ་དུ་གཏན་ལ་འབེབས་པ་ལུང་གསུམ་གྱིས་ངེས་པ་བསྐྱེད་པ་སྟེ། རྒྱུད་འདི་ཉིད་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །ཅི་ལྟར་བལྟས་པ་དེ་ལྟར་སྣང་། །ཇི་ལྟར་ནམ་མཁའི་སྤྲིན་བཞིན་དུ། །སྣ་ཚོགས་རྣམ་པ་ཅིར་སྣང་ཡང་། །དེ་དུས་རང་བཞིན་ཉམས་པ་མེད། །ཅེས་པ་དང་། རྒྱུད་འདི་ལས། ཐམས་ཅད་དེ་ཉིད་ངོར་གཅིག་པས། །སྐྱེ་འགགས་མེད་པའི་སྙིང་པོ་ཡིན། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཉིད་ལྷུན་གྱིས་གྲུབ། །ཅེས་པས། རིག་པའི་གཏན་ཚིགས་རྣམས་ཀྱིས་རིམ་གྱིས་ཐོས་བསམ་གྱི་ཤེས་རབ་བསྐྱེད་ནས། ལེའུ་ཐ་མ་ལས། བརྟན་གཡོ་དཀྱིལ་འཁོར་ཕྱག་རྒྱར་རྫོགས། །གསུངས་པ་ལས་མངོན་སུམ་པའི་གཏན་ཚིགས་འདི་ཆེད་དུ་གསུང་མི་སྣང་ཡང་། དེ་སྒྱུ་འཕྲུལ་གྱི་གཏན་ཚིགས་ཀྱིས་བསྣོན་མར་བཏབ་ཀྱང་འགལ་བ་མེད་པས། དེ་ལྟར་གཏན་ཚིགས་དེ་དག་གི་དོན་རྣམས་ཚད་མ་གང་གིས་རྟོགས་དགོས། རྟོགས་མི་ནུས་སྙམ་པའི་ངོར་ཡང་། ཡེ་ཤེས་ཀྱི་རོལ་པ་ཆོས་ཅན། དེ་ལྟར་རྟོགས་ནུས་ཏེ་འཕགས་པས་མངོན་སུམ་ཡིན་པའི་ཕྱིར། དཔེར་ན་ཆོས་དབྱིངས་མངོན་སུམ་རྟོགས་པ་བཞིན། ཞེས་མངོན་སུམ་བཞི་ལས། འཕགས་པའི་མངོན་སུམ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པས། དེ་མངོན་སུམ་རྟགས་སུ་བཀོད་ནས་སྒྲུབ་པར་བྱའོ། །དེ་དག་གིས་ཐག་ལྟ་བས་བཅད་པའི་ཚུལ་རྒྱས་པར་བསྟན་ཟིན་ནས། ད་ནི་རྩ་བའི་བཞི་པ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་འཆད་དེ། དེ་ལ་འཇུག་པའི་གང་ཟག་ལ་གསུམ། བློ་ཐ་མས་བྱ་བ་རྒྱུའི་རྣལ་འབྱོར་ལྷ་མིའི་ཐེག་པ་ནས་རིམ་གྱིས་འཇུག་ནས་གོང་མ་གོང་མར་འཇུག་དགོས་ལ། བློ་འབྲིང་གིས་བྱེད་པ་རྐྱེན་གྱི་རྣལ་འབྱོར་ཕྱི་རྒྱུད་གསུམ་ནས་འཇུག་པ་དང་། བློ་ཆེ་བས་བྱ་བྲལ་འབྲས་བུའི་རྣལ་འབྱོར་གསུམ་ལ་འཇུག་པའི་ཚུལ་གསུམ་ལས། འདིར་བྱ་བྲལ་འབྲས་བུའི་རྣལ་འབྱོར་ཨ་ནུ་ཡོ་ག་རང་གི་འཇུག་ཚུལ་ཅིག་ཆར་པའི་རང་གི་འཇུག་ཚུལ་དང་། རིམ་གྱིས་པའི་འཇུག་ཚུལ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ལ་མདོ་པ་རང་གི་ཆོས་སྐད་དུ། ཐབས་ཀྱི་སྒོ་ནས་འཇུག་པ་དང་། ཤེས་རབ་ཀྱི་སྒོ་ནས་འཇུག་པ་ཞེས་གསུངས་པས། དེ་གཉིས་ལ་གང་ཟག་དབང་པོ་རབ་བསགས་པ་སྔོན་སོང་ཅན་རྒྱལ་པོ་ཨིནྡྲ་བོ་དྷི་ལྟ་བུས་ཐབས་ཤེས་གཉིས་པོ་ལ་ཅིག་ཆར་དུ་ལྟ་བ་རྟོགས་པ་དང་གོམས་པ་ལ་མ་ལྟོས་པར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་དང་། བརྟན་གཡོའི་སྣང་བ་ལྷའི་དཀྱིལ་འཁོར་དུ། རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དབྱིངས་སྐྱེ་བ་མེད་པ་དང་། རོལ་པ་འགགས་པ་མེད་པར་རྟོགས་གོམས་གཅིག་ཆོད་ལ་སོང་བ་སྤྱི་མདོ་ལས། རྒྱ་མཚོ་གཟའ་སྐར་རྫོགས་པ་བཞིན། །མ་སྐྱེས་འགགས་པ་མེད་པར་རྫོགས། །གསུངས་པ་བཞིན་ནོ། །འདིར་ནི་མདོ་པ་རང་གི་བཞེད་པ་དབང་པོ་འབྲིང་པོ་མ་ཧཱ་ཡོ་ག་ནས་འཇུག་པའི་ཚུལ་གྱིས་བསྟན་པ་ཡིན་ཏེ། སྒྲུབ་ཐབས་རང་གི་འགྲོས་མ་ཧཱ་ལྟར་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བསྐྱེད་ཚུལ་རྒྱས་པར་བསྟན་ཅིང་། ཁྱད་པར་དུ་སྤྱི་མདོ་ལས། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་དངོས་པོར་བསྒོམ། །ཞེས་སོགས་ཀྱི་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་ཚུལ་དང་། ཡང་རྒྱུད་དེ་ཉིད་ལས། དུས་བཞི་རྒྱལ་བའི་དཀྱིལ་འཁོར་རྫོགས། །ཞེས་མ་སྐྱེས་པ་ཆོས་ཉིད་ཀྱི་ཤེས་རབ་ལས་མ་གཡོས་པར། ཐབས་སྣང་བ་མ་འགགས་པ་རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་དེ་ཉིད་ཐབས་དང་ཤེས་རབ་ཡེ་ནས་དབྱེར་མེད་པའི་དཀྱིལ་འཁོར་དུ་གསལ་བ་ཨ་ནུའི་གང་ཟག་བློ་ཆེན་པོའི་ལམ་དང་གཉིས་གསུངས་པས། འདིར་ནི་བློ་འབྲིང་པོའི་འཇུག་ཚུལ་ལྟར་བཤད་པ་ལ་གསུམ། སྔོན་དུ་འགྲོ་བ་སྦྱོར་བའི་བྱ་བ་དང་། དངོས་གཞི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་། བཟླས་པའི་རྣལ་འབྱོར་པ་བསླབ་པའི་ཚུལ། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་རྒྱུད་ལས་གསུངས་པའི་གནས་ཡིད་དུ་འོང་བར་སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པར་བསམ་གཏན་གྱི་ཁང་བུ་ཡིད་དང་མཐུན་པར་ཕྱག་དར་ལེགས་པར་བྱས། སྒོ་དྲུང་དུ་ཐོ་དཀར་པོ་ཐོ་བྱང་ལ་སྔགས་འགོད་ཚུལ་སོགས་སྒྱུ་འཕྲུལ་གྱི་བསྙེན་ཡིག་ལ་གསལ་བ་ལྟར་སྒྲུབ་པའི་མཐུན་རྐྱེན་ཟས་གོས་དང་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱས། འདུས་པ་མདོ་རང་གི་ཐུན་མོང་གི་ཡོ་བྱད་ཐོད་སྐུའམ། མིན་ན་ཐོད་པའི་ནང་གཙོ་བོ་ཆེ་མཆོག་གི་ཙཀླི་བཞག །སྨན་གྱི་ཕོ་བྲང་ཐོད་པ་ཁ་སྦྱོར་དུ་སྨན་གྱི་ཕྱེ་མས་བཀང་བ་རྣམས་འདུ་བྱ་བ་ནི་ཁྱད་པར་རོ། །དེ་ནས་གཟའ་སྐར་ལེགས་པར་ཕྱི་དྲོ་དགོང་མོ་དབང་གི་དུས་སྒྲུབ་པའི་དབུ་འཛུག་ནས་ཆ་གསུམ་བཏང་ལ། དཀར་གཏོར་དང་མཉམ་དུ་རྒྱལ་ཆེན་ཐོ་འཛུག་བྱ། དེ་ནས་སྒྲུབ་ཐབས་གཞུང་ནར་འདེད་ཀྱིས་བསྙེན་པའི་བར་བཏང་། དེ་ནས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཏང་ནས། ཉེར་བསྡུ་གོ་བགོ་ལུས་སྲུང་བར་རྫོགས་པར་བཏང་། ཕྱི་ཉིན་ནས་སྒོ་འབྱེད་ཕྱག་རྡོར་གྱི་བསྙེན་པ་འབྲུ་འབུམ་བཞི་བཏང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གྱུར། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱིས་འདུས་མདོའི་ཡན་ལག་གི་བསྙེན་པ་རྣམས་བཏང་ན་བསྙེན་པ་ཤིན་ཏུ་རྫིང་ཆེ་བས་སྒོ་འབྱེད་ནས་ཡན་ལག་གི་བསྙེན་པ་རྣམས་བཏང་མི་དགོས་པར་གསུངས། གཏེར་ཆེན་འགྱུར་མེད་རྡོ་རྗེས་སྒོ་འབྱེད་ཀྱི་བསྙེན་པ་འབུམ་ཕྲག་གཅིག་གམ་བཞི་གང་རུང་དང་ལས་སྦྱོར་ངན་སོང་སྦྱོང་བའི་སྔགས་རྣམས་ཅི་འགྲུབ་པས་བསྙེན་པའི་གྲངས་མ་གསུངས། བླ་མ་རྣམ་གཉིས་དགོངས་པ་མཐུན་པར་ཞི་ཐུང་དང་ཁྲོ་ཐུང་གཉིས་ཀྱི་སྒོ་ནས་དང་པོ་ཞི་བ་དང་། དེ་ནས་ཁྲོ་བོར་བསྙེན་པ་བཏང་བ་ལས་སྒྲུབ་ཐབས་ཆེན་མོ་འདི་ལ་བརྟེན་ནས་བསྙེན་པ་རྒྱས་པའི་བཏང་ཚུལ་མི་སྣང་ཡང་། འདིར་ནི་བསྙེན་པ་རྒྱས་པ་བཏང་བ་ལ་གཉིས། རྒྱས་པ་སྒོ་འབྱེད་ནས་ལྷ་མི་ཐེག་པ་སོགས་ནས་རིམ་པར་བསྙེན་པ་བཏང་བའི་ཚུལ་དང་། དེ་ལ་ཅུང་ཟད་བསྡུས་པ་དང་པོ་སྒོ་འབྱེད་དང་། དེ་ནས་མདོ་རང་གཞུང་གི་བསྙེན་དེ། ད་དུང་མངོན་དུ་མ་གྱུར། བདག་དེ་འདི་ཡིན་བྱ་བའི་ཁས་ལེན་མེད་དེ། སེམས་ཀྱི་ངོ་བོ་ཁ་དོག་དབྱིབས་གཟུགས་གང་དུའང་མ་གྲུབ་པ་ལས་གོལ་གཞི་བྱས་སོ། །སེམས་ཅན་ཀུན་གྱི་སེམས་ཀྱི་རང་བཞིན་ལ་བདག་ཅེས་བྱ་བ་རེ་ཡོད་ཀྱང་། དེ་མངོན་དུ་མ་གྱུར་བས་བདག་གསང་བར་སྨྲ་བ་ཞེས་བྱའོ། །དཀར་ནག་ལས་ཀྱི་རྣམ་སྨིན་ཡོད་པར་འདོད་ན་ཡོད། མེད་པར་འདོད་ན་མེད་ཅེས་འདོད་པ། རྫོགས་པ་ཆེན་པོའི་སྐབས་ན། འཛིན་པ་ཡོད་ན་ལས་རྒྱུ་འབྲས་ཕན་གནོད་ཡོད། འཛིན་པ་དག་ན། ལས་རྒྱུ་འབྲས་མི་གནོད་ཟེར་བ་ལས་གོལ་བས། ཆོས་རྗེ་དམ་པ་རིན་པོ་ཆེས། ལྟ་བ་འདི་ཡིས་བྱེ་བྲག་ལས། །ཟབ་བཅོས་ལྟ་བ་གྲངས་མང་བྱུང་། །ཕལ་ཆེར་ད་ལྟའི་རྣལ་འབྱོར་པ། །བསྒོམ་ཆེན་རྣམས་ཀྱི་ནང་ན་མང་། །གསུངས་སོ། །དེ་དག་གིས་དོན་དམ་ངེས་པའི་ཐེག་པ་དགུ་དང་། འདྲ་གཞི་ཆ་མཐུན་གྱི་གོལ་ས་དང་བཅས་པས་ལྟ་བའི་ངེས་པ་སྤྱིར་དྲང་བ་སོང་། དེ་ནས་ལམ་རྐྱེན་ཡན་ལག་རྣམ་པ་གཉིས་ནི། སྒྲུབ་བྱེད་ཀྱི་ཡན་ལག་དང་། ཤེས་བྱེད་ཀྱི་ཡན་ལག་གཉིས་ལས། ཤེས་ནས་སྒྲུབ་དགོས་པས། ཤེས་བྱེད་ཀྱི་ཡན་ལག་སྔོན་དུ་བཤད་ན་གཉིས། ཤེས་བྱ་ཤེས་པར་བྱེད་པའི་གཞི། ཚིག་དང་ཡི་གེའི་རྒྱུད་དང་། རྒྱུད་སྒོ་དྲུག །དེ་གཏན་ལ་འབེབས་པ་ཤེས་བྱེད་ཀྱི་ལྡེ་མིག་གསུམ་ཚན་གསུམ་གྱིས་སྟོན་པ་དང་། དེ་ལའང་གཉིས་སུ་དབྱེ་ན། རྒྱུད་ལའང་བྱིན་རླབས་བརྒྱུད་པའི་རྒྱུད་དང་། ལུང་བསྟན་བརྒྱུད་པའི་རྒྱུད་དོ། །དེ་ཉིད་གཏན་ལ་འབེབས་པའི་ལྡེ་མིག་གོ། །དེ་ཡང་ལྡེ་མིག་ཤིན་ཏུ་རྒྱས་པ་གཏན་ལ་འབེབས་པའི་ལྡེ་མིག་གཉིས་ཏེ། བྱིན་བརླབས་བརྒྱུད་པའི་བསྟན་པ་གཏན་ལ་འབེབས་པའི་ལྡེ་མིག་རྒྱས་པ་དང་། ལུང་བསྟན་བརྒྱུད་པའི་བསྟན་པ་གཏན་ལ་འབེབས་པའི་ལྡེ་མིག་གཉིས། དང་པོ་ལ་གཉིས། རྒྱུད་ཀྱི་ཞོར་ལ་སྤྱོད་པའི་འདྲེན་སྒོ་གཏན་ལ་དབབ་པ་ནི། རྒྱུད་ལེའུ་ཞེ་ལྔ་པ་ན་གསལ་བར་བསྟན། རྒྱུད་སྒོ་དྲུག་སྒོ་གཉིས་སུ་བསྡུས་ནས་གཏན་ལ་འབེབས་པའི་ལྡེ་མིག་ལ་གཉིས་ཏེ། སྤྱི་དང་ཁྱད་པར་གཉིས། འབྱེད་པའི་ཡན་ལག་དྲུག །འབྲེལ་བའི་མདོ་བཞི་དང་། འབྱིན་པའི་རྩ་བ་གསུམ་ནི། རྒྱུད་ལེའུ་ཞེ་དྲུག་པ་ནས་རྒྱས་པར་བསྟན། ཁྱད་པར་གྱི་ལྡེ་མིག་ནི། འབྱེད་པའི་ཡན་ལག་དྲུག །དགྲོལ་བའི་མདོ་བཞི། འབྱིན་པའི་རྩ་བ་དེ་ཁོ་ན་ཉིད་སོགས་གསུམ། དང་པོ་པའི་ལུགས་གཉིས་ཀྱི་ཕྱི་མ་ལྟར་འཆད་པར་སྤྲོ་བས། སྒོ་འབྱེད་ཀྱི་བསྙེན་པ་བཏང་བ་འདི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པའི་རྒྱུ་མཚན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་བཀའི་སྡུད་པ་པོ་ཡིན་ཅིང་། བྱེ་བྲག་ཏུ་རྒྱུད་སྤྱི་མདོ་དགོངས་པ་འདུས་པའི་གླེང་གཞི་དང་གླེང་བསླང་བའི་སྐབས་ནས། ཕྱག་ན་རྡོ་རྗེ་ཉིད་ཀྱིས་ལྷན་ཅིག་པའི་འཁོར་དང་། གོ་ཕྱེས་པའི་འཁོར་རྣམས་ཀྱི་ཆེད་དུ་རྒྱུད་ཞུས་པ་དང་། སྟོན་པ་མྱ་ངན་ལས་འདས་པའི་རྗེས་ལོ་ཉི་ཤུ་རྩ་བརྒྱད་ན་དམ་པའི་རིགས་ཅན་དྲྭ་མ་ལྔས་གདུང་ཚིག་ཉེར་གསུམ་གྱིས་གསོལ་བ་བཏབ་པའི་ངོར་གསང་བའི་བདག་པོ་རི་མ་ལ་ཡའི་རྩེར་སྣང་བར་མཛད་ནས། སྔོན་རྒྱུད་བྱུང་ཚུལ་བཅུ་གཉིས་ཀྱི་སྒོ་ནས་གདུང་བ་སེལ་བ་དང་། ཁྱད་པར་དུ་ཀུན་དགའ་བོའམ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རས་ཞུས་པའི་ངོར། རྒྱུད་ཀྱི་རྒྱལ་པོ་རྒྱས་པར་བསྟན་པའི་ཕྱིར་ལུང་འདིའི་སྨིན་གྲོལ་གཉིས་ཀྱི་སྒོ་འབྱེད་པ་ལ། དང་པོ་ཉིད་ནས་གསང་བའི་བདག་པོ་ལ་བསྙེན་པ་ཤིན་ཏུ་གལ་ཆེ་བས་དེ་ལ་བཅས་ཀྱི་ཤོམ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཚུལ་གསུངས་ཀྱང་། སྐབས་འདིར་འཇུག་པ་བདེ་བ་དང་། ལྷ་སྟ་གོན་གྱི་དགོངས་པ་དང་འབྱོར་ཆེ་བས་གང་དུ་བྱ་བའི་གཞིར་འབྲུའི་ཚོམ་བུ་གཅིག་བཀོད། མདུན་བསྐྱེད་དང་འབྲེལ་ན། གཙོ་བོ་དང་འཁོར་གྱི་ལྷ་མོ་བརྒྱད་དང་། སྒོ་བཞི་བཅས་པའི་ཚོམ་བུ་བཅུ་གསུམ་བཀོད་ནས། དེ་ལྟར་དཀྱིལ་འཁོར་གྱི་དབུས་སུ་འདས་གཏོར་དང་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་བསྐོར། བུམ་པ་གཉིས་ནི་དབང་དང་ངན་སོང་གནས་འདྲེན་དང་འབྲེལ་བའི་ཕྱིར་མི་དགོས་ཤིང་། གཞན་ཡང་རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། དེ་ནས་སྟན་བདེ་བར་འདུག་སྟེ། རྒྱུད་སྦྱང་བ་ནི། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །བར་ལན་གསུམ་མམ་གཅིག་བརྗོད་པས་རྒྱུད་དག་པར་བྱས་ནས། ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྡུ། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་སྟེ། དེ་ཡང་སྒྱུ་མ་ལྟ་བུའོ། །དེའི་ངང་ལ་དར་གཅིག་བཞག །དེ་ནས་བདག་བསྐྱེད་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ ཞེས་བརྗོད་པའི་རྐྱེན་གྱིས་སྒྱུ་མར་སྣང་བ་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ། སྨ་ར་དང་སྨིན་མ་དམར་སེར་འབར་བའི་དབུ་སྐྲ་གྱེན་དུ་འཁྱིལ་བ་རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་། གཡོན་སྡིགས་མཛུབ་མཛད་པ། སེང་གེའི་ལྤགས་པ་དང་། པ་ཏི་ཁྲ་བོ་དང་། དར་སྔོན་པོས་སྟོད་གཡོགས་ཤིང་། སྟག་གི་ལྤགས་པས་ཤམ་ཐབས་དཀྲིས་པ། སྦྲུལ་གྱི་རྒྱན་དང་རིན་པོ་ཆེའི་ཅོད་པན་ཅན། ཞབས་གཉིས་གཡས་སྐུམ་ཞིང་། གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱས། སྤྱི་བོའི་གནས་ལྔར་ༀ་ཧཱུྃ་ཏྲཾ་ཧྲཱི་ཨཱཿགནས་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས་མི་བསྐྱོད་པ་བདག་པོར་གྱུར་པས་དབུ་བརྒྱན་པར་གྱུར། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་པ་ཐིམ་པས་བྱིན་གྱིས་བརླབས་པར་འགྱུར། དེ་ནས་བཟླས་པ་ལ་བབ་པ་ན། རང་གི་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་ལ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱང་། སེམས་ཅན་ཐམས་ཅད་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། ༀ་ནཱི་ལམྦྷ་ར་དྷ་ར་བཛྲ་པཱ་ཎི་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་འབུམ་ཕྲག་བཞི་ལང་བར་བཟླའོ། །དེ་ནས་ལས་སྦྱོར་ངན་སོང་སྦྱོང་བའི་སྔགས་ༀ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་སོགས་དང་། ༀ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་སོགས་རྩ་སྔགས་དང་སྦྲེལ་ནས་ཁྲི་གཅིག་བཟླས། མཇུག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སེམས་སྡིག་སྒྲིབ་ཉེས་ལྟུང་གི་འཆིང་བ་ལས་རྣམ་པར་གྲོལ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད་ནས། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་དང་། མ་རྙེད་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་གི་འཁོར་ལོ་རང་ལ་ཐིམ། བདག་ཉིད་ཐུགས་སྲོག་ཧཱུྃ་གི་ནཱ་དའི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་ཐིམ་པའི་ངང་ལ་མཉམ་པར་བཞག །དེ་ལས་སྐད་ཅིག་གིས་སླར་ལང་བའི་སྤྱི་བོར་ཧཾ་ཡིག་ཞུ་བ་ཐིམ་པས་ལུས་རྡོ་རྗེའི་གོ་ཆས་གཏམས་པར་བསམ་ལ་དགེ་བ་བསྔོ་བ་དང་ཤེས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །འདི་ནི་མདོ་ཟུར་གྱི་དཔེ་ཆ་འཛོམས་དཀའ་བའི་དབང་གིས་ངག་འདོན་དཀྱུས་སུ་བཀོད་པའོ། །མདུན་བསྐྱེད་ཀྱི་དགོས་ཆེད་དབང་དང་གནས་འདྲེན་དང་རབ་གནས་དང་སྦྱིན་སྲེག་རྣམས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱ་དགོས་པས། སྐབས་འདིར་བསྙེན་པ་བཏང་བ་ལ་བདག་བསྐྱེད་ཁོ་ནས་ཆོག་པར་སེམས་སོ། །དེ་ལྟར་བསྙེན་པས་ཕན་ཡོན་གེགས་དང་བར་ཆད་ཞི། ལྷ་མཉེས་པས་རྒྱུད་བྱིན་གྱིས་རློབ། དངོས་གཞིའི་ཏིང་ངེ་འཛིན་ལ་སློབ་པའི་སྣོད་རུང་དུ་འགྱུར། གཞི་ལམ་འབྲས་གསུམ་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས། རང་གི་རྒྱུད་སྨིན། ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་ལས་ལ་དབང་། སྨིན་གྲོལ་གཉིས་ཀྱི་སྒོ་འབྱེད་ཅིང་བསྐྱེད་རྫོགས་ཀྱི་བསྒོམ་པ་ལ་དབང་བ་སོགས་ཕན་ཡོན་དཔག་ཏུ་མེད་པས། ལས་དང་པོ་པས་སྔོན་དུ་མོས་སྒོམ་དང་བསྙེན་པ་བྱ་བ་ཅི་ནས་གལ་ཆེ་བས་དེ་ལྟར་བཤད་པའོ། །ངང་སྒོམ་སྔ་མ་དྲུག་འདིར་བདུན་ཕྲག་གཅིག་ལེགས་པར་བསྒོམ། དེ་དག་གིས་སྔོན་དུ་འགྲོ་བའི་བྱ་བ་རྣམས་བསྟན་ཟིན་ཏོ། །ད་ནི་བསྙེན་པ་དངོས་གཞི་ལ་འཇུག་པ་ལ། ཆོ་གའི་ཁྱད་པར་ལ། རྩ་རྒྱུད་ཀུན་འདུས་རིག་པའི་མདོ་དང་། སྤྱི་མདོ་དགོངས་པ་འདུལ་བའི་མདོ་དང་། ཧེ་རུ་ཀ་འདུས་པའི་ལེའུ་དགུ་པར་གསུངས་པ་རྣམས་གཙོ་བོར་བྱས་ནས། རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་འདྲ་མིན་ཡོད་པར་ཤེས་ཏེ། ཆོས་རྗེ་དམ་པ་བདེ་བར་གཤེགས་པས་མདོ་པ་རང་གི་ཆོས་སྐད་ཏིང་འཛིན་གསུམ་གྱི་མཚན་འདོགས་ཚུལ་ལ། དབྱིངས་ཀུན་ཏུ་བཟང་མོའི་ཏིང་ངེ་འཛིན་དང་། སྣང་བ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་། གཉིས་སུ་མེད་པར་སྲས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཞེས་དང་། དེ་དག་གི་དགོས་པ་དབྱིངས་ཀུན་ཏུ་བཟང་མོའི་ཏིང་ངེ་འཛིན་མཐར་ཕྱིན་པས་ཆོས་ཀྱི་སྐུ་ཐོབ། དེ་བཞིན་དུ་ཏིང་ངེ་འཛིན་གཉིས་པས་ལོངས་སྐུ་དང་། གསུམ་པས་སྤྲུལ་སྐུ་དང་། ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པས་ངོ་བོ་ཉིད་སྐུ་དང་ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་པས་མི་འགྱུར་རྡོ་རྗེའི་སྐུ་སྟེ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པས་སྒྲུབ་ཐབས་ཡང་ཟུར་པ་ཞིག་ཡོད་ངེས་པར་རྗེས་སུ་དཔགས་ནུས་ཀྱང་། ད་ལྟ་དཔེ་མཇལ་རྒྱུ་མ་བྱུང་བས་རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱི་གསུང་ཁམས་ལུགས་གཙོ་ཆེར་སྣང་བས་དེར་བལྟ་བར་བྱའོ། །འདི་ན་སྨིན་གླིང་གཏེར་ཆེན་གྱི་ཕྱག་བཞེས་ཧེ་རུ་ཀ་འདུས་པའི་རྒྱུད་ཀྱི་དགོངས་པ་གཙོ་ཆེ་བར་བཟུང་བའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཉིད་རྙིང་ཕྱོགས་ལ་ཁྱབ་ཆེ་བས་དེའི་དབང་དུ་བྱས་ནས་བསྙེན་པ་རྒྱས་པར་བཏང་བའི་ཚུལ་འཆད་པ་ལ། ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་དང་པོ་ལ་སྤྱིར་ཉིན་མཚན་གྱི་ཐུན་ལ་ཆ་མང་པོ་བགོས་ནས་ཐུན་དྲུག་དང་བརྒྱད་ལ་སོགས་པར་ཕྱེས་ན་ཡང་། ལས་དང་པོ་པ་འཇུག་པ་བདེ་བའི་དབང་གིས་ཉིན་ཐུན་གཉིས། མཚན་ཐུན་གཉིས་དང་བཞིར་ཕྱག་ལེན་མཛད་པ་ཉིད་ལེགས་པར་སེམས། དེ་ཡང་སྔ་དྲོའི་ཐུན་གྱི་ནང་ལས་བྱང་རྒྱས་པ་ཞིག་བཏང་། གཞན་གསུམ་ལ་སེམས་བསྐྱེད་དང་། ལྷ་བསྐྱེད་གཉིས་ཙམ་ལས་སྤྱན་འདྲེན་མན་ཆད་སྔགས་ཙམ་དང་བསྟོད་པ་གཞུང་བཞིན་བཏང་ནས། སེམས་ཏིང་ངེ་འཛིན་བསྒོམ་པ་གཙོ་བོར་བྱས་ནས། ཏིང་ངེ་འཛིན་གྱི་གསལ་སྣང་ལེགས་པར་ཐོན་པ་ན་གཟོད་བསྙེན་པ་བཟླ་བར་གསུངས་པས། ཐུན་གྱི་སུམ་ཆ་གཉིས་ལ་ཏིང་ངེ་འཛིན་བསྒོམ། གཅིག་ལ་བསྙེན་པ་བཟླ། མཚམས་ཅི་ཙམ་འདུག་པའི་ཕྱེད་མན་ཆད་ཀྱི་མཚན་ཐུན་གཉིས་ལ་རྫོགས་རིམ་ངང་སྒོམ་གྱི་ཏིང་ངེ་འཛིན་རྣམས་སྒོམ་ན་འཇུག་པ་བདེ་བའི་དབང་གིས་མདོ་པ་རང་ལུགས་ལ་མ་འདྲེས་ཡོངས་སུ་རྫོགས་པའི་ལྟ་བའི་ངེས་པ་བསྐྱེད་ནས། དེ་ནས་བསྒོམ་པ་ལ་དོན་གྱི་རྗེས་སུ་འཇུག་པ་མཚན་མེད་དེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་རྣལ་འབྱོར་སྒོམ་པ་གཉིས་ཀྱི་དང་པོ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མི་ཟེར་བར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བྱ་སྟེ། ཡུལ་སྟོང་པ་ཉིད། བློས་དེ་བཞིན་དུ་ངེས་པས་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་མཚོ་རྒྱལ་གྱི་ཕུར་ཊིཀ་འབུམ་ནག་ལས། ལས་དང་པོ་པས་ཡུལ་སྟོང་ཉིད་ཀྱི་དོན་སྤྱི་ལ་སློབ་མོས་སྤྱིར་འཛིན་པས་དེ་ལ་བློ་བཞག་པར་བྱའོ། །གསུངས་པས་སྟོང་ཉིད་ཀྱི་མོས་སྤྱི་ལ་དམིགས་ནས་གནས་པར་སྒྲུབ་པ་ནི་འཇིག་རྟེན་པའི་ཞི་གནས་སྒོམ་རུང་དུ་འགྲོ་བ་ལས། ལྷག་མཐོང་བསྒོམ་རུང་དུ་སོང་བ་མ་ཡིན་པས་སྟོང་ཉིད་ལ་དམིགས་ནས་སེམས་གནས་པར་བྱེད་པ་འདི་ཞི་གནས་སྒོམ་པའི་ཚུལ་ཡིན་པར་ཤེས་པ་གོ་བ་འགང་ཆེ་ཤོས་ཡིན། ལྷག་མཐོང་བསྒོམ་རུང་དུ་འགྲོ་བ་ལ་བདག་མེད་གཉིས་ལ་དཔྱད་ཀྱིན་ངེས་པ་ལ་འཇོག་པ་ཞིག་དགོས་པས་ཁྱད་པར་གྱི་རྣམ་དབྱེ་ཕྱེད་པ་གཅེས་སོ། །དེ་ཡང་། མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅི་ཡང་མི་འགྱུར་ཅི་མ་ཡིན། །རང་བྱུང་རང་ཞི་བརྗོད་དང་བྲལ། །ཞེས་བརྗོད་ནས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ཡེ་ཇི་བཞིན་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་དཀྱིལ་འཁོར་དུ་གནས་པའོ། །ཞེས་སྣང་བ་སེམས་ཀྱི་ལུང་གིས་གཞལ་བའི་དོན་ལ་སེམས་མ་བཅོས་པར་འཇོག་པའོ། །འདི་དག་གི་སྐབས་སུ་ཏིང་ངེ་འཛིན་གྱི་ཉེས་པ་ལྔ་སྤང་། སྟོབས་དྲུག་བསྐྱེད། འདུ་བྱེད་བརྒྱད་བརྟེན། སེམས་གནས་པའི་ཐབས་དགུས་ཞི་གནས་སྒྲུབ་ཚུལ་སྒྱུ་འཕྲུལ་ལམ་རིམ་གྱི་དགོངས་པ་བཞིན་སྒྱུ་འཕྲུལ་གྱི་བསྙེན་ཡིག་ཏུ་བྲིས་པ་རྣམས་འདིར་བླང་བར་བྱའོ། །སྔ་མ་དེ་ལ་བརྟན་པ་ཐོབ་ནས་ཉམས་ལྔ་མཐར་ཕྱིན་པ་ན། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའོ། །ཞེས་དང་། དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀུན་ཏུ་བཟང་པོའི་རོལ་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་སྣང་བའོ། །ཞེས་བརྗོད་ནས། སྲིད་པ་ཡེ་ཤེས་ཀྱི་ལུང་གིས་ངེས་པའི་དོན་ལ་སེམས་རྩེ་གཅིག་ཏུ་འཇོག་གོ། །དེ་ཡང་ཏིང་ངེ་འཛིན་སྔ་མ་ལ་ཉམས་ལྔ་མཐར་ཕྱིན་པའི་བརྟན་པ་ཐོབ་ཟིན་ན་ཕྱི་མ་རྣམས་དམིགས་པ་སྤོས་ནས་ཏིང་ངེ་འཛིན་ལས་རུང་ཁྱད་པར་ཅན་གྱི་རྩལ་སྦྱང་བ་ཡིན་པས་བདུན་ཕྲག་རེ་ཙམ་ལས་ཡུན་རིང་མི་དགོས་པའི་ཁྱད་པར་ཤེས་དགོས་སོ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི། ཨ་ནི་ཆགས་མེད་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་པས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཨ་དཀར་པོའི་རང་བཞིན་དུ་བསམ་པའོ། །ཞེས་བརྗོད་ནས་རོལ་པ་འབྱུང་བའི་ལུང་གིས་ངེས་པའི་དོན་ལ་སེམས་བཞག་གོ། །ཏིང་ངེ་འཛིན་གྱི་ན་མོ་ཧཱུྃ་སོགས་གསུམ་གཟི་བྱིན་བསྐྱེད་པ་ཡིན་གསུངས་ཀྱང་འདིར་ནི་སྨོན་ལམ་གྱི་ཚུལ་གྱིས་ཐུན་བསྒོམ་པའི་མཇུག་ཏུ་བརྗོད་པར་བྱའོ། །དེ་ནས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རོལ་པར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བ་བློ་མཆོག་ཅིག་ཆར་བའི་གང་ཟག་གི་རྒྱ་མཚོར་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྩལ་དུ་ལམ་གྱིས་གསལ་བ་ཡིན་ཀྱང་། འདིར་ནི་དེ་ལྟར་བསྐྱེད་ཚུལ་སྲིད་མཐར་མ་བཀག་པ་ཙམ་ལས་མེད་པ་མདོ་པ་རང་ལུགས་ཆོས་སྐད་ཐུན་མིན་དུ། འཇུག་ཚུལ་གཉིས་པ་ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་བསྐྱེད་པའི་རིམ་པ་ཇི་ལྟར་འཇུག་པའི་རིམ་པ་ནི། སྤྱི་མདོ་ལས། བསྐྱེད་པ་ཀུན་གྱི་རྒྱུ་ཡིན་ཕྱིར། །དེ་བཞིན་ཉིད་ནི་དང་པོར་སྒོམ། །གསུངས་པས་མཚོན་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྩལ་རྒྱུའི་ཡི་གེ་ཨ་དཀར་པོ་དེ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་གསལ་བཏབ་ནས་གཙོ་བོར་ལྷ་སྣང་ལ་བསླབ་པ་ཅི་ནས་གལ་ཆེ་བས་ཞི་བའི་གསལ་སྣང་ལ་བསླབ་པའི་ཚུལ་སྒྱུ་འཕྲུལ་ཞི་བའི་བསྙེན་ཡིག་ལས་གསལ་བ་ལྟར་ངེས་པའི་སྟེང་དུ་འདིར་ནི་ཁྲོ་བོའི་གསལ་སྣང་ལ་བསླབ་པ་གཙོ་བོ་བྱས་ན། ཆོས་རྗེ་དམ་པ་རིན་པོ་ཆེས། །དབྱིངས་དང་ཡེ་ཤེས་ཆོ་འཕྲུལ་ལས། །འབར་དཔེ་ཚུལ་གྱི་དཀྱིལ་འཁོར་བསྒོམ། །གསུངས་པས་དེ་ལྟར་ན་དང་པོ་འོག་གཞི་ཁྲོ་བོ་དང་། དེ་ནས་སྟེང་ཁང་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ཡིན་ནམ་སྙམ་པ་ཚིག་དེས་དངོས་ཤུགས་གཉིས་ཀས་འཕང་པས། དེ་ལྟར་ན་དང་པོ་རྩ་བའི་ལྷ་ལ་གསལ་སྣང་བཟུང་བ་ནས་དཀྱིལ་འཁོར་ཡོངས་རྫོགས་ལ་གསལ་སྣང་ཐོན་པའི་བར་རྣམས་ནི། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་སྒོམ་ཚུལ་ཡིན་པར་ལོ་ཆེན་རིན་པོ་ཆེས་རྒྱུ་ཡི་ཨ་དཀར་པོ་ལས་འོད་ཟེར་གྱི་སྤྲོ་བསྡུས་ཐུགས་ཕྱག་མཚན་རྡོ་རྗེ་གནས་གྱུར་ནས་སྐུ་ཡོངས་སུ་རྫོགས་པ་ནས་གཙོ་འཁོར་ཐམས་ཅད་མ་འདྲེས་བར་གསལ་ནུས་པའི་བར་ནི་ཕྱག་རྒྱ་གཅིག་པའི་བསྒོམ་ཚུལ་ཡིན་གསུངས་པས་སོ། །ད་ནི་དང་པོ་གཙོ་བོ་ལ་སེམས་འཛིན་པའི་ཏིང་ངེ་འཛིན་པ་བསླབ་ཚུལ་ནི། གང་ཟག་དབང་པོ་རབ་གདོད་ནས་དམ་ཡེ་ཀུན་རྫོབ་དོན་དམ། ཐབས་དང་ཤེས་རབ། བདེ་བ་དང་སྟོང་པ། རིག་པ་དང་སྟོང་པ། གསལ་བ་དང་སྟོང་པའི་ཆོས་ཐམས་ཅད་དབྱེར་མེད་པ་སྐུ་གསུང་ཐུགས་ལྷ་སྔགས་ཆོས་ཉིད་རྒྱུན་མི་ཆད་པ་སྤྱོད་ལམ་རྣམ་པ་བཞི་དང་མི་འབྲལ་བར་གནས་པ་ལ་རིམ་གྱིས་བསླབ་པས་སྤྲོས་པ་མི་དགོས་ཀྱང་། དེང་སང་གི་གདུལ་བྱ་ལས་དང་པོ་པ་ཕལ་ཆེ་བའི་དབང་དུ་བྱས་ནས་བསླབ་པ་ལ་བདུན། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དང་དབྲལ་བ། ལྷ་ལམ་དུ་བསླང་བ། ལྷ་དང་བསྲེ་བ། ལྷ་དོན་ལ་སྦྱར་བ། ལྷ་ལམ་དུ་ཁྱེར་བའོ། །དང་པོ་ལྷ་ལ་སེམས་བཟུང་བ་ལ་གསུམ། གསལ་བར་བྱ་བ་དང་། བརྟན་པར་བྱ་བ། ཡུན་རིང་བར་བྱ་བའོ། །དང་པོ་ནི། བླ་མའི་མན་ངག་ཐོབ་ནས་བླ་མས་སློབ་མ་ལ་བྱིན་རླབས་དང་བགེགས་སྲུང་བ་བྱས་ལ། སློབ་མ་ཁམས་སྙོམས་པའི་དུས་ཁམས་གསོ་བའི་ཟས་བཅུད་ཅན་བརྟེན་ནོ། །སྟོན་དང་དགུན་ལྟ་བུ་ཁམས་དྭངས་པའི་དུས་སུ་ཉམས་མྱོང་ཅན་གྱི་བླ་མའི་སྤྱན་སྔར་རམ་ཉེ་བའི་ཕྱོགས་སུ་སྒོམ། དེ་ཡང་རབ་ཏུ་དབང་པོ་རྣོ་ན་དམིགས་རྟེན་གཞན་མེད་པར། ཐོགས་མར་ལྷའི་དབུ་ནས་བཟུང་ཆ་ཤས་སོ་སོར་རིམ་པས་གཅིག་ལ་སེམས་བཟུང་སྟེ། གསལ་ཐེབས་པ་དང་། གཅིག་ཤོས་སྒོམ་པའམ་བློ་ཆེ་ན་ཐོག་མ་ནས་ཡོངས་རྫོགས་ལ་བཟུང་ཡང་ཆོག་སྟེ། ཐུན་ཐུང་ལ་གྲངས་མང་བ་ཁམས་མ་སུན་བར་བསྒྲིམས་ཏེ་བསྒོམ་པས་དབང་པོ་རབ་ཀྱིས་ཞག་གསུམ་མམ་འབྲིང་གིས་བདུན་ནམ་བཅུ་གཅིག །ཐ་མས་ཟླ་བ་གཅིག་གིས་བརྟན་པ་ཐོབ་པར་གསུངས་ཀྱང་དེང་སང་དེ་ལྟ་བུའི་རིགས་ཅན་དཀོན་ཞིང་དབང་རྟུལ་ཤས་ཆེ་བས་བདེ་བའི་གདན་ལ་སྐྱིལ་ཀྲུང་བཅས་ཏེ། མདུན་དུ་ཡི་དམ་གྱི་ལྷ་ཆེ་མཆོག་ཧེ་རུ་ཀའི་སྐུ་བྲིས་ལེགས་པ་ཞིག་བཀྲམ་ལ་མཆོད་པ་བཤམས་ནས་ཐོག་མར་ཅི་ཡང་མི་བསམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ནས་ཐང་སྐུ་དེའི་དབུ་ནས་མར་ཞབས་ཀྱི་བར་དུ་བལྟ། ཞབས་ནས་དབུའི་བར་ཡས་རིམ་གྱིས་བལྟ། ཡང་སྐུ་རིལ་པོ་སྤྱི་ཁྱབ་ཏུ་བལྟ། སྐབས་སུ་མི་རྟོག་པར་བཞག་སྟེ་ངལ་གསོ། དེ་ལྟར་ཡང་ཡང་བྱས་པས་ཉིན་གཅིག་འཁྱོང་པར་བྱ། དེའི་ནུབ་མོ་གཉིད་ཚིམ་པར་ལོག །ནམ་ལངས་ནས་སྔར་བཞིན་བསྒོམ། ནུབ་མོ་ལྷ་མི་བསྒོམ་པར་མི་རྟོག་པར་བཞག །དེ་ལྟར་བྱས་པས་མ་བསྒོམ་པའི་དུས་སུ་ཡང་། ཡིད་ལ་ལྷ་སྐུ་བཀྲ་ལམ་གྱིས་འབྱུང་སྟེ། དེ་བྱུང་ན་དམིགས་རྟེན་དེ་མེད་པར་ཡིད་ཡུལ་དུ་སྒོམ། གལ་ཏེ་མ་བྱུང་ན་སྐུ་ལ་སེམས་བསྒྲིམས་ཏེ་བལྟས་རྗེས་མིག་བཙུམ་ལ་ལྷའི་སྐུ་སྔར་ལྟར་ཨེ་གསལ་ལྟ། དེ་ཡང་མོག་མོག་པོར་མི་གསལ་ན་ཡང་མིག་ཕྱེས་ཏེ་སྐུ་ལ་བལྟས་ལ་གསལ་བཏབ་སྟེ། རྣམ་པ་ཝ་ལེ་གསལ་བ་ལ་རྣམ་རྟོག་གི་འགྱུ་བ་བཅད་ལ་མ་ཡེངས་པར་བསྒོམ། དེ་ཡང་བློ་ཤིན་ཏུ་ཆུང་ན་ཐོག་མར་བྲིས་སྐུའོ། །འབུར་སྐུ་ལྡེར་བཟོ་ལྟ་བུ་གདོས་བཅས་ཀྱི་སྐུའི་རྣམ་པ་འདྲ་བ་ལས་མ་ཤར་ཡང་དེ་ཀ་ལ་བསྒོམ། དེ་གོམས་ནས་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུ་དང་། དེ་ཡང་སྣང་ཙམ་ལས་ངོ་བོ་ལ་ལྟ་དུས་ངོས་བཟུང་མེད་པ་སྒྱུ་མ་ལྟ་བུར་སྦྱང་། བློ་ཆེ་ན་དང་པོ་ནས་གཟུགས་བརྙན་ལྟ་བུ་སྣང་སྟོང་གཉིས་མེད་དུ་བསྒོམ་པར་བྱ་སྟེ། ས་བཅད་དང་པོ་ལྷ་གསལ་བར་བྱ་བ་བསྟན། གཉིས་པ་བརྟན་པར་བྱ་བ་ནི། སྒོམ་ཉམས་ལྔ་དང་སྦྱར་དགོས་ཏེ། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་དང་ལྔའོ། །དེ་ལ་དང་པོ་གཡོ་བའི་ཉམས་ནི། དེ་ལྟར་སྒོམ་པའི་ཚེ་སེམས་མི་གནས་པར་རྣམ་རྟོག་མང་དུ་འགྱུ་འཕྲོ་བྱེད་པ་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་རྣམ་རྟོག་འཕྲོ་མི་ཆོད་པར་གཅིག་རྗེས་གཅིག་ནོན་དུ་སྐྱེ་བ་འབྱུང་སྟེ། སྔར་རྣམ་རྟོག་ངོས་མ་ཟིན་པར་ཐ་མལ་པར་ཤོར་བས་དགྲ་ངོ་མི་ཤེས་པ་ལྟ་བུ་ལ། འདིར་དགྲ་ངོས་ཟིན་པ་ལྟ་བུའི་སེམས་ཅུང་ཟད་གནས་ཤིང་ཟིན་པར་ཉེ་བ་རི་གཟར་གྱི་འབབ་ཆུ་ལྟ་བུ་སྟེ་གཡོ་བའི་ཉམས་ཞེས་བྱའོ། །དེ་ནས་སྒྲིམ་ལྷོད་སྤེལ་མ་རྒྱུན་འཐུད་དེ་འབད་ནས་བསྒོམ་པས་རྣམ་རྟོག་ཇེ་ཉུང་དུ་སོང་བའི་རྟགས་སུ་ལྷ་སྐུའི་དབྱིབས་དང་སྐུ་མདོག་གཉིས་དུས་གཅིག་སེམས་ལ་ཝལ་ཝལ་འཆར་ན་གསལ་ཞིང་བརྟན་པ་ཐོབ་པ་རྫིང་གི་ཆུ་འཁྱིལ་བ་ལྟ་བུ་སྟེ་ཐོབ་པའི་ཉམས་ཞེས་བྱའོ། །དེ་ནས་ཀྱང་བསྒོམ་པས་ལྷ་སྐུ་ཡིད་ལ་འཆར་བ་དེ་གྱང་ལོགས་སམ་རི་རྩེ་དང་རེ་ལྡེ་ལྟ་བུ་ཐག་རིང་ཐུང་གང་དུ་བསྒོམ་ཀྱང་ཁྱད་མེད་པར་གསལ་ཐེབས་པ་དང་། ཡུན་ཀྱང་ཐུན་གྱི་སུམ་ཆའམ་ཐུན་ཕྱེད་ཙམ་དུ་རྣམ་རྟོག་རགས་པ་མི་འགྱུ་བར་གནས་ཐུབ་ན་ཆུ་ཀླུང་སྟེ། རྒྱུན་ཆུ་དལ་གྱིས་འབབ་པ་ལྟ་བུ་དེ་གོམས་པའི་ཉམས་ཞེས་བྱའོ། །དེ་ནས་ཡང་བསྒོམ་པས་ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། རགས་པ་ཐམས་ཅད་ཝ་ལེར་གསལ་གྱི་རྣམ་རྟོག་གཞན་གྱིས་བསྐྱོད་མི་ནུས་པར་ཐུན་རེ་རེ་ཙམ་འབྱོང་པར་འབྱུང་བ་ནི་བརྟན་པའི་ཉམས་ཞེས་བྱའོ། །དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་རབ་ལྟ་བུའོ། །ད་དུང་ཡང་བསྒོམ་པས་མཐར་ལྷའི་སྤྱན་གྱི་དཀར་ནག་རྫི་མ་བ་སྤུ་ཡན་ཆད་དངོས་སུ་མཐོང་རྒྱུ་དང་རིག་རྒྱུ་ཡོད་པ་ལྟར་གསལ་བ་དང་། དེ་ཡང་ཉིན་མཚན་ནམ་འདོད་ཀྱི་བར་འཕྱོངས་པ་ནི་མཐར་ཕྱིན་པའི་ཉམས་ཏེ་གཞན་དུ་རིག་མཐོང་གི་མཚན་མ་རྙེད་པ་ཞེས་བཤད་པ་དེ་ཡིན་ནོ། །དེ་ཡང་ལྷ་སྐུ་མི་གསལ་བའི་དུས་སུ་དེ་ཀའི་འཕྲོ་ལ་ཨུ་ཚུག་གིས་རྒྱུན་རིང་སྐྱོང་ན་ཁམས་འཁྲུགས་ཤིང་སྣ་སུན་ཏེ་སླར་སྒོམ་སྙིང་མི་འདོད་པ་འབྱུང་ཞིང་ཕྱིན་ཆད་སྒོམ་ལ་བོགས་སྐྱེད་མི་འབྱུང་བ་དང་། སླར་རྣམ་རྟོག་འཕྲོ་རྐྱེན་བྱེད་པས། སྤྱིར་ཐུན་ཐུང་ལ་གྲངས་མང་བ་དང་། ལྷ་སྐུ་གསལ་གོ་བའི་སྒང་ལ་འཕྲོ་བཅད་དེ་བཞག །ཡང་སྒོམ་པས་སླར་དེ་སྒོམ་སྙིང་འདོད་པ་འབྱུང་། ཐུན་མཚམས་རྒྱུན་མི་རིང་བ་དེ་མ་ཐག་ཡང་སྒོམ་ལ་འཇུག །དེ་ཡང་མཚན་མོ་ལྟ་བུ་གཉིད་སད་མ་ཐག་གི་གཉིད་ཀྱི་བཟི་མ་དྭངས་པ་ཟ་ཟི་ཉག་ཉོག་གི་སྐབས་དང་། ཉིན་པར་ལྟོ་འགྲང་ཆེ་བ་དང་བཟི་བ་སོགས་ཀྱི་ཁམས་ཉོག་པའི་དུས་དང་། ས་ཁ་རབ་རིབ་དང་། གནས་ཁང་དཀར་རིབ་ནག་རིབ་ཏུ་མི་བསྒོམ། བདག་གི་བླ་མ་བཀའ་དྲིན་ཅན་གྱིས། རྒྱ་རོང་དགོན་པར་ཁོང་གིས་སྨིན་གླིང་རྡོར་སེམས་ཀྱི་བསྙེན་པ་བཏང་དུས་ལྷ་བསྒོམ་པ་ལ་སྐུ་ཕྱེད་ལ་གསལ་སྣང་ལེགས་པོ་ཐོན། སྐུ་ཕྱེད་དེ་མོག་མོག་ཞིག་ལས་གསལ་མི་ཐེབས་པ་ཞིག་བྱུང་ན། དེ་སྐར་ཁུང་གི་ཕྱེད་ཀྱི་གྲིབ་མ་སྐུ་ལུས་ལ་ཕོག་པས་ལེན། བསྐྱེད་རིམ་འདི་གནས་ཁང་གསལ་ཆ་ཆེ་ས་ན་སྒོམ་དགོས་གསུངས་སོ། །དེས་ན་ཉིན་མོ་ཉི་མ་དྭངས་གསལ་བ་ནམ་མཁའ་དྭངས་པའི་དུས་དང་། མཚན་མོ་མར་མེ་འོད་ཡོད་སོགས་སུ་སྒོམ་ན་བྱིང་འཐིབ་མི་འབྱུང་བའི་དགོས་པ་ཆེ། མཚན་མོ་གཉིད་བཅག་ན་ཉིན་པར་ཁམས་ཉོག་སྟེ་སྒོམ་པ་གནད་དུ་མི་འགྲོ་བས་ཉལ་དུས་གཉིད་ཚིམ་པར་ལོག །ཉིན་མོ་ཡང་ཐུན་ཐུང་བརྒྱད་ཙམ་དུ་བསྒོས་ཏེ་སྒོམ་ན་གནད་དུ་འགྲོ། ཐུན་འཇོག་དུས་བཙན་ཐབས་སུ་འཕྲོ་བཅད་དེ་ཧར་ལངས་བྱས་ན་སྒོམ་འཆོར་བས་དལ་བུས་སྒོམ་གསལ་བ་རང་གི་སྒང་ལ་གསལ་སྣང་དེ་མ་ཤོར་བར་བྱས་ལ། ཐུན་མཚམས་ལ་འཇུག་གསལ་བཏབ་མ་ཐག་ཝལ་གྱིས་ཡོང་ན། མཚན་མོ་ཡང་། སྲོད་དང་ཐོ་རངས་ལ་བསྒོམ་པས་ཆོག །སྤྱིར་བསྒོམ་གྱི་སྣ་མ་སུན་ཅིང་། ཡིད་མ་འགྲས་ཙམ་དུ་ལྷ་སྐུའི་ཆ་ཤས་ཡིད་ལ་གང་གསལ་བ་གཅིག་ལ་སེམས་གཏད་ལ། དེ་བརྟན་ན་སྐུ་རྫོགས་པར་གསལ་བ་ལ་བསླབ་སྟེ་བརྟན་པར་བྱ་དགོས་སོ། །གསུམ་པ་ཡུན་བསྲིང་བར་བྱ་བ་ནི། དེ་ལྟར་གསལ་ཞིང་ཅུང་ཟད་བརྟན་པ་སྒོམ་པའི་ཐུན་ཚོད་ཉིན་ཐུན་གཉིས་དང་མཚན་ཐུན་གཉིས་ཁྲིགས་ཆགས་སུ་གཅོད་པ་གལ་ཆེ་སྟེ། ཕྱིས་ཐུན་ཚོད་ཉིན་མོ་ཡིན་ན་ཐུར་ཤིང་གི་གྲིབ་མ་ལྟ་བུས་ཉི་གྲིབ་གཞལ་ཏེ་གྲངས་རྩི། མཚན་མོ་ལྟ་བུར་ནང་གི་ཐུན་ཚོད་དབུགས་རྒྱུ་བའི་གྲངས་ཀྱིས་བཟུང་སྟེ་ཐུན་ཚོད་རེ་ལ་དབུགས་ཕར་བཏང་ཚུར་རྔུབ་ཀྱི་ཁུག་པ་བདུན་སྟོང་ཉིས་བརྒྱ་རེ་འབྱུང་ཞིང་ཉིན་ཞག་ཕྲུག་རེ་ལ་ཐུན་ཚོད་བརྒྱད་རེ་འབྱུང་བས་ནམ་ཟླ་དུས་བཞིའི་དབང་གིས་ཉིན་མཚན་རིང་ཐུང་ལ་དཔགས་ཏེ་ཉིན་བཞི་དང་མཚན་བཞིར་བགོས་ཏེ་ཚད་ལ་ཕེབས་ཏེ་བསྒོམས་པས་ཁམས་མི་འཁྲུགས། བསྒོམ་པའི་ཚད་ཟིན་པ། ཏིང་ངེ་འཛིན་བོགས་ཆེ། དེ་ལ་ཡུན་རིང་གནས་པར་འགྱུར། གྲངས་ཀྱང་ངག་གིས་མི་འདྲེན་པར་ཡིད་ཀྱིས་ཕྲེང་བ་ལ་བསྒྲང་། ཐུན་ཚོད་བརྒྱད་པའང་གཉིས་གཉིས་སུ་བཅད་དེ། ཐུན་ཆུང་བཅུ་དྲུག་ཏུ་བགོས་ལ་ཉིན་མོ་གྲིབ་ཚོད་ཀྱིས་གཞལ་ཏེ། གྲིབ་ཚོད་རེ་རེ་ལ་སྒོམ། རེ་རེ་ལ་ངལ་གསོ། དེ་ལྟར་ན་ཐུན་བརྒྱད་ལ་བསྒོམ། བརྒྱད་ལ་ངལ་གསོ་བ་སྤེལ་མར་བྱ། དེ་ལ་བརྟན་ན་ཐུན་ཆུང་གཉིས་བསྲེང་སྟེ་བསྒོམ། དེ་ནས་རིམ་གྱིས་ཉི་མ་རེ་དང་། ཉིན་ཞག་ཕྲུག་རེ་དང་། ཟླ་བ་ཕྱེད་ལ་སོགས་པར་བསྒོམ་ནུས་པ་འབྱུང་། མདོར་ན་ཐུན་རིང་ཐུང་ཇི་ལྟར་ཡང་། མ་སུན་ཅིང་། ལྷ་སྐུ་གསལ་ལ་མི་རྟོག་པ་དེའི་ངང་ལ་ཡུན་བགས་ཀྱིས་བསྲིང་སྟེ་ལྷ་གསལ་བ་ཡུན་རིང་བར་བྱའོ། །དེ་ཡན་ཆད་ནི་དོན་ཚན་དང་པོ་ལྷ་གསལ་བར་བྱ་བའི་ཐབས་སོ། །རྩ་བའི་གཉིས་པ་འགྱུར་བའི་སྐྱོན་བཅོས་པ་ལ་གཉིས་ཏེ། སྐྱོན་ངོས་བཟུང་བ་དང་། དེ་བཅོས་པའོ། །སྐྱོན་ངོས་བཟུང་བ་ལ་གཉིས། སྤྱིའི་སྐྱོན་བཅོས་པ་དང་། ཁྱད་པར་གྱི་སྐྱོན་བཅོས་པའོ། །དང་པོ་ལ་བདུན་ཏེ། དམིགས་པ་བརྗེད་ངེས་ཞེས་པ་བསྒོམ་རྒྱུའི་དམིགས་པ་གང་ཡིན་འཕྲལ་འཕྲལ་བརྗེད་དེ་སྒོམ་དུས་སྒོམ་ལུགས་མི་ཤེས་པ་དང་། ལེ་ལོ་ཞེས་པ་སྙོམས་ལས་དང་རྒྱུ་ངན་གྱིས་སླར་བྱས་ཆོག་སྙམ་ཞིང་ཕྱི་བཤོལ་དུ་བཞག་སྟེ་སྒོམ་གཅོག་པ་དང་། དོགས་པ་ཞེས་པ་སྒོམ་ཀྱང་གསལ་པོ་མ་བྱུང་གི་དོགས་པས་ཐེ་ཚོམ་ཟོས་ནས་མི་སྒོམ་པ་དང་། བྱིང་བ་ཞེས་པ་རང་བཞིན་ཤུགས་ཀྱིས་རྐྱེན་ལ་མ་ལྟོས་པར་ཤེས་པ་གསལ་ཆ་མེད་པར་བྱིང་རྨུགས་སུ་ཤོར་བ་དང་། ཁ་ཟས་དང་གོས་དང་གནས་མལ་དང་། གྲོགས་གྲིབ་ཅན་སོགས་གྲིབ་སྐྱོན་གྱིས་བྱིང་བ་དང་། རྒོད་པ་ཞེས་པ་རྣམ་རྟོག་འཕྲོ་རྒོད་སྣ་ཚོགས་ཀྱི་རྐྱེན་མེད་པར་རང་བཞིན་དུ་ཤར་བ་དང་། ཆེད་དུ་མ་བཅོས་ཀྱང་རྐྱེན་གྱིས་འཕྲོ་བ་དང་། ཆེད་གཏད་ཀྱིས་བཅོས་ཏེ་རྣམ་རྟོག་འཕྲོར་བཅུག་པ་ལྟ་བུ་དང་། རྩོལ་བ་ཞེས་པ་ལྷ་གསལ་ཞིང་སེམས་གནས་བཞིན་དུ་ད་དུང་ཧ་ཅང་དེ་བས་གསལ་ཞིང་གནས་པ་ཞིག་འདོད་དེ་རིག་པ་གཅུན་ཆེ་བས་དམིགས་པ་དེ་བན་བུན་དུ་སོང་སྟེ་རླུང་ལྡང་སྟེ་འཕྲོ་རྐྱེན་བྱེད་པ་དང་། མི་རྩོལ་བ་ཞེས་པ་སྒོམ་ལ་ཆོག་ཤེས་བྱས་ཏེ་མི་སྒོམ་པ་དང་། བྱིང་རྒོད་སོགས་བྱུང་དུས་དེ་འགོགས་པའི་གཉེན་པོ་ལ་རྩོལ་བ་མི་བྱེད་པའོ། །འདི་དག་ནི་ཐུན་མོང་བའི་གཞུང་ལས་ཏིང་ངེ་འཛིན་སྒོམ་པའི་གེགས་ཉེས་པ་ལྔ་ཞེས་གསུངས་པ་དང་། འདིར་བསྟན་པ་གཉིས་དབྱེ་བསྡུས་ཁྱད་པར་ཙམ་མ་གཏོགས་དོན་འདྲའོ། །གཉིས་པ་ཁྱད་པར་གྱི་སྐྱོན་ནི་བཅུ་གཉིས་ཏེ། ལྷ་སྐུ་མི་གསལ་བ་རབ་རིབ་བྱེད་པ་དང་། མོག་མོག་པོ་དང་གྲིབ་མ་ཕོག་པ་ལྟ་བུ་བཀྲག་མདངས་མི་གསལ་བ་དང་། སྐུ་ཆེན་པོ་སྒོམ་དུས་ཆུང་ངུར་འགྱུར་བ་སོགས་སྐུ་ཚད་འགྱུར་བ་དང་། རྒྱན་ཅན་སྒོམ་དུས་རྒྱན་མེད་དུ་འཆར་བ་ལྟ་བུ་ཆ་ལུགས་འགྱུར་བ་དང་། ཞལ་རས་མིའི་གདོང་བརྙན་དུ་སྒོམ་པ་དུད་འགྲོའི་གདོང་དུ་འགྱུར་བ་ལྟ་བུ་དབྱིབས་འགྱུར་བ་དང་། ལྷ་གཅིག་བསྒོམ་དུས་གཉིས་སུ་འགྱུར་བ་ལྟ་བུ་གྲངས་འགྱུར་བ་དང་། ཐོག་མར་བཞུགས་པར་བསྒོམ་པ་ཡང་བཞེངས་པར་སོང་བ་ལྟ་བུ་བཞུགས་ཚུལ་འགྱུར་བ་དང་། ཆེ་མཆོག་ལྟ་བུ་བསྒོམ་ན་སྔོན་པོའི་ཁ་དོག་ཙམ་ལས་སྐུའི་བཟོ་དབྱིབས་མེད་པ་ཁ་དོག་འབའ་ཞིག་ཏུ་སྣང་བ་དང་། སྐུའི་དབྱིབས་ཤར་ཡང་ཁ་དོག་སྒོམ་པ་ལྟར་མི་འཆར་བར་དབྱིབས་འབའ་ཞིག་སྣང་བ་དང་། ཐོག་མར་གསལ་ཡང་དེ་མ་ཐག་རིམ་གྱིས་མི་གསལ་བར་འགྲོ་བ་རིམ་པར་ནུབ་པ་དང་། རྒྱན་ཆ་ལུགས་ཕྱག་མཚན་སྐུའི་ཆ་ཤས་སོགས་མ་ཚང་བར་འཆར་བ་ནི་མ་རྫོགས་པ་སྟེ་བཅུ་གཉིས་སོ། །གཉིས་པ་སྐྱོན་དེ་རྣམས་བཅོས་པ་ལ་གཉིས། སྤྱིའི་སྐྱོན་བདུན་གྱི་ལོག་གནོན་གྱི་གཉེན་པོ་ནི་སྤང་བའི་འདུ་ཤེས་བརྒྱད་བརྟེན་པ་ཡིན་ཏེ་འདི་དང་ཐུན་མོང་གི་གཞུང་ལས་འབྱུང་བ་གཉིས་ཀ་མིང་དོན་མཚུངས་པས། དེ་ཡང་དམིགས་པ་བརྗེད་ངེས་པའི་གཉེན་པོར་དམིགས་པ་དེ་ལ་ཐོག་མར་ཡུན་རིང་དུ་འདྲེས་པར་བྱས་རྗེས་དེ་མ་ཐག་མ་བརྗེད་པར་བྱའོ་སྙམ་པའི་དྲན་པ་བརྟེན། ལེ་ལོའི་གཉེན་པོ་ཏིང་ངེ་འཛིན་བསྒོམ་པའི་ཕན་ཡོན་དང་། སེམས་དང་བའི་དད་པ་དང་དེ་སྒྲུབ་པ་ལ་འདུན་པའི་འདུན་པ་དང་། ཕན་ཡོན་མཐོང་བས་སྤྲོ་ཤུགས་བསྐྱེད་དེ་རྩོལ་བའི་བརྩོན་འགྲུས་རྣམས་བསྒོམ་མོ། །དོགས་པའི་གཉེན་པོར་རྟོགས་པའི་དཔའ་གདེང་བསྐྱེད་དེ་ཐེ་ཚོམ་མེད་པའི་ངེས་ཤེས་བརྟེན། བྱིང་བའི་གཉེན་པོར་སེམས་སྤྲོ་ཤི་བ་བསལ་ཏེ་དམིགས་པ་ལ་ཤེས་པའི་འཛིན་སྟང་གི་ངར་ཆ་ཐོན་པ་དང་། ཤེས་པ་གཟེངས་བསྟོད། སྤྱོད་ལམ་ཁྲུས་བྱ་ཞིང་རྩོལ་བཅག་བྱ། གོས་སྲབ་ཏུ་གཏོང་། ས་བསིལ་བ་དང་། སྣང་བ་གཡེལ་ཆེ་སར་སྡོད། རྒོད་པའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམ་ལ་སྐྱོ་ཤས་དང་ངེས་འབྱུང་གི་བློ་བསྐྱེད། སེམས་དྲན་པའི་ཐག་པས་བཅིངས་ཏེ་དམིགས་པའི་སྡོང་པོ་ལ་བཏགས་ཞེས་ཡེངས་སུ་མི་འཇུག་པར་དྲན་པས་བཟུང་ཞིང་དམིགས་པ་ལ་ཡང་ཡང་གཅུར། བྱིང་རྒོད་གཉིས་ཀ་མ་བྱུང་གོང་ནས་བྱུང་མ་བྱུང་ཚོར་བའི་ཤེས་བཞིན་གྱི་བྱ་ར་བརྟེན། རྩོལ་བའི་གཉེན་པོར་འདུ་བྱེད་བཏང་སྙོམས་ཞེས་པ། རྩོལ་བ་ལྷོད་དེ་རང་བབས་སུ་བཞག མི་རྩོལ་བའི་གཉེན་པོར་བརྩོན་འགྲུས་བརྟེན་ཏེ་གཉེན་པོ་གསལ་གདབ་དགོས་སོ། །དེས་ན་ཏིང་ངེ་འཛིན་སྒོམ་པའི་གོང་འོག་གི་དམིགས་རྣམ་རྣམས་དང་པོ་ཉིད་ནས་བློ་ཐོག་ནས་བྱང་ངེས་པར་ཡིད་ལ་འཇགས་པར་བཟུང་། སྒོམ་ན་གཟོད་སྒོམ་ཤེས་པ་ཞིག་འོང་བས་ཆེད་དུ་བྲིས་པའོ། །གཉིས་པ་ཁྱད་པར་གྱི་སྐྱོན་བཅོས་པ་ལ། རབ་རིབ་མོག་མོག་གྲིབ་མ་ལྟར་སྣང་བ་གསུམ་ལ་སྟོང་ཉིད་མི་རྟོག་པ་སྒོམ་ཞིང་སྒོ་གསུམ་མ་བཅོས་པར་གཡོ་མེད་དུ་ཅི་གནས་བཞག་རྗེས་བྲིས་སྐུ་ལ་ཞིབ་ཏུ་བལྟས་ལ་སྒོམ། ཡང་མི་རྟོག་པར་སྒོམ་པ་གཉིས་སྤེལ་མར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ལས། །འོད་ཀྱིས་འཇིག་རྟེན་སྣང་བར་བྱེད་པ་ཡི། །མགོན་པོ་གང་གི་སྐུ་ལ་སེམས་འཛིན་པས། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །ཞེས་སོ། །སྐབས་འདིར་བཤད་དགོས་པ་མང་ཡང་རེ་ཞིག་སྤྲོས་པ་བསྐྱུང་ངོ་། །སྐུ་ཚད་དང་ཆ་ལུགས་བཞུགས་ཚུལ་འགྱུར་ལྡོག་བྱེད་པ་བཞི་ནི་གཉེན་པོར་ལྷ་སྐུ་དེ་གདོས་བཅས་འཇིམ་སྐུ་ལྟ་བུར་ལྡེར་བཟོ་ཤིན་ཏུ་ཆེ་བ། ཤངས་ཀྱི་བུ་གའི་ནང་དུ་ཕུག་རོན་འཚངས་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་པ་ཕྱག་ཞབས་སོགས་ལ་བྱ་དང་བྱིའུ་བབས་པ་དང་། རི་དྭགས་དང་ར་ལུག་སོགས་ཀྱིས་བརྡུང་ཁ་ཚོད་པ་རྩེད་མོ་བྱེད་པ། སྐུའི་ཆ་ལ་བྱ་བྲུན་དང་། བག་ཟོན་ཞེས་པ་སྐྱེས་རལ་ལེ་བ་ཞིག་ཏུ་སྒོམ། གྲངས་འགྱུར་བ་ལ། དང་པོ་ཉིད་ནས་གཅིག་གམ་གཉིས་སམ་གྲངས་སུ་བཅད་པ་ལྟར་སྒོམ། ཁ་དོག་འབའ་ཞིག་ཤར་བ་ལ། དེ་བཞག་ལ་དབྱིབས་ཀྱི་རྣམ་པ་ཡང་ཡང་གསལ་གདབ། འགའ་ཞིག་ལ་རང་གི་ལུས་ཁམས་ལ་ཁྲག་མཁྲིས་སོགས་ནད་ཁམས་ཤས་ཆེ་ཆུང་གི་དབང་གིས་ཁྲག་ཤས་ཆེ་བ་ལ་དམར་པོ་དང་། མཁྲིས་ཤས་ཆེ་བ་ལ་སེར་པོ་རྐྱང་པ་འཆར་བ་ལྟ་བུ་འོང་སྲིད་པས་ནད་ཀྱི་འཕྲུལ་ཡིན་མིན་བརྟགས་ལ་ནད་བཅོས་བྱ། རིམ་པས་ནུབ་པ་ལ་ལྷ་སྐུའི་དབུ་ཞལ་ནས་ཕྱག་ཞབས་ལྟ་བུ་སྐུའི་ཆ་ཤས་གཙོ་ཆེ་བ་རྣམས། ཡང་ཡང་ངེས་ངེས་སུ་གསལ་བཏབ་ལ་གཟོད་སྒོམ་གྱི་ཁོག་བསྲང་། མ་རྫོགས་པའི་སྐྱོན་ལ་ལྷའི་སྐུ་ལ་བལྟས། ཡང་རྫོགས་ཝལ་གྱིས་ཡང་ཡང་སྒོམ་ལ་འབད། ཡང་ན་ཆ་ཤས་གང་མ་རྫོགས་པ་དེ་ཁོ་ན་ལ་དམིགས་ཕུག་སྟེ་ཡང་ཡང་གསལ་འདེབས་ཏེ་བསྒོམ་མོ། །དོན་གསུམ་པ་ལྷ་དབྲལ་བ་ནི། དེ་ལྟར་སྐྱོན་དེ་དག་མ་སེལ་གྱི་བར་དུ་མི་རྟོག་པ་སྒོམ་པས་ཤེས་པ་ཐང་ཆད་པ་དང་། ངལ་སོས་ཤིང་སེམས་དྭངས་སྙིགས་ཕྱེ་ནས། ལྷ་གསལ་བར་འགྱུར་བས་ལྷ་དང་མི་རྟོག་པ་སྤེལ་མར་སྒོམ་པར་བྱ་སྟེ། དགོངས་པ་འདུས་པའི་མདོ་ལས། ཆོས་ཀུན་མ་འདྲེས་ཡོངས་རྫོགས་པར། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཅེས་སོ། །དེ་ཡང་ལྷ་སྐྱོན་མེད་དུ་གསལ་ཐེབས་ནས་དེའི་ཆེད་དུ་མི་རྟོག་པ་སྒོམ་མི་དགོས་པ་ལྷ་ཁོ་ན་སྒོམ་སྟེ་ལྷ་མི་རྟོག་པ་དང་དབྲལ་བ་ཞེས་བྱའོ། །དོན་བཞི་པ་ལྷ་ལམ་དུ་བསླབ་པ་ནི། དེ་ལྟར་ལྷའི་སྐུ་སྐྱོན་དང་བྲལ་བར་གསལ་ཐེབས་ན་ལྷ་དེ་རེས་འགའ་བཞེངས་པར་སྒོམ། རེས་འགའ་བཞུགས་པ། རེས་འགའ་གཟིམ་པ། རེས་འགའ་སྤྱིའུ་ཚུགས། དེ་བཞིན་དུ་གན་རྐྱལ་དང་། ཁ་སྦུབ་དང་། ཐག་རིང་བ་དང་། ཉེ་བ་རི་བོའི་ཁོང་གསེང་། ཐང་གི་དཀྱིལ། རྡོའི་དཀྱིལ། ཆུའི་གཏིང་སོགས་གང་དུ་སྒོམ་མམ་ཇི་ལྟར་སྒོམ་ཀྱང་སྐྱོན་མེད་དུ་གསལ་ཞིང་མི་བདེ་བ་མེད་ན་ལྷ་ལམ་དུ་སློང་བ་ཡིན་ནོ། །དོན་ཚན་ལྔ་པ་ལྷ་བསྲེ་བའམ་ལྷ་དང་རང་རྒྱུད་བསྲེ་བ་ཞེས་བྱ་བ་ནི། འདི་ཡན་ཆད་ཀྱི་དམིགས་པ་དེ་རྣམས། ལྷའི་སྣང་བ་ལ་གོམས་སུ་གཞུག་ཅིང་བྱང་ཆུབ་པའི་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ་ཀྱང་། དེ་མདུན་བསྐྱེད་དངོས་མ་ཡིན་ཏེ། ཏིང་ངེ་འཛིན་ལ་གོམས་པ་ལོབ་པའི་ཚད་ཡིན་ལ། མདུན་བསྐྱེད་ནི་བདག་ཉིད་ལྷར་གསལ་བའི་མདུན་དུ་དག་པ་མངོན་གྱུར་པའི་དཀྱིལ་འཁོར་བསྒོམ་པ་ཡིན་ནོ། །འདིར་ནི་དེ་ནས་ལྷ་ལམ་དུ་སློང་ཤིང་བྱང་བར་གྱུར་པ་དེ་མདུན་དུ་གསལ་བཏབ་སྟེ། དེ་རང་ལ་བསྟིམ་པས་རང་ཉིད་དེ་དང་མཚུངས་པའི་ལྷ་སྐུ་ཡོངས་རྫོགས་གསལ་ལ་མ་འདྲེས་པར་གྱུར་པར་བསྒོམ་སྟེ། གཙོ་རྐྱང་ངམ་འཁོར་ཅན་གཞལ་ཡས་ཁང་དང་བཅས་པ་སོགས་གང་མོས་སུ་གསལ་གདབ་པ་ཡང་ཡང་བྱ་སྟེ། སྔོན་མ་ལ་གོམས་པ་དེས་འདིར་དཀྱིལ་འཁོར་བསྒོམ་པ་ཡང་དཀྱུས་ལས་བསྟན་པ་ཐམས་ཅད་བསྒོམ་ན་ལས་སླར་བར་འགྱུར་རོ། །རྩ་བའི་དྲུག་པ་ལྷ་དོན་ལ་སྦྱར་བ་ནི། བདག་གི་རྣམ་རྟོག་གི་རྩོལ་བས་བསྐྱེད་པའི་བདག་དོན་སྣང་བའི་ང་རྒྱལ་ལྷའི་སྐུར་བསྒོམ་པ་དེ་གསལ་ཞིང་བརྟན་པར་གྱུར་ན། དེ་ཉིད་གདོས་བཅས་ལྟ་བུ་མ་ཡིན་པར་ཆུ་ནང་གི་ཟླ་གཟུགས་སམ། བར་སྣང་གི་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་སྟོང་པའི་ང་རྒྱལ་གསལ་བ་སྟེ། འདི་ལྟར་སྣང་བའི་དངོས་པོར་གྲུབ་ཀྱང་། རིག་པའི་ཡུལ་དུ་མ་གྲུབ་པར་ཐོགས་པ་མེད་པར་བསྒོམ། དེ་ནས་དེ་ལ་བརྟན་པ་ཐོབ་ན། འདི་ལྟར་སྣང་བའི་ལྷ་འདི་གང་ནས་འོང་། ངོ་བོ་ཇི་ལྟར་གནས་དཔྱད་པ་ན། ཕྱི་རོལ་གྱི་ཡུལ་གང་ནས་ཀྱང་མ་འོངས། གང་དུའང་མི་གནས། གང་དུའང་མི་འགགས། རང་སེམས་ཀྱི་སྣང་བ་ལྷར་ཤར་བ་ཙམ་སྟེ་སེམས་ཚོགས་དྲུག་གི་ཡུལ་དུ་སྣང་བའི་འཇུག་ཤེས་དྲུག་དང་། དེ་གང་ལས་འཆར་བའི་གཞི་ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་དེ་རྣམ་ཤེས་ཚོགས་བརྒྱད་པོ་ལྷའི་སྐུ་དང་ཡེ་ཤེས་སུ་སྣང་བ་ཉིད་དོ། །སྤྱི་མདོ་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་པས། དོན་ལ་གཞི་དབྱིངས་ཀུན་གཞི་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་སྲས་བདེ་བ་ཆེན་པོ་སངས་རྒྱས་ཆོས་ཀྱི་སྐུའམ། དོན་དམ་པའི་ལྷར་གྲུབ་པ་དེའི་རྩལ་ལམ་གདངས་སྒྲིབ་གཡོགས་བྲལ་བའི་ཚུལ་དུ་ཤར་བས་དེའི་ངོ་བོ་ཉིད་དེ། དེ་ལས་ལོགས་སུ་མེད་ལ། ད་ལྟར་ལྷར་སྣང་བ་འདི་ཡང་། རྣམ་པ་ཡིད་ཀྱིས་བསྒོམ་པའི་མཐུ་ལས་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྣང་ཡང་བཙལ་ན་ཇི་བཞིན་མི་རྙེད་པས། འདི་ཞེས་བཏགས་སུ་མེད་ཅིང་བསྟན་དུ་མེད་པ་དོན་དམ་པའི་རང་བཞིན་ཆོས་ཀྱི་སྐུའོ། །ཞེས་དྲན་པར་བྱེད་པའོ། །དེ་ལྟ་བུའི་རྣལ་འབྱོར་པས་བསྒོམ་པའི་དམ་ཚིག་དྲུག་ལ། གལ་ཆེ་ཤོས་ལགས་པས། མན་ངག་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་སུ་མོས་གུས་ཀྱི་གདུང་བ་རྒྱུན་མི་བཅད་པ་དང་གཅིག །ཏིང་འཛིན་སྒོམ་པའི་མཐུན་ཕྱོགས་གྲོགས་སུ་འགྱུར་བའི་མན་ངག་གི་གནད་དང་དཔེ་ཆ་ཚགས་སུ་ཚུད་པ་དང་གཉིས། མི་མཐུན་པའི་ཕྱོགས་འགལ་རྐྱེན་རྣམས་འདོར་བ་དང་གསུམ། འགྲོ་འཆག་ཉལ་འདུག་སོགས་སྤྱོད་ལམ་ཀུན་ཏུ་བསྒོམ་བྱའི་ཏིང་ངེ་འཛིན་ཡིད་ནས་ཡལ་བར་མི་འདོར་བ་དང་བཞི། ཡི་དམ་གང་བསྒོམ་པ་དེ་མི་སྤངས་ཤིང་། དེ་ཉིད་ཀྱི་བསྒོམ་སྒྲུབ་མཐར་དབྱུང་བ་དང་ལྔ། ཡི་དམ་གྱི་ལྷ་སྤོང་ལེན་མི་བྱ་བར་ལྷ་གང་བསྒོམ་ཡང་སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་རྟོགས་པས་ལྷ་གཅིག་བསྒོམ་ཀྱང་སངས་རྒྱས་བསྒོམ་པ་ཡིན་པར་ཤེས་པ་དང་། སངས་རྒྱས་ཀྱང་རང་གི་སེམས་རྟོགས་པ་ལས་ལོགས་ན་བསྒོམ་རྒྱུ་མེད། ཡི་དམ་ལྷ་ཡང་རང་སེམས་ཀྱི་སྣང་བ་ཡིན་ལ་ལོགས་ཤིག་ནས་སྒྲུབ་རྒྱུ་དང་སྒོམ་རྒྱུ་ཅི་ཡང་མེད། མདོར་ན་སངས་རྒྱས་ཐམས་ཅད་ཡི་དམ་གྱི་ལྷ་ལ་འདུས། ཡི་དམ་གྱི་ལྷ་མང་པོ་སྒོམ་ཡང་རང་སེམས་ཀྱི་སྣང་བ། གཅིག་བསྒོམ་ཡང་སེམས་ཀྱི་སྣང་བ་ཡིན་སྙམ་ཤེས་པ་དང་། རང་གི་བསྒོམ་བྱའི་ཡི་དམ་དང་། བསྒོམ་དོན་དང་། སྤྱོད་པ་རྣམས་སྣོད་མིན་ལ་ཤིན་ཏུ་གསང་ཞིང་སྦ་བ་དང་དྲུག་སྟེ་བསྒོམ་པའི་དམ་ཚིག་དེ་རྣམས་ལ་གནས་པར་བྱའོ། །དེ་དག་ནི་ལྷ་དོན་ལ་སྦྱར་བ་ཞེས་བྱའོ། །དོན་བདུན་པ་ལྷ་ལམ་དུ་ཁྱེར་ཞིང་སྒྲུབ་པ་ནི། དེ་ལྟར་གསལ་ཐེབས་ཤིང་བསྐྱེད་རིམ་བརྟན་པ་དེས། རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་སྒྲུབ་པའི་དཀྱིལ་འཁོར་བཤམས་ཤིང་ལས་གཞུང་བསྲང་སྟེ་བསྒོམ་བཟླས་མཆོད་བསྟོད་དང་ཚོགས་ལ་སོགས་པ་སྒྲུབ་ཚུལ་གཞུང་བཞིན་དུ་བྱ་བ་རྣམས་སོ། །དེ་ལྟར་ཏིང་ངེ་འཛིན་བསྒོམ་པའི་འབྲས་བུ་གནས་སྐབས་དང་ཁྱད་པར་གཉིས་ལས། དང་པོ་ལྷ་ལ་སེམས་ཟིན་པས་དབང་པོའི་ཤེས་པ་ཡུལ་ལ་འཕྲོ་བའི་རྒྱུན་ཁེག་སྟེ་དབང་ཤེས་ཀྱི་བཞོན་པའི་རླུང་རྣམས་ནང་དུ་ལྡོག་ཉེ་བའི་ལྟས་སོགས་མཆོག་གི་རྟགས་ལྔ་དང་། སངས་རྒྱས་བྱང་སེམས་ཀྱིས་ཆོས་ཀྱི་བགྲོ་བ་མཛད་པ་མཐོང་བ་སོགས་སྒྱུ་འཕྲུལ་གྱི་བསྙེན་ཡིག་ལས་ཤེས་པར་བྱ་བ་དང་། འདི་ནི་སྤྱི་མདོ་དགོངས་པ་འདུས་པ་ལས། བཟང་བའི་རྨི་ལྟས་བརྒྱད་བཤད་པ་ནི། དང་པོ་སྡིག་སྒྲིབ་དང་བག་ཆགས་བྱང་བའི་ལྟས་ནི། སྒྲེན་མོར་ཕྱུང་དང་རྟག་པར་འཁྲུ། །ཞེས་སོགས་ཏེ། ལུས་གཅེར་བུར་ཕྱུང་བ་དང་། རྟག་པར་འཁྲུ་བ་རྨིས་པ་དང་། ཆུ་བོ་གཙང་མ་ལ་འབོག་པ་སྟེ་བརྒལ་ཞིང་འགྲོ་བ་དང་། རྐྱལ་བྱེད་པ་རྨི་བ་དང་། ཆར་རྒྱུན་དང་བུམ་ཆུས་ཁྲུས་ནས་དབྱུང་བ་དང་། རང་གི་ལུས་མེས་བསྲེགས་པ་དང་། རླུང་གིས་གཡེང་བ་དང་། དུམ་བུར་འཐོར་བ་ལསོགས་རྨིས་པ་སྟེ། སྡིག་སྒྲིབ་དང་བག་ཆགས་འབྱང་བའི་ལྟས་དང་། གཡུལ་ཞི་བ་དང་། ནད་བྱང་བ་དང་། ལྕགས་སུ་བཅུག་པ་ལས་གྲོལ་བ་དང་། གཤེད་མ་ལས་ཐར་བ་དང་། གདུག་པའི་སེམས་ཅན་དང་བྲལ་བ་དང་། དུག་ནད་སོས་པ་དང་། བཅིངས་པ་དཀྲོལ་བ་དང་བཅད་པ་རྨི་བ་སྟེ་འཁོར་བའི་འཇིགས་པ་དང་བྲལ་བའི་ལྟས་དང་། ཁྲིའུ་ཤིང་དང་རྐང་བཞི་ལྟ་བུ་སྟེགས་མཐོན་པོ་དང་། ཤིང་སྡོང་དང་། སྐས་ལ་སོགས་པར་འཛེགས་པ་དང་། གྱེན་དུ་འགྲོ་བ་དང་། རི་རྩེ་དང་མཆོད་རྟེན་ལ་འཛེགས་པ་དང་། ནམ་མཁར་སྐས་འཛུག་སྟེ་འཛེགས་པར་རྨི་བ་ནི། གོང་ནས་གོང་དུ་ས་འཕར་བ་ས་ཐོབ་པར་འགྱུར་བའི་ལྟས་དང་། ཁྲི་མཐོན་པོ་ལ་འདུག་པ་དང་། གླང་ཆེན་དང་། སེང་གེ་དང་། ཁྱུང་ལ་སོགས་པ་འདབ་ཆགས་ཀྱི་རིགས་རྣམས་ལ་ཞོན་པ་དང་། མཆོད་རྟེན་རྩེ་དང་། རི་བོའི་རྩེར་སླེབ་པ་དང་། ནམ་མཁའ་མཐོན་པོའི་དབྱིངས་ན་འདུག་པ་དང་། ལུས་ལས་སྤྲིན་བྱུང་བ་དང་། ཉི་ཟླའི་སྟེང་དུ་འདུག་པ་རྨིས་པ་ནི་ས་ནོན་པ་དང་། ས་ལ་གནས་པའི་རྟགས་དང་། རྒྱལ་པོའི་བཀའ་རྟགས་ཐོབ་པ་དང་། གཞན་གྱི་ཞལ་ལྕེ་གཅོད་པའི་དཔང་པོ་བྱེད་པ་དང་། གཞན་ལ་དབང་བསྒྱུར་བའི་དཔོན་བྱེད་པ་དང་། འཇིག་རྟེན་བསྐོས་ལ་ཕབ་པ་སྟེ་ཡུལ་རིས་དང་ས་ཞིང་གི་བསྐོས་བཞག་བྱེད་པ་དང་། ཡུལ་ཁམས་དབང་དུ་བསྡུ་བ་དང་། གཡུལ་ལས་རྒྱལ་བ་དང་། རྒྱལ་པོ་བྱེད་པ་དང་། མགོ་ལ་མེ་ཏོག་གི་ཐོད་སྐྱེས་པ་རྨིས་པ་སྟེ་སངས་རྒྱས་ཀྱི་སྲས་སུ་འགྱུར་བའི་ལྟས་དང་། གླེགས་བམ་རྙེད་པ་དང་། འབྲི་བ་དང་། དོན་ལ་དཔྱོད་པ་དང་། གཞན་ལ་སྟོན་ཅིང་བཤད་པ་དང་། མེ་ལོང་དང་། ཆུ་བུམ་པ་གང་བ་ལ་ལྟ་རྟོག་བྱེད་ཅིང་འཐུང་བ་དང་། ནོར་བུའི་ཆུ་རྒྱུན་འཐུང་བ་དང་། འཁོར་ལོ་ལག་ཏུ་བབ་པ་དང་། ཉི་ཟླ་ལག་པས་ཟིན་པ་དང་། རི་རབ་བར་སྣང་ནས་བསྐོར་བ་བྱེད་པ་དང་། ལུས་ལས་ཆོས་སྒྲ་འབྱུང་བས་སྟོང་གསུམ་གང་བ་དང་། དངོས་པོ་མཐའ་དག་ཡི་གེར་མཐོང་བ་དང་། སྟོང་གསུམ་གྱི་འཇིག་རྟེན་མཐོང་བ་དང་། གླིང་བཞི་གླིང་ཕྲན་བསྒྲོད་པ་དང་། རི་རབ་ཀྱི་རྩེར་ཕྱིན་ནས་གླིང་རྣམས་མཐོང་བ་དང་། རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། སྒྲོན་མེ་ལག་ཏུ་ཐོགས་ཏེ་འཇིག་རྟེན་གསལ་བར་བྱེད་དང་། སྣང་སྲིད་ཀུན་ལ་ཞིབ་མོར་དཔྱོད་པ་དང་། ཉི་མའི་སྙིང་པོ་ལ་བལྟ་བ་རྨིས་པ་སྟེ་བདེན་པ་མཐོང་བའི་ལྟས་སོ། །གཞན་ཡང་སྦྱོར་བ་ཕྱི་ཡི་དྲོད། མཚན་མ་ནང་གི་དྲོད། རང་བཞིན་གསང་བའི་དྲོད་གསུམ་སྟེ་འདི་དག་ནི་དངོས་སུ་འབྱུང་བ་སྟེ། སྒོམ་པའི་ཚེ་རྡུལ་ཕྲན་དང་། གསུང་ཡི་གེ་དང་། ཐུགས་ཕྱག་མཚན་དང་། སྐུ་ཕྲ་མོ་ལ་སོགས་པ་སྤྱོད་ཡུལ་རགས་པར་མཐོང་བ་དང་། མེ་དང་ཆུ་ལ་སོགས་པ་ཁ་དོག་ལྔ་ཡི་སྐྱེ་མཆེད་མཐོང་བའོ། །གཉིས་པ་མཚན་མ་ནང་གི་དྲོད་ནི་ལྷ་སྒོམ་པས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། ལུས་ཡོད་དུ་མི་ཚོར་བ་ཤིང་བལ་ལྟར་ཡངས་ཤིང་ལྟོག་སྐོམ་སོགས་ཀྱིས་མི་གནོད་པ་དང་། རྒས་ཤིང་རྒུད་པ་མེད་པའོ། །གསུམ་པ་གསང་བ་རང་བཞིན་གྱི་དྲོད་ནི། ལྷ་སྐུ་སྒྱུ་མ་ལྟར་སྒོམ་པས་ཡེ་ཤེས་རང་གསལ་ཏེ། སྙིང་རྗེ་མཉམ་པ་ཉིད་དུ་སྐྱེ་བ་དང་། སྤྱོད་ཡུལ་ཡེ་ཤེས་སུ་སྐྱེ་བའོ། །རྟགས་ནི་ཕྱི་རྟགས་སུ་འོད་འབྱུང་བ་དང་། ལྷ་སྐུའི་ཞལ་འཛུམ་པ་དང་། སྒྲ་ཆེན་པོ་དང་། དྲི་ཞིམ་པོ་དང་། མར་མེ་འབར་བ་དང་། བྷནྡྷ་ནམ་མཁའ་ལ་འཕར་བ། ཁམས་བདེ་བ་དང་། ངལ་དུབ་མེད་པའོ། །ནང་གི་རྟགས་ནི་སྔར་བས་སྙིང་རྗེ་ཆེ་བ་དང་། ཆགས་སྡང་ཆུང་བ་དང་། ཕྱོགས་རིས་མེད་པ་དང་། དམ་ཚིག་གཙང་ཞིང་བླ་མ་དང་རྡོ་རྗེ་སྤུན་ལ་སྔར་བས་གདུང་སེམས་ཆེ་བ་དང་། འཁོར་བ་ལ་རེ་དོགས་མེད་པ་དང་། བདུད་བགེགས་ལ་ཉམ་མི་ང་བ་སོགས། མདོར་ན་ཚུལ་བཞིན་སྒོམ་ན་དྲོད་རྟགས་འབྱུང་བ་ཆོས་ཉིད་ཡིན་པས་དགའ་དྲོད་དང་རློམ་སེམས་སྤངས་ཏེ་དེ་དག་ཐམས་ཅད་འཛིན་ཞེན་མེད་པར་སྒོམ་པས་གནས་སྐབས་ཀྱི་ཕན་ཡོན་ལྷ་སྒོམ་པས་ཀུན་བརྟགས་འཁྲུལ་པའི་དྲི་མ་བྱང་ཞིང་དག་པའི་ཕྱིར་ལས་ཉོན་སྐྱེ་གནས་ཀྱི་སྒྲིབ་པ་འབྱང་། ཚོགས་གཉིས་ཁྱད་པར་མྱུར་དུ་རྫོགས་པར་བྱེད་པའོ། །དེ་དག་གི་དགོས་པ་ཏིང་ངེ་འཛིན་སྒོམ་པའི་ཕན་ཡོན་དྲན་པའི་ཤེས་བྱེད་དུ་སྨོས་པའོ། །ད་ནི་ཁྱད་པར་གྱི་འབྲས་བུ་དེ་ལྟར་ཐ་མལ་མ་དག་པའི་སྣང་ཞེན་གྱི་གཉེན་པོ་ཐབས་བསྐྱེད་པའི་རིམ་པ་ལ་གོམས་པས། མདོ་པ་རང་གི་ཆོས་སྐད་དུ་འགྱུར་བ་ལ་ངེས་པའི་ས་སོགས་རྒྱུ་འབྲས་ཀྱི་ས་བཅུ་གསུམ་པོ་བསྒྲོད་ནས་མི་སློབ་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་ལ་སྦྱོར་བ་ཡིན་པས། དེའི་ཚུལ་ཅུང་ཟད་འགོད་ན། དེ་ཡང་ལམ་ལྔ་དང་། ས་བཅུའི་བསྒྲོད་པས་མི་སློབ་པའི་སར་གཤེགས་པ་སྟེ། རྒྱུད་དགོངས་པ་འདུས་པའི་གླེང་གཞིའི་སྐབས་ན། དེ་ལྟར་རྒྱུད་བསྟན་པས། འདུས་པའི་འཁོར་རྣམས། འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ། རྩལ་ཆེན་རྫོགས་པའི་ལམ་ལ་འཁོད་དོ། །ཞེས་པས། དང་པོ་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་ལ་རྫོགས་རིམ་དཀྱིལ་འཁོར་གསུམ་གྱི་ཡེ་ཤེས་ལ་གོ་བ་རྣལ་མར་ཆགས་ཤིང་བསྐྱེད་པའི་རིམ་པ་ལ་སྔར་གོང་དུ་བསྟན་པ་བཞིན་ལམ་ངེས་རྫོགས་སུ་སྒོམ་པས། དང་པོ་འགྱུར་བ་མ་ངེས་པ་དང་། གཉིས་པ་བརྟེན་པ་གཞིའི་ས་གཉིས་ཀྱིས་བསྡུས་པ་ཚོགས་ལམ་འདུན་པ་སེམས་པ་ལས་དང་པོའི་རྣལ་འབྱོར་ལས་སུ་རུང་བས་ཐུན་མོང་གི་དངོས་གྲུབ་རོ་ལངས་སྒྲུབ་པ། གསེར་འགྱུར་གྱི་རྩི་རལ་གྲིའི་དངོས་གྲུབ། པྲ་སེན་དབབ་པ། རྐང་མགྱོགས་རྣམས་འགྲུབ་པ་དང་། རྒྱུད་འདིར་རྡོ་རྗེའི་ཚེ་དང་། དབང་པོ་དྲུག་གི་མངོན་ཤེས་ལས་ཆེན་བཞི་འགྲུབ་ཅིང་། དེ་ནས་རྫོགས་པའི་རིམ་པ་མན་ངག་དང་བཅས་པ་སྒོམ་པ་དང་། དེའི་ཡན་ལག་ཏུ། མངོན་མཐོའི་ལམ་དང་ཐབས་ལམ་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ལམ་རྣམས་བསྒོམ་པས། སྦྱོར་ལམ་རིགས་ཆེན་འབྱེད་པ་གལ་ཆེན་སྦྱོང་བའི་ས། བསླབ་པ་རྒྱུན་གྱི་ས། བསོད་ནམས་རྟེན་གྱི་ས་གསུམ་གྱིས་བསྡུས་པ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཟག་བཅས་ལམ་གྱི་རྩེ་མོ་སྦྱོར་ལམ་བརྙེས་ནས། རྒྱུད་ལས། ལོའམ་ཟླ་བའི་གྲངས་བཞིན་དུ། །ཐབས་དང་ཆོ་ག་ལྡན་སྤྱོད་པས། །ཟག་མེད་སྣང་བའི་ལམ་ལ་གནས། །སྐྱེ་འཇིགས་མེད་པའི་སྐུར་གྱུར་ཏེ། །བསྐལ་པ་གྲངས་མེད་ཚེ་ལ་དབང་། །བདེན་པའི་ངོ་མཐོང་འཇིགས་པ་མེད། །ཞེས་གསུངས་པ་ལྟར་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ཉེ་རྒྱུ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ལ་སྦྱོར་བའོ། །དེ་ཡང་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་། འབྲས་བུ་རིག་འཛིན་འགྲུབ་པའི་དུས་ཚོད་ལ་སྦྱར་བའི་ཚུལ་རྣམས་སྒྱུ་འཕྲུལ་གྱི་བསྙེན་ཡིག་ཏུ་བཤད་པ་བཞིན་ངེས་པར་བྱའོ། །དེ་ཡང་ནུབ་ཐ་མ་ན་སྲོད་ལ་དགྲ་ལས་དངོས་གྲུབ་བླང་བ་ལ། འཚེངས་པ་གསུམ་དང་ལྡན་པར་བྱ་བ་སྟེ། འཇིག་རྟེན་གྱི་ཁམས་ན་ཞིང་བཅུ་ཚང་བའི་དགྲ་བགེགས་གང་ཡིན་པ་དགུགས་པའི་ཏིང་ངེ་འཛིན་གྱིས་དངོས་སུ་བཀུགས་ནས་ཕྱག་རྒྱ་བཞེས་འགུགས་འཆིང་སྡོམ་མྱོས་བྱས་ཏེ། དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་བཞག་པ། མཆོད་དཔོན་སྒྲོལ་གིང་རྡོ་རྗེ་ཀིང་ཀ་རའི་རྣམ་པར་བཞེངས་ནས་རལ་གྲི་འཇམ་དཔལ་རྣོན་པོར་གསལ་བས་ཁོག་པ་ཁ་ཕྱེས་ནས་རལ་གྲིའི་འོད་ཟེར་གྱིས་ཁོའི་རྒྱུད་ཀྱི་མ་རིག་པ་དང་ལས་ཉོན་གྱི་དྲི་མ་སྦྱངས། ལག་པའི་སོར་མོ་གཡས་གཡོན་བཅུར་རིགས་ལྔའི་ས་བོན་དང་། དེ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་དུ་གསལ་བས་བསྒྲུབ་བྱའི་སྙིང་བཟུང་སྟེ། རིགས་ལྔའི་འོད་ཟེར་གྱིས་ཁོའི་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱང་ནས། སྙིང་དེ་ཐོད་པའི་ནང་དུ་བཞག་ནས། རྡོ་རྗེ་སློབ་དཔོན་གྱི་ཕྱག་ཏུ་བཞག་པས་ཁོའི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་ཡིག་ཁ་དོག་ལྔ་དང་ལྡན་པ་དེ་ཉིད། སློབ་དཔོན་གྱི་ཤངས་ནས་ཧཱུྃ་རིང་གི་རླུང་དང་མཉམ་དུ་དྲང་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ལྷག་པའི་ལྷའི་ཐུགས་ཀར་འཕངས་པས་བསྒྲལ་བྱ་གནས་ཀྱིས་འཚེངས། ཁོའི་ཚེ་དང་བསོད་ནམས་ལྷག་མ་ཨ་ནྲྀ་དཀར་དམར་གྱི་རྣམ་པར་སློབ་དཔོན་ཉིད་ལ་བསྟིམ་པས་སྒྲོལ་བ་པོ་ཚེ་ལྷག་གིས་འཚེངས། ཤ་ཁྲག་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་ལྷ་དང་དམ་ཅན་རྣམས་ལ་བསྟབས་པས་དམ་ཅན་ཤ་ཁྲག་གིས་འཚེངས་པ་སྟེ་འཚེངས་པ་གསུམ་ལྡན་གྱིས་དགྲ་ལས་དངོས་གྲུབ་བླངས། གུང་ལ་བདག་བསྐྱེད་ཀྱི་ཐུགས་ལས་འོད་ཟེར་དམར་པོ་སྤྲོས་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རིག་པ་འཛིན་པའི་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ། དངོས་གྲུབ་ཀྱི་འོད་ཟེར་མདུན་བསྐྱེད་ལ་ཐིམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་མཆོག་གི་དངོས་གྲུབ་མཚོན་པ་ཁ་དོག་སྔོན་པོའི་རྣམ་པར་འཕྲོས་ནས་བདག་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་པར་བསམ་ནས་གཙོ་བོའི་རྩ་སྔགས་ལ་དངོས་གྲུབ་བསྐུལ་བའི་ཤམ་བུ་བཏགས་ཚུལ་འོག་གི་དངོས་གྲུབ་ལ་ཤམ་བུ་བཏགས་ཚུལ་ལས་གསལ་བ་ལྟར་བཟླས་ནས་ལྷ་ལས་དངོས་གྲུབ་ལེན། ཐོ་རངས་འོད་གསལ་བའི་དུས་སུ་ཡུམ་ལས་དངོས་གྲུབ་བླངས་པས་ཐིག་ལེ་ཡས་བབས་ཀྱི་མཐའ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་ཀྱི་ཞེན་པ་དང་མ་བྲལ་བའི་དཔེའི་འོད་གསལ་བརྙེས། ཐིག་ལེ་མས་བརྟན་གྱི་མཐའ་ན་རང་བཞིན་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཞེས། ཉམས་སྣང་མཆེད་ཐོབ་པ་གསུམ་དང་བྲལ་བའི་ཡེ་ཤེས་ཡེ་ཇི་བཞིན་པའི་དོན་གྱི་འོད་གསལ་བརྙེས་ནས། དེ་ལ་ལྡང་བ་ན་ལྷ་སྐུ་སྒྱུ་མ་ལྟ་བུ། ད་ལྟ་རང་གིས་སྒོམ་པའི་ལྷ་དེའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་རྣམ་པར་ལྡང་ཞིང་དོན་གྱི་འོད་གསལ་མངོན་དུ་གྱུར་པའི་རྗེས་ནས་རྩ་བའི་མ་རིག་པ་དང་། རྐྱེན་གྱིས་མ་རིག་པ་གཉིས་ཀྱི་རགས་པའི་ཆ་སྤང་། ཕྲ་བའི་ཆ་རྣམས་སྒོམ་པའི་ལམ་དུ་སྤང་བ་ཡིན། མདོ་འདི་ན་རིག་འཛིན་དེ་ཚེ་ལ་དབང་ནས་རྟེན་དེ་ཉིད་དུ་འཚང་རྒྱ་བར་གསུངས་པས་དེའི་རྒྱུ་མཚན་མདོ་རང་གི་ངང་སྒོམ་ཕྱི་མ་གསུམ་གྱིས་རླུང་དང་ཐིག་ལེ་ལ་དབང་ཐོབ་པས་སྙིང་ག་དང་སྲོག་འཛིན་གཉིས་ཀྱི་རླུང་ལ་རང་དབང་བ་དང་། མཐའ་བརྟེན་བཀྲ་ཤིས་ཚེའི་སྒྲུབ་པ་མཐར་ཕྱིན་པ་དང་། བདུད་རྩི་སྨན་གྱི་སྒྲུབ་པས་བདག་ལུས་ཀྱི་སྙིགས་མའི་དྭངས་མ་བདུད་རྩི་ལྔར་གནས་འགྱུར་བའི་རྒྱུ་མཚན་གསུམ་གྱིས་ཡིན་པར་ཤེས་སོ། །ལམ་ལྔ་པོའི་སྐབས་ཀྱི་སྒྲིབ་པ་སྤངས་ཚུལ་ལ། ཆོས་རྗེ་དམ་པ་རིན་པོ་ཆོས་ཚོགས་ལམ་བདུན་པ་སེམས་པ་ན་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲུབ་པ་སུན་འབྱིན་གྱི་ཚུལ་གྱིས་སྤང་། སྦྱོར་ལམ་རིགས་ཆེན་འབྱེད་པ་ན་འཇིག་རྟེན་པའི་བསྒོམ་བྱུང་གིས་མགོ་ནོན་པའི་ཚུལ་གྱིས་སྤང་། མཐོང་ལམ་དུ་དབུགས་ཆེན་འབྱིན་པའི་སྐབས་ནས་འཇིག་རྟེན་ལས་འདས་པའི་བསྒོམ་བྱུང་གིས་རགས་པའི་ཆ་རྣམས་སྤངས། བསྒོམ་ལམ་ལུང་ཆེན་ཐོབ་པ་ན་ཕྲ་བའི་ཆ་དང་། མཐར་ལམ་ན་ཕྲ་བའི་ཕྲ་བའི་ཆ་རྣམས་སྤང་བ་ཡིན་ནོ། །ཞེས་གསུངས་པ་འདི་རིག་པས་ཤིན་ཏུ་དཔྱད་བཟོད་པའི་གསུང་ཟབ་ཅིང་བརླིང་བར་ཤེས་སོ། །དེ་ཡང་ཀྲི་ཡ་ཨུ་པ་ཡོ་ག་རྣམས་ལ་སྦྱངས་པས་མཆོག་གི་དངོས་གྲུབ་ལ་བརྟེན་པས་ཁྱད་པར་དུ་འགྲོ་བའི་སས་བསྡུས་པ་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཐོབ་སྟེ། ཆོས་ཉིད་ཀྱི་རང་མཚན་མངོན་སུམ་དུ་མཐོང་བས་ཟག་མེད་ལམ་གྱི་ཐོག་མར་གྱུར་པ་དེ་དང་། མ་ཧཱ་དང་ཨ་ནུ་ཨ་ཏི་ཡོ་གའི་ངང་སྒོམ་རྣམས་ལ། སྦྱོར་ལམ་ནས་བསླབས་པའི་འབྲས་བུ་མཐོང་ཟིན་ནས་གོམས་པར་བྱེད་པའི་ལམ་དམིགས་པ་འབྲས་བུ་སྐྱེ་བའི་སས་བསྡུས་པ་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ས་བརྒྱད་པ་གནས་པ་མི་འགྱུར་བའི་ས་དང་། དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་དང་། བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་བསྒྲོད་ནས། མི་སློབ་པ་རྩལ་ཆེན་རྫོགས་པའི་ས་ལ་ནང་གསེས་པདྨ་ཅན། འཁོར་ལོ་ཚོགས་ཆེན། ཡེ་ཤེས་བླ་མའི་ས་གསུམ་ནས་མི་སློབ་པའི་འབྲས་བུ་མངོན་དུ་གྱུར་པའོ། །དེ་ཡང་འབྲས་བུ་ས་གསུམ་པོ་གོང་ནས་གོང་དུ་བསྒྲོད་དུ་ཡོད་པར་བསྟན་པ་མ་ཡིན་པར། དབྱེར་མེད་རྡོ་རྗེ་དང་། མངོན་པར་བྱང་ཆུབ་པའི་སྐུ་གཉིས་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུའི་ཆ་ནས་བཏགས་ཏེ་འབྲས་བུའི་ས་གསུམ་ཞེས་གསུངས་སོ། །དེ་དག་གིས་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ནས་གོམས་པ་གཙོ་བོར་བྱེད་པའི་ཁྱད་པར་འབྲས་བུ་དང་བཅས་པ་བསྟན་ཟིན་ནས། ད་ནི་དབང་པོ་ཡང་རབ་དང་། འབྲིང་གིས་བསྐྱེད་པའི་རིམ་པ་བརྟན་པ་ཅུང་ཟད་ཐོབ་པ་དང་། མོས་བསྒོམ་གྱི་དབང་དུ་བྱས་ནས། རྒྱུད་ལས། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཞེས་པས། དང་པོ་བསྐྱེད་རིམ་གསལ་འདེབས་ཀྱི་ལས་བྱང་ཅི་མགྱོགས་ཀྱི་ཚར་སླ་བའི་ཐབས་མི་བྱེད་པར་ཚིག་རྣམས་བརྗོད་པ་དལ་བ་དེའི་རྗེས་སུ་སེམས་ཀྱིས་དམིགས་པ་ཟིན་པར་བྱ་དགོས་པས། སྔ་དྲོའི་ཐུན་ལ་བསམ་གཏན་གྱི་སྔོན་དུ་འགྲོ་བ་རྣམས་གྲུབ་པར་བྱས་ཏེ། དང་པོ་རྒྱུད་དང་། ཁྱད་པར་གྱི་ཐེག་པས་གདུལ་བར་བྱ་བའི་ཡུལ་ལ་ཁྱད་པར་ཅན་གྱི་འདུལ་བྱེད་ཟབ་མོ་བརྩམ་པར་བྱའོ་སྙམ་དུ་ལྷག་པའི་བསམ་བརྩེ་གཅིག་པས། ཧཱུྃ། གདོད་ནས་མ་སྐྱེས་སོགས་ཀྱིས་སེམས་བསྐྱེད་ནས། མཚམས་བཅད་ནས། བཛྲ་མ་ཧཱ་ནས། སྒྲུབ་པའི་བར་གཅོད་ཅི་ཡང་མེད་པར་ཤོག །ན་མོ་ཧཱུྃ་བར་བཏང་ནས་ཕྱོགས་བཅུའི་བགེགས་ལ་ཁྲོ་བོ་བཅུ་སྟོད་ཞལ་གསུམ་ཕྱག་དྲུག་པ་སྨད་ཕུར་བུའི་རྣམ་པར་བགེགས་རྣམས་ཀྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་གཡོ་བ་མེད་པར་བསམ། དེའི་ཕྱི་རོལ་དུ་མཚོན་ཆ་ལྔའི་གུར་གྱི་ཕྱི་རོལ་མེ་དཔུང་འབར་བའི་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བས་གཏམས་པར་བསམ་ལ། ཐུན་གཞན་གསུམ་ལ་ཁྲོ་བཅུའི་སྔགས་ཙམ་བརྗོད་ནས་དམིགས་པ་སྔར་བཞིན་བསམ་པས་འཐུས། དགོང་མོ་ཡང་བསྐྱེད་རིམ་གྱི་ལྷ་སྣང་བསྡུ་དུས་སྲུང་འཁོར་མི་བསྡུ་བར་སླར་གསལ་བཏབ་ལ་མཚམས་མ་གྲོལ་བར་མི་བསྡུ། མཚམས་གྲོལ་ཉིན་གྱི་རྗེས་ཆོག་སྐབས་བསྡུ་བར་བྱ་དགོས་སོ། །དེ་ནས་ཡེ་ཤེས་སྐུ་མཆོག་སོགས་ནས་གཞུང་ནར་འདེད་ཀྱིས་བསྟོད་པ་རྫོགས་པ་དང་། དངོས་གྲུབ་གསོལ་བ། ཧོཿ ཕྱོགས་བཅུ་བདུས་བཞི་ནས། འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ་བར་བཏང་། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་ཞེས་པས། འཛབ་ཀྱི་སྐབས་ལ་བབ་པ་ན། དབྱེ་གཞིའི་དཀྱིལ་འཁོར་བདག་དམ་ཚིག་པའི་དཀྱིལ་འཁོར་གསལ་འདེབས་པའི་ཆོ་གའི་ཚིག་རིས་གཅིག་གིས་མདུན་བསྐྱེད་ཡང་གསལ་ཐེབས་ན་དང་། མ་ཐེབས་ན་གཟོད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་བ་ལ། བྷྲཱུྃ་བི་ཤྭ་སོགས་ཀྱིས་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་གྱུར་གྱི་བར་དུ་བཏང་། དེ་རབ་རིབ་གཉིས་པ་ཞིག་དང་བཅས་པར་བསམ་དགོས་ཀྱང་། བསྙེན་པ་ཅི་ཙམ་འདུག་པའི་ཕྱེད་ཡན་ཆད་ལ་བདག་བསྐྱེད་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ལྷ་རང་རང་གི་ཕྱག་མཚན་ས་བོན་གྱིས་མཚན་པ་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བར་བསམ་ནས་སྔགས་བཟླའོ། །སེམས་དཔའ་སུམ་བརྩེགས་སུ་གསལ་བ་འདི་ཅི་ནས་གལ་ཆེ་བར་སྣང་སྟེ། བདག་གི་མ་དག་པའི་རྩ་རླུང་རགས་པའི་ཆ་སྦྱང་བའམ་དམ་ཚིག་སེམས་དཔར་གསལ་ནས་ཕྲ་བའི་རྩ་རླུང་ཐིག་ལེའི་ཆ་སྦྱང་བ་ལ་དག་པ་མངོན་གྱུར་གྱི་ཡེ་ཤེས་སེམས་དཔར་གསལ་བ་དང་། རང་གི་སེམས་མ་དག་པའི་ཆ་སྦྱང་བ་ལ་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཏིང་འཛིན་སེམས་དཔའ་བསྒོམ་པའོ། །འདི་ལ་ཛཔ྄་དགོངས་རྣམ་པ་བཞི་ཞེས་ཟླ་བ་སྐར་ཕྲེང་གི་དགོངས་པ་དང་། རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛཔ྄་དགོངས་གཉིས་གཙོ་ཆེར་མ་ཧཱ་དང་། དོ་ལིའམ་ཁྱོགས་ཀྱི་བཟླས་པ་བཞིའི་རང་ལུགས་དང་། བུང་བ་ཚང་ཞིག་གི་བཟླས་པ་ཨ་ཏི་ཡོ་གའི་ལུགས་ཡིན་པར་གོང་མ་རྣམས་ཀྱི་ཞལ་རྒྱུན་དུ་བྱུང་ཀྱང་། འདིར་ནི་ཛཔ྄་དགོངས་རྣམ་པ་བཞི་པོ་གཞུང་གཅིག་ལ་སྦྱར་ཀྱང་འཐད་པར་སེམས་པས། དང་པོ་ཟླ་བ་ལ་སྐར་ཕྲེང་གིས་བསྐོར་བ་ལྟར་རྩ་བའི་ས་བོན་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལ་སེམས་དམིགས་པ་རྩེ་གཅིག་ཏུ་གཏད་པས་དེ་ལ་སེམས་ལེགས་པར་ཟིན་པ་ཞིག་གི་བར་དུ་བསམ་ནས་སྔགས་བཟླ་བར་བྱ་སྟེ། རླུང་སྔགས་སེམས་གསུམ་དབྱེར་མེད་པ་སྔགས་ཀྱི་སྒྲ་གདངས་སུ་ངེས་པ་གལ་ཆེའོ། །དེ་ནས་གཉིས་པ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛཔ྄་དགོངས་ནི། བདག་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་སོགས་ཀྱིས་བཟླ་བྱའི་དམིགས་པ་རྣམས་མདུན་བསྐྱེད་དང་འབྲེལ་བ་ཡིན་ཀྱང་། བདག་བསྐྱེད་ཀྱི་སྐབས་འདིར་ནི་འོག་མིན་ན་བཞུགས་པའི་ཡེ་ཤེས་པའི་ལྷ་ལ་མཆོད་པའི་ཚུལ་དུ་སྤྲོས་ཏེ། ལྷ་ཡེ་ཤེས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ནས་བཟླའོ། །གཞན་ཡང་ཐུན་མོང་གི་ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་པ་ལ་དམིགས་པའི་འོད་ཟེར་སྤྲོ་བསྡུས་ལས་རབ་འབྱམས་སྒྲུབ་པའི་དམིགས་པ་དང་། མཆོག་གི་ལས་ཆེན་བཞི། ཉོན་མོངས་པ་ཞི་བ་དང་། ཤེས་རབ་ཀྱི་རྩལ་རྒྱས་པ། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་དབང་དུ་བྱ་བ། ལས་དང་བག་ཆགས་ཚར་གཅོད་པ་རྣམས་དམིགས་པ་སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཁོ་ནས་བྱ་བ་ཉིད་དོ། །གསུམ་པ་ཁྱོགས་ཀྱི་འམ་དོ་ལིའི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མང་པོ་རྩ་བའི་ལྷའི་སྐུ་མདོག་དང་མཐུན་པའམ། ཡང་ན་འོད་ཟེར་དཀར་པོའི་ཐག་པས་ལུ་གུ་རྒྱུད་དུ་འབྲེལ་བ་བྱུང་སྟེ་ཡེ་ཤེས་སེམས་དཔའི་ཤངས་བུག་ནས་ཐོན། བདག་དམ་ཚིག་པའི་ཤངས་གཡས་ནས་ཐོན། ཡུམ་གྱི་ཤངས་གཡོན་པ་ནས་ཞུགས། ཡུམ་གྱི་ཐུགས་ཀའི་ས་བོན་ལ་གཡོན་བསྐོར་དུ་འཁོར་ནས་སྐུའི་དབྱིབས་བརྒྱུད། གསང་བ་ནས་ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་ནས་སྐུའི་དབྱིངས་བརྒྱུད། ཡབ་ཀྱི་ཐུགས་ཀའི་ས་བོན་གྱི་རྩ་བའི་སྔགས་ཕྲེང་ལ་ཐིམ་པར་དམིགས་ནས་བཟླའོ། །དེ་ཡང་སེམས་བྱིང་ཤས་ཆེན་སྟེང་དང་། རྒོད་ཤས་ཆེ་ན་འོག་གི་དོ་ལིའི་བཟླས་པ་བྱའོ། །འདི་ལ་འགའ་ཞིག་གིས་སྔགས་འབྲུ་སྔ་མ་ལ་ཕྱི་མས་བཟུང་ནས་འབྲེལ་བའི་བཤད་པ་ཞིག་སྣང་ཡང་། འདིར་ནི་འོད་ཟེར་གྱི་ཐག་པས་འབྲེལ་བར་དམིགས་པ་འདི་ལུང་གི་སྐབས་ཀྱི་ཐིག་ལེ་དབབ་འདྲེན་གྱི་སྐབས་སུ་ཤིན་ཏུ་གལ་ཆེ་བས་འདི་བཞིན་ངེས་པར་བྱའོ། །བཞི་པ་བུང་བ་ཚང་ཞིག་གི་བཟླས་པ་ནི། ཕྱི་ནང་གི་སྒྲ་སྐད་ཐམས་ཅད་སྔགས་ཀྱི་སྒྲ་གདངས་སུ་ཡང་དང་ཡང་དུ་གོམ་པས། རེ་ཞིག་ན། ཕྱི་རོལ་གྱི་འབྱུང་བའི་སྒྲ་སྐད་དང་། ནང་སེམས་ཅན་གྱི་སྒྲ་སྐད་ཐམས་ཅད་ལ་ཆེད་དུ་བློ་མ་གཏད་ཀྱང་དེའི་རང་གི་བློ་ལ་ཚུར་སྔགས་ཀྱིས་ང་རྒྱལ་གསལ་བཏབ་པ་བཞིན། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས་སུ་འུར་འུར་འོང་བ་ཞིག་གི་བར་དུ་སྒྲ་གདངས་གོམས་པ་མ་བྱང་གི་བར་དམིགས་པས་གོམས་པར་བྱེད་པའོ། །འདི་བཞི་པོ་བསྐྱེད་རྫོགས་གཉིས་ཀར་སྦྱར་ཤེས་དགོས་པ་ཡིན་ནོ། །ཕྱོགས་རེས་བཤད་པས་གནད་ཚང་བར་འོང་བ་དཀའ། དེ་ལྟར་སྒྲུབ་པ་ཅི་ཙམ་གྱི་ཕྱེད་ཡན་ཆད་ལ་བདག་བསྐྱེད་ཁོ་ནས་བཟླས་པ་དང་། ཕྱེད་མན་ཆད་ནས་གཟོད་མདུན་བསྐྱེད་ངེས་པར་གསལ་གདབ་ནས་གཉིས་ཀའི་ལྷ་སྣང་མ་ཤོར་བའི་ངང་ནས་འཛབ་དགོངས་བཞི་པོ་སྦྱར་ནས་བཟླའོ། །དེ་ལྟར་རྒྱུད་ལུང་གཉིས་ཀ་བསྙེན་སྒྲུབ་ཀྱི་ཡན་ལག་བཞི་པོ་སྦྱར་ཤེས་པ་ཞིག་དགོས་ཏེ། ཀུན་འདུས་རིག་པའི་མདོ་ལས། རྡོ་རྗེ་ཚོགས་ཏེ་བསྙེན་པ་དང་། །ཉེ་བ་དང་ནི་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོར་སྦྱར་བར་བྱ། །ཞེས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་ལ་ལམ་ངེས་རྫོགས་དང་མོས་སློབ་གཉིས་ཀར་སྦྱར་ཤེས་པ་ཞིག་ཁག་ཆེའོ། །ཐུན་ཕྱི་མ་གསུམ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྲུང་འཁོར་དམིགས་པས་གསལ་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནས་ཁྱམས་ལྔ་པར་མ་བདུན་སྲིང་བཞི་བསྐྱེད་པའི་མཇུག །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །ན་མོ་ཧཱུྃ་བར་བཏང་ན་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་ཡིན་པས་ཁམས་གསུམ་གྱི་དཀྱིལ་འཁོར་རྣམས་བཞག་ན་ཆོག་པས་དེ་བར་བཏང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་གཉིས་སྔགས་ཙམ་གྱིས་འཐུས། སྤྱན་འདྲེན་ནས་བཞུགས་གསོལ་བར་དཀྱུས་བཞིན་ལས། ཀུན་བཟང་བཞི་བསྣོལ་གྱིས་མཆོད། སྨན་གཏོར་རཀྟ་རྣམས་སྔགས་ཀྱིས་འཐུས། བསྟོད་པ་ནས་ཛཔ྄་ཀྱི་བར་དཀྱུས་ལྟར་བཏང་། དབྱེ་གཞི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ་ལ། ཀུན་བཟང་ཡབ་ཡུམ་སྔགས་བྱེ་བ་གཅིག །རིགས་ལྔ་ལ་འབུམ་ཕྲག་རེ། སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་བཅས་ལ་ཁྲི་ལྔ་རེ། ཁྲོ་བོ་ཆེ་མཆོག་ཡབ་ཡུམ་ལ་རུ་ལུ་སྦྱར་བ་འབུམ་ཕྲག་བདུན། རྒྱུད་ལུང་གི་ཁྲོ་བོ་དགུ་ལ་བསྐྱེད་སྔགས་དང་རུ་ལུ་སྦྱར་བ་འབུམ་ཕྲག་རེ། དེ་ཕྱིན་ཆད་རྣམས་ལ་བསྐྱེད་སྔགས་རུ་ལུ་སྦྱར་བ་ཁྲི་རེ། རིག་འཛིན་ལ་འབུམ་ཕྲག་གཅིག །ཞི་བའི་སྤྱི་སྔགས་གུ་ཧྱ་བཅོ་ལྔ་པ་འབུམ་ཕྲག་བཞི། ཁྲོ་བོ་སྤྱི་དྲིལ་རུ་ལུ་འབུམ་ཕྲག་བཞི་འགྲུབ་ན། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ། དེ་ཙམ་མི་ལྕོགས་ན་ཀུན་བཟང་ཡབ་ཡུམ་འབུམ་ཕྲག་བཞི། རིགས་ལྔ་འབུམ་ཕྲག་རེ། དེ་ཕྱིན་ཆད་ལ་ཁྲི་རེ། སྤྱི་དྲིལ་འབུམ་ཕྲག་བཞི། ཁྲོ་བོའི་གཙོ་བོ་ཆེ་མཆོག་ཡབ་ཡུམ་སྔགས་རུ་ལུ་མ་སྦྱར་འབུམ་ཕྲག་བཞི། རྒྱུད་ལུང་གི་ཁྲོ་བོ་དགུ་ལ་རང་སྔགས་ཁྲི་ལྔ་རེ། དེ་མན་ཆད་ཀྱི་སྔགས་རྣམས་ཁྲི་ལྔ་རེ། སྤྱི་དྲིལ་རུ་ལུ་འབུམ་ཕྲག་བཞི་གྲུབ་ངེས་པར་བྱའོ། །དགོང་ཐུན་གྱི་མཇུག་ཏུ་ལེགས་ལྡན་གྱི་གཏོར་བསྔོས་རེ་དགོས། ཐུན་རེ་ནས་འཛབ་ཁང་བསྡུ་བ་དང་། ཉེར་བསྡུ་གོ་བགོ་ལུས་བསྲུང་བར་རྫོགས་པར་བྱའོ། །ཡར་མར་གྱི་ཚེས་བཅུ་དང་དུས་ཆེན་རྣམས་ལ་ཚོགས་མཆོད་རེ་གྲུབ་པར་བྱའོ། །དེ་ལྟར་རྩ་བའི་བསྙེན་པ་ལེགས་པར་གྲུབ་པ་ན་བདུད་རྩི་སྨན་གྱི་སྒྲུབ་པའི་བསྙེན་པ་ལ། ལས་གཞུང་སྔར་བཞིན་བསྲང་། བཟླས་པ་ལ་བབ་པ་ན་རྩ་བའི་དཀྱིལ་འཁོར་ཞལ་བསྒྱུར་མི་དགོས། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་དང་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་མཉམ་པར་རོལ་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གཟུགས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁོང་གསེང་ནས་སོང་བ་བདུད་རྩིའི་ཕོ་བྲང་ལ་ཕོག །དེས་བདུད་རྩི་སྦྱང་བཞུ་སྦར་བའི་རླངས་པས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། རྗེས་ཆགས་ཀྱིས་རོལ་པས་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཡབ་ཡུམ་དགྱེས་པར་རོལ་པའི་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པ་དང་ལྷན་ཅིག་བདུད་རྩི་ལ་ཐིམ་པས་ཞུ་ཞིང་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ལ། ༀ། རྫོགས་པའི་ཡེ་ཤེས་རྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །འདས་པའི་བུདྡྷ་སྤྱན་ཡང་འདྲེན། །མཆོད་ཁང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་ཕྲེང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་འདུས་པས་ནི་དངོས་གྲུབ་སྩོལ། །འདི་ཡང་བསྙེན་པའི་མཆོག་ཡིན་ཏེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུག་གསུམ་དབྱིངས་སུ་སྦྱང་བར་མཛོད། །ཅེས་བསྐུལ་ནས། གཡོན་པའི་མཐེབ་སྲིན་གྱིས་གཟུངས་ཐག་འཇུས་ཏེ། གུ་ཧྱ་བཅོ་ལྔ་པ་དང་། རུ་ལུ་འབྲུ་བརྒྱད་ཉིས་བརྒྱ་རེ་དང་། ༀ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱི་ཋ། འབུམ་ཕྲག་བཞི་དང་། བཛྲ་ཨ་མྲྀ་ཏ་ༀ་ཨཱཿཧྲཱི་ཋ། འབུམ་ཕྲག་གཅིག་བཟླ། བསྟོད་བཤགས། འཛབ་ཁང་བསྡུ་བ་ཐམས་ཅད་སྒྲུབ་ཐབས་ལྟར་བྱའོ། །དེ་ནས་ཚེའི་འབྲང་རྒྱས་ཟླ་གམ། ཚེ་གལ། ཚེ་རིལ། ཚེ་ཆང་། མདའ་དར་བཅས་བཤམས་ལ། འདིར་ནི་ཆེ་མཆོག་རྩ་བའི་མཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཉིད་ལ་བརྟེན་ནས་ཚེ་སྒྲུབ་པ་སྟེ་ཚེ་དཔག་མེད་ཀྱི་ལྷ་བསྐྱེད་དེ་འདིར་སྦྱར་མི་དགོས། སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དེ་ཉིད་ཀྱི་གཞུང་སྔར་བཞིན་བསྲང་ནས་འཛབ་ཀྱི་སྐབས་སུ་བབ་པ་ན། སྔར་བཤམས་པའི་ཚེ་རྫས་ལ་དམིགས་ཏེ། ཞི་བ་སྤྱི་དྲིལ་གུ་ཧྱ་བཅོ་ལྔ་པའི་མཐར། བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨ་བཏགས་ནས་འབུམ་ཕྲག་གཅིག་བཟླའོ། །ཐུན་འཇུག་ཏུ། ཧྲཱིཿ ནུབ་ཕྱོགས་པདྨ་དབང་གི་གཞལ་ཡས་ན། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད། །སེམས་དཔའ་སེམས་མ་སྒོ་བ་བཅས་རྣམས་ཀྱིས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུྃ་ཧཱུྃ་ཨཱ་ཡུ་ཥེ་ཛ་ཛཿཧཱུྃ་ཨཱཿ ཞེས་ཚེ་འགུགས་ནས་རང་ལ་བསྟིམ་མོ། །རྒྱས་པར་འདོད་ན་དབང་ཆོག་ལས་ཤེས་པར་བྱའོ། །སྒྲུབ་པའི་ཞག་གྲངས་རྫོགས་སུ་ཉེ་བ་བདུན་ཕྲག་ཙམ་ལྷག་པའི་དུས། དངོས་གྲུབ་བསྐུལ་བའི་བསྙེན་པ་འདོགས་པ་ནི། ལས་བྱང་སྔར་བཞིན་དང་ཛཔ྄་ཀྱི་སྐབས་ཞི་ཁྲོ་སོ་སོའི་བསྙེན་པ་བརྒྱ་སྐོར་རེ་དང་། སྤྱི་དྲིལ་གུ་ཧྱ་བཅོ་ལྔ་པར་སརྦ་སིདྡྷི་ཛཿཧཱུྃ་ཨཱཿཞེས་བཏགས་ལ། དེ་དག་གི་ཚེ་མདུན་བསྐྱེད་ཡེ་ཤེས་པའི་ངོ་བོར་ཕྱེ་ལ་འོད་ཟེར་ཕར་མི་སྤྲོ་བར། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པ་བདག་དང་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་བསམ་མོ། །དེ་ནས་ཞག་རྫོགས་པ་ཐ་མའི་ནུབ་མོ་སྔ་བར་ལངས། ལས་བྱང་དཀྱུས་བཞིན་དུ་བཏང་ནས་ཞི་ཁྲོ་སོ་སོའི་བཟླས་པ་དང་། སྤྱི་དྲིལ་ལ་དངོས་གྲུབ་བསྐུལ་བའི་སྔགས་བཏགས་པ་སྟོང་རྩ་གྲུབ་ནས། ནམ་ལངས་སུ་ཉེ་བ་ན་དངོས་གྲུབ་བླང་བ་ནི་སྒྱུ་འཕྲུལ་གྱི་བསྙེན་ཡིག་ལྟར་ངེས་པར་བྱའོ། །འདིའི་སྒྲུབ་ཁོག་གི་དངོས་གྲུབ་ལེན་ཚུལ་འདིར་སྦྱར་མི་དགོས། དེ་ནས་གོ་བགོ་ལུས་སྲུང་མན་ཆད་ནས། གནས་བསྲུང་བ་སོགས་སྒྱུ་འཕྲུལ་བསྙེན་ཡིག་ལས་ཤེས་པར་བྱའོ། །དེ་དག་གིས་སྒྲུབ་པ་ཆེན་པོའི་མདོ་ཙམ་བསྟན་ནས། ཚོགས་སྒྲུབ་མཚན་ཉིད་པ་ལུང་གིས་སྐབས་འདིར་སྒྲུབ་པའི་གང་ཟག་གི་ཁྱད་པར་བསྟན་པ་ནི། ཧེ་རུ་ཀ་འདུས་པ་ལས། ཁྲག་འཐུང་ལས་ཀྱི་རིམ་པ་ལས། །རྣམ་འབྱོར་དྲོད་ཀྱི་རྩལ་འཆང་པས། །དོན་མཆོག་མངོན་དུ་བྱ་བའི་ཕྱིར། །སྒྲུབ་པ་ཆེན་པོ་ཞེས་སུ་བརྗོད། །ཅེས་དང་། ལོའམ་ཟླ་བའི་གྲངས་བཞིན་དུ། །ཐབས་དང་ཆོ་གར་ལྡན་སྤྱོད་པས། །ཟག་མེད་སྣང་བའི་ལམ་ལ་གནས། །སྐྱེ་འཇིགས་མེད་པའི་སྐུར་གྱུར་ཏེ། །བསྐལ་པ་གྲངས་མེད་ཚེ་ལ་དབང་། །བདེན་པའི་དོན་མཐོང་འཇིགས་པ་མེད། །ཅེས་པས། ཚོགས་སྒྲུབ་བྱེད་པ་པོའི་གང་ཟག་དྲོད་ཐོབ་པ་ནས་འཇུག་པས། དེའི་འབྲས་བུ་མཐོང་ལམ་ལ་སྦྱར་ཞིང་། ཚེ་ལ་དབང་བའི་དངོས་གྲུབ་ཐོབ་པར་གསུངས་སོ། །ལོ་ཆེན་རིན་པོ་ཆེས་འདི་སྐབས་ཀྱི་དཔེ་དོན་འོད་གསལ་གཉིས་ཀྱི་རྗེས་ཐོབ་ནས་སྒྱུ་ལུས་ལྡང་བར་མདོ་སྤྱི་ན་གསུངས་པས་ཞིབ་ཏུ་དེར་བལྟ་བར་བྱའོ། །ད་ནི་རྩ་བའི་ལྔ་པ་ལ་སྤྱོད་པས་ལ་དོར་བར་བྱ་བའི་རིམ་པ་ཅུང་ཟད་འགོད་པ་སྟེ། དེ་ལྟར་ལྟ་བས་ཐག་ཆོད་ཉམས་སུ་ཏིང་ངེ་འཛིན་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ། ཕྱི་མ་ལ་དོན་གྱི་རྗེས་སུ་འཇུག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་ལྟ་སྒོམ་གྱི་ཏིང་ངེ་འཛིན་ལ། ཨ་ནུ་རང་ལུགས་ཀྱི་སྤྱོད་པ་བརྟུལ་ཞུགས་ཉི་ཤུ་རྩ་གསུམ་གྱིས་བོགས་དབྱུང་བའི་ངེས་པ་ནི། སྤྱི་མདོ་དགོངས་འདུས་ལས། རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློ་ལྡན། །ཅེས་པས། རང་དོན་དུ་སྤྱོད་པ་བཅུ། གཞན་དོན་གྱི་སྤྱོད་པ་བཅུ། གཉིས་ཀའི་དོན་གྱི་སྤྱོད་པ་གསུམ་སྟེ། དེ་ཡང་། ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །སྤང་བར་བྱ་བའི་ཐབས་སུ་སྤྱད། །ཅང་ཤེས་བརྟུལ་ཞུགས་ཆེན་པོ་ཡིས། །ཤེས་བྱ་ཀུན་ལ་འཇུག་པར་འགྱུར། །ལུས་ཀྱི་རྩལ་གྱི་བྱ་བ་དག །གྱི་ལིང་བརྟུལ་ཞུགས་ཆེན་པོར་བྱ། །གླང་ཆེན་མྱོས་པའི་བརྟུལ་ཞུགས་ཀྱིས། །མི་འབྱེད་རྨོངས་ཚུལ་བསྟན་པར་བྱ། །སྟག་མཆོངས་རྔམས་པའི་བརྟུལ་ཞུགས་ཀྱིས། །དཔལ་བརྟུལ་གཏུམ་པའི་ལས་ཆེན་བྱ། །ཁུང་ཆེན་མཁའ་ལྡིང་བརྟུལ་ཞུགས་ཀྱིས། །ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད། །གཏུམ་ཐུང་དོམ་གྱི་བརྟུལ་ཞུགས་ཀྱིས། །རེ་བ་མེད་པའི་ལས་ཆེན་བྱ། །རྒྱ་མཚོ་གསར་གྱི་བརྟུལ་ཞུགས་ཀྱིས། །ཡིད་མཐུན་མི་ལྡོག་བརྟན་པར་བྱ། །ལྐུག་པ་ལྟ་བུའི་བརྟུལ་ཞུགས་ཀྱིས། །གཏི་མུག་བཞིན་དུ་ཤེས་རབ་ལྡན། །རི་རབ་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་འགྱུར་རབ་ཏུ་བརྟན་པར་བྱ། །ནམ་མཁའ་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཡང་དོག་ཀུན་དང་བྲལ་བར་བྱ། །གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་ཀྱིས། །དྲག་ཤུལ་ལས་ལ་སྦྱོར་བར་བྱ། །ལག་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །མཐུ་སྟོབས་དག་ལ་སྤྱད་པར་བྱ། །བྱ་རོག་བརྟུལ་ཞུགས་ཆེན་པོ་ཡིས། །ཟོན་བག་ཁུ་འཁྲིགས་སྤྱད་པར་བྱ། །གླང་ཆེན་ཆུར་འཇུག་བརྟུལ་ཞུགས་ཀྱིས། །ངེས་པར་ང་རྒྱལ་སྤྱད་པར་བྱ། །རི་དྭགས་སེང་གེའི་བརྟུལ་ཞུགས་ཀྱིས། །གྲོགས་ངན་ལ་སོགས་སྤང་བར་བྱ། །རེག་འཇམ་བྱ་ཡི་བརྟུལ་ཞུགས་ཀྱིས། །འགྲོགས་ན་བདེ་ཞིང་ཆགས་པར་བྱ། །སྒྱུ་མ་ཕྱག་རྒྱའི་བརྟུལ་ཞུགས་ཀྱིས། །ཐབས་ལ་མཁས་པའི་ལས་ཆེན་བྱ། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཙང་སྨེ་མེད་པར་ཀུན་ལ་སྤྱད། །ལྕེ་སྤྱང་ཁྲ་ཡི་བརྟུལ་ཞུགས་ཀྱིས། །ཐོགས་མེད་གསོད་ལ་བརྩོན་པར་བྱ། །བར་སྣང་གློག་གི་བརྟུལ་ཞུགས་ཀྱིས། །ཅི་ལའང་མྱུར་མགྱོགས་བརྩོན་པར་བྱ། །མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཀུན་ཏུ་འཛེམ་པའི་ལས་ཆེན་བྱ། །རྒྱལ་པོ་འཁོར་སྐྱོང་བརྟུལ་ཞུགས་ཀྱིས། །ས་ཐུབ་འཁོར་དང་ལྡན་པར་བྱ། །ཞེས་སོ། །སྤྱི་མདོ་ལས། ཐབས་འཛུད་བསྲེ་བའི་བརྟུལ་ཞུགས་ནི། ཞེས་གསུངས་པས། ཉེར་གསུམ་པ་ས་འཛིན་རྒྱལ་པོའི་བརྟུལ་ཞུགས་ལྟ་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན། བསྒོམ་པ་བསྐྱེད་རྫོགས་ཀྱིས་བཟུང་ནས་བརྟུལ་ཞུགས་གཞན་རྣམས་དེའི་འཁོར་དུ་ལྡན་པར་སྤྱོད་པ་གཞིར་བཅས་ནས། དང་པོ་ཝ་ཡི་བརྟུལ་ཞུགས་ཝ་གལ་ལ་ཟིན་ཀྱང་སྲོག་ལ་མི་ལྟ་བར་ལག་པ་བཅད་ནས་འགྲོ་བ་ལྟར་རྣལ་འབྱོར་པ་སྲོག་ལ་བབ་ཀྱང་དམ་ཚིག་ལས་འགལ་བར་མི་བྱེད་པར་སྲོག་བརྡོས་ལ་ཐང་བར་སྤྱོད་པའོ། །ཅང་ཤེས་བརྟུལ་ཞུགས་ཅང་ཤེས་པས་བདག་པོའི་ཡིད་དང་མཐུན་པར་སྒྲུབ་པ་ལྟར། ཤེས་བྱ་སྤྱི་དང་རང་གི་མཚན་ཉིད་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་གྱི་ཤེས་རབ་ཁྱད་པར་ཅན་བསྐྱེད་པར་སྤྱོད་པའོ། །གྱི་ལིང་གི་བརྟུལ་ཞུགས་འགྲེ་ལྡོག་བྱེད་པ་ལྟར། བསྐྱེད་རིམ་གྱི་བོགས་འདོན་དུ་རྫོགས་རིམ་དང་། དེའི་བོགས་འདོན་དུ་བསྐྱེད་རིམ་གཉིས་ཕན་ཚུན་གཅིག་གྲོགས་སུ་གཅིག་བླངས་ཏེ་ཆ་མཉམ་པ་སྤྱོད་པའོ། །གླང་ཆེན་ཆང་མྱོས་ཀྱི་བརྟུལ་ཞུགས། ལྟ་བ་འཁོར་འདས་དབྱེར་མེད་མཉམ་ཉིད་དུ་ལྟ་བས་གོམས་པས་ཏིང་ངེ་འཛིན་གྱིས་མི་མཐུན་པའི་ཉེས་པ་ལྔ་སྤང་ཞིང་། དད་སོགས་སྟོབས་ལ་སྤྱོད་པའི་སྤྱོད་པའོ། །སྟག་གི་བརྟུལ་ཞུགས་ཏིང་ངེ་འཛིན་གྱི་དམིགས་པ་གསལ་ཞིང་། དེ་དང་མ་བྲལ་བའི་སྒོ་ནས་བརྟུལ་ཞུགས་གཞན་རྣམས་ལ་སེམས་དཔའ་བརྟུལ་དང་ལྡན་པར་སྤྱོད་པའོ། །ཁྱུང་ཆེན་མཁའ་ལྡིང་གི་བརྟུལ་ཞུགས་ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད་ཅིང་། ལྟ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་ཐག་ཆོད་པས་འཁོར་འདས་རེ་དོགས་མེད་པར་སྤྱོད་པའོ། །གཏུམ་ཆེན་དོམ་ལྟ་བུའི་བརྟུལ་ཞུགས་ལྟ་སྤྱོད་ཀྱི་གདེང་དང་ལྡན་པས་དྲག་པོའི་ལས་ཐུག་ཕྲད་དུ་བྱ་བའི་སྤྱོད་པའོ། །རྒྱ་མཚོ་གསེར་ཚོལ་གྱི་བརྟུལ་ཞུགས་ཟབ་དོན་གསང་ཐུབ་པའི་སྒོ་ནས་ཉམས་སུ་ལེན་པ་ལ་བརྩོན་འགྲུས་ཀྱི། རྒྱུན་རིང་བར་མི་ལྡོག་པར་བློ་བརྟན་པའི་སྤྱོད་པའོ། །ལྐུག་པ་གཏི་མུག་ཅན་གྱིས་བརྟུལ་ཞུགས་ཉམས་སུ་ལེན་པ་ན་ངག་སྨྲ་བ་སྤང་ཞིང་གཉིས་ཆོས་ཞེན་པ་མཐའ་དག་རོ་མཉམ་དུ་མཉམ་པར་བཞག་པས་བདག་མེད་རྟོགས་པའི་ཤེས་རབ་མཐར་ཕྱིན་པར་སྤྱོད་པའོ། །རི་རབ་ཀྱི་བརྟུལ་ཞུགས་བླ་མ་དང་མཆེད་གྲོགས་ལ་དད་གུས་མི་འགྱུར་བ་དང་། ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་བྱིང་རྒོད་ཀྱི་གཉེན་པོ་བརྟེན་པའི་སྤྱོད་པའོ། །ནམ་མཁའི་བརྟུལ་ཞུགས་རྣལ་འབྱོར་པ་མཆེད་ལྕམ་གྱི་ནང་བློ་ཁོག་ཤོང་ཡངས་པ། འཁོར་འདས་དང་། ཐེག་པ་གང་ཡང་བདག་ཉིད་ཆེན་པོའི་ལྟ་སྤྱོད་འདིའི་ནང་དུ་མི་ཤོང་བ་མེད་པར་ལྷ་སྒོམ་གཞན་ལ་འགྲམ་ཆུ་མི་ལྡང་བར་ལམ་རང་གི་ངོ་བོ་བསྐྱེད་རྫོགས་གཉིས་ལ་སྤྱོད་པའོ། །གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་རྣལ་འབྱོར་པས་ཁྲོ་བོའི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་དགྲ་བགེགས་གང་ཡང་ཆམ་ལ་དབབ་པའི་སྤྱོད་པའོ། །ལག་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། ལྷ་སྒོམ་པ་དང་སྔགས་བཟླ་བ་ཏིང་ངེ་འཛིན་སྒོམ་པས། རང་གི་ལུས་ངག་ཡིད་གསུམ་ལྷ་ཡེ་ཤེས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་མཐུ་སྟོབས་དང་ལྡན་པར་སྤྱོད་པའོ། །བྱ་རོག་གི་བརྟུལ་ཞུགས་དགྲ་ཟན་གཉིས་མིག་གིས་དུས་གཅིག་ལ་སྲུང་བ་ལྟར་སྤང་བླང་གི་གནས་ལ་བླང་དོར་མ་འཆོལ་བར་སྤྱོད་པའོ། །གླང་ཆེན་ཆུར་འཇུག་གི་བརྟུལ་ཞུགས་ཀྱིས། བདག་ཉིད་ཆེན་པོའི་ལྟ་སྤྱོད་ཀྱི་གདེང་གི་ང་རྒྱལ་ལ་གནས་པས། ཕྲིན་ལས་བཞིའི་གདུལ་བྱ་འདམ་ག་མེད་པར་སྤྱོད་པའོ། །སེང་གེའི་བརྟུལ་ཞུགས་ཀྱིས་རང་དང་ལྟ་སྤྱོད་མི་མཐུན་པའི་གྲོགས་ངན་སྤང་ནས་དབེན་པར་རང་ཉིད་གཅིག་པུར་འདུག་ནས། སྔགས་ཀྱི་སྤྱོད་པ་སྐྱོང་བའི་སྤྱོད་པའོ། །རེག་འཇམ་བྱའི་བརྟུལ་ཞུགས་ངང་པ་ཕོ་མོ་མི་འབྲལ་བར་འགྲོགས་པ་ལྟར། རྩ་ཐིག་རླུང་གསུམ་ལས་སུ་རུང་བའོ། །རྣལ་འབྱོར་པས་ཉེ་རྒྱུའི་ལམ་ལ་སྤྱོད་པའོ། །སྒྱུ་མའི་བརྟུལ་ཞུགས་ཀྱིས་སྤྲུལ་བསྒྱུར་སྣ་ཚོགས་པས་གདུལ་བྱ་རྣམས་ཡང་དག་པའི་ལམ་དུ་ཁྲིད་པའི་ཐབས་མཁས་ཀྱི་སྤྱོད་པའོ། །འདི་ལ་སྤྱི་མདོ་ལས། གང་འདོད་རྫས་ཀྱི་གཟུགས་བྱས་ནས། །རྣམ་པར་འཕྲུལ་པ་སྒྲུབ་པར་བྱ། །ཞེས་པས་སྒྱུ་མའི་སྔགས། ཤེའུ་རེའུ་མི་ན་ཡ་ཨ་མོ་ཁ་ཨ་འགུས་པ་འགུས། བྱ་བའི་སྔགས་ཀྱིས་སྒྱུ་མའི་སྤྱོད་པ་གཅིག་ཀྱང་གསུང་སྣང་། ཕག་གི་བརྟུལ་ཞུགས་ཀྱིས་འདོད་ཡོན་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་བལྟས་ནས་བླང་དོར་མེད་པར་བདེ་སྟོང་གི་རྩིས་ཟིན་པར་སྤྱོད་པའོ། །ལྕེ་སྤྱང་གི་བརྟུལ་ཞུགས་ཀྱིས། ཏིང་ངེ་འཛིན་རྫོགས་པའི་རིམ་པ་མཚན་མོ་གསལ་བར་སྒོམ་པའི་སྤྱོད་པའོ། །འདི་ལ་གསོད་པའི་བརྟུལ་ཞུགས་ལོག་རྟོག་ཅན་ཐབས་ཀྱིས་བསྒྲལ་ནས་རྣམ་ཤེས་ཟག་མེད་ཀྱི་ས་ལ་འགོད་པའི་ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་དང་སྦྱར་བའི་སྤྱོད་པའོ། །གློག་གི་བརྟུལ་ཞུགས་ཀྱིས་རྣལ་འབྱོར་པས་རང་དོན་མྱུར་དུ་འགྲུབ་ཅིང་གཞན་དོན་དུ་ཐུགས་རྗེས་འབྱུང་བར་བརྩོན་པ་ཤུགས་གྱུར་པའི་བརྩོན་འགྲུས་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྤྱོད་པའོ། །བྱ་རྒོད་ཀྱི་བརྟུལ་ཞུགས་ཀྱིས་ཁོ་ཤ་ལ་སྤྱོད་ཀྱང་སྲོག་མི་གཅོད་པ་ལྟར། གོང་གི་སྒྲོལ་བའི་བརྟུལ་ཞུགས་རྣམས་དགོས་པ་ཁྱད་པར་ཅན་ཡོད་ན་མ་གཏོགས་རང་དགར་དྲག་པོའི་ལས་མི་བརྩམ་པའི་སྤྱོད་པའོ། །དེ་དག་གིས་ལ་དོར་བ་སྤྱོད་པའི་རིམ་པ་བསྟན་ཟིན་ཏོ། །ད་ནི་རྩ་བའི་དྲུག་པ་དོན་མན་ངག་གིས་སྒྲུབ་པ་སྟོན་ཏེ། དེ་ཡང་ལམ་གྱི་ངོ་བོ་ནི། བསྐྱེད་རྫོགས་གཉིས་ལས་རྫོགས་པའི་རིམ་པ་མ་ཧཱ་ཡན་ཆད་ཀྱི་ངང་སྒོམ་གསུམ་ཡིན་ཀྱང་། ལོ་ཆེན་རིན་པོ་ཆེས། འགྱུར་བ་མ་ངེས་པའི་ས་ནས་བཟུང་རྫོགས་པ་སྤྱིར་ཆིབ་བར་གྱི་ས་ལམ་དང་རྒྱུ་འབྲས་འབྲེལ་སྒྲུབ་ནས་གསུངས་པས། དེ་ལྟ་ན་ཡང་ལམ་རང་གི་བསྐྱེད་རྫོགས་གཉིས་ཀྱི། བསྐྱེད་རིམ་གྱིས་ཚོགས་ལམ་དང་། རྫོགས་རིམ་གྱིས་སྦྱོར་ལམ་ནས་རྩལ་ཆེན་རྫོགས་པའི་སའི་བར་རྫོགས་དགོས་པས། རྩལ་ཆེན་རྫོགས་པ་རྒྱུན་ལས། མི་སློབ་པའི་རྩིས་འགོས་བསྡུས་ཀྱང་། ལོ་ཆེན་གྱིས་མཐར་ལམ་པར་བཞག་པ་འདི་སྒྱུ་འཕྲུལ་གྱི་ལྷུན་གྲུབ་རིག་འཛིན་མཐར་ལམ་པར་འཇོག་པའི་འགྲོས་མཛད་པར་སྣང་བས་དེ་ལྟར་ངེས་པར་བྱས་ནས། ད་ནི་ལམ་ངང་སྒོམ་གྱི་མན་ངག་གིས་ལྷ་མིའི་ཐེག་པ་ནས་ཕྱི་རྒྱུད་གསུམ་མན་ཆད་འདི་ཏིང་ངེ་འཛིན་སྒོམ་པའི་ཡན་ལག་གི་ཚུལ་གྱིས་ལམ་འདིར་དོན་དམ་ངེས་པའི་ཐེག་པས་རིམ་གྱིས་བློ་སྦྱང་བའི་དབང་དུ་བྱས་ནས་དེ་ལྟར་འཆད་པ་ལ། དང་པོ་ལྷ་མིའི་ཐེག་པའི་ལམ་ཁྱེར་བཞི། འགགས་དྲུག །གདམས་ངག་ངང་སྒོམ་གྱི་ཁྲིད་དང་གསུམ་གྱིས་རྩིས་འགོས་བསྡུས་ཏེ་རྒྱས་པར་གསུངས་པ་རྣམས་ལོགས་སུ་བསྐོལ་བ་འཇམ་མགོན་བློ་གྲོས་མཐའ་ཡས་གསུང་གདམས་ངག་མཛོད་དུ་བཞུགས་པ་ལས་ངེས་པར་བྱས་ནས། འདིར་ནི་ངང་སྒོམ་རྣམས་འཆད་པ་སྐབས་སུ་བབས་པས། སྒོ་འབྱེད་ཕྱག་ན་རྡོ་རྗེའི་བསྙེན་པ་བཏང་བ་དང་ལྷན་ཅིག་ཏུ། ལྷ་མིའི་ཐེག་པའི་ངང་སྒོམ་ཕྱི་རྒྱུད་གསུམ་ཡན་ཆད་ཀྱི་ངང་སྒོམ་རྣམས་བསྒོམ། གང་ཞིག་མདོའི་ཡན་ལག་གི་དཀྱིལ་འཁོར་དྲུག་ལ་བསྙེན་པ་བཏང་བར་སྤྲོ་ན་དཀྱིལ་འཁོར་རེ་རེ་ལ་བསྙེན་པ་བཏང་བ་དང་ལྷན་ཅིག་རང་རང་གི་ངང་བསྒོམ་དྲུག་པོ་རེ་རེ་སྦྱར་ནས་བསྒོམ་ན་ཤིན་ཏུ་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དངོས་གཞི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཀྱི་བསྙེན་པ་བཏང་བའི་དུས་ཀྱི་ཕྱེད་མན་ཆད་ནས་མཚན་མོའི་ཐུན་གཉིས་པོ་ལ་ནང་རྒྱུད་གསུམ་གྱི་ངང་སྒོམ་རྣམས་སྒོམ་ན་འཇུག་པ་བདེ་བ་དང་། བསྐྱེད་རྫོགས་འབྲེལ་ཆེ་བས་དེ་བཞིན་ངེས་པར་བྱས་ནས། དང་པོའི་ལྷ་མིའི་ཐེག་པའི་ངང་སྒོམ་ནི། རང་གི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྟག་ཏུ་བཞུགས་པར་མོས་ལ། དེ་ཉིད་ཡང་དང་ཡང་དུ་གསལ་གདབ་ཅིང་རྗེས་སུ་དྲན་པའི་སྒོ་ནས་རང་གི་བྱ་བྱེད་ཀྱི་བླང་དོར་ཐམས་ཅད་དེས་བསྟན་པའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། །ཞེས་དྲན་པ་དང་ཤེས་བཞིན་གྱི་གཉེན་པོར་འཇོག་གོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་དྲན་པ་རྩེ་གཅིག་ལ་མཉམ་པར་འཇོག་པ་སོགས་ཚད་མེད་བཞི་བསྒོམ་པར་བྱ། དེ་ནས་ངང་སྒོམ་ཆུང་ངུ་ནས་འབྱུང་བ་ལྟར། བསམ་གཏན་དང་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་པ་སྟེ། འདི་ལྟར་འདོད་ཡོན་གྱི་ཉེས་དམིགས་དང་བསམ་གཏན་གྱི་ཕན་ཡོན་ཤེས་པར་བྱས་ནས་སྟན་བདེ་བ་ལ་ལུས་གནད་གཡོ་མེད་དུ་བཅིང་། དམིགས་པའི་གནད་སེམས་ཕྱིར་གཡེང་བ་ལས་ནང་དུ་བླན་ཏེ་དམིགས་པ་ལ་དང་པོར་རྩེ་གཅིག་ཏུ་འཇོག །དེ་ནས་རྣམ་རྟོག་སྐྱེར་མི་འཇུག་པར་དམིགས་པ་དེ་ཉིད་ཀྱི་སྟེང་དུ་མ་བཅོས་པར་འཇོག །དེ་ལྟར་སེམས་གནས་པའི་ཐབས་དགུ་སོགས་ཤེས་པར་བྱས་ནས་མཉམ་པར་བཞག་པས་འདོད་ཡོན་ལ་ཆགས་སྡང་དང་བྲལ་བའི་ཏིང་ངེ་འཛིན་རྩེ་གཅིག་པ་དང་། ལུས་སེམས་ལ་ཤིན་སྦྱང་ཐོབ་པའི་དགའ་བདེ་སྐྱེ་ཞིང་འདོད་ཡོན་ཕྲ་མོས་གོས་མ་གོས་ཀྱི་རྟོག་དཔྱོད་དང་བཅས་པ་སྟེ་བསམ་གཏན་དང་པོའོ། །དེ་ཉིད་བརྟན་ནས་ནང་དུ་ཤེས་པ་རང་ལུགས་སུ་བཞག་སྟེ་བསྐྱང་བས་སྔར་གྱི་རྟོག་དཔྱོད་ཀྱི་ཞེན་པ་ནུབ་ཅིང་ལུས་སེམས་ལ་དགའ་བདེ་སྔར་ལས་ལྷག་པར་སྐྱེ་བ་ནི་བསམ་གཏན་གཉིས་པའོ། །དེ་ནས་དགའ་བ་ལ་ཞེན་མེད་ཀྱི་རྣལ་འབྱོར་བསྒོམ་པས་ལུས་ཀྱི་དགའ་བདེའི་ཞེན་པ་ནུབ་ནས་སེམས་བདེ་བས་གཡོ་བ་མེད་པར་ཁྱབ་པའི་ཏིང་ངེ་འཛིན་ནི་བསམ་གཏན་གསུམ་པའོ། །དེ་ནས་སེམས་ཀྱི་བདེ་བ་ལ་ཆགས་ཞེན་མེད་པའི་རྣལ་འབྱོར་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ཅན་བསྒོམ་པས་རླུང་གིས་གཡོ་བ་འགགས་ཤིང་བདེ་བའི་ཞེན་པ་ནུབ་ནས་སེམས་གསལ་བ་དྭངས་པ་ལ་རྩེ་གཅིག་ཏུ་གནས་པ་བསམ་གཏན་བཞི་པའོ། །དེ་ལྟར་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུང་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་གསུངས་སོ། །དེ་ནས་བསམ་གཏན་བཞིའི་འདུ་ཤེས་ལ་ཡིད་དབྱུང་ནས་གཟུགས་མེད་པར་སྙོམས་པར་འཇུག་པ་བཞི་བསྒོམ་སྟེ། དེ་ལ་གཟུགས་སྣང་སྣ་ཚོགས་པ་འདི་དག་ནམ་མཁའ་དང་འདྲ་བའོ། །ཞེས་སྣང་མེད་ཀྱི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་པས་སྣང་བ་ཐམས་ཅད་རིམ་གྱིས་ནུབ་ནས་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངང་ལ་གནས་པ་ནི་ནམ་མཁའ་མཐའ་ཡས་སོ། །དེ་ལས་འདས་ནས་སེམས་རང་གི་ངོ་བོ་གཡོ་མེད་དུ་བཞག་པས་སྔར་གྱི་ཏིང་ངེ་འཛིན་གྱི་འདུ་ཤེས་དེ་ཡང་ནུབ་ནས་རྣམ་ཤེས་གསལ་རིག་ཙམ་དུ་མཐའ་དབུས་མེད་པར་གནས་པ་ནི་རྣམ་ཤེས་མཐའ་ཡས་སོ། །དེ་ནས་རྣམ་ཤེས་ཀྱི་ངོ་བོ་ཡང་སྟོང་ཉིད་དངོས་མེད་ཅི་ཡང་མེད་པའོ། །ཞེས་རྩེ་གཅིག་ཏུ་སྒོམ་པས་རྣམ་ཤེས་ཀྱི་འཛིན་པའང་རིམ་གྱིས་ནུབ་ནས་གཟུགས་སེམས་ཀྱི་མཚན་མ་ཅུང་ཟད་ཀྱང་མེད་པའི་ངང་ལ་གནས་པ་ནི་ཅི་ཡང་མེད་པའོ། །དེ་ལས་འདས་ནས་ཆོས་གང་ལ་ཡང་། ཡོད་པ་དང་མེད་པའི་འཛིན་པ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པར་རྩོལ་མེད་དུ་བཞག་པས་ཅི་ཡང་མེད་པའི་འཛིན་པ་ལས་གྲོལ་ནས་འཇིག་རྟེན་པའི་མི་རྟོག་རབ་ཀྱི་རྩེ་མོར་ཕྱིན་པ་ནི་སྲིད་རྩེའི་སྙོམས་འཇུག་སྟེ། དེ་ཡང་སྔ་མ་ལས། མཉམ་དང་བདག་མེད་མ་རྟོགས་ནས། །མིང་གཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའི་བར་དུ་སྐྱེ། །ཞེས་སོ། །དེས་ན་ཇི་སྐད་དུ། འཇིག་རྟེན་དང་པོ་བསམ་གཏན་བཞི། །སྙོམས་འཇུག་བཞི་གོལ་ས་དགུ་སྟེ། །ཞེས་པས་བསམ་གཟུགས་བརྒྱད་ཀྱི་སྟེང་དུ་འདོད་པའི་ཁམས་ཀྱི་ས་གཅིག་སྟེ། གོལ་ས་དགུ་ལམ་རིམ་དུ་གསུངས་སོ། །དེ་ལྟ་ནའང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རྟེན་དུ་འགྱུར་བ་མི་འགལ་ཞིང་། ཁྱད་པར་དུའང་ལམ་གོང་མའི་ཡོན་ཏན་གྱི་རྟེན་དུ་འགྲོ་བ་ལ་བསམ་གཏན་བཞིའི་ཏིང་ངེ་འཛིན་སྒོམ་པ་དེ་ཉིད་ལ་འབད་པར་བྱའོ། །དེ་ལ་སྤྱིར་མདོ་དབང་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ་དང་། བསམ་པའི་ཤེས་རབ་ཅན་ལ་བཤད་པར་བྱེད་པ་དང་། སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་པའི་ཕྱག་བཞེས་ལས་ཕྱི་མའི་དབང་དུ་བྱས་པ་གོང་འོག་ཐམས་ཅད་ལ་གོ་བར་བྱའོ། །དེས་ལྷ་མིའི་ཐེག་པའི་ངང་སྒོམ་སོང་ནས། གཉིས་པ་ཉན་ཐོས་གྱི་ཐེག་པའི་ངང་སྒོམ་ནི། དེ་ལ་ཞི་གནས་དང་། ལྷག་མཐོང་བསྒོམ་ཚུལ་གཉིས། ཐོག་མར་ཞི་གནས་ནི་ཚེ་འདི་དང་འཁོར་བའི་ཕུན་ཚོགས་ལ་ཡིད་བྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛི་དང་མི་དགེ་བའི་སེམས་སྤངས་ཏེ། བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་དེ་བཞག་པས། ཐིག་ལེ་དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ཡང་ཚུར་བསྡུས་པའི་སྦྱོར་བས། རང་ལུས་ཀེང་རུས་སུ་དམིགས་ནས་སྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་པས། འདི་ནི་ལས་དང་པོ་པའི་མི་སྡུག་པ་སྒོམ་ཚུལ་ཏེ། དེ་ལ་བརྟེན་ནས་སྤྲོ་བ་སྔར་བཞིན་ལས་ཚུར་བསྡུས་ན། ཀེང་རུས་རིམ་གྱིས་ནུབ་ནས། ཐོད་ཕྱེད་ཀྱི་བར་དང་། ཤིན་ཏུ་བརྟན་ནས་ཐོད་ཕྱེད་ཀྱང་བསྡུས་ལ་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་སྟེ་དེའང་། ཀེང་རུས་ནས་ནི་ཐོད་ཕྱེད་བར། །བཏང་ནས་སྦྱང་བར་བྱེད་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཅེས་པས། དེ་ལྟར་མི་སྡུག་པའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བར་འགྱུར་ནས་ཞི་གནས་འགྲུབ་པར་འགྱུར་རོ། །དེ་ནས་ལྷག་མཐོང་སྒོམ་པ་ནི། ལམ་ལྔར་བྱང་ཕྱོགས་སོ་བདུན་ནམ། བདེན་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་བསྒོམ་པ་ཡིན་ནའང་། འདི་ལམ་གོང་མའི་སྟེགས་སུ་གང་ཟག་གི་བདག་མེད་སྒོམ་པའི་ལྟ་ཁྲིད་ཙམ་ཞིག་བསྟན་པར་བྱའོ། །དེ་ཡང་རང་ལུས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས་དེ་སུན་ཕྱུང་པའི་དོན་དུ། འདི་ལྟར་བསྒོམ་སྟེ་ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ནས་ངའོ་ཞེས་བྱ་བ་བརྟགས་ན་གྲུབ་པ་མེད་དེ་ལུས་རྣམས་རྡུལ་ཕྲན་གྱི་བར་དུ་བཤིགས་ཤིང་། སེམས་ཀྱང་སྐད་ཅིག་གི་བར་དུ་བརྟགས་ཏེ་རྣམ་པར་གཞིག་པ་ན། ལུས་སེམས་གཉིས་ཀྱང་ང་མ་ཡིན་ལ། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་མ་ཡིན་ལ། དེ་གཉིས་ལོགས་སུའམ་མ་དམིགས་པའི་ཕྱིར་བདག་མེད་པར་ངེས་པ་ན་དེའི་ངང་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་གཏན་ལ་ཕབས་ཏེ་བསྒོམ་པས་ངའི་བདག་ཏུ་འཛིན་པ་ལོག་པས་ང་ཡིར་འཛིན་པའམ་བདག་གིར་འཛིན་པ་ལོག་པས་ཉོན་མོངས་པ་ལྡོག །དེ་ལྡོག་པས་ལས་ཟད་པར་གྱུར་ལ། ལས་དང་ཉོན་མོངས་པ་ཟད་པས་སྐྱེ་བ་ཟད་པར་འགྱུར་བས་ན་རྣམ་པར་གྲོལ་བ་ཐོབ་པ་འགྱུར་ཏེ། དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་གསུངས་པས་བརྩོན་པས་འབད་པར་གྱིས་ཤིག །གཉིས་པ་རང་རྒྱལ་གྱི་ངང་སྒོམ་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་ཞིག་བསམ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་སྒོམ། དེ་ལྟར་གསལ་ཐེབས་པ་དང་། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཡང་ཐིག་ལེ་དཀར་པོ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དཀར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་འཇོག་སྟེ། དཀར་དམར་གཉིས་པོ་དེ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་དཀར་དམར་གཉིས་ཁྲུག་གིས་འདྲེན་པ་སྤྱི་བོ་ནས་བབ་སྟེ་སྙིང་གར་ཐིམ་པའི་ངང་ལ་མ་བཅོས་པར་མཉམ་པ་བཞག་གོ། །དེ་བརྟན་ནས་ལྟ་ཁྲིད་ནི་ལུས་སེམས་རྡུལ་ཕྲན་དང་སྐད་ཅིག་མའི་བར་དུ་བཤིགས་པ་ཉན་ཐོས་ལྟར་ལས། དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བ་དེ་ཡང་རྣམ་པར་བཤིགས་པས་མཐའ་མེད་དུ་གྱུར་ནས། ཅི་ཡང་མ་གྲུབ་པའི་ངང་ལ་མཉམ་པར་བཞག་གོ། །དེ་ལྟར་སྒོམ་པས། གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། བཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འགྱུར་བ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་དཔའི་ངང་སྒོམ་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པས། རང་གི་སྙིང་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་གང་དུ་ཡང་མ་ངེས་པ་ཞིག་བསྒོམ། དེ་ཡང་། ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཅེས་པས། ཐིག་ལེ་དེ་ལ་བརྟན་པ་ན་ཁ་དོག་གི་རྣམ་པ་མ་འགགས་པར་ཅིར་ཡང་སྣང་ལ། ཁ་དོག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ། །དེ་ལྟར་དཔྱད་ཅིང་བསྒོམ་པས་བློ་གནས་པ་ན་དཔེ་དེ་དང་འདྲ་བར་བསྒོམ་བྱ་སྒོམ་བྱེད་ཀྱིས་མཚོན་པའི་ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་། སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། དེ་ལྟར་ཉམས་སུ་མྱོང་མཁན་རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཤིང་བཙལ་བ་ན། ཁ་དོག་སོགས་ཅིའི་ངོ་བོར་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས་ཡུལ་དངོས་མེད་སྟོང་གཟུགས་དང་ཡུལ་ཅན་འཛིན་སེམས་སྐད་ཅིག་ཆ་མེད་དོ། །ཞེས་མྱོང་མཁན་གྱི་གཉེན་པོ་ཁོ་རང་གི་ངོ་བོ་ལའང་ཅེ་རེ་བལྟས་པས་གཏད་མེད་དུ་སངས་ཤིང་གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན། དེ་ཀའི་ངང་ལ་བསལ་བཞག་མེད་པ་ཀློད་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་བཞག་ཏུ་བདག་མེད་གཉིས་རྟོགས་པ་དེ་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱང་བ་ནི། སྣང་བ་གང་ཤར་ཀྱང་མེད་པ་གསལ་སྣང་སྒྱུ་མ་ལྟ་བུར་ཐག་བཅད་ནས། དེ་ཉིད་ལྷ་རྗེས་དྲན་གྱི་སྒོར་དག་པའི་སྣང་བ་ཡུམ་ཤེར་ཕྱིན་གྱི་སྐུའི་རྣམ་པར་ཝལ་གྱིས་གསལ་བཏབ་ནས་རྒྱུན་ཆགས་བསྐྱང་བར་བྱ་བ་ཡིན་ནོ། །ཕྱི་མ་འདི་ལམ་འདིའི་སྒོས་ཆོས་ཡིན་གྱི་གཞན་ལ་སྦྱར་མི་དགོས་སོ། །བཞི་པ་ནི། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཀྱི་བཞེད་པར་བྱ་སྤྱོད་གཉིས་ཐུན་མོང་གི་ངང་སྒོམ་ནི། འདི་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་རང་རྒྱུད་པས་བཞེད་པ་ལྟར། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་འདིར་ནི་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྟར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རྣམ་སྨིན་གྱི་ལུས་འདི་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུའི་ལུས་སུ་བསམ་ལ། བློ་ཆེན་དེ་ཉིད་འཇམ་དཔལ་དབྱངས་ལྟ་བུའི་ལྷའི་སྐུ་བསྒོམ་མོ། །དམིགས་པའི་གཞི་དེ་གཉིས་གང་རིགས་ལ་གསལ་ཐེབས་པ་དང་། དེའི་སྤྱི་བོར་ཡས་ནས་མར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསམ་པ་ལ་མཉམ་པར་བཞག །དེ་བརྟན་པ་དང་། ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱང་། དེ་བཞིན་གཤེགས་པ་རྣམས་པ་སྐུ་མཉེས་པའི་མཆོད་པ་འབུལ། འོད་དེ་ཚུར་འདུས་ནས་རང་གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་པའི་དབྱངས་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤལ་གླེགས་བམ་གྱིས་མཚན་པ་འཛིན་པ་ཞིག་བསྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངག་སྒྲིབ་སྦྱང་འཕགས་པའི་གསུང་མཆོད། ཚུར་འདུས་པས་རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ་ཞིག་བསྒོམ། ཡང་ཐིག་ལེ་མཐིང་ཀ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཡིད་སྒྲིབ་སྦྱང་། འཕགས་པ་རྣམས་ཀྱི་ཐུགས་མཆོད། ཚུར་འདུས་པས་རང་གི་སྙིང་གར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་། སྡིགས་མཛུབ་ཅན་ཁྲོས་པའི་ཉམས་དང་ལྡན་པ་ཞིག་བསྒོམ། དེ་ལྟར་ལུས་ངག་ཡིད་གསུམ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ནས་མཉམ་པར་འཇོག་པ་ནི་མཚན་བཅས་ཀྱི་རྣལ་འབྱོར་རོ། །མཚན་མེད་ཀྱི་རྣལ་འབྱོར་ནི། ལྷའི་སྣང་བ་དེ་ཡང་མི་དམིགས་པར་སྦྱང་ནས། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་དང་བྲལ་བའི་ངང་ལ་བསལ་བཞག་མེད་པ་བསྐྱང་བར་བྱ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བསྟེན་པར་བྱེད། །ཅེས་པ་ལྟར། བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་བྱ་སྤྱོད་གཉིས་ཐུན་མོང་པས་བསྟན་ནས། དྲུག་པ་ཡོ་གའི་ངང་བསྒོམ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་འམ་རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་དཀྱིལ་དུ་དྭངས་མ་མི་ཤིགས་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད། རྣམ་པ་ཐིག་ལེ་སྲན་མ་ཙམ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ་གསལ་ཐེབས་པ་ན། རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་བསྒོམ། དེ་ཡང་། ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཞེས་པས། ཐིག་ལེ་དཀར་པོ་དེ་མར་བབ་ནས་སྙིང་དཀྱིལ་གྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཁྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་པར་བཞག་པས་ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་དུ་ལྷག་གེར་འཆར་ཏེ། དོན་དམ་མཚན་མ་མེད་པའི་ངོ་བོར་ཉིད་དོ། །དེའི་བྱིན་རླབས་ཀྱི་གང་ཤར་གྱི་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི་དབང་གི་སྒོམ་དོན་ཡིན་ནོ། །དེ་དག་གིས་སྒོ་འབྱེད་ཕྱག་ན་རྡོ་རྗེའི་བསྙེན་པ་དང་འབྲེལ་ནས་བསྒོམ་ན་སྟབས་བདེ་བས་དེ་ལྟར་དང་། འདིར་ནི་ནང་རྒྱུད་གསུམ་གྱི་ངང་བསྒོམ་འདི་རྣམས་མདོ་ཚོགས་ཆེན་འདུས་པ་དངོས་གཞིའི་བསྙེན་པ་བཏང་བའི་སྐབས་སུ་སྒོམ་ན་བསྐྱེད་རྫོགས་གཉིས་ཤིན་ཏུ་འབྲེལ་ཆེ་ཞིང་ལམ་རང་གི་ངོ་བོ་ཡིན་པས། དེ་ལྟར་ན། བདུན་པ་ངང་སྒོམ་ཕྱི་མ་གསུམ་གྱི་མ་ཧཱ་ཡོ་གའི་ངང་སྒོམ་ལ་ལྷ་བསྒོམ་པ་དང་མན་ངག་བསྒོམ་པའོ། །དང་པོ་ལྷ་བསྒོམ་པའི་ཐབས་ནི། རྒྱས་པར་གཞུང་ནས་བསྟན་ལ་འདིར་རྩ་བའི་ས་བཅད་མི་སྟོང་ཙམ་དུ་ལྷ་སྒོམ་པ་ངང་སྒོམ་ཆུང་ངུ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཐམས་ཅད་ལྷའི་རང་བཞིན་ཡེ་ནས་སངས་རྒྱས་སོ། །ཞེས་དར་ཅིག་མཉམ་པར་བཞག །དེའི་ངང་ལས་མེ་ཏོག་ཕོག་པའི་ལྷའམ། དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ལྟ་བུར་གང་བསྒོམ་ཀྱང་རུང་སྟེ། རང་གི་བསྐྱེད་སྔགས་ཆོས་ཉིད་ཀྱི་རང་སྒྲར་གྲགས་པའི་རྐྱེན་གྱིས་དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བཏབ་ནས་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབས། དེ་གསལ་ཐེབས་པའི་འདི་རྫོགས་རིམ་གྱི་སྔོན་འགྲོ་ལུས་ཀྱི་སྟོང་རར་མེད་དུ་མི་རུང་བའི་ཡན་ལག་ཡིན་ནོ། །དེ་གསལ་བརྟན་དུ་གྱུར་པ་ན། དེའི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་འོད་འབར་བ་ཞིག་བསྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེ་ལས་ཀྱང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱང་། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོར་ཐིམ། དེ་ཡང་འོད་དུ་ཞུ་སྟེ་ལྟེམ་མེར་གནས་པར་བསམ། ཡང་སྣ་བུག་གཡས་ནས་འོད་ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས་ཏེ་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཚུར་འདུས་པ་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ། ཐིག་ལེ་དཀར་པོ་དམར་པོ་ལ་ཞུགས་པ་ཚངས་བུག་ནས་སྙིང་གི་དཀྱིལ་དུ་བསྟིམ་ཞིང་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་བཞག་གོ། །འདི་ནི་བསྐྱེད་པ་དང་འབྲེལ་བའི་ངང་བསྒོམ་སེམས་ལས་རུང་ཙམ་སྒྲུབ་པའི་ཐབས་ལས་རྫོགས་རིམ་མཚན་ཉིད་པ་མ་ཡིན་ཏེ། དེ་ཡིན་ན་རྩ་ཐིག་རླུང་གི་གནད་ལ་བསྣུན་པའི་ཐབས་གང་ཡང་མ་གསུངས་ལ་རྫོགས་རིམ་ཡིན་ན་རྩ་དང་རླུང་གི་གནད་ཁྱད་པར་བས་རླུང་སེམས་དབུ་མར་ཐིམ་ནས། རླུང་སེམས་ཀྱིས་བསླད་པ་དང་བྲལ་བའི་འོད་གསལ་མངོན་དུ་བྱ་དགོས་པའི་ཕྱིར་རོ། །གཉིས་པ་མན་ངག་བསྒོམ་པ་ལ་གཉིས། དང་པོ་དབང་དང་འབྲེལ་བ་མ་ཧཱ་ཡོ་ག་དང་ཐུན་མོང་པའི་བསྒོམ་ཐབས་ནི་ངང་བསྒོམ་འབྲིང་པོ་སྟེ། མན་ངག་གབ་པ་མངོན་འབྱིན་གྱི་དབང་གིས། འོག་གི་འབྲུ་གསུམ་རྡོ་རྗེའི་བཟླས་པ་འོག་གི་སྙིང་པོ་ལམ་ཁྱེར་ནི། རླུ ང་གི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཡིན་པས། དེ་སྔོན་དུ་སོང་ནས་རླུང་ཞུགས་གནས་ཐིམ་པ་གསུམ་གྱི་རྟགས་རྫོགས་ངེས་པར་བྱས་ནས། གཟོད་ཐིག་ལེའི་རྫོགས་རིམ་ལ་འཇུག་ན་གནད་ཁྱད་པར་ཅན་ཡོད་པས། སྙིང་པོ་ལམ་ཁྱེར་ནི། རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་འཆར་བས། ཨས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུྃ་གིས་འགགས་མེད་དུ་ངོ་སྤྲད། ༀ་གྱིས་གཉིས་མེད་དུ་ངོ་སྤྲད། སྤྱི་མདོ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་གནས། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་རྫོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨཱཿ ཞེས་པ་དེ་བསྒོམ་པ་ལ། འབྲུ་གསུམ་གྱི་དབྱིབས་ལ་བཟླ་བ་དང་། ཁ་དོག་ལ་བཟླ་བ་དང་། སྒྲ་གདངས་ལ་བཟླ་བ་གསུམ་ལས། རྫོགས་རིམ་གྱི་སྐབས་འདིར་སྒྲ་གདངས་ལ་བཟླ་བ་སྟེ། དེ་ཡང་རང་གི་ལུས་ཀྱི་ཚད་ཀྱི། ཡི་དམ་གྱི་སྐུར་གསལ་བའི་དབུས་དྲངས་པོར་རྡོ་རྗེ་ནོར་བུའི་རྩེ་ནས་ཡར་གྱི་སྣ་རྩེ་བར་རྩ་གསུམ་དབུ་མ་སྟོང་གསལ་མཚན་ཉིད་བཞི་དང་ལྡན་པ་བསམ་ནས། དང་པོ་རླུང་ནང་དུ་འཇུག་པའི་སྒྲ་གདངས་ༀ་གྱི་རང་བཞིན་ཡར་གྱི་སྣ་རྩེར་ནས་ཞུགས། ལྟེ་བར་པད་ཉིའི་གདན་ལ་ཧཱུྃ་ཡིག་ཡུངས་འབྲུ་ཙམ་གསལ་བ་ལ་སིབ་ཀྱིས་ཐིམ་པ་དང་མཉམ་དུ་ཨའི་སྒྲ་གདངས་སུ་གནས་པར་བསམ་ལ་གནས་པ་ལ་ཅུང་ཟད་ཡུན་བསྲིང་། མི་ཐུབ་པ་ན་ཧཱུྃ་གི་སྒྲ་གདངས་ཀྱིས་དབུ་མའི་ནང་ནས་ཡར་བརྒྱུད་སྣ་རྩེ་ནས་ཕྱིར་སོང་བར་བསམ་ལ་རླུང་ཕྱིར་བསལ། འདི་དག་གི་དུས་ན་འབྱུང་འཇུག་གནས་གསུམ་པོ་དབུ་མའི་ནང་ཁོ་ན་ནས་འབྱུང་འཇུག་བྱེད་པར་བསམ་པ་ནི་གནད་ཁྱད་པར་ཅན་ཡོད་ལ། རང་བཞིན་ལུས་ཀྱི་ཁང་པའི་ནང་ནས་འབྱུང་འཇུག་བྱེད་པའི་རྡོར་བཟླས་ནི་རྫོགས་རིམ་རྡོ་རྗེའི་བཟླས་པའི་ཕྱོགས་དང་ཉེ་བ་མ་ཡིན་ནོ། །སྟེང་གི་རྡོ་རྗེའི་བཟླས་པ་ལ་དམིགས་པ་བརྟན་པ་ན། འོག་གི་རྡོ་རྗེའི་བཟླས་པ་ལ་བསླབ་པ་ནི་སྟེང་གི་རླུང་ཧཱུྃ་གི་རྣམ་པས་ཕྱིར་སོང་བ་དང་མཉམ་དུ། འོག་གི་རླུང་རྡོ་རྗེ་ནོར་བུའི་རྩེ་ནས་ༀ་གྱི་སྒྲ་གདངས་ཀྱིས་དབུ་མའི་ནང་ནས་ཞུགས། ལྟེ་བའི་ས་བོན་ལ་ཐིམ་ནས་ཨའི་སྒྲ་གདངས་ཀྱིས་ཅུང་ཟད་གནས་ནས་སྟེང་གི་རླུང་ༀ་གྱི་སྒྲ་གདངས་ཀྱིས་ནང་དུ་འཇུག་པ་དང་མཉམ་དུ་འོག་གི་རླུང་ཧཱུྃ་གི་སྒྲ་གདངས་ཀྱི་ཕྱིར་འབྱིན་པར་དམིགས་ནས་གོམས་ན། ཇི་ཞིག་ན་རླུང་དབུ་མར་ཞུགས་གནས་ཐིམ་པའི་རྟགས་ངེས་པར་རྫོགས་པ་ན། གཟོད་སྟེང་འོག་གི་སྒོའི་གཏུམ་མོའི་རྣལ་འབྱོར་དུ་འཇུག་པ་གནད་ངེས་པའོ། །འདིར་ནི་དཀྱུས་བཞིན་བསྒོམ་པ་ལ་གཉིས་ལས། སྟེང་སྒོ་བསྒོམ་ཐབས་ནི། རང་ལུས་སྟོང་ཆེན་སྒྲིབས་ཐོགས་དང་བྲལ་བའི་གཙོ་བོ་ཆེ་མཆོག་ཏུ་གསལ་བའི་སྐུ་དབུས་སུ་རྩ་ཨ་བ་དྷུ་ཏི་མདའ་སྨུག་འབྲིང་པོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དྲངས་ཐལ་ལེར་གནས་པས། དེ་ཡི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་འཁོར་ལོའི་རྩ་འདབ་དངོས་སུ་བསྒོམ་པའམ། མ་བསྒོམ་ཀྱང་རུང་སྟེ། དབུ་མ་བསྒོམ་པས་དེ་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དོན་ལ་བསྒོམ་པར་འགྱུར་བ་ཡིན། ལྟེ་འོག་སོར་བཞིའི་ཐད་དུ་མེའི་འཁོར་ལོ་དང་། དེའི་འོག་གཤང་ཁ་རླུང་གི་འཁོར་ལོ་རྣམས་ཀྱང་གསལ་བཏབ་སྟེ། དེ་ཡང་དབུ་མ་སྲོག་ཤིང་། རླུང་དང་མེའི་འཁོར་ལོ་གཉིས་ཁྲི་འཕང་། ལྟེ་བ་བང་རིམ། སྙིང་འཁོར་བུམ་པ། མགྲིན་པ་བྲེ་དང་ཆོས་འཁོར། སྤྱི་བོའི་འཁོར་ལོ་གདུགས་ཏེ་ལུས་མཆོད་རྟེན་གྱི་ངོ་བོར་མོས་པར་བྱ། དེ་ནས་སྤྱི་བོར་མི་ཤིགས་པའི་ཐིག་ལེའི་རང་བཞིན་སྲན་མ་ཙམ་ཞིག་གསལ་བཏབ་ལ་འཇམ་རླུང་རང་བབས་སུ་བཟུང་བས། ཅི་ཞིག་ན་གཏུམ་མོ་འབར་བའི་འོད་གྱེན་དུ་སོང་བ་སྤྱི་བོའི་ཐིག་ལེ་ལ་ཕོག་པས། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་ནས་ཚུར་འདུས་ཏེ་སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ཡང་ཞུ་བ་ལས། རང་གི་རྩ་བའི་བླ་མའི་སྐུ་བདེ་བའི་ཉམས་རྒྱས་ཤིང་གཟི་བྱིན་འབར་བར་གྱུར་པ་མཆོད་རྟེན་གྱི་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་སེམས་ཡུན་རིང་དུ་བཟུང་བས་བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་བ་ཚངས་བུག་ནས་བབ་སྟེ་སྙིང་གར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་རོ་གཅིག་ཏུ་འདྲེས་པའི་ངང་ལ་མ་བཅོས་པར་བཞག་པས་སྣང་བ་ཐམས་ཅད་བདེ་བར་འཆར་རོ། །གཉིས་པ་འོག་སྒོའི་བདེ་བ་སྒོམ་ཐབས་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་པ་དེའི་སྟེང་གི་མདའ་གང་ཙམ་དུའང་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གསལ་བཏབ་ལ། འཇམ་རླུང་བཟུང་ཞིང་སྤྱི་བོའི་ཐིག་ལེ་དམར་པོ་ལ་ཤེས་པ་གཏད་པས། དེ་ཆགས་པའི་རང་བཞིན་དུ་འདར་ཁྲི་ལི་ལི་གཡོ་ཞིང་འབར་བས་རྐྱེན་བྱས་ཏེ་ཐིག་ལེ་དཀར་པོ་དེ་ཡང་འདར་བཞིན་འོད་དུ་ལྟེམ་གྱིས་ཞུ། ཐིག་ལེ་དམར་པོར་རོ་གཅིག་ཏུ་འདྲེས། དེ་ཚངས་བུག་ནས་བདེ་ཧྲི་ལི་ལི་བབ་པ་སྙིང་དཀྱིལ་དུ་ཐིམ་པའི་ངང་ལ་མ་བཅོས་པར་བཞག་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་འཆར་རོ། །གཉིས་པ་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་ངང་སྒོམ་ནི། ངང་སྒོམ་ཆེན་པོ་སྟེ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་བསྒོམ། དེ་ལ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་དཀར་མདའ་འཕངས་པ་ལྟར་ཡར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་ཕྲ་མོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུང་། ཡང་མཁའ་ཁྱབ་ཀྱི་ཐིག་ཕྲན་རྣམས་ཚུར་འདུས་འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་ལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་པའི་བདེ་བ་ཆེན་པོར་ལྷག་གིས་འཆར་ཏེ། དེ་ཀའི་ངང་ལ་འཛིན་ཞེན་མེད་པར་བསྐྱང་བ་ནི་གནད་དམ་པའོ། །སྤྱི་དོན་གསུམ་པ་ཨ་ནུ་རང་ལུགས་ཀྱི་མ་ཧཱ་དང་ཨ་ནུ་དང་ཨ་ཏིའི་ངང་སྒོམ་གསུམ་ལས། འདི་ནི་ཕྱི་མ་སྟེ། དེ་ལ་གཉིས། དང་པོ་ཀུན་རྫོབ་བྱང་ཆུབ་སེམས་དབང་དང་འབྲེལ་བའི་རྫོགས་རིམ་ལ། ཐོག་མར་སྒྲོལ་མ་བཟུང་བའི་མན་ངག་ལ་བསླབ་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་སྣ་བུག་ལ་ཟུག་ཅིང་མ་སྣ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཚུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ་ལ་གསོལ་བ་བཏབ་སྟེ། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སངས་ཀྱིས་དག་པར་མོས་ཏེ་རླུང་རོ་ལན་གསུམ་བསལ། དེ་ནས་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ་ལྡེ་འོག་ཏུ་ཁ་སྦྱར་ལ་སྟེང་རླུང་མནན་འོག་རླུང་ཅུང་ཟད་བསྐུམ། འོག་རླུང་སྟེང་དུ་འཐེན་ཆེ་ན་དེ་གྱེན་དུ་ལོག་ནས་ནད་བསྐྱེད་པས་ཚོད་ཟིན་པར་བྱ། དེ་ལྟར་བུམ་པ་ཅན་ལ་གོམས་ཡང་མི་ཐུབ་པ་ན་ཕྱིར་འཕང་། ཡང་དེ་ལྟར་བསྒོམ་པས་རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེ་བ་ནི་རླུང་གི་དགོས་པ་ཡིན་པས་དེ་ལྟར་སྦྱར་བའི་ཡོན་ཏན་ནི། རྡོ་རྗེ་བཞད་པས་མཛད་པའི་འདིའི་མན་ངག་ལས། རྟེན་པའི་སྒྲོན་མ་ཟིན་ན་རིག་པའི་ཕུར་བུ་ཐེབས་པས་མི་དམིགས་པར་ཡང་འགྱུར་ལ་དེས་ཉི་ཟླ་འཛིན་ཞིང་འགྲིམ་པར་འགྱུར་རོ། །ཞེས་སོ། །གཉིས་པ་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ནི། གཞན་སྔར་ལྟར་ལས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་འཁོར་ལོ་བཞི་དང་། ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དྭངས་མ་རཾ་ཡིག་འབར་བ། གཤང་ཁ་རླུང་གི་འཁོར་ལོ། སྤྱི་བོའི་ཧ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་བསྒོམ། དེ་ནས་རླུང་བུམ་པ་ཅན་སྔར་ལྟར་བཟུང་བས། སྟེང་རླུང་རོ་རྐྱང་ལ་བརྒྱུད་དེ་འོང་བ་དང་། གཤང་ཁའི་རླུང་དཀྱིལ་གཡོས་པ་གཉིས་མེ་དཀྱིལ་གྱི་རཾ་ལ་ཕོག་པས་མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་མའི་ནང་ནས་འབར་བས་ཧཾ་ལ་རེག །སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད། དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཅན་ཕྲ་མོ་བ་ཐག་ལྟར་བབ་པ་རཾ་ལ་ཐིམ་པས་མེའི་གསོས་བྱས་ཏེ་ཆེས་ཆེར་འབར་བས་ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་ལུས་ཀྱི་དབུ་མའི་ནང་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས། དབུ་མ་དང་བྱང་སེམས་ཞུ་བའི་རེག་པས་ལུས་བདེ་བ་ཆེན་པོར་ངང་གིས་འཆར་རོ། །འདི་གོང་འོག་གི་ཞིབ་ཆ་ཁོ་བོས་བྱས་པའི་གཏུམ་མོའི་རྣམ་བཤད་ལས་ཤེས་པར་བྱའོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ནི། བདག་ཆེ་མཆོག་གམ། རིགས་འདུས་རྡོ་རྗེ་སེམས་དཔའི་གནས་ལྔར་རིགས་ལྔ་དང་། ཡན་ལག་བཞི་ལ་སྒོ་བ་བཞི། དངོས་རིག་གམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཀྱང་རུང་སྟེ། ཡུམ་གནམ་ཞལ་མའམ། རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་ཡུམ་ལྔ། ལག་པ་གཉིས་ཞལ་དང་བྷ་ག་རྣམས་སུ་གསང་བའི་ཡུམ་བཞི། མཁའ་གསང་ཧཱུྃ་ལས་རྡོ་རྗེ་འབྲུ་གསུམ་དང་ཨ་ལས་པདྨ་ཟེའུ་འབྲུར་ཧྲཱིཿས་མཚན་པར་བྱིན་གྱིས་བརླབས། ཡུམ་གྱི་པདྨའི་དབུས་སུ་ཧེ་རུ་ཀ་དགུའི་དཀྱིལ་འཁོར་གསལ་བཏབ་ལ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས། རྡོ་རྗེ་དང་པདྨ་མཉམ་པ་སྦྱོར་ཏེ་སྙོམས་འཇུག་གི་སྒྲས་བཀུགས་པའི་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འདོད་ཆགས་ཆེན་པོས་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། རྗེས་ཆགས་ཀྱི་མེས་དཀར་ཆ་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པ་ལ་སོགས་པའི་གནས་བཞིར་དགའ་བ་བཞི་ངང་གིས་སྐྱེ་བར་འགྱུར་ལ། དེ་ཡང་བྱང་སེམས་རྡོ་རྗེ་ནོར་བུར་འོང་བ་ན་པདྨའི་དཀྱིལ་འཁོར་མཆོད་ནས་འཛག་མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ལ་མཉམ་པར་བཞག །སླར་ཧཱུྃ་འདུན་དྲག་པོ་དང་འགྱུར་བཞི་ལ་སོགས་པས་ཉི་ཟླ་གཉིས་འདྲེས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པར་མས་བརྟན་གྱི་དགའ་བ་བཞིའི་ཐ་མ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་མཐར་ཡང་གཅུད་ཅིང་སྤྲུགས་པས་ཁྱབ་པར་དགྲམ་མོ། །བདེ་བ་ཐིག་ལེའི་སྐབས་འདིར་ལྷན་ཅིག་སྐྱེས་པའི་རིམ་པ་ལ་ཐབས་ལམ་རང་གི་སེམས་བཅུ་སྐབས་བཅུ་དཔེ་རྟགས་དང་སྦྱར་ནས་འབྲས་བུ་ལ་བགྲོད་ཚུལ་སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལྟར་ཤེས་པརབྱའོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ་རྟེན་ཅན་དང་། རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ་མན་ངག་ལུགས་གསུམ་སྟེ། གླན་རྡོ་རྗེ་འོད་ཀྱི་ཕྱག་བཞེས་འགོས་ཀྱི་ཡི་གེར་དབང་གི་དམིགས་པ་བཤད་མ་ཐག་པ་ལྟར་སྙིང་གར་པད་འདབ་བཅུ་དྲུག་ལ་བཀོད་པའི་ཨ་ཡིག་བཅོ་བརྒྱད་པོ་རིམ་གྱིས་བསྡུས་ཏེ། བདེ་གསལ་རྩིས་གདབ་མེད་པའི་ངང་ལ་འཇོག་པ་གཅིག་དང་། ཟུར་ཧམ་གྱི་ཕྱག་བཞེས་གཉལ་བའི་ཡི་གེར་སྙིང་གར་གཞིའི་ཐིག་ལེ་དཀར་པོ་ལྔ་ཚོགས་སུ་བསྒོམ་པའི་ཁྱད་པར་ཙམ་དང་། གཞན་དེ་ལས་འོད་ཀྱི་ཐིག་ཕྲ་སྤྲོ་བསྡུ་སོགས་སྔར་སྒྲུབ་དབང་འབྲེལ་བ་ལ་ཨུ་ནུའི་ངང་བསྒོམ་དུ་བཤད་པ་ཅི་བཞིན་མཛད་པ་དང་གཉིས། སློབ་དཔོན་རྡོ་རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་གསུམ་ལས། འདིར་ཕྱི་མ་ལྟར་བསྒོམ་པ་ལ་ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིངས་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟར་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བ་ལ་རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན། ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པ་ཅན་ལ་སེམས་གཏད་དེ་མ་ཡེངས་པར་ས་ལེར་མཉམ་པར་བཞག་པ་ན་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་དེས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞི་སྟེ་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །གཉིས་པ་རྟེན་ཡོད་ཀྱི་མན་ངག་ནི། ལུས་མི་གཡོ། ངག་མི་བརྗོད། སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་དག་པར་མི་རྟོག་པའི་ངང་ལ་བཞག་པས་གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །གསལ་རིག་རྗེན་ནེ་བའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགགས་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི། དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་པའི་ཡེ་ཤེས་ཏེ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ཉམས་ལེན་ངེས་པའི་གནད་དོ། །དེ་ལྟར་སྤྱི་མདོ་ལས། ཀྱཻ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས་རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན་དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ནས་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོ་ནས་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་དུས་གསུམ་རྒྱལ་སྲས་འཇུག་པའི་སྒོ། །སྤྱི་མདོ་དགོངས་འདུས་རྒྱུད་དང་གསང་སྔགས་གནད། །རིག་འཛིན་གོང་མའི་གསུང་གི་གསང་བ་ལ། །བརྟེན་པའི་ལེགས་བཤད་སྐྱ་རེང་དང་པོ་སྤྲོས། །རང་བཟོ་མ་ཡིན་བླུན་པོའི་འོལ་ཚོད་མིན། །གྲགས་དང་རྙེད་འདོད་མཁས་པའི་ང་རྒྱལ་མིན། །རྡོ་རྗེའི་གནས་ལ་དཔྱད་གསུམ་དག་པས་ཡིན། །དངོས་གྲུབ་སྒྲུབ་ལ་བསླུ་བ་ཡོད་རེ་སྙམ། །མདོ་སྒྱུ་སེམས་གསུམ་གྲགས་པའི་རྔ་བོ་ཆེས། །སྔོན་དུས་འཛིན་མའི་ཁྱོན་གྱི་སྐལ་ལྡན་རྣམས། །ལམ་འདིར་རིག་འཛིན་འཕགས་པའི་ས་མཐོར་གཤེགས། །ལུས་མེད་མཁའ་འགྲོའི་གནས་དང་མཚུངས་པར་གྲགས། །ད་དུས་སྙིགས་མའི་མངོན་རྟགས་མཐུ་ཆེ་བས། །མདོ་སྒྱུ་སེམས་གསུམ་མཚན་ཙམ་ཐོས་པར་དཀའ། །ལྟར་སྣང་བཅོས་མས་རང་གཞན་མགོ་འཁོར་བ། །ལོག་པའི་ལམ་ལ་ནན་གྱིས་འཇུག་མཐོང་ནས། །མི་བཟོད་སྙིང་རྗེ་ཆེན་པོས་ཀུན་བསླངས་ཏེ། །རང་ཉིད་ལམ་འདིར་འཇུག་པ་གོམས་ཕྱིར་དང་། །བསོད་ནམས་ལྡན་པ་གཞན་ལ་ཕན་པའི་ཕྱིར། །བསྙེན་བསྒྲུབ་བསྒོམ་དོན་ཉུང་ངུ་འདི་བྱས་སོ། །ལེགས་བྱས་རྣམ་དཀར་ཕུང་པོ་ཅི་མཆིས་པས། །སྔ་འགྱུར་ཐེག་པའི་རིང་ལུགས་ཆེས་གསལ་ཞིང་། །བཤད་སྒྲུབ་རིམ་གཉིས་ཉི་མའི་སྣང་བ་ཡིས། །ས་གསུམ་མི་ཤེས་མུན་པ་མཐར་བྱས་ཏེ། །ཕན་བདེའི་བཀྲ་ཤིས་ཕྱོགས་མཐར་རྒྱས་པ་ཤོག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་བཤད་སྒྲུབ་ཆོས་ཀྱི་རྒྱ་མཚོས་ཆོས་རྗེ་དམ་པ་རིན་པོ་ཆེའི་འདུས་པ་མདོའི་ས་བཅད་དཀའ་འགྲེལ་དང་། སྔ་རབས་པའི་གསུང་རྒྱུན་གྱི་འདུས་པ་མདོའི་རྒྱུད་མཆན་འགྲེལ་བཅས་རྒྱས་པར་སྩལ་ཞིང་། གདན་ས་འདིར་འདུས་པ་མདོའི་བཤད་རྒྱུན་འཛུགས་བཞེད་ཀྱིས་འཆད་ཉན་ལ་སྨན་པའི་མདོའི་རྒྱུད་རང་གི་རྩ་བ་ཆེས་མང་བས་སྤྱི་དོན་གྱི་ཚུལ་གྱིས་རྒྱུད་བཤད་མང་ཉུང་འཚམས་པ་ཞིག་སྒྲུབ་དགོས་པར་བཀའ་ཡི་གནང་བ་ཐོབ་པ་དང་། སླད་མར་ཡང་དཔལ་ཡུལ་མཆོག་སྤྲུལ་པད་ནོར་རིན་པོ་ཆེས་ཀྱང་དཔལ་ཡུལ་གྱི་བཤད་གྲའི་ཐོག་འདུས་པ་མདོའི་འགྲེལ་བཤད་ཅིག་ཕོག་ན་ཤིན་ཏུ་གནད་ཆེ་བས་རྒྱུད་བཤད་ཅིག་སྩོལ་གྲུབ་པར་བསྐུལ་མ་གནང་བ་དང་། ཕྱིས་ནས་ཀཿཐོག་ཕྱག་ཚ་སྤྲུལ་སྐུ་རིན་པོ་ཆེས་འདུས་པ་མདོའི་རྒྱུན་བཤད་ཅིག་དང་། བསྙེན་པ་བཏང་ཚུལ་གཙོ་བོ་བསྐྱེད་རིམ་གྱི་བསྒོམ་པའི་གནད་སློང་བ་ཞིག་ཅི་ནས་གལ་ཆེ་བར་བསྐུལ་བ་དང་། གོ་འཇོ་མཆོག་སྤྲུལ་བཤད་སྒྲུབ་རྒྱ་མཚོས་མདོ་སྒྱུ་གཉིས་ཀྱི་མཚམས་གྲྭ་འཇོག་རྒྱུའི་ཐུགས་བཞེད་ཀྱིས་སྔ་ཕྱིར་ལན་མང་དུ་བསྐུལ་བ་མི་ལྡོག་ཙམ་དུ་དཔལ་ཀཿཐོག་པ་ཆེན་པོ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་བཀའ་འབངས་ཐ་ཤལ་བ་གནུབས་ཆེན་པོའི་བྱིན་རླབས་སྙིང་ལ་ཤར་བ་རྡོ་རྗེ་ཐེག་མཆོག་རྩལ་ལམ། ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱ་མཚོས་རང་གནས་ལྗོན་པ་ལུང་གི་བསམ་གཏན་གྱི་ཁང་བུར་སུག་བྲིས་སུ་བསྟར་བ་འདིས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་མེ་རོ་བསླངས་ཏེ་ཕྱོགས་དུས་ཀུན་ཏུ་བཤད་པ་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ་ཀུན་ནས་གསལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousམདོ་ཚོགས་ཆེན་འདུས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་བསྙེན་ཡིག་ལེགས་བཤད་སྐྱ་རེངས་དང་པོའི་སྣང་བ། ངག་དབང་དཔལ་བཟང་།no next