Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱི་གསང་སྔགས་ལུང་གི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མ་ར།
   
   
   
   
   


 
previousསྤྱི་གསང་སྔགས་ལུང་གི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མ་ར།next

སྤྱི་གསང་སྔགས་ལུང་གི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མ་ར།

སྤྱི་གསང་སྔགས་ལུང་གི་འགྲེལ་པ་གཉགས་ཛྙཱ་ཀུ་མཱ་རས་མཛད་པ་བཞུགས་སོ། །སྤྱི་གསང་སྔགས་ལུང་གི་འགྲེལ་པ་བཞུགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སེམས་སུ་ཀུན་བཅོམ་གཞན་མེད་བདག་ཏུ་རྫོགས་པར་ལྡན། །ངོ་བོ་མ་གྲུབ་མཐའ་འདས་ཅིར་ཡང་སྣང་བའི་དཔལ། །རང་རིག་མི་ཕྱེད་དཔའ་བོ་རྡོ་རྗེ་ལྟ་ངན་འཇོམས། །གང་ཞིག་ཉམས་སུ་ཅུང་ཟད་འདུད་པས་ཕྱག་འཚལ་ཏེ། །ཀུན་བཟང་བྱིན་རླབས་ལུང་རྗེས་རང་རིག་གསལ་ཞུགས་པའི། །བགྲོད་མེད་ཡང་རྩེ་ཀུན་འདུས་ཁྱད་པར་སྒྲོན་མའི་ལམ། །གཟུ་ལུགས་དོན་ཕྱིར་བརྡར་བསྟན་རིགས་ངན་རྨོངས་པར་གྱུར་པ་ལ། །མན་ངག་ལུང་གི་རྗེས་ཞུགས་ཅུང་ཟད་དགྲོལ་བར་བྱ། དེ་ལ་སྤྱི་བཅིངས་སྔགས་ཀྱི་ལུང་། ཞེས་བྱ་བ་ནི། གང་ཞིག་ཐམས་ཅད་འདུས་པའི་རྩེ་མོར་གྱུར་པ་ལ་བྱ་སྟེ། གང་སེམས་ཅན་དང་འཁོར་བའི་ཆོས་ཐམས་ཅད་ཀུན་གཞིར་རོ་གཅིག་པ་དང་། ཕྱོགས་གཞན་དག་ཆོས་ཀྱི་སྐུར་གཅིག་པ། དེ་དག་ཀྱང་ངོ་བོ་ཉིད་མི་འདྲེ་བར་མི་སྟོན་ཏེ། གནས་སྐབས་ཙམ་མ་ཡིན་པ་ཚུལ་དང་ངོ་བོ་ཉིད་གཅིག་པ་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྟེ། འོག་ནས་ཁས་བླངས་པའོ། །དེ་ལ་གང་དག་རྫོགས་པར་ཡོད་དང་གཅིག་པར་འཆད་པའི་དོན་གྱིས་འདུས་པའི་རྩེ་མོར་སྟོན་པ་ཡང་འགལ་བ་མེད་པ་ཁོ་ནའོ། །དེའི་མཚན་ཉིད་ངོ་བོ་ཉིད་གཞན་དང་མ་འདྲེས་པར་བསྟན་པའི་ཕྱིར། གང་ཉི་ཚེ་བའི་སྟོང་པ་ཉིད་ལ་སོགས་པར་འདོད་པ་མ་ཡིན་ཏེ། སྟོང་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ནི་མཐའ་ཐམས་ཅད་ཀྱིས་མ་རེག་ལ་འབྲས་བུ་ཐམས་ཅད་རྫོགས་པའི་ཕྱིར། ནུས་པའི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡང་དུས་གསུམ་དུ་མི་འགྱུར་བས་ཐེག་པ་ཆེན་པོའི་ཡང་ཆེན་པོ་སྟེ། དེ་ཉིད་ཤེས་པ་པོ་གང་དུ་ཡང་སོམ་ཉི་མེད་དེ་ཐམས་ཅད་གཅིག་ཏུ་ཤེས་པའི་ཕྱིར་རྗེས་སུ་ཐོབ་པས་ཐེག་པ་ཆེན་པོ་པ་ཡིན་པར་ལུང་བསྟན་ཏེ། ཟབ་མོའི་ལུང་དུ་ཡང་གསུངས་སོ། །དེ་ཡང་གཏན་ཚིགས་ཀྱིས་དྲི་བ་ལ་སོགས་པ་རྒྱས་པར་འགྲེལ་ཏོ། །མ་འདྲེས་གསལ་བའོ། །ཞེས་བྱ་བ་ནི། གང་དང་གང་གི་མཚན་ཉིད་དང་ལུགས་མི་མཐུན་པ་ཉིད་ཀྱང་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་ཏེ། དེ་དག་གང་ཡིན་ཞེ་ན། འཆད་པར་འགྱུར་བའི་དབུ་མ་ལ་སོགས་པའི་ཏིང་ངེ་འཛིན་དང་། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གཉིས་མ་འདྲེས་པ་དང་། དེ་ཉིད་རྣམ་པ་ཡང་བློ་ཆེ་ཆུང་གི་བྱེ་བྲག་གིས་གཅིག་པ་དང་དུ་མའི་མཚན་ཉིད་ལས་གྲོལ་བར་མ་འདྲེས་པ་དང་། མདོ་སྡེའི་ལམ་གྱི་ཤེས་བྱ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ལས་ཐེག་པ་གཞན་དག་གི་དོན་མ་འདྲེས་པར་གཏན་ཚིགས་གསུམ་གྱི་སྒོ་ནས་སྟོན་པ་དང་། དེ་དག་གི་རྗེས་སུ་ཤེས་བྱེད་ཀྱི་སློབ་དཔོན་གྱི་ཁྱད་པར་མ་འདྲེས་པ་དང་། དེའི་སྙིང་ཁུ་བླུགས་པའི་སྣོད་བཟང་ངན་མ་འདྲེས་པར་བསྟན་པས་འབྲས་བུ་མན་ངག་གི་ཉམས་རིམ་པ་མ་འདྲེས་པར་སྟོན་པའི་ཕྱིར། གོང་གིས་མི་འགལ་བར་བརྗོད་པ་ཉིད་འགལ་བ་མེད་དོ། །དེ་དག་རྒྱས་པར་དཀྱུས་ཉིད་ལས་རིམ་པར་གསལ་ལོ། །བདག་ནི་ཡོད་དོ། །གཞན་ནི་མེད་དོ། །ཞེས་བྱ་བ་ནི། གང་ཐམས་ཅད་ཀྱི་གཞི་དང་རང་བཞིན་ནི། བྱང་ཆུབ་སེམས་ཁོ་ན་ཡིན་ཏེ། དེ་མེད་ན་འགལ་བའི་ཕྱིར་ཁས་ལེན་ཏོ། །ཇི་སྙེད་དུ་བརྗོད་པའི་གཞི་ཐམས་ཅད་ནི། མཐར་མི་གནས་པ་ཉིད་ཐོག་མ་ཉིད་ནས་ངོ་བོ་མེད་དོ། །དེའི་ངོ་བོ་ལོག་རྟོག་ཙམ་ཡང་རང་གི་ངོ་བོས་སྟོང་པས་ཐམས་ཅད་ཀྱང་མ་གྲུབ་པ་ཁོ་ནའོ། །དེ་ལུགས་ཀྱིས་བསྟན་པར་བྱ་བའི་ཕྱིར། གསུངས་པ། བདག་ཉིད་ཆེན་པོར་ལྷུན་གྱིས་རྫོགས་པས་ཡོད་དོ། །ཀུན་ཏུ་བཟང་པོའི་ངང་དུ་གཅིག་པས་གཞན་མེད་དོ། །ཞེས་བྱ་བ་ནི། གང་ཐམས་ཅད་ཀྱི་ལུགས་ཀྱི་རྒྱུ་གཞན་མེད་པའི་ཕྱིར་ཀུན་ཀྱང་སེམས་ཉིད་ཁོ་ན་ཡིན་པ་ནི་བདག་ཉིད་ཆེན་པོ་སྟེ། དེ་ཉིད་དུ་གསལ་བའི་དུས་ན་བྱེ་བྲག་གི་ཆོས་ཐམས་ཅད་དུ་སྐུ་གསུང་ཐུགས་ལ་སོགས་ཏེ། ཡེ་ཤེས་གྱི་ཕྱག་རྒྱ་གསལ་བ་ནི་མ་བརྩལ་བར་རང་སྣང་བས་དེ་དག་གི་གཞི་དུས་གསུམ་དུ་མི་འགྲུབ་པ་ཁོ་ནའོ། །གང་བྱེ་བྲག་གི་ཕྱག་རྒྱ་ལ་སྙེགས་པས་སྤང་པར་བྱ་བ་མེད་པ་ནི་མཉམ་པ་ཉིད་ཀྱི་ངང་སྟེ། ཐམས་ཅད་ཀྱང་དེ་ཉིད་དུ་རོ་གཅིག་པས་དེ་ལས་གཞན་པའི་ཆོས་གང་དུའང་མ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ན་གཞིར་བཤད་པའི་བདེ་བ་ཆེན་པོ་ཉིད་གང་དུའང་མ་གྲུབ་པས་ཕྱོགས་གཅིག་པའི་སྟོང་པ་ཉིད་དུ་འགྱུར་ན་ཡང་སྐྱོན་མེད་དོ་སྙམ་པ་ལ། བདག་མེད་པར་ཆད་པར་ལྟུང་ངོ་། །ཞེས་གསུངས་ཏེ། དཔེར་ན་ལྕགས་དང་ཚ་བ་དང་ཆེན་པོ་བཞི་དང་ནམ་མཁའ་ལྟ་བུའི་ཚུལ་གྱིས་མཐའ་ཐམས་ཅད་ཀྱིས་སྟོང་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་དེ་ཉིད་ཉི་ཚེ་བའི་སྟོང་པ་ལྟ་བུར་གྱུར་ན། དངོས་པོ་གཉིས་ལས་སོགས་པ་གང་ཡང་འབྱུང་བར་རིགས་པ་མ་ཡིན་ཏེ་དེ་ཉིད་ལོག་པའི་ལྟ་བའོ། །དེ་ཡང་ནི་དེ་ལྟར་སྤང་ངོ་། །ཅི་ཞེས་པ་ནི་གཏན་ཚིགས་ཏེ། ངོ་བོ་ཅི་ཞིག་ལ་རྒྱུ་ཅི་ཞིག་གིས་ལྟུང་ཞེས་དྲིས་པའོ། །ངོ་བོ་བསྟན་པའི་ཕྱིར། སེམས་ཅན་རྟོག་པ་ཆེ་ཆེས་ལ། རྟོག་པས་འཁོར། རྟོག་པའི་བག་ཆགས་རྟས་ནས་རྟོག་པའི་ངང་དུ་འགྱུར། ཞེས་བྱ་བ་ནི། གང་ལོག་སྲེད་ཅན་ནི་མ་རིག་པའི་བདག་ཏུ་འཛིན་པས་ཀུན་ཏུ་རྟོག་པ་ཡང་རྒྱུད་མར་སྟོན་ཅིང་སྤྱོད་དེ། དེ་དག་གཅིག་གི་རྒྱུར་གཅིག་གྱུར་ཅིང་དེ་དག་མངོན་སུམ་དུ་སྨིན་པའི་མཐུས་མ་བརྩལ་བར་ཡང་སྣང་བ་ནི། ཀླུང་དུ་གྱུར་པ་སྟེ་འཁོར་བ་ལྷུན་གྱིས་གྲུབ་པ་ཁོ་ནའོ། །གོལ་བའི་རྒྱུ་བ སྟན་པའི་ཕྱིར། མདོ་སྡེ་དང་བསྟན་ཆོས་བཀྲི་དྲང་གི་དོན་གྱིས་ནི་སྟོང་པར་བཤད། ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ལུགས་ཀྱིས་དེ་དག་དོན་མེད་པས་དེ་དག་བཟློག་པར་བྱ་བའི་ཕྱིར་གསུངས་ཤིང་བཙམས་པ་རྣམས་ལས། ཤེས་བྱེད་ཀྱི་གཏན་ཚིགས་གསུམ་གྱིས་གཟུང་འཛིན་གྱི་ཀུན་བརྟགས་གཉིས་ལོག་པ་ནི་ཆོས་ཉིད་དེ། དེའི་ངོ་བོ་ཉིད་མ་གྲུབ་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །དེ་བས་ཀྱང་མེད་པར་བཤད། ཞེས་བྱ་ནི། ཤེས་བྱའི་ངོ་བོ་ཉིད་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རྐྱེན་གྱིས་མི་སྐྱེ་བ་ཁོ་ནའི་ཕྱིར་མེད་པར་གསུངས་སོ། །དེ་བས་ཀྱང་སྟོང་པ་བདག་མེད་པར་བཤད། ཅེས་བྱ་བ་ནི། དེ་དག་བཤད་བཞིན་དུ་ཤེས་པ་ནི་འཇུག་པའི་དུས་ན་མི་རྟོག་པ་དང་མི་གནས་པ་ཞེས་བྱ་བའི་སྒྲས་ལས་ཀྱི་བྱ་བ་དང་བྱེད་པ་ཐམས་ཅད་དང་བྲལ་བ་ནི་ལུགས་མ་ནོར་བ་ཁོ་ནར་བཞེད་དོ། །ལྷག་མ་ནི་སྐབས་ཀྱི་སྐྱོན་དུ་འགྱུར་བའི་ཐ་ཚིག་གོ །འདི་ཡང་ལུང་གིས་མ་ཟིན་ན་མི་རུང་སྟེ། ཞེས་བྱ་བ་ནི། ལུགས་འདིའོ། །ཡང་ཞེས་བྱ་བ་ནི་ལྟུང་བའི་རྗེས་སུ་འཇུག་པའོ། །ལུང་ནི་སྟོན་པས་གསུངས་ཏེ་རང་གི་གཞུང་ངོ་། །དེའི་རྗེས་སུ་རིགས་པས་མ་ཟིན་པ་ནི་ཉེས་པ་ཆེའོ་ཞེས་གསུངས་སོ། །ཉེས་པ་གང་ཡིན་སྙམ་པ་ལ། མུ་སྟེགས་ཆད་པར་ལྟ་བ་ནི་བསྒྱུར་དཀའ་ལ་སྡིག་ཆེ། ཞེས་བྱ་བ་ནི། བཤད་པའི་གོལ་ས་ནི་འདི་ཡིན་ཏེ། འདིའི་ལུགས་ཀྱིས་རྒྱུ་དང་འབྲས་བུའི་ལྟ་བ་དང་སྤྱོད་པ་ཡོངས་སུ་སྤོང་ཞིང་ཉི་ཚེ་བར་འདོད་པ་ནི་ཕྱོགས་གཞན་དང་མི་མཐུན་ཞིང་མྱུ་གུ་དང་བྲལ་བར་འགྱུར་བ་ཁོ་ནའོ། །དེ་བས་རྟོག་པར་ལྟ་བ་བསྒྱུར་སླ་ལ་ཉེན་ཆུང་བར་གསུངས་ཏེ། ཅེས་བྱ་བ་ནི། གཏན་ཚིགས་ནི་མ་ཡིན་ཏེ་ཁྱད་པར་འདོད་པའི་ཕྱིར་རོ། །གང་བདག་དང་བྱེད་པ་པོ་ལ་སོགས་པར་འདོད་པ་ནི་སྒོ་མཐུན་པ་དང་དེ་དག་ཀུན་རྫོབ་ཏུ་སྒྱུ་མར་བསྟན་དུ་བཏུབ་པའི་ཕྱིར། བདག་ཅག་གི་སྒོ་ཉིད་དུ་གསུངས་སོ། །བཤད་པའི་ལྷག་མ་གཉིས་གང་གི་ཕྱིར་ཡིན་སྙམ་པ་ལ། རྣམ་པར་མི་རྟོག་པ་སྒོམ་པའང་སེམས་གྲོད་དེ་ཕྱང་ཆད་པར་སོང་བ་ནི་བཅོས་དཀའ་ལ་ཉེན་ཆེ། ཞེས་བྱ་བ་ནི་གང་ཐམས་ཅད་ཀྱང་བཤད་པ་བཞིན་དུ་ཤེས་ནས་སྣང་བ་མེད་པ་ལ་ཡང་མི་གནས་པ་ནི་བསྒོམ་པའི་གཞུང་ཉིད་དེ་རྗེས་སུ་མཐུན་པའི་ཆད་པ་ལ་སྙེགས་སོ། །དེའི་ལུགས་སྟོང་པ་དང་མི་གནས་པ་ཞེས་བྱ་བ་ཉིད་ཀྱང་ལས་དང་པོ་བས་ཤིན་ཏུ་དཀའ་བས་སྒྲ་ཉིད་ཡིད་ལ་བྱས་པ་ནི་ཞེན་པ་ཤིན་དུའང་ཆེ་བས་ཉི་ཚེ་བ་ཉིད་དུ་ལྟུང་བ་ཤིན་ཏུ་མང་ངོ་ཞེས་བྱ་བའི་དོན་ཏོ། །དེ་དག་མི་འདོད་པ་ནི་བཤད་ཟིན་ཏོ། །དེ་བས་དམིགས་པའི་རྒྱུ་དྲག་དལ་ལ་འཛིན་པ་བཅོས་སླ་བར་འཛིན་པས་ལོན་ལས་འབྱུང་སྟེ། ཞེས་བྱ་བ་ནི། སྤགས་པའི་ཕྱིར་རོ། །ཡུལ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་སྟེ། ཆོས་ཙམ་དང་སྣང་བ་མེད་པ་ལས་སོགས་པ་ཞི་གནས་ཀྱི་ཡུལ་དག་ནི་ཐེག་པ་ཆེན་པོའི་ཀུན་བརྟགས་ཀྱི་ཕྱིར་མི་འཛིན་པར་བསྟན་དུ་བཏུབ་པོ་ཞེས་གསུངས་སོ། །དེ་ཡང་ཅིས་མངོན་ཞེ་ན། ཞེས་བྱ་བ་ནི། གཏན་ཚིགས་ཀྱི་རྗེས་སུ་འཇུག་པ་སྟེ། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་ན། །རིགས་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་བྱ་བ་ནི། རིགས་པས་བཟློག་སྟེ། དཔེར་ན་སྦྲུལ་དུག་ཅན་ཞེ་སྡང་གི་མཚོན་དུ་ཆེ་བ་ལ་བཟུང་བ་ནི་ལུས་ཤིན་ཏུ་ཡང་སྡུག་བསྔལ་དུ་འགྱུར་རོ། །དེ་བཞིན་དུ་གང་ཡུལ་དུ་བྱས་པའི་སྟོང་པ་ཉིད་ནི། དེའི་འདུ་ཤེས་ཉིད་སྟོང་པས་བདག་ཏུ་འཛིན་པ་མ་ཞིག་པའི་ཕྱིར་དེ་དག་ནི་ཤེས་རབ་ཆུང་བའོ། །རྒྱུ་དེ་ཉིད་ཀྱིས་བཤད་པ་ལྟར། ལྟུང་བ་ནི་ཉེས་པ་ཤིན་ཏུ་ཡང་ཆེ་བས། རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་འབྱིན་པ་སྟེ། །གང་དག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོར་མི་རུང་ཞེས་བཤད། །ཅེས་ཀྱང་གསུངས་སོ། །སྟོང་པ་ནི་ཀླན་དཀའོ། །རྟོག་པ་གཞིལ་སླའོ། །ཞེས་བྱ་བ་ནི། ཉི་ཚེ་བ་ལས་མཉམ་པ་ཉིད་འབྱུང་བར་མི་འགྱུར་ཏེ། ཕྱོགས་མི་མཐུན་ལ། ཀུན་རྫོབ་ཏུ་ཐམས་ཅད་མི་སྤོངས་བ་ཡང་། རྟོགས་པ་ཙམ་དང་། ཡེ་ཤེས་སྒྱུ་མར་སྣང་བ་ནི། བདེན་པ་གཉིས་ཀྱི་གཏན་ཚིགས་ཀྱིས་མཐའ་ཐམས་ཅད་ལས་འདས་པར་འགྱུར་རོ། །འོ་ན་རྟོག་པར་མི་འགྱུར་རམ་ཞེ་ན། རྟོག་པར་མི་འགྱུར་པའི་དོན་ནི། །ཞེས་བྱ་བ་ནི། མུ་སྟེགས་པ་དང་ཡོད་པར་འདོད་པ་ལ་སོགས་པ་ཉིད་ཅུང་ཟད་ཀྱིས་འཐད་པར་གསུངས་པ་ལ་དྲིས་པ་སྟེ། དེའི་ལན་དུ། རྟག་པ་མེད་པས་ན་གཞན་བསལ་ཞེས་བྱ་བ་ནི། འདི་དག་སྐབས་ཀྱིས་གསུངས་པ་སྟེ། འབྲས་བུའི་དུས་ན་ཐམས་ཅད་ཀྱང་བདག་ཉིད་ཀྱི་ཕྱིར་གཅིག་པུ་པ་མིན་པ་དང་། དེའི་མཚན་ཉིད་ཡོངས་སུ་མི་ཟིན་པས་དེ་ལ་དེ་སྐད་ཅེས་བྱའོ། །ཆད་པ་མེད་པས་ནི་བདག་ཏུ་བསྡུས་པ་སྟེ། རྟག་ཆད་གཉིས་དག་གོ །ཞེས་བྱ་བ་ནི། སྔོན་དུ་ཡོད་པར་ཁས་བླངས་པ་ཉིད་ཐམས་ཅད་དུ་སྣང་བའི་ཕྱིར། འོག་ནས་ལུང་གིས་གསུངས་པ་སྟེ། ཐམས་ཅད་ཀྱི་གཞི་མི་འདོད་པ་མ་ཡིན་ནོ། །སྐྱེ་འགག་མེད་པས་ཀྱང་བཤིག་ལ། ཅེས་བྱ་བ་ནི། གང་སྐྱེ་འགག་མེད་པར་དུ་མ་ལས་གསུངས་པ་ཡང་གང་སེམས་ཉིད་ངོ་བོ་མ་གྲུབ་པ་ཉིད་ཅིར་ཡང་སྣང་བ་དང་འགྱུར་བ་ལ་རྟག་པ་མེད་དོ་ཞེས་བྱའོ། །བདག་དང་གཉིས་སུ་མ་གྱུར་པས་ཀྱང་དག་སྟེ། ཞེས་བྱ་བ་ནི། བཤད་ཟིན་ཏེ་གང་གཉིས་སུ་མེད་པ་ནི་གཅིག་དུའང་མི་འདོད་དེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐམས་ཅད་ནས་ཐམས་ཅད་དུ་རིལ་བདག་ཏུ་གཅིག་པ་རང་ལ་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའོ། །ཞེས་བྱ་བ་ནི། རྣམ་པ་དང་དུས་ཐམས་ཅད་དུ་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཀྱང་སེམས་ཉིད་དུ་རོ་གཅིག་པས་ཐམས་ཅ ད་ཀྱང་དེའི་ངོ་བོ་ཉིད་ཀྱི་ཕྱིར། རྫོགས་པ་ཆེན་པོ་ཞེས་བྱ་བ་སྟེ། སྒྱུ་མ་རྩལ་འཛིན་པ་ཉིད་བསམ་པ་པོའི་རྗེས་སུ་མཐུན་པར་སྣང་ཡང་བརྩལ་མི་དགོས་པས། དེ་ལ་དེ་སྐད་ཅེས་བྱའོ། །མཐུན་པར་སྣང་བ་ཉིད་གང་གི་མཚན་ཉིད་ཡིན། དེ་དག་གི་མཚན་ཉིད་ཅི་ལས་བཏགས་སྙམ་པ་ལ། དེ་མ་ཐག་ཏུ་ལུང་གསུངས་པ། །རྟག་པ་ཆེན་པོ་རྣམ་སྣང་མཛད། །སེམས་དཔའ་རྡོ་རྗེ་མི་བསྐྱོད་མཆོག །ཞེས་བྱ་བ་ནི། བདེ་བ་ཆེན་པོ་བསམ་པའི་རྗེས་སུ་མཐུན་པས་ཐམས་ཅད་དུ་སྣང་ཡང་རང་གི་ངོ་བོ་དེ་དག་གང་དུའང་འགྱུར་བ་མེད་པ་དང་། ཡེ་ཤེས་ཆེན་པོ་སྐུ་གསུམ་ལྷུན་གྱིས་གྲུབ་པ་དེ་ཉིད་ཐ་དད་དུ་སྣང་ཡང་རིས་སུ་མི་ཕྱེད་པའི་ཕྱིར་རྩོལ་བས་མི་བསྒུལ་བ་ནི། ཐུགས་ཀྱི་རིགས་དེ་མཚན་ཉིད་དེ་དག་ལ་སོགས་པའི་ཕྱིར། དེ་བཞིན་གཤེགས་པའི་དངོས་པོ་དེ་དག་ལ་སོགས་པ་དེ་དག་ཀུན་ཀྱང་ཐམས་ཅད་དུ་བྲལ་བ་མེད་པར་འདོད་པ་ཁོ་ནའོ་ཞེས་བྱའོ། །འདི་ལྟར་གསལ་བའི་དུས་ན། ཞེས་བྱ་བ་ནི། དེ་དག་གི་དོན་ཉམས་སུ་ལེན་པ་དེའི་དུས་ནི་ཤིན་ཏུ་དཀོན་ནོ་ཞེའོ། །རྟོག་ཅེའམ། མི་རྟོག་ཅེའམ། ཞེས་བྱ་བ་ལ་སོགས་པ་ནི་ནམ་ཞིག་ཉམས་སུ་ལོན་པའི་དུས་ན་ཁྱུང་ནམ་འཕང་གཅོད་པ་དང་འདྲ་སྟེ། མཐའ་ཐམས་ཅད་ལ་བློ་མི་གནས་པས་ལྟ་བ་དང་ཏིང་འཛིན་མཐར་ཕྱིན་པའི་དུས་ཉིད་དུ་ཡང་ཤེས་པར་བྱའོ། །འདི་ནི་ཐེག་པ་ཆེན་པོ་མདོ་སྡེ་དབུ་མ་ལ་སོགས་པས་གདར་བཅད་ནས། ཐེ་ཚོམ་གྱི་གླེང་གཞི་རིལ་དང་བྲལ་བས་ན། །ཞེས་བྱ་བ་ནི། ཉེ་བར་གཟུང་བ་ནི་བཤད་པར་བྱ་སྟེ། གང་ཐབས་དང་ཤེས་རབ་འབྲེལ་པ་ནི་ཐེག་པ་ཆེན་པོའོ། །དེ་དག་གང་ཞེ་ན། མདོ་སྡེ་བསྡུས་པ་ནི་དབུ་མ་པ་གཉིས་པོ་སྟེ། དེ་དག་གི་ལུགས་ཀྱིས་ལམ་གྱི་དུས་སུ་མཐའ་གཉིས་ལས་བླ་ནས་མི་དམིགས་པ་ལ་ཤས་ཆེས་གནས་པས་འབྲས་བུ་ཉིད་ལ་སེམས་གཉིས་པ་བྱེད་དོ། །དཔེར་ན་ལམ་ཁ་བྲག་ན་འདུག་པའི་མི་བཞིན་དུ་སེམས་དཔའ་དེ་ཡང་འབྲས་བུའི་སྐབས་ཉིད་ཀྱིས་དེ་དག་གི་དོགས་པ་བསལ་ནས། རིགས་པ་དང་ལུང་གིས་བརྟན་པར་བྱ་བ་ནི་དུས་ཐེ་ཚོམ་ཐམས་ཅད་ཆོད་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། ཞེས་གསུངས་ཏེ། གོ་སླའོ། །ལྟ་བ་འདིས་ཐག་བཅད་ནས་གསང་བའི་ཐེག་པ་འོག་མ་དག་ལ་ཟུར་ཙམ་ཡང་མ་བརྗོད་དོ། །ཞེས་བྱ་བ་ནི། ལྟ་བ་ནི་ཤེས་རབ་ཀྱི་བདག་ཉིད་དེ། རྒྱུ་དང་འབྲས་བུའི་སྐབས་གཉིས་སུ་གསུངས་པས་ཁྱིའུའི་ཚུལ་དུ་དེ་དག་ལ་མི་གནས་པར་གསུངས་ནས། མཐར་ཕྱིན་པར་བསྟན་ཏོ། །ཕལ་པས་མི་དམིགས་པ་ནི་གསང་བ་སྟེ། ཐེག་པ་ཆེན་པོའི་ཡང་ཆེན་པོར་གྱུར་པ་ནི། རྣལ་འབྱོར་ཆེན་པོ་ལ་སོགས་པ་སྟེ། དེ་དག་གི་སྐྱོན་དང་ཡོན་ཏན་ཅིས་སྤགས་པ་ནི་འོག་ནས་སྟོན་ཏོ་ཞེ འོ། །བཤད་པ་ཉིད་ནི་འབྲས་བུའི་གནས་སྐབས་ཀྱིས་ཕྱེ་བ་སྟེ། དེ་དག་མ་བཤད་པར་ཟེར་བ་ཡང་རྒྱུའི་སྐབས་ཀྱིས་འགལ་བ་མེད་དོ། །ཡང་ལུང་ལས་གོལ་ཏེ། ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་མདོ་སྡེ་དང་བསྟན་ཆོས་ཀྱི་ལྟ་བ་དང་སྒོམ་པ་ཉེན་ཡོད་དེ་གོལ་བའི་རྗེས་སུ་འཇུག་པ་ནི། སྔགས་གོལ་པ་ནི་གང་ཞེ་ན། དེ་བཞིན་ཉིད་ནི་རྒྱུ་དང་སྣང་། ཞེས་བྱ་བ་ནི་གོ་སླ་སྟེ། ཏིང་ངེ་འཛིན་འདི་དག་ནི་རྣལ་འབྱོར་ཆེན་པོའི་གཞུང་ངོ་། །ལྷ་བསྒོམ་པའི་རིམ་པ་སྨོས་པའི་དེ་བཞིན་ཉིད་ནི། ཞེས་བྱ་བ་ནི། འབྲས་བུ་ཐམས་ཅད་ཀྱིས་བཞག་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི་ལྷ་ཞེས་བྱ་སྟེ། དེ་དག་སྣང་བ་དང་ངོ་བོའི་གཞི་ཡང་དག་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། རིམ་པ་རྣམས་ཀྱི་ཡང་དང་པོར་སྨོས་སོ། །ལུང་ཆེན་པོ་མ་ཐོས་ཞིང་། མི་མཁས་པས་བལྟས་ན། བསམ་གཏན་དང་ཆ་མཐུན་པར་འདྲ་ན་ཡང་། ཅེས་བྱ་བ་ནི། རྒྱུད་ནི་སྟོན་པས་གསུངས་པའི་ཕྱིར་ལུང་སྟེ། དེ་དག་ནི་དོན་རིག་པས་མ་འགྲོལ་བའི་གང་ཟག་དེ་ནི། མུན་ཁང་དུ་ཞུགས་པའི་མི་ལྟར་བྱེ་བྲག་མི་ཕྱེད་ཅིང་ཉམས་མེད་པས། རྨོངས་པའི་རང་བཞིན་ཅན་ནོ། །དེ་དག་སྒྲའི་རྗེས་སུ་འགྲོ་བས་གང་མཐའ་གཉིས་ལས་གྲོལ་བ་དེ་ཉིད། ངེས་པའི་དོན་དུ་འདོད་པས་རྗེས་སུ་མཐུན་པར་མཐའ་གཉིས་སུ་མི་རྟོག་པ་ཙམ་དུ་འཇོག་གོ །ལུགས་ཉིད་ཀྱང་རྣམ་གྲངས་ཀྱི་བདེན་པས་མཚོན་ཏེ། སྤྲོས་པ་དང་བྲལ་བར་ལྟ་བ་དང་། མི་དམིགས་པར་འཇོག་པ་ནི། ཆ་རྣམ་པ་གསུམ་གྱི་འདྲ་བ་ནི་མཐུན་པ་ཞེས་བྱའོ། །ཡང་ཞེས་བྱ་བ་ནི་མི་མཐུན་པའི་ཁྱད་པར་ཅན་ཡོད་དོ་ཞེས་ཟེར་རོ། །དེ་ནི་སྔགས་ཀྱི་ལུང་ལྷའི་ཏིང་ངེ་འཛིན་དུ་འགྲོ་བ་དང་། ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་བྲལ་བར་མི་འདོད་པ་མ་ཡིན་མོད་ཀྱང་། གང་སྟོང་པ་ཆེན་པོའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས། ཅིར་ཡང་གསལ་བའི་ཡེ་ཤེས་ཆེན་པོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཅེས་བྱ་སྟེ། དེས་ན་དུས་ཅིག་ཏུ་བསྒོམ་པར་ཡང་འཆད་དོ། །བསམ་གཏན་ནི་ཚེ་རབས་ཀྱི་བགགས། རྣམ་པར་མི་རྟོག་པས་རྒྱུད་སྦྱང་ཞིང་དགོན་པ་གསུམ་ལ་གནས་ཏེ། ཅུང་ཟད་ཀྱང་རྟོག་པ་འབྱུང་དུ་དོགས་པ་གཉིས། ཞེས་བྱ་བ་ནི། གང་སྐལ་པ་མང་པོ་ནས་ཀུན་བརྟགས་ལ་མངོན་པར་ཞེན་པའི་བག་ཆགས་ནི་ཤེས་རབ་དང་ཏིང་ངེ་འཛིན་མ་གཏོགས་པར། གཞན་གྱིས་མི་འདག་པས་ཕྱི་མ་བཤིག་པ་ཉིད་ཀྱི་རྗེས་སུ་ཏིང་ངེ་འཛིན་མཉམ་པར་བཞག་པ་ཡང་། ཀ་ལི་དང་། ཨ་ཏ་ག་དང་། ཀ་ལི་དང་། གསུམ་ལ་གནས་པའི་དུས་ན། བྱུང་བ་དང་ཚོར་བས་རང་ས་ཞི་བ་ཉིད་ཀྱང་དོགས་པ་དང་བཅས་པའི་ཕྱིར། །ཤེས་བཞིན་ལ་གནས་དགོས་པ་སྟེ། རྒྱུ་དེ་དག་གིས་རྟོགས་པ་ལྡང་བ་ཇེ་ཞི་ཇེ་ཞི་འཕྲ་བའི་མཐའ། གཟུང་འཛིན་མཉམ་དུ་དག་ནས། ཆོས་ཉིད་མངོན་དུ་འབྱེད་པའོ། །འཇུག་པའི་སྒོ་དང་། ལྟ་བའི་བཞེད་དང་། ཕྲིན་ལས་ཀྱི་ཁྱད་པར་གཞི་ནས་སོ་སོ་སྟེ། །ཞེས་བྱ་བ་ནི། ཚོགས་ཀྱི་མཐར་ལམ་བཞིའི་སྐབས་སུ་ཀུན་རྫོབ་ཏུ་སྒྱུ་མར་ཤེས་པས་དོན་དམ་པར་མ་སྐྱེས་པར་འང་མཐོང་སྟེ། དེ་ནས་ཐབས་དང་ཤེས་རབ་གཉིས་ཀ་བསྟེན་དགོས་པའི་ཕྱིར། གཉིས་ག་ལ་དུས་མཉམ་དུ་གནས་པ་ནི། འདུ་ཤེས་གཉིས་པའི་ལྟ་བ་སྟེ། ཐབས་ཀྱི་འདུ་བྱེད་མང་པོ་ཡང་། སེམས་གཡོས་པས་བྱེད་པའི་ཕྱིར། སྒྱུ་མར་འདོད་པ་ཁོ་ནའོ། །གང་ཞིག་ཐབས་ཆེན་པོ་ལ་བསྟེན་ནས་དབང་ཆེན་པོ་ཐོབ་པའི་དུས་ན། ཕུང་པོ་ལ་སོགས་པ་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ཉིད་ལྷའི་དཀྱིལ་འཁོར་ཏེ། འདུ་ཤེས་བྲལ་བས་མཐོང་བ་མེད་པའི་ཚུལ་གྱིས་གསལ་ཏེ། ཐབས་ཀྱིས་སྤྱོད་པ་སེམས་དཔའ་ལའང་ཡོད་མོད་ཀྱི། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པས་རྩོལ་བ་དང་བྲལ་ཞེས་བྱའོ། །དེ་དག་ཕུང་པོ་ལ་སོགས་པ་ཡང་། རང་བཞིན་ཁོ་ནའི་ཕྱིར་ལྷར་གསལ་བ་དང་དེ་དག་གནས་སྐབས་ཀྱིས་བསྒྱུར་བ་དང་། དེས་དོན་བྱེད་པའང་སྐད་ཅིག་མའི་རིམ་པ་གསུམ་གྱིས་འགྲུབ་པའི་ཕྱིར་གསུངས་པ། སྔགས་ཆེ་བའི་ཁྱད་པར་ནི། སྐད་ཅིག་ནས་སྐད་ཅིག་ཡུད་ཙམ་གྱིས་ཀྱང་མཐའ་ཡས་པའི་སེམས་ཅན་གྱི་དོན་མ་ལུས་པར་བྱེད་པ། དབུགས་འབྱིན་པའི་དཀྱིལ་འཁོར་ཞི་ཁྲོར་བསྒྱུར་ཞིང་སྤྲུལ་པ་མང་པོས་དོན་བྱེད་པ་དང་། བསྲེར་མི་བཏུབ་པོ། །ཞེས་གསུངས་སོ། །དེ་དག་གི་མཚན་ཉིད་དང་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་གསུངས་པས། སྔགས་ཀྱི་དེ་བཞིན་ཉིད་ཀྱང་ལུང་གིས་མ་ཟིན་ན་མི་རུང་སྟེ། ཞེས་བྱ་བ་ནི། དེ་བཞིན་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་མོ། །ཀྱང་ནི་གོལ་བར་རྗེས་སུ་མཐུན་པའོ། །དེ་དག་གཞུང་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་བར་སྟོན་པས། རྗེས་སུ་མི་མཐུན་པ་ནི་གཞུང་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གཅིག་བསྒོམས་ན་གཅིག་མི་བཏུབ་སྟེ། གསུམ་སོ་སོ་པ་ཉིད་གོལ་ཚབས་ཆེ་བས། ཞེས་བྱ་བ་ནི། ལུགས་ཉིད་ཀྱིས་ཐམས་ཅད་ཅིར་ཡང་སྣང་ཡང་། གཅིག་ལས་མ་གཡོས་པར་བཞེད་ཅེ་ན། སྣང་སྟོང་རིས་སུ་གོ་ཕྱེ་བས་བསྒོམ་པའི་སྣང་བ་དང་མུན་པ་བཞིན་དུ། གཅིག་གི་ནང་དུ་གཅིག་མི་བཏུབ་པས། བདེན་གཉིས་དབྱེར་མེད་པ་མཉམ་པའི་ལུགས་ལས་གོལ་བས་གཞུང་ཉམས་པ་ཞེས་བྱའོ། །འོ་ན་ཚིག་གི་བྱེ་བྲག་ཏུ་བསྟན་པ་ལ་དོན་མེད་དོ་སྙམ་པ་ལ། འདི་གསུམ་ཡང་གསར་བུ་རྣམས་ལ་སོ་སོར་བསྟན་པའི་ལུང་ཡིན་པར་ཟད་ཀྱི། ཞེས་བྱ་བ་ནི། གང་ཐེག་པ་ཆེན་པོ་ལ་མ་གོམས་པ་རྣམས་ནི་གསར་བུ་སྟེ། དེ་དག་གཉིས་ཀྱི་འདུ་ཤེས་ལ་གནས་པའི་ཕྱིར། དེའི་རྗེས་སུ་མཐུན་པར་གོ་ཕྱེ་ནས་བསྒོམ་པར་ལུང་བསྟན་གྱི། མཐར་ཐུག་པ་ནི་མ་ཡིན་ནོ་ཞེའོ། །ཀུན་གྱིས་ནི་དུས་ཅིག་ཏུ་བསྒོམ་དགོས་སོ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ཉིད་ནི། སྐལ་པ་མང་པོར་བློ་སྦྱངས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། ཀུན་གྱིས་ཞེས་གསུངས་པ་སྟེ། དེ་དག་གི་མཚན་ཉིད་མ་འདྲེས་ཀྱང་འདུ་ཤེས་གཉིས་པ་མེད་དོ། །འོ་ན་དེ་བཞིན་ཉིད་ནི་མི་དམིགས་པ། རྒྱུ་ནི་དམིགས་པ་ཅན་ཏེ། འདི་གཅིག་ཏུ་བསྒོམ་པར་དཀའ་འམ། མི་བཏུབ་འདྲ་ན་ཡང་། ཞེས་བརྒལ་པ་སྟེ་གང་དངོས་པོའི་དབང་དུ་ཡིད་ལ་བྱེད་པ་མེད་པ་ནི་མི་དམིགས་པ་ཞེས་བྱ་ལ། གང་གི་དངོས་པོ་ཡིད་ལ་བྱས་པས་གསལ་བ་ནི་དམིགས་པ་ཅན་ཞེས་བྱ་སྟེ། དེ་གཉིས་དུས་ཅིག་ཏུ་ཕལ་གྱི་བློས་མི་ལྕོགས་ཏེ། འཐད་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་དྲིས་སོ། །ཡང་ཞེས་བྱ་བ་ནི་རྗེས་སུ་མཐུན་པ་སྟེ། གཏན་ཚིགས་འཐད་པ་ཉིད་དུ་འགྱུར་རོ་ཞེའོ། །ལུང་གིས་བགྲོད་དང་སླའོ། །ཞེས་བྱ་བ་ནི། ལུང་སྟོན་པ་པོའོ། །དེ་དག་གིས་གཞུང་བསྒྲུབ་པ་ནི་བགྲོད་པ་སྟེ། དེ་དག་མང་བས་སྒྲས་འཇིགས་ནས་མ་བསྡུས་ཀྱང་དོན་ཉིད་ནི། དངོས་པོ་ཉིད་ནས་མ་གྲུབ་པ་ལ། བསམ་པ་དང་བྲལ་བ་དང་། མཚོན་ཏུ་མེད་པའི་ཡེ་ཤེས་སུ་གསལ་བའི་དུས་དེ་ཉིད་ན། ཐམས་ཅད་ཀྱང་ཚང་བས་མ་འདྲེས་པ་ལ། ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་དག་གི་རྗེས་སུ་མཐུན་པའི་གཏན་ཚིགས་ཀྱིས། བསྒྲུབ་པའི་ཕྱིར། དེ་ལ་དཔེར་ན་ཆུ་ཟླ་དང་མེ་ལོང་དང་མཚོ་རླབས་ཀྱིས་མཚོན་པ་ནི། ཁོང་ནས་འབྱུང་བའི་རྒྱུ་རང་ལས་གསལ་ཏོ། །ཟིན་ཆགས་ཀྱི་སྐྱོན་མེད་དོ། །ཞེས་བྱ་བ་ནི། གང་ཆུ་དང་ཟླ་བ་ནི་མཚན་ཉིད་ཀྱིས་གདགས་པ་མིན་པར་དབྱེ་བར་དཀའ་ལ། སྣང་བ་ཉིད་ནའང་གྲུབ་པ་མེད་དོ། །འདི་དག་དངོས་པོ་དང་དེ་བཞིན་ཉིད་ཀྱང་རྗེས་སུ་མཐུན་ལ། མ་གྲུབ་པ་ཉིད་ཀྱང་གཞན་དུ་དམིགས་སུ་མེད་དོ། །གཟུགས་བརྙན་ནི་བཞིན་ལས་གཞན་དུ་སྣང་བ་མེད་དོ། །ཇི་ལྟར་བསྟན་པ་བཞིན་ནོ་གང་སེམས་ཅན་རྣམས་བདག་ཉིད་ལས་མི་གཞན་པས། མ་སྐྱེས་པར་གསལ་བ་ཉིད་ཀྱི་དུས་ན་བསྒོམ་པ་གཉིས་ག་འགྲུབ་བོ། །བརླབས་ནི་མཚན་ཉིད་དེ། གནས་སྐབས་ཀྱིས་མིང་ཙམ་མོ། །གང་སེམས་ཉིད་ནི་ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། སེམས་ཉིད་ཡི་གེའི་རང་བཞིན་དང་། ཡི་གེ་སེམས་ཀྱི་ངོ་བོར་གསུངས་པས། བཤད་པའི་བསྒོམ་པ་ཉིད་ཡི་གེ་སྟེ། དབྱེ་བར་དཀའ་བ་དང་མི་གཞན་པས་དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་ཚུལ་གྱིས། གཅིག་དང་དུ་མ་ལས་གྲོལ་བར་ཤེས་པ་ནི་བསྒོམ་མི་དགོས་ལ། བསྒོམས་ཀྱང་ཉེས་པ་མེད་པས། བསྒོམ་པའི་གནས་མེད་དག་དུ་རབ་རྟོགས་ན། བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ་ཞེས་གསུངས་སོ། །དེ་ལ་གསུམ་གྱི་དངོས་པོ་སོ་སོར་ས་མ་ཟིན་པ་དང་དེའི་རྗེས་སུ་བསྒོམ་པའི་བློ་མ་ཆགས་པས་གང་ལྟར་བསྒོམས་ཀྱང་ཉེས་པ་མེད་དོ། །སེམས་ཅན་མི་ལས་སངས་རྒྱས་ཀྱི་སྐུར་བསྒོམ་པ་དང་། ཞེས་བྱ་བ་ནི། འབྱུང་བའི་ལུས་ཉིད་སེམས་ཁོ་ན་ལས་མི་གཞན་པར་མ་སྐྱེས་པར་གསལ་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཡེ་ཤེས་སྐད་ཅིག་མས་དབང་བསྒྱུར་བ་ནི་བསྒོམ་པའོ། །འདིའི་དུས་སུ་ཡང་ཐ་མི་དད་པར་སྟོན་ཏོ། །བདག་གཅིག་པུ་ལས་དཀྱིལ་འཁོར་ཀྱི་ལྷ་མང་པོ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་འཕྲོ་འདུ་གསལ་བ་ཉིད་ཀྱིས་དག་གོ །ཞེས་བྱ་བ་ནི་གོ་སླ་སྟེ། ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་བཞིན་ཉིད་ནི་རང་གི་ངོ་བོ་མ་གྲུབ་པས། དེར་སོན་པའི་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པར་ཡང་སྣང་ངོ་། །དེ་དག་གི་ཕྱིར་ཡི་གེ་ལ་སོགས་པར་བྱུང་བ་དང་མ་བྱུང་བ་ལ་ངེས་པ་མེད་པས། སོ་སོར་བསྒོམ་པའི་སྐྱོན་མེད་དོ། །ལ་ལ་དག་བདེན་པ་གཉིས་རིས་སུ་རྟོག་པས། ལྷ་ནི་ཀུན་རྫོབ་ཁོ་ན་སྟེ། ཡང་དག་པའི་གཟུང་བ་ཀུན་བརྟགས་སུ་འགྱུར་རོ་ཞེས་ཟེར་བ་རྣམས་ཀྱི་དོགས་པ་བསལ་བའི་ཕྱིར། དྲིས་ཤིང་ལན་བཏབ་སྟེ། འོ་ན་ལྷར་གསལ་བ་ཉིད་རྟོག་པ་ཡིན་ཟེར་ཏེ། དེ་ནི་ལུང་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །སད་པའི་དུས་ན་རང་བཞིན་ཡོང་གིས་མཉམ། །དེ་བཞིན་རྣམ་པར་རྟོག་དང་མི་རྟོག་ཀྱང་། །རིག་པའི་དུས་ན་རང་བཞིན་ངོ་བོས་མཉམ། །ཞེས་གསུངས་པ། གོ་སླ་སྟེ་ལྷ་ནི་ཡང་དག་པའི་རྟོག་པར་བསྟན་མོད་ཀྱི། བདེན་པ་གཉིས་མི་ཕྱེད་པའི་དོན་ཤེས་པའི་དུས་ན། ཡེ་ཤེས་ཀྱི་ལྷ་ཡིན་པའི་ཕྱིར་གཉིས་སུ་མེད་པ་ཁོ་ནར་གསུངས་སོ། །མ་བཅོས་པར་ཡེ་ནས་ལྷུན་གྱིས་རྫོགས་པ་ཡིན་ནོ། །ཞེས་བྱ་བ་ནི། ཏིང་ངེ་འཛིན་གསུམ་ལ་སོགས་པ་ནི་བསམ་པའི་དབང་སྟེ། རྒྱུ་རྐྱེན་གྱིས་མ་བྱས་པར་སྐུ་གསུང་ཐུགས་ལ་སོགས་པའི་རང་བཞིན་གྱིས་མ་ཚང་བ་མེད་དོ། །དེའི་ཕྱིར་ན་རྫོགས་པ་ཆེན་པོ་དང་འབྲས་བུའི་ཐེག་པ་ཞེས་བྱའོ། །འོ་ན་གདོད་ནས་རྫོགས་ནད་བསྒོམ་པ་འདི་ནི་དོན་མེད་དོ་བར་དོགས་པ་ལ། དོན་མེད་པ་ནི་མ་ཡིན་ཏེ། ཞེས་གསུངས་ཏེ། ལས་དང་པོ་པའི་སྒོམ་པ་ཡང་དོན་མེད་པར་མ་ཡིན་ཏེ་ཞེའོ། །ལུང་གིས་གསུངས་པ། མེད་པའི་རྒྱུ་ལས་ཡོད་གསལ་བ། མ་མཐོང་འདྲིས་པའི་དཀྱིལ་འཁོར་མཆོག །ཞེས་བྱ་བ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་མཚན་ཉིད་མེད་པ་ཉིད་ལྷ་ཐམས་ཅད་ཀྱི་འབྱུང་གནས་དང་ངོ་བོར་གྱུར་པས་སེམས་ཉིད་ལྷར་སྣང་བས་ཡུལ་མ་གྱུར་པ་དང་། སྔོན་མ་མཐོང་ཡང་མང་དུ་གོམས་པར་རང་སྣང་བ་ལ་སྣང་སྟོང་གཉིས་སུ་མེད་པར་གསལ་བ་ནི། འབྲས་བུའི་མཆོག་སྟེ། འགལ་བ་མེད་དོ། །འོ་ན་དེའི་བསམ་པས་བྱས་པའི་ཕྱིར་སྔར་མཉམ་པར་ཁས་བླངས་ཀྱང་། དེ་ཅིའི་ཕྱིར་རྟོག་པར་མི་འགྱུར་སྙམ་པ་ལ། དང་པོ་མེད་པའི་རྒྱུ་ཡིན་ན། དེ་ལ་རྟོག་པའི་རྫས་ཅི་ཡོད། །ཅེས་བྱ་བ་ནི། ཞོར་ལ་བཤད་པ་སྟེ། སེམས་མཚན་མ་མེད་པ་ཉིད་ལྷར་སྣང་བའི་ཕྱིར་རྒྱུས་འབྲས་བུ་ཡོངས་སུ་དག་པར་གསུངས་སོ། །འདི་དག་ནི་སྤྱོད་པ་ཆེན་པོའི་བཞེད་དོ། །ཞེས་བྱ་བ་ནི། ཉེ་བར་བསྟན་པ་ནི་དེ་བཞིན་ཉིད་ཀྱང་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་ལ་སོགས་པ་ནི། ཚོགས་གཉིས་གར་ཡང་འགྱུར་བས་ཆེན་པོ་སྟེ། གཞུང་མ་ནོར་བར་གསུངས་པའོ་ཞེས་བྱའོ། །སྔགས་ཀྱི་ལུང་གསལ་བ། ཞེས་བྱ་བ་ནས། བན་ཐངས་མི་ཕྱེད་དེ་མདོངས་སོ། །ཞེས་བྱ་བའི་བར་དུ་ནི། གོ་སླ་སྟེ་ལུགས་མི་མཐུན་པའི་ཕྱིར། ཐེག་པ་གཞན་གྱི་ཚད་མས་གཞུང་བསྲེས་པ་རྣམས་ཀྱིས་མཐོང་ཞིང་། ཆ་མཐུན་པ་ལས་བློ་གོལ་བའི་དབང་གིས་གཅིག་ཏུ་བསྟུན་ཏེ། རིགས་པ་ངན་པས་གཞུང་བཙུགས་པ་ནི། སྔགས་ཀྱི་རིགས་པ་ཉམས་ཤིང་། མདོ་སྡེ་བ་བགྲོད་པར་མི་ནུས་ཤིང་། དེ་དག་གཅིག་ཏུ་བྱེད་པ་ཉིད་རང་གི་བློས་རྨོངས་པས། གཞན་གྱི་དམིགས་བཀག་སྟེ་སྒྲིབ་པ་ཆེན་པོར་འགྱུར་རོ་ཞེས་གསུངས་སོ། །དེ་དག་ལྟར་ལུང་གིས་གསལ་ཞེས་དྲིས་པའི་ལན་དུ། ཨེ་མའོ་རབ་ཏུ་དག་པའི། བདག་གི་རྡོ་རྗེ་པད་མོ་འདི། ཞེས་བྱ་བ་ནི། གང་ལུགས་མི་མཐུན་པའི་ཕྱིར། ངོ་མཚར་དུ་གྱུར་པ་སྟེ། སྤྲོས་པ་རྣམས་དང་རྒྱུ་རྐྱེན་ལ་སོགས་པས་མ་རེག་པ་ནི་དག་པའོ། །ཕན་ཚུན་འབྲེལ་པའི་དངོས་པོ་ཉིད་ནི་མཉམ་པ་ཉིད་ཀྱི་དབྱིངས་དང་། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་མཐའ་ཐམས་ཅད་ཀྱིས་མ་རེག་པ་དང་། སྐྱེ་འཇིག་མེད་པའི་ཕྱིར་རྡོ་རྗེ་པད་མ་ཞེས་བྱའོ། །ཕ་ཡིན་ཏེ་ནི་བདག་གི་བུ། རིགས་འདི་ཡེ་ནས་ལྟ་བའོ། །ཞེས་བྱ་བ་ནི། འདི་དག་ནི་གཞི་དང་ངོ་བོ་ཉིད་ཀྱི་ཕྱིར། རྟོགས་ནས་སྣང་བར་འགྱུར་བའི་ཕྱིར། ཕན་ཚུན་རྒྱུ་དང་འབྲས་བུར་གྱུར་པས། རིགས་འཁོར་བ་ནི་རྟོག་པའི་ངོ་བོ་བཙན་ས་མ་ཡིན་བར། བསྐྱོད་དུ་སོང་བ་མེད་པའི་ཕྱིར། གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན་ཞེས་གསུངས་སོ། །དེ་དག་ལུགས་མི་མཐུན་པའི་རིགས་པ་རྣམས་ཀྱིས་མི་ཕེབས་པའི་ཕྱིར། གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔོག་དང་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། ཞེས་གསུངས་ཏེ། བློས་མི་དཔོགས་ཏེ། ཕྱོགས་མཐའ་ཡས་པ་ཡིན་པའི་ཕྱིར་ཕྱོགས་འགའི་དཔེ་དང་ལུགས་མི་མཐུན་པའི་ལུང་ལ་འཇུག་པའི་གཏན་ཚིགས་དང་རྗེས་སུ་མཐུན་པའི་རིགས་པར་འགྲོ་བའི་བློས་ཉམས་སུ་མི་མྱོང་བས། དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གཞན་དག་གི་ལུགས་མ་བཀག་པའོ། །དེ་བས་གསང་སྔགས་བདག་ཉིད་ཆེ། ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ཁྱད་པར་དུ་ཡང་འགྱུར་ཏེ། མིང་གིས་མཚོན་པའི་དངོས་པོ་ཉིད་ནི། བཤད་པ་བཞིན་དུ་གཞན་མེད་པ་ནི་བདག་ཉིད་ཆེན་པོའོ། །རྒྱ་མཚོ་དཔེར་གསུངས་པ་ཅིའི་ཕྱིར་སྙམ་པ་ལ། དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །ཞེས་གསུངས་ཏེ། གང་ཞིག་ཐོབ་པར་བྱ་བའི་འབྲས་བུ་རྣམས་ནི་དངོས་གྲུབ་སྟེ། དེ་དག་སྐུ་གསུང་ཐུགས་ལ་སོགས་པའོ། །དེ་དག་རང་བཞིན་མེད་པར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་ལས་དག་པའི་ངོ་ལ་སྣང་བ་ནི། རྫོགས་པ་དང་རྒྱུད་དུ་མ་འགགས་པར་སྣང་བས་འཁྲིགས་པ་ཞེས་བྱ་སྟེ། དེ་དག་གི་གྲངས་དང་ངོ་བོ་ཉིད་བསམ་ཡས་པས་ཚད་གཟུང་དུ་མེད་པའི་ཕྱིར་རོ། །ལུགས་གཞན་མ་བཀག་པ་གང་ཡིན་སྙམ་པ་ལ། ལུང་དང་མན་ངག་ཐོབ་པས་འགྲུབ། །ཅེས་བྱ་བ་ནི། ཀུན་ཏུ་བཟང་པོས་གསུངས་པའི་ལུང་དང་རྗེས་སུ་མཐུན་པའི་རིགས་པ་གདེང་དུ་གྱུར་པའི་ཉམས་དག་དང་མི་འགལ་བར་བློས་མྱོང་བ་ནི་ཐོབ་པ་ཞེས་བྱ་སྟེ། དེས་མངོན་དུ་བྱེད་པར་འགྲུབ་པོ་ཞེས་གསུངས་སོ། །གཏན་ཚིགས་ཀྱི་སྒོ་ནས་བསྒྲུབ་བྱ་ཉིད་ཀྱང་མ་འདྲེས་པར་བཤད་ལ ། རྗེས་སུ་འཇུག་པའི་ཉམས་ཀྱང་མ་འདྲེས་སོ་ཞེས་འགོ་ཡང་དྲང་ངོ་། །དཔེར་ན་ནས་དང་བྲ་བོ་བསྲེས་ནས་གཅིག་ཏུ་བླུགས་ཀྱང་སོ་སོར་གསལ་བ་དང་འདྲ་བར། སྔགས་དང་བསམ་གཏན་བསྲེས་ཀྱང་། མཁས་པས་བལྟས་ནས་སྔགས་ཆེ་བའི་ཁྱད་པར་མ་འདྲེས་པར་གསལ་ལོ། །ཞེས་བྱ་བ་ནི། འདི་ནས་མར་དཔེ་དང་ལུང་གི་སྒོ་ནས། དངོས་པོ་ལ་ཁྱད་པར་ཆེ་བའི་ཕྱིར། དེ་དག་གི་རྗེས་སུ་འཇུག་པའི་ཉམས་ཀྱང་ཁྱད་པར་ཡོད་པར་སྟོན་ཏོ་ཆ་མཐུན་པ་ལ་རྨོངས་པས་གཅིག་ཏུ་བྱས་ཀྱང་། ལུགས་ཉིད་མི་མཐུན་པའི་ཕྱིར་ཉམས་ཀྱི་རིག་པ་རྙེད་པ་དག་ལ་ཤིན་ཏུ་གསལ་ལོ་ཞེས་ཟེར་རོ། །དེ་ཉིད་ལུང་གིས་གསུངས་པ། བདེ་བ་ཆེན་པོ་གང་གནས་པ། །ཅེས་བྱ་བ་ནི། བློ་དམིགས་པ་ཐམས་ཅད་དང་བྲལ་བ་ནི་རྩོལ་བའི་ཟུག་རྔུ་མེད་པས་བདེ་བ་ཁོ་ན་སྟེ། གང་དུ་ཡང་མ་ངེས་པ་ཉིད་ངེས་པ་རྙེད་པ་སྟེ། བློ་ཡང་རབ་ཏུ་གྱུར་པ་རྣམས་དོན་དང་མཐུན་པར་འདུག་པ་ནི་གནས་པ་ཞེས་བྱའོ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་བྱ་བ་ནི། བསྒྲུབ་བྱ་ཉིད་གདོད་ནས་གནས་པའང་སྐྱེ་བ་དང་འཇིག་པ་མེད་པ་ནི་རྟག་པ་ཆེན་པོ་སྟེ། དེ་དག་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྟན་པ་ནི་གང་ཞིག་གནས་སོ་སོའི་འདོད་པ་ཐམས་ཅད་ཉེ་བར་སྣང་བས་ལོངས་སྤྱོད་རྫོགས་པ་ཅེས་བྱ་སྟེ། སྐབས་ཀྱིས་མངོན་པར་བྱང་ཆུབ་པའོ། །ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ། ཅེས་བྱ་བ་ནི། དེའི་ངོ་བོ་ཉིད་ནི་རང་གི་མཚན་ཉིད་མ་གྲུབ་པ་དང་། ཐམས་ཅད་བདག་ཉིད་ཀྱི་ཕྱིར། འབྲས་བུ་རྣམས་དང་འགྲོ་བའི་དོན་ལ་ཡང་འདོད་པ་མེད་པ་དང་། དེ་ཉིད་དུ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས། རེ་བ་རྣམས་ཡོངས་སུ་སྐོང་བ་ནི་གཞུང་ཉིད་དོ། །བྱང་ཆུབ་ཀྱི་སེམས་སོ། །སྟོང་པས་བརྩལ་བས་རྙེད་པར་ག་ལ་འགྱུར། ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ནི་གང་སྟོང་པ་ཉིད་ལ་གནས་པ་རྣམས་ཀྱི་དུས་ན། དེ་ཉིད་དུ་བློས་རེག་པ་ཤིན་ཏུ་དཀའོ། །ཐིག་ལེ་ཆེན་པོར་ཡེ་གནས་ཆུ་གནས་པ། ཡེ་ཤེས་སྙིང་པོ་དེ་ལས་གུད་ན་མེད། ཅེས་བྱ་བ་ནི། གང་བཤད་པ་བཞིན་ཐམས་ཅད་བདག་ཉིད་དུ་གྱུར་པས་ནི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་པས་ཐིག་ལེ་ཆེན་པོ་སྟེ། དེ་དག་རྒྱུ་རྐྱེན་གྱིས་མ་བྱས་པས་ཡང་ཐམས་ཅད་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཀློང་འབའ་ཞིག་གི་ཡེ་ཤེས་སུ་གསལ་བ་དེ་ནི། ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་སྣང་བའི་གཞིར་གསུངས་ཏེ། རང་བཞིན་གྱིས་གནས་པའི་ཕྱིར་གཞན་ནས་ཐོབ་པར་བྱར་མེད་དོ། །དེ་དག་གསལ་བའི་དུས་ཉིད་ན་འབྲས་བུ་མངོན་དུ་བྱས་པའོ། །དེ་ལྟར་བསྟན་པའི་ཐེག་པའི་མཆོག་དང་། མདོ་སྡེའི་བསམ་གཏན་བསྲེས་ཏེ་བསྒོམས་ཤིང་སྤྱད་པ་ནི། སྔགས་ཀྱི་ནུས་མཐུ་ཉམས་ཤིང་། མདོ་སྡེའི་ལྟ་སྤྱོད་འཚོལ་བའི་ཉེས་པ་ཡོད་པའི་ཕྱིར། མར་དང་སྤྱིན་དུ་བསྲེས་པས། སྤྱིན་གྱི་སྟོབས་ཀྱང་ཉམས་ལ། མར་གྱི་མདོག་ཀྱང་ཉམས་ཏེ་གཉིས་ཀ་མ་རུང་ངོ་། །ཞེས་གསུངས་སོ། །སྔགས་ཀྱི་སློབ་དཔོན་བཟང་ངན་དང་ལྟ་སྤྱོད་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཕྱི་དང་ནང་གི་ཆོས་འདི་དག་མ་འདྲེས་པར་སོ་སོར་གསལ་ལ། བཀྲི་དྲང་གི་དོན་གང་ཡང་མ་སྤངས་པར་མཉམ་པ་ཆེན་པོའི་ངང་ཆོས་ཀྱི་དབྱིངས་སུ་བཟླུམས་པ་སྟེ། སངས་རྒྱས་ཀྱི་བསྟན་པ་མ་ལུས་པར་མཁྱེན་ཅིང་། ལུང་ཆེན་པོ་ལ་གནས་པའི་སྐྱེས་བུ་ནི། ཅེས་བྱ་བ་ནི། དངོས་པོ་གཉིས་ཀྱང་མི་འདོད་པ་མ་ཡིན་ལ། བློའི་ཁྱད་པར་གྱིས་གསུངས་པའི་ཐེག་པ་གཉིས་ནི་ཕྱི་དང་ནང་སྟེ། དེ་དག་སྣོད་ཀྱི་རིམ་པས་ཅུང་ཟད་ནས་མ་འདྲེས་པར་གསུངས་པ་ལྟར། མཁྱེན་ནས་གདུལ་བྱ་དང་མཐུན་པར་འཇུག་ཅིང་སྤྱོད་ཀྱང་དེ་དག་མཉམ་པ་གསུམ་གྱི་དོན་གྱིས་ཟིན་པས་འདུ་ཤེས་འཇིག་པ་མེད་པ་ནི། གང་ཡང་བྱས་པ་མེད་དོ། །ཐམས་ཅད་དུ་དེ་དག་གི་བྱེ་བྲག་དང་གནས་སྐབས་མཁྱེན་པས་འཇུག་ཅིང་། དགོངས་པ་མ་གཡོས་པ་ནི། ཐེག་པ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། ལྟ་སྤྱོད་ཁྱད་པར་དུ་འཕགས་པས་ཡོན་ཏན་གསུམ་རྫོགས་པར་གསུངས་སོ། །ལུས་མི་ཡིན་ཡང་སེསམ་སངས་རྒྱས་སོ། །སྟོན་པ་པོ་འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་སྟེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱང་སྤྱི་གཙུག་གི་ལེན་པ། ཕྱི་ནང་གི་དམ་ཅན་ཐམས་ཅད་ཀྱང་བཀའ་ཉན་ཏེ་ཅི་བསྒོ་བའི་ལས་བྱེད་དོ། །ཞེས་བྱ་བ་ནི། གང་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུས་མ་ཕྱེ་བའི་ཆོས་ཀྱི་སྐུས་ཕྱེ་བའི་ཕྱིར། དོན་ཀྱང་མཛད་སྤྱོད་པས་མཚན་བཏགས་ཏེ། བསྔགས་པ་བརྗོད་དོ། །གང་ཞིག་དེ་དག་དང་ཁྱད་པར་མེད་ཅིང་ཤིན་ཏུ་ཆེ་ཞིང་གཉན་པར་བསྟན་པའི་ཕྱིར་དང་། དཀའ་བ་མང་པོས་བསྒྲུབས་པས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་འགྱུར་བའི་ཕྱིར་འདི་དག་འཐད་པ་ཁོ་ནར་འགྱུར་རོ། །འདི་ལྟར་ནི་མ་རྟོགས། ལུང་ནི་མེད། མ་རིག་པའི་མུ་ང་རྒྱལ་གྱིས་བཟུང་ནས་སྨྲ་བ་ནི་ཤིན་ཏུ་ཡང་འཁྲུལ་པར་འགྱུར་ཏེ་འགལ་ལོ། །ཞེས་བྱ་བ་ནི། རིགས་པ་ལུང་གིས་མ་ཟིན་པས། །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །ཐེག་ཆེན་མཉམ་འདྲེའི་ཆོས་སྨྲས་ཀྱང་། །ཀུན་བརྟགས་ལྡོག་པར་མི་འགྱུར་བས། །ལོག་པར་འདྲེན་པའི་སྡེ་དཔོན་ཡིན་ཞེས་གསུངས་སོ། །དེ་དག་གི་ཕྱིར་གསུངས་པ། རྫོགས་ཆེན་བླ་ན་མེད་པར་ཁས་འཆེས་ནས། ཏོན་མུན་བསམ་གཏན་ཙམ་ལ་རྟེན་འཆའ་བ། །རྒྱལ་བའི་སྲས་འབངས་བཅས་པས་ལུང་དང་འགལ། །ཞེས་གསུངས་ཏེ། དཔེར་ན་རྒྱལ་པོས་རྒྱལ་ཆོས་མེད་ཅིང་སྤྱོད་པ་ལོག་པ་བྱེད་པ་ནི་མིང་ཙམ་གྱིས་འཕགས་སོ་གང་འཁོར་བ་ལ་སོགས་པ་ཐ་སྙད་ཀྱིས་བསྡུས་པས་ཐམས་ཅད་ཕྱོགས་གཞན་དུ་བྱུངས་ཐེབས་པ་ནི་རྫོགས་པ་ཆེན་པོ་སྟེ། དེ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོའོ། །གང་ཞིག་རྗེས་སུ་ཞུགས་པའི་ཐེག་པ་ཆེན་པོ་པ་སྟེ། གལ་ཏེ་ཅུང་ཟད་ཀྱིས་གཉིས་སུ་ལྟ་ཞིང་རྩོལ་བ་བྱེད་པ་ནི། ལུགས་དང་མི་མཐུན་པས་འགལ་བའི་ཕྱིར། སངས་རྒྱས་སེམས་ཅན་སོ་སོ་ན། ཡེ་ཤེས་ཆེན་པོས་ཡོད་མ་ཟིན། ཅེས་པ་དང་། ཅི་སྟེ་ལས་ཀྱི་དབང་བརྩན་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཞེས་ཀྱང་གསུངས་པས་དེ་དག་བཤད་པ་བཞིན་དུ་ཐོག་མའི་ལུང་ཉིད་ནས་ཁྱད་པར་དུ་གསུངས་སོ། །དེ་དག་གི་སྣོད་བསྟན་པའི་ཕྱིར། དེ་བས་ན། བསྟན་པ་མི་ནུབ་པའི་སྒྲོན་མེ་འདི། ཚེ་རབས་བསམ་གྱིས་མི་ཁྱབ་པ་ནས་ཤིན་ཏུ་བློ་སྦྱངས་ཏེ། སེམས་རྣལ་དུ་འཇོག་འཇོག་པ། རྒྱལ་བ་རྣམས་བསྙེན་བཀུར་བྱས་པའི་སྐྱེས་བུ་དག་གི་སྤྱོད་ཡུལ་ཡིན་གྱི། ཞེས་བྱ་བ་ནི། གང་མཆོག་དུ་གྱུར་པའི་ཕྱིར་གཏན་ཚིགས་སྨོས་ཏེ། མཆོག་གི་ལུགས་ཉིད་རང་བཞིན་ཅི་ཡིན་པ་ཉམས་སུ་ལོན་ནས་མཐར་ཡང་ཆུ་སྲིན་གྱི་ཕྱག་རྒྱ་བཞིན་ཏེ། དེ་དག་བསྐྱེད་དུ་ཐལ་བ་མེད་པས་མི་ནུབ་པའི་རྒྱལ་མཚན་གྱི་དོན་ཐེག་པ་གཞན་དང་མ་འདྲེས་པར་སྟོན་པའི་མན་ངག་འདི་བསྟན་པའི་སྣོད་ནི་སྐལ་མང་པོར་ཤེས་རབ་གསུམ་གྱིས་བློ་སྦྱངས་པ། དེ་བཞིན་གཤེགས་པ་ཞལ་སྐྱིན་དག་མཉེས་པས་བསྟན་བསྟན་པ་དག་གི་ཚུལ་བརྟགས་ཏེ། སྦྱིན་པར་བྱའོ་ཞེའོ། །མི་བསྟན་པ་ནི་གང་སྙམ་པ་ལ། དམ་ཚིག་ཙམ་ཁ་དོན་ཤེས་པ་དང་། ཕྱི་ནང་གི་ཆོས་ལོད་པའི་ཐུག་པ་བཞིན་དུ་བསྲེས་པ་དང་། སྔགས་ཀྱི་མན་ངག་མེད་པ་རྣམས་ལ་སྙིང་སྒོར་བྱུང་བའི་ཉེན་དང་བསྟོས་ཏེ་གསང་ངོ་། །ཞེས་བྱ་བ་ནི། དམ་ཚིག་མི་སྲུང་བར་ཐེག་པ་ཕྱི་ནང་ལ་གཟུ་ལུམས་སུ་ཞུགས་པས། འདྲེས་མར་སྤྱོད་དེ། དབང་དང་མན་ངག་གིས་མ་ཟིན་པས་དོན་མེད་པ་ལས་ཀྱི་མཐའ་ཡལ་བར་འཇོག་པ་རྣམས་ལ་ནམ་ཡང་བསྟན་པར་མ་གསུངས་སོ། །འོ་ན་དེའི་ཉེས་པ་ཅི་ཞིག་སྙམ་པ་ལ། སྣོད་མ་ཡིན་པས་ཐོས་ན་སྐུར་པ་ཆེན་པོར་འགྱུར་ཏེ། གཏན་དུ་འཁྱམས་སོ། །ཞེས་གསུངས་སོ། །དེ་དག་སྐལ་པ་ཆུང་བའི་ཕྱིར་བློ་དང་མི་འཚམ་པས་སྐུར་པ་དང་ལྟ་སྤྱོད་མ་འབྲེལ་པས་གཞན་སུན་འབྱིན་པ་ནི་ལམ་ལོག་པར་ཞུགས་པས་ཤིན་ཏུ་ཡང་ཉེས་པ་ཆེ་བར་གསུངས་སོ། །དེ་བས་ན་ཉེན་ཆེ་ཞིང་བཀུར་དཀའ་བ། མན་ངག་གི་ཚིག་གསུམ་མོ། །ཞེས་བྱ་བ་ནི། གཏན་ཚིགས་ནི་ཉེན་ལ་སྙེགས་སོ། །སྣོད་འདམ་མ་ཤེས་པའི་ཉེན་ཤིན་དུ་ཆེ་བའི་ཕྱིར་བཅང་དཀའོ། །ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཕྱིར་མན་ངག་སྟེ། དེ་དག་གི་ཚིག་ནི་དུ་ཡོད། ལས་ཀྱི་རིམ་པ་ཇི་ལྟ་བུ་སྙམ་པ་ལ། མན་ངག་ཚིག་གསུམ་པ་གཅིག་གིས་ནི་འཕྲིགས། གཉིས་ཀྱི་ནི་གོ །གསུམ་གྱིས་ནི་ལེགས་པར་བརྡབ་ཕྲད། ཅེས་གསུངས་ཏོ། །དང་པོ་ཐམས་ཅད་བྱང་ཆུབ་སེམས་བདེ་བ་ཆེན་པོར་གཅིག་པར་གསུངས་པས། ཀུན་བརྟགས་པ་གཉིས་མེད་དོ། །སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ནི། ཕྱོགས་ཙམ་མཐོང་བའོ། །གཉིས་པ་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས་ནི་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་ཞི་ཁྲོ་ལ་སོགས་པའི་སྐུ་དང་ཡེ་ཤེས་ཐམས་ཅད་སྐད་ཅིག་གི་སྣང་བས་ཆད་པར་མི་ལྟུང་ཞེས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པས་རྩོལ་བ་དང་བྲལ་བར་ཤེས་པའོ། །གསུམ་པ་དེ་དག་ཡེ་ཤེས་ཉིད་ཀྱི་ཕྱིར་ངོ་བོ་ཅིར་ཡང་མ་གྲུབ་པས་བདེ་བ་ཆེན་པོ་ལས་བསམ་དུ་མེད་པར་གནས་པའི་དུས་ན་བསྒྲུབ་བྱ་རྣམས་བྲལ་བ་མེད་པར་ཅིར་ཡང་ནི་རྩོལ་བར་གཞན་དོན་གང་ཡང་མི་སྤོང་བ་ནི་གཞུང་ཉིད་དུ་ཆུད་པས་ཁྱད་པར་སྤགས་སོ་ཞེས་བྱའོ། །འདི་གསུམ་མ་ཐོས་སམ་བརྡའ་མ་ཕྲད་དང་། ཞེས་བྱ་བ་ནི། མན་ངག་གིས་མ་ཟིན་པས་རིགས་མ་ངེས་པའོ། །ལ་ལ་ནི་སྟོང་ཟེར། ལ་ལ་ནི་རྟག་ཟེར་ཏེ། འདི་དག་ཚིག་འགའ་ཙམ་ལ་གོ་བའི་རྟགས་ཡིན་ལ། གསུམ་མེད་པ་ཡང་དེས་མངོན་ནོ། །ཅེས་བྱ་བ་ནི། གང་མན་ངག་གིས་མ་ཟིན་པ་རྣམས་ནི་སྣང་སྟོང་གཉིས་ལ་མི་འཇལ་ཏེ། རྒྱུ་དེས་ན་རྟག་ཆད་ཀྱི་མཐར་ལྟུང་བའི་ཕྱིར། ཕྱི་ནང་གཟུང་འཛིན་དངོས་པོར་གང་རྟོག་པ། མི་མཁས་རྨོངས་པས་མུ་སྟེགས་རྟག་ལ་ཞེན། སྣ་ཚོགས་རང་བཞིན་མེད་པར་གང་སྨྲ་བ། མེད་པར་སྣང་བས་མུ་སྟེགས་ཆད་པའི་ལམ། ཞེས་འབྱུང་ངོ་། །འདི་གསུམ་ཡང་གཅིག་གི་ངང་སྟེ། མ་བཅོས་པར་བཞུགས་པ་ཡི། ལྷུན་གྱིས་རྫོགས་པ་ཆེན་པོའོ། །དེ་ལས་ལ་བཟླར་མེད་དོ། །ཞེས་བྱ་བ་ནི། མན་ངག་ཚིག་གསུམ་ཡང་འཇུག་སོའི་བསམ་པའི་དབང་མ་གཏོགས་པར་རིམ་པར་རིས་མེད་དེ། གཉེན་པོས་མ་བཅོས་པར་བཞག་པའི་དུས་ན་ཀུན་བརྟགས་ཐམས་ཅད་སེམས་ཉིད་དུ་དེངས་པ་ཉིད་སྐུ་དང་ཡེ་ཤེས་སྒྱུ་མར་སྣང་བས་བརྩལ་མི་དགོས་པའི་ཕྱིར་བྱ་བྱེད་དང་བྲལ་ལ། དེ་ཉིད་གདུལ་བྱའི་སྐལ་པ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་གང་ཡང་མི་འགལ་བར་གསུངས་སོ། །དེ་ལས་བློས་དཔག་པར་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་སྟེ། ཡུལ་མེད་པའི་ཕྱིར་རོ། །དེ་ལུང་གིས་བརྟན་པར་བྱ་བའི་ཕྱིར། ཀུན་ཏུ་བཟང་པོའི་ངང་ལ་གཅིག་བཞུགས་པ། བཅོམ་ལྡན་འདས་ལ་སྟོང་པ་ཉིད་ཀྱིས་བརྒྱན། ཞེས་བྱ་བ་ནི། གང་ཐ་སྙད་ཐམས་ཅད་བདག་ཉིད་ཆེན་པོའི་ཡེ་ཤེས་སུ་བྱུངས་ཐེབས་པ་ནི། ཀུན་ཏུ་བཟང་པོ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པའི་ངང་ངོ་། །ཐམས་ཅད་ཀྱང་དེ་རུ་རོ་གཅིག་པ་དང་གནས་པ་མེད་པའི་ཚུལ་གྱིས་གནས་པའི་དུས་ན་མཉམ་པའི་དབྱིངས་ལ་ཡེ་ཤེས་ཆེན་པོས་བཞགས་པས། ཡོན་ཏན་དང་མཚན་ཉིད་ལ་བལྟ་བས་མི་ངོམས་པའི་ཕྱིར་ངོ་ཚར་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ནི་ལུས་དང་རྒྱན་ལྟ་བུ་སྙམ་པ་ལ། ཟླ་གསང་ཐིག་ལེ་སྐྱེ་འགག་བདག་ཏུ་རྫོགས། སྐྱེས ཆེན་ཐུགས་ལ་རྟག་ཏུ་གསལ་བའི་རྒྱུ། ཞེས་གསུངས་ཏེ། དེ་ནི་ཟླས་བཤད་པའི་སྟེ་དབྱིངས་ཉིད་ལྷུན་གྱིས་གྲུབ་པར་གསལ་བ་ནི། ཡེ་ཤེས་ཅེས་འདོགས་ཏེ་ཁོང་ནས་བྱུང་བ་ནི་རྟོགས་པར་དཀའོ། །དེ་ཉིད་གཉིས་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བར་བཞུགས་པ་ནི་བྱུང་ཞིང་མྱ་ངན་ལས་འདས་པ་མེད་ཀྱང་འདུལ་བའི་བསམ་པ་དང་སྨོན་ལམ་ཙམ་གྱིས་སྣང་སྟེ། དེ་དག་གི་ཡོན་ཏན་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་ཕྱིར་སྣང་ངོ་། །དེ་ལྟ་བུ་དག་ནི་ཤིན་ཏུ་རྣལ་འབྱོར་གྱི་ཉམས་རྙེད་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གསུངས་པས་ཕལ་གྱིས་རང་ཉམས་དང་སྦྱར་ནས་སྐུར་བར་མི་བྱའོ། །ཅེས་བྱའོ། །ཐམས་ཅད་སངས་རྒྱས་མེད་པར་རྫོགས་པ་ཆེན་པོའི་ལུང་། མ་བཀག་ཅི་བདེར་བྱང་ཆུབ་ཡན་དུ་ཁྱེར། ཞེས་བྱ་བ་ནི། ཐ་སྙད་རྣམས་ཀྱང་བདག་ཉིད་དུ་གསལ་བ་ནི་རང་གི་ངོ་བོ་ཉིད་མི་འགྲུབ་ཅིང་སྐུ་མདོག་ལ་སོགས་པར་ཡང་འདོད་པ་མེད་དེ། དེ་དག་པའི་བསམ་པ་ཐམས་ཅད་དང་བྲལ་བ་ནི་ངེས་པའི་ལུང་ལ་བཞུགས་པའོ། །དེའི་དུས་ཉིད་ན་དངོས་པོ་ཉིད་ཡིད་ལ་བྱེད་པར་ཡང་འདྲ་བ་ཁོ་ནར་གསུངས་སོ། །དེ་བས་ན་བསམ་པ་དང་སྤྱོད་པ་གང་ཡང་འདྲ་སྟེ། ཆེད་དུ་གདོད་འཛིན་གང་ཡང་མ་བྱེད་ཅིག་ཅེས་གདམས་པའོ། །སྤྱི་བཅིངས་ཀྱི་ཚིག་འཁྱིལ་བ་རིལ་གསལ་བར་ཕྱུང་ནས། གཅིག་གཉིས་ཀྱི་རྣ་བར་ཟུང་ལ། ཅེས་བྱ་བ་ནི། སྟོན་པས་གསུངས་པའི་ལུང་ཤིན་ཏུ་གོ་བར་དཀའ་བ་རྣམས། ལུང་དང་རིགས་པས་འབྲེལ་པས་གོ་སླ་བར་བྱས་པའི་མན་ངག་འདི་དག་སྐལ་པ་ཆུང་པ་དང་། ཐེག་པ་གཞན་ལ་གོམས་པ་མང་དུ་བྱས་པས། ཞེན་པ་བཟློག་པར་དཀའ་བ་དག་ནི། བཤད་པ་བཞིན་དུ་འདི་བསྟན་ན་སྡུག་བསྔལ་གྱི་རྒྱུར་གྱུར་པས་མི་བསྟན་ནོ། །བློ་ཆེ་བ་དག་ཀྱང་ཤིན་དུ་དཀོན་པར་གསུངས་ཏེ། དེ་དག་རྒྱལ་ཐེ བ་དང་བཅས་ནས། མན་ངག་གུ་ལང་གི་གསེར་ཁུང་དང་འདྲ་བ་འདི་མི་ནུབ་པར་བྱའོ་ཞེས་བྱའོ། །ཙིཏྟའི་དཀྱིལ་འཁོར་བརྩིགས་པའི་སྒོ། དཔལ་རྟ་མགྲིན་གྱིས་བཟུང་ནས་གནས་སོ། །ཞེས་བྱ་བ་ནི། མན་ངག་སེམས་ལ་ཡོད་པ་ཉིད་གསང་སྒོ་མ་བསྡམས་ན་ཉེས་པ་ཆེ་བའི་ཕྱིར། ཐུགས་ཀྱི་དམ་ཚིག་ཏུ་གསུངས་སོ། །དེ་དག་གི་དབང་པོ་ནི་སྙིང་རིན་པོ་ཆེ་གུར་ལྟ་བུའི་སྒོ་ན། རྟ་མགྲིན་དབང་གི་ཁྲོ་བོ་གནས་པ་ཉིད་ཀྱི་ཐུགས་ཀྱིས་མ་ཕྲད་པ་ནི། དམ་ཚིག་གི་མཆོག་གོ །གལ་ཏེ་འདས་ན་སངས་རྒྱས་ནི། བྱེད་པ་པོ་ཉིད་ཀྱི་ཕྱི་ན་དེ་ཉིད་ཀྱིས། འདི་དང་ཕྱི་མའི་ཉེས་པ་མང་པོ་ཁབ་ལེན་ལ་ལྕགས་འདུ་བ་ལྟར། འབྱུང་བར་གཞུང་དུ་མ་ལས་གསུངས་པས་དེ་ཉིད་རྗེས་སུ་དྲན་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །རྫོགས་སོ།། ༈ །།མཉམ་ཉིད་གཅིག་ལ་གསེས་པའི་ཕྱིར། ལན་ཚྭའི་ཆུ་བཞིན་རོ་གཅིག་ཀྱང་། །སྐལ་པས་ཁྱད་པར་སྣང་བ་རྣམས། །མཁས་པའི་རྗེས་སུ་ཅུང་ཟད་དཀྲོལ། །ལུང་དང་མན་ངག་བསྡུས་པ་དང་། །རང་རིག་གོམས་པའི་ཉམས་བསྡུར་པའི། །དཀའ་སླ་གང་ཡིན་བསོད་ནམས་དེ། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །།གཉགས་ཛྙཱ་ན་ཀུ་མཱ་རས་མཛད་པ་རྫོགས།། །།དགེའོ།། །།


previousསྤྱི་གསང་སྔགས་ལུང་གི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མ་ར།next