Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་འགྲེལ་། འཇམ་དཔལ་བཤེས་གཉེན།
   
   
   


 
previousབྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་འགྲེལ་། འཇམ་དཔལ་བཤེས་གཉེན།next

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་འགྲེལ་། འཇམ་དཔལ་བཤེས་གཉེན།

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་ཞེས་བྱ་བའི་འགྲེལ་པ་བཞུགས། །བྱང་ཆུབ་ཀྱི་སེམས་སྒོམ་པ་ཞེས་པ། མཚན་ཐོག་མར་བཤད་པ། མ་འོངས་པ་སྐལ་པ་མཆོག་དང་ལྡན་པ་དག་ཚིག་གི་དངོས་དོན་མ་ནོར་བར་མཇལ་བར་འགྱུར་བའི་ཕྱིར་དང་། མཚན་གྱི་དོན་ཟབ་མོ་ཡིན་པར་ཡིད་ཆེས་པར་བྱ་བའི་ཕྱིར་སྨོས་པའོ། །དེ་ལ་རང་གི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱི་འོད་གསལ་བ་དེ་བསལ་སྤངས་མེད་པར་ངང་གིས་མཐའ་བཞི་དང་རྩོལ་བ་རྣམ་པར་དག་པ་ཉིད་དུ། འོངས་བསྡུས་མེད་པར་རིལ་འུབ་ཆུབ་ཉིད་ཐམས་ཅད་མཁྱེན་པ་བཞིན་མི་གཡོ་བའོ། །དེ་རྗེས་སུ་འཇུག་པ་པོས་བློའི་རྟེན་མེད་པར་གནས་པ་དང་། ཡུལ་དུ་མ་དམིགས་པར་མ་བྲལ་བ་ནི་གནས་པ་དག་བྱེད་པས་མི་འཐོབ་བོ། །དེ་ཡང་རྒྱས་པར་འཆད་པ་ནི། བྱང་ཆུབ་སེམས་དང་པོར་ལྟ་བས་ཐག་གཅད་པ་དང་། སྒོམ་པས་ཉམས་སུ་བླང་བ་དང་། སྤྱོད་པས་མི་གོས་པར་བྱ་བ་དང་། མོས་ཤིང་འདུད་པའོ། །ཐག་གཅད་པ་ལ་གསུམ་སྟེ། གཏན་ཚིགས་དང་། ལོག་ལྟའི་དངོས་པོ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བྱ་བའི་ཕྱིར། གོལ་སྒྲིབ་རིམ་པར་སུན་ཕྱུང་ལ་མ་ནོར་བའི་དོན་བཙལ་བ་དང་། རང་གི་ལྟ་བ་སྙེམས་ཤིང་གཞན་གྱི་ལྟ་བ་ཁྱད་དུ་གསོད་པའི་སྐྱོན་ནོ། །དེ་ལ་གཏན་ཚིགས་ལ་ཡང་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཚད་མས་རྟོགས་པར་བྱ་བ་དང་། ཐུན་མོང་གི་ཚད་མ་མི་བདེན་པར་སུན་ཕྱུང་སྟེ་དོར་བའོ། །གོལ་སྒྲིབ་ལ་བརྒྱད་དེ། སྐྱེ་བོ་པ་དང་། མུ་སྟེགས་དང་། ཉན་ཐོས་དང་། རང་རྒྱལ་དང་། སེམས་ཙམ་པ་དང་། དབུ་མ་པ་དང་། གསང་སྔགས་པ་དང་། མན་ངག་གི་གོལ་སའོ། །དེ་རེ་རེའང་གོལ་སྒྲིབ་ཀྱི་ངོ་བོ་དང་། མི་བདེན་པར་སུན་ཕྱུང་སྟེ་དེ་ལ་མི་གནས་པ་གཉིས་སམ་གསུམ་དུའང་འགྱུར་རོ། །ཉམས་སུ་བསྒོམ་པས་བླང་བའང་། སྒོམས་པ་མ་ནོར་བ་དང་། བསྒོམ་པའི་གོལ་སྒྲིབ་དང་གཉིས་སོ། །གཞུང་ལའང་བློ་གཞག་ཅིང་བསྒོམ་ཐབས་དྲིས་པ་དང་། ལན་ལྟ་བ་ཚོལ་ལ་སྒོམས་ཅིག་པ་དང་། སྒོམས་ཤིག་པར་ཡོན་ཏན་བརྗོད་དེ་གདམས་པ་དང་། བློ་གཞག་ཐབས་དང་། སྒོམ་པའི་རང་གི་ངོ་བོ་དང་། ཉམས་བརྟན་པའི་ཚད་དང་། བློ་བཅོས་ཐབས་མ་ནོར་བ་དང་ནོར་བའི་བྱེ་བྲག་དང་། བསྒོམས་པའི་རྟགས་དང་། བསྒོམ་པ་གཞན་གྱིས་འཚང་མི་རྒྱ་བ་དང་། སྒོམ་པའི་འབྲས་བུ་དང་། འབྲས་བུ་ཐོབ་པས་བསྒོམ་པ་མ་ནོར་བའི་ལམ་དུ་བསྟན་པ་དང་བཅུ་གཅིག་གོ །སྒོམ་པའི་གོལ་སྒྲིབ་ལ་གཉིས་ཏེ། བླང་དོར་ཅན་སྒོམ་པས་འདི་མི་རྟོགས་པ་དང་། དེ་ལ་བཟླ་བའོ། །སྤྱོད་པ་ལའང་བཞི་སྟེ། བློ་ཆེ་བས་བླང་དོར་མེད་པའི་སྤྱོད་པ་མ་ནོར་བར་བསྟན་པ་དང་། ཤེས་རབ་ཀྱིས་མ་ཟིན་པའི་སྤྱོད་པ་གོལ་བ་དང་། ཤེས་རབ་དང་ལྡན་ན་རིལ་ཡང་དག་པའི་སྤྱོད་པར་བསྟན་པ་དང་། འདི་མ་གོ་བ་ལ་ཐུགས་རྗེས་མི་དོར་བའོ། །ཐ་མ་སྒོམ་རྟོགས་ཀྱི་སྐལ་པ་མེད་པས་བྱང་ཆུབ་སེམས་ལ་མོས་པ་ལའང་མོས་པའི་ཡོན་ཏན་གྱི་བྱེ་བྲག་གསུམ་དང་། བསོད་ནམས་ཀྱི་ཚད་བསྟན་པའོ། །དེ་དག་ལས་ཀྱང་སྐབས་ཀྱི་དབྱེ་བ་དང་བཅས་པར་སྟོན་པ་ནི། གང་ཟག་རས་ཆོད་ཅན་གྱི་ཆེད་དུ་གབ་ཅིང་དཀྲུགས་ནས་འཆད་པར་འགྱུར་རོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ཉིད་ཀྱིས་མན་ངག་གི་དོན་དང་མི་འགལ་བར་དཀོན་མཆོག་གསུམ་མཆོད་པས་བྱས་པ་ཐམས་ཅད་ཆུད་མི་གསན་པའི་ཕྱིར། བདག་མེད་གཉིས་ཉིད་བདེ་བར་གཤེགས། མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། ཞེས་པ། སངས་རྒྱས་ལ་འདུད་པ་སྟེ། སྐབས་འདིར་དངོས་པོ་གཉིས་པའི་ཆོས་རྣམས་བདག་ཉིད་ཆེན་པོའི་ངོ་བོར་སངས་རྒྱས་པ་ལ་རྣམ་པ་མེད་པས། ཆོས་དང་གང་ཟག་ལས་གྲོལ་བའི་རང་བྱུང་གི་ཡེ་ཤེས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མུ་དང་མཐའ་མེད་པས། ཡེ་ནས་དབྱིངས་དང་ཡེ་ཤེས་འབྱེད་པའི་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས་བརྗིད་ཆེ་ལ་ཀུན་གྱི་གཞིར་གྱུར་པ་ནི་ལྷག་པའི་ཆོས་སྐུ་སྟེ། དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པ་ནི་ཡང་དག་པའི་སངས་རྒྱས་སོ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། ཞེས་པ་ཆོས་ནི། ཆོས་སོ་ཅོག་གི་ངོ་བོ་མི་གནས་པའི་ཡེ་ཤེས། ངོ་བོའི་སྤྲོས་པ་དང་ཡུལ་གྱི་སྤྲོས་པའི་ཟུག་རྔུ་མ་སྤངས་པར་བྲལ་བའི་དོན་ངེས་པར་བསྟན་པ་ལ། བླང་དོར་མེད་པའི་དོན་ཉིད་ཆེད་དུ་བྱེད་པའང་མེད་པ་ནི། བགྲོད་དུ་མེད་པར་མཐར་ཕྱིན་པར་བྱེད་པས་ཤུལ་གྱི་དམ་པ་ཨ་ཏི་ཡོ་གའི་བསྟན་པའོ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། ཞེས་པ་རྒྱུའི་ས་དང་པོ་འཁོར་བར་མི་ལྡོག་བསྡུ་བའི་སྒྲས། གཉིས་པ་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མུར་མི་ལྡོག །གསུམ་པ་མཚན་མ་སྤྲོས་པའི་སར་མི་ལྡོག །བཞི་པ་ཀུན་རྫོབ་གྱི་ཀླུང་དུ་མི་ལྡོག །ལྔ་པ་ཡིད་ཀྱི་ལམ་དུ་མི་ལྡོག །དྲུག་པ་ཕྱིར་སྦྱོར་བའི་ལམ་དུ་མི་ལྡོག །བདུན་པ་དམིགས་པའི་དངོས་གཞིར་མི་ལྡོག །བརྒྱད་པ་མཚན་མར་མི་ལྡོག །དགུ་པ་བློ་གྲོས་གྱི་མཆོག་ཏུ་མི་ལྡོག །བཅུ་པ་ཡུལ་གྱི་དངོས་གཞིར་མི་ལྡོག་པའི་ཆོས་ཀྱི་སྤྲིན་གྱི་ས་པ་མན་ཆད་ཀྱིས། ཚེ་ལ་དབང་བ་ནས་ཡེ་ཤེས་ལ་དབང་བའི་བར་ཐོབ་པ་དང་། རིག་པ་འཛིན་པ་དང་དྲང་སྲོང་དང་བཅུ་གཅིག་པའི་ས་པ་ཐུན་མོང་གི་སངས་རྒྱས་ལ་སོགས་པ་རིལ། བྱང་ཆུབ་སེམས་ཀྱི་ངང་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་པའི་སྐྱེས་བུ་ནི་ཀུན་ཏུ་བཟང་པོ་ཉིད་དང་དགོངས་པ་གཅིག་པའི་དོན་རྙེད་པས་ཡང་དག་པའི་དགེ་འདུན་ནོ། །གསུམ་པོ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱི་རབ་ཏུ་དད་པས་མོས། ཞེས་པ། གྲགས་པའི་དབང་དུ་མཆོད་པའི་རྟེན་དཀོན་མཆོག་གསུམ་པོ་ཉིད། དམན་པའི་ངོ་ལ་རྟོགས་བྱ་རྟོགས་བྱེད་རྟོགས་པའི་འབྲེལ་པས་མཉམ་པ་ལྟ་བུ་མ་ཡིན་ཏེ། རང་རིག་པ་བྱང་ཆུབ་སེམས་ཉིད་གསུམ་དུ་རང་སྣང་བ་ལས་གསུམ་པོ་རང་རྒྱུད་པ་མེད་པའི་ཕྱིར་མཚན་ཉིད་བཟང་ངན་མེད་པའི་གཞི་དེ། སྐྱེས་བུ་ཆེན་པོས་བདག་ཉིད་དུ་མཁྱེན་པས་འདུ་ཤེས་ཀྱིས་ཟིན་པ་མེད་པའི་རིག་པས་བྲལ་བ་མེད་པར་མཇལ་བ་ནི་མཆོད་པ་ཆེན་པོ་སྟེ། ཕུལ་བ་མེད་པར་བླ་མ་ཉེས་པའོ། །ཁས་བླངས་པའི་གཞུང་གི་དོན་བྱང་ཆུབ་སེམས་ཡོན་ཏན་ཆེ་བས་སྒོམས་ཤིག་པར་གདམས་བསྟན་པའི་ཕྱིར། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། ཞེས་པ། དག་པ་དང་མ་དག་པའི་གདུལ་བྱ་ལ། སྐུ་གསུང་ཐུགས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་རྒྱལ་བ་རྣམ་གསུམ་དང་ལྔ། མ་རིག་པའི་མུན་པ་སེལ་བའི་མཁན་པོར་གྱུར་པ་རྣམས་ཀྱིས། མཚུངས་པ་བཞི་དང་ལྡན་པར་བྱང་ཆུབ་སེམས་ལ་ཞེ་ཕུགས་དམ་པར་མཛད་པའོ། །དེའི་ངོ་བོ་ཉིད་གང་སྙམ་པ་ལ་ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད་ཞེས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཇི་སྙེད་པའི་ངོ་བོར་བྱང་ཆུབ་སེམས་གནས་ལ། དེའི་ཕྱིར་ཐམས་ཅད་ཀྱི་དེམས་བཅུད་དམ་པར་རང་རིག་གྱུར་པ་དེའི་མཚན་ཉིད་དམ་ངོ་བོ་ནི། བཤད་པའི་ཟུག་རྔུ་གཉིས་དང་བྲལ་བས། ཡེ་ལེགས་པ་ཆེན་པོར་བཞུགས་ཤིང་། བདེ་ལེགས་སྦྱིན་པར་ཡང་བྱེད་པ་ལ། འགྱུར་ལྡོག་མེད་པས་མིང་འཐོབ་པ་ནི། སྙིང་པོ་བྱང་ཆུབ་ལྷུན་གྱིས་རྫོགས་པས་བསམ་བརྗོད་ལས་འདས་པའོ། །བདེར་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ །ཞེས་པ་དེ་ལྟ་བུའི་བྱང་ཆུབ་སེམས་འདི་རྟོགས་པ་མངོན་དུ་བྱས་པས། རྒྱལ་པ་ཀུན་གྱི་ཡང་དག་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་ཏེ། ལམ་འདི་མ་རྟོགས་ན་ལམ་གཞན་གྱིས་འཚང་མི་རྒྱ་བའི་ཕྱིར། རྨད་དུ་བྱུང་བ་ལས། རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། བྱང་ཆུབ་སེམས་འདིས་མཉེས་འགྱུར་ནས། སྐད་ཅིག་ཉིད་ལ་དོན་རྟོགས་ཏེ། སྙིང་པོ་བྱང་ཆུབ་ཉིད་དུ་གྱུར། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ཞེས་གསུངས་སོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞི་གྱུར་པ། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམས་པ་དང་། ཞེས་པ། ཉན་ཐོས་ཀྱི་བསྲུང་བ་ཉིས་བརྒྱ་ལྔ་བཅུ་དང་། དངོས་པོ་གཞན་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཅུ་དང་། ས་བཅུ་ལམ་ལྔ་དང་། གསང་སྔགས་ཀྱི་གཙང་བའི་སྤྱོད་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སོ་སོའི་ལམ་བཅུ་གཅིག་པ་དང་། ལྔ་དང་གཉིས་དག་གཅིག་ལ་སོགས་པ་ཆུ་ཐིགས་སྙེད་ཀྱི་རྩ་བ་ནི། བྱང་ཆུབ་སེམས་ཡིན་པ་ལ་དེ་ཉིད་ནི་རྣམ་པ་ཐམས་ཅད་པའི་ཕྱིར། རྣམ་པར་བྲལ་བའི་རང་རིག་པ་ཇི་བཞིན་པའི་ལུགས་མ་ནོར་བར་སྒོམས་ཤིག་པར་གདམས་པའོ། །བསྒོམས་པའི་འབྲས་བུ་གང་སྙམ་པ་ལ། ཡོན་ཏན་ཁྱད་པར་ནི། བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །ཞེས་པ། བསྒོམས་པའི་ལེགས་པ་ངོ་མཚར་ཅན་འབྱུང་བའི་དུས་དང་ངོ་བོ་ནི། གཟའ་གཏད་དང་བྲལ་བའི་ཤེས་རབ་ཡོད་པས། དམིགས་པ་དང་བྲལ་བར་བསྒོམས་པ་ན། ཕྱིས་རང་རིག་པའི་དོན་ཟབ་མོ་དེ། ལས་སུ་རུང་སྟེ་རང་རིག་པའི་མངོན་སུམ་དུ་བྱས་པའི་ཚེ་འབྲས་བུར་རང་འཆར་རོ། །འོ་ན་ཕྱི་དུས་སྨོས་པས་འོག་མ་དང་ཆ་འདྲའོ་ཞེ་ན། འདིར་གྲུབ་ཟིན་པས་སྐྱེད་མི་འདོད་པའི་ཕྱིར་ལས་འཕྲོ་ལ་རག་མ་ལུས་ཏེ། རེ་ཤིག་ཐ་སྙད་ཀྱི་རྟོག་སྒྲིབ་བརྩོན་པ་ཆེ་ན་ཞག་དང་ཟ་མ་དང་ལོ་དང་ཟླ་བས་ཀྱང་རང་འདག་སྟེ་ཤིན་ཏུ་མྱུར་བའི་དུས་སོ། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། ཞེས་པ། རྟོགས་པ་མངོན་དུ་བྱས་པའི་རིག་པ་ལས་སྙེགས་པས་དེ་ཉིད་གཞིར་གྱུར་པ་དེ་ནི། རང་རིག་པ་རང་བྱུང་གི་ཡེ་ཤེས་རྣལ་འབྱོར་མངོན་སུམ་བྱེད་པ་ལས་འདས་པ་ཉིད་ནི། སྐུ་གཉིས་ཀྱི་རྩ་བ་ཆོས་སྐུ་ཆེན་པོ་ཉིད་ཡིན་པར་དཔའ་བོས་བཀའ་སྩལ་པའོ། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ་ཞེས་པ། དེ་ཉིད་སྤྱོད་ཡུལ་ཐམས་ཅད་ཡུལ་མེད་པར་མཁྱེན་པས་ཐ་སྙད་དུ་མིང་འཐོབ་སྟེ། རྣམ་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡིན་ནོ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཞེས་པ་བརྩལ་བ་མེད་པ་དང་། འདུས་མ་བྱས་པ་དང་། རྒྱུད་དུ་མི་སྐྱེ་འཇིག་པ་དང་། མི་ཕྱེད་པ་དང་། འཇོམས་པ་ལྔའི་ངོ་བོར་བཞུགས་པའི་རང་རིག་པ་ནི། ཤིན་ཏུ་སྤགས་པ་དང་། འབིགས་པ་དང་། ཡུལ་མེད་དེ་ཅིག་པུ་པས་ཁྱད་པར་གྱུར་པས་ངེས་ཚིག་འགྲུབ་ལ། དེ་ཉིད་ཀྱི་ངོ་བོ་ནི་རྒྱལ་བའི་མི་རྟོག་པའི་ཡེ་ཤེས་ཆེན་པོ་སྟེ་དེའང་དེ་ཉིད་ཏེ་དེས་ན་ལེགས་པ་ཐམས་ཅད་ཀྱི་དངོས་པོ་ཡིན་པར་འགོ་སྨོས་སུ་ཟད་དོ། །དེ་བས་ན་བྱང་ཆུབ་སེམས་ནི་མ་ནོར་བའི་ལམ་གྱི་ཡོན་ཏན་དུ་བསྟན་པའི་ཕྱིར། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་ཉིད་རྫོགས་ལས་དེའི་ཡོན་ཏན་དེ་དག་ལས་འབྱུང་། ཞེས་པ། མང་པོའི་སྒྲས་རྒྱལ་བའི་རྣམ་པར་ཐར་པའི་ཆོས་སུ་བཏགས་པ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་དང་སངས་རྒྱས་ཀྱི་མངོན་པར་ཤེས་པ་དྲུག་དང་དཀར་པོ་བདུན་བྱ་བ་ལ་སོགས་པ་རིལ་ཡང་། བྱ་བརྩལ་དང་བྲལ་བས་དོན་སྐྱོད་དུ་བྱ་བ་མེད་པར་མཐར་ཕྱིན་པའི་རིག་པ་ཉིད་རྒྱལ་བའི་ཡོན་ཏན་རིལ་དུ་རང་ཤར་བ་ནི་ཐ་སྙད་དུ་འབྱུང་ཁུང་ངོ་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །ཞེས་པ། རྒྱལ་བའི་རྒྱུད་ཁྱད་པར་ཅན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྐྱེ་ཤི་མི་མངའ་བས་བྱང་ཆུབ་ཆེན་པོ་ལས་མི་གཡོ་བར་རིལ་ཚར་གཅད་པས་མིང་འཐོབ་པའོ། །དེ་བས་ན་གསང་བ་ཐེག་པ་ཆེན་པོའི་རིག་པ་འཛིན་པ་ཕྱིར་མི་ལྡོག་པ་དགོངས་པ་དེ་ཁོ་ན་ཉིད་དུ་གསལ་བས་སྒྲིབ་པ་འཇོམས་པ་ཇི་སྙེད་པའང་། ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་བཤད་པའི་དོན་མེད་ན་འབྲས་བུ་གཉིས་པོ་མི་འབྱུང་བའི་གཏན་ཚིགས་ཀྱི་བྱང་ཆུབ་སེམས་ནི་ཐར་པའི་ལམ་ཀུན་གྱི་ཕུལ་དུ་གྱུར་པའོ། །སྒོམ་པའི་ཐབས་དྲིས་པ་བསྟན་པའི་ཕྱིར། དེ་ནི་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར། ཞེས་པ། བཤད་པ་ལྟར་འབྲས་བུ་ཡོན་ཏན་ཆེན་པོ་འཐོབ་ན་རྒྱུན་དུ་བྱང་ཆུབ་སེམས་སྐྱེ་འཇིག་མེད་པར་རང་གསལ་བས་མཐའ་རྣམས་ཀ་དག་པ་ལུགས་ཇི་ལྟ་བར་རྟོགས་ནས་བསྒོམས་ན་འབྲས་བུ་དེ་དག་ཐོབ་པར་འགྱུར་ཞེས་དྲིས་པའོ། །ལན་དུ་ལྟ་བས་རྟོགས་ནས་བསྒོམ་པའི་ཕྱིར་བསམ་བརྗོད་ལས་འདས་པའི་དོན་ལུང་དང་མན་ངག་གི་ཚད་མ་ཆེན་པོས་རྟོགས་པར་གྱིས་ཤིག་པར་བསྟན་པའི་ཕྱིར། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། ཞེས་པ། བྱང་ཆུབ་སེམས་ངོ་བོ་གཟུང་དཀའ་བས་བསམ་པའི་ཡུལ་ལས་འདས་པ་ནི་མ་ནོར་བའི་ལམ་སྟེ། དེ་མངོན་དུ་བྱས་པས་གདུལ་བྱ་ལས་ལོག་པའི་ལམ་དུ་མི་གཏོང་བ་ནི་ཁྱད་པར་གྱི་སྒྲས་རྒྱལ་བ་ཉིད་དེ་དེའི་ཤུལ་ཆེན་པོ་ལྷུན་གྱིས་གྲུབ་པ་བྱང་ཆུབ་སེམས་ནི་ཡུལ་མེད་པ་དང་ངོ་བོ་མི་ཟིན་པས་མི་རྟོག་པ་ཆེན་པོ་སྟེ་མི་རྟོག་པ་ཉིད་དུ་སྒོམ་པ་ལས་ཀྱང་གྲོལ་བའོ། །ཐུན་མོང་མ་ཡིན་པའི་ཚད་མ་བསྟན་པའི་ཕྱིར། བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོོད་པའི་ཐ་སྙད་རྣམས་དང་བྲལ་ཞེས་པ། ཡུལ་གཉིས་ལས་འདས་པས་ཚིག་ཏུ་སྨྲར་མ་ིབཏུབ་པའི་ཕྱིར་རོ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། ཞེས་པ། ཇི་སྐད་བརྗོད་པ་ཐམས་ཅད་མཐར་འགྱུར་བས་མི་བབ་པའི་དོན་ནི་གསང་སྔགས་ཀྱི་ཐེག་པ་ལུང་རྒྱུད་མན་ཆད་དང་དབུ་མ་པ་དང་ཉན་ཐོས་དང་རང་རྒྱལ་རིལ་གྱི་ཡུལ་མ་ཡིན་ཏེ་རང་རང་གི་ལྟ་བའི་སྒྲིབ་པས་མདོངས་པའོ། །མི་མཐུན་པའི་དོན་ནི་ཐེག་པ་འདི་ཉིད་ཀྱི་སྐལ་པ་ཡང་རབ་ཏུ་གྱུར་པས་གོ་བར་འགྱུར་བའི་ཕྱིར། སྟོན་པས་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དེ་ཉིད་དོན་འདིར་བལྟ། ཞེས་པ། ཀུན་ཏུ་བཟང་པོས་གསུངས་པའི་དེ་ཁོ་ན་ཉིད་ཀྱི་རྒྱུད་སྒྲོ་སྐུར་དང་བྲལ་བ་རྣམས་དང་། དགའ་རབ་རྡོ་རྗེ་ལ་སོགས་པས་མཛད་པའི་ཡི་གེ་མ་ནོར་བའི་ཚེགས་ཆུང་ངུས་འགྲུབ་པ་རྣམས་སློབ་དཔོན་ཁུངས་སུ་ཐུག་པའི་གདེང་ཅན་ལ་ཟང་ཟིང་ལ་མི་བརྩེག་པར་མཉེས་པས་ཕོག་པར་བྱས་ལ་ཞུས་ཏེ། བྱང་ཆུབ་སེམས་དེ་ཁོ་ན་ཉིད་ཀྱི་དོན་སྐབས་འདིར་བསྟན་པ་ཐག་ཆོད་པར་བྱའོ། །ཐག་གཅད་པའི་གཏན་ཚིགས་ཀྱི་གོལ་ས་བསྟན་པའི་ཕྱིར། མངོན་སུམ་ལ་སོགས་རྒྱུའི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་ལ། དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློའི་འཇིག་བྱེད་དེ། ཞེས་པས་རྒྱུའི་ཐེག་པ་དམན་པ་དག་གི་མངོན་སུམ་པའི་ཚད་མ་པའི་གཏན་ཚིགས་གྲུབ་མཐའ་ཚོལ་བའི་རྒྱུས། ཆོས་ཅན་གཏན་ཚིགས་དང་དཔེ་ཡི་སྦྱོར་བ་ཚད་བ་དང་མ་ཚང་བ་ཕྱོགས་རེས་བློ་དང་མཐུན་པར་དཔོག་ཅིང་གྲུབ་མཐའ་ཚོལ་བའི་རྟོག་དཔྱོད་བྱེད་པ་དེ་ཉིད་འདིར་སུན་འབྱིན་ཏེ། དེ་དག་སླར་དཔྱོད་མཐའ་་མདོངས་དང་རྟོག་པ་སྐྱེ་སྟེ། སྔ་མ་ལ་ཕྱི་མ་ལོངས་བཏགས་ནས་ཤེས་པ་དང་ཡུལ་མ་གྲུབ་བཞིན་མངོན་གསུམ་ཚད་མར་གཞལ་བྱར་བཞག་ནས་རྟོག་དཔྱོད་པ་ནི་ཤིན་ཏུ་འཁྲུལ་ཏོ། །འོ་ན་འདིར་ཚད་མ་ཆེན་པོས་དེ་དག་སུན་ཕྱུང་སྟེ་མི་གནས་པར་ཇི་ལྟར་རྟོགས་པར་འགྱུར་སྙམ་པ་ལ། རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མར་གང་། དེ་ཕྱིར་འཇིག་རྟེན་བརྟབས་པའི་ཐ་སྙད་རྣལ་འབྱོར་མ་འདིར་མི་དགོས་སོ། །ཞེས་པ། འདིར་གདོད་ནས་སྤྱོད་ཡུལ་བྲལ་བ་བརྟག་ཏུ་མེད་པའི་ཕྱིར། དཔྱད་བྱས་གྲུབ་མཐའ་བཙལ་དུའང་མེད་དོ། །དོན་གྱི་རྩ་བ་ལོགས་ནས་མི་ཚོལ་ན་གཏན་ཚིགས་ཀྱི་བདེ་བ་གང་ཞིག་བཞག་སྟེ་གཉིས་དང་བྲལ་བའི་གཏན་ཚིགས་ཀྱིས་འཁོར་བའི་དངོས་པོ་ལ་དཔྱོད་པའི་ཐུན་མོང་གི་ཚད་མ་གཉིས་སེམས་སྒོམ་པའི་སྐབས་འདིར་ཤིན་ཏུ་མི་གཅེས་སོ། །དེ་བས་ན་བཤད་པའི་དོན་གྱིས་འདིར་དངོས་པོ་དཔྱད་དུ་མེད་པའི་དོན་དུ་མེད་པར་བསྟན་པ་འདི་ཉིད་ཀྱིས་གོ་བར་འགྱུར་བར་རྩོལ་དཔྱོད་དང་བྲལ་བ་ནི་མངོན་སུམ་ཚད་མ་ཆེན་པོའོ། །ཐུན་མོང་མ་ཡིན་པའི་དཔྱོད་མཐས་གོལ་སྒྲིབ་བསལ་ཏེ་རྟོགས་པར་བྱ་བའི་ཕྱིར། དངོས་པོ་མཐའི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ། ཞེས་པས། འོན་ཏེ་མཐོང་ཐོས་གྱི་དངོས་པོ་ལ་དཔྱད་དེ་གྲུབ་མཐའ་ཚོལ་ལོ་ཞེ་ནའང་འདི་ལྟར་གོ་བར་བྱེད་པའི་རྒྱུ་ཀུན་བཏགས་ཀྱི་ལྟ་བ་རྣམས་ཀྱི་རང་གི་ལོ་རྒྱུས་གཞི་ལ་གྲུབ་བམ་མ་གྲུབ། མ་གྲུབ་པར་ཇི་ལྟར་སྣང་དུ་བཏུབ་སྣང་བརྡོ་ཙམ་ན་རང་གི་མཚན་ཉིད་ཅི་ཡིན་པ་དག་གིས་དཔྱད་ལ་གོ་བར་བྱ་བའོ། །དང་པོ་སྐྱེ་བའི་གོལ་ས་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པ་ལས། དང་པོ་དེ་འཁྲུལ་པར་བསྟན་པའི་ཕྱིར། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟ་མ་ཡིན་འཁྲུལ། ཞེས་པ། དྲུག་གི་སེམས་ཅན་རྣམས་ཀྱི་ཤེས་པ་ལ་དབང་པོ་མངོན་དུ་མཐོང་བའི་སྣོད་བཅུད་དུ་མཇལ་བའི་ཆོས་རྣམས་ནི། དཔེར་ན་མི་བུ་རིགས་བཞི་ཕ་མེས་ཀྱི་ལོ་རྒྱུས་བསྙད་པས་རིགས་གང་ཡིན་པ་མངོན་པ་ལྟར། སྐྱེ་བོ་པས་བདེན་པ་རྟག་ཏུ་མཐོང་ཡང་ངེས་པའི་ལྟ་བ་མེད་པས་ཚོགས་དྲུག་གི་རྟོག་པའི་རྟོད་ཕུར་གྱིས་ཡུལ་དྲུག་ཏུ་ནན་གྱིས་བརྟགས་པ་ལྟ་བུ་ནི་གཞི་ལ་རང་རྒྱུད་དུ་མེད་པར་ནོར་བ་སྣང་བའོ། །དེ་སུན་དབྱུང་བ་བསྟན་པ་བསྟན་པའི་ཕྱིར། རང་གི་རྟོག་པས་མོས་ཤིང་བཟུང་བ་དེ་བཞིན་བདེན་འགྱུར་ན། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། ཞེས་པ། སྐྱེ་བོ་ཀུན་བརྟགས་ཀྱི་ལྟ་བ་འདིས་ཤེས་པ་ཉམས་པས་ཞེན་པ་དེ་ཚད་མ་ཡིན་ན། སྐྱེ་བོ་པ་རྣམས་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ཞེན་པ་དག་པའི་སྐྱེས་བུ་ལྟར་ཐར་པར་རིགས་ན་སླར་བཅིངས་པས་མི་བདེན་པའོ། །དེ་དག་དེས་དགྲས་འཇོམ་པ་དང་སྡུག་བསྔལ་ཉེན་ལས་དེས་འཁྲུལ་མངོན་པར་གྱུར་ཞེས་པ། ཁམས་གསུམ་པ་རྣམས་བཅིངས་པར་མ་ཟད་ཀྱི་དུས་བཞིར་སྐྱེ་རྒས་ན་འཆིས་འཕགས་པའི་ནོར་ཕྲོགས་ཤིང་སྤྱི་དང་ཁྱད་པར་གྱི་གདུང་བས་ཉེན་པའི་ཕྱིར་ཡང་མི་བདེན་པར་མངོན་ནོ། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། ཞེས་པ། དེ་ལས་གཞན་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པས་མཐོང་བའི་སྤྱོད་ཡུལ་བདེན་ན། སྐྱེ་བོ་པའི་རྟོག་པ་ཉིད་མ་ནོར་བའི་ལམ་དུ་གྱུར་པས་རྒྱལ་བའི་བཀའ་ལ་བརྟེན་མི་དགོས་པར་རིགས་ན། བརྟེན་དགོས་པས་ཀྱང་མི་བདེན་ནོ། །ལམ་དེ་རྣམ་གྲོ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། ཞེས་པས། སྐྱེ་བོ་ལོག་པའི་ལམ་དེ་མ་ནོར་བའི་ལམ་ཡིན་ནོ་ཞེས་ཚད་མར་བཤད་ཀྱང་ཚོགས་དྲུག་གི་རྟོག་པས་བཅིངས་པ་གཅིག་དང་གཉིས་དང་གསུམ་དང་ལས་མི་གྲོལ་བས་མི་བདེན་པའོ། །ལྷག་མ་ནི་དེར་མ་ཟད་པར་སྡུག་བསྔལ་གྱི་རྒྱུར་འཆད་པའོ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། ཞེས་པ་འཁྲུལ་པའི་ལྟ་བས་སྡུག་བསྔལ་མི་འབྱོངས་ཤིང་རྟོག་པ་དེས་ཕྱིས་ཉོན་མོངས་པ་སྐྱེ་བའི་རྒྱུར་སོགས་པས་མི་བདེན་ནོ། །དེ་ལྟར་མི་བདེན་པས་གཏན་ཚིགས་ཀྱིས་སྐྱེ་བོའི་སྤྱོད་ཡུལ་ནོར་བར་རིགས་པས་མངོན་ལ་ལུང་ལས་ཀྱང་བཀའ་སྩལ་པས་དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས་ཞེས་གསུངས་ཏེ། གཞི་མ་འཁྲུལ་བཞིན་རྟོག་པའི་ལས་འཁྲུལ་ཏོ། །འཁྲུལ་པའི་ཚུལ་ལོ་རྒྱུས་དྲི་བའི་ཕྱིར། དེ་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན། ཞེས་པ། དེ་ལྟར་སྐྱེ་བོ་པ་འཁྲུལ་ན་གཞི་མ་འཁྲུལ་པ་དེ་བཞིན་ཉིད་གྱི་སེམས་ཅན་རྣམས་ལོག་པའི་རྒྱུ་དེས་སྤྱོད་ཡུལ་རགས་པ་ཇི་ལྟར་མཐོང་ཞེས་དྲིས་པའོ། །ལན་རྒྱུ་དང་དུས་བསྟན་པའི་ཕྱིར། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་རྩོལ་མེད་ཉམས་ཞེས་པ། ཀུན་རྟོག་ངར་འཛིན་གྱི་བློ་དང་ལྡན་པ་ནི་ཕྱིན་ཅི་ལོག་པའི་རྒྱུ་དེས་ཐོག་མ་མེད་པའི་དུས་ནས་ཤེས་པ་བསླད་པའོ། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་སེམས་དོན་དུ་སྣང་བ་ཡིན། ཞེས་པ་སྐྱེ་བོ་པ་རང་གི་ཤེས་རབ་རང་བཞིན་དུ་ནོར་བས་སྙིང་པོ་བྱང་ཆུབ་ཡུལ་དང་བྲལ་བའི་ཕྱིར་བརྟག་ཏུ་མ་བཏུབ་པས་མཐོང་ཡང་མ་མཐོང་བ་དང་འདྲ་བར་སོང་བ་ནི་མ་རིག་པ་སྟེ་དཔེར་ན་མིག་གིས་མིག་མ་མཐོང་བ་དང་འདྲ་བས་གཟུང་འཛིན་ཐ་ཚིགས་སུ་བཅད་དེ་ནོར་བའི་རྒྱུ་རྐྱེན་གྱི་དབང་དུ་སོང་བའི་གཏན་ཚིགས་དེས་ན། ཚོགས་བརྒྱད་ཀྱི་ཤེས་པ་དང་འདུ་བྱེད་རྣམས་ངེས་པ་ཁོ་ནར་རྟོག་པའི་རྟེན་ཡུལ་དང་བདག་དང་ཡུལ་ལ་ཤེས་པ་སྐྱེ་བ་ལྟ་བུར་སྣང་བའི་ཤེས་པ་གསུམ་གྱི་ནི་གཞིའི་ཕྱིར་རོ། །དེ་རྒྱས་པར་བསྟན་པའི་ཕྱིར། འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། ཞེས་པ། བསོད་ནམས་དང་དེ་མ་ཡིན་པ་དང་མི་གཡོ་བའི་ལས་ཐ་དད་སྤྱད་པས། ཀུན་གཞི་ལ་བག་ཆགས་བསྒོས་པ་རྙིང་ཟུག་ལ། འཕྲལ་དུ་ལས་གང་གོམས་པའི་བག་ཆགས་བསྣན་ཏེ། མཐུ་བརྟས་པའི་ནུས་པ་ཅན་དུ་གྱུར་པའི་དུས་ན། ཡུལ་དང་ལུས་རང་རྒྱུད་པ་མེད་བཞིན་དུ། ཀུན་གཞི་ཉིད་ཕྱི་རོལ་གྱི་ཆོས་གཉིས་སུ་སྣང་དུ་བཏུབ་པ་ནི། དཔེར་དགེ་སློང་རུས་པ་སྒོམ་སྒོམ་པ་མཐུ་བརྟས་པས། སྤྱོད་ཡུལ་རུས་པར་སྣང་བ་དང་མཚུངས་པའོ། །བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི་ཞེས་པ། བག་ཆགས་རྣམས་ཀྱི་གཞི་ཀུན་གཞི་སྐད་ཅིག་མའི་རྒྱུན་ལ། ངའོ་ཞེས་ཡུལ་དུ་གཏོད་པའི་ཉོན་མོངས་པ་ཅན་གྱི་ཡིད། ཀུན་བརྟགས་ཀྱི་ཤེས་པ་བརྟགས་པས་བདག་ཏུ་སྣང་བའི་གཞི་བྱས་ཏེ། དཔེར་མིག་བཙིར་བས་རྫས་གཉིས་པར་མཐོང་བ་ལྟ་བུའོ། །བདག་ནི་མེད་ཞེས་པ། དེ་མ་གྲུབ་པར་སྟོན་ཏོ། །བདག་ཏུ་ཞེན་བརྡོ་ཙམ་ན་རང་བཞིན་མེད་པའི་རྣམ་པར་ཤེས་པ་དགུ་པའི་ངོ་བོ། ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པས་སྐྱེས་བུ་སྣང་ལ་མ་གྲུབ་བོ། །ལུང་གི་ཆོས་མཉམ་པའི་དོན་གྱིས་བཤད་པ་དང་འཆད་པའི་ལུས་གསུམ་ཀ་སྣང་ལ་མ་གྲུབ་སྟེ། བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བ་སྐད་ཅིག་མའི་རྒྱུད་དུ་མི་སྐྱེ་བས། ལོག་རྟོག་རང་གི་ལོ་རྒྱུས་ཀྱིས་ཆོས་ཉིད་ཀྱི་རིགས་སུ་གྱུར་པའོ། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ་ཞེས་པ། ཚོགས་དྲུག་གི་རྟོག་པའི་ལས་རགས་པས་བསྒྲིབས་ནས། རྣམ་ཤེས་དགུ་པ་མ་རྟོགས་པའི་རྒྱུས། གཟུང་འཛིན་དུ་རྒྱ་ཆད་པས། ཡུལ་ལ་ཤེས་པ་སྐྱེ་བ་མེད་བཞིན་པར་སྐྱེ་བ་ལྟར་སྣང་བའི་གཞིར་གྱུར་རོ། །འོན་ཀྱང་འདིར་རང་རིག་རང་སྣང་ལས་སྐྱེ་བ་མེད་པས་གོལ་སྒྲིབ་དང་པོ་བསལ་ཏོ། །མུ་སྟེགས་ཀྱི་གོལ་སྒྲིབ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། དེ་ལ་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། ཞེས་པ། མུ་སྟེགས་པའི་རྒྱུ་ནི། ཀུན་གཞི་སྐད་ཅིག་མའི་རྒྱུན་བག་ཆགས་དང་བཅས་པ་ཉིད་ཀྱི་ནུས་པ་དངོས། ཡུལ་ཐ་དད་དུ་སྣང་བ་མ་རིག་པས། རང་གི་ལོག་རྟོག་སྔ་ཕྱིི་ལོང་བཏགས་པའི་གཞི་ཟག་པ་རྣམས་དང་ལྡན་པའི་ཀུན་བརྟགས་ཀྱི་རྒྱུས། གཟུང་འཛིན་གྱི་ལྟ་བ་འཕེལ་བར་བྱེད་དོ། །ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་ལས། བདག་ཏུ་ལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག །ཞེས་པ། ཀུན་གཞི་བག་ཆགས་དང་བཅས་པ་ལ་ཕྲ་བར་དམིགས་པ་ཡོངས་སུ་མ་ཆད་པ་ནི་མ་ཤེས་པའི་རྒྱུ་དེས། མུ་སྟེགས་པ་རྟག་པ་པའི་རིལ་འཛིན་དང་བྱེད་པ་པོ་རྒྱུར་ལྟ་བ་དང་། གཞན་བསྡུ་བ་ནི་ཆད་པ་དང་ལྟ་བ་ལྔ་དང་ཉི་ཤུ་དང་། སུམ་བརྒྱ་དྲུག་ཅུ་དང་། ཞར་བྱུང་སྡེ་བཞི་ལས་གྱེས་པ་མང་པོ་སྐྱེས་ནས་དེ་ལ་གྲོལ་པའི་ལམ་དུ་འཛིན་བྱེད་པའོ། །རྟགས་པའི་འཁྲུལ་གཞི་བསྟན་པའི་ཕྱིར། སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། བག་ཆགས་རྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མིའི་རྒྱུད་ཀྱི་ལུས་སྣང་ལ། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ཞེས་པ། རྟག་པ་ཅིག་ཤོས་པ་དག་ནི། ཀུན་གཞི་ལས་མང་པོའི་བག་ཆགས་ཀྱི་རྟེན་དུ་གྱུར་པས་བག་ཆགས་ཤིན་ཏུ་སྡུག་པ་མང་བ་རྙིང་ཟུག་དུ་ཡོད་པས་ལས་འདི་ཁོ་ནའི་གནས་སོ། །འདི་ནི་མི་གནས་སོ་ཞེས་ངེས་པར་ཚད་མི་ཟིན་པ་ལ། སྔ་མའི་བག་ཆགས་དེ་མཐུ་ཅན་དུ་བྱེད་ཅིང་སློང་བའི་ལས་ཀྱང་བསམ་གྱིས་མི་ཁྱབ་པའོ། །ལྷག་མ་ནི་ཆ་འཛིན་པ་སྟེ། དེ་དག་གི་ནང་ནས་ལས་དགེ་བཅུའི་ཆ་ཙམ་སྤྱད་པས་དགེ་བའི་བག་ཆགས་དེ་ཉིད་ཀྱི་ཆ་བསླང་སྟེ། སྟོབས་སུ་གྱུར་པས་མིར་སྐྱེ་བར་སྣང་ལ། ཡང་མིའི་རྒྱུད་ལ་ལྷར་སྐྱེས་པའི་བག་ཆགས་ཡོད་པ་དེ། ལྷར་སྐྱེས་པའི་ལས་དགེ་བ་སྟོབས་ཅན་སྤྱད་པས་བསླང་བའི་དུས་ན་མི་ལས་ལྷར་སྐྱེས་པའི་ལས་ཀྱི་ནུས་པ་མུ་སྟེགས་ཀྱི་མངོན་ཤེས་ཀྱི་མཐོང་ནས། ཁོ་ཉིད་ལྷར་སྐྱེ་བར་འདོད་པས། དགེ་བའི་ལས་ཉིད་ཀྱིས་འགྲོ་བ་མ་ཤེས་པའི་དབང་གིས་དབང་ཕྱུག་ཆེན་པོ་དང་། གཞན་བསྡུ་བས་ཚངས་པ་དང་། གུ་ལང་ལ་སོགས་པ་མཆོད་ལེགས་པས་མཐོ་རིས་སུ་གཏོང་བར་བྱེད་པར་འདོད་དེ་དེ་དག་རྒྱུར་ལྟའོ། །དེ་མི་བདེན་པར་སུན་དབྱུང་བའི་ཕྱིར། ལམ་དེ་མི་ཞི་གྲོལ་མི་འགྱུར། རྣལ་འབྱོར་ལམ་བསླད་ཐེ་ཙོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས་ཞེས་པ། མུ་སྟེགས་ལྟ་བ་རང་གི་ལོ་རྒྱུས་བསྙད་པས་རང་གི་ཀུན་ཏུ་བརྟགས་པ་ཙམ་ལས་གཞི་དེ་ལྟར་མ་གྲུབ་པའི་ཕྱིར། ལྟ་བ་དེས་སྡུག་བསྔལ་གྱི་ཟུག་རྔུ་དང་མི་འབྲལ་ཞིང་བཅིང་བ་ལས་མི་ཐར་བས་མི་བདེན་ནོ། །ལྟ་ངན་དེས་སེམས་སྒོམ་པའི་ལམ་མ་ནོར་བ་ལས་ཉམས་པས་མི་བདེན་ཞིང་། གདེང་མེད་པར་བྱེད་པའི་རྒྱུ་ཡང་ཤེས་པ་བརྒྱད་པོ་ཉིད། དགུ་པའི་ངོ་བོ་སྨྲ་བརྗོད་མེད་པ་ཡིན་པའི་དོན་མ་མཐོང་བ་ལས་ལྟ་ངན་བྱུང་ངོ་། །དེས་ན་དེ་ལ་གནས་པར་མི་བྱའོ། །ཉན་ཐོས་ཀྱི་ལྟ་བ་རང་གི་ལོ་རྒྱུས་ཀྱིས་མི་བདེན་པར་བསྟན་པའི་ཕྱིར། བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། ཞེས་པ། ཉན་ཐོས་ལྟ་བའི་ཉེས་པས་སུན་དབྱུང་བ་སྟེ། སྐྱེ་བོ་པའི་བདག་གཉིས་ཀྱིས་ཉེས་པ་གཉིས་མྱོང་བ་ལྟ་ཅི་སྨོས་ཀྱི། བདག་མེད་པར་འདོད་པའི་ཉན་ཐོས་ཀྱི། དོན་དམ་པར་ནང་གི་ཤེས་པ་སྐད་ཅིག་མ་རེ་རེར་ཡོད་པ་འདོད་པ་ནི། ལྟོས་ན་གང་ཟག་གི་བདག་ཁོ་ནའོ། །ལྟ་བ་དེས་བསྒྲིབས་པས་ཐེག་པ་ཆེན་པོ་འཕགས་པའི་ལམ་མ་ནོར་བ་དང་བྲལ་བའོ། །དེ་བས་ན་ཀུན་རྫོབ་ཏུ་བཟུང་བའི་ཡུལ་དྲུག་ཕྲ་རབ་ཡོད་པར་རྟོག་པ་ནི་ཆོས་ཀྱི་བདག་སྟེ། དེས་རྩོལ་བའི་སྡུག་བསྔལ་མང་པོ་སྐྱེ་ཞིང་གནས་ངན་སོང་དུའང་བརྒྱ་ལ་ལྡོག་པ་སྲིད་པར་འགྱུར་བས་མི་བདེན་པའོ། །ཉན་ཐོས་ཀྱི་ལྟ་བ་ཀུན་རྫོབ་ཀྱི་སུན་དབྱུང་བའི་ཕྱིར། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད། ཞེས་པ་སེམས་རྣམ་པར་ཤེས་པའི་ངོ་བོ་ནི། ལས་ཀྱི་སྐད་ཅིག་མའི་ཤེས་པ་ཉིད། གང་ཡུལ་དུ་སྣང་བ་ལ་གཟུགས་སྒྲ་ལ་སོགས་པ་སོ་སོར་འདུ་ཤེས་པས། ལམ་མི་གཅིག་པས་ཚོགས་བརྒྱད་དུ་སྐར་ཁུང་བརྒྱད་པའི་མེ་འོད་ལྟ་བུར་བྱུང་གི །ཤེས་པ་རང་རྒྱུད་པ་བརྒྱད་མེད་དེ་གཅིག་པས་ཤེས་པ་ནི་གཅིག་དང་དུ་མ་ལས་གྲོལ་བར་སྣང་བའོ། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེས་འབྱུང་དེ་ལ་སྣང་། ཞེས་པ། སྔ་མ་གཏན་ཚིག་སུ་གྱུར་པས། ཤེས་པ་སྐད་ཅིག་མ་ཆུ་རྒྱུན་ལྟ་བུའི་སྐད་ཅིག་སྔ་མ་སྔ་མ་ལ། བདག་གི་ལུས་དང་གཞན་པ་ལྟ་བུ་བག་ཆགས་སུ་གནས་པ་ལ། ཕྱི་མས་ཡུལ་དུ་བརྟགས་པས་མཐུ་བ རྟས་པའི་ཕྱིར། ཤེས་པ་ཕྱི་མ་སྔ་མ་མཐུ་བརྟས་པ་ལས་འབྱུང་ཞིང་རྒྱུད་མཐུན་པར་སྣང་བའོ། །དེས་ན་རྡུལ་གྱི་ཡུལ་ལ་སོགས་སུ་མི་འགྲུབ་སྟེ། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། རྒྱུད་དྲུག་རིགས་པ་དེ་ལའང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ་ཞེས་པ། རང་གི་ཀུན་གཞི་སྐད་ཅིག་མའི་རྒྱུན་སྣང་བ་ལས་མ་གཏོགས་པ། མྱ་ངན་ལས་འདས་པ་དག་འཁོར་བ་ལོགས་ན་མེད་དེ། འགྲོ་བ་དྲུག་གི་རྒྱུ་ཐ་དད་པ་མི་མཐུན་པའང་རང་སེམས་སྣང་བའོ། །མདོར་ན་དེ་དག་རང་བྱུང་ཡེ་ཤེས་རང་སྣང་བས་རྡུལ་ཆོས་སུ་མ་གྲུབ་པས་སུན་བཏོན་པའོ། །ཉན་ཐོས་ལྟ་བ་གཉིས་ག་མ་གྲུབ་པས་སུན་གདོན་ཞིང་དེ་ལ་མི་གནས་པའི་ཕྱིར། སེམས་རྒྱུད་དེ་ལས་ཕྱོགས་ཀྱང་ཐང་ཟད་མེད་པ་གཅིག་ལ་རྟེན་མེད་དེ། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། ཞེས་པ། བྱང་ཆུབ་ཀྱི་སེམས་ཅིག་ཤོས་ཀྱི་རྒྱུན་ལས་གྲོལ་བ་ནི། ངོ་བོ་ཉིད་རྒྱུན་ཏུ་ཤར་བ་དེ་ཉིད་རང་སྣང་བ་ལས་མ་གཏོགས་པ། གཟུང་འཛིན་གྱི་ཕྱོགས་མ་གྲུབ་པས་ཡུལ་ལ་ཤེས་པ་མི་གནས་ཏེ། བྱང་ཆུབ་སེམས་ཀྱི་ངོ་བོ་ལ། སྤྱོད་ཡུལ་མ་གྲུབ་པའི་གཏན་ཚིགས་ཀྱིས། སྣང་བ་ཐམས་ཅད་བདག་ཉིད་ཆེན་པོའི་སྐུའོ། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོས་ལུས་སུ་རབ་སྣང་ཡང་། སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ་ཞེས་པ་བདག་ཉིད་ཆེན་པོའི་སྐུ་ནི། རྣམ་པ་མེད་པས་སངས་རྒྱས་ཀྱི་ཞིང་ཁམས་ཐ་དད་དང་འགྲོ་བའི་ལུས་ཐ་དད་པར་རང་ཤར་བའོ། །མི་མཐུན་པ་ནི་མཚན་ཉིད་མི་ཟིན་པར་སྟོན་ཏེ། བྱང་ཆུབ་སེམས་དང་སྣང་བའི་ཡུལ་ནི་གཅིག་པ་མིན་ཏོ། །གཅིག་ན་སྐྱེ་བོ་པས་རྫས་ཅིག་མཐོང་བས་ཀྱང་བྱང་ཆུབ་སེམས་མཐོང་བར་རིགས་སོ། །ཐ་དད་པའང་མིན་ཏེ་བྱང་ཆུབ་སེམས་ཉིད་ཐམས་ཅད་དུ་རང་སྣང་བ་ལས་གཞན་པ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་ནི་གཅིག་དང་དུ་མ་ལས་གྲོལ་བས་འདི་ཞེས་བརྗོད་དུ་མི་བཏུབ་པ་ལ། ཉན་ཐོས་ལྟར་ཡུལ་དང་ཤེས་པ་རང་རྒྱུད་པར་གྲུབ་པ་མེད་པས་སྒྲིབ་པ་བས་བསལ་ཏོ། །རང་རྒྱལ་གྱི་ལྟ་བ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགགས་པར་འགྱུར་ཞེས་པ། གོལ་སྒྲིབ་ཀྱི་ངོ་བོ་ཉིད་ནི་བྱིས་པ་དག་དངོས་པོ་མཐོང་ཐོས་ཀྱི་ཆོས་རྣམས་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་མང་ཉུང་དང་ཕྲ་རགས་ཀྱི་ཚུལ་དུ་འཁོར་བའང་ཆ་མཉམ་ཞིང་ཚང་ན་སྐྱེ་ཞིང་། དེ་ལས་བཟློག་ན་འགག་པས་རྩད་བཅད་ནས་ཡུལ་མ་གྲུབ་པའོ་ཞེས་ལྟ་བ་ནི་སྒྲིབ་པའོ། །དེ་མ་གྲུབ་པ་དང་མི་བདེན་པ་བས་སུན་ཕྱུང་ནས་མ་ནོར་བའི་དོན་བསྟན་པ་ནི། ཚིག་པའི་ས་བོན་བཞིན་དུ་མེད་ལས་མོས་པ་མི་འབྱུང་རྒྱུ་འབྲས་མེད་ཞེས་པ། དཔེར་ན་ས་བོན་ཚིག་པ་ལས་མྱུ་གུ་མི་འབྱུང་བ་ལྟར། སྙིང་པོ་བྱང་ཆུབ་རྒྱུ་རྐྱེན་ངང་གིས་དག་པ་ལས། གཟུགས་སུ་མི་སྣང་སྟེ་བསྐྱེད་པའི་རྒྱུ་འབྲས་མ་གྲུབ་པས་མི་བདེན་ནོ། །འོ་ན་རྟེན་འབྲེལ་ཅི་ལས་སྣང་སྙམ་པ་ལ། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ་ཞེས་པ། སྙིང་པོ་བྱང་ཆུབ་ལ་རྟེན་འབྲེལ་མ་གྲུབ་པར་དེར་སྣང་བ་ནི། རང་རྒྱལ་བའི་ཤེས་པ་རྟེན་འབྲེལ་རྒྱུ་འབྲས་བུ་རྟོག་པ་གོམས་པ་ཉིད་དེར་སྣང་སྟེ། རང་གི་ཀུན་བརྟགས་སྣང་བས་གཏན་ཚིགས་མི་བདེན་པའི་ཕྱིར། ལྟ་བའང་མི་བདེན་ཏེ་རང་རྒྱལ་བ་ཤིན་ཏུ་ལམ་རིང་བའོ། །མ་ནོར་བའི་དོན་གང་སྙམ་པ་ལ། དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཚོ་མེད་ཕྱིར་རྟག་ཆད་མེད། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན་ཞེས་པ། ནམ་མཁའ་ཆེ་ལས། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། མ་སྐྱེས་པས་ན་འཇིག་པ་མེད་ཞེས་པའི་དོན་གྱིས། རྒྱུ་རྐྱེན་ཉིད་ཡེ་ཤེས་རྡོ་རྗེའི་ངོ་བོ་ཡིན་པས་མ་གྲུབ་པའི་གཏན་ཚིགས་ཀྱིས་སྐྱེ་བ་མེད་པས་འཇིག་པ་མེད་པའོ། །དེས་ན་སྔ་མ་སྔ་མ་གཏན་ཚིགས་ལ་ཕྱི་མ་ཕྱི་མ་དོན་ཉིད་ཡིན་ཏེ་མཐའ་ཟུང་ལྔ་ལས་གྲོལ་བའི་བྱང་ཆུབ་སེམས་ཡེ་ནས་རྣམ་པར་དག་པས། འཁོར་བ་དང་མྱ་ངན་ལས་འདས་པའང་གཉིས་སུ་མེད་པས། རྟེན་འབྲེལ་ལུགས་ནས་འབྱུང་བཟློག་མེད་པར་གསལ་ལོ། །རྣམ་རིག་གི་ལྟ་བའི་གོལ་སྒྲིབ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར་གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་གྱུར་དེ་མེད་མེད། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བགགས་ཡོད་པ་མ་ཡིན་དང་ཞེས་པ། ཀུན་རྫོབ་ཀྱི་ལྟ་བ་ནི་ཆོས་གཉིས་ཀྱི་གཞི་རྟེན་ཀུན་གཞི་རྣམ་ཤེས་སྐད་ཅིག་མ་དེ་ནི་ཐམས་ཅད་དུ་མེད་པ་མིན་ཏེ། རྒྱུན་རྟག་ལ་དེ་ལྟར་མཐོང་བའི་དུས་ན་དངོས་པོ་ཡུལ་རིལ་ཤེས་པ་སྣང་བས་བཟང་ངན་མེད་པར་མཐོང་བ་ཡུལ་ལོགས་སུ་གྲུབ་པས། ཤེས་པའང་སྐྱེ་བོ་པ་ལྟར་རྒྱ་ཆད་པར་མ་གྲུབ་པའོ། །དེས་ན་མཐོང་ཐོས་ཀྱི་ཡུལ་རྣམས་ནི། བདེན་ཞིག་ཚད་མ་མ་ཡིན་ཏེ། ཤེས་པ་འཁྲུལ་པ་ཐག་སྦྲུལ་ལྟར་སྣང་བའི་གཏན་ཚིགས་ཀྱིས་ཡུལ་མ་གྲུབ་པར་འདོད་དོ། །དེ་སུན་འདོན་པ་བསྟན་པའི་ཕྱིར། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེའང་མེད་པ་ཡིན། ཞེས་པ། རྣམ་རིག་ཡུལ་མ་གྲུབ་པའི་གཏན་ཚིགས་ཀྱིས་ཀུན་གཞིའང་མིང་དུ་མི་ཐོགས་ཏེ་མ་གྲུབ་ལ། ཚོགས་དྲུག་ཀྱང་ཡུལ་རིག་ཅིང་ཤེས་པར་མི་རིགས་པའོ། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ་ཞེས་པ། དེ་ལྟར་ཡུལ་དང་ཤེས་པ་རྒྱ་མ་ཆད་དང་གཅིག་པར་འདོད་པ་དེ་ཉིད་ཀྱི་གཏན་ཚིགས་ཀྱིས། དམིགས་པའི་ཡུལ་དང་བག་ཆགས་ཀྱི་གནས་ཀུན་གཞི་མ་གྲུབ་སྟེ། རྐྱེན་གཉིས་མེད་པས་ཤེས་པ་དྲུག་དངོས་ཡུལ་ལ་སྐྱེ་བའང་རིགས་པ་མིན་ཏེ། ཀུན་རྫོབ་ཏུ་འཁྲུལ་པའི་ཤེས་པ་སྐད་ཅིག་མའང་མ་གྲུབ་པར་སུན་བཏོན་ཏོ། །དེས་ན་མ་ནོར་བ་ཉིད། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དུ་མར་བྲལ་ཞེས་པ། སྤྱོད་ཡུལ་བྲལ་བས་རྒྱུན་གྱི་རྟག་པ་མེད་པའི་གཏན་ཚིགས་ཀྱིས། རང་རིག་ངོ་བོ་བསྟན་ཅིང་ཅིར་ཡང་རང་སྣང་བས། མཐའ་གཉིས་བྲལ་བས་རིག་པ་བྱེ་བྲག་ཀུན་བྲལ་ཉག་ཅིག་ཇི་མ་སྤངས་པས་བརྗོད་པར་ནི་དཀའ་བའོ། །དོན་དམ་པའི་ཡེ་ཤེས་མ་གྲུབ་པར་དཔེས་བསྟན་པའི་ཕྱིར། བདེར་གཤེགས་བྱང་ཆུབ་མེད་ཕྱིར་དེའི་རྫུ་འཕྲུལ་སྒྱུར་འདྲར་འཁྲུལ་ལ་སྣང་ཞེས་པ། བྱང་ཆུབ་སེམས་ཀྱི་ངང་ལ་མ་དག་པ་མེད་པའི་ཕྱིར། སངས་རྒྱས་ཉིད་ཀྱི་བླ་དྭགས་ཙམ་ཡང་བྲལ་བའི་གཏན་ཚིགས་ཀྱིས། རྒྱལ་བ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་གཡོས་པར། དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་མཛད་པ་སྒྱུ་མཁན་ལྟར་སྣང་བས། དོན་མཛད་པར་འདོད་པ་ཉིད་རང་གི་འཁྲུལ་པ་སྣང་བའོ། །དེ་བཞིན་དག་པའི་ཡེ་ཤེས་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་ཞེས་པ་རྣམ་རིག་དོན་དམ་པ་ཡེ་ཤེས་སྐད་ཅིག་མ་ཆ་ཤས་དང་བྲལ་བར་འདོད་པའང་མི་འགྲུབ་པ་ནི། རྒྱལ་བའི་མཛད་པ་མ་གྲུབ་པ་ལྟར། སྤྲོས་པ་རྣམ་པར་དག་པའི་ཡེ་ཤེས་བཞི་པོ་རྣམས་ལས་ཀྱང་། མེ་ལོང་ལྟ་བུའི་ཡེ་ཤེས་རབ་དུའང་ཉེས་པ་དང་བྲལ་བ་བླ་མའི་དགེ་བའི་སྔ་མ་རྩ་བ་རྒྱུན་ལས་བསྐྱེད་པའི་སྐད་ཅིག་མའི་ཡེ་ཤེས་དེ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་མར་མེ་ལྟར་རང་སྐད་ཅིག་མར་སྐྱེ་བར་རྟོག་པ་ནི། མི་མཐུན་པའི་སྒྲས་འཁྲུལ་པར་སྟོན་པའོ། །སུན་དབྱུང་བ་བསྟན་པའི་ཕྱིར་རྡོ་རྗེའི་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་དང་། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན་ཞེས་པ། རྣམ་རིག་ཡུལ་མེད་པའི་ཡེ་ཤེས་རྐྱེན་བཞིས་རྒྱུད་དུ་སྐྱེ་བ་དེ། འདིར་ནི་རང་བྱུང་གི་ཡེ་ཤེས་བརྩལ་བ་མེད་པ་ལ། དངོས་སུ་ཡུལ་དུ་དམིགས་པའི་རྟེན་ཙམ་ཡང་མ་གྲུབ་པའི་གཏན་ཚིགས་ཀྱིས། ཡེ་ཤེས་ཆེན་པོ་ཕྱོགས་རིས་དང་བྲལ་བ་ཅི་འདྲ་བར་གདེང་ཆུད་དེ། ཡུལ་དང་ཡེ་ཤེས་བྱེ་བྲག་མེད་པར་རྟོགས་པ་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཞེས་ཀྱང་བྱ། རྡོ་རྗེ་མོའི་ཡེ་ཤེས་ཀྱང་བྱ་བ་བཤད་པ་ལྟ་བུ་ལ་སྤྱོད་ཡུལ་མ་གྲུབ་པས། རྒྱུད་དུ་སྐྱེེ་བ་མིང་ཙམ་ཡང་མེད་དོ། །དེ་ཡོད་ན་འདུས་བྱས་སུ་འགྱུར་བས་མི་བདེན་ནོ། །འོ་ན་རྒྱལ་པོའི་ཡོན་ཏན་སྣང་བ་འགག་གོ་ཞེ་ན་ཡེ་ཤེས་མིང་བཞི་དང་ལྡན་པ་ནི། སྐད་ཅིག་མེད་པར་རྒྱུན་དང་བཅས་པར་རང་སྣང་བའོ། །དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱང་མ་གྲུབ་པར་སུན་འབྱིན་པ་བསྟན་པའི་ཕྱིར། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད་ཞེས་པ། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་མི་རྟོག་པའི་ཡེ་ཤེས་དཔེའི་ཇི་ལྟ་བ་སྐད་ཅིག་མར་སྣང་ཡང་མ་གྲུབ་པས། མེད་ན་མི་འབྱུང་བའི་ཚུལ་གྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་འཁྲུལ་སྣང་ངོ་། །གཏན་ཚིགས་དེས་ན་འཁོར་བ་དང་མྱ་ངན་ལས་འདས་པ་རིལ། མི་གནས་པའི་ཡེ་ཤེས་སུ་ངང་གིས་བཟླུམས་པས་སྤང་བླང་འདི་ལ་མེད་པའོ། །དབུ་མའི་ལྟ་བའང་རང་གི་ལོ་རྒྱུས་ཀྱིས་མི་བདེན་པར་བསྟན་པའི་ཕྱིར། དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། གཉིས་མེད་བསམ་འདས་སྟོང་ཉིད་བརྗོད་དང་ཐ་སྙད་བྲལ་ལ་སོགས། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་ཞེས། དབུ་མ་པས་དོན་དམ་པར་སྤྲོས་པ་བརྒྱད་ཞི་ཞིང་། རིགས་པ་བཞིས་ངེས་པར་ཤེས་བྱའི་ཡུལ་དམ་པར་བཞག་པ་ནི་མི་བདེན་ཏེ། འདིར་རྣམ་རིག་མ་གྲུབ་ཅིང་མཚན་ཉིད་བསྟན་དཀའ་བའི་ཚུལ་གྱིས། དབུ་མའི་དོན་དམ་པའི་མཚན་བརྒྱད་དུ་བཏགས་པ་དང་། བསྡུ་བའི་སྒྲས་མཚན་གཞན་ཇི་སྙེད་པ་བསྡུ་སྟེ། དེའི་ངོ་བོ་མ་སྐྱེས་པ་ནི་དོན་དམ་པར་འདོད་ལ། བཏགས་པའི་མིང་རྣམས་དང་ཡེ་ཤེས་ནི་ཀུན་རྫོབ་ཏུ་འདོད་པ་དེ་དག་ཀུན་ཚིག་གི་ཐ་སྙད་ཙམ་ཡིན་པས་ཡང་དག་པའི་པའི་དོན་མ་ཡིན་པའོ། །དེ་ལྷག་མས་མི་བདེན་པར་སུན་འབྱིན་པ་སྟེ། དོན་དམ་མེད་ཅིང་ཀུན་སྒྲིབ་མེད། དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན་ཞེས་པ་དང་། དབུ་མ་པ་བདེན་པ་གཉིས་སུ་འདོད་པ་ནི། རང་གི་འཁྲུལ་པ་སྣང་སྟེ། འདིར་རང་བྱུང་ཡེ་ཤེས་ངོ་བོ་མེད་པར་ཐམས་ཅད་དུ་རང་སྣང་བ་ལ་དོན་དམ་ལྷག་པར་བཤད་པ་མེད་པའི་ཕྱིར་བདེན་པ་རིས་སུ་མེད་པ་ལ། དབུ་མ་དོན་དམ་པའི་ལུགས་བཤད་ནས་ལམ་མ་ནོར་བར་འདོད་ཅིང་སྟོན་པ་ཉིད་ཀུན་རྫོབ་ལོག་པའི་སྒྲིབ་པར་བསྟན་པའོ། །དེས་ན་འདི་ལ་དེ་མེད་དེ་ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤོང་ཞིང་གནས་པར་མི་བྱེད་དོ་ཞེས་པ། ཐམས་ཅད་དུ་གདེང་ཆེན་པོ་མངའ་བས། ཀུན་རྫོབ་དང་དོན་དམ་པའི་ཆོས་རིས་སུ་བླང་དོར་མེད་དེ་སྤང་ལེན་མེད་པ་ཉིད་ཀྱང་ཡུལ་དུ་མི་བྱེད་པའོ། །བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉིད་མེད་ལ་དམ་པར་ལྟ་བ་འདི་མེད་ཞེས་པ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་བསྒོམ་བྱ་བསྒོམ་བྱེད་ལས་གྲོལ་བའི་གཏན་ཚིགས་ཀྱིས། ཡུལ་ཉིད་ཡིད་ལ་བྱེད་པ འང་མེད་ཅིང་དོན་དམ་པ་ལ་མཆོག་ཏུ་འཛིན་པའི་འདུ་ཤེས་མེད་པས་དག་གོ །ཀུན་རྫོབ་ལྟ་བ་སུན་གདོན་པའི་ཕྱིར། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་ལ་མེད་འགྱུར་ཕྱིར། ཡོད་པ་ལྟོས་པའི་མེད་པ་མེད་དེ་མེད་པའི་མེད་པའང་མེད། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ་ཞེས་པ། བཤད་པ་བཞིན་རང་བཞིན་ཀུན་བརྟགས་དང་། ལྟོས་པའི་ཀུན་བརྟགས་ཀྱི་དངོས་པོ་ཇི་ལྟར་སྣང་པའི་ལོ་རྒྱུས་ཀྱིས་གྲུབ་མཐའ་དཔྱོད་ན། དབུ་མ་པ་ལྟར་སྒྱུ་མའི་མཚན་ཉིད་ཙམ་དུའང་མི་སྣང་བའི་གཏན་ཚིགས་ཀྱིས། གསང་སྔགས་ཀྱི་བྱང་ཆུབ་སེམས་ལ། ཡོད་པ་མ་གྲུབ་པས་མེད་པར་མ་སོང་སྟེ་ལྟོས་པའི་མེད་པ་མ་གྲུབ་པའོ། །འོ་ན་མེད་པའི་མེད་པ་ཞིག་ཡོད་དོ་ཞེ་ན། མེད་པ་འདོད་ནས་བྲལ་བས་དེ་མ་གྲུབ་པའང་མ་དམིགས་ཏེ་ཅིར་ཡང་སྣང་ངོ་། །དེས་ན་མཐའ་གཉིས་སོ། །གཅིག་ལས་འདས་པས། དབུ་མ་པ་ལྟར་དབུས་ཀྱི་དོན་ཞིག་ལའང་བློའི་རྟེན་བཅའ་རུ་མེད་དེ། བྱང་ཆུབ་སེམས་མཐའ་གང་ཡང་མ་སྤངས་པར་བྲལ་བ་ནི་གྲུབ་མཐའ་ཆེན་པོ་སྟེ། དེ་ལྟར་གདེང་ཆུད་པར་བྱ་བ་ཐོག་མར་གཅེས་པར་བསྟན་ཏོ། །ཀུན་ཏུ་བཟང་པོའི་སྤྱོད་པ་བླང་དོར་མེད་པ་བསྟན་པའི་ཕྱིར། གང་ལ་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མ་སྤོང་འདྲར་མཉམ་གནས་ཞེས་པ། སུ་ཞིག་བྱང་ཆུབ་སེམས་ཀྱི་གདེང་དེ་དང་ལྡན་པས་སྤྱོད་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་སྤྱོད་ཞེ་ན། ཁམས་གསུམ་པའི་འདོད་ཡོན་ལྔ་ལ་སོགས་པ་རིལ། བདག་ཉིད་ཆེན་པོར་མངའ་བརྙེས་པས་ཡུལ་མེད་པར་དུས་ཅིག་ཏུ་བསྟར་ལ་ཟིན་ཆགས་བྲལ་བས། ཐམས་ཅད་ལ་དོར་བ་མེད་དེ་ལྷུན་གྱིས་གྲུབ་པའི་ངོ་བོར་བཞུགས་པའོ། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ་ཞེས་པ་ཆོས་སོ་ཅོག་བྱང་ཆུབ་སྙིང་པོར་བདེན་པས། འཁྲུལ་པ་མིང་ཙམ་ཡང་མེད་པར། སྐྱེ་བོ་པ་འཁྲུལ་སྤྱོད་དུ་མཐོང་བའི་ཐེག་པ་ཉིད་ནོར་བར་ཤེས་པའོ། །ལྷག་མ་ནི་གང་ཡང་མ་འཁྲུལ་པས་སྤོང་ལེན་མི་བྱེད་པར་བསྟན་པའོ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ནང་དུ་མི་རྟོག་གོ །ཞེས་པ། མུ་སྟེགས་ཀྱི་སྟོན་པ་དྲུག་གིས་བསྟན་པའི་ལོག་སྲིད་ཅན་གྱི་སྤྱོད་པ་ཀུན་གྱིས་སྤང་བྱའང་འདིར་རང་རིག་པའི་མཛད་སྤྱོད་པས་སྨད་པར་མི་སེམས་ཤིང་མི་སྤོང་བའོ། །འོ་ན་སྐྱོན་དུ་འགྱུར་རོ་བར་དོགས་པ་ལ། ཤེས་རབ་ཐབས་ཀྱིས་སྤྱོད་པ་མི་གནས་ཕྱིར་ན་བདུད་ཀྱི་འ དྲ་བར་སྤྱོད། ཞེས་པ། འདིར་གཟའ་གཏད་བྲལ་བའི་ལྟ་བ་ཡིན་པ་མེད་པར་མཇལ་བས། ཐམས་ཅད་རང་རིག་རང་སྣང་བས། རྣམ་གྲངས་བརྒྱད་སྟོང་གི་སྤྱོད་པ་གང་ལའང་། ཟིན་ཆགས་ཀྱིས་བསྒོས་པ་མེད་པའི་གཏན་ཚིགས་ཀྱིས་ལོག་སྲེད་ཅན་་གྱི་སྤྱོད་པའང་མ་སྤངས་པའོ། །དེའི་ཕྱིར་ལོག་སྲིད་ཅན་དང་མི་མཚུངས་པའོ། །མན་ངག་གི་གོལ་ས་དང་ལྟ་བ་སྙེམས་པའི་སྐྱོན་གང་སྙམ་པ་ལ། རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལ་རྒྱལ་ཏེ་དེ་བསྙེམས་ནས། འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། ཞེས་པ་འདིར་ནི་ཐམས་ཅད་བདག་ཉིད་པས་ཕྱོགས་རིས་མེད་ཅིང་། བདག་ཀྱང་ཐམས་ཅད་ཡིན་པས་ང་བདག་བྲལ་བའི་དོན་ལ་རྨོངས་པའི་ཨ་ཏི་ཡོ་ག་པ་དང་། བདག་ཏུ་འཛིན་པའི་གཞི་ལས་བྱ་བརྩལ་དང་བྲལ་བར་ལྟ་བ་མཆོག་ཏུ་བཟུང་བ་སྟེ། ང་རྒྱལ་གྱིས་ཚིག་གི་ལྟ་བ་སྙེམས་པས་རང་གི་ལྟ་བ་ལ་ཞེན་ཅིང་། གཞན་གྱི་ལྟ་བ་ལ་ཞེ་སྡང་བ་བྱུང་སྟེ་རྩོད་སྐུར་སྤོང་བ་ནི། མུ་སྟེགས་རྒྱལ་ཐབས་སུ་གོལ་བས། སླར་མ་རིག་པ་སྟེ་བདག་དང་བྲལ་བའི་བདག་ཉིད་ཆེན་པོ་རྟོགས་པར་མི་འགྱུར་བའོ། །ལྟ་བའི་སྐྱོན་དེ་ལ་མི་གནས་དོན་མ་ནོར་བར་སྒོམ་པ་བསྟན་པའི་ཕྱིར། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་དུ་ཕྲ་བའི་ལམ། ཞེས་པ། ཡུན་ཇི་ཙམ་དུ་བདག་འཛིན་གྱིས་མུ་སྟེགས་རྒྱལ་ཐབས་པར་གྱུར་པས། བདག་གཞན་རིས་སུ་ཕྱེ་ནས་བསྟོད་སྨོད་ཀྱི་སེམས་ལ་སོགས་པ་ལྡན་པ་དེ་སྲིད་དུ། བར་ཆོད་ཀྱི་དབང་དུ་གྱུར་པ་སྟེ། འཛིན་པ་འཕྲ་མོ་དང་མ་བྲལ་བས་ནོར་བའི་ལམ་མོ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དོ། །ཞེས་པ། དེ་ལྟ་བུའི་རྟོག་པ་དག་རིག་པ་ཇི་བཞིན་པར་རང་སྣང་བའི་དུས་ན། ལྡང་ཞེའམ་མི་ལྡང་ཞེས་བྱ་བར་བཏགས་པའི་དངོས་པོ་གང་ལའང་བློའི་རྟེན་མི་འཆའ་སྟེ། ཅིར་ཡང་མི་གནས་སོ་བྱ་བའི་རྟེན་ཞིག་ལའང་བློ་རྟེན་པ་མེད་དེ་དུས་གསུམ་བྲལ་བའི་རིག་པ་རང་སྣང་བའོ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུང་། ཞེས་པ། བྱང་ཆུབ་སེམས་རྣམ་པ་ཅན་གྱིས་སྣང་བ་བྲལ་བ་ནི། མཐའ་རྣམས་ངང་གིས་བྲལ་བས་བླ་དྭགས་ཀྱི་མིང་གྲུབ་སྟེ། བཤད་པ་ལྟར་དེ་ནི་མ་ནོར་བའི་ལམ་དུ་རྒྱལ་བས་བསྔགས་པའོ། །བླང་དོར་ཅན་གྱི་སྒོམ་པ་གོལ་བར་བསྟན་པའི་ཕྱིར། གཟུགས་དང་མཚན་མ་སྨོན་པར་འཛིན་པར་རབ་དུ་སྤོངས་ནས་སུ། རྣམ་ཐར་གསུམ་པོ་སྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང་པའོ། །ཞེས་པ་རྒྱུའི་ཐེག་པ་པ་དག་སྣང་བ་དང་འདུ་ཤེས་རེ་བ་བསལ་ནས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྒོམ་པ་ནི་བླང་དོར་མེད་པའི་དོན་མཐོང་དུ་མི་སྟེར་བས་བགེགས་ཏེ། འདིར་ནི་གཟུགས་ཉིད་སྟོང་པ་ཆེན་པོ། མཚན་མ་ཉིད་མཚན་མ་མེད་པ། སྨོན་པ་ཉིད་སྨོན་པ་མེད་པ་ཡིན་པའི་ཕྱིར་རོ། །འཁོར་བའི་ལམ་གསུམ་སྤང་ཞིང་མྱ་ངན་འདས་ལམ་སྒོམ་པའང་བདུད་ཉིད་དོ། །དེ་ཉིད་རང་བཞིན་མ་ཞི། །ཞེས་པ། ཡང་དུག་གསུམ་འགེགས་ཤིང་བྱམས་པ་དང་མ་ཆགས་པ་དང་ཡེ་ཤེས་ཀྱི་ལམ་སྒོམ་པའང་བདུད་ཀྱི་སྤྱོད་པ་སྟེ། དེ་ཁོ་ན་ལ་སྤོང་ལེན་གྱི་རྟོག་པའི་ཟུག་རྔུ་ཡོད་པའི་ཕྱིར་རོ། །དེ་ལ་འདིར་མི་གནས་པར་བསྟན་པའི་ཕྱིར། རང་བཞིན་བཙལ་སྤངས་གར་མི་གནས། འཕགས་ལམ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། ཞེས་པ། འདིར་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་ངོ་བོ་ནི་བདག་ཉིད་པས། རྗེས་སུ་འཇུག་པ་པོས་མ་ནོར་བའི་ལམ་བཙལ་ཞིང་། ནོར་པ་སྤོང་བའི་སྤོང་ལེན་ངོ་བོ་གང་དུའང་བྱང་ཆུབ་སེམས་ལ་མེད་པའི་ཕྱིར། སངས་རྒྱས་ཀྱི་སྤྱོད་ཡུལ་དང་གཞལ་ཡས་ཁང་དང་མྱ་མེད་པ་དང་། བསྡུ་བ་ནི་མ་འོངས་པ་བསྡུ་བ་སྟེ་དེ་ཐོབ་པར་བྱེད་པའི་ལམ་རང་སེམས་ལས་གཞན་དུ་མི་ཚོལ་བས་བཤད་པའི་སྒོམ་པ་མི་བདེན་པའོ། །སྒོམ་སྐྱོན་བཅོས་པའི་ཐབས་བསྟན་པའི་ཕྱིར། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། འདིར་སྒོམ་པའི་ཉམས་གསུམ་ལ་གནས་པའི་ཚེ། ཐོག་མར་བྱིང་རྒོད་དྲུག་དང་དོགས་པ་བརྒྱད་དང་དམིགས་པ་བརྗོད་པ་དང་ལེ་ལོ་དང་མི་རྩོལ་བ་དང་དུག་ལྔ་དང་འདུ་བྱེད་རྣམས་དང་བར་དུ་རྟོག་པ་ལ་ཞེ་སྡང་བ་དང་། རོ་ལ་ཆགས་པ་དང་། ལྟ་བ་སྙེམས་པ་དང་། རྟོག་པ་མི་ཆུད་པ་དང་། བླང་དོར་མེད་པར་བྱེད་པ་ལྔ་དང་། རྩོལ་བ་དང་། མི་གཡོ་བ་དང་། གསལ་བ་དང་། སྡུག་བསྔལ་དང་། བདེ་བ་དང་། སྐྱེ་བ་དང་། འབྱིན་པ་དང་། ངེས་པར་འཛིན་པ་དང་། ཁྱད་དུ་གསོད་པ་དང་། སྙེམས་པ་ལ་སོགས་པའོ། །མཐར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལ་སོགས་པ་གཡོ་བ་ལ་ནི་མི་འགེགས་མི་གཡོ་བ་ལ་དོན་ཏུ་མི་གནས་ཏེ་ཆོས་ཉིད་མངོན་དུ་གསལ་འདེབས་པ་མེད་པས། ཉོན་མོངས་པ་རབ་ཏུ་འབྱེད་པ་མེད་པ་མངོན་དུ་མི་བྱེད་པས་སེལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཞེས་པ། རྟོག་པ་ཇི་སྙེད་པ་ཉིད་ཆོས་ཉིད་མ་ཡིན་པ་མེད་དེ་ངོ་བོ་མ་སྐྱེས་པས། རྟོག་པ་ཆ་ཕྲ་མོ་ཙམ་ལྡང་ཞིང་རིང་ཐུང་དུ་འབྱུང་བའང་ཇི་བཞིན་པ་ཉིད་ཀྱི་ཕྱིར། རྟོག་པའི་ཚུབ་མ་ལ་རྟོག་པ་མི་གནས་པས། དགག་བསྒྲུབ་བྱར་མེད་པའོ། །སྒོམ་པའི་བློ་གཞག་ཐབས་གོལ་ས་དང་བཅས་པ་བསྟན་པའི་ཕྱིར། སྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་ཕྲད་མི་འགྱུར་ཏེ། ཞེས་པ། གནད་དུ་མ་ཆུད་པ་དག་གིས་ཆོས་ཉིད་ལ་དམིགས་ཏེ་བསྒོམས་ཀྱང་ཆོས་ཉིད་རང་རིག་པ་ཡིན་པའི་ཕྱིར་ཡུལ་དུ་བྱེད་པ་རང་གི་རྟོག་སྒོམ་ཡིན་པས་མི་དམིགས་པའི་ཡུལ་མེད་པའི་གཏན་ཚིགས་ཀྱི་ཡུལ་དུ་འཇོག་པ་དོན་ཟབ་མོ་མི་ཐོབ་པའོ། །འོ་ན་གཞན་གཞག་ཐབས་མ་ནོར་བ་གང་སྙམ་པ་ལ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །ཞེས་པ། ཐོག་མར་བྱང་ཆུབ་སེམས་ཀྱི་གདེང་ཆུད་པའི་སྐྱེས་བུ་དེ་ལ། རྟོག་ཚོགས་ཀྱི་སྤྱོད་ཡུལ་རྣམས་ཆོས་སོ་ཅོག་གི་དེ་ཁོ་ན་ཉིད་ཡིན་པར་མཇལ་བས། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར། དངོས་པོ་ཅི་ལའང་བཟང་ངན་གྱི་འདུ་ཤེས་མ་སྐྱེས་པར། དྲན་པ་ཙམ་གྱིས་སྤྱོད་ཡུལ་མེད་པའི་ངོ་བོར་རང་རིག་རང་གསལ་བ་ནི་ཐེག་པ་མཆོག་གི་སྒོམ་པའོ། །ཉམས་བརྟན་པའི་ཚད་གང་སྙམ་པ་ལ། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། ཞེས་པ། གང་གིས་དེ་ལྟར་རིང་མོར་བསྒོམས་པས་སྒོ་གསུམ་ཆེད་དུ་བྱས་པ་དང་མ་བྱས་པའི་ལས་གང་ཡང་དངོས་གཞི་མེད་པར་མཇལ་བས། མི་ལྡང་ཞིང་རྒྱུ་བ་ཆད་པའི་དུས་ན་ཆོས་སོ་ཅོག་བདེ་བ་ཆེན་པོའི་རང་བཞིན་དུ་རང་གསལ་བའོ། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བའང་མེད། ཞེས་པ་དེ་ལྟར་རང་རིག་མཐའ་བཞི་བྲལ་བར་རང་ཤར་བའི་དུས་ན་སྤྱོད་ཡུལ་རྣམས་ཇི་བཞིན་ཉིད་དུ་གསལ་བས། སྟོང་རྟོག་ལ་སོགས་པའི་ལྟ་སྒྲིབ་རིལ་ཚར་བཅད་དེ་རིག་པ་ཇི་བཞིན་ཉིད་དུ་སོན་པ་ཡིན་ཏེ། དེ་ལ་ནི་ཆོས་ཉིད་ནམ་མཁའ་ལྟ་བུ་ཉིད་དུ་འདུ་ཤེས་པའང་མེད་པ་སྤྱོད་པའང་ཐ་སྙད་དུ་ལས་ལེགས་ཉེས་སུ་འབྱེད་པ་ཙམ་གྱི་འདུ་ཤེས་ཀྱང་མི་འབྱུང་བས། བླང་དོར་མེད་པར་རྒྱ་མཚོ་ཆེན་པོའི་ཆུ་ལྟར་གསལ་ལ་མི་གཡོ་བའོ། །སྒོམ་པའི་ངོ་བོ་རྩོལ་བ་དང་བྲལ་བར་བསྟན་པའི་ཕྱིར། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། དྲན་དང་འབྱེད་མེད་གང་ལའང་དགའ་དང་མཚུངས་མེད་མི་གནས་མི་དམིགས་ཤིང་། ཞེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདིར་བདག་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡིན་པའི་ཕྱིར། བློ་གཤིས་སུ་ཕེབས་པའི་ཚེ་ཆེད་དུ་དམིགས་པའི་བྱ་བའང་མེད། ཡིད་ལ་བྱེད་པའང་མེད། མི་རྟོག་པ་དང་མི་གནས་པ་ཉིད་དུ་འཛིན་པའང་མེད། ལྟ་བ་གཉིས་ཀྱི་གོལ་སའང་མེད་པས། ཡུལ་དུ་དྲན་རྒྱུའང་མེད། ཕྱོགས་རིས་སུ་འབྱེད་སྤོང་ཡང་མེད། ཡུལ་གྱི་དངོས་པོ་ལ་ལེགས་པ་ཅི་ལའང་སྤྲོ་ཞིང་། རོ་ལ་ཆགས་པའང་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ནི། མི་གནས་པ་ལ་མི་གནས་མི་དམིགས་པ་ལའང་མི་དམིགས་ཏེ། བདག་ཉིད་དེའི་ཕྱིར་རོ། །དེས་ན་དབུ་མ་དང་ཞི་གནས་དང་། སྐྱེ་མཆེད་བཞི་དང་། བསམ་གཏན་བཞི་དང་། འདུ་ཤེས་མེད་པ་པ་དང་། སྐྱེ་བོ་པ་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། གསང་སྔགས་པའི་ཏིང་ངེ་འཛིན་ཏུ་མ་ཐལ་ཏེ་མེད་པ་བཅུ་གཅིག་གིས་བསལ་ཏོ། །མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད། ཞེས་པ་དེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་ཀྱང་མ་རེག་པའི་ངོ་བོ་རང་བྱུང་ཡེ་ཤེས་སུ་རང་གསལ་ལ་ངང་གིས་མི་གཡོ་བ་ལ་མཐོན་དམན་ཆེ་ཆུང་མེད་དེ། བདེན་པ་གཉིས་དང་ཡུལ་དུ་ཞེན་པའི་འཛིན་པ་མེད་པས་ཏིང་ངེ་འཛིན་དེ་འདི་ལྟ་བུ་ཞིག་གོ་ཞེས་སྨྲ་མི་བཏུབ་སྟེ། དེ་ལ་ནི་ཆེད་དུ་དཀར་པོ་བྱ་བ་དང་ནག་པོ་མི་སྤྱད་པ་དང་། ཚོགས་བསགས་ལ་སྒྲིབ་པ་བྱ་བའི་དྲན་རྩོལ་མི་གཡོ་སྟེ་ཇི་བཞིན་པར་སྣང་བའོ། །དེ་ལྟར་བསྒོམས་པའི་རྟགས་བསྟན་པའི་ཕྱིར། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་མཉམ་ཤེས་དང་། ཞེས་པ། འདིར་བཤད་པ་བཞིན་དུ་སྒོམ་པ་འབེབས་སྟོབས་དང་ཡིད་ལ་མི་མཛིན་པར་ཤིན་ཏུ་བརྟན་ཏེ་རྐྱེེན་ཅིས་ཀྱང་མི་འཕྲོགས་པར་མཉམ་པ་ཉིད་དུ་རང་གསལ་ན། གདམ་ངག་གིས་སྒོམ་པའི་ཡོན་ཏན་ཅི་འབྱུང་ཞེ་ན། གང་ལ་ཆགས་དང་ཡུལ་གྱིས་མོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། ཞེས་པ། སྐྱེས་བུ་རི་ལྟར་བརྟན་པའི་ཚེ་ཐམས་ཅད་བདག་ཉིད་ཆེན་པོར་གསལ་བས་གཞན་དུ་དམིགས་པ་མེད་པ་དང་། རང་བྱུང་ཡེ་ཤེས་སུ་གསལ་བ་དང་། བདག་མེད་པས་གཅེས་པར་འཛིན་པའི་འདུ་ཤེས་བྲལ་བ་དང་། རྟོག་པའི་ཡེ་ཤེས་སུ་གསལ་བ་དང་། ངར་འཛིན་བྲལ་བ་དང་། སྤང་བྱ་མ་མཐོང་བ་དང་། ཇི་བཞིན་པ་ཡུལ་དུ་མེད་པར་བརྟན་པའི་ཕྱིར། ལྷའི་བུ་མོ་མཐོང་ཡང་ཆགས་པ་མི་སྐྱེ་བ་དང་། སྐྱེ་བོ་པའི་ཀུན་བརྟགས་ཀྱིས་མ་བསྒྲིབས་པ་དང་། སྲིན་པོ་འབར་བ་མཐོང་ཡང་མི་འཇིགས་པ་དང་། དགྲ་དང་རྟོག་པ་ལ་ཞེ་མི་སྡང་བ་དང་། རང་གི་ཡོན་ཏན་ལ་རློམ་སེམས་མེད་པ་དང་། གང་ལའང་ཕྲག་མི་དོག་པ་དང་། དགོངས་པའི་ཆོས་ཉིད་ལ་ཉམས་པ་མེད་པ་དང་། ཕྱི་རོལ་གྱི་རྐྱེན་གྱིས་མི་འཕྲོགས་པ་དང་། འདྲེ་མོའི་ལུས་མཐོང་ཡང་ངན་པར་མི་འཛིན། རྒྱལ་བའི་སྐུ་མཐོང་ཡང་བཟང་བར་མི་འཛིན་ཅིང་ཆོས་བརྒྱད་ལ་སྤོང་ལེན་མེད་པ་དང་རྩ་བ་བཞི་པོ་དེ་དག་འབྱུང་ངོ་། །གཞན་ཡང་ཀུན་ཏུ་མི་ཉམས་པ་དང་། རེ་དོགས་གཞི་མེད་པ་དང་། མི་གཡོ་བ་དང་། མི་འཆད་པ་དང་། མི་ལེན་པ་དང་། འཁྲུག་པ་མེད་པ་འབྱུང་ངོ་། །གཞན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཕ་རོལ་ཕྱིན་པ་བཅུའང་རང་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་རེ་རེ་ནས་སྤྱད་མི་དགོས་པར་ཤེས་པ་འབྱུང་། དྲོད་དང་རྟགས་དང་ཆོ་འཕྲུལ་དང་མངོན་ཤེས་དང་ཡེ་ཤེས་ཀྱང་གསུམ་གསུམ་བཞི་དང་དྲུག་གཅིག་ཅར་རིམ་པར་འབྱུང་བའོ། །ལྷག་མ་ནི་སྒོམ་པ་ནོར་ན་དེ་དག་མི་འབྱུང་བར་འཆད་དེ། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ། །ཞེས་པ། རིག་པ་མཉམ་པའི་དབྱིངས་སུ་བསྒོམས་པས་འགྲུབ་པས་མ་ནོར་བའི་ལམ་ཡིན་གྱི། ལམ་འདི་མ་རྟོག་པར་གཞན་དམིགས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཆེད་དུ་བྱས་པ་ནི་བརྒྱུད་པའི་རྒྱུ་ཙམ་སྟེ། དེས་བྱང་ཆུབ་སེམས་ལྷུན་གྱིས་གྲུབ་པ་མངོན་དུ་མི་འགྲུབ་པར་བསྟན་ཏོ། །གསང་སྔགས་ཀྱི་གོལ་སྒྲིབ་བརྒྱུད་པའི་རྒྱུར་བསྟན་པའི་ཕྱིར། བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོང་པས་རབ་གསུངས་ཕྱིར། ཞེས་པ། བརྒྱུད་པས་མཇལ་དུ་བཏུབ་པ་ནི་བརྡའ་སྟེ་དེ་དང་ལྡན་པའི་ལྟོས་པའི་རྟོག་ལྟས་རིང་ཞིག་ན། ཆེད་དུ་བྱས་པས་ཨ་ཏི་ཡོ་ག་རྟོགས་པར་འགྱུར་རོ་ཞེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ་ནི། བདུད་རྩི་ཆེན་པོའི་རྒྱུད་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་བརྟེན་གཅིག་གི་དང་། །ཞེས་གསུངས་པའི་གཏན་ཚིགས་ཀྱིས་འཐོབ་ཏུ་བཏུབ་བོ། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། ཞེས་པ། སྙེགས་པས་གཞིར་སྟོན་པ་ནི་བརྒྱུད་ནས་འཐོབ་ཏུ་བཏུབ་པས་རྫོགས་པ་ཆེན་པོའི་ཐེག་པ་འདི་གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན་པའི་རིམ་པ་བསྐྱེད་པ་དང་གསུམ་བཞི་བསྒོམས་པས་བརྒྱུད་ནས་མཐོང་བའི་གནས་ཡིན་པས་བསྒོམ་པ་ནི། ཏིང་འཛིན་གསུམ་པོ་བརྟན་པར་བྱས་ནས་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ཏེ། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། ཞེས་པ་རྣལ་འབྱོར་ཆེན་པོ་པས་རང་རིག་དེ་བཞིན་དུ་རང་གསལ་བ་ལ་བརྟེན་ནས། རང་རིག་ཡེ་ཤེས་ཆེན་པོར་གསལ་བའི་སྙིང་རྗེ་བསྒོམ་པ་བརྟན་པར་བྱ་བ་དང་། དེ་གོམས་ནས་རིག་པ་ཉིད་མ་སྐྱེས་པའི་ཡི་གེའམ་ཐུགས་ཀྱི་ཡི་གེར་བསྒོམ་དེ་བརྟན་པ་དང་། དེ་ཡོངས་སུ་གྱུར་པ་ཐུགས་ཀྱི་ཕྱག་རྒྱའོ། །དེ་ཡོངས་སུ་གྱུར་པ་སྐུའི་ཕྱག་རྒྱའོ། །དེ་ལས་ཡོངས་སུ་རྫོགས་པའི་སྐུར་བསྐྱེད་པའི་བསམ་པ་དེ་ལས་མི་འདའ་བ་དེའི་ཐུགས་ཀར་གདན་ཐོག་ཏུ་གསུང་ཡི་གེ་རྩ་བ་དང་ཡན་ལག་བསམས་ཏེ་ཕྱི་ནང་གསང་བའི་འཕྲོ་འདུ་བྱ་ཞིང་བསམ་པ་ནི་བརྒྱུད་ནས་མཐོང་བའི་གཞི་རྟེན་ནོ། །རྗེས་སུ་རྣལ་འབྱོར་པས་སྐད་གཅིག་ཉིད་ལ་གསུམ་རྫོགས་པས་ཡི་གེ་དྲན་པས་རིག་པ་སྐུར་རང་ཤར་བར་འཕྲོ་འདུ་བྱེད་པའོ། །རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། ཞེས་པ་དེ་ལྟར་སྒོམ་པའང་ཐུགས་ཀྱི་རིགས་ཀྱི་ལྷ་བསྒོམས་པས་སངས་རྒྱས་ཀུན་བསྒོམས་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་གོམས་པས་ཞེན་པ་ལོག་པ་འདུ་ཤེས་ཀླུངས་སུ་ཞུགས་པ་དང་ཐོག་མའི་དམིགས་པས་དཔྱོད་པ་སྐྱེ་བ་ལུང་དང་མན་ངག་གི་རྐྱེན་གྱིས་མཐར་རྩོལ་བ་དང་བྲལ་བ་མཐོང་བར་འགྱུར་བའི་ཕྱིར་རྒྱུའོ། །ཤེས་རབ་ཀྱིས་མ་ཟིན་པའི་སྤྱོད་པ་གོལ་བར་བསྟན་པའི་ཕྱིར། ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་དེར་ཟད་ཅིང་མཐར་ཐུག་འགྱུར། ཞེས་པ། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པའི་དོན་གྱིས་ཚིག་ལ་བརྟེན་པའི་སྤྱོད་པ་རྩིང་པོ་དང་ནག་པོའི་ལས་མི་བྱ་བ་ལྟ་ཅི་སྨོས་ཏེ། དེས་བྱང་ཆུབ་ལ་སྒྲིབ་ཅིང་ལྟུང་བའི་ཐ་མར་གྱུར་ནས་ཤིན་ཏུ་ཡ་ཚར་བར་བྱེད་པའོ། །ཤེས་རབ་ཀྱི་སྤྱོད་པས་གྲོལ་བར་བསྟན་པའི་ཕྱིར། དེ་དག་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། ཞེས་པ། བཤད་པའི་གཟའ་གཏད་མེད་པའི་ཤེས་རབ་ཅན་ཀྱི་སྤྱད་པ་འབྲས་བུ་ཉིད་དུ་འགྱུར་བའང་བཤད་པ་བཞིན་ནོ། །འདི་རྟོག་སྒོམ་གྱི་སྐལ་པ་མེད་པས་མོས་པའི་ཡོན་ཏན་བསྟན་པའི་ཕྱིར། དོན་འདི་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། ཞེས་པ། ལྷུན་གྱིས་རྫོགས་པའི་ཐེག་པ་ལ་བཟོད་པ་ཐོབ་ནས་ལྷག་པར་མོས་པའི་གང་ཟག་ནི་མྱུར་དུ་བཙལ་བ་མེད་པའི་དོན་འཐོབ་པར་འགྱུར་བས། གཞན་རྟོགས་གོམས་པས་མི་ཉེ་བའི་ཕྱིར་སྟོན་པས་བསྔགས་པ་མཛད་པའོ། །གནས་འདིར་བསྐྱོད་པ་ཙམ་གྱིས་འཇིག་རྟེན་གསུམ་པ་བླ་མར་བཅས་པའམ། མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། ཞེས་པ། ཐེག་པ་འདི་ལ་མོས་པ་སྐྱེས་ན་རྟོགས་པ་མེད་ཀྱང་ཁམས་གསུམ་གྱི་གཙོ་བོ་ཚངས་པ་བརྒྱ་བྱིན་ལ་སོགས་པ་དང་། དེས་བཀུར་བའི་སྡེ་པ་བཅོ་བརྒྱད་དང་། ཐེག་པ་གཞན་དག་དང་བདུད་ཀྱི་སྡེ་རྣམས་ལྡང་མི་ནུས་ཤིང་། གནོན་པ་རྣལ་འབྱོར་གྲུབ་པའི་ལུང་ལས་གསུངས་ཏེ། རྩེ་རྒྱལ་ལ་མོས་པའི་ཕྱིར་ཁོབས་འོག་ཏུ་ཆུད་པའོ། །ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བ་སྤྱོད་པའང་འདི་ཉིད་དེ། ཞེས་པ། ས་པས་སེམས་ཅན་མེད་པར་ཀྱང་ཤེས་ལ་སྙིང་རྗེ་མི་འདོར་བ་ལ་སོགས་པ་བྱིས་པའི་ཡུལ་མིན་པའི་མཛད་སྤྱོད་ཀྱང་འདི་ལ་མོས་པ་ཉིད་ས་དེ་དག་གི་རྩ་བར་གྱུར་པའི་ཕྱིར་རོ། །འདི་མེད་རྒྱལ་བ་རྣམ་པར་སྣང་མེད་ཐེག་པ་གསུམ་སྟོན་མི་སྲིད་དེ། ཞེས་པ་དེ་བཞིན་གཤེགས་པའི་ས་བོན་དུ་གྱུར་པས་མེད་ན་མི་འབྱུང་བའི་ཕྱིར་རོ། །སྐད་ཅིག་ཙམ་དུ་དད་པའི་ཤུགས་སྐྱེས་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། ཞེས་པ། ཡུན་རིང་མོ་བཀག་པ་ནི་སོ་གོལ་ཆའི་སེམས་སྐྱེས་པས་ཀྱང་མི་འགྱང་བར་རྒྱུ་མཐུན་པས་རང་བྱུང་ཡེ་ཤེས་མངོན་ཏུ་འགྱུར་བའི་ཕྱིར་རོ། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་བ་ཡིན། ཞེས་པ། གསང་བའི་དཀྱིལ་འཁོར་རིལ་གྱི་དངོས་གཞི་བྱང་ཆུབ་སེམས་ཡིན་པའི་ཕྱིར་དང་སྡོམ་བསྲུང་ཐམས་ཅད་ཀྱི་ངོ་བོར་གནས་པས་འདི་ཡོད་ན་གང་སྤང་མ་ཉམས་པའི་ཕྱིིར་རོ། །དེས་ན་ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་ཅེས་གསུངས་ཏེ། ཐེག་པ་གསུམ་གྱི་འདུལ་སྡོམ་དམ་པ་བསྲུངས་པའི་ཡོན་ཏན་ཡོད་པའོ། །སྦྱིན་གནས་དམ་པར་རབ་ཏུ་བསྔགས། །ཞེས་པ། སུ་ཞིག་ངེས་པར་བྱང་ཆུབ་སེམས་ཀྱི་དོན་ལ་མོས་པར་འགྱུར་བ་དེ་ནི་བླ་མར་འགྱུར་བར་བསྟན་པ་དང་། བསམ་པ་ཉེས་པ་ཟད་པ་དང་། རིགས་ཆེན་པོར་འབྱུང་ཞིང་ཡོན་ཏན་དེ་དག་ཡོད་པས་ཡོན་ཏན་དེ་དག་ཡོད་པས་ཡོན་གནས་སུ་རུང་ཞིང་ལེན་དུ་གནང་བར་གསུངས་པའོ། །བསོད་ནམས་ཀྱི་ཚད་བསྟན་པའི་ཕྱིར། དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན། ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུང་། ཞེས་རྒྱལ་བས་གསུངས། ཞེས་པ། ཡོན་ཏན་བརྒྱད་ཀྱི་གཏན་ཚིགས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ལ་དངོས་པོ་ཡོད་ན་ནམ་མཁའི་ཁམས་དང་བར་སྣང་དུ་མི་ཤོང་བར་རྡོ་རྗེ་བཀོད་པ་ལས་བཀའ་སྩལ་པའོ། །ཐུགས་རྗེ་ཆེན་པོའི་སྤྱོད་པ་སྟེ། ལོག་པར་ཞུགས་པ་རྣམས་བྱང་ཆུབ་སེམས་ལ་གནས་པའི་ཐུགས་རྗེས་མི་དོར་བར་བསྟན་པའི་ཕྱིར། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེས་པའི་རྒྱུན་གྱི་དབང་སོང་བས། ཞེས་པ། སེམས་ཅན་རྣམས་ལས་ཀྱི་དབང་གིས་འཁོར་བར་ལྟུང་བ་དག་ཀྱང་སྐྱེ་བ་རྣམ་བཞིའི་བྱེ་བྲག་ཐ་དད་ལས་དུས་སྔ་བར་སྐྱེས་ད་ལྟར་ཡང་སྐྱེ་ཕྱིས་ཀྱང་སྐྱེ་བ་བར་མ་ཆད་པའི་དབང་དུ་གྱུར་པའི་ཕྱིར། རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་པས་ཕྱིར་ལྡོག་མེད་གྱུར་པ། ཞེས་པ་དེ་དག་གིས་རྟོག་པ་ཉིད་ཇི་བཞིན་པར་གྲུབ་པའི་མཐའ་མ་ནོར་བ་ཡིན་པ་ལམ་རིག་པའི་རྟོག་པ་རྨི་ལམ་ལྟ་བུས་ཤེས་པ་བསླད་པས་དོན་མེད་ཅིང་འགྱངས་པར་དུས་གསུམ་དུ་རྟོག་པ་ལོང་བཏགས་ནས་ནོར་བའི་ལོག་རྟོག་ལས་མ་ཐར་ཏེ་བཅིང་བ་ལྔས་བསྡམས་པ་དྲུག་པོ་དག་གོ །སྒྱུ་མའི་རྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། ཞེས་པ། སྒྱུ་མ་ནི་སྐྱེ་བ་བཞི་མ་གྲུབ་བཞིན་ལས་དང་ཉོན་མོངས་པའིི་རྒྱུ་རྐྱེན་གྱིས་སྣང་བའི་དཔེའོ། །རྨི་ལམ་ནི་འཁྲུལ་རྟོག་གཞི་མེད་བཞིན་རང་གི་ཤེས་པ་ལྟ་ངན་སྣང་བས་འཁྱམས་པའི་ཆོས་མཐུན་པ་སྟེ། གོ་རིམས་བཞིན་སྦྱར་སླ་སྟེ་འགྲོ་བ་དང་བསྟི་གནས་ལམ་པ་ནི་ཡུལ་ལོ། །དེ་དག་ལམ་ནོར་བས། ལམ་འདི་སྤང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །ཞེས་པ། ཐུན་མོང་གི་ཐུགས་རྗེས་ཡུལ་ཁམས་གསུམ་པ་དང་། ཁྱད་པར་འདི་པའི་ཡུལ་ནི། འཇིག་རྟེན་པའི་ཐེག་པར་གྱུར་པ་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་རང་གཞུང་འཛིན་པའི་ལྟ་སྒྲིབ་ཅན་དག་བྱ་བརྩལ་བྲལ་བའི་ལམ་ཆེན་པོ་འདི་ལྟ་བུ་མི་གོ་ཞིང་བཀའ་མ་ཡིན་ཞེས་འགེགས་སྤོང་སྐུར་ནུབ་མི་ཉན་རྩི་བར། མུ་སྟེགས་ལྟ་བ་དང་ཐེག་པ་གཞན་དག་ལ་མ་ནོར་བའི་ལམ་དུ་འཁྲུལ་པའི་ཚད་མས་བཟུང་ནས་གཞན་ལའང་དེ་སྐད་དུ་སྨྲ་བའི་གང་ཟག་དེ་དག་ཁྱད་པར་དུ་སྙིང་རྗེ་བའི་ཡུལ་ལོ། །རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཞེས་པ། ཀུན་རྟགས་བེམས་པོར་བཟུང་བའི་སྤྱོད་ཡུལ་ཉིད་རྐྱེན་གྱིས་མ་བསྒྱུར་བའི་གསེར་གོང་ལྟ་བུར་སངས་རྒྱས་པར་བསྟན་པའི་བཀའི་དོན་གདེང་ཆུད་པའི་ཐུགས་རྗེའི་ཡུལ་དུ་རྗེས་སུ་འཇུག་པའི་རྣལ་འབྱོར་པའང་རིགས་ན་གཞན་ལྟ་ཅི་སྨོས་ཏེ། རང་བྱུང་ཡེ་ཤེས་ཆེན་པོ་ཡུལ་དང་བྲལ་བ་ནི་ལྷག་པའི་ཐུགས་རྗེའོ། །ངོ་མཚར་བ་ནི་རང་ཉིད་ཡིན་བཞིན་མ་ཤེས་པ་ལ་ཡ་མཚན་སྐྱེས་པ་སྟེ། དེ་དག་རང་དབང་མེད་པར་ཡེ་ཤེས་ཆེན་པོར་མ་བསྡུས་པར་རྫོགས་པས་དེ་ལྟར་རིགས་པའང་དབང་མེད་དུ་འཆར་བའོ། །ཚིག་གི་ལྟ་བ་ཅན་ཉིད་ཐུགས་རྗེའི་ཡུལ་ཡིན་པས་དགེ་བའི་རྩ་བ་བསྔོ་བའི་དགོས་ཆེད་འཆད་དེ། །ཚིག་དུ་མ་སྦྱངས་དུས་ཀྱི་མནར་པའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབས་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །ཞེས་པ། སྔར་གསུང་རབས་ལ་བློ་མ་སྦྱངས་པའི་གང་ཟག་རྣམས་དུས་ཀྱི་སྙིགས་མ་ལྔ་བརྒྱ་ཕྲག་བཅུ་གཅིག་གི་ཐ་མའི་དུས་ན། སྒྲོ་སྐུར་དང་བྲལ་བའི་བཀའ་འདི་ལྟ་བུ་ཚིག་གིས་མཚོན་པར་དཀའ་བ་གབ་ཅིང་སྦས་པ། སྒྲ་ཇི་བཞིན་པར་རང་ཐད་དུ་འཛིན་ཅིང་རྟོག་པ་ནི་མ་ནོར་བའི་དོན་མཐོང་བ་མ་ཡིན་པའོ། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེངས་ཤིང་གསུང་གི་སྙིང་ཁུ་བདུད་རྩིའི་རྣལ་འབྱོར་བྲལ། ཞེས་པ་ངེས་པ་ཅན་གྱི་བླ་མ་ལ་མི་ཞུ་བའི་རྨོངས་འཆིངས་ཅན་དེ་དག་རང་གི་ཤེས་རབ་ཀྱིས་སྦས་གབ་ཅན་ལ་རང་ཡུན་དུ་ཞུགས་ནས་རས་ཆོད་དང་གཟུ་ལུམས་དག་བྱས་པས་ངེས་པ་མ་རྙེད་པས་ལྟ་བ་ཐ་དད་དུ་འཛིན་ཅིང་ཐེ་ཚོམ་ཟོས་པའི་ཕྱིར་མ་རིག་པའི་ཆོ་བོས་རྒྱུན་ཕྱོགས་སུ་ཁྱེར་བས་བཀའ་འདི་ལྟ་བུ་བྲལ་བ་དག་ནི་ཤིན་ཏུ་སྐྱི་གཡའོ། །དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགས་ཀྱི་གསང་བ་དམ་པ་འདི། ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཉིད་ལས་ཐུན་མོང་མ་ཡིན་ཡང་། གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པ། ཞེས་པ། དགོངས་ཆེད་ཀྱིས་དེ་དག་ཆུད་མི་གསན་པའི་ཕྱིར་བསྔོ་བའི་ངོ་བོ་འཆད་དེ། རྒྱལ་བའི་བཀའ་ཤིན་ཏུ་གོ་དཀའ་བ་ཐེག་པའི་ཡང་རྩེ་འདི། རྒྱལ་བ་ཉག་ཅིག་གི་སྤྱོད་ཡུལ་ཡིན་པས་ཀུན་གྱིས་མཐོང་དཀའ་བའོ། །མི་མཐུན་པའི་རྟོགས་དཀའ་བ་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཐོང་བ་མ་ནོར་ཅིང་གོམས་པའི་དགོངས་པའི་རྩལ་གྱིས་ལུང་དང་མན་ངག་དང་གཞི་དང་ཡ་མ་ཆ་བར། བཀའ་བདེན་པ་འདིའི་རྒྱུད་ལས་བཏུས་ཏེ་མ་འོངས་པའི་ཆེད་དུ་བྱ་བརྩལ་བྲལ་བའི་མན་ངག་འདི་བརྩམས་པའི་བྱིན་རླབས་ཀྱིས། སྐྱེ་བོས་སྐྱེ་གནས་ཐམས་ཅད་དུའང་སྐད་ཅིག་ཏུ། མི་མཐུན་ཕྱོགས་ཀྱི་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །ཞེས་པ། དེ་ལྟ་བའི་འགྲོ་བ་དག་གནས་དང་དུས་ཀུན་ཏུ་ལོག་གིས་མི་འཕྲོགས་ཤིང་མི་འཁོར་བའི་བདེ་བ་ཐོབ་པར་གྱུར་ཅིག་པ་དང་བཀའ་འདི་ཉིད་ཉི་མ་ཤར་བ་ལྟར་གྱུར་ཅིག་པར་བསྔོའོ། །འོན་ཏེ་བསམ་གཏན་འདི་མེད་ན། དཔག་ཏུ་མེད་པའི་དགེ་སྤྱད་ཀྱང་། །མཐོ་རིས་གཉིས་ཀྱི་ལམ་སྟེགས་ཙམ། །ཡང་དག་རྫོགས་སངས་རྒྱས་མི་འཐོབ། །གང་ཞིག་དགོན་པར་མི་སྤྱོད་པར། །གྲོང་ཡུལ་དབུས་ནས་སངས་རྒྱས་པ། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །དེ་ཕྱིར་དམ་པའི་བསམ་གཏན་བྱ། །གལ་ཏེ་གང་གཱ་བྱེ་སྙེད་ཀྱི། །འགྲོ་བའི་སྲོག་བཏོན་བསོད་ནམས་ཀྱིས། །ཏིང་འཛིན་ཕུང་པོའི་ཆར་མི་ཉེ། །དེ་བཞིན་གང་གཱའི་སེམས་ཅན་ལ། །རིན་ཆེན་ནོར་དང་འབྲུ་མཆོག་དང་། །ཟང་ཟིང་ལུང་བྱིན་བསོད་ནམས་ཀྱིས། །ཏིང་འཛིན་བསོད་ནམས་ཆར་མི་ཕོད། །དེ་ལྟར་གང་གཱའི་བྱེ་སྙེད་ཀྱི། །འགྲོ་བ་སངས་རྒྱས་སར་བཀོད་པས། །བྱ་མེད་བསྒོམ་པའི་འབུམ་ཆར་མིན། །དེ་ཡི་རྩ་བའང་དེ་ཕྱིར་རོ། །འཇམ་དཔལ་བཀའ་དོན་སྨྲ་བསམས་ཡུལ་འདས་མཚོན་དཀའ་ལ། །ཕྱོགས་མཐོང་བཀྲོལ་བས་དམན་ཕྱིར་བརྩམ་བྱས་པའི། །ངལ་བའི་དགེ་རྩས་ནད་བྲལ་དོན་མཐོང་ཀུན་ཀྱང་བདེ་ཐོབ་ནས། །བསྟན་པའི་ཉི་མ་ཉིད་ཀྱིས་དོན་བྱེད་འདྲ་འདྲེན་མཆོག་ཐོབ་ཤོག །བྱང་ཆུབ་ཀྱི་སེམས་སྒོམ་པ་རྡོ་ལ་གསེར་ཞུན་འགྲེལ་པ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་གསེར་འགྲེལ་རྫོགས་སོ།། །།


previousབྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་འགྲེལ་། འཇམ་དཔལ་བཤེས་གཉེན།next