Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
རྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ།next

རྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ།

རྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ་བཞུགས། པད་མའི་སྤྱན་ལ་ཕྱག་འཚལ་ལོ་ཞེས་བྱ་བ། དེ་ལ་པད་ནི་སྐམ་པ་དང་གཙང་བ་ཀུན་ཏུ་བཅད་དེ། ཉེས་དམིགས་ཀྱི་རྒྱུ་ལས་ཡོན་ཏན་མང་པོ་དང་ལྡན་པ་ནི་མེ་ཏོག་གི་མཆོག་གོ །དེ་བཞིན་དུ་གང་རང་བྱུང་གི་ཡེ་ཤེས་ནི་དག་པའི་རྩོལ་བ་དང་། སྟོང་པའི་ཏིང་ངེ་འཛིན་གྱི་སྒོ་ལ་མི་རྟེན་ཏེ། སྣང་བ་དང་སྟོང་པའི་འཁྲུལ་པ་ཐམས་ཅད་ངང་གིས་དག་པས། ངང་དུ་ལྷུན་གྱིས་གྲུབ་པ་ནི་བསྒྲུབ་པ་ནི་བསྒྲུབ་བྱའི་མཆོག་གོ། །དེ་དག་ཅིག་ཏུ་མ་གྲུབ་པས་གང་གིས་ཀྱང་མ་བསྒྲིབས་པ་ནི་གསལ་བ་ཞེས་བྱ་བའི་དོན་ཏེ། དེ་ལ་མོས་ཤིང་ཡིད་ལ་བྱེད་པ་ནི་ཕྱག་འཚལ་བར་མཁན་པོ་དག་འཆད་དེ། བདག་ཅག་ཐམས་ཅད་ཕྱོགས་ཀུན་ནས་ཕྲད་ཟིན་ཏོ། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས་ཞེས་བྱ་བ། ཆེན་པོ་ལྔ་ནི་བཅོམ་ལྡན་འདས་ཏེ་ངང་གིས་མ་སྐྱེས་ལ་ཡོང་གིས་འོད་གསལ་བའི་བྱང་ཆུབ་ཉིད་ཡིན་པ་ལ་ཐ་སྙད་ཐམས་ཅད་ནུབ་སྟེ། དབུས་མཐའ་དང་བྲལ་ཞིང་སྣང་བའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་ཏེ། ཕུང་པོ་ལ་སོགས་རིལ་ཡང་དེ་ལས་དོན་ཐ་དད་པ་མེད་དོ། །རྣམ་པར་དག་པའི་སྤྱོད་ཡུལ་ལ་ཞེས་བྱ་བ། གོང་དུ་སྨོས་པ་ནི་གང་ཡང་མ་གྲུབ་པའི་ཕྱིར་དག་པ་སྟེ། རིལ་བདག་ཏུ་གྱུར་པ་ན་སྤྱོད་ཡུལ་མེད་པའི་སྤྱོད་ཡུལ་ཅན་ནི་དེ་བཞིན་གཤེགས་པའོ། །སངས་རྒྱས་སེམས་ཅན་གཉིས་མེད་དེ་ཞེས་བྱ་བ། བདག་འབའ་ཞིག་སྣང་བ་དང་དོན་མེད་པའི་འདུ་ཤེས་ཡོངས་སུ་བཅད་དོ། །འོན་ཏེ་ཐ་སྙད་སྣ་ཚོགས་པ་ཡང་འཁྲུལ་པའི་སྐད་ཅིག་མའི་རྒྱུན་ཉིད་ལ་སྣང་བས་མི་མཐུན་པ་དང་། གཉེན་པོ་ཉིད་དང་བྲལ་བའི་ཕྱིར། ལམ་གྱིས་བཅོས་སུ་ག་ལ་ཡོད་ཅེས་གསུངས་ཏེ། འོ་ན་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྣང་བ་མེད་པ་ནི་རྒྱུ་ཁོ་ནར་ངེས་པ་སྙམ་པ་ལས་དེ་བཟློག་པའི་ཕྱིར། བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན་ཅེས་གསུངས་ཏེ། གང་རང་བྱུང་གི་ཡེ་ཤེས་ནི་རྒྱུ་རྐྱེན་སྒྲུབ་པ་དང་བྲལ་ཏེ། རིལ་ཡེ་ཤེས་སུ་མ་སྤངས་པ་ནི་འདོད་པ་ལྟར་སྣང་བས་འབྲས་བུའི་ཆོས་སུ་རྩལ་རྫོགས་པའི་ཕྱིར་གཞན་རེ་བ་མེད་དོ། །དེ་དག་ནི་སྔར་ཡང་མ་བྱས་ད་ཡང་བྱེད་པ་པོས་མ་བྱས་པར་ཡོད་ཅིང་སྣང་བ་ནི་དངོས་པོ་གཞན་མིན་ཏེ། སྣོད་བཅུད་རིལ་རང་བཞིན་གྱིས་རྣམ་པར་དག་པར་འདུས་པས་རྒྱུ་འབྲས་རོ་གཅིག་པར་གསུངས་སོ། །འོ་ན་རྒྱུ་རྐྱེན་མེད་པ་དེ་དག་གི་བསྒོམ་པའི་ཚུལ་ནི་ཅི་ཞིག །བློ་བཅོས་པ་ནི་ཇི་ལྟ་བུ་སྙམ་པ་ལ་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཏེ། རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ་ཞེས་བྱ་བ། བསམ་གཏན་བཞི་པོའི་རྟོག་པ་དང་དཔྱོད་པ་དང་། གཞན་ཐེག་པ་དམན་པ་དག་ལངས་པ་དང་གཞག་པ་དག་གིས་ཡོད་མེད་དུ་རྟོག་པ་མེད་ཅིང་དཔྱོད་པ་དང་། གཞན་དང་བདག་གི་དོན་གྱིས་སྣང་སྟོང་གཉིས་སུ་ཡིད་ལ་བྱེད་པ་དེ་དག །འདིར་རང་བྱུང་གི་ཡེ་མཐའ་ཐམས་ཅད་དང་བྲལ་བ་ནི། ཡོད་མེད་ཀྱི་ཆོས་ཐམས་ཅད་ཀར་དག་སྟེ། ཐམས་ཅད་མ་སྐྱེས་པའི་ཀླུང་ཉིད་ཀྱི་སྤྱོད་ཡུལ་དང་བྲལ་བའི་བདག་ཉིད་ཆེན་པོར་གསལ་བ་ལ་གཉིས་སུ་སྣང་བ་མེད་པ་ནི། མ་སྐྱེས་པ་ལས་ཁྱད་པར་གྱུར་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །བློས་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ་ཞེས་བྱ་བ། གང་བུས་པས་ཁང་བུ་ནན་གྱིས་བྱས་ནས། རང་གིས་འཇིག་པ་ནི་བློར་འགྱུར་པ་ཡིན་ནོ། །དེ་བཞིན་དུ་ཐེག་པ་དམན་པ་དག་སྣང་སྟོང་གི་དངོས་པོ་མང་པོ་ཡིད་ལ་བྱས་ནས། ཡང་དེ་ལ་མི་གནས་པ་ནི་གདེང་མ་ཆུད་པས་འགྱུར་བ་སྟེ། ཚེགས་ཆེན་པོས་ཀྱང་དོན་ལ་ངེས་པ་མི་རྙེད་པ་ནི་བསླུས་པའོ། །འདིར་རང་བྱུང་གི་ཡེ་ཤེས་སྣང་སྟོང་ཀར་དག་པའི་གདེང་གིས་ཟིན་པ་ནི། དཔེར་ན་ཡུལ་དཀར་པོའི་ཤེས་པ་མཐུན་པ་བཞིན་དུ། རྗེས་སུ་འཇུག་པ་ཡང་ཡིད་ལ་བྱེད་པ་དང་བྲལ་ཏེ། ཏིང་ངེ་འཛིན་གྱི་མཆོག་ལ་གནས་པ་ནི་བདུད་ཀྱིས་མ་བསླུས་པ་ཞེས་བྱའོ། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་པ་ཞེས་པ། ཇི་ལྟ་བུ་སྙམ་པའི་དོན་གྱིས་འོ་ན་ལས་དང་པོ་པའི་རྣམ་པར་སྨོས་པའི་སེམས་སྨིག་རྒྱུ་ལྟ་བུ་ནི་སྤྱོད་ཡུལ་མང་བ་སྟེ། ཤིན་ཏུ་དཀའོ་ཞེས་རྨོངས་པ་དེ་ལ། འདིར་ཀ་ནས་གཉེན་པོ་མེད་པར་གསུངས་པ་དེ་གཞུང་གཟུགས་པར་བྱ་བའི་ཕྱིར་སྨོས་ཏེ། བསམ་པར་བྱ་བ་ནི་སྣང་སྟོང་གཉིས་སུ་མེད་པའི་བྱང་ཆུབ་སེམས་སོ། །དེ་ནི་གང་དུ་ཡང་བསམ་དུ་མེད་པར་སྔར་བསྟན་པས་ཟུག་རྔུ་དང་བྲལ་བའོ། །དེ་ནི་ངོ་བོ་དང་ཡུལ་ཞིག་གིས་ཕྱེ་བ་མེད་དེ། བདག་ཅག་གི་སྤྱོད་པ་དང་ཡུལ་གྱི་རྣམ་པ་དང་རྟོག་པ་རྣམས་ནི་སེམས་ཉིད་ཁོ་ན་བས་སྤང་ཞིང་བསལ་དུ་མེད་དོ། །འཁྲུལ་པ་ནོར་བའི་ལམ་དུ་བསྟན་པ་ཡང་ཞེས་བྱ་བ། གཅིག་ལ་འབྱེད་པ་ནི་འཁྲུལ་པ་སྟེ། ཐེག་པ་དམན་པ་དག་འཁོར་བའི་རྒྱུར་འཇོག་པ་ནི་བདེན་མོད་ཀྱི། དཔེར་ན་སྔགས་ཀྱིས་བཏབ་པའི་དུག་བདུད་རྩིར་འགྱུར་བ་ལྟ་བུའི་ཕྱིར་རོ། །གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས་ཞེས་བྱ་བ་ནི། སྣོད་བཅུད་ཀར་དག་པ་ལས་ལམ་གྱིས་བཅོས་སུ་མེད་པའི་རྗེས་སུ་མཐུན་པར་སྤྱོད་པ་ཡང་བྱང་ཆུབ་སེམས་སུ་མཐུན་པར་བསྟན་པའི་དོན་གྱིས་བསྒོམ་པའི་མི་མཐུན་པ་བསལ་དུ་མེད་པའི་ཕྱིར་རོ། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ་ཞེས་བྱ་བ། སྤྱོད་ཡུལ་མེད་པར་ཞུགས་པའི་དུས་ན། གདེང་གིས་ཟིན་པར་ཅི་ལྡང་བ་སེམས་ཉིད་དུ་མཉམ་པར་ཤེས་པ་ནི། དེ་དག་གི་ངོ་བོ་བསམ་དུ་མེད་པས་དུས་གསུམ་དུ་མ་གཡོས་པའི་ཕྱིར། ཀུན་ཏུ་བཟང་པོ་དང་སྤྱོད་ཡུལ་གཅིག་པས། ལུས་མི་ཡང་སེམས་སངས་རྒྱས་སོ་ཞེས་གསུངས་སོ། །ང་དང་བདག་ཏུ་རྟོགས་པས་མུ་སྟེགས་འཁྲུལ་པའི་ལམ་ཞེས་བྱ་བ། གང་གིས་ཉམས་སུ་བླང་བ་གཉིས་པོ་ནི་རྣམ་པར་དག་པ་གཉིས་ཀྱི་སྒྲས་ཕྱོགས་ཐམས་ཅད་ཡོངས་སུ་བཅད་པ་ཡིན་ཏེ། རིལ་ཡིན་པའི་དོན་གྱིས་ཁྱབ་ལ་ཁྱབ་པའི་དོན་གྱིས་གཞི་མེད་དེ་དཀྱིལ་འཁོར་དང་བྲལ་བར་བསྟན་པ་ཡིན་ན། རྨོངས་པ་དག་གཙོ་བོའི་སྒྲ་ལ་བརྟེན་ནས། ང་དང་ངའི་ཞེས་ཐམས་ཅད་བདག་ཏུ་ཡིད་ལ་བྱེད་པ་ནི། བྱེད་པ་པོ་དང་ཟླུམ་རིལ་དུ་ལྟུང་བས་ལོག་པའི་ལམ་མོ། །དེ་དག་གི་སྤྱོད་པ་ཅི་སྙམ་པ་ལ། བྱིས་པ་བསླུས་པའི་ཆོས་དཔྱོད་རྟོག་པའི་ལམ་ལ་བཙུད་པ་ནི། ཕྱིན་པའི་ལམ་མེད་རྟོགས་པའི་དུས་མེད་དེ་ཞེསགསུངས་ཏེ། བརྡའ་ལ་ཤེད་མ་བྱེ་བས་སྨྲས་པ་ཐམས་ཅད་བདེན་པར་འཛིན་པ་ནི་བྱིས་པའོ། །སངས་རྒྱས་ཀྱི་བཀའ་ནི་ཁྱིའུས་ཁྱིའུ་འབྱིན་པ་ལྟ་བུ་སྟེ། གང་དགེ་བ་དང་ཕ་རོལ་ཏུ་ཕྱིན་པ་དང་དམ་ཚིག་དང་བསྒྲུབ་པའི་སྤྱོད་པ་ལ་སོགས་པ་ལ་འབྲས་བུ་རེ་བ་འཇོག་པའི་བློ་དམན་པ་དག་ལམ་ནོར་ཏེ། ཐེག་པ་ཆེན་པོ་བྱ་བ་མེད་པའི་ལམ་ལས་གོལ་བར་གསུངས་སོ། །འོན་ཏེ་རྟོགས་པའི་རྒྱུར་སྨྲ་ན་ཡང་། གང་བྱ་བ་མེད་པ་དང་བསམ་པ་མེད་པ་ནི་རྒྱུ་མཐུན་པས་རིག་པ་ནང་ནས་ཤར་དུ་ཟིན་གྱི། བྱ་བའི་ཕྱིར་བསམ་པ་མང་བ་ནི་འདུ་ཤེས་མང་པོས་སླར་སྒྲིབ་པས་རྒྱུ་མ་ཡིན་ཏེ། དཔེར་ན་འོ་མ་འདོད་པ་རྭ་ལ་འཇོ་བ་དང་འདྲ་བའི་ཕྱིར། འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་གསུངས་སོ། །ཡང་འོན་ཏེ་ཤེས་རབ་ཀྱི་རྒྱུ་མཐུན་པ་མ་ཡིན་ན་ཡང་། འབྲས་བུ་ཐམས་ཅད་ནི་ཐབས་ཀྱིས་བསྒྲུབས་པས་ཐོབ་པའི་ཕྱིར། འབྲས་བུའི་རྒྱུར་འགྱུར་རོ་སྙམ་པ་ལ། ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར་ཞེས་གསུངས་ཏེ། འབྲས་བུའི་ཆོས་ཐམས་ཅད་ནི་ཡེ་ཤེས་མཆོག་ལ་ལྷུན་གྱིས་གྲུབ་པར་སྔར་སྒྲ་ཡིས་གྲུབ་པས་འདིར་མ་བཤད་དོ། །ལྡན་བཞིན་དུ་འདོད་པའི་འདུ་ཤེས་རྒྱུན་དུ་བྱེད་པ་དང་། དེའི་ལས་ནི་ངོ་མ་ཤེས་པས། གདེང་མ་ཐོབ་མ་ཆུད་ཀྱི་བར་དུ་ནམ་ཡང་རྙེད་པར་མི་འགྱུར་བའི་ཕྱིར། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་ཚོལ། རྒྱ་མཚོ་དབྱིངས་ནས་སྨིག་རྒྱུ་སྙེག་པ་འདྲ་ཞེས་གསུངས། འོ་ན་གདེང་ནི་སྟོས་དབང་གིས་རྙེད་དོ་སྙམ་པ་ལ་དེའི་རྒྱུ་བསྟན་པའི་ཕྱིར། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། བསྟེན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ་ཞེས་གསུངས་ཏེ། གང་གིས་སྡུག་བསྔལ་ཆེན་པོ་ལས་སྐྱོབ་པའི་ཕན་འདོགས་པ་ནི་བཤེས་གཉེན་ཏེ། དེའི་ཚད་མ་ཡང་མདོར་ན་རྣམ་པ་གསུམ་སྟེ། ངེས་པའི་ཆོས་མེད་ཅིང་གལ་ཏེ་ན་ཡང་ཉམས་ཀྱིས་མ་ཟིན་པ་དང་། གདེང་གི་ཉམས་མེད་ཅིང་གལ་ཏེ་ན་ཡང་རྗེས་སུ་ད པོག་པ་དང་མཐུན་པའི་ངེས་པ་མ་རྙེད་ཅིང་གལ་ཏེ་ན་ཡང་སྒྲ་མངོན་དུ་བྱེད་པའོ། །གཞན་ཡང་རིག་པ་ལས། མཉམ་པའི་གདེང་མེད་སྟོང་པའི་ཕྱོགས་ལ་ཞེན། །མི་དམིགས་ངེས་མེད་མཚན་མ་མངོན་དུ་བྱེད། །ལྷུག་པར་མི་གནས་བདག་སྟོང་གཞི་དང་འཐབ། །དེ་འདྲས་ཅི་བསྟན་བྱིས་པ་བསྙོན་ཚིག་འདྲ། །ཞེས་གསུངས་སོ། །སྤྲེའུ་བཞིན་དུ་བྱ་བ་མང་པོས་གཡེངས་པ་ནི། ཐེག་པ་ཆེན་པོ་ལ་སྒྲིབ་པས་དོན་མངོན་དུ་བྱ་མི་ནུས་པའི་ཕྱིར་འཆིང་བ་ནི་བྱ་བརྩལ་མེད་པས་གཅོད་པ་རིལ་ལས་གསུངས་སོ། །དེ་བསྟན་པ་དང་འབོག་པ་གཉིས་ནི་རྒྱུར་མི་འགྱུར་བའི་ཕྱིར། བསྟེན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་བྱ་བ་གསུངས་ཏེ། དེ་དག་དང་དུ་བླང་ན་སྣང་སྟོང་གཉིས་སུ་འབྱེད་པའི་ལྟ་བ་དང་། ཕྱོགས་ཀྱི་རྩོལ་བ་ནི་ཐེག་པ་ཆེན་པོ་ལས་ལོག་པའི་ལམ་སྟེ། ནམ་ཡང་དམིགས་པའི་ལྟ་བ་དང་མི་འབྲལ་བས་རྟོག་པའི་ཀླུང་དུ་ཞུགས་པའོ། །དེ་བས་གསེར་ལ་ནག་ཚུར་གཏོང་བའི་རིན་ཆེན་ཏེ། །ཞེས་བྱ་བ་ནི། དེ་ལྟར་ཚད་མ་མ་ཡིན་པ་ལ་བསྟེན་ན། ཚིགས་ཆེན་པོ་ཡང་དོན་ཆུང་བར་འགྱུར་བས། དཔེར་ན་ནག་ཚུར་གྱི་མཁན་པོས་བརྡོས་པའི་གསེར་གྱིས་གཞན་གྱི་དབང་པོ་ཚིམ་པར་བྱེད་དོ། །དེ་བཞིན་དུ་མན་ངག་གི་གདེང་གིས་ཟིན་པའི་སེམས་ནི་ངང་ལ་རང་བཞིན་དང་། རང་བཞིན་ལ་བདག་ཉིད་དང་། ཡན་ལག་གཉིས་ཡོངས་སུ་ཤེས་པའི་དོན་གྱིས་མཉམ་པའི་ཀློང་ལ་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པ་ནི། ཐམས་ཅད་ཀྱང་སྐལ་བ་བཞིན་དུ་དགའ་བར་བྱེད་དོ། །དེ་ལྟ་བས་ན་གདེང་དང་ལྡན་པའི་སློབ་དཔོན་ནི་མཁན་པོ་ལྟར་དོན་ཕྱོགས་འགའ་ཙམ་མ་ཡིན་པས་རིན་ཆེན་ཅེས་སྨོས་སོ། །རིང་ཐང་དཔག་ཏུ་མེད་པའི་རིན་གྱིས་བླུ་བར་འོས། །ཞེས་བྱ་བ་ནི། རིན་པོ་ཆེ་ནི་རིན་ཅིས་ཀྱང་མི་དཔོགས་པའོ། །ཅིའི་ཕྱིར་ཞེ་ན། གཅལ་བ་ལས་མང་དུ་འཕགས་པ་ཅུང་ཟད་ཀྱིས་འབྱུང་བའི་ཕྱིར་རོ། །དོན་ཡང་དེ་ལྟར་ཤེས་ནས་སྒོ་གསུམ་གྱི་རྩལ་སྤྲུག་པར་བསྟན་པ་ནི། ཚུལ་བལྟ་བ་དང་། དྲི་མ་དག་པ་དང་། ལས་དང་པོ་པས་རྒྱུ་ཉིད་དུ་ཡང་འགྱུར་རོ། །བདག་གཞན་གཉིས་ཀའི་དོན་ཏུ་ཤིན་ཏུ་ཡང་འགྱུར་བ་ནི། རིགས་སོ་ཞེས་གསུངས་སོ། །རྒྱལ་བའི་ཐུགས་ལས་བརྒྱུད་པའི་མན་ངག་ལ། །བློ་གཞན་བདག་གིས་དགྲོལ་བར་མི་འོས་ཀྱང་། །ཕྱོགས་འགའ་མཐོང་བའི་རང་གི་བརྗེད་བྱང་བྲིས། །རྒྱ་ཆེའི་གཞུང་བཞིན་ཁྲོལ་བར་མ་གྱུར་ཀྱང་། །རང་སེམས་སངས་རྒྱས་དཔང་དུ་གཙུགས་ནས་བཤགས། །དྲན་རིག་རྗེས་སུ་ཞུགས་པའི་ཡི་གེ་འདིའི། །བསོད་ནམས་གང་ཐོབ་དགེ་བའི་རྩ་བ་དེས། །མ་འོངས་རྣལ་འབྱོར་ཐེག་ཆེན་ཞུགས་རྣམས་དང་། །སྐྱེ་བོ་ཀུན་གྱི་དོན་ཏུ་འགྱུར་བར་ཤོག། །།དགེ་ལེགས་འཕེལ།། །།


previousརྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ།next