Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
རྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ། ཀཿདམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ། ཀཿདམ་པ།next

རྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ། ཀཿདམ་པ།

རྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ་བཞུགས་སོ། །ཀཿདམ་པའི་གསུང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ནས། །རྫོགས་སངས་རྒྱས་དང་དམ་པ་ཡི། །ལུང་དང་དགོངས་པའི་མན་ངག་ལས། །རྣལ་འབྱོར་བསམ་གཏན་སྤྱི་འགྲེལ་བཤད། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཕྱོགས་དང་རིས་སུ་མ་ཆད་པས། །འཁོར་དང་མྱ་ངན་འདས་པའི་ཆོས། །ཅི་ལྟར་དམིགས་ཤིང་བསམ་པར་སྣང་། །དེ་དག་རང་བཞིན་ཅི་ལྟ་བར། མཁའ་དང་འཇའ་སྣང་ཇི་བཞིན་ཏེ། །འཁྲུལ་པའི་སེམས་རྒྱུད་ཐ་དད་ཀྱང་། །རིགས་རྒྱུད་མེད་ཕྱིར་དབྱེ་བར་དཀའ། །མོས་པའི་སྐལ་ལྡན་གཞུག་བྱའི་ཕྱིར། །བསམ་གཏན་འཇུག་རིམ་མདོ་ཙམ་ཞིག །ལུང་དང་དགོངས་པའི་མན་ངག་ལས། །བརྟེན་ནས་རྟོགས་ལྡན་བདག་གིས་བཤད། །འཇུག་དང་བརྟག་དང་སྣང་དང་བཅོས། །མི་མཐུན་ལམ་དུ་བསླང་བ་དང་། །སེམས་ཀྱི་སྒྲོ་འདོགས་བཅད་པ་དང་། །ལྷུན་གྲུབ་རྒྱ་ཡན་བདལ་ཁྱབ་ལ། །དབང་བསྒྱུར་ངོ་བོ་ཉིད་སྐུ་འཐོབ། །གཡོ་ཐོབ་གོམས་པའི་འཕེལ་རིམ་གྱིས། །ལྷུན་གྲུབ་རིན་ཆེན་གཏན་དབབ་པས། །སྐལ་ལྡན་རྣལ་འབྱོར་དོན་ཆེན་རྫོགས། །དང་པོའི་ཐབས་ཀྱང་འདི་ལྟ་སྟེ། །བླ་མ་ལུང་དང་བྱིན་རླབས་ལྡན། །དགའ་རབ་རྡོ་རྗེ་མན་ཅད་ནས། །པདྨའི་རྒྱལ་པོ་ལ་སོགས་ཀྱི། །དགོངས་པའི་དོན་ལ་འདྲིས་པ་དེ། །སྟོན་པ་ཀུན་གྱི་ངོ་བོ་ལས། །དཀའ་བས་དང་དུ་བླང་བར་བྱ། །ལྷུན་གྲུབ་བྱང་ཆུབ་རིན་པོ་ཆེ། །མཐའ་རྣམས་ཀུན་དང་ཡོངས་བྲལ་བས། །མཚན་མའི་ཚུལ་གྱིས་མི་གོས་ཀྱང་། །ཐམས་ཅད་མ་འདྲེས་ཡོངས་རྫོགས་ཤིང་། །བསྟན་སྲུང་དམ་ཅན་མཉེས་པ་དང་། །ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར། །གཞུང་བཞིན་ཚོགས་དང་གཏོར་མས་མཆོད། །ཀུན་གྱིས་བྱིན་གྱིས་རློབ་པར་གྱུར། །གཉིས་པའི་དོན་ཡང་འདི་ལྟ་སྟེ། །ལུང་ལྡན་བླ་མའི་སྤྱན་སྔ་རུ། །རིགས་ངེས་དད་ལྡན་ཤེས་རབ་སྤྱན། །ལས་དང་ཐུགས་རྗེས་འཕྲད་རུང་བས། །ལུས་བསྲང་དཀྱིལ་ཀྲུང་དྲང་འདུག་སྟེ། །ལྷུན་གྲུབ་རིན་ཆེན་སེམས་འདི་ལ། །རློམ་བཅས་ང་རྒྱལ་ཡོངས་སྤངས་ཏེ། །དམ་པའི་ལུང་བཞིན་འདི་ལྟར་བལྟའ། །ཡུལ་དང་གནས་དང་མཚན་ཉིད་ལ། །ཤེས་རབ་སྤྱན་གྱིས་ལེགས་པར་བལྟ། །ས་དང་ཆུ་དང་མེ་དང་རླུང་། །སྲ་དང་གཤེར་དང་ཚ་དང་གཡོ། །རིན་ཆེན་སེམས་ལ་ལེགས་བལྟས་ན། །མཚན་ཉིད་དེ་ལྟར་མི་འདུག་པས། །སེམས་ལ་འབྱུང་བའི་དངོས་པོ་མེད། །འབྱུང་བ་ཉིད་ལས་དེ་བཙལ་ན། །དེའང་སེམས་ཀྱི་རྟེན་མེད་འགྱུར། །དེ་ལྟར་ཡང་ཡང་བལྟས་པའི་ཚེ། །འབྱུང་སེམས་འབྲེལ་མེད་རྟོགས་པ་འཆར། །འདོད་དང་གཟུགས་དང་གཟུགས་མེད་ཁམས། །མཚན་ཉིད་གསུམ་དུ་སྣང་བ་ལ། །གོང་བཞིན་ཡང་དང་ཡང་བལྟས་ན། །སེམས་ལའང་ཁམས་གསུམ་མཚན་ཉིད་མེད། །ཁམས་གསུམ་ལ་ཡང་སེམས་མི་གནས། །དེ་ལྟར་ཡང་དང་ཡང་བལྟས་ན། །སེམས་ཉིད་ཁམས་ལ་མི་གནས་པའི། །རྟོགས་པ་མངོན་དུ་འཆར་བར་འགྱུར། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་པའི་བྱེ་བྲག་ལྔ། །མཚན་ཉིད་ལྔ་རུ་སྣང་བ་དེ། །སེམས་ལ་དེ་དག་བཙལ་གྱུར་ན། །མཚན་ཉིད་དེ་དག་རྙེད་མི་འགྱུར། །ཡུལ་ལ་སེམས་དེ་མི་རྙེད་པས། །ཡུལ་སེམས་འབྲེལ་མེད་རྟོགས་པ་འཆར། །རྟོག་པ་གཡོ་བའི་ཉམས་ཞེས་བྱ། །དེ་ནས་གནས་ལ་བལྟ་བྱ་སྟེ། །སྤྱི་བོ་ནས་ནི་རྐང་མཐིལ་བར། །ཤ་དང་ཁྲག་དང་རུས་པ་དང་། །ཆུ་རྒྱུས་དབང་པོའི་ཚོགས་རྣམས་དང་། །ཕྲ་རགས་བ་སྤུ་ཡན་ཆད་དུ། །སེམས་འདི་ཡང་དང་ཡང་བཙལ་ན། །མ་བརྟག་རིམ་པོར་གནས་པའི་ཚེ། །གནས་པ་ལྟ་བུར་སྣང་བ་ལ། །ངེས་པར་ཞིབ་ཏུ་དབྱེ་བའི་ཚེ། །ཤེས་རབ་སྤྱན་གྱིས་མངོན་སུམ་ལ། །གང་ནའང་མི་གནས་རྟོགས་པ་འབྱུང་། །ཡང་ཡང་རྟོགས་པ་བརྟན་པའི་ཚེ། །ལྷན་ཅིག་གཅེས་པའི་ཕུང་པོ་འདི། །དུར་ཁྲོད་ལྟར་སྣང་ཞེན་པ་ལྡོག །དཔྱོད་པ་ཐོབ་པའི་ཉམས་ཞེས་བྱ། །སེམས་ཉིད་རང་གི་མཚན་ཉིད་ལ། །དཔྱོད་པའི་ཐབས་ཀྱང་འདི་ལྟ་སྟེ། །དཀར་པོ་ལ་སོགས་ཁ་དོག་དྲུག །སེམས་ལ་ཡང་ཡང་བལྟ་བྱས་ནས། །དྲུག་པོ་གང་དུ་མི་སྣང་བས། །སེམས་ལ་ཁ་དོག་མེད་པར་རྟོགས། །ཁ་དོག་ལ་ཡང་སེམས་མི་གནས། །རིང་ཐུང་ལ་སོགས་ལྟོས་པ་བཞི། །གྲུ་བཞི་ལ་སོགས་རང་བཞིན་བཞི། །དེ་དག་སེམས་ལ་བཙལ་གྱུར་ན། །སེམས་ལ་དབྱིབས་ཀྱི་དངོས་པོ་མེད། །སེམས་ཉིད་དབྱིངས་སུ་མི་སྣང་ཞིང་། །དབྱིབས་བརྒྱད་ལ་ཡང་སེམས་མི་གནས། །དབྱིབས་སུ་མི་སྣང་རྟོགས་པ་འབྱུང་། །ཕོ་མོ་མ་ནིང་ལ་སོགས་པའི། །རིགས་ཀྱི་མཚན་མར་བཏགས་པ་རྣམས། །སེམས་ལ་བལྟས་ན་གང་ཡང་མེད། །དེ་ལྟར་ཡང་ཡང་བལྟ་བྱས་ན། །རིགས་དང་བྲལ་བའི་རྟོགས་པ་འཆར། །ལུང་ལས་ཀྱང་ནི་འདི་སྐད་དུ། །སེམས་ཀྱིས་སེམས་བཙལ་སེམས་མ་རྙེད། །དེ་ལས་སེམས་དོན་གཅིག་རྙེད་པ། །དོན་གྱིས་དོན་རྙེད་སེམས་ལ་གཏུགས། །སེམས་དག་གར་རྙེད་གཏེར་གྱི་མཆོག །ཡང་། སེམས་ཀྱི་མཚན་ཉིད་བཙལ་ཀྱིས་མ་རྙེད་དེ། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །ཡང་། ཚིག་གིས་མི་ཕོབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཞེས་གསུངས་སོ། །སེམས་ཀྱི་རང་བཞིན་སྤྲོས་བྲལ་བ། །ཡུལ་ལ་མི་གནས་རྟེན་དང་བྲལ། །དེ་བཞིན་རང་གི་མཚན་ཉིད་མེད། །དེ་ལྟར་རྟོགས་པའི་ཉམས་བྱུང་ན། །དཔྱོད་པ་བརྟན་པའི་ཉམས་ཞེན་བྱ། །བསམ་གཏན་གསུམ་པ་བསྟན་པ་ནི། །སེམས་ཀྱི་རང་བཞིན་འོད་གསལ་བ། །མཉམ་བཞག་ཚེ་ན་འབྱུང་བ་སྟེ། །མཉམ་ཉིད་ཡུལ་བྲལ་ཏིང་འཛིན་ལ། །མ་ཡེངས་ངང་གིས་གནས་པར་བྱ། །སྐྱེས་བུ་རབ་ཀྱི་སྤྱོད་ཡུལ་ཡིན། །འབྲིང་གིས་སེམས་ཉིད་འོད་གསལ་ལ། །ཡུལ་དང་ཤེས་པའི་ཚུལ་དུ་མཐོང་། །དེ་ལ་དེ་བཞིན་གནས་པར་བྱ། །ཐ་མས་རྟོག་པའི་ལྷད་བྲལ་བའི། །མི་གཡོ་ཙམ་དུ་གནས་པ་རྙེད། །རང་གསལ་གནད་དུ་མ་ཕེབས་ཀྱང་། །དེ་ལྟ་ཉིད་ལ་གནས་པར་བྱ། །ཕྱི་ནང་གཡེང་བས་མ་གོས་པའི། །གནས་སུ་ཡང་ཡང་བསྒོམ་པར་བྱ། །བཞི་པའི་དོན་ཡང་འདི་ལྟ་སྟེ། །བསམ་གཏན་སྐྱོན་གྱི་བྱེ་བྲག་གི། །བྱིང་བ་དང་ནི་རྒོད་པའོ། །དེའང་བྱེ་བྲག་གཉིས་གཉིས་ཏེ། །བྱིང་བ་དང་ནི་རྨུགས་པ་དང་། །དེ་བཞིན་རྒོད་དང་འཕྲོ་བའོ། །མཉམ་བཞག་ངང་ལ་གནས་པའི་ཚེ། །འདུ་ཤེས་མེད་པར་མ་གྱུར་ལ། །འདུ་ཤེས་རྗེས་སུ་མ་འབྲངས་ཀྱང་། །འོད་གསལ་ཏིང་འཛིན་མི་གསལ་བ། །བྱིང་བ་ཞེས་སུ་ཐ་སྙད་འདོགས། །ཇི་སྲིད་མཉམ་པར་བཞག་པའི་ཚེ། །གསལ་བའི་འདུ་ཤེས་འགགས་ནས་ནི། །ཐིམ་པ་བཞིན་དུ་ཟབ་པ་དེ། །རྨུགས་ཞེས་བྱ་བར་ཐ་སྙད་འདོགས། །དེ་ཉིད་ཏིང་དུ་གྱུར་པ་ལ། །སྐལ་བ་དམན་པའི་གང་ཟག་གིས། །འབྲས་བུའི་དོན་དུ་མཐོང་བ་ན ། །འདུ་ཤེས་མེད་པའི་ཁམས་སུ་ལྟུང་། །ཤེས་རབ་སྤྱན་དང་བྲལ་བ་ཡིན། །སེམས་ཉིད་འོད་གསལ་ཆེན་པོ་ལ། །རང་གསལ་མཉམ་པར་བཞག་པའི་ཚེ། །རྟོག་པ་རགས་པའི་རི་བོས་ནི། །རླུང་གིས་མར་མེ་བསད་པ་བཞིན། །རང་གསལ་ཡེ་ཤེས་རྒྱུན་བཅད་ནས། །རྒོད་ཞེས་བྱ་བར་ཐ་སྙད་འདོགས། །ཅུང་ཟད་ཏིང་འཛིན་མ་བྲལ་བར། །རླུང་གིས་མར་མེ་གཡོས་པ་བཞིན། །འཕྲ་བའི་རྟོག་པ་བྱུང་བ་ན། དེ་ལ་འཕྲ་བ་འཕྲོ་ཞེས་བྱ། །དེའི་བྱེ་བྲག་འདི་ལྟ་སྟེ། །འདུ་བྱེད་མང་པོའི་ཁྱད་པར་གྱིས། །རྩོལ་བ་ཆེད་དུ་བསམས་པ་དང་། །སྔོན་གྱི་བག་ཆགས་གོམས་པ་ཡིས། །མ་བསམས་འདྲིས་པའི་དྲན་པ་འབྱུང་། །མ་བསམས་བག་ཆགས་མ་འདྲིས་ཀྱང་། །གློ་བུར་སེམས་ཀྱི་རྟོག་པ་འབྱུང་། །ཆེད་འགའ་རྟོག་པ་འཕྲ་རགས་ཞིག །བྱུང་བའི་དུས་སུ་མ་ཚོར་ཡང་། །ཡང་དག་ཡིད་འཕྲོག་གཟོད་ན་ཚོར། །རྟོག་པ་འཕྲ་རགས་དེ་དག་གིས། །དགོངས་པ་ཆོས་དབྱིངས་མཛོད་དཀྱིལ་ནས། །རང་བྱུང་ཡེ་ཤེས་ནོར་འཕྲོག་པས། །འཕྲ་རགས་རྐུན་བུ་ཞེས་སུ་གྲགས། །འདི་དག་རྗེས་སུ་འབྲངས་པ་ན། །སྐྱེ་ཤི་གནས་སུ་ཡུན་རིང་བས། །མཁས་ལ་སྒྲིན་བས་ནན་ཏན་བྱ། །སྐྱོན་གྱི་ཚོགས་རྣམས་བཅོས་པ་ཡང་། །བྱིང་དང་རྨུགས་པ་བསལ་བ་ནི། །རྟག་ཏུ་བླ་མ་བསྟེན་བྱས་ལ། །བྱིན་རླབས་ཚོགས་ཆེན་བསག་བྱས་ཏེ། །གཟུ་ལུམ་མངོན་པའི་ང་རྒྱལ་དང་། །རས་ཆོད་ཆེར་འགེབས་ཁོང་རྟིང་ཡང་། །རབ་ཏུ་གུས་པའི་ཚུལ་གྱིས་སུ། །བླ་མའི་གདམས་ངག་བསྟེན་པར་བྱ། །ཟབ་མོའི་བཀའ་ལ་ཐོས་བསམ་བྱ། །ཉམས་པ་བསྐང་བཤགས་དད་པས་བསང་། །ཤེས་རབ་སྐས་ཁུང་གསིང་བསྟོད་ཅིང་། །རྒྱལ་བ་སྲས་དང་བཅས་པ་ཡི། །ཆེ་བའི་ཡོན་ཏན་རྒྱུན་དུ་བསམ། །དེས་ནི་སྐྱོན་ཚོགས་ཞི་བར་འགྱུར། །རིན་ཆེན་རིག་པ་མ་ཡེངས་ན། །སྐྱོན་ཚོགས་དེ་དག་འབྱུང་མི་འགྱུར། །རྟོག་ཚོགས་བཅོས་ཐབས་འདི་ལྟ་སྟེ། །ཤེས་རབ་ལྡན་པའི་སྐྱེས་བུ་ཡིས། །མཁས་ལྡན་ཆེན་པོའི་སྤྱན་སྔ་རུ། །རིག་པ་གནད་ཆོད་ཡུལ་བྲལ་ན། །ཕྲ་རགས་རྟོགས་པ་རྩ་བྲལ་ནས། །བྱང་ཆུབ་སེམས་སུ་གནད་ཆུད་ནས། །རང་བྱུང་ཡེ་ཤེས་ཉིད་དུ་ཐིམ། །རེ་དོགས་བྲལ་བས་མཁའ་བཞིན་འགྱུར། །དཔེར་ན་ཁང་པ་སྟོང་པ་ལ། །བདག་པོ་རེ་དོགས་བྲལ་བ་ལྟར། །སེམས་ཉིད་སྟོང་པའི་གཞལ་ཡས་ན། །རང་བྱུང་རིག་པ་རེ་དོགས་བྲལ། །ཡང་ན་མཁའ་སྤྲིན་ཅི་བཞིན་ཏེ། །ཀུན་གཞི་སྟོང་པའི་ནམ་མཁའ་ལ། །ཕྲ་རགས་རྟོག་པ་སྤྲིན་སྣང་ཡང་། །སྟོང་ཉིད་ལས་བྱུང་སྟོང་པར་སྣང་། །ཐ་མར་སྟོང་པའི་ངང་དུ་ཞི། །འབྱུང་འཇུག་བྲལ་བའི་རྟོགས་པ་འཆར། །ཡང་ན་ཆུ་ལ་ཉ་འཕྱོ་བ། །ཅི་ལྟར་འཕྱོས་ཀྱང་གཤོར་མི་འདའ། །ཀུན་གཞི་སྟོང་པའི་རྒྱ་མཚོ་ན། །ཕྲ་རགས་དྲན་པ་ཉ་ལྟར་འཕྱོ། །གང་ལྟར་གྱུར་ཀྱང་སྟོང་མི་འདའ། །རང་བྱུང་འོད་གསལ་ཉིད་དུ་ཤར། །ཡང་ན་མཛོད་ཀུན་སྐྱེས་བུ་དེ། །ངོས་ཟིན་ཙམ་གྱིས་གནོད་པ་མེད། །དེ་བཞིན་རྐུན་བུ་འཕྲ་རགས་ཀྱང་། །སྟོང་པར་ཤེས་ན་ཉེས་པ་མེད། །ལུང་ལས་ཀྱང་ནི་འདི་སྐད་དུ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་དབྱིངས་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ནི་གཞན་དུ་བསྒོམ་མི་དགོས། །ཡང་༴ མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལ་ཡེ་ཤེས་སྐྱེ། །ཞེས་པ་ལ་སོགས་རྒྱུད་ལས་གསུངས། །སེམས་ཉིད་འོད་གསལ་ཆེན་པོ་ལ། །ཅི་སྲིད་མཉམ་པར་བཞག་པའི་ཚེ། །ཕྲ་རགས་སྐྱོན་སོགས་བྱུང་བ་ན། །དང་པོར་ཡང་དག་མི་འཕྲོགས་ཀྱང་། །དེ་ནས་ཡེ་ཤེས་གཉེན་པོས་ཟིན། །སྐད་ཅིག་སྔ་ཕྱི་བྱེ་བྲག་ལ། །རྣམ་པར་རྟོག་པ་སྔོན་དུ་བྱུང་། །ཡེ་ཤེས་ཆེན་པོ་ཕྱི་ནས་ཤར། །འཕྲ་རགས་སྐྱོན་ཚོགས་ཡེ་ཤེས་ཤར། །སྐྱོན་བཅོས་གཡོ་བའི་ཉམས་ཞེས་བྱ། །འོད་གསལ་ཆེན་པོར་ལྷན་ནེ་བར། །གསལ་བའི་ངང་ལ་རྟོག་པ་འབྱུང་། །བྱུང་བ་ཙམ་གྱིས་དབྱིངས་སུ་རིག །ཡེ་ཤེས་ཆེན་པོ་མདུན་དུ་ཤར། །རྣམ་པར་རྟོག་པ་ཕྱི་ནས་བྱུང་། །དེ་ཡང་ཡེ་ཤེས་ཉིད་དུ་ཤར། །སྐྱོན་བཅོས་ཐོབ་པའི་ཉམ་ཞེས་བྱ། །རང་བྱུང་ཡེ་ཤེས་སེམས་དཀྱིལ་ནས། །ཕྲ་རགས་རྟོག་པ་ཅི་བྱུང་ཡང་། །རང་བྱུང་རང་སྣང་ཉིད་དུ་གསལ། །དཔེར་ན་མཁའ་ལ་ཉི་ཤར་བ། །སྟོང་གསལ་དག་ཅིང་དྲོ་བ་རྣམས། །དུས་གཅིག་མཉམ་པར་རྫོགས་པ་བཞིན། །སྣང་གསལ་དྲན་རིག་ཡེ་ཤེས་ཀློང་། །ཅིར་སྣང་འགག་མེད་འཛིན་ཆགས་མེད། །གཉིས་མེད་རིག་པས་ལྷུན་གྱིས་གྲུབ། །རྟག་ཏུ་དེ་ལྟར་གནས་པ་ནི། །སྐྱོན་བཅོས་བརྟན་པའི་ཉམས་ཡིན་པར། །ཤེས་རབ་ལྡན་པ་བདག་གིས་བཤད། །སྐྱེས་བུ་དེ་ལ་གནས་པའི་ཚེ། །མངོན་གསུམ་དག་དང་རྨི་ལམ་དུ། །སྒྲིབ་པ་དག་དང་ས་ཐོབ་པའི། །རྟགས་དང་ཅུང་ཟད་འབྱུང་བར་འགྱུར། །ལྔ་པའི་བསམ་གཏན་ཁྱད་པར་ནི། །འཇིག་རྟེན་པ་དང་གཞན་རྣམས་ཀྱིས། །འཛིན་སྤོང་འགོག་ཅིང་སྦྱོང་བ་དང་། །མཚན་མས་ལམ་དུ་བྱེད་པའི་ཆོས། །འདོད་པ་ལྔ་དང་དུག་གསུམ་དང་། །ཡུལ་དུ་གྱུར་པའི་ཆོས་ཐམས་ཅད། །ལྷུན་གྲུབ་ཡེ་ཤེས་ཉིད་ཡིན་ཕྱིར། །ལམ་ལ་གནས་པའི་རྣལ་འབྱོར་པས། །རྟོགས་པའི་ཀློང་དུ་བསླང་བར་བྱ། །གཟུགས་སོགས་འདོད་ཡོན་ལྔ་པོ་ལ། །སློབ་པའི་ཐབས་ཀྱང་འདི་ལྟ་སྟེ། །སྐྱེ་བོ་ཕལ་དང་ཐེག་དམན་པས། །ཅུང་ཟད་དབེན་པའི་ས་ཕྱོགས་སུ། །བླ་མ་རྒྱལ་མཆོག་ཚོགས་ཀྱིས་མཆོད། །མཁའ་འགྲོའི་ཚོགས་ལ་གཏོར་མ་སྦྱིན། །བདལ་ཁྱབ་མཁའ་ལ་རིག་པ་གསེང་། །མཚན་ལྡན་ཆགས་པའི་ཡུལ་བཞག་ལ། །དབང་པོའི་མིག་གིས་བལྟས་བྱས་ལ། །རྣམ་ཤེས་དྲན་པ་གསལ་བར་འཛུད། །གསལ་བ་བརྟན་པར་གྱུར་པ་དང་། །མིག་སྦྱར་ཡིད་ཡུལ་ཆོས་སུ་བྱ། །ཅུང་ཟད་གསལ་བ་བརྟན་པ་དང་། །རྣམ་རྟོག་ཡེ་ཤེས་གསལ་བ་དང་། །གཏན་ཚིགས་གོང་མ་དྲན་བྱས་ཏེ། །གསལ་ཉིད་སེམས་ཀྱི་རང་བཞིན་ལ། །སེམས་ཀྱང་དེ་རུ་གསལ་བར་ཤེས། །སེམས་དང་གསལ་བ་དབྱེར་མེད་པས། །དྲན་པའི་གཟུགས་ཉིད་ཡེ་ཤེས་ཀློང་། །ཅི་སྲིད་དྲན་པ་མ་གསལ་ན། །ཞེན་ཡུལ་གཟུགས་ལ་ཡང་ཡང་བལྟ། །སེམས་ཀྱིས་གསལ་བ་ཐོབ་པ་ན། །ཆོས་ཀྱི་གཟུགས་ཁམས་དག་པ་ཡིན། །གཟུགས་ཀྱི་གཡོ་བའི་ཉམས་ཞེས་བྱ། །དེ་ལྟར་བརྟན་པར་གྱུར་པ་དང་། །ཡུལ་གྱི་ཞེན་པའི་ཉམས་ལ་བརྟག །ཤེས་མེད་གདོས་པས་མི་མཐོང་ཕྱིར། །གཟུགས་ཉིད་ཡིད་ཀྱི་ཤེས་པ་ལ། །ཤེས་པ་ཉིད་ཀྱང་གཟུགས་ཡིན་ཏེ། །གཟུགས་དང་ཤེས་པ་དབྱེར་མེད་པས། །དྲན་པའི་རྒྱལ་པོ་ཆོས་ཀྱི་སྐུ། །འབྱེད་པ་མེད་པའི་རྟོགས་པ་འཆར། །དེ་ལྟར་ཡང་དང་ཡང་བལྟས་ན། །ཞེན་པའི་གཟུགས་དང་ཆོས་ཀྱི་གཟུགས། །དབྱེར་མེད་རང་བྱུང་ཉིད་དུ་གསལ། །གཟུགས་ཁམས་ཐོབ་པའི་ཉམས་ཞེས་བྱ། །དེ་ནས་གཟུགས་ཀྱི་ཁམས་རྣམས་ནི། །སྡུག་དང་མི་སྡུག་བར་པ་མ། །ཕྱོགས་བཅུ་ཀུན་ཏུ་བལྟ་བར་བྱ། །དྲན་པའི་ཡིད་ལ་གསལ་བ་དང་། །ནང་དུ་བལྟས་ཏེ་ཆོས་ཁམས་ཀྱི། །གཟུགས་ལ་ཡང་ཡང་བལྟ་བྱས་ཏེ། །ཆོས་ཁམས་རང་བྱུང་ཡེ་ཤེས་སུ། །སྔར་བཞིན་གསལ་བར་གྱུར་པ་དང་། །ཡུལ་གཟུགས་ཀུན་ལ་བལྟ་བར་བྱ། །ཡུལ་ཉིད་རིག་པའི་ཡེ་ཤེས་ལ། །རིག་པ་ཉིད་ཀྱང་ཡུལ་དུ་སྣང་། །ཡུལ་དང་རིག་པ་གཉིས་མེད་པས། །ཀུན་ཀྱང་རང་བྱུང་ཡེ་ཤེས་སྣང་། །དེ་ནས་ཀྱང་ནི་འདི་ལྟར་གཞལ། །སྟོང་གསུམ་ནམ་མཁའ་མུ་མེད་ཁམས། །མཐོང་དང་མ་མཐོང་ཐམས་ཅད་ཀུན། །ཡིད་ཀྱི་རིག་པས་མདུན་དུ་བྱས། །སྔར་བཞིན་རང་འབྱུང་ཡེ་ཤེས་སུ། །ཐམས་ཅད་གསལ་བར་གྱུར་པ་དང་། །མུ་མཐའ་ཡས་པའི་གཟུགས་རྣམས་ཀུན། །ཡིད་ཀྱི་རིག་པར་དབྱེར་མེད་པར། །ཀུན་ཀྱང་རང་བྱུང་ཉིད་དུ་གསལ། །འདས་པའི་ཡིད་ཀྱང་དེ་བཞིན་ལ། །མ་འོངས་པའང་དེ་བཞིན་པས། །དུས་གསུམ་སེམས་ཀྱི་རིག་པར་གསལ། །རིག་པ་དབྱིངས་དང་དབྱེར་མེད་པས། །ཆོས་རྣམས་མཉམ་པ་ཉིད་དུ་གསལ། །གཟུགས་ཁམས་བརྟན་པའི་ཉམས་ཞེས་བྱ། །འདི་ནི་རྣམ་པར་ཐར་པ་ཡིན། །དེ་ནས་སྒྲ་ཡི་ཁམས་ལ་བརྟག །ཡིད་འོང་འདོད་པའི་ཡུལ་ལས་བྱུང་། །ཟིན་དང་ཟིན་པས་བསྐྱོད་པའི་སྒྲ། །ཤིན་ཏུ་སྙན་ལ་ངོས་བཟུང་མེད། །མདུན་དུ་བྱས་ཏེ་ལེགས་པར་མཉན། །གསལ་ནས་ཡིད་ཀྱི་རིག་པས་བལྟ། །ཡིད་ཀྱི་ཡུལ་ལ་སྒྲ་སྙན་ཅིང་། །སྙན་ཉིད་ཡིད་ཀྱི་རིག་པར་ཤར། །ཡིད་དང་ཡིད་ཡུལ་དབྱེར་མེད་པས། །རང་བྱུང་རང་སྣང་ཉིད་དུ་གསལ། །དེ་ནས་བརྟན་ནས་གཡོ་བའི་ཉམས། །དེ་ནས་ཡུལ་གྱི་སྒྲ་ལ་མཉན། །དེ་ཉིད་ཡིད་ཀྱི་རིག་པ་ལ། །རིག་པ་ཉིད་ཀྱང་དེ་ཉིད་པས། །རིག་སྒྲ་དབྱེར་མེད་ཉམས་སུ་མྱོངས། །རང་གསལ་ཆོས་ཀྱི་དབྱིངས་སུ་གོ། །དེ་ཉིད་ཐོབ་པའི་ཉམས་ཞེས་བྱ། །སྒྲ་རྣམས་ཀུན་ལའང་དེ་ལྟར་བརྟག །ཟིན་དང་མ་ཟིན་སྒྲ་རྣམས་དང་། །ཟག་མེད་སྟོན་དང་ཟག་བཅས་སྟོན། །དེ་བཞིན་ཉོན་མོངས་གདུང་བ་བསྐྱེད། །སྒྲ་རུ་གྱུར་པ་ཐམས་ཅད་ཀུན། །རང་བྱུང་རིག་པས་ཉམས་སུ་བླང་། །ཐབས་ནི་གོང་བཞིན་ཤེས་པར་བྱ། །སྒྲ་ཡི་མངོན་ཞེས་ལྡོག་ནས་ནི། །རྣ་བའི་ཡུལ་རྣམས་རོ་གཅིག་འགྱུར། །རྟག་ཏུ་གསལ་ན་བརྟན་པའི་ཉམས། །དེ་ནས་དྲི་ལ་བསླབ་བྱ་སྟེ། །ཤིན་ཏུ་དགོན་པའི་ས་ཕྱོགས་སུ། །ག་པུར་ལ་སོགས་དྲི་བསྣམས་ཏེ། །དེ་ནས་ཡིད་ཀྱི་རིག་པས་བསྣམས། །གསལ་ནས་སེམས་སུ་དབྱེར་མེད་ལ། སེམས་ཉིད་ཡེ་ཤེས་རང་བཞིན་པས། །རང་བྱུང་རང་གསལ་ཡོང་གིས་མཉམ། །དེ་ནི་གཡོ་བའི་ཉམས་ཞེས་བྱ། །དེ་ནས་ཡུལ་གྱི་དྲི་ལ་བསྣམས། །དྲི་ཉིད་སེམས་ཀྱི་རིག་པ་ལ། །རིག་པ་ཉིད་ཀྱང་དྲིར་གསལ་བས། །དབྱེར་མེད་རང་སྣང་ཉིད་དུ་གསལ། །དེ་ལྟར་བརྟགས་ལ་ཐོབ་པའི་ཉམས། །དྲི་རྣམས་ཀུན་ལའང་དེ་ལྟར་བསླབ། །དྲི་རྣམས་ཐམས་ཅད་ཡེ་ཤེས་སུ། །རྟག་ཏུ་གསལ་བ་བརྟན་པའི་ཉམས། །དེ་ནས་རོ་ལ་འདི་ལྟར་བསླབ། །ཤིན་ཏུ་ཞིམ་པའི་རོ་མྱངས་ལ། །དེ་ནས་སེམས་ཀྱིས་མྱང་བར་བྱ། །གསལ་ཉིད་རིག་པའི་རང་བཞིན་ལ། །རིག་པ་ཉིད་ཀྱང་དེར་གསལ་བས། །རང་གསལ་ཡེ་ཤེས་ཉིད་དུ་གནས། །དེ་ཉིད་གཡོ་བའི་ཉམས་སུ་བཤད། །དེ་ནས་ཡུལ་གྱི་རོ་ལ་མྱང་། །ཡིད་ཀྱིས་མྱོང་དང་ལྗགས་ཀྱིས་མྱོང་། །རིག་པའི་ངང་དུ་དབྱེར་མེད་པ། །ཀུན་ཏུ་གསལ་ན་ཐོབ་པའི་ཉམས། །དེ་ནས་རོ་ཡི་བྱེ་བྲག་ནི། །ཐམས་ཅད་ཀུན་ལ་དེ་ལྟར་བསླབ། །རོ་རྣམས་རིག་པའི་ཁྱད་པར་ལས། །རིག་པ་ཉིད་ཀྱང་རོ་རྣམས་སོ། །ཀུན་ཀྱང་དབྱེར་མེད་ཡེ་ཤེས་དང་། །གསལ་བ་བར་ཆད་མེད་པ་ནི། །བརྟན་པའི་ཉམས་སུ་བཤད་པ་ཡིན། །རེག་བྱའི་ཁམས་ཀྱང་འདི་ལྟ་སྟེ། །ཕྱི་དང་ནང་གི་བྱེ་བྲག་ལས། །མཐུ་ཆེན་ནང་གི་ཁམས་ལ་བསླབ། །མཚན་ལྡན་ལང་ཚོ་དར་ལ་བབ། །འཁྲིག་པའི་བསྟན་ཆོས་མཁས་པ་ལ། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །ཁྲུས་དང་རྒྱན་དང་དྲིས་བྱུགས་ཏེ། །གསང་བའི་མཁའ་ལ་གཞུག་པར་བྱ། །རང་བྱུང་ཡེ་ཤེས་གསལ་བ་དང་། །གཙུག་ཏོར་བདེ་མྱོང་བདེ་བ་གཉིས། །ཅུང་ཟད་འདྲེས་པ་གཡོ་བའི་ཉམས། །དེ་ནས་ཡང་ཡང་ཉམས་སུ་བླང་། །སེམས་ཉིད་འོད་གསལ་བདེ་ཆེན་དང་། །གཙུག་ཏོར་ལས་བྱུང་བདེ་བ་གཉིས། །བར་ཆད་མེད་པར་རོ་གཅིག་པ། །ཤིན་ཏུ་གསལ་བ་ཐོབ་པའི་ཉམས། །དེ་ལྟར་ཡང་ཡང་གོམས་བྱས་ན། །ཆུ་སྐྱེས་ཟེའུ་འབྲུ་དབུ་མ་ལ། །རྒྱལ་མཚན་རྩེ་མོ་རེག་པའི་ཚེ། །ཡིད་ཀྱི་ནམ་མཁའ་གསལ་འགྱུར་དང་། །བདེ་ཆེན་རང་བྱུང་ཡེ་ཤེས་ལ། །རོ་གཅིག་ནམ་མཁའ་ལྟ་བུར་གསལ། །འོན་ཀྱང་རྒྱ་མཚོ་ཆེན་པོ་ལ། །ཆུ་བྲན་ཐིམ་ཡང་མི་བསྐྲུན་ལྟར། །སེམས་ཉིད་འོད་གསལ་རྒྱ་མཚོ་ལ། །ཆུ་བྲན་ལྟ་བུའི་བདེ་བ་ཡིན། །བསྐྲུན་དུ་མེད་ཅིང་རོ་གཅིག་འགྱུར། །ཤིན་ཏུ་གོམས་པ་བརྟན་པའི་ཉམས། །དེ་ལྟར་འདོད་ཡོན་ལྔ་པོ་ནི། །རང་བྱུང་ཡེ་ཤེས་རྒྱན་དུ་རྫོགས། །སྣང་སྟོང་དབྱེར་མེད་མཐོང་བའི་གཟུགས། །བདེ་ཆེན་རིག་པ་ཐོས་པའི་སྒྲ། །དང་བས་ཚིམ་བྱེད་ཆོས་ཉིད་དྲི། །ཐམས་ཅད་དབྱེར་མེད་མྱོང་བའི་རོ། །མཁའ་དབྱིངས་རིག་པ་ཤར་བའི་རེག །རྣམ་འབྱོར་ཆེ་ལ་དེ་ལྟར་རྫོགས། །ལུང་ལས་ཀྱང་ནི་འདི་སྐད་དུ། །འདོད་སྤྱོད་སྙིང་རྗེས་བླན་བས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཡང་། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཅེས་གསུངས། །ཞེས་པ་ལ་སོགས་ཀུན་ནས་གསུངས། །མངོན་པར་ཤེས་པ་ལྔ་པོ་ཡང་། །འདོད་ལྔ་དག་པས་འབྱུང་བར་བཤད། །འདོད་སྤྱོད་རྣམ་པ་ལྔ་པོ་འདིར། །མུ་མཐའ་ཡས་པའི་ཆོས་རྣམས་ཀུན། །གང་ཡང་མ་འདུས་གཅིག་མེད་པས། །འདོད་ལྔ་ལམ་དུ་གྱུར་པ་ལ། །རང་བྱུང་ཡེ་ཤེས་འོད་གསལ་པའི། །ཀློང་དུ་མ་གྱུར་གང་ཡང་མེད། །མཁས་ལྡན་ཆེན་པོས་དེ་སྐད་བཤད། །དུག་གསུམ་ལམ་དུ་བྱ་བ་ནི། །ཞེ་སྡང་ཁོང་ཁྲོ་སྐྱེས་པའི་ཡུལ། །དེ་ལ་གཉིས་ཏེ་མ་ཧཱ་ཡོ་ག་བས་དེ་ཉིད་གཟུགས་བརྙན་དུ་བསྒོམ་པ་འོས་པའི་མཚན་མ་ཅན་དུ་ཁྱེར། འདིར་ནི་དེའི་རང་བཞིན་རང་རིག་པའི་ཡེ་ཤེས་སུ་རྟོགས་ཏེ་མདོར་ན་དུག་གསུམ་ཡང་བདག་འཛིན་ལས་བྱུང་བས་བདག་འཛིན་རྩད་ནས་དག་པས་ཡོངས་སུ་དུག་གསུམ་ལམ་དུ་བྱེད་པའོ། །ཐབས་ཀྱིས་མདུན་དུ་བྱས་ནས་ཀྱང་། །ཅུང་ཟད་བལྟས་ན་ཁོང་ཁྲོ་འབྱུང་། །ཡང་ན་ཉེས་པའི་རྒྱུ་ལ་བསམ། །ཅུང་ཟད་ཁོང་ཁྲོ་སྐྱེས་པ་ན། །ནན་གྱིས་མི་དགག་དེ་ལ་དཔྱད། །བཀག་ན་དམན་པའི་ལམ་དུ་འགྱུར། །རྟོགས་པས་མི་ཟིན་རང་རྒྱུད་ནའང་། །ཤིན་ཏུ་ཡ་ངའི་གནས་སུ་སྐྱེ། །ཤེས་རབ་ཐབས་ཀྱིས་བྱིན་རློབས་ནས། །རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། །ཅུང་ཟད་ཁོང་ཁྲོའི་ཞེ་སྡང་དེ། །དཔྱད་ན་རང་རིག་ཡེ་ཤེས་ཉིད། །ཆོས་ཀྱི་དབྱིངས་ལས་མི་གཞན་པས། །དེ་ཉིད་ཡེ་ཤེས་ངང་དུ་ཤར། །དེ་ལྟར་གོམས་ན་གཡོ་བའི་ཉམས། །ཡང་ནི་ཁོ་ཁྲོའི་ཡུལ་ལ་བལྟ། །ཡུལ་ཉིད་རང་རིག་ཡེ་ཤེས་ལ། །ཡེ་ཤེས་ཉིད་ཀྱང་ཡུལ་ལྟར་སྣང་། །དེ་ལྟར་གཉིས་མེད་རྟོགས་པའི་ཚེ། །ཁྲོ་བའི་ཡུལ་དང་ཁྲོ་མཁན་སེམས། །མ་བཀག་རང་བྱུང་ཡེ་ཤེས་དང་། །དེ་ཉིད་ཐོབ་པའི་ཉམས་ཞེས་བྱ། །དེ་ནས་མི་མཐུན་ཡུལ་རྣམས་ལ། །སྔོན་ལྟར་རྣམ་པར་དཔྱད་པའི་ཚེ། །ཀུན་ཀྱང་རང་བྱུང་ཉིད་དུ་གསལ། །དབྱེར་མེད་ལྷུན་གྲུབ་སྤྲུལ་པའི་སྐུ། །དགྲའ་སྡང་བྱམས་གཉེན་ཐམས་ཅད་ཀུན། །དབྱེ་བསལ་མེད་པར་ངང་དུ་ཤར། །རིག་པ་ཆོས་དབྱིངས་ངང་དུ་གསལ། །བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །དབྱེ་བསལ་མེད་པའི་བྱམས་པ་དང་། །བྱམས་པས་ཅེས་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་སྙིང་པོ་བྱང་ཆུབ་སེམས་འཆོར་བའི་རྡུལ་ཙམ་ཡང་མི་དམིགས་ཏེ། དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་མཁྱེན་པ་རྣམ་གསུམ་དང་ལྡན་པའི་བདེ་བར་གཤེགས་པ་ཡི་ངོ་བོ་དེ་ལྟ་བུའོ། །དོན་ཉིད་ཅེས་པ་བདག་ལས་མི་གཞན་པའི་གདུལ་བྱ་རྣམས་རང་སྣང་བ་སྟེ། རྣམ་སྦྱང་ཅེས་པ་དེ་ཉིད་མི་དམིགས་པའི་ཐུགས་རྗེས་འཛིན་པའོ། །སྙིང་རྗེ་ཆེན་པོ་ཅིར་མི་མཛད་ཅེས་པ་ནི་བསད་པ་མེད་པ་རྡོ་རྗེའི་མཚོན་གྱིས་བསད་པ་ལ་བྱའོ། །མཛད་པ་མེད་པའི་སྙིང་རྗེ་ཡིན། །ཆགས་པ་གཉིས་ཀྱི་ཡུལ་བྱུང་ན། །མཐའ་རུ་མི་བཀག་ལམ་དུ་བསླང་། །ཞེན་ཡུལ་མདུན་བཞག་ཡིད་ལ་བྱ། །གསལ་ནས་སེམས་སུ་བྱུང་གདབ་ལ། །སེམས་ཉིད་རང་བྱུང་ཡེ་ཤེས་སུ། །ཤིན་ཏུ་གསལ་བ་གཡོ་བའི་ཉམས། །དེ་ནས་ཞེན་པའི་ཡུལ་ལ་བལྟ། །ཡུལ་ཉིད་ཡིད་ཀྱི་རིག་པ་ལ། །རིག་པ་ཉིད་ཀྱང་ཡུལ་སྣང་བས། །ཡུལ་རིག་དབྱེར་མེད་ཆོས་ཀྱི་དབྱིངས། །དེ་ལྟར་གསལ་བ་ཐོབ་པའི་ཉམས། །དེ་ནས་ཞེན་ཡུལ་ཀུན་ལའང་བལྟ། །ཡུལ་ཉིད་ཡིད་ཀྱི་རིག་པ་ལ། །སྔར་བཞིན་ཉམས་སུ་བླངས་པའི་ཚེ། །ཀུན་ཀྱང་རང་བྱུང་ཡེ་ཤེས་ངང་། །མུ་མཐའ་མེད་པའི་ཆོས་རྣམས་ཀུན། །དེ་རུ་མ་འདུས་གང་ཡང་མེད། །ཤིན་ཏུ་གསལ་བ་བརྟན་པའི་ཉམས། །དགེ་སྡིག་བཟང་ངན་གཙང་སྨེ་ཀུན། །དབྱེར་མེད་རྟོག་པ་མི་འཇུག་པ། གཏི་མུག་ཆེན་པོ་ཆོས་ཀྱི་སྐུ། །ཡང་ན་སྐྱེ་བུས་འདི་ལྟར་དགོངས། །རྒྱལ་བ་རྫོགས་པ་མན་ཆོད་ནས། །ན་རག་དམྱལ་བ་ཡན་ཅད་ཀྱི། །ཕྲ་རགས་བཟང་ངན་གཙང་སྨེ་དང་། །མཐོན་དམན་བྱམས་སྡང་བཟང་ངན་སོགས། །གཉིས་པར་སྣང་བའི་ཆོས་ཐམས་ཅད། །གཉིས་ཅན་ཡིད་ཀྱིས་བལྟ་བྱས་ན། །ཐམས་ཅད་རིག་གསལ་མཁའ་ལྟར་སྤངས། །རིག་བ་སྤྲོས་བྲལ་དབྱིངས་སུ་གསལ། །ཤིན་ཏུ་དག་པ་གཡོ་བའི་ཉམས། །གཉིས་ཅན་ཆོས་ཀྱང་རིག་པ་ལ། །རིག་པ་ཡང་གཉིས་ཅན་ཆོས་ལྟར་སྣང་། །དེ་བས་ཐམས་ཅད་རིག་པའི་ངང་། །རིག་པ་དབྱེར་མེད་དབྱིངས་སུ་གསལ། །ཤིན་ཏུ་བརྟན་ན་ཐོབ་པའི་ཉམས། །གཉིས་པར་སྣང་བའི་ཆོས་ཐམས་ཅད། །རྒྱ་མཚོ་འཇིངས་ཀྱི་གཟུགས་བརྙན་ལྟར། །རྟག་ཏུ་དབྱེར་མེད་རང་གསལ་ཅིང་། །མཚན་མའི་འདུ་ཤེས་མི་འཇུག་ན། །གཏི་མུག་ཆེན་པོ་བརྟན་པའི་ཉམས། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོ་ལམ་ལས་བྱུང་། །ཡང་༴ འདོད་ཆགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ཞེ་སྡང་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། གཏི་མུག་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ང་རྒྱལ་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། འཕྲག་དོག་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ཡང་༴ ཉོན་མོངས་ལྔ་དང་འཚམས་མེད་ལྔ་པོ་ཡི། །ལམ་དེར་ཞུགས་པས་མཉམ་སམ་རྒྱལ་པོ་འཐོབ། །ཡང་། ཤན་པ་སྨད་འཚོང་འཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལ་གཞན་མེད་དོ། །ཞེས་གསུངས་སོ། །མུ་མཐའ་མེད་པའི་འཇིག་རྟེན་ན། །མུ་མཐའ་མེད་པའི་ཆོས་རྣམས་ཀུན། །འདི་རུ་མ་འདུས་གང་ཡང་མེད། །གཏི་མུག་དབྱེར་མེད་ཆོས་ཀྱི་སྐུ། །ལྷུན་གྱིས་རྫོགས་པ་ཐུགས་ཀྱི་རྒྱན། །འདོད་ཆགས་བདེ་ཆེན་ལོངས་སྤྱོད་སྐུ། །བདེ་བ་ཆེན་པོ་སྐུ་ཡི་རྒྱན། །ཞེ་སྡང་འགག་མེད་སྤྲུལ་པའི་སྐུ། །ཐུགས་རྗེ་ཆེན་པོ་རོལ་པའི་རྒྱན། །ང་རྒྱལ་འགྱུར་མེད་མཉམ་པའི་རྒྱན། །ཅིར་ཡང་མི་གཡོ་ཏིང་འཛིན་རྒྱན། །འཕྲག་དོག་མ་གོས་རྡོ་རྗེའི་སྐུ། །མཐའ་བཞི་བྲལ་བས་འཕྲིན་ལས་རྒྱན། །དེ་བས་རྒྱན་གྱི་སྐུ་ལྔར་གྲགས། །དུག་ལྔ་རང་རྒྱུད་འཁྲུལ་པའི་ཁམས། །དག་པ་ཆེན་པོ་ཡེ་ཤེས་དང་། །དབྱེར་མེད་བདེ་ཆེན་ངོ་བོའི་སྐུ། །ཐམས་ཅད་ཆོས་ནི་གཅིག་པུ་ཉིད། །མཁས་ལྡན་ཆེན་པོས་དེ་སྐད་བཤད། །སྣང་སྲིད་ལམ་དུ་བསླང་བ་ཡང་། །ཡུལ་ཁམས་ཀུན་ལ་བལྟ་བྱས་ན། །དེ་ནས་ཡིད་ཀྱི་ཁམས་ལ་བལྟ། །ཆོས་ཁམས་ཐམས་ཅད་གསལ་བ་དང་། །ཆོས་ཉིད་མཁའ་རུ་བྱིན་བརླབས་ནས། །གསལ་ལ་མི་འགོག་ལྷན་ནེ་འབྱུང་། །རོ་གཅིག་བདེ་ཆེན་དབྱིངས་སུ་རྫོགས། །སྣང་སྲིད་ལམ་གྱུར་གཡོ་བའི་ཉམས། །དེ་ནས་ཆོས་ཀྱི་ཁམས་ལ་བལྟ། །དབང་ལྔའི་ཡུལ་དུ་གྱུར་པ་ཡི། །ནམ་མཁས་བསྡུས་པའི་ཆོས་ཐམས་ཅད། །རང་རིག་ཤེས་པ་ཉིད་དུ་གསལ། །རིག་པ་ཉིད་ཀྱང་ཆོས་སུ་སྣང་། །ཆོས་དང་རིག་པ་དབྱེར་མེད་པས། །ཐམས་ཅད་མཉམ་པའི་ངང་དུ་གསལ། དཔེར་ན་རྒྱ་མཚོ་དངས་པ་ལ། །སྐར་ཚོགས་གཟུགས་བརྙན་མང་སྣང་ཡང་། །ཉིད་ལས་མི་གཞན་ས་ལེར་སྣང་། །དེ་བཞིན་སྣང་བའི་ཆོས་རྣམས་ཀུན། །ཆོས་དབྱིངས་དང་བའི་དཀྱིལ་འཁོར་ན། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཀུན་ཏུ་ལྷམ་མེར་གྱུར་པ་ནི། །སྣང་བ་ཐོབ་པའི་ཉམས་ཞེས་བྱ། །དེ་ནས་སྲིད་པའི་ཆོས་ཐམས་ཅད། །རྣ་བའི་དབང་ལ་གྲགས་སོ་ཆོག །སེམས་ཀྱི་རིག་པས་མངོན་དུ་བྱ། །རིག་པ་དབྱིངས་དང་དབྱེར་མེད་པས། །དངོས་པོ་ཀུན་ཀྱང་དེ་ལྟར་རོ། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་རྣམ་མཁའི་མཁའ་ལྟར་ཡངས། །རྟག་ཏུ་ལྷམ་མེར་གསལ་བ་ན། །སྣང་བ་བརྟན་པའི་ཉམས་ཞེས་བྱ། །འདི་ཉམས་ཐོབ་བ་ཕྱིན་ཅད་དུ། །ཕལ་ཆེར་འབྱུང་འཇུག་མེད་པ་ཡིན། །འོན་ཀྱང་བསྙེམས་པ་མི་འཆང་བར། །དམ་པའི་བླ་མ་བསྟེན་བྱས་ལ། །དཀའ་བའི་ཚོགས་ཀྱིས་མཉེས་བྱས་ལ། །ཤིན་ཏུ་རྣལ་འབྱོར་ཐེག་ཆེན་ལ། །ཐོས་བསམ་སེམས་ཀྱི་མདུད་པ་བཀྲོལ། །སྐྱེ་བོས་དབེན་པའི་དགོན་པ་བསྟེན། །བླ་མ་བསྙེན་དང་དགོངས་བརྩོན་དང་། །དགོན་པ་བསྟེན་པ་མ་གཏོགས་པ། །བརྩོན་དང་དམ་བཅས་ཐམས་ཅད་འདོར། །དམ་བཅས་འཆིང་བའི་མདུད་པ་ལ། །བརྩོན་བཅས་ཕལ་ཆེར་བདུད་ཀྱི་ལས། །འབྱུང་འཇུག་མེད་པའི་ཏིང་འཛིན་ནི། །བརྩོན་བྱ་བརྩོན་བྱེད་ཡུལ་དང་བྲལ། །ནམ་མཁའ་མཐའ་མེད་དག་པ་བཞིན། །རང་བྱུང་འོད་གསལ་ནམ་མཁའ་ཆེ། །དམ་བཅའ་ཞེན་པའི་མདུད་པ་བྲལ། །འདི་ལས་གོམས་པར་མ་གྱུར་ན། །འདི་ཉིད་ཟག་བཅས་བསམ་གཏན་པས། །འབྱུང་བ་ལྔ་པོ་ཞིག་གྱུར་ཚེ། །གཟུགས་མེད་ལྷ་ཡི་རིག་འཛིན་འཐོབ། །དེ་ཚེ་ཉིད་ཀྱིས་མངོན་སངས་རྒྱས། །གལ་ཏེ་རྣལ་འབྱོར་དམན་པ་ཞིག །བླ་མེད་ཐེག་པའི་སྒོ་འདི་རུ། །ཐོས་བསམ་སྦྱངས་པ་རྒྱ་ཆུང་ན། །བླ་མའི་སྟོབས་ཀྱིས་ཏིང་འཛིན་ནི། །ཤིན་ཏུ་བརྟན་པར་གྱུར་ན་ཡང་། །མཁས་ལྡན་བླ་མ་དང་བྲལ་ན། །བློན་པོ་རྒྱལ་པོས་བོར་བ་བཞིན། །ཞེར་འཛིན་བདུད་པ་མི་གྲོལ་བས། །སེམས་ཅན་གོང་མའི་ཁམས་སུ་ལྷུང་། །དེ་བས་བསྙེམས་པ་མི་འཆང་བར། །འདི་ཚོད་ཙམ་ནས་ཤིན་ཏུ་བརྩོན། །གོལ་སྒྲིབ་སྐྱོན་རྣམས་ངོས་བཟུང་མཛོད། །འཇིག་རྟེན་ངོ་དགའི་ཁར་མ་གཡེང་། །དགོན་པ་བསྟེན་པ་རྟག་ཏུ་བརྩོན། །སློང་མོ་ངལ་བའི་འཚོ་བ་དེར། །མཚན་མ་འཛིན་པའི་ཆོས་སྤྱོད་ཀྱང་། །སྙིང་རྗེས་གཞན་བཟུང་མ་གཏོགས་པ། །ལུས་ངག་ངལ་བ་ཕལ་ཆེར་སྤོངས། །རྒྱལ་བ་ངོ་དགའ་མི་མངའ་ཞིང་། །དམ་པས་འཚོགས་པ་མི་བསྟེན་པས། །རྒྱལ་མཆོད་བླ་མ་མཉེས་བྱ་བ། །མི་ནུས་ཡེངས་ལ་ཅི་ནུས་མཛོད། །དམ་པའི་ཞལ་གྱི་བདུད་རྩི་ཡིན། །འདི་ཚོད་ཙམ་གྱི་ཏིང་འཛིན་ལ། །ཕྱི་ནང་དྲོད་ཀྱང་ཅུང་ཟད་འབྱུང་། །འཁོར་བའི་ཆོས་ལ་ཞེན་པ་ལྡོག །རང་གནས་ཡུལ་འཁོར་མི་ཆགས་ཤིང་། །ཟས་སྐོམ་འཚོ་བ་སྤང་བར་འགྱུར། །འདོད་དང་གཡེང་བ་ཆུང་འགྱུར་ཞིང་། །མཚན་མའི་ཆོས་ལ་མི་མོས་ཤིང་། །བླ་མེད་ཐེག་པའི་དོན་ལ་མོས། །འཇིག་རྟེན་གཡེང་བ་མི་དགའ་ཞིང་། །སེམས་ཅན་ཀུན་ལ་སྙིང་རྗེ་འབྱུང་། །གཏི་མུག་འཐིབས་པའི་གཉིད་རྟོག་ཚོམས། །ཁམས་ཀྱི་ནད་རྣམས་སྲབ་པར་འགྱུར། །བགེགས་ཀྱིས་བར་དུ་གཅོད་པ་མེད། །ལྷ་སྲིན་ཀུན་གྱིས་བསྐུར་བར་འགྱུར། །གཞན་གྱི་བར་ཆོད་གྱུར་པ་ཀུན། །དེས་བསལ་ཙམ་གྱིས་མྱུར་དུ་ཞི། །རྨི་ལམ་ཆོས་རྣམས་ཐམས་ཅད་ཀུན། །སྒྱུ་མའམ་ཆུ་ཟླ་ལྟ་བུར་རྨི། །བདེར་གཤེགས་རྒྱལ་བ་རྨི་བ་དང་། །ཞིང་ཁམས་གཞན་དུ་འགྲོ་བ་དང་། །ནམ་མཁའ་རི་རབ་སྐས་ལ་འཛེག །དེ་ལ་སོགས་པ་མཚན་མའི་རྟགས། །ས་ཐོབ་སྒྲིབ་སྦྱང་ཡེ་ཤེས་སྐྱེ། །ལྟས་རྣམས་མདོ་རྒྱུད་གཞན་དུ་གཟིགས། །དྲུག་པའི་དོན་ཡང་འདི་ལྟ་སྟེ། །རྣལ་འབྱོར་མངོན་དུ་མ་གྱུར་ཀྱང་། །བག་ལ་ཉལ་བའི་མདུད་པ་ཡིས། །ལྷུན་གྲུབ་མངོན་དུ་མི་འགྱུར་བས། །རྣམ་པར་ཐར་པའི་བྱེ་བྲག་གིས། །བསམ་གཏན་སྒྲོ་འདོགས་བཅད་པ་གཅེས། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པ། །གང་ལྟར་བསྐྱེད་ཀྱང་མེ་ཏོག་སྐྱེ། །སྐྱེ་བོས་དབེན་པའི་ས་ཕྱོགས་སུ། །གཅིག་པུ་ཉམས་ཀྱི་དོན་ལ་དཔྱད། །བག་མེད་ཅ་ཅོ་ཡོངས་སྤངས་ནས། །ཤེས་རབ་ཅན་གྱིས་འདི་ལྟར་བལྟ། །དུས་བཞི་མཉམ་པའི་ཐར་པ་ནི། །འཇིག་རྟེན་འདི་དང་ཕྱི་མ་དང་། །རྨི་ལམ་དང་ནི་དཀྱིལ་འཁོར་མོས། །དེ་བཞིན་དག་པ་འཕགས་པའི་ཞིང་། །གང་སྣང་གཞན་གྱིས་དབེན་པའི་ཕྱིར། །ཡིད་ཤེས་རིག་པའི་ཁྱད་པར་སྣང་། །རྨོངས་ལ་ཅིག་ཆར་འཚོགས་པ་མེད། །དེ་ཕྱིར་དེ་དག་རང་གི་སེམས། །སེམས་ཉིད་རང་བྱུང་ཡེ་ཤེས་པས། །ཐམས་ཅད་མཉམ་པ་ཉིད་དུ་གསལ། །ལུང་ལས། རང་སེམས་རྒྱུན་ལས་འཕགས་པའམ། སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུ་དྲུག་རིགས་ལས་དེའང་སྣ་ཚོགས། །དེ་དག་རང་གི་ཏིང་འཛིན་ནོ། །སེམས་རྒྱུན་དེ་ནི་ཕྱོགས་དང་ཅུང་ཟད་མེད་པས་ཅིག་ལ་རྟེན་མེད་དེ། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། ཞེས་གསུངས་སོ། །དུས་བཞི་མཉམ་པའི་རྣམ་པར་ཐར་བའོ། །རྩལ་དྲུག་རྫོགས་པའི་རྣམ་ཐར་ནི། །རིག་པ་ཕྱོགས་དང་བྲལ་བའི་ཕྱིར། །མདུན་དུ་བལྟ་སྟེ་རྒྱབ་ཏུ་བལྟ། །དེ་ནས་གཡས་དང་གཡོན་དུ་བལྟ། །དེ་ནས་སྟེང་དང་འོག་ཏུ་བལྟ། །ཕྱོགས་དྲུག་རིག་པས་དུས་གཅིག་བལྟ། །ཡང་ཡང་བྱས་ཏེ་གོམས་པ་ན། །ཉི་མ་མཁའ་ལ་ཤར་བ་བཞིན། །ཕྱོགས་བཅུ་འཇིག་རྟེན་ཐམས་ཅད་ཀུན། །རིག་པ་ཕྱོགས་བྲལ་དུས་ཅིག་གསལ། །མཐའ་དབུས་བྲལ་བའི་བསམ་གཏན་ནི། །ཤར་སོགས་ཕྱོགས་ཅིག་ཡིད་ལ་བྱ། །ནམ་མཁའི་མཐའ་འདི་ཡོད་མེད་བརྟག ། ཡོད་པ་ཉིད་ཀྱང་མི་རིགས་ལ། །དེ་བཞིན་མེད་པའང་རིགས་མ་ཡིན། །ཤེས་རབ་སྤྱན་གྱིས་བལྟས་པའི་ཚེ། །འཁྲུལ་པའི་ཞེན་པ་ལྡོག་ནས་ནི། །ཡེ་ཤེས་ལྷམ་མེར་གནས་པར་འགྱུར། །དེ་ནས་ཕྱོགས་བརྒྱད་ཀུན་ཏུ་བལྟ། །ཡང་ཡང་དཔྱད་ན་གོང་བཞིན་འགྱུར། །དེ་ནས་སྟེང་འོག་ཕྱོགས་བཅུར་བལྟ། །མཐའ་འདི་ཡོད་དམ་མེད་ཞེས་བརྟག །ལེགས་པར་དཔྱད་པར་གྱུར་པའི་ཚེ། །ཡོད་མེད་གང་ཡང་མ་ཡིན་པའི། །རྟོགས་པ་མངོན་དུ་ཤར་བར་འགྱུར། །དེ་ལྟར་ཡོད་མེད་མཐའ་བྲལ་ན། །དབུས་འདི་ཅི་ལྟར་ཡིན་སྙམ་ན། །དབུས་ཀྱང་ཡིན་མིན་ཐ་སྙད་བྲལ། །ཡང་ན་རྟོགས་པ་འདི་ལྟ་བུ། །མཐའ་དབུས་བྲལ་དང་མ་བྲལ་བའི། །རྟོག་པ་དེ་ཉིད་ཆོས་ཀྱི་དབྱིངས། །རང་བྱུང་རང་གསལ་ཡེ་ཤེས་དང་། །ཆོས་ཀྱི་དབྱིངས་སུ་དབྱེར་མེད་པས། །ལྷུན་གྲུབ་ཡེ་ཤེས་མངོན་དུ་འཆར། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །ཡང་ན་ཡིད་ཀྱི་ཤེས་པ་ལ། །ཕོ་བྲང་དཀྱིལ་འཁོར་ལྷུན་གྲུབ་ལྟར། །མཐར་ཐུག་མེད་པའི་འཇིག་རྟེན་ཁམས། །རིག་པའི་ངང་དུ་ལྷུན་གྱིས་གྲུབ། །རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས། །དེ་ལ་མཐའ་དབུས་ཞེན་པ་བྲལ། །དུས་གསུམ་མཉམ་པའི་ཐར་པ་ནི། །ཐོག་མའི་དུས་དང་ཐ་མའི་དུས། །ད་ལྟར་སྣང་བའི་དུས་དང་གསུམ། །རིག་པའི་ངང་ལ་ཅིག་ཏུ་རྫོགས། །འདས་པ་འགགས་ཀྱང་མངོན་གསལ་ཞིང་། །མ་འོངས་མ་སྐྱེས་མངོན་དུ་གསལ། །དངོས་པོར་ཡོད་མེད་དེ་གསལ་བས། །ད་ལྟར་སྣང་བའི་ཆོས་ཐམས་ཅད། །དངོས་མེད་རིག་པའི་དཀྱིལ་འཁོར་ཏེ། །རིག་ཉིད་དབྱིངས་དང་དབྱེར་མེད་པས། །ཐམས་ཅད་ཆོས་སྐུ་ཆེན་པོའི་ངང་། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་ཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཡང་། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་གསུངས་སོ། །ཐོག་མཐའ་དབྱེར་མེད་རྣམ་ཐར་ནི། །ཐོག་མ་མེད་པ་དུས་ཀྱི་ཚེ། །མ་རིག་ཡེ་ཤེས་དབྱེར་མེད་ལས། །བརྟགས་པ་འཁྲུལ་པའི་ཤེས་པ་འབྱུང་། །སྐད་ཅིག་རྨི་ལམ་ཡུན་རིངས་ཀྱི། །ལོ་འམ་སྐལ་པར་སྣང་བ་བཞིན། །རིག་པ་འཁྲུལ་པའི་ཤེས་པ་ཡིས། །ཐོག་མ་ནས་བཟུང་ཐ་མའི་བར། །འཁྲུལ་པའི་རྒྱུ་ལ་གནས་པར་འགྱུར། །ཐོག་མཐའ་རྒྱུན་འཛིན་ཤེས་པ་དེ། །རིག་པ་ཉིད་ཡིན་དེ་ཡང་དབྱིངས། །དབྱེར་མེད་མཉམ་པ་ཆོས་ཀྱི་སྐུ། །འདས་དང་མ་བྱོན་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །འདི་ཉིད་དུས་གསུམ་ཆེན་པོར་སྦྱོར། །ཞེས་གསུངས་དེ་ཉིད་རྟེན་དུ་གྱུར་པའི་ཚེ། །སྔོན་གྱི་གནས་དང་ཕྱི་མའི་གནས། །འཆི་འཕོ་སྐྱེ་བ་ཐམས་ཅད་ཀུན། །སྐད་ཅིག་སྔ་ཕྱི་དྲན་པ་ལྟར། །ལྷམ་མེར་གསལ་སྐལ་པ་དཔག་ཏུ་མེད་པའི་སྔོན་དུ་ཅི་ལྟར་ཡིན་པ་དེ་བཞིན་དུ་འདས་པ་དང་ད་ལྟར་ཐམས་ཅད། ད་ལྟ་ཡུན་ཐུང་ངུན་གྱི་བར་སྐད་ཅིག་ལས་ཀྱི་བསམ་རྣལ་འབྱོར་པས་དྲན་པ་བཞིན་དུ་དུས་གསུམ་གྱི་ཆོས་རྣམས་ཀྱང་འགྲིབ་པ་མེད་པར་མཁྱེན་ཏེ། བའི་མངོན་ཤེས་འབྱུང་། །ཐོག་མཐའ་རྟོགས་པའི་རྣམ་ཐར་ནི། །འཇིག་རྟེན་ཐོག་མའི་ཐོག་མ་དེ། །ཡོད་པར་མི་གཤའ་མེད་མི་རིགས། །ཕྱོགས་ཅིག་ཤེས་པས་བདེ་མི་འགྱུར། །དེ་ལྟར་ཡང་ཡང་བསམས་པའི་ཚེ། །འཁྲུལ་པ་རང་ལོག་ཤེས་པ་འབྱུང་། །ཐ་མ་དེ་བཞིན་དཔྱད་པའི་ཚེ། ཡོད་མེད་མི་རིགས་སྔོན་བཞིན་འགྱུར། །ཐོག་མཐར་གྲུབ་པ་མེད་པའི་ཕྱིར། །ད་ལྟར་ཡང་མི་ངེས་སྔོན་དང་མཚུངས། །དེ་ལྟར་ཡང་དང་ཡང་དཔྱད་ན། །འཁྲུལ་པ་ཡིད་ཀྱི་ཤེས་པར་འདུས། །དེ་ཉིད་རིག་པའི་བག་ལ་ཞ། །རིག་པ་དབྱིངས་དང་དབྱེར་མེད་པས། །ཆོས་ཀུན་མཉམ་ཉིད་ལྷུན་གྱིས་གྲུབ། །ཐོག་མ་གང་ནས་བྱུང་བ་དང་། །ཐ་མ་གར་འགྲོ་ད་ལྟར་ནི། །གར་གནས་རིག་པའི་འཕྲེང་བ་སྟེ། །རིག་པ་སེམས་ཀྱི་རང་བཞིན་ལ། །སེམས་ཉིད་དབྱིངས་དང་དབྱེར་མེད་དོ། །ཡང་ན་ཐར་པ་འདི་ལྟ་བུ། །རིང་དང་ཐུང་པའི་བྱེ་བྲག་ནི། །ལྟོས་པ་ཉིད་ཀྱིས་གྲུབ་འགྱུར་ཏེ། །ལྟོས་པ་འཁྲུལ་པའི་རིག་པ་ལ། །རིག་པ་དབྱིངས་དང་དབྱེར་མེད་དོ། །གལ་ཏེ་རིང་ཐུང་མ་གྲུབ་སྙམ། །མ་གྲུབ་ཞེན་པ་མདུན་གནས་ན། །མི་རྟོག་འཛིན་པའི་མདུད་པ་ཡིན། །རྣལ་འབྱོར་རྣལ་འབྱོར་མཆོག་ཆེན་གྱིས། །དེ་ལ་གནས་པར་མ་བྱེད་ཅིག །སྐལ་པ་སྐད་ཅིག་ཚད་བསྟུང་དང་། །སྐད་ཅིག་སྐལ་པར་བསྲིང་བ་གཉིས། །དུས་ཀྱི་རྣམ་ཐར་གོམས་ལས་འབྱུང་། །ཡང་ན་ཐར་པ་འདི་ལྟ་བུ། །སྣང་སྲིད་འདི་ལྟར་སྣང་བའི་ཆོས། །བེམ་རིག་གཉིས་སུ་འཁྲུལ་པས་བརྟགས། །མཁས་ལྡན་ཆེན་པོས་དཔྱད་པའི་ཚེ། །བེམ་པོ་རིག་པའི་རང་བཞིན་ལ། །རིག་པ་དབྱིངས་དང་དབྱེར་མེད་པས། །ཐ་དད་མེད་པའི་རྟོགས་པ་འཆར། །ཡང་ན་ཐར་པ་འདི་ལྟ་བུ། །བེམས་པོ་དང་ནི་རིག་པ་ཡི། །ཁྱད་པར་གཉིས་སུ་སྣང་བའི་ཆོས། །བེམས་པོར་བརྟགས་དང་རིག་པར་བརྟགས། །གཉིས་ཀ་འཁྲུལ་པའི་སེམས་ལས་བྱུང་། །སེམས་ཉིད་ཡེ་ཤེས་རང་བཞིན་བས། །ཡང་ཡང་དཔྱད་པས་རྟོགས་གྱུར་ཚེ། །སྐམ་པ་ཆུ་དང་བྱེ་མ་གསེར། །སྣང་བ་བསྒྱུར་ནུས་ཡེ་ཤེས་འབྱུང་། །ཡང་ན་ཐར་པ་འདི་ལྟ་བུ། །བདག་གཞན་གཉིས་ཀྱི་སྣང་བ་རྣམས། །འཁྲུལ་པ་བརྟགས་པའི་རིག་པ་ལ། །རིག་པ་དབྱིངས་དང་དབྱེར་མེད་པས། །དེ་ཉིད་ཆོས་སྐུ་ཆེན་པོར་གསལ། །ཡང་ན་ཐར་པ་འདི་ལྟ་བུ། །གཞན་ཡང་བདག་གི་རིག་པ་ལ། །བདག་ཀྱང་བདག་གི་རིག་པར་གསལ། །རང་ཤེས་མཉམ་པའི་རིག་པ་དེ། །འགྲོ་དྲུག་སེམས་ཅན་ཉིད་དུ་གསལ། །འགྲོ་དྲུག་རིག་པའི་བྱེ་བྲག་རྣམས། །ཆུ་ཡི་གཉེར་མ་ཐ་དད་ཀྱང་། །རྒྱ་མཚོ་ཆེན་པོར་གཅིག་པ་བཞིན། །རིག་པ་དབྱིངས་དང་དབྱེར་མེད་ཕྱིར། །ཐམས་ཅད་ཆོས་སྐུ་ཆེན་པོར་གསལ། །ཡང་ན་ཐར་པ་འདི་ལྟ་བུ། །བདག་ཅེས་བྱ་དང་གཞན་ཅེས་བྱ། །གཉིས་ཀ་བདག་གི་ཤེས་པ་ལས། །དེ་ཉིད་དབྱིངས་ཀྱི་རང་བཞིན་བས། །བདག་གཞན་དབྱེར་མེད་མཉམ་པར་གསལ། །དེ་དག་གདེང་དུ་གྱུར་པའི་ཚེ། །བདག་གི་ཤེས་པའི་དྲན་པ་བཞིན། །གཞན་སེམས་ཤེས་པའི་མངོན་ཤེས་འབྱུང་། །ཡང་ན་ཐར་པ་འདི་ལྟ་བུ། །ཡུལ་དང་སེམས་སུ་སྣང་བ་རྣམས། །སེམས་ཉིད་ཡུལ་སྣང་ཡུལ་ཉིད་སེམས། །མ་སྐྱེས་དབྱིངས་དང་དབྱེར་མེད་པས། །རང་བཞིན་ཆོས་སྐུ་ཆེན་པོར་གསལ། །ཡང་ན་ཐར་པ་འདི་ལྟ་བུ། །ལུས་ཉིད་རིག་པའི་ཁྱད་པར་ལས། །ལུས་ཀྱང་རིག་པའི་ཁྱད་པར་སྣང་། །གཉིས་ག་རིག་པར་དབྱེར་མེད་པས། །དེ་ཉིད་རང་གསལ་ཆོས་སྐུར་ཐིམ། །དེ་ལྟར་བསྟན་པར་གྱུར་པའི་ཚེ། །ལུས་ལ་བྱེ་བྲག་སྣ་ཚོགས་སྟོན། །མི་སྣང་བ་དང་འབྱུང་ཆེན་རྣམས། །ལུས་ལྟར་བརྡའ་སྤྲོད་གཡོ་བར་འགྱུར། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་གསུངས་སོ། །ཡང་ན་ཐར་པ་འདི་ལྟ་བུ། །འཁོར་ཚུལ་སྐྱེ་རྒས་ན་འཆི་དང་། །དམིགས་པས་བརྟགས་པའི་ཆོས་ཐམས་ཅད། །སེམས་ཉིད་འཁྲུལ་པའི་ངོ་བོ་བས། །འཁྲུལ་པ་རིག་པའི་རང་བཞིན་ལ། །རིག་པ་དབྱིངས་དང་དབྱེར་མེད་དོ། །མྱ་ངན་འདས་པའི་རང་བཞིན་ཡང་། །འཁྲུལ་ཉིད་འཁྲུལ་པར་ཤེས་པ་ལས། །འཁྲུལ་པ་རིག་ཤེས་རིག་དབྱིངས་ཤེས། །དེ་ཉིད་བརྟན་པས་མྱ་ངན་འདས། །དེ་ལྟར་འཁོར་དང་མྱ་ངན་འདས། །རྣལ་འབྱོར་རིག་པར་དབྱེར་མེད་ལ། །རིག་པ་དབྱིངས་དང་དབྱེར་མེད་པས། །མཁས་ལྡན་ཤེས་རབ་མངོན་གསུམ་དུ། འཁོར་འདས་གཉིས་བཏགས་ཐ་སྙད་བྲལ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །དེ་ལྟར་གདེངས་དང་ལྡན་པའི་ཚེ། །མཐའ་ཐུག་མེད་པའི་ཞིང་ཁམས་ཀུན། །ཕྱག་མཐིལ་ལྟ་བུར་མངོན་དུ་འགྱུར། །ཡེ་ཤེས་སྤྱན་ཞེས་དེ་ལ་བྱ། །འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་ཡོད་པ་མ་ཡིན་ཏེ། །འཁོར་བའི་རང་བཞིན་ཤེས་གྱུར་ལ། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་གསུངས་སོ། །ཡང་ན་ཐར་པ་འདི་ལྟ་བུ། །སེམས་ཅན་ཞེས་དང་སངས་རྒྱས་ཞེས། །གཉིས་སུ་བརྟག་པའི་ཆོས་འདི་ལ། །ངོ་བོ་ཉིད་ཀྱིས་དབྱེར་མེད་དེ། །དབྱིངས་དང་རིག་པ་དབྱེར་མེད་པ། །མངོན་དུ་གྱུར་པ་ཆོས་ཀྱི་སྐུ། །དེ་ལ་སངས་རྒྱས་ཞེས་སུ་བརྗོད། །ངོ་བོ་དབྱིངས་དང་དབྱེར་མེད་ཀྱང་། །མ་རིག་འཁྲུལ་པའི་རིག་པ་དེ། །དངོས་མེད་པ་ལ་དངོས་བརྟགས་པས། །ལས་གསུམ་ཉོན་མོངས་ལྔ་ལ་སོགས། །རིག་ལ་ཞེན་པས་བདག་ཏུ་བཟུངས། །སེམས་ཅན་ཞེས་སུ་ཐ་སྙད་འདོག །གང་ཡང་དབྱིངས་ལས་མི་གཞན་ཏེ། །དབྱིངས་དང་རིག་པ་དབྱེར་མེད་པས། །ཐམས་ཅད་ཆོས་སྐུ་ཆེན་པོར་འདུས། །ཡང་ན་ཐར་པ་འདི་ལྟ་བུ། །བདེ་བར་གཤེགས་ཞེས་བྱ་གདུལ་བྱའི། །སྟོན་པར་སྣང་བ་གཟུགས་ཀྱི་སྐུ། །འགྲོ་བ་བདེ་གཤེགས་གདུལ་བྱར་སྣང་། །ཐུགས་རྗེའི་ཡུལ་དང་ཐུགས་རྗེ་བདག །གང་ཡང་དག་དང་མ་དག་པའི། །རིག་པ་ཉིད་དུ་དབྱེར་མེད་ཕྱིར། །རིག་པ་དབྱིངས་དང་དབྱེར་མེད་ཡིན། །དེ་ལྟར་བརྟན་པར་གྱུར་པའི་ཚེ། །ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་ཀྱི། །རྒྱལ་བ་བདག་གི་སྤྲུལ་པ་ལ། །བདག་ཀྱང་རྒྱལ་བས་སྤྲུལ་པ་ལྟར། །འབྱེད་པ་མེད་པའི་རྟོགས་པ་འཆར། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཡང་། སངས་རྒྱས་སངས་རྒྱས་མ་ཡིན་པའི། །སེམས་ཅན་སེམས་ཀྱི་རྒྱུད་ནི་གང་ཞེས་གསུངས་སོ། །ཡང་ན་ཐར་པ་འདི་ལྟ་བུ། །གང་དུ་ལེགས་པར་དཔྱད་པའི་ཆོས། །འབྱུང་བ་བཞི་དང་ཁམས་གསུམ་དང་། །འདོད་ཡོན་ལྔ་དང་ཉོན་མོངས་ལྔ། །དཀར་པོ་ལ་སོགས་རྣམ་དྲུག་དང་། །དེ་བཞིན་རིང་ཐུང་ལ་སོགས་བརྒྱད། །རིགས་ཀྱི་བྱེ་བྲག་གསུམ་པོ་དང་། །དེ་བཞིན་འགྲོ་བ་དྲུག་རྣམས་དང་། །རྣམ་ཤེས་བརྒྱད་དང་ཚོར་བ་གསུམ། །ཡུལ་དྲུག་དུས་གསུམ་ཕྱེ་བ་ཡིས། །དྲུག་དང་དྲུག་ཕྲག་གསུམ་དུ་འགྱུར། །འདུ་ཤེས་བྱེ་བྲག་ལྔ་པོ་དང་། །དེ་བཞིན་འདུ་བྱེད་ལྔ་བཅུ་གཅིག །གཟུགས་ཀྱི་ཕུང་པོ་རྣམ་ལྔ་དང་། །འཁོར་འདས་ཆོས་སུ་གྲགས་པ་རྣམས། །གོང་བཞིན་ཡང་དང་ཡང་དཔྱད་ན། །ཀུན་ཀྱང་སེམས་ཀྱི་རིག་པ་ལ། །རིག་པ་དབྱིངས་ཀྱི་རང་བཞིན་ལས། །མ་འདྲེས་ཡོངས་རྫོགས་དགོངས་པ་འཆར། །ཐམས་ཅད་ཕྱོགས་བྲལ་ལྷུན་གྲུབ་པ། །རྣམ་པར་ཐར་པའི་བྱེ་བྲག་རྫོགས། །མཚན་མ་བཅོ་བརྒྱད་ལ་སོགས་པ། །བར་ཆད་རྣམས་ཀྱང་དེ་ལས་འབྱུང་། །དག་དང་མ་དག་བརྟགས་པ་རྣམས། །ཐམས་ཅད་དབྱིངས་སུ་རྫོགས་པའི་ཚེ། །ལྷུན་གྱིས་གྲུབ་པའི་རིག་པ་འཆར། །ལུང་ལས་ཀྱང་ནི་འདི་སྐད་དུ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་གསུངས་སོ། །ཡང་། སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོང་པར་མི་དགོངས་གཟའ་བ་མེད། །ཅེས་པ་དང་། ཡང་། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ། ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་བདུན་པ་འདི་ལྟ་སྟེ། །ལམ་མཐར་སོན་པའི་སྐྱེས་བུ་ལ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །སྡུག་དང་མི་སྡུག་བར་པ་དང་། །ཉོན་མོངས་ལྔ་དང་བརྟགས་པའི་ཆོས། །དགེ་བ་དང་ནི་སྡིག་པའི་ཆོས། །ཕུང་པོ་གཉིས་སུ་སྣང་བ་དང་། །རྒྱུ་རྐྱེན་འཚོགས་དང་མ་འཚོགས་དང་། །འབྲས་བུ་འབྱུང་དང་འགག་པ་དང་། །ཡུལ་དང་ཞེན་པས་བཏགས་པའི་ཆོས། །ཐ་དད་གཉིས་སུ་སྣང་བ་རྣམས། །ཐམས་ཅད་རིག་པའི་ཁྱད་པར་ལས། །རིག་པའང་ཐབས་སུ་ཀུན་སྣང་བས། །མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །རྒྱུ་འབྲས་སྤྲོས་པ་ངང་གིས་མེད། །གང་ལའང་བཀག་འཛིན་ཞེ་འདོད་བྲལ། །བྱ་བྲལ་རྫོགས་པའི་རྣལ་འབྱོར་ཡིན། །ཐམས་ཅད་རྫོགས་པ་སྤྱིར་ཆིབས་པ། །བརྒྱད་པའི་དོན་ཡང་འདི་ལྟ་སྟེ། །འཁོར་དང་མྱ་ངན་འདས་པའི་ཆོས། །ཀུན་གྱི་ངོ་བོ་དབྱེར་མེད་པས། །དངོས་མེད་ངོ་བོ་ཉིད་སྐུར་བརྗོད། །རང་བཞིན་མ་སྐྱེས་དོནདམ་པ། །དབྱིངས་དང་རིག་པ་དབྱེར་མེད་པས། །དེ་ཉིད་མ་བཅོས་ཆོས་ཀྱི་སྐུ། །མ་འདྲེས་འགག་མེད་ཀུན་ཏུ་སྣང་། །འགྲོ་དྲུག་འཁྲུལ་པ་སྣ་ཚོགས་ཀྱང་། །ཐམས་ཅད་མཁྱེན་པ་ཡེ་ཤེས་སྤྱན། །ཅི་ཡང་འགག་མེད་སྤྲུལ་པའི་སྐུ། །མ་བཀག་མ་སྐྱེས་དབྱེར་མེད་པས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བརྗོད། །ཐམས་ཅད་མཐའ་གཉིས་ཡོངས་བྲལ་བས། །མངོན་པར་བྱང་ཆུབ་སྐུ་རུ་བརྗོད། །འགྱུར་བ་མེད་ཅིང་འགག་པ་མེད། །དེ་ཉིད་རྡོ་རྗེ་ཡི་སྐུ་བརྗོད། །དེས་ན་སྐུ་རྣམས་ལྷུན་གྱིས་གྲུབ། །རང་སྣང་ཐུགས་རྗེའི་མཛད་པ་ཡིས། །གདུལ་བྱ་ཀུན་གྱི་རྒྱུད་རྣམས་ལ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །ཉི་ཤུ་ལྔས་བསྡུས་མཐའ་ཡས་རྣམས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །རང་བཞིན་ལས་རྟོགས་པ། དེ་ལས་ཐུགས་རྗེ་དེ་ལས་མཛད་པ། དེ་ལས་མཐར་ཕྱིན། མཐར་ཕྱིན་པའང་རང་བཞིན་དེས་ན་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ། དབྱེར་མེད་པའོ། །སྤྱིར་རྟོགས་པ་འཇུག་པའི་དུས་ན། གདེང་ངོ་བོ་ལྷུན་གྱིས་མ་གྲུབ་བར་དུ། ཉམས་གཡོ་ཐོབ་བརྟན་གསུམ། དྲོད་ཕྱི་ནང་གསང་གསུམ་གྱིས། ངོ་བོ་ཆོས་ཀྱི་དབྱིངས་ལ་འཕེལ་འགྲིབ་མེད་ཀྱང་། རྟོགས་པ་གོམས་པའི་ཉམས་ཚོད་བཟུང་ངོ་། །དགའ་རབ་རྡོ་རྗེ་མན་ཆད་ནས། །གྲུབ་པའི་སྐྱེས་བུ་ཐམས་ཅད་ཀྱི། །ཐུགས་ལ་དགོངས་པའི་མན་ངག་བཅུད། །སྐལ་ལྡན་ཐུགས་ཀྱི་གཏེར་དུ་མཛོད། །ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །རྒྱ་མཚོ་གཏིང་གི་ཕ་བོང་དང་། །ཆུ་སྲིན་གྲེ་བའི་རིན་ཆེན་བཞིན། །སྐལ་པར་དཀྲུགས་ཀྱང་ཁར་མི་དབྱུང་། །བཀའ་རྟགས་གསུམ་གྱིས་རྒྱས་གདབ་བོ། །བྱང་ཆུབ་སེམས་ཀྱི་འཇུག་རིམ་རྫོགས་སོ།། །། རྡོ་རྗེ་དོན་སྟོན་ལུང་གི་ལབ་དགོད་འདི། །མཁས་རྟོགས་ཉམས་ལྡན་རྩལ་ཆེན་རབ་རྫོགས་པའི། །ས་བཅུའི་སེམས་དཔའ་གཅིག་པུ་མ་གཏོགས་པའི། །ཕལ་གྱི་ཡུལ་མིན་བློས་རེག་དཀའ་བར་གསུངས། །འོན་ཀྱང་སྙིགས་མའི་གདུལ་བྱ་དཔག་མེད་རྣམས། །ས་བཅུའི་དབང་ཕྱུག་ཆེ་མཆོག་དམ་པ་ལ། །ཅིས་ཀྱང་མི་འཕྲོགས་འགྲན་པའི་སེམས་མེད་ཀྱང་། །མེས་པའི་པ་པ་བན་རྡེ་བདག་གིས་ནི། །རྗེ་བཙུན་ཞལ་གྱི་བདུད་རྩི་དམ་པ་རྣམས། །ངེས་པའི་དོན་སྟོན་ཚིག་གི་འབྲུ་མཆན་དུ། །གསུང་གི་སྒྲོས་ལྡན་བཀོད་པར་མི་ནུས་ཏེ། །དོན་གྱི་ཕྱོགས་མཐུན་ཆ་ཙམ་ཡི་གེར་བཏག ། རང་བཟོ་ལ་སོགས་གཉིས་པའི་རྩ་བར་མིན། །འོན་ཀྱང་གྲོས་སྲིད་བླ་མ་ཉིད་ལ་བཤགས། །དགེ་བའི་ཚོགས་སྣང་འདི་ཉིད་དོན་རྟོག་ཤོག །།རྣ་བར་ཐར་པའི་གྲངས་ནི། དབྱེར་མེད་པ་བཅོ་བརྒྱད། ཡུལ་འདོད་ཡོན་ལྔ། ཉོན་མོངས་པ་ལྔ། འབྱུང་བ་བཞི། ཁམས་གསུམ། ཁ་དོག་དྲུག །དབྱིབས་བརྒྱད། རིགས་གསུམ། འགྲོ་བ་དྲུག །ཕུང་པོ་ལྔ། རྣམ་ཤེས་ཚོགས་བརྒྱད་དྲུག་ཏུ་བསྡུ། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ། །འདུ་ཤེས་རྒྱ་ཆུང་ངུ་དང་། ཆེན་པོ་དང་། འབྲིང་པོ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་འདུ་ཤེས་ཏེ་ལྔ། འདུ་བྱེད་ཀྱི་ཁམས་ལྔ་བཅུ་རྩ་གཅིག །གཟུགས་ཀྱི་ཕུང་པོའི་ཁམས་ལ་བཅོ་ལྔ་སྟེ། སྤྱིར་བརྒྱ་སུམ་ཅུ་སོ་བརྒྱད། དེ་ལ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་བྱ་བ་ཏིང་ངེ་འཛིན་རང་གི་ངོ་བོ་དེ་བཞིན་གཤེགས་པ་ལ་མངའ་བ་ཡིན། ཚད་མེད་པ་བྱ་བ་ཉན་ཐོས་ལ་ཡོད་པ་ཡིན། དེ་རྣམས་ལ་སྒྲོས་འདོགས་གཅོད་པའི་ཚུལ་ནི། གོང་ལྟར་འདོད་ཡོན་ལམ་ཁྱེར་གྱི་སློབ་པ་ལྟ་བུ་སྟེ། ཐམས་ཅད་ཀྱང་རིག་པར་བྱུང་ཐེབས་ལ། རིག་པ་ཉིད་ཀྱང་བརྟག་པའི་ཆོས་སྣ་ཚོགས་སུ་སྣང་ཡང་། རིག་པ་ཉིད་དང་དབྱིངས་ཡིན་ལ། དབྱིངས་ཉིད་རིག་པར་སྣང་བས། དབྱིངས་དང་རིག་པ་དབྱེར་མེད་པ་ནི་ཆོས་ཀྱི་སྐུའོ། །ཆེད་བྱས་དང་། ཆེད་འཛིན་དང་། ཆེད་ལྟོས་ཀྱི་མཐའ་མངོན་སུམ་དུ་མི་གསལ་ཞིང་། གབས་སུ་ཡོད་པ་ཡིན་པས། དེ་ཉིད་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་དུ་འགྲོ་བས། ཐར་པ་མི་འཐོབ་ཅིང་། གལ་ཏེ་ཐོབ་ནའང་། མཐས་འཆིང་བ་དང་། གལ་ཏེ་མཐས་མི་འཆིང་ནའང་། ལྷུན་གྲུབ་ཆོས་སྐུ་ལས་ཡུན་རིང་བར་གྱུར་པ་དང་། ཏིང་ངེ་འཛིན་ཡོད་སྙམ་གྱི་ང་རྒྱལ་གྱིས། ལྷག་ལུས་ཀྱིས་འབྲས་བུ་མངོན་དུ་མི་འགྱུར་བའི་སྐྱོན་དང་། འཆི་ཀ་མོ་ལ་འཇིགས་པ་དང་བཅས་པའི་སྐྱོན་རྣམས་སྒྲོ་འདོགས་པ་ལས་འབྱུང་བས། མདོ་རྒྱུད་ལ་སོགས་གཞུང་མང་པོའི་ནང་དུ། སྒྲོ་འདོགས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་དེ་རྣམས། གཅོད་པ་ཤིན་ཏུ་གལ་ཆེའོ། །སྔོན་རྒྱ་གར་དང་བོད་ཀྱི་རྒྱལ་ཁམས་སུ་གྲུབ་པ་ཐོབ་པ་གྲངས་མང་པོ་བྱུང་བ་དེ་རྣམས། རིས་མཁས་པ་ཞི་འཚོ་ལགས། དེ་བས་ད་ལྟ་ཡང་སྒྲོ་འདོགས་གཅད་པ་ལ་མཁས་པ་གཙོ་ཆེ། གོང་གི་འདོད་ཡོན་ལམ་དུ་བསླང་བ་མན་ཆད་ཀུན། སྒྲོས་འདོགས་གཅད་པའི་ཐབས་ལགས། མངོན་དུ་རྒྱུ་བ་དང་བག་ལ་ཉལ་ཡོད་པའི་ཕྱོགས་ཞེན་ཐམས་ཅད་མཚན་མའི་རྣམ་པ་ཡིན་པས་དེའི་སྒྲོ་འདོགས་བཅད་པས་དེའི་སྐྱོན་ལས། ཐར་པའི་ཕྱིར་ན། རྣམ་པར་ཐར་པ་ཞེས་བྱའོ། །སྒྲོས་འདོགས་དེ་རྣམས་མ་ལུས་པར་བཅད་ན། རྒྱ་ཡན་བྱ་བ་རང་ཤུགས་ཀྱིས་འབྱུང་བ་ཡིན། ལོགས་སུ་སློབ་པ་མ་མཆིས། ཕྱོགས་ལྟོས་ཙམ་དུ་གྲངས་བགྲང་ན། འདུ་ཤེས་ཀྱི་ལྷག་མ་ཟད་པའི་ཚེ། ལྷག་ལུས་ལ་བརྟེན་པའི་དབང་གིས། དབང་པོ་ལྔ་དང་། ཡུལ་ལྔ་དང་། རྣམ་ཤེས་ལྔ་དང་བཅོ་ལྔ་ལ། བྱེ་བྲག་ཏུ་བརྩིས་པས། སྡུག་པ་དང་མི་སྡུག་པ་དང་བར་པ་དང་གསུམ་དང་། ཉོན་མོངས་པ་ལྔ་དང་། ལས་དགེ་སྡིག་གཉིས་དང་། རྒྱུ་རྐྱེན་གྱི་ཁྱད་པར་དང་། ཞེས་པ་འགགས་པའི་ཁྱད་པར་ཏེ། བཅུ་གསུམ་པོ་དེ་དག་ནམ་མཁའ་ཉིད་དམ་ནམ་མཁའ་ལ་འབྱུང་འཇུག་དང་བྲལ་བ་བཞིན། ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་དབྱེར་མེད་པས། ཆེད་བྱས་ཀྱི་རེ་འདོད་ཐམས་ཅད་དང་བྲལ་ཏེ། རང་གསལ་ཕྱོགས་དང་བྲལ་བའི་ཤེས་པ། བྱ་བྲལ་རྫོགས་པའི་སྤྱོད་པ། སྣང་གསལ་ཡེ་འཕྱོའི་ཏིང་འཛིན་དང་། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པས། འདི་དང་འདི་འོ་སྙམ་པ་འམ། སྤངས་ཐོབ་ཀྱི་རེ་འདོད་ལ་སོགས་པ། ཀུན་དང་བྲལ་བས་རྒྱ་ཡན་ཞེས་བྱ་སྟེ། རྒྱ་ལུས་ཀྱི་རྒྱ་མདུན་ཡིན། ཡན་པ་ནི་ཤེས་པ་དང་རིག་པ་ཙམ་དུ་ཡང་ཆེད་འཛིན་བྲལ་ཏེ་མཐའ་དང་བྲལ་བ་ལ་ཡན་ཞེས་བྱའོ། །ལྷུན་གྱིས་གྲུབ་པའི་འབྲས་བུ། འཁོར་བ་འདི་སྤངས་ནས་འབྲས་བུ་དག་པ་ལོགས་སུ་ཚོལ་བ་མ་ཡིན་ཏེ། འཁོར་བ་ཉིད་རང་བྱུང་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུར་ལྷུན་གྱིས་གྲུབ་པས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞེས་བྱའོ། །སྔར་སེམས་ཅན་གྱི་དུས་སུ་ནི། སེམས་ཡུལ་དང་ཡུལ་ཅན་གཉིས་སུ་བརྟགས་ཏེ། དེས་གཟུང་འཛིན་རྒྱས་ནས། ལས་གསུམ་བསགས་ཏེ་ཁམས་གསུམ་དུ་སྨིན་ཏེ། འདོད་ཁམས་པ་ཞི་གནས་ལ་རྟོག་པ་དང་། གཟུགས་ཁམས་པ་ཞི་གནས་ལ་རྟོག་པ་དང་། གཟུགས་མེད་པ་ལྷག་མཐོང་ལ་ཡུལ་དུ་འཛིན་པ་རང་ཡང་གཟུང་འཛིན་ཡིན། ཉན་ཐོས་དང་རྒྱལ་བ་བདག་འཛིན་མཁན་མེད་ཀྱང་། ཀུན་གཞི་མེད་ལ་མི་ཟད་པའི་དོན་མ་རིག་པ་དང་། ཡུལ་སེམས་ཐ་དད་དུ་འཛིན་ཏེ། གཟུང་ཡུལ་གྱི་བདག་མེད་མ་རྟོགས་པས། སྲིད་པ་ལས་ཐར་ཀྱང་དམན་པར་མཆིའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཀུན་གཞིའི་དོན་རིག་ཀྱང་། ལྟ་བསྒོམ་གྱི་ཆེད་འཛིན་དང་བཅས་པས། ཆེད་འཛིན་མ་སྤོངས་བར་སངས་རྒྱས་པ་ལ་ཡུན་རིང་ངོ་། །དེ་བས་བླ་ན་མེད་པའི་ཐེག་པ་ལ་དེ་དག་གི་སྐྱོན་མེད། འོན་ཀྱང་རྣལ་འབྱོར་པ་རང་གིས་ཕྱོགས་ཆ་ཅན་དུ་སོང་ན་སྐྱོན་ཆེན་པོ་ཡིན་ཏེ། འོག་མ་གང་གི་མུར་འགྲོ་ཡང་ཕྱོགས་ཞེན་གྱི་ཁྱད་པར་ལ་བརྩི། དེ་ནས་ལྷུན་གྱིས་གྲུབ་པའི་འབྲས་བུ་ལ། སྐུ་ལྔར་ལྡོག་ཕྱོགས་ཀྱི་བྱེ་བྲག་གིས་རྩི་ན། རིལ་གྱི་ཆོས་ལྷུན་གྱིས་གྲུབ་པས། བྱས་ཆོས་ཐམས་ཅད་དད་བྲལ་བ་ངོ་བོ་ཉིད་ཀྱི་སྐུ། རང་བཞིན་སྟོང་པ་དང་། རྩལ་མི་སྟོང་གཉིས་མཐའི་ཞེན་པ་བྲལ་བས་ཆོས་ཀྱི་སྐུ་སྟོང་ལ་སྣང་བདལ་ཁྱབ། རང་གསལ་ཐམས་ཅད་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། ལམ་པ་དང་འགྲོ་དྲུག་གི་འདོད་ཕྱོགས་ལྟར་སྣང་བས་ནོར་བུ་རིན་པོ་ཆེ་རི་དབང་གི་རྒྱལ་པོ་ལྟ་བུ་སྟེ་སྤྲུལ་པའི་སྐུ། ཐམས་ཅད་དུ་དགེ་སྡིག་བདེ་སྡུག་ཞེན་ཕྱོགས་མཐོ་རིས་ངན་སོང་ཐམས་ཅད་རང་བཞིན་ལ་བྱེད་པ་པོ་མེད། རྐྱེན་ལ་བསྒྱུར་བ་པོ་མེད། དངོས་གཞི་ལ་རྫས་ཅན་མ་གྲུབ། །ཐར་པའི་དུས་ན་འགགས་མཁན་མེད། །འཁོར་བའི་དུས་ན་བསྒྱུར་བྱེད་མེད། །མྱ་ངན་ལས་འདས་པའི་ཆོས་སྐུ་ལྔ་ལྡན་གྱི་འཁོར་ལོ་ཡང་། འདས་པའི་དུས་ན་བསྒྲུབ་བྱེད་མེད། འཁོར་བའི་དུས་ན་འགོགས་མཁན་མེད་ཀྱང་། རིག་པ་རང་དང་མ་རིག་པའི་ཁྱད་པར་གྱི། ལྷུན་གྱིས་གྲུབ་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །འཁོར་བའི་དུས་ན་ཡང་མ་རིག་པ་གཞན་ནས་འོངས་ཏེ་མ་བཀབས། རིག་པ་གཞན་དུ་སོང་བས་བསྒྲིབས་པ་མེད། མྱ་ངན་ལས་འདས་པའི་དུས་ན་ཡང་མ་རིག་པ་སོང་ཞིང་དེངས་པ་མེད། རིག་པ་འོངས་ཤིང་རྒྱས་པ་ཡང་མེད་པས། དེ་བས་ཐམས་ཅད་ངོ་བོ་རྟོག་དཔྱོད་དང་བྲལ་བས་ངོ་བོ་ཉིད་ཀྱི་སྐུའམ་རྫོགས་པ་སྤྱིར་ཆི བས་ཀྱི་སའམ། སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན་ནམ་རང་རིག་ཕྱོགས་བྲལ་གྱི་རང་བྱུང་ཡེ་ཤེས་སམ། ལྷུན་གྱིས་གྲུབ་པའི་འབྲས་བུ་ཞེས་བྱའོ། །མན་ངག་གི་ཡི་གེ་འདི། འདི་ལྟར་ཉམས་བླངས་སུ་བསྡེབས་པ་དེ། དགའ་རབ་རྡོ་རྗེ་མས་ཅད་ནས། ད་ལྟ་འོ་སྐོལ་ཡས་ཆད་ལ་ཡོད་རེ་སྐན། འོན་ཀྱང་ཁྱེད་སྐྱེས་བུ་དམ་པ་ཆོས་མཛད་ཀྱི་མཆོག །འབྲས་བུ་ཆེད་དུ་གཉེར་བ། ཁོ་བོའི་སྲས་དམ་པ་ལགས་པས། ཁྱོད་ཤིན་ཏུ་གཅེས་པར་བྱས་ནས་བྲིས་པ་ལགས། ཁོ་བོ་ཤིན་ཏུ་ཐུགས་ངན་པ་ནི་མ་ལགས་ཏེ། ཐུགས་ལ་བརྣག་པའི་བཅུད་མཛད་ནས། ཤིན་ཏུ་གསང་བར་ཞུ། སྔོན་གྱི་བཀའ་བརྒྱུད་ལ་འདི་ལྟར་བསྡེབས་པ་མེད་པས། འདའ་ཀར་བབ་ཀྱང་གཏེར་དུ་སྦ་བར་རིགས། །ཉམས་ཀྱི་གདམ་ངག་བཀོལ་བའི་ལག་ལེན། གྲུབ་པ་དགོངས་པའི་བརྒྱུད་པ་ཡི་གེར་བྲིས་པ། རྫོགས་སོ།། །།


previousརྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ། ཀཿདམ་པ།next