Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
རྫོགས་ཆེན་ལྟ་སྤྱོད་སྒོམ་པ་དམ་ཚིག་འབྲས་བུ་དང་བཅས་པ། ཀཿདམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་ལྟ་སྤྱོད་སྒོམ་པ་དམ་ཚིག་འབྲས་བུ་དང་བཅས་པ། ཀཿདམ་པ།next

རྫོགས་ཆེན་ལྟ་སྤྱོད་སྒོམ་པ་དམ་ཚིག་འབྲས་བུ་དང་བཅས་པ། ཀཿདམ་པ།

རྫོགས་ཆེན་ལྟ་སྤྱོད་སྒོམ་པ་དམ་ཚིག་འབྲས་བུ་དང་བཅས་པ་བཞུགས་སོ། །ཀཿདམ་པ་རིན་པོ་ཆེའི་གསུངས་ཡིན། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་པའི་འབྲས་བུ། ཐོབ་བྱ་དག་གི་རང་བཞིན། དབང་ཕྱུག་ཆེན་པོ་ཡི་དགོངས་སྤྱོད། །མཐའ་བྲལ་ལྷུན་རྫོགས་ཀྱི་ལྟ་བ། །ཤེས་རབ་དཔྱོད་བྲལ་གྱི་ཏིང་ངེ་འཛིན། བྱ་བྲལ་ལྷུན་རྫོགས་ཀྱི་སྤྱོད་པ། ཐེག་པ་ཀུན་གྱི་ཡང་རྩེ། རྫོགས་པ་ཆེན་པོའི་དོན་འདི་ལ་རྣམ་པ་བཞི་སྟེ། དང་པོ་ལྟ་བས་མཐའི་ཐག་གཅད་པ་དང་། སྒོམ་པས་ཉམས་སུ་བླང་བ་དང་། གོལ་སྒྲིབ་གདལ་ཤ་གཅད་པའི་ངོས་ནས། དགོངས་སྤྱོད་ལྷུན་རྫོགས་པ་དང་། སྤང་ཐོབ་དང་བྲལ་བའི་འབྲས་བུ་ལྷུན་གྱིས་གྲུབ་ལུགས་སོ། །དེ་ཡང་དང་པོ་ལྟ་བས་མཐའི་ཐག་གཅད་པ་ནི། ལུང་ལས། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི། །སེམས་ཉིད་ཆོས་དབྱིངས་ངང་དུ་གཅིག །ཅེས་པ། སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གཅིག་པར་ལ་བཟླ་སྟེ། དེ་ཡང་གཅིག་པའི་ཚུལ་ནི། སེམས་ཀྱི་རང་བཞིན་དུས་གསུམ་འདུས་མ་བྱས་པ། བདལ་བ་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། ངོ་བོ་ཆོས་ཀྱི་སྐུ་ཡིན་པས། །དེ་རྟོགས་པ་ལ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཅི་ལྟ་བ་མངོན་དུ་གྱུར་པ་ནི་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཉིད་ཀྱང་མི་འགག་པའི་རྩལ་རང་སྣང་བ་ལ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་ཡང་སྣང་ཞིང་། གདུལ་བྱ་སོ་སོའི་བྱེ་བྲག་གིས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང་། །སོ་སོར་རྟོགས་པའི་ཡེ་ཤེས་ལ་སོགས་པ། གདུལ་བྱ་གཟིགས་ཚུལ་བསམ་གྱིས་མི་ཁྱབ་པར་ཡང་སྣང་ངོ་། །དེ་དག་ལ་ནི་ཡེ་ཤེས་སྒྱུ་མའི་སངས་རྒྱས་ཞེས་ཀྱང་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ལྟ་བ་དེ་མེད་ལ་མི་ཟད་པའི་རང་བཞིན་ཡིན་པ་ལས། བདག་མེད་པའི་ཕྱོགས་གཅིག་རྟོགས་པས་ཀྱང་སྲིད་པ་ཡོངས་སུ་ཟད་ནས། ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་ཐོབ་པར་བྱེད་དོ། །དེའི་ཕྱིར་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། སེམས་ཆོས་ཀྱི་དབྱིངས་རྟོགས་པ་ལས་འབྱུང་ཞིང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པས། ཡེ་ཤེས་སྒྱུ་མའི་སངས་རྒྱས་སེམས་སུ་གཅིག་ཅེས་བྱའོ། །འོ་ན་འཁོར་བའི་ཆོས་ཐམས་ཅད་ཚུལ་ཅི་ལྟར་དབྱིངས་སུ་གཅིག་ཅེ་ན། འཁོར་བའི་ཆོས་ཐམས་ཅད་ནི་སེམས་ཀྱི་དབྱིངས་མ་རྟོགས་པའི་སྣང་བ་ཡིན་ཏེ། དེ་ཅི་ལྟར་མ་རྟོགས་ཤེ་ན། སེམས་ཀྱི་རང་བཞིན་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡེ་ཅི་བཞིན་པ་དེ་ནི། བློ་ཡི་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་ན། ལས་ཀྱིས་བསྐྱངས་པས་ཡང་དག་པའི་བཤེས་གཉེན་དང་། ཕྲད་པའི་སྐལ་བ་མེད་དེ། དེའི་ཕྱིར་ཤེས་བྱ་ཅི་ལྟ་བ་ལ་ཁ་མ་བལྟས་པས་མ་རྟོགས། ཡིད་ཀྱི་ཤེས་པ་སྐད་ཅིག་མ་ལས་བྱུང་བའི་ཆོས་ཡུལ་དང་ཡུལ་ཅན་དབང་པོར་བཅས་པའི་རྗེས་སུ་འབྲང་ཞིང་། དགེ་སྡིག་གི་བག་ཆགས་སྣ་ཚོགས་པ་བསགས་ཏེ། དབྱིངས་ལས་མི་གཞན་བཞིན་དུ་རྟགས་དང་མཐུ་བརྟས་པས། འདོད་ཁམས་གནས་རིས་ཉི་ཤུར་སྐྱེ་བར་བྱེད་དོ། །སེམས་ཀྱི་རང་བཞིན་མ་རྟོགས་ན། ཡུལ་དབང་པོ་རྗེས་སུ་མ་འབྲང་ཡང་། ཡིད་ཀྱི་ཤེས་པ་སྐད་ཅིག་མའི་མཚམས་ལ། རྟོག་པ་འགོག་ཅིང་དཔྱོད་པ་དང་བཅས་པ་མཐུ་བརྟས་པའི་ཁྱད་པར་ལས་གཟུགས་ཁམས་སུ་སྐྱེའོ། །སེམས་ཀྱི་རང་བཞིན་མ་རྟོགས་པས། །སེམས་ལ་དཔྱོད་དེ་ཡོད་པའི་འདུ་བྱེད་དང་། མེད་པའི་འདུ་བྱེད་དང་། གཉིས་ག་མ་ཡིན་པའི་འདུ་བྱེད་དང་། སྟོང་པའི་འདུ་བྱེད་བཞི་མཐུ་བརྟས་པའི་དུས་ན་སེམས་ཀྱི་རང་བཞིན་ནི་མ་རྟོགས། དཔྱོད་པའི་འདུ་བྱེད་མཐུ་བརྟས་པས་སྐྱེ་མཆེད་མུ་བཞིར་འབྱུང་ངོ་། །དེ་ཐམས་ཅད་ལ་ནི་ལོག་རྟོགས་སྒྱུ་མའི་སེམས་ཅན་ཞེས་བྱ་སྟེ། སེམས་ཆོས་ཀྱི་དབྱིངས་མ་རྟོགས་པའི་རྟོག་པ་དང་། དཔྱོད་པ་དང་། དམིགས་པའི་ཁྱད་པར་ལས་བྱུང་བའི་ཕྱིར། འཁོར་བའི་ཆོས་ཀྱང་སེམས་ལས་བྱུང་ཞིང་སེམས་སུ་འདུས་ཞེས་བྱའོ། །དེ་ལྟར་འཁོར་འདས་གཉིས་སུ་སྣང་བའི་དུས་ན་ཡང་། སེམས་ཉིད་ཆོས་ཀྱི་དབྱིངས་ལས་གཉིས་སུ་འགྱུར་བ་མེད་དོ། །འོ་ན་ད་ལྟར་གཉིས་སུ་སྣང་བ་འདི་ཅི་བཞིན་ཡིན་ཞེ་ན། རྟོགས་པ་དང་མ་རྟོགས་པའི་ཁྱད་པར་ཙམ་སྟེ། གཏན་ནས་གཉིས་སུ་འགྱུར་བ་མེད་དོ། །གཉིས་སུ་སྣང་བ་འདི་ངོ་བོ་ཆོས་ཀྱི་སྐུ་ལས་ཐ་དད་པར་འགྱུར་བ་མེད་པ་སྟེ། དེ་བཞིན་གཤེགས་པའི་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་པ་ལ་ནི། འཁོར་བའི་ཆོས་རྡུལ་ཕྲ་བ་གཅིག་གམ། འཇག་མིག་གི་སྲིན་བུ་གཅིག་ལོགས་སུ་བསལ་བ་མེད་པར་ཆོས་ཀྱི་སྐུ་ཡིན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཡིན། བདལ་ཁྱབ་ཆེན་པོ་ལྷུན་གྱིས་གྲུབ་པ་ཡིན་ནོ། །སེམས་ཅན་གྱི་ལོགས་རྟོག་གི་བསམ་པ་ལ་ནི། ཐམས་ཅད་ཀྱང་ཕུང་པོ་ལྔ་ཡིན། འབྱུང་བ་ལྔ་ཡིན། བརྟགས་པའི་ཤེས་པ་ཉོན་མོངས་པ་ལྔ་ཡིན། ཁམས་གསུམ་ཡིན། སྐྱེ་འགག་གི་ཆོས་ཅན་སྣ་ཚོགས་པ་ཡིན། བེམས་པོ་ཡིན། རིག་པ་ཅན་ཡིན། ཕན་དང་གནོད་པ་ཅན་ཡིན། ཡུལ་དང་ཡུམ་ཅན་ཡིན་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་མཚན་མར་བརྟགས་པའི་ཆོས་ཐམས་ཅད་ཡིན་ནོ། །ལུང་ལས་ཀྱང་། ཆོས་ཉིད་དེ་ལ་དེ་འཁྲུལ་ཡུལ་དང་དབང་པོ་མཚན་མ་སྣ་ཚོགས་འཛིན། ཅེས་འབྱུང་ངོ་། །དེ་བས་ན་སེམས་ཅན་གྱི་འཁྲུལ་པ་སྣ་ཚོགས་པར་སྣང་བ་དང་། མྱ་ངན་ལས་འདས་པའི་ཆོས་ཀྱི་སྐུ་གཉིས། དངོས་པོ་གཅིག་ལ་ལྷུན་རྫོགས་ཏེ། གཉིས་སུ་གྱུར་པ་གང་ཡང་མེད་དོ། །ལུང་ལས་ཀྱང་། ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དོ། །ཞེས་གསུངས་སོ། །འོ་ན་གཉིས་སུ་མེད་ན། ཐུགས་རྗེའི་བདག་པོ་སངས་རྒྱས་ཀྱི་ཐུགས་རྗེའི་ཡུལ་སེམས་ཅན་ནི་གང་ནས་བྱུང་། བདེར་གཤེགས་ཀྱི་ཡེ་ཤེས་ཀྱི་སྤྱན་ནི་ཅི་མཁྱེན་ཞེ་ན། ཐུགས་རྗེའི་བདག་པོ་སངས་རྒྱས་ཞེས་བྱ་བ་གཅིག་ལོགས་སུ་མི་བཞག་སྟེ། དངོས་ཆོས་ཀྱི་སྐུ་ཡིན། དེ་རང་གི་རང་བཞིན་ཡིན། ཐུགས་རྗེའི་ཡུལ་སེམས་ཅན་ཞེས་བྱ་བ་གཅིག་ལོགས་སུ་མི་བཞག་སྟེ། དངོས་འཁྲུལ་པའི་ཤེས་པ་ཕྱི་ནང་དུ་སྣང་བ་འདི་ཉིད་ཡིན། དེ་ཆོས་ཀྱི་དབྱིངས་ཡིན། དེ་ཆོས་ཀྱི་སྐུ་ཡིན། དེ་ལྟར་དབྱེར་མེད་ཕན་ཆད་ཡུལ་དུ་བྱས་པ་མེད་པའི་ཕྱིར། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་མི་འཐད་སྙམས་ན། ངོ་བོ་ཡུལ་དུ་བྱས་ནས་གཟིགས་པ་ནི་མེད་དེ། སེམས་ཅན་གྱི་འཁྲུལ་པ་ཤེས་པ་ཆོས་སྐུ་ལས་མི་གཞན་བཞིན་དུ་ཡུལ་དུ་བྱས་པ་ནི་ཡོད་དོ། །འོ་ན་གཟུང་འཛིན་དུ་མ་ཐལ་ལམ་ཞེ་ན། འཁྲུལ་པའི་རང་བཞིན་ལ་ཡུལ་དུ་བྱས་པ་མེད་པའི་ཕྱིར་མ་ཐལ། དེ་ལྟར་འཁྲུལ་པ་གཟིགས་པ་ལ་ནི། ཅི་སྙེད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །འཁྲུལ་པ་དེ་ནི་སེམས་ཅན་གྱི་ལོག་རྟོག་ཡིན་ཏེ་དེ་གྲངས་མཐའ་ཡས་པའི་ཕྱིར། ཅི་སྙེད་མཁྱེན་པའི་ཡེ་ཤེས་ཀྱང་མཐའ་ཡས་སོ། །འཁྲུལ་པ་བཟློག་པར་བྱེད་པའི་ཕྱིར། །གཟུགས་སྐུ་མཐའ་ཡས་པ་དང་། ཐེག་པ་མཐའ་ཡས་པ་ཡང་འབྱུང་ངོ་། །དེ་ལྟར་ན་བདེ་གཤེགས་སྐུ་གཟུགས་སྐུ་ཡང་ཆོས་སྐུ་ལས་བྱུང་ལ། འཁྲུལ་པ་ཡང་ཆོས་སྐུ་ལས་འབྱུང་བའི་ཕྱིར། དེ་གཉིས་ཁྱད་མེད་པར་ཐལ་ལོ་ཞེ་ན། ཁྱད་མེད་དེ། རང་བཞིན་ལ་དབྱེ་བ་མེད་པའི་ཕྱིར་རོ། །འཁྲུལ་པས་དོན་བྱེད་ནུས་སམ། བདེར་གཤེགས་སྐུས་ནི་དོན་མཛད་ནུས་པའི་ཕྱིར་མི་འདྲའོ་སྙམ་ན། འཁྲུལ་པ་ཡང་དོན་བྱེད་ནུས་པའི་རང་བཞིན་ཅན་དུ་གནས་ཏེ། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པ་ལ་ལྟོས། ལུང་ལས་ཀྱང་། སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་འདུས། །སྐྱེ་འགྲོ་ཕྱི་ནང་སྒྲ་རྣམས་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་འདུས། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་འདུས། །ཞེས་པ་དང་། སྐུ་དང་ཕྱག་རྒྱ་ཞིང་ཁམས་དང་། །ལུང་ཅན་ཟབ་མོའི་དབྱིངས་ན་གསལ། །ལྔ་བཞི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །ཞེས་པས་སོ། །དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་ཆོས་ཀྱི་དབྱིངས་སུ་འདུས་པར་ཤེས་རབ་ཀྱིས་ཐག་ཆོད་པར་བྱའོ། །འོ་ན་འཁོར་འདས་ཆོས་སེམས་སུ་འདུས་ན། སེམས་ལ་དུ་ཡོད་ཅེ་ན། བརྒྱད་དེ། རང་བཞིན་དང་། ངོ་བོ་དང་། རྣམ་གྲངས་དང་། རྩལ་དང་ཡོན་ཏན་དང་། ཡུལ་དང་། འཕགས་པ་དང་། སེམས་ལ་སྣང་ཚུལ་དང་། འབྲས་བུའོ། །སེམས་ཀྱི་རང་བཞིན་ནི། དོན་དམ་པའི་བདེན་པ་སྟེ། སྟོང་ཞིང་བདག་མེད་པའོ། །ངོ་བོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བསགས་པའི་ལས་ཀྱིས་ཐ་དད་ཀྱང་ངོ་བོ་དབྱེར་མེད་པའོ། །རྣམ་གྲངས་ནི་སེམས་དང་སེམས་ལས་བྱུང་བའོ། །སེམས་ནི་རྣལ་མ་དོན་གྱི་ཀུན་གཞིའོ། །སེམས་ལས་བྱུང་བ་ནི་གསུམ་སྟེ། སྣང་བ་དང་། བརྟགས་པ་དང་། བག་ཆགས་སོ། །སྣང་བ་ནི། འབྱུང་བ་ཆེན་པོ་བཞི་ལ་སོགས་པའི་སྣོད་དང་བཅུད་དུ་སྣང་བ་ཐམས་ཅད་དོ། །བརྟགས་པ་ནི་རྣམ་པར་ཤེས་པའི་ཚོགས་བདུན་ནོ། །རྩོགས་པ་ནི་སྦྱོར་བ་དོན་གྱི་ཀུན་གཞི་སྟེ། དགེ་དང་མི་དགེ་བག་ཆགས་ལ་སོགས་པའོ། །སེམས་ཀྱི་རྩལ་ནི། རིག་པ་དང་། བློ་དང་། ཤེས་རབ་དང་། མངོན་ཤེས་ལ་སོགས་པ་མངོན་དུ་བྱེད་པ་དང་། དཔྱད་པས་ཤེས་པའི་ཆོས་ཐམས་ཅད་དོ། །སེམས་ཀྱི་ཡོན་ཏན་ནི་བསྒྱུར་ཞིང་སྒྲུབ་ཏུ་བཏུབ་པའོ། །སེམས་ཀྱི་ཡུལ་ནི་གཉིས་ཏེ། འདུས་མ་བྱས་པ་དོན་གྱི་ཡུལ་དང་། འདུས་བྱས་པ་རྟགས་ཀྱི་ཡུལ་ལོ། །འདུས་མ་བྱས་པ་དོན་གྱི་ཡུལ་ནི། ནམ་མཁའ་སྟེ་སེམས་རང་གི་རང་བཞིན་ནོ། །འདུས་བྱས་ཀྱི་ཡུལ་ནི། ཁ་དོག་དང་དབྱིབས་ལ་སོགས་པ་འདུས་བྱས་བློས་བརྟགས་པ་ཐམས་ཅད་དོ། །སེམས་འཕགས་པ་ལ་སྣང་བའི་ཚུལ་ནི། སེམས་ཀྱི་རང་བཞིན་འདུས་མ་བྱས་པ་ནི། འཕགས་པ་ཉིད་ཀྱི་རང་བཞིན་དུ་སྣང་སྟེ། ཅི་ལྟ་བ་མཁྱེན་པའམ་ཆོས་ཀྱི་སྐུ་ཞེས་བྱའོ། །སེམས་ཀྱི་རྩལ་ཡེ་ཤེས་སུ་སྣང་སྟེ། སེམས་ཀྱི་རྣམ་གྲངས་སེམས་ལས་བྱུང་བ་ཐམས་ཅད་རང་སྣང་དུ་སྣང་སྟེ། དཔེར་ན་མེ་ལོང་གི་རང་བཞིན་གྱིས་མེ་ལོང་གི་གཟུགས་བརྙན་མཐོང་བ་ལྟ་བུའོ། །སེམས་ཅན་ལ་སྣང་ཚུལ་ནི། རང་བཞིན་འདུས་མ་བྱས་པ་ནི་མ་རྟོགས། །སེམས་ལས་བྱུང་བ་གསུམ་ལ་སྣང་བ་ལ་བཅད། བརྟགས་པས་འཛིན། གཟུགས་མེད་པའི་ཚུལ་གྱིས་བག་ཆགས་བསགས་ཏེ། དེ་ཡང་ཡིད་ཀྱི་ཤེས་པ་སྐད་ཅིག་མ་དྲན་པ་སྣ་ཚོགས་སྔ་ཕྱི་ལུང་འདོགས་ཤིང་བག་ཆགས་ཀྱི་དངོས་གཞིར་གྱུར་ཏོ། །དེའི་དབང་གིས་དམིགས་པའི་བློས་ཁམས་གསུམ་ཆོས་སྣ་ཚོགས་སུ་སྨིན་ཏོ། །མདོར་ན་སེམས་ཅན་ལ་ནི་སེམས་ཀྱི་རང་བཞིན་མི་སྣང་ལ། རྣམ་གྲངས་འབའ་ཞིག་བློའི་དམིགས་པ་ལ་སྣང་ཞེས་བྱ། འཕགས་པ་ལ་ནི། རང་བཞིན་སྣང་བའི་དབང་གིས་རྣམ་གྲངས་ཀྱི་ཆོས་ཐམས་ཅད་རང་སྣང་ཉིད་དུ་གཟིགས་ཞེས་བྱའོ། །དེ་ནི་སྣང་ཚུལ་ལོ། །སེམས་ཀྱི་འབྲས་བུ་ནི་རྣམ་པ་གཉིས་ཏེ། བཏགས་པ་ཐུན་མོང་གི་འབྲས་བུ་དང་། བརྟགས་མེད་མཐའ་བྲལ་མཐར་ཐུག་གི་འབྲས་བུའོ། །དེ་ལ་བརྟགས་པ་ཐུན་མོང་གི་འབྲས་བུ་ནི། རྒྱུ་རང་བཞིན་མེད་པ་ལས། གང་བློ་ཡིས་བཏགས་པ་ལྟར་ཆགས། བསྒྲུབས་པ་ལྟར་གྲུབ། བལྟས་པ་ལྟར་སྣང་སྟེ། ལུང་ལས་ཀྱང་། རང་བཞིན་གཅིག་ཏུ་མ་ངེས་པས། །ཅི་ལྟར་བཏགས་པ་དེ་ལྟར་སྣང་། །ཞེས་པ་དང་། དགོངས་པ་འདུས་པ་ལས་ཀྱང་། མེད་རྒྱུ་བརྟགས་ཆགས་བསྒྲུབས་འགྲུབ་བལྟས་པར་སྣང་། ཞེས་པས་སོ། །བརྟགས་མེད་མཐའ་བྲལ་གྱི་འབྲས་བུ་ནི། སེམས་ཀྱི་རང་བཞིན་མངོན་དུ་གྱུར་པ། སྐུ་གསུམ་ལྷུན་གྱིས་གྲུབ་པ། མི་ཟད་རྒྱུན་གྱི་འཁོར་ལོ་བསམ། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དེ་ལ་ནི། རྟོགས་དང་མ་རྟོགས་ཁྱད་པར་མེད། །རྒྱུས་མ་བསྐྱེད་རྐྱེན་གྱིས་མི་འཇིག །རྒྱུ་རྐྱེན་གཞན་ལ་རག་མ་ལས། གཞན་ངོར་མི་སྣང་། བདག་དོར་མི་དམིགས་པ་དེ་ལ་ནི་ཆོས་ཀྱི་ངོ་བོ་ཞེས་བྱ་སྟེ། རྟོགས་པས་གསལ་དུ་མེད། མ་རྟོགས་པས་སྒྲིབ་ཏུ་མེད། བསྒོམ་པས་སྒྲུབ་ཏུ་མེད། མ་བསྒོམ་པས་འཆོར་བའང་མེད། སེམས་ཅན་གྱི་དུས་སུ་མ་འགགས། སངས་རྒྱས་ཀྱི་དུས་སུ་མ་སྐྱེས་ཏེ། དེ་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་འགྱུར་བ་མེད་པས་ན། ལུང་ལས་ཀྱང་། གློ་བུར་ལས་ཀྱིས་ཅིར་སྣང་ཡང་། །དངས་མ་དུས་གསུམ་འགྱུར་བ་མེད། །ཅེས་གསུངས་སོ། །དེ་ནི་རྟོགས་དང་མ་རྟོགས་ཁྱད་པར་མེད་པར་ལ་གཅད་དོ། །དེའི་སྒོར་འཇུག་པའི་རྣལ་འབྱོར་པའི་དགོངས་པ་ནི། མིན་པ་ལས་ཡིན་པར་བསྒྱུར་དུ་ནི་མེད་དེ། མ་རྟོགས་པ་རྟོགས་སུ་ཡོད་པའི་ཕྱིར། ཏིང་ངེ་འཛིན་དང་གདམས་ངག་གི་བྱེ་བྲག་རྣམས། དེ་བཞིན་གཤེགས་པས་གསུངས་སོ། །དེ་ཡང་འདི་ལྟར་སེམས་ཅན་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། དུས་དང་རྣམ་པ་མེད་པར་གནས་ཀྱང་། གང་ལས་ཀྱི་སྦྱངས་པས་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དུས་གསུམ་དུ་འགྱུར་བ་མེད་པ་ནི་མ་རྟོགས་སོ། །སེམས་ལས་བྱུང་བའི་ཆོས་ཡུལ་དང་དབང་བོར་བཅས་པའི་རྗེས་སུ་འབྲངས་ཏེ། གཟུང་བ་དང་འཛིན་པས་ཕྱི་ནང་གི་དངོས་པོ་སྣ་ཚོགས་སུ་བལྟས་ནས་དུག་ལྔ་དང་དུག་གསུམ་ལ་སྤྱོད་དེ། དེའི་འབྲས་བུ་ཁམས་གསུམ་དུ་སྨིན་པར་བྱས་ཀྱང་། ཆོས་ཀྱི་དབྱིངས་ལས་གཞན་དུ་འགྱུར་བ་ནི་མེད་དོ། །དེ་ལྟར་མ་རྟོགས་པའི་སྐྱོན་ནི། ཁམས་གསུམ་གྱི་སེམས་ཅན་དུ་སྣང་བའི་ཕྱིར། རྟོགས་པར་བྱ་དགོས་ཏེ། དེའི་ཐབས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཆོས་ཐམས་ཅད་ཀྱི། རྩ་བ་སེམས་ཡིན་པས། སེམས་ཀྱི་རང་བཞིན་ལ་དཔྱད་ཅིང་གཞིག་ན་དོན་དམ་པའི་བདེན་པ་མཐོང་བར་འགྱུར་རོ། །སེམས་ལས་བྱུང་བའི་ཆོས་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡིན་པའི་ཕྱིར། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་སོ་སོར་གྱིས་མི་ཁྱབ་པའོ། །མདོར་ན་སེམས་ཀྱི་འབྲས་བུ་ནི། སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་རིག་པ་ལ་རང་དབང་དུ་གྱུར་པའི་དུས་ན། དབྱིངས་ལས་མ་བྱུང་བའི་ཆོས་མེད་པས། དབྱིངས་ལས་བྱུང་བའི་ཆོས་ཐམས་ཅད་རང་སྣང་ཐབས་ཀྱི་རིག་པར་ཤར་ཏེ། དབང་སྒྱུར། རང་སྣང་དུ་ཤར། མཁྱེན་གཟིགས། དོན་མཛད་ན་ཡང་། ངོ་བོ་ཡུལ་དང་བྲལ་ཅིང་རྣམ་པ་རང་སྣང་དུ་གཟིགས་པའོ། །སེམས་ཐུན་མོང་གི་འབྲས་བུ་ནི། རང་བཞིན་ཅི་ལྟ་བ་མ་རྟོགས་ཀྱང་། རྣམ་པ་བློ་ཡི་དམིགས་པ་ལྟར་གྲུབ། ཅེས་བྱ་སྟེ། དེ་ནི་རྒྱུ་ལས་ཀྱང་བྱུང་བའི་འབྲས་བུ་སྟེ། མདོར་ན་ཟག་བཅས་ཀྱི་འབྲས་བུ་མཐའ་དག་གམ། རྣམ་པ་གཅིག་ཏུ་ན། མཐོང་སྣང་བཅུ་དྲུག་འབའ་ཞིག་པ་ཐམས་ཅད་ལ་བྱའོ། །དེ་དག་ལ་ནི་ལྟ་བས་ཐག་གཅད་པ་མདོ་ཙམ་དུ་བསྡུས་པའོ། །འགྲོ་བ་རིགས་དྲུག་མུ་སྟེགས་རྟག་ཆད་གཉིས། ཐེག་པ་འོག་མ་བརྒྱད་དང་བཅུ་དྲུག་གོ། །དེ་དག་མ་འདྲེས་ཡོངས་སུ་རྫོགས་པ་ནི། མཐོང་སྣང་ལྷུན་གྲུབ་རྫོགས་པ་ཆེན་པོའོ། །ལྷུན་གྱིས་གྲུབ་པའི་འབྲས་བུ། རྫོགས་པ་ཆེན་པོ་བསྒོམ་པའི་མན་ངག །ཉམས་སུ་བླང་བ་ལ་བཞི་སྟེ། སེམས་འདི་རྟོགས་སམ། བསྒོམ་པའི་ངོ་བོ་ཡིན་ནམ་མ་ཡིན་ཐག་གཅད་པ་དང་། རྟོགས་སུ་ཡོད་མེད་ཐག་གཅད་པ་དང་། བསྒོམ་དུ་ཡོད་མེད་ཐག་གཅད་པ་དང་། སྒོམ་པའི་སྐྱོན་བཅོས་སུ་ཡོད་མེད་ཐག་གཅད་པའོ། །དེ་ལ་དང་པོ་ནི། སེམས་འདི་རྟོགས་བྱའི་ངོ་བོ་གཏན་ལ་ཕེབས་ཏེ། ལ་གཅད་པ་ནི། ལྟ་བས་ཐག་གཅད་པ་གང་དུ་བསྟན་པའོ། །ལུང་ལས་ཀྱང་། ནམ་མཁའ་འདི་ནི་འབྱུང་བ་ཀུན་གྱི་བདག །སེམས་ཉིད་འདི་ནི་སངས་རྒྱས་ཀུན་གྱི་མཛོད། །ཆོས་ཉིད་འདི་ནི་ཆོས་ཅན་ཀུན་གྱི་གནས། །འདི་དག་བདལ་ཁྱབ་ཆེན་པོའི་དབྱིངས་སུ་རྫོགས། །ཞེས་པས། སེམས་རྟོགས་བྱའི་ངོ་བོ་ཡིན་པར་དམ་བཅའ། གཉིས་པ་ལ་སེམས་འདི་རྟོགས་སུ་ཡོད་དམ་མེད་སྙམས་ན། རྟོགས་སུ་ཡོད་དེ། སེམས་ནི་སངས་རྒྱས་ཀྱི་ངོ་བོ་དུས་གསུམ་དུ་འདུས་མ་བྱས་པ། གདགས་གཞི་དང་བཏགས་པ་ཐམས་ཅད་དང་བྲལ་བ། སངས་རྒྱས་ཀྱི་ངོ་བོ་ཉིད་རྟོགས་པའི་ཤེས་རབ་ཀྱིས། དཔྱད་ཅིང་གཞིག་ན་ཡང་། སེམས་ཀྱི་རང་བཞིན་མཐོང་བར་འགྱུར་རོ། །གལ་ཏེ་རྟོགས་སུ་མེད་དམ་སྙམ་ན། དེ་ལྟ་ན་ནི་རྒྱལ་བས་གསུངས་པའི་བསྟན་པ་ལ་དགོས་ཆེད་མེད་པ་དང་། སེམས་ཅན་གྱིས་སངས་རྒྱས་མངོན་དུ་བྱེད་མི་གཏུབ་པར་འགྱུར་རོ། །གལ་ཏེ་ཆོས་དབྱིངས་ཀྱི་རང་བཞིན་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ། གང་གིས་ཀྱང་མ་བསྒྲིབས་པའི་ཕྱིར་མ་རྟོགས་པ་རྟོགས་སུ་མེད། ཡེ་ནས་སངས་རྒྱས་ཟིན་ཞེ་ན། དེ་ལྟ་ན་ནི་ཁམས་གསུམ་གྱི་སེམས་ཅན་གྱི་འཁྲུལ་པའི་སྣང་བ་མི་འབྱུང་བ་དང་། བདེ་གཤེགས་ཀྱི་ཐུགས་རྗེའི་ཡུལ་མེད་པ་དང་། བསྟན་པ་གསུང་བ་ལ་དགོས་ཆེད་མེད་པ་དང་། སེམས་ལས་བྱུང་བའི་བག་ཆགས་སྣང་མི་བཏུབ་པས། ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་མཐའ་ཅན་དུ་འགྱུར་རོ། །དེའི་ཕྱིར་ན། མི་གནས་པ་གནས་པར་བྱར་མེད་ཀྱང་། ཆོས་ཀྱི་དབྱིངས་དང་རང་བཞིན་གྱིས་གནས་པ་དེ་ཤེས་པ་དང་། མ་ཤེས་པའི་ཁྱད་པར་ལས། སངས་རྒྱས་དང་སེམས་ཅན་དུ་སྣང་བས་ངོ་ཤེས་པར་བྱ་བའི་ཕྱིར། རྟོགས་སུ་ཡོད་པའོ། །དེ་ནི་བྱང་ཆུབ་ཀྱི་སེམས་རྟོགས་སུ་མེད་པའི་གཏན་ཚིགས་སོ། །གསུམ་པ་ནི། བསྒོམ་དུ་ཡོད་དམ་མེད་ཅེ་ན། ཁ་ཅིག་གིས་བསྒོམ་དུ་མེད་ཅེས། ཆོས་ཉིད་དམིགས་སུ་མེད་པ་ལ་འཁྲུལ་ནས། མ་བཅོས་པའི་ངང་དུ་མ་ཡེངས་པ་ལས་འཁྲུལ་ནས་གནས་པར་གནས་པ་ཙམ་ཡང་མི་བྱེད་པར། ལྟ་བ་སྟོང་པའི་ཕྱོགས་སུ་གཏོད་ཅིང་། སེམས་རིག་པ་རང་གསལ་གྱི་རང་བཞིན་མ་རྟོགས་པར་དམུ་རྒོད་དུ་ཤོར་ནས། སེམས་འགྲེད་དེ་བློ་ཕྱང་ཆད་པར་འོང་བ་ཡང་ཡོད་དེ། དེ་ནི་མུ་སྟེགས་ཆད་པའི་ཕྱོགས་སོ། །ཁ་ཅིག་གིས་བསྒོམ་དུ་ཡོད་པར་ཁས་བླངས་ནས། བསམ་གྱིས་མི་ཁྱབ་པའི་འདུ་ཤེས་ལས་འཁྲུལ་ཏེ། ཤེས་བློ་ལ་རྟག་པར་འཛིན་པས། །ཆོས་ཀྱི་བདག་མེད་ནི་མ་རྟོགས། །གང་ཟག་གི་ཤེས་པ་ལ་བདག་ཏུ་བཟུངས་བ་ནི། མུ་སྟེགས་རྟག་པའི་ཕྱོགས་ཏེ། གཟུགས་ཁམས་ཀྱི་མུར་ལྟུང་ངོ་། །འདིར་རིས་ཅིག་སློབ་དཔོན་པད་མའི་རྒྱལ་པོའི་དགོངས་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ནི། བདག་གིས་འདི་ལྟར་འདོད་དེ། དང་པོ་ཆོས་ཀྱི་དབྱིངས་རྟོགས་བྱའི་དོན་དམ་པའི་བདེན་པ་མཐའ་དག་དང་བྲལ་བ་དེ་ནི། བློ་རྟོག་པའི་སྤྱོད་ཡུལ་མ་ཡིན་ཅིང་། རྒྱུ་རྐྱེན་ཐམས་ཅད་དང་བྲལ་བའི་ཕྱིར། བསྒོམ་ཞིང་བསྒྲུབ་ཏུ་མེད་དོ། །དེའི་སྒོར་འཇུག་པའི་རྣལ་འབྱོར་པས་ཆོས་ཀྱི་དབྱིངས་དེ་ངོ་མ་ཤེས་པ་ལས། ཤེས་པར་བྱ་བའི་ཕྱིར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་ཅིང་། གཞལ་དགོས་པའི་ངོས་ནས་བསྒོམ་དུ་ཡོད་དོ། །མཐོང་བའི་དོན་དམ་པའི་དབྱིངས་ནི་ཐ་སྙད་ཐམས་ཅད་དང་བྲལ་ཏེ། དམིགས་སུ་མེད་པའི་ངོས་ནས་བསྒོམ་དུ་མེད་དོ། །དམིགས་སུ་མེད་པའི་དོན་དེ་ལ་ཡང་། མ་འདྲིས་པར་འདྲིས་པར་བྱ་བའི་ཕྱིར་དང་། འདུ་ཤེས་ཀྱི་ལྷག་མ་ཟད་པར་བྱ་བའི་ཕྱིར་དང་། མ་ཡེངས་པར་འདུ་འཛི་དང་གཡེང་བ་ཐག་བཅད་དེ། ཡུན་དུ་གནས་དགོས་པས་སྒོམ་དུ་ཡོད་དོ། །བསྒོམ་པའི་དོན་ལ་ཤེས་པ་ཡུལ་དང་ཡུལ་ཅན་ཙམ་དུའང་མེད་དེ། རིག་པ་ཡུལ་དང་བྲལ་བས་སེམས་ཀྱི་རང་བཞིན་དུ་སོང་བས་ན་བསྒོམ་དུ་མེད་དོ། །སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ནི། དེ་བཞིན་གཤེགས་པ་ལ་ལྷུན་གྲུབ་ཀྱང་། རྣལ་འབྱོར་པའི་ལས་ཀྱིས་བསྐྱེད་པའི། བག་ཆགས་ཀྱི་ལྷག་མ་དང་བཅས་པས་མཉམ་པར་བཞག་པ་དང་། མ་བཞག་པ་ཡོད་པའི་སྒོ་ནས་སྒོམ་དུ་ཡོད་དོ། །མཉམ་པར་བཞག་ཀྱང་རིག་པ་ཡུལ་བྲལ་ཆོས་ཀྱི་དབྱིངས་སུ་གསལ་བའི་ངོས་ནས་བསྒོམ་དུ་མེད་དོ། །དེ་ལྟར་རིག་པ་ཡུལ་བྲལ་ཆོས་ཀྱི་དབྱིངས་སུ་གསལ། གཏིང་ཆེན་པོ་བཅུའི་དོན་རྙེད་ཀྱང་། ལྷག་པའི་ཡུལ་བདལ་ཁྱབ་ཆོས་ཀྱི་དབྱིངས་སུ་འདུ་ཤེས་ཀྱི། ལྷག་མ་མ་ཟད་ཀྱི་བར་དུ། གཡེང་བ་དང་བཅས་པའི་ཕྱིར། བསམ་གཏན་གྱི་བར་ཆད་ཡོད་དེ། དགྲ་ལྔ་ལས་མི་ཚུགས་པར་བྱ་བའི་ཕྱིར། འདུ་འཛིན་དང་གཡེང་བ་ཐག་གཅད་དེ། སྤྲོས་པ་ལས་རྣམ་པར་འདས་པར་བྱ་བའི་ཕྱིར། སྒོམ་དུ་ཡོད་དོ། །གདེང་ཆེན་བཅུའི་དོན་ཀློང་དུ་གྱུར། ལུས་ཀྱི་ལྷག་མ་ཡལ། སྣང་སྲིད་དབྱིངས་སུ་ཐིམ། འདུ་ཤེས་ཀྱི་ལྷག་མ་ཟད། འཁོར་འདས་རོ་གཅིག་ཏུ་གྱུར་པའི་དུས་ན། ཐམས་ཅད་ལྷུན་གྱིས་གྲུབ་པས་བསྒོམ་དུ་མེད་དོ། །ཡེ་ཤེས་ལྔ་རྫོགས་མཁྱེན་པ་གཉིས་ཤར། གཟུགས་སྐུ་མངོན་དུ་བསྟན། མཛད་པ་ལྷུན་གྲུབ། རིག་པ་ལ་དབང་ཐོབ་པའི་དུས་ན། ཡོད་མེད་ཐམས་ཅད་ལྷུན་གྱིས་གྲུབ་ཅེས་བྱའོ། །བཞི་པ་གོལ་སྒྲིབ་ཡོད་མེད་ཀྱི་གདར་ཤ་བཅད་པ་ནི། དེ་ཡང་རྣམ་པ་གཉིས་ཡིན་ཏེ། ལ་བཟླ་བ་དང་། ཤན་དབྱེ་བའོ། །དེ་ལ་ལ་བཟླ་བའི་ངོས་ནས་གོལ་སྒྲིབ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཡིན་པས། གོལ་ས་དང་སྒྲིབ་པ་མེད་དེ། ཐམས་ཅད་གདལ་པ་ཆེན་པོ་ཆོས་ཀྱི་དབྱིངས་སུ་འདུས་པས། གནས་ཀྱིས་དམན་པ་ངན་སོང་གསུམ་དང་། ལྟ་བས་དམན་པ་མུ་སྟེགས་རྟག་ཆད་དང་། སྤྱོད་པས་དམན་པ་ཤན་པ་དང་སྨད་འཚོང་དང་། ལྟ་བས་མཐོ་བའི་རྫོགས་པའི་སངས་རྒྱས་དད། །གནས་ཀྱིས་མཐོ་བའི་ཚངས་པའི་འཇིག་རྟེན་དང་། །སྤྱོད་པས་མཐོ་བའི་ཉན་ཐོས་དང་དགྲ་བཅོམ་རྣམས། འབྱེད་པ་མེད་པར་ཆོས་ཀྱི་དབྱིངས་སུ་གཅིག་པ་ལ་དེ་ལ་གོལ་ས་ག་ལ་ཡོད་དེ། གོལ་ས་ཡང་ཆོས་ཀྱི་དབྱིངས་སུ་གོལ། སྒྲིབ་པ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ལ། སྒྲིབ་བྱེད་དང་བྲལ་བས་སྒྲིབ་བྱ་ག་ལ་ཡོད། སྒྲིབ་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་ཡིན། ལུང་ལས་ཀྱང་། གོལ་སྒྲིབ་བྱ་བ་ག་ལ་ཡོད། གོལ་ས་ཉིད་ཀྱང་བྱང་ཆུབ་སེམས། །ཞེས་གསུངས་སོ། །ཤན་དབྱེ་བའི་དབང་དུ་ནི། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་ཀྱང་། སྙམ་ཞུགས་པའི་རྟོགས་དཔྱོད་ཐམས་ཅད་གོལ་སྒྲིབ་སྟེ། དེ་ཡང་ཆོས་ཉིད་ལས་མི་གཞན་བཞིན་དུ། ཟིན་ཆགས་ཀྱི་རྟོག་དཔྱོད་བྱུང་བ་ནི། ཆོས་ཉིད་ལས་གོལ་ཞེས་བྱ། རྟོག་དཔྱོད་ཀྱིས་དབང་གིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། འོད་གསལ་བ་དེ་མདོན་སུམ་དུ་མ་གྱུར་པ་ལ་ནི་བསྒྲིབ་ཞེས་བྱའོ། །གོལ་སྒྲིབ་ཀྱི་རྟོག་དཔྱོད་ནི་མཐའ་ཅན་གྱི་ཆོས་བཅུ་དྲུག །ཉོན་མོངས་པ་ལྔ་དང་སུམ་ཅུ་རྩ་བདུན་ནོ། །དེ་ནི་རང་བཞིན་གྱི་གོལ་སྒྲིབ་བོ། །བར་དུ་གཅོད་པའི་གོལ་སྒྲིབ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོགས་ཀྱང་། ཏིང་ངེ་འཛིན་གསལ་བ་དང་། འདྲིས་པ་དང་། གོམས་པ་དང་། མཐར་ཕྱིན་པ་ལ་སྒྲིབ་པ་སྟེ། གོལ་སྒྲིབ་འདི་དག་གིས་བར་ཆོད་ན། ཆོས་ཀྱི་དབྱིངས་རྟོགས་པ་ལྟ་བའི་གདེང་དང་ལྡན་ཡང་། ཏིང་ངེ་འཛིན་མ་གོམས་པའི་དབང་གིས། ཆོས་ཀྱི་དབྱིངས་གདེང་དུ་གྱུར་མི་སྟེར་ཅིང་། སྲིད་པ་ཡོངས་སུ་ཟད་པར་ཡང་མི་ནུས་ཏེ། འཁོར་བ་བརྒྱུད་པར་བྱེད་དོ། །མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་། ཟུར་ཡང་འབྱུང་བར་མི་ནུས་སོ། །དེ་དག་གི་གོལ་སྒྲིབ་ནི། བར་དུ་གཅོད་པའི་ཆོས་བཅུ་དྲུག །བསམ་གཏན་གྱི་སྒྲིབ་པ་བཅུ། གློ་བུར་གྱི་སྐྱོན་དྲུག །དོགས་པའི་འདུ་ཤེས་ཆེན་པོ་ལྔ་སྟེ། སུམ་ཅུ་རྩབདུན་ནོ། །དེ་དག་ནི་བསམ་བསྟན་གྱི་སྐྱོན་གོལ་སྒྲིབ་ངོས་བཟུང་བའོ། ༈ །སྤྱི་དོན་གསུམ་པོ་གོལ་སྒྲིབ་ཀྱི་གདར་ཤ་གཅད་པ་ལ་གསུམ་སྟེ། གོལ་ས་དང་། སྒྲིབ་པ་དང་། གོལ་སྒྲིབ་དང་བྲལ་བའི་འབྲས་བུའོ། །དེ་ལ་གོལ་ས་བཅུ་དྲུག་སྟེ། འགྲོ་བ་རིགས་དྲུག་གི་གོལ་ས་དྲུག །མུ་སྟེགས་རྟག་ཆད་གཉིས། བསམ་གཏན་བཞི། སྐྱེ་མཆེད་བཞི་དང་བཅུ་དྲུག་གོ། །སྒྲིབ་པ་བཅུ་དྲུག་ནི། བདག་མེད་པ་ཕྱོགས་གཅིག་རྟོགས་ཤིང་། གདེང་དུ་གྱུར་པའི་གནས་སྐབས་ལ་བཏགས་ཏེ། ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་པ་གཉིས། རང་རྒྱལ་བ་དང་གསུམ། སེམས་ཙམ་རྣམ་བདེན་རྣམ་རྫུན་གཉིས། དབུ་མ་ལ་རྣམ་རྟོག་ཡེ་ཤེས་སུ་སྨྲ་བ་དང་། ཡེ་ཤེས་སྒྱུ་མ་ལྟ་བུར་སྨྲ་བ་དང་། རབ་ཏུ་མི་གནས་པ་དང་། རྣལ་འབྱོར་དཔྱོད་པའི་དབུ་མ་དང་། ཏོན་མུན་པ་སྟེ་ལྔ་དང་བཅུའོ། །ཕྱི་རྒྱུད་སྡེ་གསུམ། ནང་པ་རྣམ་གཉིས་དང་བཅོ་ལྔ། རྫོགས་པ་ཆེན་པོའི་ཉིད་ཀྱང་ཆེད་དུ་འཛིན་པ་ཡིན་ཏེ། དེ་དང་བཅུ་དྲུག་གོ། །མདོར་ན་གོལ་ས་དང་གཡང་ས་གཉིས་དོན་གཅིག་སྟེ། ཆོས་ཉིད་དོན་དམ་པའི་བདེན་པ་མ་རྟོགས་ནས། བརྟགས་པའི་བྱེ་བྲག་གིས་ཉེས་དམིགས་ཐམས་ཅད་གར་སོང་བ་གོལ་སར་བརྩིའོ། །ཆོས་ཉིད་མ་རྟོགས་པའི་ཆ་ཐམས་ཅད་ནི་སྒྲིབ་པར་བརྩིའོ། །གོལ་སྒྲིབ་སྤངས་པའི་འབྲས་བུ་ནི། ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ནི། ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བ་རང་བཞིན་དུ་རྟོགས་ནས། སྒྲིབ་བྱ་སྒྲིབ་བྱེད་མེད་པའི་ཆོས་ཀྱི་དབྱིངས་སུ་ཤར་བ་ནི་སྒྲིབ་པ་མེད་ཅེས་བྱ་ལ། གོལ་ས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། མི་གཞན་བར་ཤེས་ནས། ཐམས་ཅད་སྙིང་པོ་བྱང་ཆུབ་ལས་གཞན་མེད་པར་ཤེས་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོར་འགྱུར་ཏེ། ལུང་ལས་ཀྱང་། བྱང་ཆུབ་སྙིང་པོར་དེ་མ་ཐག ། ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། ཞེས་པས་སོ། །དེ་ནི་གོལ་སྒྲིབ་གདར་ཤ་བཅད་པའོ། ༈ །ལྷུན་གྱིས་གྲུབ་པའི་འབྲས་བུ་ལ་གསུམ་སྟེ། འབྲས་བུ་རང་གི་ངོ་བོ་དང་། །ཐོབ་ཚུལ་དང་། མི་ཐོབ་པའི་སྐྱོན་བསྟན་པའོ། །དེ་ལ་འབྲས་བུ་རང་གི་ངོ་བོ་ལ་གསུམ་སྟེ། ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། ཐུགས་རྗེའི་མཛད་པའོ། །དེ་ལ་ཆོས་ཀྱི་སྐུ་ནི། རིག་པས་ལྷུན་རྫོགས། རང་སར་གྲོལ་བའི་དུས་ན། འཁོར་འདས་ཐམས་ཅད་གདལ་པ་ཆེན་པོ་ཆོས་ཀྱི་སྐུ་མཐའ་དབུས་མེད་པར་རྫོགས་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་པའི་ངོས་ནས། ཆོས་ཀྱི་སྐུ་ཞེས་གྲགས་ཏེ། ལུང་ལས་ཀྱང་། ལྷུན་གྱིས་གནས་པ་བཞག་པ་ཡིན། །ཞེས་པ་དང་། ཡང་། སྐུ་གཅིག་ཀུན་ཏུ་ཁྱབ་པས་བདལ་བའི་སྐུ། །ཞེས་པ་དང་། ཡང་། བྱ་བྲལ་ལྷུན་རྫོགས་བདལ་པ་ཆོས་ཀྱི་སྐུ། །ཞེས་པ་དང་། ཡང་། མི་གཡོ་བ་ནི་སྐུའི་རྒྱ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །ཅེས་པ་དང་། གསང་བའི་སྙིང་པོ་ལས་ཀྱང་། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། །སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ། །བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་གསུངས་སོ། །དེ་དག་ནི་ཆོས་སྐུའོ། །གཟུགས་ཀྱི་སྐུ་ནི། གདུལ་བྱའི་བྱེ་བྲག་གིས་ཐ་དད་པར་སྣང་སྟེ། དེ་ཡང་འགགས་པ་མེད་པའི་ཡེ་ཤེས་ཀྱིས། ཤེས་བྱའི་ཏིང་ངེ་འཛིན་གོམས་མ་གོམས་ཀྱི་བྱེ་བྲག་ལ་གཟིགས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ཐ་དད་པར་སྣང་ངོ་། །ལས་དང་ཉོན་མོངས་པའི་བྱེ་བྲག་ལ་གཟིགས་ཏེ། སྤྲུལ་པའི་སྐུ་ཐ་དད་པར་སྣང་། དེ་ལྟར་གདུལ་བྱ་དང་གདུལ་བྱེད་དུ་སྣང་ཡང་། གང་ཡང་ཆོས་ཀྱི་སྐུ་ལས་མ་གཡོས་པ་ནི། གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་མེ་ལོང་ལས་མ་གཡོས་པ་བཞིན་ནོ། །ཐུགས་རྗེའི་མཛད་པ་ནི་སྐུ་ཐ་དད་པར་སྣང་བ་དང་། གསུངས་ཐ་དད་པའི་སྒོ་བསམ་གྱིས་མི་ཁྱབ་པར་སྒྲོགས་པ་དང་། ཐུགས་ཅི་སྙེད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མཁྱེན་པ་དང་། ཡོན་ཏན་དང་ཞིང་ཁམས་དང་ཕོ་བྲང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་སྣ་ཚོགས་པ་རྔོམ་པ་དང་། འཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་ལ་རོལ་པའོ། །འབྲས་བུ་ཐོབ་པའི་དུས་ནི་གསུམ་སྟེ། ཚེ་འདི་ལ་ཐོབ་པ་དང་། བར་དོར་ཐོབ་པ་དང་། སྐྱེས་ནས་ཐོབ་པའོ། །དེ་ཡང་འདི་ལ་ཐོབ་པ་ནི། རྟེན་གྱི་གང་ཟག་ལས་སྐལ་བར་ལྡན་ཞིང་ལང་ཚོ་གཞོན་པ་དང་། ཤེས་རབ་མཆོག་ཏུ་གྱུར་ཅིང་། དད་པ་རབ་དང་ལྡན་པ། བརྩོན་འགྲུས་ཕུལ་དུ་བྱུང་ཞིང་། བརྟུལ་ཞུགས་ཀྱི་སྟོབས་དང་ལྡན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ཅིང་། ལས་དང་ཆོས་ཀྱི་རོ་ཚོར་བ་ཁ་གསག་དང་གྱ་གྱུ་སྤངས་ཤིང་། ཡོན་ཏན་གྱི་གདེང་ཐུབ་པ། འཁོར་བའི་འདུ་འཛི་དང་། ཁེ་གྲགས་ཀྱི་ཆབ་སྤྱོམ་དང་། དགོས་པའི་རྣམ་བཞག་ནི། རྨི་ལམ་དུ་ཡང་མི་བྱེད་ལ། དགོངས་པའི་དོན་དང་ལྡན་ཞིང་། དབང་ཚུལ་བཞིན་དུ་ཐོབ་པ། བླ་མ་སྲོག་གི་ཕྱིར་ཡང་མི་གཏོང་བ་དེས། འདུ་འཛི་རྣམ་པར་བཅད་དེ། རི་ཁྲོད་ཀྱི་དགོན་པ་ཆེན་པོ་བསྟེན་ནས་རྒྱུན་མི་གཅོད་པ་དེས། དང་པོ་སེམས་ལ་དབང་ཐོབ་པར་བྱེད་དེ། དེ་ནས་ཆོས་ལ་དབང་ཐོབ་པར་བྱེད་དོ། །དེ་ནས་ཆོས་བསྒྱུར་བ་ལ་དབང་ཐོབ་པར་བྱེད་དོ། །དེ་ནས་ལུས་ལ་དབང་ཐོབ་པར་བྱེད་དོ། །དེ་ནས་ལུས་བསྒྱུར་བ་ལ་དབང་ཐོབ་པར་བྱེད་དོ། །དེ་ནས་ཡུལ་དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུ། ཆོས་ཀྱི་དབྱིངས་སུ་ཡལ་ནས། སྐུ་ལྔ་ལྷུན་རྫོགས་པ་ནི་འདི་ལ་ཐོབ་པའོ། །སྐྱེས་བུའི་ཡོན་ཏན་གོང་མ་རྣམས་དང་ལྡན་ཡང་། བརྩོན་འགྲུས་ཆུང་བའི་དབང་གིས། སེམས་ཀྱི་རང་བཞིན་རྟོགས་ཀྱང་། དབང་ཐོབ་མི་ནུས་ཏེ། ཏིང་ངེ་འཛིན་ལྷུན་གྱིས་མ་གྲུབ་པས། འཆི་ནས་བར་དོ་འབྱུང་བར་བྱེད་དོ། །བར་དོས་སྔོན་གྱི་དགེ་བའི་བཤེས་གཉེན་རྗེས་སུ་དྲན་ནས། དེའི་དགོངས་པའི་གདམས་ངག་རྗེས་སུ་དྲན་ཏེ། དེས་བར་དོ་ལ་དབང་བྱེད་དོ། །དེའི་དབང་གིས་གནས་ངན་ལེན་ཡོངས་སུ་ཟད་དེ། བསགས་པའི་ལུས་ཀྱིས་ཚེ་ཕྱི་མ་ལ་འཇུག་གོ། །ཕྱི་མའི་ལུས་དེས། ལས་ཀྱིས་མ་སྦྱངས་པའི་དབང་གིས། དགེ་བའི་བཤེས་གཉེན་དང་འཕྲད་དེ། དེས་དོན་ལ་འཇུག་པར་བྱེད་དོ། །སྔར་མོས་པའི་དབང་གིས། ཚེ་དེ་ཉིད་ལ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལ་ནི་སྐྱེས་ནས་ཐོབ་པ་ཞེས་བྱའོ། །གཞན་ལས་ཀྱིས་སྦྱངས་པ་རྣམས་ཀྱིས་མོས་པ་ཙམ་མམ། རྟོགས་པ་ཙམ་བྱ་སྟེ། གྲུབ་པའི་མཐའ་ནོར་བ་མེད་པ་ལས། སྐྱེས་བུའི་ཡོན་ཏན་ཀུན་རྫོགས་ཀྱང་། བརྩོན་འགྲུས་དང་དགོན་པ་བསྟེན་པ་མ་གཏོགས་པ། དེ་རྣམས་སྐྱེ་བ་གསུམ་ཕྱིན་ཆད་ལ་འཕྲད་ཅིང་ཐོབ་པའི་སྐལ་བ་ཡོད་ཀྱང་། འབྲས་བུ་ཐོབ་པའི་དུས་ཀྱི་ཁོངས་སུ་མི་བརྩིའོ། གཞན་རྟོགས་པ་ཤས་ཆེ་ཆུང་གི་ཁྱད་པར་དང་། གོམས་ཤས་ཆེ་ཆུང་གི་ཁྱད་པར་གྱིས། འབྲས་བུའི་ཡན་ལག་གཞན་ཡང་ཡོད་དེ། འདིར་མི་བརྩིའོ། །མི་ཐོབ་པའི་སྐྱོན་ནི། སྐྱེས་བུ་ཡོན་ཏན་མི་ཚང་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ནུས་པ་དང་། ལས་ཀྱི་རྒྱུ་འབྲས་དང་། མ་འདྲེས་པའི་རྒྱན་ཡོངས་སུ་འགོགས་པ་དེ་ནི། མཐའ་ཆད་པར་འགྱུར་ཏེ། ངན་སོང་ཁ་བརྒྱུད་ཅིང་། གལ་ཏེ་མིའི་འཇིག་རྟེན་དུ་སྐྱེས་ཀྱང་། སྒོ་ལྔའི་དབང་པོ་མེད་པར་སྐྱེས་ནས། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། སྐལ་བ་གཏན་མེད་པ་སྟེ། སྐལ་མེད་རྣམས་ལ་གཏན་དུ་སྦས། །ཞེས་གསུངས་སོ། །སྐྱེས་བུ་ཡོན་ཏན་གཞན་ཀུན་རྫོགས་ཀྱང་། དམ་ཚིག་ཉམས་པ་དེ་ནི། ངན་སོང་ཁ་བརྒྱུད་པར་འགྱུར་ཏེ། གལ་ཏེ་ཡུན་རིང་མོ་ཞིག་ན་གདུལ་བྱར་གྱུར་ཀྱང་། རུ་ཏྲར་འགྱུར་རོ། །སྐྱེས་བུའི་ཡོན་ཏན་ཀུན་རྫོགས་དང་། རྟོགས་པ་ཆུང་བ་དེ་ནི། སྲིད་པ་ཁ་བརྒྱུད་པར་འགྱུར་རོ། །སྐྱེས་བུ་ཡོན་ཏན་ཀུན་རྫོགས་ཀྱང་། བརྩོན་འགྲུས་དམན་པ་དེ་ནི། སྐྱེ་བ་མང་པོ་ལ་འགྱང་བར་བྱེད་དོ། །དེ་དག་ཐམས་ཅད་ནི་འབྲས་བུ་ཐོབ་པའི་སྐྱོན་ནོ། །བདེར་གཤེགས་རྒྱལ་བའི་མན་ངག་གསང་ཆེན་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དོན་རྟོགས་པའི། །རང་རིག་དབང་ཕྱུག་རྡོ་རྗེ་ཡེ་ཤེས་ཀྱིས། །རྒྱལ་བའི་དགོངས་བརྒྱུད་རིམ་བཞིན་མདོ་ཙམ་ཞིག །བསྡུས་པའི་དགེ་བའི་རྩ་བ་གང་ཐོབ་དེས། །བཛྲ་ཀེ་དྷུ་ལ་སོགས་རྣལ་འབྱོར་རྣམས། །ཀུན་ཀྱང་ལྟ་སྒོམ་དམ་ཚིག་ལྡན་ནས་ནི། །བདལ་ཁྱབ་ཆོས་སྐུ་མངོན་དུ་གྱུར་པར་ཤོག །རྫོགས་སོ། །ཀཿཐོག་པ་པྲ་ཛྙཱ་སེངྷས་མཛད་པའོ།། །།


previousརྫོགས་ཆེན་ལྟ་སྤྱོད་སྒོམ་པ་དམ་ཚིག་འབྲས་བུ་དང་བཅས་པ། ཀཿདམ་པ།next