Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ།
   
   
   
   
   
   
   
   


 
previousརིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ།next

རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ།

རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་པོ་སེམས་དག་བཙལ་མེད་གཉིས་བྱང་རྫོགས། །རང་བཞིན་མཐའ་བྲལ་མ་བཀག་ལས་རྣམས་གྲུབ། །ངོ་མཚར་ལྷུན་གྲུབ་སྐུ་གསུང་ཐུགས་མངའ་བ། །རང་བཞིན་རྣལ་འབྱོར་ཉིད་སྐུར་འདུད་ཕྱག་འཚལ། །དེ་ལ་སྤྱིར་རྣལ་འབྱོར་གྱི་ཆོས་ཐམས་ཅད་ཀྱི་ལུགས་རྣམ་པ་གསུམ་སྟེ། རང་བཞིན་གྱི་རྣལ་འབྱོར་དང་། ཉམས་སུ་བླང་བའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་རོ། །དེ་དག་ཡི་གེ་འདིའི་གཞུང་ལས་མདོར་བསྡུས་ཏེ་གསལ་བར་བསྟན་པ་ཡང་། མཁན་པོ་དག་གི་ལུགས་ལས། ལུང་དང་མན་ངག་དང་རིགས་པར་འབྲེལ་པས་ཉིང་གིས་ཉིང་གསལ་བར་དགྲོལ་ལོ་ཅེས་གསུངས་པའི་རྗེས་སུ་ཅུང་ཟད་ཙམ་ཞིག་འཇུག་པར་བྱའོ། །དེ་ལ་སྤྱིར་ལུགས་རྣམ་པ་གསུམ་ལས་རྣལ་འབྱོར་རྣམ་པ་ལ་གསུམ་གྱི་ངོ་བོ་ནི་གཞུང་གིས་བསྟན་ཏེ། དོན་ཉམས་སུ་རིག་པས་མྱོང་བར་བྱའོ། །གཞུང་སོ་སོར་དབྱེ་བ་ནི་མན་ངག་གིས་དབྱེ་བར་བྱའོ། །དེ་ལ་བྱ་བྲལ་ངང་ལ་ཕྱག་འཚལ་ལོ་ཞེས་པ་སྐབས་འདིར་སྟོན་པ་མ་སྨོས་ཀྱང་ཐེ་ཚོམ་མེད་དོ། །དེ་བཞིན་གཤེགས་པ་དང་སངས་རྒྱས་ཞེས་པའི་མིང་གིས་འདི་ཉིད་ཐ་དད་པ་མེད་དེ། དེ་ཡང་རྒྱུ་དང་ངོ་བོ་ཉིད་དང་གྲུབ་པའི་མཐའ་སྟེ་གནས་པ་དང་ཤེས་པ་ཅིག་ཤོས་པའི་ཕྱོགས་དག་ཡོངས་སུ་ནུབ་པས་སྟོན་པ་ཁོ་ན་ལས་གཞན་མིན་ནོ། །དེ་ལ་བྱ་བ་ནི་བྱེད་པའོ། །རྩོལ་བ་ཐམས་ཅད་དང་བྲལ་བ་ནི་སྐབས་ལ་ལ་དག་ཏུ་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་ཕྱིར་རོ། །ཞེས་འབྱུང་ན། སྤྱི་རང་བཞིན་དང་ངང་ཐ་མི་དད་མོད་ཀྱི་སྒྲས་སྤྲོས་པ་ཡོངས་སུ་གཅོད་པ་སྟེ། དཔེར་ན་གལ་ཏེ་ནམ་མཁའ་སྤྱོད་ཡུལ་དུ་བྱེད་པ་ནི་སྒོ་གསུམ་གྱི་བྱ་བ་མེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་རྗེས་སུ་མཐུན་ཏེ་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་འཆད་པར་འགྱུར་བའི་དོན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ཅི་ཡང་མ་ཡིན་པས་རྒྱུ་རྐྱེན་མེད་པ་དང་འཕྲིན་ལས་མེད་པ་ནི། དང་བ་དང་མི་འགྱུར་བ་དང་མ་གཡོས་པའི་ཕྱིར་ངང་སྟེ། དེ་དག་ལ་མོས་པ་བསྐྱེད་པ་དང་མངོན་དུ་བྱེད་པ་ནི་ཕྲད་པ་དང་རྒྱུའི་ཕྱིར་ཕྱག་གོ །ཆོས་སྐུ་ཡེ་ནས་རྣམ་པས་རབ་དབེན་པའི་ཞེས་པ་ཆོས་ནི་དངོས་པོ་གཉིས་ཀྱིས་བསྡུས་པ་སྟེ། གཉིས་སུ་སྨྲ་བ་ཐམས་ཅད་ཀྱང་དེར་འདུས་པས་རིལ་ལོ་ཞེས་བྱའོ། །དེ་དག་གི་འབྲེལ་བ་ནི་དོན་དམ་ངོ་བོ་སྟེ་སྐུའོ། །དེ་ཡང་དུ་མ་ལས་འཇུག་པ་བརྩོན་པར་མིང་གཉིས་ཀྱིས་ངོ་བོ་སྟོན་པ་ནི་ཐེག་པ་ཆེན་པོའི་རྗེས་སུ་སྦྱོར་བ་མིན་ཏེ་འགལ་ལོ། །འདི་དག་ཡེ་ཤེས་ཆེན་པོ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་ངོ་བོ་ཡོངས་སུ་མ་ཟིན་པ་ནི་མཉམ་པ་ཉིད་ལས་ཐམས་ཅད་སྣང་བས་མིང་འཐོབ་བོ། །དེ་དག་ནི་རྒྱུ་རྐྱེན་བྲལ་བས་ཐོག་མ་མེད་དེ་མཐའ་རིལ་བསྡུས་པའི་དོན་གྱིས་གང་དང་ལྷན་ཅིག་པར་མ་བྱུང་བས་རྣམ་པར་དབེན་པ་ཞེས་བྱ་སྟེ། དུས་ཀྱི་སྐལ་པའི་མཐའ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་ཆོས་དང་སེམས་ལ་སྐུ་མི་མངའ། སྒྲ་ལས་འདས་པས་གྲགས་ཉིད་ཡེ་ཤེས་ཏེ། ཞི་བ་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ་ཞེས་གསུངས་སོ། །འཁོར་བའི་རྣམ་རྟོག་བླ་དྭགས་ཡུལ་སྤངས་པའི་ཞེས་པ། ཀུན་དུ་འགྲོ་ཞིང་ཅིག་ཏུ་ཟློས་པས་འཁོར་བའོ། །དེ་དག་གི་དངོས་པོ་མང་པོར་བྱེད་པ་ནི་འཁོར་བ་ཉིད་ཀྱི་ཡན་ལག་གི་རྣམ་གྲངས་སོ། །དེ་དག་ཀྱང་དེ་ཉིད་ཀྱི་ཕྱིར་ནན་གྱིས་བཏགས་པ་ཙམ་ཡིན་ལ། དེ་བས་ན་ཐིག་ལེ་ཆེན་པོ་ལ་འཁོར་བ་མེད་པ་ནི་ཅིག་ཤོས་ཀྱང་མི་འགྲུབ་པས་དེ་དག་རྣམས་གྲངས་སུ་གཏོགས་པ་ནི་རང་ལ་གྲུབ་པའི་ཕྱིར་ཚིག་གི་བླ་དྭགས་བྱ་ཙམ་མོ། །དེ་ལྟར་ཡུལ་གཉིས་སུ་སྤྱོད་པའི་འདུ་ཤེས་བཤད་པ་ནི་ཐེག་པ་ཆེན་པོ་པ་ཞེས་བྱ་སྟེ་སངས་རྒྱས་སོ། །འོ་ན་དེ་ན་དེ་དག་ནི་མཐོང་བ་མེད་པས་གུད་དུ་གྱུར་ཏེ་བདག་ཅག་གིས་ཤེས་པར་དཀའོ་སྙམ་པ་ལ། ཡོད་དང་མེད་པའི་མཐའ་ནི་དབྱིངས་སུ་གཅིག །ཅེས་པ། གཟུགས་དང་ནམ་མཁའ་ལ་སོགས་པ་མིང་གིས་བསྡུས་པ་དག་ཀྱང་ཐིག་ལེ་ཆེན་པོ་བྱང་ཆུབ་སེམས་ཀྱིས་གང་ཡང་མ་སྤངས་པས་དོན་གཅིག་གོ །དེས་ན་ཡོད་པ་དང་མེད་པ་ཉིད་མཐའ་ཡིན་པས་གྲུབ་པ་བཅད་དེ། དེ་དག་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ནི་རང་བྱུང་ཡེ་ཤེས་ལ་སངས་རྒྱས་སེམས་ཅན་གཉིས་གར་མ་གྲུབ་པའི་ཕྱིར་རོ། །འོ་ན་ཐོག་མ་ཡོད་པ་དང་མེད་པ་དེ་གཉིས་ཀྱི་རྒྱུ་ཅི་ཞེས་དོགས་པ་ལ། མཉམ་ཉིད་གཅིག་པས་བལྟས་དགུ་དེ་ལྟར་སྣང་ཞེས་པ། སྣང་སྟོང་རིས་སུ་མ་ཟིན་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་མིང་གིས་མཚོན་པ་སྟེ་རིལ་པོ་དང་བྱེད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལོག་པའི་ཕྱིར་རང་གི་ངོ་བོ་མ་གྲུབ་ཀྱང་ཡེ་ཤེས་ཆེན་པོའི་དོན་གྱིས་ལྟ་བ་ཞེས་སྨོས་ཏེ་ལྟ་བ་པོ་ཉིད་ཀྱང་ཡང་དག་པར་མི་གཞན་ནོ། །དེ་ནི་ས་པ་ལ་སོགས་པས་སྤངས་པ་ཡང་ངོ་བོ་ཉིད་བྲལ་བ་མེད་དོ། །དེ་དག་གིས་རིས་སུ་རྟོག་པ་ཡང་འགྲོ་བ་དྲུག་དང་ཕྱག་རྒྱ་ལ་སོགས་པ་རེད་པས་དེ་དག་སྣང་བ་ནི་གཞི་ལ་མ་ངེས་པས་སྣང་བ་ཐམས་ཅད་མི་ཆད་པར་གསུངས་སོ། །སྣང་འོང་རྩོལ་སེམས་སྡུག་བསྔལ་ཆེ་བའི་ནད་ཅེས་པ། བློ་དམན་པ་དག་རབ་རིམ་ཀྱིས་ཁེབས་ཤིང་ངེས་པ་གཉིས་ཀྱིས་མ་ཟིན་པའི་རྒྱུས་མྱ་ངན་ལས་འདས་པ་ཞེས་ཡོད་པར་རྟོགས་པས་རྩོལ་བར་རེད་ཏེ་མངོན་དུ་འདོད་པས། སྒྲའི་རྗེས་སུ་འཇུག་པ་ནི་རྒྱུ་ཐམས་ཅད་ས་ལ་ཞུགས་པ་གདུང་བའི་ཕྱིར་གོལ་བར་ལུང་ཀུན་ལས་གསུངས་སོ། །འོན་ཏེ་ན། བདག་ཅག་གི་མྱ་ངན་ལས་འདས་པ་ནི། ཉན་ཐོས་དང་མཐུན་ཏེ་སྣང་བ་མེད་པས་ཐུགས་རྗེ་དང་མི་ཟད་རྒྱན་གྱི་འཁོར་ལོའི་ལོངས་སྤྱོད་ཆེན་པོ་དང་བྲལ་ལོ་སྙམ་པ་ལ། ཆོས་ངང་གར་མ་ཆད་པའི་རང་བཞིན་ལས། ཅེས་གསུངས་ཏེ། ཁས་ལེན་པ་ནི་ཆོས་སྐུ་སྟེ་དེ་ནི་སྣང་སྟོང་རིལ་གཅིག་པའི་དོན་གྱིས་དཔེ་དང་བྲལ་ཏེ་དཔེ་ཅིག་མ་གཏོགས་པ་ནི་ནམ་ཀའོ། །རིལ་མ་བཀོལ་བ་ནི་ཁོངས་སུ་བསྡུས་པ་མིན་པས་རང་བཞིན་ཅེས་སྨྲས་སོ། །ཐུགས་རྗེ་ཆེན་པོ་ནམ་མཁའི་དབྱིངས་ནས་འབྱུང་ཅེས་པ་ནི། ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་སྟོང་པ་མིན་ཏེ། ཡེ་ཤེས་ཆེན་པོའི་དོན་གྱིས་ཐམས་ཅད་ལ་དབང་སྒྱུར་བ་ནི་མངར་གྱི་སྦྲམ་བུའི་རོ་ལྟར་ཐམས་ཅད་དུ་ཁྱབ་པར་རང་ལས་གསལ་ལོ། །དེའི་བྱུང་བ་ཉིད་བསྟན་པའི་ཕྱིར་ཐབས་ཀྱི་རོལ་བས་འདོད་དགུར་སྒྱུར་བའི་དཔལ་ཅེས་པ། ཐབས་ཅིར་ཡང་སྣང་བ་དང་མ་ཆགས་པ་སྟེ་རིལ་ཚིམ་པར་བྱེད་པ་ནའང་རྟོག་པ་མེད་པས་འགྲོ་འོང་བྲལ་བ་ནི་ཀུན་ཏུ་བཟང་པོའི་རོལ་པ་ཞེས་བྱ་སྟེ། བརྒྱ་བྱིན་གྱི་ནོར་བུ་ཏིར་ཡ་ཀ་ལྟ་བུའོ། །དེས་གང་ཡང་མི་འདོར་རོ་ནི་ལོངས་སྤྱོད་ཀྱི་དོན་ནོ། །ཆོས་རྣམས་སྣ་ཚོགས་ཇི་སྙེད་སྣང་བ་ཡང་ཞེས་པ་དངོས་པོ་གཉིས་ཀྱིས་བསྡུས་པ་ནི་ཐམས་ཅད་སྣང་བའི་ཕྱིར་ཏེ་ཕྱི་རོལ་པ་དག་ལ་མཚན་ཉིད་བགྲང་བ་ལས་འདས་སོ། །ཡང་ནི་མི་མཐུན་པར་སྟོན་པ་སྟེ་དེ་དག་སྐྱོན་མེད་པ་དང་མི་སྤོང་བ་ཞེས་བྱ་བའི་དོན་ཏོ། །ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ་ཞེས་པ། གང་ཐིག་ལེ་ཆེན་པོ་ལ་མཚན་ཉིད་མ་གྲུབ་པ་ཉིད་པས་དེ་དག་སྣང་བ་ནི་བཏགས་པ་ཙམ་མོ་ཞེས་ཟེར་བ་ཡང་བདེན་མོད་ཀྱི་དོན་ཀྱང་དེ་དག་ལ་བརྟེན་པ་ལུས་ལ་སོགས་པ་རྗེས་སུ་མཐུན་པའི་འབྲས་བུར་ཤེས་པས། དེ་དག་ཉིད་གོང་ན་མེད་པར་སྣང་བ་ཡང་སྔ་མ་ལ་བརྟེན་པས་ལམ་མོ། །སྙིང་པོ་བྱང་ཆུབ་མཆོག་ནི་ཡིན་ཤེས་ན། །ཞེས་པ། དེ་དག་ཀྱང་བདེན་པ་གཉིས་ཀྱིས་ཕྱེ་བར་བསྟན་པ་ནི་རིགས་པ་མིན་ཏེ། ཐམས་ཅད་ཀྱི་གཞི་དང་མཐར་ཐུག་པར་གྱུར་པས་སྙིང་པོ་སྟེ། གང་ཞེ་ན་ལྷུན་གྱིས་གྲུབ་པའི་ངང་ནི་སྙིང་པོའོ། །དེ་ལ་དགོངས་པ་ངེས་པར་འགྲེལ་པས་ཐ་མི་དད་པ་ཞེས་བྱའོ། །དེའི་རྗེས་སུ་མྱོང་བའི་ཡིད་ཆེས་པ་ཡོད་པ་ནི་རྣལ་འབྱོར་པའོ། །བཟའ་ཤིང་བགྲོད་པའི་ཡུལ་ནི་ག་ལ་ཡོད། །ཅེས་པ། སྨོན་ལམ་གྱིས་སྒོ་གསུམ་གྱི་ལས་མི་བྱེད་དེ་བསྒྲུབ་བྱ་རང་གི་ངོ་བོར་མ་ཟིན་པ་དང་དེ་ཉིད་ལྡན་ཟིན་པའི་ཕྱིར་རོ། །བྱ་མེད་རྫོགས་པའི་ངང་དུ་རབ་རྟོགས་ན། གང་ལྟར་གཟའ་ཤིང་བགྲོད་ཀྱང་ཡུལ་ལས་འདས། །ཅེས་པ། ཁ་ཅིག་སྔར་བཤད་དེ་རབ་ཏུ་ཞེས་པ་ནི་ཆེན་པོར་ཞེས་པའི་དོན་ཏེ་མཐོང་བ་ལས་གདེང་གི་སྙེམས་པ་དང་བཅས་པས་མི་མཐུན་པའི་སྤྱོད་པ་གཉིས་ཀྱང་བདག་གི་བྱ་བ་སྟེ་ཆེར་ཤེས་པའི་དོན་ཀྱིས་འཁོར་གསུམ་གྱི་འདུ་ཤེས་དང་བྲལ་བས་མི་གོས་མི་ཆགས་པའི་ཕྱིར་གང་ཡང་མི་སྤོང་ངོ་། །འོན་ཏེ་གདེང་གིས་བསྒྲུབས་པས་ཐེག་པ་སོ་སོར་བསྟན་པ་དོན་མེད་པར་དགོས་པ་ལ། ཐེག་པའི་ཁྱད་པར་ཇི་སྙེད་བསྒྲགས་པ་ཡང་། །ཚུལ་ཁྲིམས་སྡོམས་དང་ཕྱི་ནང་དམ་ཚིག་ཀྱང་། །འགྲོ་བ་གདུལ་བྱའི་ངང་སྟེ་ཇི་སྙེད་འདོད་ལ་བསྟན། །ཅེས་པ། ལུགས་མ་ནོར་བས་ངེས་པར་འདོད་པ་ནི་ཐེག་པའི་མིང་འཐོབ་བོ། །དེ་དག་ལུགས་མི་མཐུན་པས་མང་བ་ནི་ཅིག་ལ་ཡང་བློ་གྲོས་ཐ་དད་པས་འགྲོ་སྟེ། སྦྱོར་བའི་ལུང་སྟོང་ཕྲག་དུ་མ་ནི་ཟ་ཧོར་དང་མ་ཐུང་གི་ཡུལ་ན་རྒྱས་པར་སྤྱོད་དོ། །སྒྲོལ་ལུང་སྟོང་ཕྲག་དུ་མ་ནི་ཐོར་དང་ཀོས་བྲང་གི་ཡུལ་ན་རྒྱས་པར་སྤྱོད་པ་ལ་སོགས་པ་ལྟ་བུས་བསྟན་ནོ། །སྒྲ་ནི་རྟེན་ཅིང་འབྲེལ་པར་འབྱུང་ཞེས་པ་སྟེ་འོག་ཏུ་བསྟན་ནོ། །མ་ནོར་བའི་ཚུལ་གྱིས་འཇུག་པ་དང་། གསུམ་གྱི་སྒོ་སྡོམ་པ་དག་ལ་སོགས་པ་ཐེག་པ་གཉིས་ཀྱི་ལམ་སྟེ་གོ་སླའོ། །མི་མཐུན་པར་འདྲེན་པ་ནི་ངོ་བཙན་དུ་མི་དགག་པའི་དོན་ཏེ། འགྲོ་བ་ཉིད་གདུལ་བྱ་སྟེ་དེ་གདུལ་བར་བྱ་བའི་ཕྱིར་འདུལ་བྱེད་ཀྱི་ཐེག་པ་དང་སྟོན་པ་ནི་ལས་ཀྱི་ཤུགས་ཀྱིས་སྣང་བའི་ཕྱིར་ཏེ་ཡེ་གནས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་དག་མང་པོའི་ངོར་བསྟན་པ་ནི་སྟོན་པ་པོ་དེ་བཞིན་གཤེགས་པའོ། །འདི་དག་མཐུན་པ་མིན་ཡང་གཞན་གྱིས་གསལ་ཏེ། བསྟན་པ་ནོར་བུའི་དགོས་པ་བཞིན། ལས་ཀྱང་གཞན་ལས་མི་སྣང་བས་བྱིན་རླབས་རྟེན་ཅིང་འབྲེལ་བ་འདོད་ཞེས་བྱ་སྟེ། ཕྱོགས་གཉིས་ག་ཡང་མཐུན་པར་གསུངས་སོ། །ཐེག་པ་ཆེན་པོ་དེ་ནི་ལས་ལས་ཀྱང་འདས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པར་བསྟན་པའི་ཕྱིར། ཐ་སྙད་ཙམ་དུ་འདུལ་ཞེས་བྱ་མོད་ཀྱང་། །དམ་དུ་བཅས་པའི་ཡུལ་ཡང་རྡུལ་ཙམ་མེད། །དམ་དུ་བཅས་པའི་ཡུལ་མེད་རབ་རྟོགས་ན། །དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ། །འདོད་རྒྱུར་སྒྱུར་ཞིང་སྙིང་རྗེ་ཐབས་མི་སྤངས། །ཞེས་པ་ནི། གཟུགས་ལ་སོགས་པ་བཏགས་པ་ཙམ་གྱིས་ཆོས་ཉིད་གང་ཡང་མ་གྲུབ་པར་སྟོན་པ་ཡང་འདིར་རྟོག་པའི་རྩལ་གྱིས་གཟུགས་ལ་སོགས་པ་ནན་གྱིས་ཐ་སྙད་དུ་བྱས་པས་གཞན་རིལ་བཀག་གི་འདུལ་བྱེད་རྣམས་ཀྱང་ལས་ཀྱི་རྟོག་པས་ཐ་སྙད་དུ་སྣང་བས་དེ་དག་བདེན་པར་གསུངས་པ་ནི་ཐ་སྙད་ཀྱི་རྟོག་པ་རྣམས་ཀྱི་ངོར་ལན་ཅིག་གསུངས་པའོ། །སྐྱོང་ནི་མི་མཐུན་པ་སྟེ་དེ་དག་མི་འཐད་པར་འདྲེན་ཏོ། །ལ་ལ་དག་སྨོན་ལམ་གྱི་དམ་བཅའ་པ་མཐར་ཕྱིན་པའི་འདུ་ཤེས་སུ་འདོགས་པ་ནི་སྐབས་ཀྱིས་རིགས་པ་མིན་ཏེ། སྔར་ཕྱོགས་གཞན་བཀག་ནས་འདིར་ཐ་སྙད་པར་མཐོང་བ་ནི་མིང་ཙམ་མཐོང་བ་སྟེ་མིང་ཡོངས་སུ་བཙལ་ལོ། །དེ་དག་སེམས་ཉིད་ཁོ་ན་བས་རང་གི་མཚན་ཉིད་དུ་ཆ་ཕྲ་བ་ཡང་མ་རྙེད་པས་དེའི་ཕྱིར། དཔེར་ན་རི་བོང་རྭ་ཞེས་བྱ་བ་ལ་འཇོག་པའི་བཟོའོ་མེད་པ་བཞིན། དངོས་པོ་གསུམ་ཡུལ་དང་ཡུལ་ཅན་ཕན་ཚུན་འབྲེལ་པ་ཡེ་ནས་མེད་པས་བསྒྲུབ་བྱའི་ཡུལ་མེད་པ་ནི་ཐེག་པ་ཆེན་པོའོ། །དེ་ལྟར་གདེང་ཆེན་སྙེམས་པ་དང་བཅས་པ་ནི་འདུ་ཤེས་ཐམས་ཅད་བྲལ་བས་བྱ་བ་ཐམས་ཅད་སྐྱོན་མེད་དེ། དཔེར་ན་ནམ་མཁའི་ཆོ་འཕྲུལ་ཐམས་ཅད་འབྱུང་བ་ཡང་དེ་དག་དུ་གྱུར་བ་དང་ཆགས་པ་མེད་པ་བཞིན་དུ་བསྟན་པས་འཕྲིན་ལས་ཐོགས་པ་མེད་པ་ཞེས་བྱའོ། །དེ་དག་མི་ཕྱེད་པའི་རྗེས་སུ་འདུ་ཤེས་མེད་པར་གཞན་ཅི་འདོད་པར་རང་སྣང་བ་ནི་སྒྱུར་ཞེས་བྱ་བའི་དོན་ཏེ། གང་ཡང་མ་བཏང་བའོ། །དེ་དག་གི་འབྲས་བུ་ཇི་ལྟ་བུ་སྙམ་པ་ལ། ཡེ་ཤེས་ཀླུང་དུ་ཤར་བའི་རྣལ་འབྱོར་པ། ཞེས་པ། ཡེ་ནས་ཤེས་པ་ནི་རང་བྱུང་གི་ཡེ་ཤེས་སོ། །དེས་ཅི་ཞིག་ཞེ་ན་རིལ་བདག་ཏུ་གྱུར་པ་ནི་རྐྱེན་མེད་པའི་ཕྱིར་བསམ་པ་བཅད་ཅིང་རྣམ་པ་ཅིར་ཡང་མི་རྟོག་པ་ཉིད་མཐའ་ཐམས་ཅད་ཀྱིས་མ་བསྒྲིབས་པར་གསལ་བས་མིང་འཐོབ་བོ། །དེ་ཉིད་ཡངས་ཤིང་བར་མ་ཆད་པའི་རྗེས་སུ་གྱུར་པ་ནི་དོན་མཐོང་བ་སྟེ། མིང་གཉིས་ག་གྲུབ་བོ། །ས་མཆོག་འདི་ནི་མ་བསྒྲུབས་ལྷུན་གྱིས་རྫོགས་ཞེས་པ། ས་ནི་ས་སྟེ་བསྒྲུབས་བྱ་མ་ལུས་པའི་གཞིའོ། །ཉེ་བར་དངོས་པོ་བཤད་ཟིན་པ་ནི་གོང་ན་མེད་པས་བླ་མ་ཞེས་བྱའོ། །དེ་དག་རྒྱུ་རྐྱེན་གྱིས་མ་བྱས་པ་ཡང་ངེས་ཚིག་གིས་བསྒྲུབས་ཏེ་རིལ་རྫོགས་པས་འཕེལ་བར་བྱ་བ་མེད་པའོ། །འོ་ན་དེ་ནི་ཀུན་ཀྱིས་ཐོབ་ལུང་མན་ངག་ནི་དོན་མེད་དོ་སྙམ་པ་ལ། བག་ལ་ཉལ་བའི་སྐྱོན་རྣམས་མ་ལུས་ཀུན། །ཡེ་ཤེས་འོད་གསལ་ཆེན་པོས་རབ་གསལ་ནས། །ཞེས་པ། ཡིད་ལ་བྱས་པ་ལྟར་སྣང་བའི་མཐའ་རྣམས་ནི་རྒྱུན་ཤིན་ཏུ་ཕྲ་བ་ལ་གནས་སོ་དེ་དག་ལས་མངོན་པར་ཞེན་པ་ནི། ཕྱོགས་སྔ་མ་དང་གཉིས་མུན་པ་དང་སྣང་བ་བཞིན་གྱུར་པས་སྐྱོན་ནོ་ཞེས་ཐ་སྙད་དུ་འདོགས་སོ། །དེ་དག་རིལ་ཐ་སྙད་གང་གིས་ཇི་ལྟར་ཞེ་ན། ཡེ་ཤེས་འོད་གསལ་ཆེན་པོས་བསལ་ལོ། །ཞེས་བྱ་བ་དེ་དག་གོ་ཞེས་ཟེར་བ་ནི་བདེན་མོད་ཀྱི་བསལ་ཞེས་སོ་དོན་མེད་པར་འགྱུར་པས་རིགས་པ་མིན་ཟེར་བ་ཡིན་ནོ། །འདིར་ལུང་མན་ངག་ལ་རྟེན་པའི་ཡེ་ཤེས་སྐད་ཅིག་མས་ནི་མཐའ་རྣམས་ཉིད་ཐིག་ལེ་ཆེན་པོར་མི་ཕྱེད་པར་ཤེས་པས་ཞེན་པ་གཅོད་པའི་ཕྱིར་རྡོ་རྗེ་སྟེ། དེ་ནི་བདག་ཉིད་ཀྱང་ཀླུང་དུ་ཆུད་དེ་དངོས་པོ་གསུམ་དང་བྲལ་བ་ནི་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་དག་བསལ་བ་ཡང་འགྲོ་འོང་མེད་དེ་ཐོག་མ་ནས་མ་གྲུབ་པའི་ཕྱིར་ཏེ། དེ་དག་ངོ་ཤེས་པ་ལ་ཐ་སྙད་དུ་འདོགས་སོ། །དེ་དག་ཤེས་པ་ཙམ་གྱིས་ཀླུང་དུ་ཆུད་པ་ཞེས་གསུངས་སོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ཐེག་ཆེན་འདི་ནི་མཁའ་ལ་ཉི་ཤར་བཞིན། །མཐའི་མུན་པ་ཡེ་ནས་མེད་ཅེས་གསུངས། །ཅེས་པ། ཉི་མའི་དཀྱིལ་འཁོར་ནི་མུན་པ་ངང་གིས་མེད་པའི་ཕྱིར། འཛམ་བུའི་གླིང་ཐམས་ཅད་གསལ་བར་བྱེད་དོ། །རང་བྱུང་གི་ཡེ་ཤེས་ནི་ལུགས་མི་མཐུན་པས་འདོགས་པའི་ཕྱིར་ཐེག་པ་ཆེན་པོ་སྟེ། བདག་ཉིད་མཐའ་ཐམས་ཅད་གདོད་མ་ནས་བྲལ་བས་ཞེན་པའི་ངོ་བོ་ཉིད་ཀྱང་ཐིག་ལེ་ཆེན་པོར་ཡངས་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ །དེ་དག་གི་ཏིང་ངེ་འཛིན་བསྟན་པའི་ཕྱིར། བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་མི་གནས། བསྒོམ་ཆགས་བདེ་བ་བདག་འཛིན་སྡུག་བསྔལ་ཡིན། །ཞེས་པ། བསྒོམ་ཏེ་ཐོབ་པར་བྱ་བ་ནི་ས་མཆོག་སྟེ་དེ་ཉིད་ནི་ལྷུན་གྱིས་གྲུབ་པ་དང་གཉིས་ཀྱི་འདུ་ཤེས་བྲལ་བས་བྱ་བྱེད་མེད་པ་ཡིན་པ་ལ། རྨོངས་པ་དག་དམིགས་པའི་ཚུལ་གྱི་སྒྲ་ལ་བརྟེན་ནས་ཡིད་ལ་བྱེད་པ་ནི་བདག་དང་མ་བྲལ་བས་ཡུལ་གྱི་མྱོང་བ་ཆེར་ཡོད་པ་རྣམས་ནི་མཐུན་པས་ཞེན་ཏེ་བདག་གཉིས་རྒྱས་པར་བྱས་ཤིང་། མི་གཏོང་བ་ནི་འདུ་བྱེད་ཟེར་ཀྱིན་དེ་ཤིན་ཏུ་ཡང་འགལ་ལོ། །འོན་ཀྱང་ལས་དང་པོ་པའི་བསླབ་པ་ཙམ་གྱི་ངོར། བསྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །ཞེས་གསུངས་ཏེ། ཐིག་ལེ་ཆེན་པོ་ནི་བྱ་བྱེད་གཉིས་་དང་བྲལ་ཏེ་མིང་དང་མི་གྲོལ་ཏེ་འགལ་ལོ། །དེ་ཉིད་ཆེར་གདེང་དུ་ཆུད་པ་ནི་སྤྱོད་ཡུལ་ཐམས་ཅད་བདག་ཉིད་ལས་མི་ཞན་པས་ཅི་བསམ་པ་ཡང་མི་སྐྱོན་ཏེ། ཆོས་ཀྱི་དབྱིངས་ནི་མཚན་མ་གང་ཡང་མ་ཆུད་པ་མེད་དོ། །དེ་ཉིད་ཀྱི་བསྒོམ་པ་པོ་ཡང་ཤེས་རབ་ཀྱིས་ཡོངས་ལ་མི་གནས་པར་དུ་མ་ལས་གསུངས་སོ། །གལ་ཏེ་མ་གོམས་པ་དག་གི་སྤང་སྟེ། ས་པའི་བྱང་ཆུབ་སྙོམས་པར་འཇུག་པ་མང་པོ་བྱེད་པ་ཡང་ཟིན་ཆགས་མེད་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཤེས་རབ་བར་མ་མཐའ་ཕྱིན་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །ཀྱང་ཞེས་པ་ནི་གཞན་དག་གི་ལུགས་ཀྱིས་མི་མཐུན་པའི་སྟོན་པ་སྟེ། འདིར་ཡང་གཙོར་བྱེད་པ་ནི་མེན་ནོ་ཞེས་བྱ་བའི་དོན་ཏོ། །བཀོལ་བ་མེད་དེ་ཀུན་གྱི་རེ་སྐོངས་བའི། །ཞེས་པ་གདེང་གིས་གང་ཡང་མ་སྤངས་པའི་དོན་གྱིས་རིལ་ཚིམ་པར་བྱེད་པ་ནི་ལྟ་བའི་ཡོན་ཏན་ཏེ་རྒྱས་པར་བཤད་ཟིན་ཏོ། །མཉམ་ཉིད་ངང་རྟོགས་ཐེག་ཆེན་འདི་དག་ནི། །ཞེས་པ། མ་བཀོལ་བ་དེ་དག་ཉིད་ན་གདེང་གི་བློས་དུས་གསུམ་དུ་འདུ་ཤེས་མ་གཡོས་པ་ནི་མཉམས་པ་ཉིད་དོ། །དེ་གང་ལ་ཡོད་པ་རྣམས་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་པའོ། །དེ་དག་གི་ལས་དང་འབྲས་བུ་བསྟན་པའི་ཕྱིར། ཀུན་ལ་ཁྱབ་ཅིང་མ་རྫོགས་ཆོས་གང་མེད། །ཞེས་གསུངས་སོ། །དབྱིངས་སུ་རིལ་ཆུབ་པས་མི་འབྱེད་པའི་ཐུགས་རྗེ་ཆེན་པོས་ཐམས་ཅད་ཟིན་པའི་ཕྱིར་འདུ་ཤེས་མེད་པའི་ཐབས་ཀྱི་རོལ་པ་མཐར་ཐུག་པ་མེད་པ་ཆུའི་སྣོད་ལྟར་མཐུན་པར་རང་སྣང་ལ། དེ་དག་གི་གཞིའི་ཡང་ཐམས་ཅད་ཀྱི་ངོ་བོ་མཐོང་བ་ཚུལ་གྱིས་བསྒྲུབ་བྱར་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེན་པོ་ཞེས་གསུངས་སོ། །བྱང་བ་ནི་གཉིས་ཏེ། ཆོས་ཀྱི་སྐུ་མཐའ་བཞིའི་སྤྲོས་པ་དང་བྲལ་བས་བྱང་བ་དང་། ཡེ་ཤེས་མཐའ་བཞིའི་སྤྲོས་པ་དང་བྲལ་བས་བྱང་བའོ། །ཆུབ་པ་ལ་གཉིས་ཏེ་ལྟ་བ་ཡེ་ནས་ལྷུན་གྱིས་གྲུབ་པས་ཆུབ་པ་དང་། སྤྱོད་པ་བླང་དོར་མེད་པར་རོལ་བས་ཆུབ་པའོ། །སེམས་ལ་གཉིས་ཏེ་ཤེས་རབ་ཆེན་པོས་རྟོགས་པའི་སེམས་དང་། བསམ་གཏན་ཆེན་པོས་བསྒོམ་པར་སེམས་པའོ། །ཤེས་རབ་ཆེན་པོས་རྟོགས་པར་སེམས་པ་ལ་གསུམ་སྟེ། འབྲས་བུ་ལྷུན་གྱིས་གྲུབ་པ་ལ་བཙལ་དུ་མེད་པར་རྟོགས་པ་དང་། སེམས་ཅན་རང་བྱུང་གི་ཡེ་ཤེས་ལ་བསྒྲལ་དུ་མེད་པར་རྟོགས་པ་དང་། ཡུལ་སེམས་གཉིས་སུ་མེད་པ་ལ་བསྒོམ་དུ་མེད་པར་རྟོགས་པའོ། །རིན་པོ་ཆེ་ལ་གཉིས་ཏེ། དགོས་འདོད་འབྱུང་བའི་རིན་པོ་ཆེ་དང་། རྣམ་རྟོགས་འདའ་བའི་རིན་པོ་ཆེའོ། །ཀུན་འདུས་ནི་འཁོར་བ་ངང་ལས་འདས་པ་ཀུན་འདུས་པའོ། །སྤྲོས་བྲལ་ལྷུན་གྲུབ་ཤེས་རབ་གསུམ་མཐར་ཕྱིན། །མཐའ་བཞིའི་མུན་སེལ་ཀུན་གྱི་རེ་བ་སྐོང་། །མ་ལུས་རྫོགས་པའི་ཐུགས་ཀྱི་མན་ངག་ལ། །གཏན་ཚིག་གསུམ་བཀྲོལ་ཀུན་གྱི་དོན་ཏུ་བསྔོ། །རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ་རྫོགས་སོ།། །།


previousརིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ།next