Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
རྫོགས་པ་ཆེན་པོ་ས་གཅིག་པའི་འགྲེལ་པ་དོན་གསལ་ཉི་མ། གཙང་སྟོན་རྡོ་རྗེ་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ས་གཅིག་པའི་འགྲེལ་པ་དོན་གསལ་ཉི་མ། གཙང་སྟོན་རྡོ་རྗེ་རྒྱལ་མཚན། next

རྫོགས་པ་ཆེན་པོ་ས་གཅིག་པའི་འགྲེལ་པ་དོན་གསལ་ཉི་མ། གཙང་སྟོན་རྡོ་རྗེ་རྒྱལ་མཚན།

རྫོགས་པ་ཆེན་པོ་ས་གཅིག་པའི་འགྲེལ་པ་དོན་གསལ་ཉི་མ་བཞུགས་སོ། །ༀ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །ཡུལ་བྲལ་ཐུགས་རྗེ་རང་རིག་བྱང་ཆུབ་སེམས། །སྐལ་ལྡན་དགོས་པ་སྐོང་པའི་ནོར་བུ་མཆོག །བླ་མ་དམ་པའི་ཞབས་ལ་གུས་པས་འདུད། །སྣོད་བཅུད་ཆོས་ཀུན་རང་རིག་ངོ་བོ་ཉིད། །རང་སྣང་གསལ་བ་ཀུན་ཏུ་བཟང་པོ་ཡི། །རྩོལ་བ་རབ་ཟད་ཡེ་ནས་འབྲས་བུའི་དབྱིངས། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་ས་གཅིག་པ་ཚིག་དོན་འབྲུ་གཉེར་ན། གསུམ་སྟེ། མཚན་བསྟན་པ་དང་། ཕྱག་འཚལ་བ་དང་། གཞུང་བཤད་པའོ། །དང་པོ་ནི་རྒྱ་གར་སྐད་དུ། སན་ཏི་དར་བ། བོད་སྐད་དུ། རྫོགས་པ་ཆེན་པོ་ས་གཅིག་པ་ཞེས་བྱ་སྟེ། རྒྱ་གར་སྐད་ཀླད་དུ་སྨོས་པའི་དགོས་པ་ཡང་། ཁུངས་ཀྱི་ཡིད་ཆེས་པར་བྱ་བ་ཡིན་ཏེ། འདིར་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་མེའི་རྟགས་དུ་བ་འདྲ་བར། མཐར་ཐུག་པའི་ཐེག་པ་ཕལ་གྱི་བློ་རིག་དཀའ་ཞིང་། སྐལ་ལྡན་གྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་བརྗོད་བྱེད་ཀྱི་ཚིག་ནི་ཤིན་ཏུ་རྣལ་འབྱོར་གྱི་སྡེར་སྣང་ནས་འཛམ་བུ་གླིང་གི་དཔལ་དུ་སྣང་བར་བྱ་བའི་ཕྱིར། དེའི་སྣོད་དམ་གཞི་ལྟ་བུ་དག་པར་བྱ་བའི་ཆེད་དུ། འགྲོ་དྲུག་ཐུན་མོང་གི་སྟོན་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ། ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་དབྱེར་མེད་པའི་ངང་ལ་སྣང་སྟེ། འཛམ་བུ་གླིང་གི་དབུས་རྡོ་རྗེ་གདན་ལ་མངོན་པར་རྫོགས་པའི་ཚུལ་བསྟན་ནས། བཀའ་སྡེ་སྣོད་གསུམ་གྱིས་གདུལ་བྱ་རྣམས་ཚིམ་པར་ཏེ། མཛད་པ་རྫོགས་པའི་ཚུལ་བསྟན་པ་ཡང་གདུལ་བྱའི་སྣང་བ་སྟེ། ཤིན་ཏུ་རྣལ་འབྱོར་པ་ཡི་རྟེན་ནམ་སྣོད་དམ་བརྒྱུད་ནས་འཇུག་པའི་ཐབས་ཏེ། དེ་ཉིད་སྣང་བའི་གྲོལ་ཕུག་རྒྱ་གར་ཡིན་པའི་ཁུངས་དང་། འདི་ཉིད་ཀྱི་སྣང་ཚུལ་ཡང་བརྒྱུད་ཚུལ་གསུམ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། རྒྱལ་བ་ཀུན་ཏུ་བཟང་པོ་ནས་རྡོ་རྗེ་སེམས་དཔའ་སོགས་དེ་དུས་གསུམ་གྱི་རྒྱལ་བ་རྣམས་དགོངས་པ་བྱང་ཆུབ་སེམས་དབྱེར་མེད་པ་རྒྱལ་བ་དགོངས་པས་བརྒྱུད་པའི་ཚུལ་དང་། རྡོ་རྗེ་སེམས་དཔའི་དགོངས་པ་གནས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་གླིང་དུ་བརྫུས་སྐྱེས་སུ་ཡང་བཞེད་ལ་རྒྱལ་རིགས་སུ་སྐུ་འཁྲུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་བཀྲ་ཤིས་པའི་རྒྱུད་དུ་ཡོན་ཏན་ཆེན་པོ་བདུན་དང་ལྡན་པར་ལུང་བསྟན་ཐོབ་པ་ལ་རིག་པས་བརྒྱུད་དེ། རིག་པ་ཉིད་བྱང་ཆུབ་སེམས་ཀུན་ཏུ་བཟང་པོའི་ངོ་བོར་ལྷུན་གྱིས་གྲུབ་པའོ། །ཀུན་ཏུ་བཟང་པོའི་དགོངས་པ་ཉིད་གོ་ཕྱེ་བའི་འཁོར་ལ་དར་བར་བྱ་བའི་ཕྱིར། དུས་དེར་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཞུན་མས་རང་ནན་བགྱིས་པ་རང་སྣང་བར་གྱུར་ཏེ། ཚིག་མདོར་བསྡུས་པ་ཚིག་དྲུག་ལྟ་བུས་དོན་ཏེ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་པ་ལམ་རིམ་བགྲོད་ཀྱི་རྩོལ་བ་དང་བྲལ་བས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་གསལ་བར་བསྟན་པ་ལྟ་བུའི་བུངས་ཆུང་ལ་དོན་ཆེ་བའི་ཚིག་སྡེབ་སྦྱོར་ལེགས་པར་བཤད་པར་སྣང་ངོ་། །དེ་ནས་འཇམ་དཔལ་བཤེས་གཉེན་ནས་རིམ་པར་བརྒྱུད་ཐ་མ། སློབ་དཔོན་ཆེན་པོ་ཤྲཱི་སིང་ཧའི་དག་ཀྱང་ཡུལ་དང་རུས་རྒྱ་གར་དུ་སྣང་བའོ། །ས་བརྒྱད་པའི་ལུང་བསྟན་ཐོབ་པ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནས་ཀྱང་དཀའ་བ་མང་པོའི་སྐུ་ཉམས་སུ་བཞེས་ནས་རྒྱ་གར་ཡུལ་དུ་དཔལ་ཤི་ལེན་ན་ལེན་ཏྲའི་གཙུག་ལག་ཁང་དུ་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལ་ཞུས་པ་སྟེ་དེས་རྒྱ་གར་སྐད་དུ་སྨོས་པའོ། །དེས་ན་ཀུན་ཏུ་བཟང་པོ་ནས་བརྒྱུད་ཚུལ་གསུམ་བར་མ་ཆད་པར་བརྒྱུད་དེ་ཁུངས་བཙུན་པོའི་དོན་གྱིས་ཡིད་ཆེས་པ་དང་། དེའི་དབང་གིས་ཞུགས་ནས་དོན་མཐར་ཕྱིན་པར་འགྱུར་བའོ། །སན་ཏི་དར་བ། ཞེས་པ་སྤྱིར་ན་སྐད་རིགས་མང་ན་ཡང་འབྱུང་བ་ལྔ་ལས་དཔེ་བླངས་པ་ལྔ་སྟེ། སང་སྐྲི་ཏའི་སྐད། བྱ་ཀ་ར་ནའི་སྐད་དང་། ཨ་བ་བྲང་ཤ་ནའི་སྐད་དང་། བྷི་ཤ་ཏི་ནའི་སྐད་དང་། བྱིངས་དང་ལྔའོ། །སང་སྐྲི་ཏའི་སྐད་ནི་ས་དང་འདྲ་སྟེ་བྱིངས་ཆེ་ཁ་གསལ་བརྟག་ཐུབ་ཀུན་ལ་འཇུག་པ་ལྷའི་སྐད་དེ། ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་སོགས་པའོ། །བྱ་ཀ་རའི་སྐད་ཆུ་དང་འདྲ་སྟེ། ཀུན་ལ་འཇུག་བརྟག་སླ་ཁ་གསལ་ཕུགས་མཐར་ཐུག་ཡོད་དེ་མདོ་སྡེ་རྣམས་སོ། །བྷི་ཤ་ཏི་ནའི་སྐད་མེ་དང་འདྲ་སྟེ་རྐྱེན་ལ་ལྟོས་ཏེ་ཕུགས་ཐུང་གཏན་ཚིགས་མི་ཆེ་བའི་མིང་གིས་མཚོན་མཁའ་འགྲོ་མའི་སྐད་དེ་སངས་རྒྱས་མཉམ་སྦྱོར་མ་གཏོགས་པའི་མ་རྒྱུད་ཐམས་ཅད་དོ། །ཨ་བ་བྲང་ཤ་ནའི་སྐད་རླུང་དང་འདྲ་སྟེ། ཁ་མི་གསལ་བརྟགས་དཀའ། རིག་པ་མི་གཅིག་མན་ངག་གཙོ་ཆེ་ཡི་དྭགས་ཀྱི་སྐད་དེ་གཤིན་རྗེའི་ཆོས་སྐོར་དང་ལྷ་མ་ཡིན་གྱི་ཡུལ་ནས་བྱུང་བའི་བསྟན་པ་རྣམས་སོ། །སྐད་ཀྱི་བྱིངས་ནི་ནམ་མཁའ་དང་འདྲ་སྟེ་བྱིངས་ཆེ་ཕུགས་རིང་བརྟག་དཀའ་ཟུར་གཅིག་གོ་བས་མང་པོ་གོ། ཚིག་ཉུང་ངུ་ཡིས་དོན་རྒྱས་པོ་ཆེ་སྟོན་ཏེ་རྫོགས་པ་ཆེན་པོ་འདི་ཉིད་དོ། །དེས་ན་སན་ཏི་དར་བ་ཞེས་པས་སོ་སོར་བསྒྱུར་དུ་མེད་དེ་བྱིངས་ཀྱིས་བསྒྱུར་བའོ། །སང་སྐྲི་ཏ་ལ་འོས་པ་སོ་སོར་ན་རྫོགས་པ་ནི་ཨ་ཏི་ཆེན་པོ་ནི་མ་ཧཱ་ལྟ་བུ་སྟེ་འདི་དེ་མིན་པས་སོ། །དེས་ན་སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་ནི་མུ་བཞིའི་སྐད་ཀྱི་བྱེ་བྲག་ཐམས་ཅད་ལ་མཁས་པ་ཕུལ་དུ་ཕྱིན་པ་སྟེ། ཕྱོགས་འགའ་ཙམ་ཤེས་པ་ལྟ་བུ་མ་ཡིན་ཏེ། རྫོགས་པ་ཆེན་པོ་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པས་སྐད་ཀྱི་བྱིངས་ཀྱིས་བསྒྱུར་བའོ། །འདིར་ཆེ་བ་ལྔ་སོ་སོ་ལ་རྒྱ་གར་སྐད་མེད་པ་ནི་ལྔ་ཀ་དཀྱུས་གཅིག་ཏུ་བསྒྱུར་བ་སྟེ། དེའི་དང་པོ་ལ་གཅིག་པ་ལ་རྒྱ་གར་བཏགས་ནས་ནམ་མཁའ་ཆེའི་ཞབས་སུ་འགྱུར་བྱང་བརྟགས་པ་སྟེ་ཆེ་བ་ལྔ་ལྔས་ལྟ་སྒོམ་སོགས་གཅིག་ཏུ་སྟོན་པས་དཀྱུས་གཅིག་ཏུ་བྱས་པའོ། །སེམས་བསྒོམ་ནི་གསུམ་ལས་སྔ་འགྱུར་ནི་དོན་བཅུ་གཉིས་མ་སྟེ། ཐིག་ལེ་དྲུག་པ་ནི་རྒྱུད་ཀྱི་ཁུངས་ཐམས་ཅད་ནས་དེ་ཉིད་ཡོད་པས་ཕྱི་འགྱུར་ཡིན་ཀྱང་འདི་ཉིད་བཅུག་པའོ། །ཐིག་ལེ་དྲུག་པ་ལ་ཕྱི་འགྱུར་གྱི་དབུ་ཡིན་པའི་དབང་གིས་རྒྱ་གར་སྐད་ཀྱང་ཡོད་དེ། གཞུང་ལྔའི་གོ་རིམ་ངེས་པར་བཞག་པའི་རྒྱུ་མཚན་ནི་སློབ་དཔོན་ཉིད་ཀྱིས་སློབ་དཔོན་ཤྲཱི་སིང་ཧ་ལ་གསན་པའི་དུས་ཀྱི་ལོ་རྒྱུས་ལ་གསལ་ལོ། །བོད་སྐད་དུ། ཞེས་པ་བོད་རྣམས་སྐད་མཐུན་པར་བྱ་བའི་ཕྱིར་ཀླད་དུ་སྨོས་པའོ། །མཚན་ཀླད་དུ་བསྟན་པའི་དགོས་པ་ནི། ཤིན་ཏུ་རྣལ་འབྱོར་གྱི་རྟེན་སྐལ་པ་མཆོག་དང་ལྡན་པ་དག་ཚིག་མདོར་བསྡུས་པ་ཉིད་ཀྱི་དོན་མ་ནོར་བ་མཐའ་གྲུ་རྒྱས་པར་རིག་པ་ལ་ལྷུན་གྱིས་གྲུབ་སྟེ། རྟོགས་པའི་རིག་པ་སྐད་ཅིག་ལ་ཀུན་ཏུ་བཟང་པོའི་དགོངས་སྤྱོད་ལྷུན་གྱིས་གྲུབ་ནས། བྱ་བརྩོལ་ནི་ཆོས་རྣམས་ལ་སྤངས་པ་མེད་པར་རང་དག་པ་ནི་སྐལ་པ་ཡང་རབ་ཀྱི་ཆེད་དོ། །དེ་ལས་གཞན་པ་ཡང་རྫོགས་པ་ཆེན་པོ་ས་གཅིག་པ་ཞེས་པས། དེའི་དོན་བཤད་པས་དཔེར་རྟ་དཀྱུས་ཀྱི་བྱང་འདྲེག་ན་དཀྱུས་མཇུག་རྗེས་སུ་མི་འདའ་བར་འོང་བ་ལྟར། གཞུང་བརྗོད་བྱེད་ཀྱི་ཚིག་གིས་བརྗོད་པའི་དོན་ཐམས་ཅད་མཚན་དོན་ལས་མི་འདའ་ཞིང་སླར་དེ་ཉིད་དུ་གཏན་ལ་འབེབས་པར་ཤེས་པས། གཞུང་ཉིད་ཟབ་མོ་ཡིན་པར་ཡིད་ཆེས་ཏེ། འཇུག་ནས་རྟོགས་བསྒོམ་མཐར་ཕྱིན་ཏེ་འབྲས་བུ་ལྷུན་གྱིས་གྲུབ་པ་དང་། གཉིས་ཀྱི་ཕྱིར་རོ། །མཚན་རང་གི་ངོ་བོ་ནི་དོན་དང་མཐུན་པའི་དགོངས་པ་སྟེ་འདིར་དོན་རང་གི་ངོ་བོ་ལས་བརྟགས་པ་ནི། རྫོགས་པ་ཆེན་པོས་གཅིག་པ། ཞེས་ཆོས་སྐད་བཟང་པོའི་སྐད་ཀྱིས་དབྱིངས་ཀྱིས་བསྒྱུར་ཏེ་ཚིག་ཉུང་ལ་དོན་ཟབ་ལ་མང་བའི་ཕྱིར་སྐད་ཀྱི་མཆོག་གོ། །དེ་ཡང་རྫོགས་ཞེས་པ་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་བརྟགས་གཞིར་གྱུར་པ་ཐམས་ཅད་མ་འགགས་པར་རང་སྣང་ཡང་ཆུ་དང་རླབས་བཞིན་རང་རིག་སྙིང་པོ་བྱང་ཆུབ་སེམས་སུ་རྫོགས་ཏེ། ཐམས་ཅད་དེར་གཅིག་ཅིང་ལྷུན་གྱིས་གྲུབ་ཀྱང་སྣང་སྟོང་གང་གིས་མཐས་མ་རེག་པས་ཆེན་པོའོ། །བརྟག་གཞི་དེ་ཉིད་གཞལ་པའི་ཐབས་ཀྱི་བརྗོད་བྱེད་ཀྱི་ཚིག་ཐེག་པ་རིམ་པ་དགུ་དང་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་སྣང་ཡང་བརྗོད་བྱ་བྱང་སེམས་ཀྱི་རང་བཞིན་ལ་སྣང་ལ། སླར་ཡང་བྱང་སེམས་ཀྱི་རང་བཞིན་ལས་མི་གཉིས་པར་རྫོགས་པ་དང་། ཐེག་པ་མ་འགགས་པ་དེ་དག་འདི་མཐོང་བའི་ཐབས་ཀྱི་ལམ་ཡིན་པ་དང་། ལམ་མཐར་ཕྱིན་པའི་འབྲས་བུའང་བྱང་སེམས་ཉིད་ཡིན་པས་དེ་ཉིད་ལ་རྫོགས་ཀྱང་། བྱང་སེམས་ལ་སྣང་བ་དང་། རང་བཞིན་གང་གིས་ཀྱང་མ་རིག་ཅིང་དེ་ཉིད་དུ་དབྱེར་མེད་པས་ཚོ་ཆེན་པོའོ། །ཐོག་བྱའི་ཡུལ་དུ་བརྟག་པའི་གུ་ནའི་ཚོགས་སྐུ་རིགས་རྒྱན་གྱི་འཁོར་ལོ་དང་མ་འདྲེས་པ་ལ་མོང་བ་ཐམས་ཅད་བྱང་སེམས་ཀྱི་རང་བཞིན་ལ་རྫོགས་ཀྱང་རྒྱུ་འབྲས་སམ་རྩ་ལོའི་མཚན་ཉིད་བྲལ་ཞིང་གང་དུའང་མ་དམིགས་པས་ཆེན་པོའོ། །ཐེག་པ་བརྒྱད་པོའི་ལམ་གྱི་གུ་ན་ཡོན་ཏན་མ་ལུས་པ་ཐམས་ཅད་ཤིན་ཏུ་རྣལ་འབྱོར་ལ་སྣང་ཞིང་སླར་རང་རིག་བྱང་ཆུབ་སེམས་སུ་རྫོགས་ཀྱང་འོག་མའི་ལྟ་བསྒོམ་གྱི་ཆེད་འཛིན་གྱི་དྲི་མས་མ་གོས་པས་ཆེན་པོའོ། །དེས་ན་སྙིང་པོ་བྱང་ཆུབ་རང་རིག་ཡེ་ཤེས་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་འབྲས་བུའི་ངོ་བོར་ལྷུན་གྱིས་རྫོགས་པ་ལ་རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔ་དབྱེར་མེད་པའི་རང་བཞིན་ཉིད་ལ་རྫོགས་པ་རྫོགས་པར་བྱར་མེད་རིན་པོ་ཆེ་དབང་གི་རྭ་ཙེ་ལྟར་འབྲས་བུའི་གུ་ན་ཡོན་ཏན་ཐམས་ཅད་ལྷུན་གྱིས་རྫོགས་པ་ལ་རྫོགས་པ་ནི་ཞེས་བྱའོ། །ཆེན་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་རྫོགས་པས་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་སྟེ། གཞན་ཐ་སྙད་ཙམ་ཡང་མ་དམིགས་པ་ལ་ཆེན་པོ་ཞེས་བྱའོ། །ས་གཅིག་པ་ཞེས་པ་ས་ནི་གནས་པ་དང་རྟེན་པ་སྟེ། རང་རིག་སྙིང་པོ་བྱང་ཆུབ་པས་བསམ་བརྗོད་ཀྱི་ཡུལ་ལས་འདས་ཏེ་གང་དུའང་མ་གྲུབ་པ་ཉིད་གཞི་དང་གཞི་ཅན་མེད་ཀྱང་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ལྟར་སྣང་ཡང་བྱང་སེམས་ལས་མི་གཡོ་བས་གཞིའི་བདག་ཉིད་དང་། རང་རིག་པ་ཆེན་པོ་ཉིད་མེད་ལ་ཟད་མི་ཤེས། སྟོང་པ་ལ་ཐམས་ཅད་འབྱུང་བས་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་སེམས་ལ་བརྟེན་ཏེ་སྣང་། དེའི་ངང་ལས་མི་གཡོ་སླར་དེ་ཉིད་ལ་ཐིམ་པ་དང་། ལམ་ཐེག་པ་བརྒྱད་ཀྱི་བྱ་བ་ཐམས་ཅད་ཀྱང་ཀུན་གཞི་ས་ཆེན་པོ་ལ་བརྟེན་ཏེ་སོ་སོའི་དགོས་པ་གྲུབ་པར་བྱེད་པ་དང་། འགྲོ་དྲུག་གི་མཐུན་སྣང་ཐམས་ཅད་ཀྱང་དེ་ཉིད་ལ་སྟོན་ཏེ་གྲུབ་པར་བྱེད་པས་རྟེན་པའི་ཕྱིར་ཡང་ས་ཞེས་བྱའོ། །དེས་ན་བྱང་སེམས་ཀུན་གཞི་ནི་ཀུན་ནས་ཉོན་མོངས་པའི་གཞི་རྣམ་པར་བྱང་བའི་རྟེན་ཞེས་རྣམ་པ་འབྱེད་པ་དང་། ཐ་ཤེའི་ལམ་པས་སྨོས་སོ། །གཅིག་པ་ཞེས་པ་ཐ་སྙད་དེ་ཡང་། བལྟོས་པ་སྟེ་གང་ཡིན་ན་རྣམ་གྲངས་སུ་བརྗོད་པའོ། །དེ་ཡང་ལོ་ཀ་གཟུང་འཛིན་གྱི་ས་དང་། མུ་སྟེགས་པ་རྟག་ཆད་ལ་དམིགས་པའི་ས་དང་། ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ལས་སྦྱོར་བའི་ལམ་དཀར་པོ་རྣམ་པར་མཐོང་བའི་ས་པ་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་འོས་པ་བཅུ་དང་། གསང་སྔགས་ཕྱི་ནང་དག་ཤེས་རབ་ཀྱི་ལམ་དང་། ཐབས་ལམ་སོ་སོའི་ས་བཅུ་དང་། ཟག་བཅས་ཟག་མེད་ཀྱི་སོ་སོའི་རིག་འཛིན་གྱི་ས་རྣམས་ཅི་ལྟར་སྣང་ཡང་། བྱང་སེམས་ཀྱི་ས་རང་བྱུང་ཡེ་ཤེས་སུ་གཅིག་སྟེ། གསེར་ལས་བྱས་པའི་རྫས་རྣམས་གསེར་དུ་གཅིག་པ་དང་འདྲ་བར། ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངང་དུ་གཅིག་ཅེས་བྱ་སྟེ། ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདི་ཉིད་ཀྱང་རང་བྱུང་ཡེ་ཤེས་རིམ་པར་བགྲོད་དུ་མེད་པ་ཉིད་རྒྱུའི་དུས་ན་འབྲས་བུའི་ཆོས་ཐམས་ཅད་རྩལ་སྤྲུལ་པར་བསྟན་པས་ས་གཅིག་ཅེས་བྱའོ། །འོ་ན་ས་ཡི་རྣམ་གྲངས་དེ་རྣམས་བརྗོད་པས་བྱང་སེམས་དུ་མར་མ་གྱུར་རམ་ཞེ་ན། མི་འགྱུར་ཏེ་ས་དེ་དག་ཐམས་ཅད་ནི་བྱང་སེམས་མ་རྟོགས་པ་དང་། རྟོགས་པ་ཤས་ཆུང་བ་དང་། ཤས་ཤིན་ཏུ་ཆེ་བའི་ཁྱད་པར་ལ་བརྩིས་ཀྱི་རང་གི་ངོ་བོ་ལ་དུ་མར་འགྱུར་བ་མེད་དོ། །དེ་བས་ན་བྱང་སེམས་ཀྱི་དོན་ཐོག་ཏུ་བབ་པའི་ས་དེ་དག་བགྲོད་པ་མེད་པར་འདིར་རྫོགས་ཏེ་འདིར་ཆུབ་པས་རྫོགས་པ་སྤྱིར་ཆིབས་ཀྱི་ས་ཞེས་བྱའོ། །ཞར་ལ་བཤད་པ། གང་ཟག་གཅིག་གིས་ས་ཚད་མཐོ་དམན་གང་ནས་ཞུགས་ཀྱང་། དོན་མངོན་དུ་འགྱུར་བའི་སྤྱིར་ཆིབས་ཀྱི་ས་ནོན་པས་གཅིག་པ་དང་། ཐེག་པའི་བྱེ་བྲག་གིས་ས་ལམ་ཅི་ལྟར་བགྲོད་ཅིང་། དོན་ཆོས་དབྱིངས་ལ་དུ་མ་མེད་པ་གཅིག་གསུངས་སོ། །དེ་བས་ན་ས་ཡི་རྣམ་གྲངས་འདིར་གཅིག་པ་དང་། འདི་རྟོགས་ན་འོག་མ་རིམ་བཞིན་བགྲོད་དུ་མེད་པ་དང་། རིམ་བཞིན་དུ་བགྲོད་པའི་གུ་ན་ཡོན་ཏན་ཐམས་ཅད་ཀྱང་འདི་ཉིད་རྫོགས་ཤིང་འདི་ཉིད་ལ་ལྷུན་གྱིས་གྲུབ་པའི་ཕྱིར་གཅིག་ཅེས་བརྗོད་དོ། །དེ་ངོ་བོ་དགོངས་པའི་མཚན་དང་པོ་བསྟན་ནས། གཉིས་པ་ནི་བྱང་ཆུབ་ཀྱི་སེམས་རིག་པའི་ཁུ་བྱུག་ཅེས་བྱ་བ། ཞེས་པ་དཔེ་དོན་གཉིས་ག་ལ་བཏགས་པ་སྟེ། དོན་ནི་བྱེད་ཅེས་པ་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་སེམས་ལ། ཉོན་མོངས་པ་དང་འཁྲུལ་པ་རང་བཞིན་གྱི་ཆོས་ཐམས་ཅད་ཡེ་ནས་མ་གྲུབ་སྟེ་གཉེན་པོའི་སྦྱང་དུ་ཡང་མེད་ལ་རང་གི་ངོ་བོ་ཉིད་ཤེས་བརྗོད་ལས་འདས་པ་ནི་བྱང་བའོ། །འཁོར་འདས་སམ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཅི་ལྟར་སྣང་ཡང་འོང་བསྡུས་དང་བྲལ་བའི་ཚུལ་གྱིས་བྱང་སེམས་སུ་གཅིག་ཅིང་དབྱེར་མེད་དེ་རྣམ་གྲངས་ཀྱི་ཆ་ཤས་དང་བྲལ་བས་བྱང་ཆུབ་བོ། །ཀྱེ་སེམས་ཞེས་པ་དེ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ངོ་བོ་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ནས་ངང་གིས་མཐའ་གང་དུ་ཡང་མི་གཡོ་ལ་ཡོང་གི་འོད་གསལ་བའི་བདག་ཉིད་ཅན་མཐའ་ཐམས་ཅད་མ་སྤངས་ངང་གིས་དག་ལ་དུས་གསུམ་མི་གཡོ་བའོ། །འོ་ན་དེ་ལྟ་བུའི་དོན་རང་བཞིན་རྣམ་པར་དག་པ་དེ། སྐྱེས་བུའི་བློ་ལ་སྣང་དུ་མི་བཏུབ་བམ་ཞེ་ན་བཏུབ་པ་ནི། རིག་པ་ཞེས་པ། འགྲོ་བ་རྣམས་ཀྱི་རིག་པ་གཟུང་འཛིན་དུ་ཡིད་ཀྱི་ཤེས་པར་སྣང་བ་ཉིད་རིག་པ་རང་གི་རང་བཞིན་མངོན་དུ་གྱུར་པའི་དུས། ཡིད་ཀྱི་ཤེས་པ་རང་བྱུང་གི་ཡེ་ཤེས་སུ་གསལ་ནས། ཡིད་ཀྱི་ཤེས་པ་གཞི་དག་གཟུང་འཛིན་རྩ་བ་བྲལ་འཁོར་བ་དཔྱིས་ཕྱིན། རང་རིག་ཡེ་ཤེས་རྩ་བ་དང་ལོ་མ་མེད་ཐམས་ཅད་དུ་ཁྱབ་བདལ་འུབ་ཆུབ་ཏུ་ལྷུན་གྱིས་གྲུབ་པ་ནི་དེ་ཁོ་ན་ཉིད་དོ། །ཁུ་བྱུག་ཞེས་པ་དཔེར་ན། སོས་ཀའི་དུས་ན་ཁུ་བྱུག་གྲགས་ན་ཀུན་ཡིད་འཇུག་དགའ་བ་བསྐྱེད་པ་དང་འདྲ་བར། སྐྱེས་བུ་ཡང་རབ་ཀྱི་བློ་ལ། དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་སྣང་བའི་ཚེ། བྱ་རྩོལ་དང་བྲལ་བའི་ངང་ལ་གཟུང་འཛིན་ཕྲ་རག་དང་བྱ་རྩོལ་ངང་གིས་མ་དམིགས་ཏེ་ཐ་སྙད་ལས་འདས་པ་ཉིད་ལྷུན་གྱིས་གྲུབ་པ་ནི། རྩོལ་བས་མ་གདུང་བའི་དགའ་བ་བསྐྱེད་པ་སྟེ། ཅི་བཞིན་པ་ཉིད་དུ་སེན་ཤེས་འཇུག་པའི་དོན་ནོ། །དེ་ཡང་ཞི་བར་བཤད་ན། ཕུན་སུམ་འཚོགས་པའི་དཔེ་ནི། ཁུ་བྱུག་བྱ་བྲན་ཐམས་ཅད་ཀྱི་རྗེ་ཡིན་པ་དང་། རིགས་བཟང་ལ་སྐད་སྙན་ཏེ་སྐྱོན་མེད་པ་དང་། གློ་བུར་དུ་བསྐོས་པའི་བྱ་རྗེ་མ་ཡིན་ཏེ་ཡེ་ནས་ཡིན་པ་དང་། དུས་སུ་འབྱུང་ཞིང་དུས་སུ་སྲུན་པ་ལས་མི་འདའ་བ་དང་། ལུག་རིད་ཀྱི་སྲོག་འཛིན་པ་དང་། བྱ་རྗེ་ལ་གུ་ན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་དྲུག་སྟེ། དོན་རང་རིག་སྙིང་པོ་བྱང་སེམས་ཆོས་ཐམས་ཅད་ཅི་ལྟར་སྣང་ཡང་གཟུང་འཛིན་ཀ་ནས་དག་སྟེ་ཀུན་ཏུ་བཟང་པོའི་ངང་ཉིད་ལྷུན་གྱིས་གྲུབ་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དཔེ་དང་པོ་ལྟ་བུ་དང་། རིགས་བཟང་ལ་སྐད་སྙན་སྐྱོན་མེད་པ་བཞིན་རང་རིག་སྙིང་པོ་བྱང་སེམས་རང་བཞིན་དུས་གསུམ་མི་འགྱུར་ཞིང་གདུལ་བྱ་ཤེས་རབ་མཆོག་གི་བློ་ཚིམ་པ་དང་། མཚན་མ་ཆ་ཤས་ཀྱི་སྐྱོན་གྱིས་མ་གོས་པ་དང་། བསྐོས་པའི་བྱ་རྗེ་མ་ཡིན་པ་བཞིན་བྱང་སེམས་རྒྱུ་ལས་མ་བྱུང་རྐྱ ེན་གྱིས་མ་བསྐྱེད་གཞན་གྱི་བྱས་བཅོས་བྲལ་བར་བསྟན་པ་དང་། དུས་སུ་འབྱུང་ཞིང་དུས་སུ་སྲུན་པ་ལས་མི་འདའ་བ་བཞིན་རང་རིག་བྱང་སེམས་ཅིར་ཡང་མི་འགག་པར་འཆར་ཡང་ངོ་བོ་ཆོས་དབྱིངས་སུ་ཚོགས་ཏེ་དེ་ཉིད་ལས་མ་གཏོགས་སྣང་བའི་མཐའ་དང་སྟོང་པའི་མཐའ་ལ་དམིགས་པས་ན་མི་འདའ་བ་དང་། ཁུ་བྱུག་གྲགས་ན་ལུག་རིད་ཀྱི་སྲོག་འཛིན་ཏེ་མི་འཆི་བར་ཤེས་པ་ལྟར། གཟུང་འཛིན་འཁྲུལ་པ་དང་ལམ་གྱི་རྩོལ་བ་ཐམས་ཅད་རང་རིག་བྱ་བྲལ་རྫོགས་པའི་ངང་དུ། དབུགས་འབྱིན་ནས་འཁྲུལ་རྩོལ་ངང་གིས་དག་པ་དང་། ཁུ་བྱུག་ལ་བྱ་རྗེའི་གུ་ན་ཐམས་ཅད་ལྷུན་གྱིས་གྲུབ་པ་ལྟར། རྟོགས་པའི་རང་རིག་ཉིད་འབད་པ་མེད་པའི་འབྲས་བུའི་གུ་ན་ཐམས་ཅད་ལྷུན་གྲུབ་ཏུ་བ ཞུགས་པའོ། །དེས་ན་གཏན་རྒྱ་ལས། རྡོ་རྗེ་ཚིག་དྲུག་བྱ་རྗེ་བཞིན། །རྩོལ་བས་དུབ་པ་དབུགས་འབྱིན་ཏེ། ཞེས་པ་རང་རིག་སྙིང་པོ་བྱང་ཆུབ་སེམས་དེ་ཁོ་ན་ཉིད། ཁུ་བྱུག་གྲགས་པ་ལྟར། བློ་ལ་གསལ་བར་ཤར་བའི་ཚེ་སྐབས་ན། ལུག་རིད་ཀྱི་དབུགས་འབྱིན་པ་དང་འདྲ་བའི། ཁམས་གསུམ་གཟུང་འཛིན་འཁྲུལ་པས་དུབ་པ་དང་། ལམ་པ་རྣམས་སོ་སོའི་ཆེད་བྱས་ཀྱི་རྩོལ་བས་དུབ་པ་རྣམས། སྙིང་པོ་བྱང་སེམས་རྟོགས་པའི་རིགས་པ་སྐད་ཅིག་གཅིག་ལ་རྩོལ་བ་སྤངས་པ་མེད་པས་རང་དག་པས་དབུགས་འབྱིན་ཏེ་ངལ་སོས་ཞེས་བྱ་བའོ། །དེས་ན་མཚན་གཉིས་པ་སྟེ་བརྗོད་བྱ་དོན་གྱི་ངོས་ནས་གདག་པའོ། །གསུམ་པ་བརྗོད་བྱ་ཚིག་གི་ངོས་ནས་གདག་པ་ནི། རྡོ་རྗེ་ཚིག་དྲུག་པ་ཞེས་པ་འབྲས་བུ་ཕྱེད་དཀའ་བའི་སྟེ། རྡོ་རྗེ་ཕ་ལམ་ནི། ཅིས་ཀྱང་བཤིག་ཅིང་གཞོམ་དུ་མེད་པ་བཞིན། དོན་སྙིང་པོ་བྱང་སེམས་སྤྱོད་ཡུལ་དུ་མ་གྱུར་པས། ཤེས་བརྗོད་ལས་འདས་ཏེ། སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ་ལྟ་བུ་ཉིད། བརྗོད་པར་བྱེད་པའི་ཚིག་ཀྱང་བློ་ཡང་རབ་ཀྱི་ཡུལ་ཏེ་ཕལ་གྱིས་རིག་ཀྱང་རྟོགས་པར་དཀའ་ལ་འབྲས་བུ་མི་ཚོམ་པ་རྡོ་རྗེ་ལྟ་བུའོ། །ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་ཀུན་ཏུ་བཟང་པོ་དང་། བཟང་མོ་དང་། དབྱེར་མེད་པ་གསུམ་གྱིས། སྣང་གྲགས་ཀྱི་ཆོས་ཐམས་ཅད། མཐོང་སྣང་ཉིད་ན་ཕྱག་འཚལ་བའི་སྐབས་སུ། འཆད་པ་ལྟར་ཀུན་ཏུ་བཟང་པོ་ཡི་ངང་དུ་རྫོགས་པ་ལ། རྟོག་བརྟུལ་གྱི་འཕན་སེལ་མི་འདའ་བ་ཉིད་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་པ་སྟེ། དེ་བས་ན་གཞུང་འདིས་འབྲས་བུ་གཙོ་ཆེ་བར་མངོན་པ་དང་། རྫོགས་པ་ཆེན་པོ་རང་གཞུང་གི་འབྲས་བུ་སར་གཏན་ལ་ཕབ་པས། ལམ་གྱི་རྩོལ་བ་དང་བྲལ་བ་དང་། མཚན་དོན་རྫོགས་པ་ཆེན་པོ་ས་གཅིག་པ་དང་། རིག་པའི་ཁུ་བྱུག་ཅེས་བྱ་བ་དང་། རྩོལ་བས་དུབ་པ་དབུགས་འབྱིན་ཏེ་བྱ་བ་སོ་སོ། །དོན་དེ་ཉིད་ཚིག་རྐང་དྲུག་གིས་སྟོན་པས་རྡོ་རྗེ་ཚིག་དྲུག་པ་ཞེས་ཏེ། མཚོན་དོན་གྱི་ངོ་བོ་བརྗོད་བྱ་བརྗོད་བྱེད་གཉིས་སོ། །མཚན་དོན་གྱི་ཆེ་བ་ནི། སྭ་སྟི་དཔལ་གྱི་དཔལ་ཞེས་པ་དེ་ཡང་། སྭ་སྟི་ནི་བཀྲ་ཤིས་པའི་སྒྲ་སྟེ། བཀྲ་མི་ཤིས་པ་ལ་ལྟོས་ནས་འདོགས་ཏེ། ཁམས་གསུམ་གྱི་སྡུག་བསྔལ་རྒྱུ་དང་འབྲས་བུ་བཅས་པ་ཐམས་ཅད་ནི། ཀུན་བརྟགས་སུ་ལུས་སེམས་གདུང་བས་བཀྲ་མི་ཤིས་པ་སྟེ། སྣང་ཙམ་ཉིད་ན། རང་རིག་བྱང་སེམས་ས་གཅིག་པར་ལྷུན་གྱིས་ཚོགས་པས་རྩོལ་བ་མ་སྤང་ངང་གིས་དག་པས་བཀྲ་ཤིས་པ་ཆེན་པོའོ། །དོན་གཏིང་ནས་ལོགས་པའི་ལྟ་བ་སུམ་བརྒྱ་དྲུག་ཅུ་ལོགས་པ་ཐམས་ཅད་ལོག་པའི་རྒྱུ་འབྲས་བུ་རྩུབ་མོ་འབྱིན་པ་བཀྲ་མི་ཤིས་ཀྱང་སྤངས་པ་མེད་པར་མ་ནོར་བའི་དབྱིངས་སུ་གཅིག་པར་ཆུབ་པས་མ་སྤངས་ངང་གིས་བྲལ་ཏེ་བཀྲ་ཤིས་པའོ། །འབྲས་བུ་ཐོབ་བྱའི་ཡུལ་དུ་རེ་ཞིང་དུས་ལ་བཟའ་བ་ཐམས་ཅད་ཐོབ་པ་མེད་པའི་དབྱིངས་ས་གཅིག་པའི་ངང་དུ་སྐུ་དང་ཡེ་ཤེས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཞེས་འདོགས་པའོ། །ཡང་ན་སྭ་ནི་ཞི་བ་ལ། སྟི་ནི་ངལ་སོས་པ་སྟེ། བྱང་སེམས་རིམ་གྱིས་བསྒྲོད་པ་དང་བྲལ་བས་གཅིག་པའི་ངང་དུ་ཁམས་གསུམ་རང་རྒྱུད་ཀྱི་སྡུག་བསྔལ་རྒྱུ་དང་འབྲས་བུ་བཅས་པའི་རྩོལ་བ་དང་། མུ་སྟེགས་ལོགས་ལྟ་ལ་ཆེད་འཛིན་རྩོལ་བ་དང་། ཐེག་པ་བརྒྱད་པོ་སོ་སོའི་ལྟ་སྤྱོད་ཆེད་བྱས་ཀྱི་རྩོལ་བ་རྣམས་དང་། འབྲས་བུ་ཐོབ་བྱ་ཡུལ་དུ་བཟའ་བའི་རྩོལ་བ་རྣམས་རང་རིག་བྱང་སེམས་ས་ཆེན་པོའི་ངང་དུ། དཔེར་ན་ནམ་མཁའི་ཆོ་འཕྲུལ་ཐམས་ཅད་ནམ་མཁའི་ངང་དུ་དག་པ་བཞིན། འདིར་མ་སྤངས་ངང་གིས་དག་ཐ་སྙད་ཙམ་དུ་མ་དམིགས་ལ་ནི་ཞི་བ་ཞེས་བྱའོ། །དུས་དེ་ཉིད་ན། ཤིན་ཏུ་རྣལ་འབྱོར་གྱི་དོན་མངོན་དུ་གྱུར། །ཆོས་ཉིད་མངོན་དུ་མཐོང་ཇི་བཞིན་པར་སོན། །སྤྱིར་ཆིབས་ཀྱི་ས་ལྷུན་གྱིས་གྲུབ་པ་ནི། །རྩོལ་བ་ལ་རག་མ་ལས་ཏེ། བྱང་སེམས་ངང་དུ་ངལ་སོས་པའོ། །དཔལ་གྱི་དཔལ་ཞེས་པ་དང་པོ་ནི། རང་བཞིན་གྱི་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ས་གཅིག་པ་ཉིད་འཁོར་འདས་ཐམས་ཅད་བཞི་བཞག་ཏུ་བཞུགས་ཏེ། དེ་ལས་སྣང་བ་དང་མ་གཡོས་པ་དང་བསྣུམ་པའི་ཕྱིར་སྤྱི་དཔལ་ཆེན་མོའོ། །གཉིས་པ་ནི་དེ་ཉིད་ཀྱི་རྩལ་མ་འགགས་པ་འགྲོ་བའི་དོན་ལ་དགའ་བཞིན་མར་ཤར་ཏེ་ལམ་གྱིས་དེའི་དོན་རྟོགས་ནས་ནར་སོན་པའི་དུས་ན་སྡུག་བསྔལ་དང་བྱ་རྩོལ་དང་མཚན་མ་དང་རེ་བ་ཐམས་ཅད་ལས་འདས་ཏེ་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པས་དཔལ་གཉིས་པ་སྟེ་རྟོགས་པ་མཐར་ཆིབས་པའོ། །ཡང་ན་དཔལ་དང་པོ་ནི་སྲིད་པ་ཟད་པའི་ཐབས་ཐེག་པ་ལུང་མན་ཆད་བརྒྱད་པོ་ཀུན་ལ་བྱ་སྟེ། གོང་མ་འོག་དཔལ་ཡིན་ཡང་རྩོལ་བ་དང་བཅས་པས་སོ། །གཉིས་པ་ནི་བྱ་བྲལ་རྫོགས་པའི་ལུང་། ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་འདི་ཉིད། དེ་འོག་མ་རྣམས་གང་ཡང་འདི་ཉིད་དུ་ཆུད་པའི་དུས་ན་རྩོལ་བ་མ་སྤངས་ངང་གིས་དག་སྟེ་ལྷག་པའི་ཆོས་སྐུ་ཆེན་པོར་སྨིན་པའོ། །དེས་ན་དཔལ་གྱི་དཔལ་ཞེས་བྱའོ། །དམ་པ་བདེ་བར་གཤེགས་པས་སྭ་སྟི་ཕྱིན་ཆད་འདི་ཕྱག་གི་འོག་ན་ཡང་འདོགས་ཏེ། མཚན་དོན་གྱི་ངོ་བོ་དེ་ཕྱག་གི་ཡུལ་ཉིད། རང་རིག་སྙིང་པོ་བྱང་སེམས་མ་འདྲེས་ཡོངས་རྫོགས་སུ་མཐུན་པས། གང་ལྟར་ཡང་བདེ་སྟེ་ཚིག་ལ་དཔལ་གསུམ་དུ་གྱུར་པ་དང་། མཚན་གྱི་ངོ་བོ་དང་ཆེ་བ་གཉིས་ཀྱིས་དེ་ལྟར་ལེགས་པོའང་གསུངས། ༈ །ཕྱག་འཚལ་བ་ནི། བཅོས་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ། །ཞེས་པ་དགོས་པ་ནི་འདིར་ཤིན་ཏུ་རྣལ་འབྱོར་གྱི་སྟེ་ས་ལམ་རིམ་གྱིས་བགྲོད་པ་དང་བྲལ་བས། ཕྱི་ནང་གི་ཆོས་མཐོང་སྣང་ཉིད་ན་ཀུན་ཏུ་བཟང་པོའི་ཀ་བཙར་ལྷུན་གྱིས་གྲུབ་པ། རང་སྣང་བ་འབྲས་བུའི་ངོ་བོར་གསལ་བས། དེ་ལྟ་བུ་སྟོན་པའི་ཆོས་ཀྱི་ཁ་བྱང་དང་། ཕྱག་འཚལ་བའི་ཡུལ་དང་གཞུང་གི་དོན་གཅིག་སྟེ། ཕྱག་གི་དོན་བཤད་པས་གཞུང་གི་དོན་རྟོགས་པར་འགྱུར་བ་དང་། གོང་མ་དག་གི་མཉམ་པ་ཉིད་ལ་ཁུངས་མི་འབྱུང་ཞིང་བརྩམས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་བསྟན་པ་དང་། འོག་མ་དག་གིས་མོས་གུས་ཀྱིས་ཚོགས་རྫོགས་པས་དེ་ལས་གདམས་ངག་སྣང་ནས་དོན་ཉིད་ཀྱིས་འགྱུར་ཡང་འགྱུར་བས་ཀླད་དུ་བསྟན་པའི་དགོས་པའོ། །བཞིའོ། །ཡུལ་ནི་མཚན་དོན་ཉིད་དོ། །ཐབས་ནི་ལྟ་བས་རྟོགས་ཏེ་ངེས་གོམས་ཏེ་མཐར་ཕྱིན་པའོ། །དེ་དག་ནི་བསྡུས་པའི་དོན་ནོ། །འབྲས་བུའི་དོན་ནི། བཅོམ་ལྡན་འདས་ཞེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདིར་ཡུལ་དུ་བྱས་པའི་གཟུགས་ཀྱི་སྐུ་དག་པ་ཕྱོགས་གཅིག་པ་ལ་ལུས་ངག་གིས་གུས་འདུད་བྱེད་པ་ལྟ་བུ་མ་ཡིན་ཏེ་དེས་ན་འབྲས་བུའི་གཞོམ་པའི་སྐབས་སུ་ཡང་འོག་མ་ལྟར་གཉེན་པོ་སྟོབས་ཀྱི་སྤངས་བྱའི་ཚོགས་སྤངས་པ་དང་། ཆེ་བའི་གུ་ན་ཕུན་སུམ་ཚོགས་པ་ཉིད་འདིར་མི་སྒྲུབ་སྟེ་མ་སྤངས་ལྷུན་གྱིས་གྲུབ་སྟེ། དེ་ལས་ཀྱང་ཁྱད་པར་མི་མཐུན་པ་དང་གཉེན་པོ་དབྱེར་མེད་པར་ལྷུན་གྱིས་རྫོགས་པ་ཉིད་གཉེན་པོའི་སྟོབས་སུ་ཤར་བའི་ཕྱིར་འོག་མ་ལྟར་མི་སྦྱོར་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེ་གསལ་མེད་པར་བྱང་སེམས་ཀྱི་ངང་དུ་འུབ་ཆུབ་སྟེ་མི་མཐུན་པ་མ་དམིགས་པས་བཅོམ། དེ་ཉིད་ན་མི་འགགས་པའི་རྩལ་ཆེ་བའི་གུ་ན་ཐམས་ཅད་ལྷུན་གྱིས་རྫོགས་པས་ལྡན། རང་རིག་བྱང་སེམས་བདག་ཉིད་ཆེན་པོར་ཡོངས་སུ་རྫོགས་པའི་གཏན་ཚིགས་ཀྱི་སྣང་སྟོང་གང་དུ་ཡང་མ་གྲུབ་སྟེ་འཛིན་པའི་མཚན་མ་དམིགས་སུ་མེད་པས་འདས་སོ། །དོན་དེས་བཅོམ་པས་ཀུན་ཏུ་བཟང་པོའི་རང་བཞིན་བསྟན། ལྡན་པས་ངོ་བོ་བསྟན། འདས་པས་མཚན་ཉིད་བསྟན་ཏོ། །ཡང་ན་འདིར་བཅོམ་པ་ནི་བདུད་བཞི་སྟེ། གཅིག་ཏུ་འདུས་པ་ཕུང་པོའི་བདུད། །ཡུལ་ལ་ཞེན་པ་ཉོན་མོངས་བདུད། །སོ་སོར་གྱེས་པ་འཆི་བདག་བདུད། །རང་དབང་མེད་པ་ལྷ་ཡི་བདུད། །བཞི་པོ་ཉིད་དུ་འོག་མའི་བཞི། །བཅོམ་པ་འདིར་མ་སྤངས་ངང་གིས་ལྡན་ཀྱང་འདི་ཉིད་དུ་སྙིང་པོ་བྱང་སེམས་ཀུན་མ་བྱས་པའི་ངང་ལ་རྟག་པ་རང་སྣང་གི་ཕུང་པོ་ཡང་། རང་བྱུང་ཡེ་ཤེས་ལས་མི་གཞན་པས་ཕུང་པོའི་བདུད་ཡུལ་དུ་མ་སྤངས་ངང་གིས་བྲལ་བའོ། །གཟུང་འཛིན་ཡུལ་ཡུལ་ཅན་ལྟར་སྣང་ཡང་བྱང་སེམས་ལ་ཆ་ཤས་མེད་པས་ཡུལ་མ་གྲུབ་པས་ཡུལ་ཅན་ངང་གིས་མི་གནས་ཏེ། བདག་ཉིད་ཆེན་པོར་རྫོགས་པ་ལ་ཆགས་སྡང་ངང་གིས་མི་གནས་པས་ཉོན་མོངས་པའི་ཚོགས་ཡེ་ཤེས་སུ་ལྷུན་གྱིས་གྲུབ་བོ། །དེར་ཉོན་མོངས་པའི་བར་ཆོད་མ་སྤངས་ངང་གིས་དག་གོ། །བྱང་སེམས་རང་སྣང་གི་ཡེ་ཤེས་ལ་སྐྱེ་བའི་ཕུང་པོ་མ་གྲུབ་པས་འགག་པའི་ཆོས་མི་གནས་ཏེ་ངོ་བོ་ཉིད་ཀྱི་རྟག་པ་ནི་ནམ་མཁའ་ལྟ་བུ་བས་འཆི་འཕོ་བའི་འགྱུར་བ་དང་བྲལ་ཏེ། འཆི་བདག་མ་སྤངས་ངང་གིས་དག་པའོ། །བྱང་སེམས་ངོ་བོ་འདུས་མ་བྱས་པས། ལས་དབང་ལ་མི་བརྟེན་ཏེ་དེ་ནས་གཞན་དག་མ་ཡིན་པས་མི་མཐུན་པ་ཀ་ནས་དག་སྟེ་གཉེན་པོ་ངང་གིས་མ་གྲུབ་པས་ལྷའི་བུའི་བདུད་ཐ་སྙད་ཙམ་དུ་ཡང་མ་གྲུབ་བོ། །དེས་ན་བྱང་སེམས་ལ་བདུད་བཞི་ངང་གིས་མི་གནས་པས་བཅོམ་ཞེས་བྱའོ། །ལྡན་ཞེས་པ་རང་རིག་བྱང་སེམས་རིམ་གྱིས་བགྲོད་པ་དང་བྲལ་བའི་དོན་ལ་དཀར་པོ་བདུན་ལ་སོགས་པ་འབྲས་བུའི་ཆེ་བའི་ཡོན་ཏན་གུ་ན་རྩལ་ལས་འདས་པ་རྣམས་རྒྱུ་རྐྱེན་ལས་མ་བྱུང་བྱེད་པ་པོས་མ་བྱས་ཏེ་ཡེ་ལྷུན་གྱིས་གྲུབ་པར་བཞུགས་པ་ལ་ལྡན་ཅེས་བྱ་བའམ། ཡང་ན་སྙིང་པོ་བྱང་སེམས་གསལ་ལ་མི་འགག་པས་མ་འདྲེས་པའི་ཆོས་ཐམས་ཅད་དང་ལྡན་ལ་ངོ་བོ་མ་དམིགས་པས་རང་བཞིན་གྱི་ཆོས་ཐམས་ཅད་དང་ལྡན་ཏེ་ཐ་སྙད་པའི་ངོ་ལ་སྣང་བའི་སྣང་སྟོངའམ་རྟོག་པ་ཐམས་ཅད་འཁོར་འདས་ཀྱི་བརྗོད་པ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པས་ལྡན་ཞེས་བྱའོ། །འདས་ཞེས་པ་མཚན་ཉིད་དམིགས་སུ་མེད་པས་སྤྲོས་པ་ལས་འདས་པའམ། ཡང་ན་རང་བྱུང་ཡེ་ཤེས་ཁུ་བྱུག་གི་དོན་རང་སྣང་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་ཀྱང་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་དངོས་པོའི་མཐའ་ལས་འདས། དེ་ཉིད་ཅིར་ཡང་མི་འགག་པར་འཆར་བས་སྟོང་པའི་མཐའ་ལས་འདས་ཏེ། དེ་ཉིད་དུའང་ཞེན་པས་བཟུང་བ་དང་བྲལ་བ་ལ་ནི་འདས་པ་ཞེས་བྱའོ། །དཔལ་ཞེས་པའི་གུ་ན་བསྟན་ཏེ། དཔལ་ནི་གསུམ་སྟེ། རང་བཞིན་མཚན་ཉིད་ཐམས་ཅད་ལས་འདས་ཀྱང་སྟོང་པའི་ཕྱོགས་གཅིག་པ་མ་ཡིན་ཏེ། བྱང་སེམས་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ། རྒྱན་གྱིས་ཙ་ཀྲ་ཉེར་ལྔ་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་མ་རྟོགས་པའི་དུས་ན་རྫོགས་བཞིན་པའི་རང་བཞིན་ལྷུན་གྲུབ་ཀྱི་དཔལ་ལོ། །དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོན་ཏན་འབྱུང་བའི་བདག་ཉིད་དུ་བཞུགས་པ་གཞན་གྱིས་མ་བརྩལ་བར་ལྷུན་གྱིས་གྲུབ་པ་ལྟ་བུའོ། །དོན་དེ་ཉིད་ཐབས་ཁྱད་པར་འཕགས་པ་ཤིན་ཏུ་རྣལ་འབྱོར་གྱི་ལུང་དང་དེ་ཉམས་སུ་ལོན་པའི་ཉམས་ཀྱི་མན་ངག་གཉིས་ཀྱི་རང་རིག་པའི་མངོན་སུམ་དུ་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་གཞི་ཅི་ལྟ་བ་མངོན་དུ་བྱས་ཏེ། རིམ་གྱིས་བགྲོད་པ་དང་བྲལ་ནས་དོན་མཐར་ཐུག་བསྐྱེད་དུ་བྱ་བ་མེད་དེ་ཉིད་དུ འང་འཛིན་པ་མེད་པ་ནི་གསལ་ལ་འགག་པ་མེད་པས་རིག་པ་རང་སྣང་གི་དཔལ་ཞེས་བྱའོ། །བྱིན་རླབས་རང་སྣང་ཀ་བ་རྩ་གསུམ་དང་མཛད་པ་བསམ་གྱིས་མི་ཁྱབ་པ་ནི། ནམ་མཁའ་དག་གི་ཟླ་བ་རྒྱས་པ་ཆུ་ཐམས་ཅད་ཀྱི་ནང་ན་སྣང་བཞིན་ཏེ། འབྱུང་འཇུག་མེད་པའི་རང་བྱུང་ཡེ་ཤེས་ཉིད་ཆོས་ཐམས་ཅད་ལ་ཁྱབ་པའི་དོན་གྱིས་ཐུགས་རྗེ་ཞེས་སྨོས་ཏེ། ཡུལ་དུ་མ་བྱས་པའི་མཛད་པའི་རླབས་རང་སྣང་བ་ནི་རྟོགས་པའི་ཞར་ལ་འགག་པ་མེད་པར་རང་སྣང་སྟེ་གདུལ་བྱའི་སྣང་བའོ། །དེ་ཡང་རྟོགས་པ་མཐར་ཐུག་པ་ནི་རིན་པོ་ཆེ་མངོན་དུ་བྱས་པ་དང་འདྲ་ལ་གསོལ་བ་བཏབས་པ་བཞིན་དུ་དགོས་འདོད་འབྱུང་བ་ནི་གཞན་སྣང་སྟེ། སྐད་ཅིག་ལ་དུས་གཅིག་ཏུ་མཐར་ཐུག་པ་མེད་པར་སྣང་སྟེ་རེས་མོ་དང་འབྱུང་འཇུག་ལ་དམིགས་སོ། །ཞར་ལ་འབྱུང་བའི་དཔལ་ཞེས་བརྗོད་དོ། །དཔལ་གསུམ་ལྷུན་གྱིས་གྲུབ་པའི་བསྟན་པའི་བསྟན་པ་འབྱུང་བའི་གཞི་སྟོན་པའི་ངོ་བོ་ཅི་ལྟ་བུ་ཞེ་ན། ཀུན་ཏུ་བཟང་པོ་ཞེས་པས་རླབས་རང་སྣང་བའི་མི་འགག་པའི་ཆོས་ཐམས་ཅད་ནི་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཅི་ལྟར་སྣང་ཡང་བྱང་སེམས་རང་སྣང་གི་ཡེ་ཤེས་ཆེན་པོ་སྟེ། ཡུལ་ཡུལ་ཅན་མ་གྲུབ་པ་གཟུང་འཛིན་ངང་གིས་མི་གནས་ཏེ་འཁོར་བ་མ་གྲུབ་པས་འདས་པ་ཞེས་བྱ་བའི་གདགས་གཞི་བྲལ་ཡང་གཟུང་འཛིན་དང་ཆ་ཤས་མ་མེད་དེ་ཉེས་པའི་སྐྱོན་གྱི་མ་གོས་པས་ཐ་སྙད་ཙམ་དུ་ཀུན་ཏུ་བཟང་པོ་ཞེས་སྨོས་སོ། །དེ་ཡང་རང་བཞིན་ལ་དབྱེ་བ་མེད་ཀྱང་ལམ་པའི་ངོས་ནས་ལྔ་སྟེ། ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ལ་མ་འདྲེས་ལ། བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་ངང་ལ་གཞན་མ་དམིགས་པའི་དབང་གིས་སྣོད་བཅུད་དང་གཟུང་འཛིན་དང་ཕྱི་ནང་འོས་པའི་ཆ་ཤས་གཞི་ནས་དག་པ་ནི་རང་བཞིན་ཀུན་ཏུ་གཟང་པོའོ། །དེ་ལྟ་བུའི་དོན་མངོན་དུ་གྱུར་པའི་རིག་པ་ལ་རང་བཞིན་ཅི་ལྟ་བ་མངོན་དུ་བྱ་སྟེ། རིག་པ་ལ་ལྷུན་གྱིས་གྲུབ་པའི་དུས་སུ་སྣང་བར་འཛིན་པ་དང་སྟོང་པར་འཛིན་པ་འོས་པ་སྟེ་ཆེད་བྱས་ཀྱི་གཟུང་འཛིན་གྱི་སྐྱོན་གྱིས་མ་གོས་ཏེ། རིག་པ་རང་གསལ་ཆེད་འཛིན་དང་བྲལ་བ་ནི་ལྟ་བ་ཀུན་ཏུ་བཟང་པོའོ། །དོན་དེ་ཉིད་རིགས་པ་ལ་མཉམ་པར་བཞག་པའི་དུས་སུ་རང་ཉིད་ཀྱི་དོན་དེ་ཉིད་དུ་གསལ་བས་ཡུལ་དང་ཡུལ་ཅན་ཡང་མ་གྲུབ་ཕྱི་ནང་དུ་ལྟ་བའི་དངོས་པོ་ཡང་མ་དམིགས། སེམས་ཉིད་རང་ལ་ཡེ་ཤེས་ཆེན་པོར་སྣང་བས་བྱིངས་རྨུག་རྒོད་འཐོར་འོས་པའི་རྐྱེན་རང་དག་གསལ་ལ་མི་གཡོ་བའི་ངང་ལ་ཆེད་འཛིན་དང་བྲལ་བ་ནི་ཏིང་ངེ་འཛིན་ཀུན་ཏུ་བཟང་པོའོ། །དེ་ཉིད་སྲོག་ཏུ་གྱུར་པའི་དབང་གིས་ཡུལ་དྲུག་འོས་པ་འགགས་མེད་ཀྱི་ཆོས་ཐམས་ཅད་དུ་སྣང་ཡང་ཡུལ་དུ་མ་གྲུབ་པས་མ་དམིགས་མ་བཀག་པས་རོལ། བདག་ཉིད་ལ་བདག་ཉིད་རོལ། བདག་ཉིད་ལ་བདག་ཉིད་སྤྱོད་པ་ནི། བདག་ཉིད་ཆེན་པོའི་སྤྱོད་པ་ཞེས་བྱ་སྟེ། ཅི་བྱས་འཛིན་མེད་ནམ་མཁའི་བྱ་ལམ་བཞིན་བྱས་ཀྱང་། མི་སོགས་ཚིག་པའི་གཟུགས་བརྙན་བཞིན་པས། འཆི་བྱ་འཆི་བྱེད་གཏན་མ་གྲུབ་པ་ནི་འགགས་མེད་རང་སྣང་གི་སྤྱོད་པ་ཀུན་ཏུ་བཟང་པོའོ། །སྤྱོད་པའི་དོན་དེ་ཉིད་ཀྱིས་བདག་གཞན་དབྱེར་མེད་པས་འགྲོ་དྲུག་ཡུལ་དུ་མ་གྲུབ་རང་སྣང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དེ་དག་ཐམས་ཅད་བསད་པ་མེད་པར་རྡོ་རྗེའི་མཚོན་གྱིས་བསྒྲལ་ཏེ། རང་རིག་སྙིང་པོ་བྱང་ཆུབ་སེམས་སུ་རྟོགས་པས་བསྒྲལ་བས་འགྲོ་དྲུག་རང་སར་དག །འཁོར་བ་འཕྱིས་བྱུང་ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་རྫོགས་པ་ནི་འཕྲིན་ལས་ཀྱི་འབྲས་བུའང་ཡིན་ཏེ་ཆེད་འཛིན་ཕྲ་བའང་མི་མངའ་བ་ནི་འཕྲིན་ལས་ཀུན་ཏུ་བཟང་པོའོ། །ལྔ་པས་ཚིག་གི་ཐ་སྙད་དུ་ཕྱེས་ཀྱང་ངོ་བོ་དབྱེར་མེད་པ་ཉིད་སྟོན་པའི་ངོ་བོའོ། །དོན་བསྡུས་ན་གཉིས་སྣང་གི་ཆོས་ཐམས་ཅད་གཉིས་མེད་བྱང་སེམས་ངང་དུ་འུབ་ཆུབ་པས་ཆེད་འཛིན་གྱི་སྐྱོན་མི་མངའ་བ་ལ་ངན་པ་བཙལ་གྱིས་མི་རྙེད་པ་ལ་ཐ་སྙད་དུ་ཀུན་ཏུ་བཟང་པོ་ཞེས་སྨོས་སོ། །འོ་ན་སྟོན་པ་དེའི་ཆ་ལུགས་ཅི་ལྟ་བུ་དང་ལྡན་ཞེ་ན། གོང་དུ་དཔལ་གྱི་སྐབས་སུ་བཤད་པ་བཞིན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་ཀུན་ཏུ་བཟང་པོའི་ཆ་ལུགས་སུ་ཤར་བའི་ཕྱིར། སྐུ་གསུང་ཐུགས་ཞེས་སྨོས་ཏེ་བུ་ཏའི་སྐུ་མཚན་དང་དཔེ་བྱད་ཀྱིས་འབར་བ་དུས་གསུམ་གྱིས་དབྱེ་བ་ཐམས་ཅད་དང་། ཁམས་གསུམ་གྱི་ཡུལ་དང་དབང་པོར་བཅས་པའི་སྣང་ངོ་ཅོག་ཐམས་ཅད་ངོ་བོ་དབྱིངས་ལས་མ་གཡོས་རྣམ་པ་སྒྱུ་མའི་མཚན་ཉིད་ཙམ་མི་འགག་དེ་ཡང་དབྱེར་མེད་པའི་སྐུའི་ཆ་ལུགས་སོ། །དེ་བཞིན་གཤེགས་པའི་གསུང་ཡང་བསམ་གྱིས་མི་ཁྱབ་པ་དང་སེམས་ཅན་གྱི་ཟིན་པ་དང་མ་ཟིན་པ་དང་། གཉི་ག་ལས་བྱུང་བའི་སྒྲ་ཐམས་ཅད་ངོ་བོ་དབྱིངས་ལས་མ་གཡོས་རྣམ་པ་མི་འགག་དབྱེར་མེད་པ་ནི་གསུང་གི་ཆ་ལུགས་སོ། །དེ་བཞིན་གཤེགས་པའི་ཐུགས་ཅི་ལྟ་བ་དང་ཅི་སྙེད་པ་དང་དབྱེར་མེད་པར་བསྡུས་པའི་ཡེ་ཤེས་གསུམ་དང་ལྔ་དང་དགུ་དང་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་རྣམས་དང་། སེམས་ཅན་གྱི་དུས་གསུམ་དུ་བསྡུས་པའི་དྲན་རྟོག་བསམ་གྱིས་མི་ཁྱབ་པ་རྣམས་ངོ་བོ་དབྱིངས་ལས་མ་གཡོས་རྣམ་མཁྱེན་རང་གི་མཚན་ཉིད་ཙམ་དུ་མི་འགག་དེ་ཡང་དུས་གསུམ་དུ་དབྱེར་མེད་པ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཆ་ལུགས་སོ། །འོ་ན་བྱེ་བྲག་བསམ་གྱིས་མི་ཁྱབ་པས་དུ་མར་འགྱུར་རོ་ཞེ་ན། མི་ཕྱེད་པའི་དོན་དམ་པ་རྡོ་རྗེ་ཞེས་སྨོས་ཏེ། དོན་རང་བྱུང་ཡེ་ཤེས་སྐྱེ་འཇིག་མེད་པ་དེས་རྡོ་རྗེ་མཚོན་ཏེ། ངོ་བོ་ཆོས་དབྱིངས་དུས་གསུམ་དུ་མི་འགྱུར་བས་རྡོ་རྗེ་རྣམ་པ་རང་བྱུང་གི་ཡེ་ཤེས་གསལ་ལ་འགག་པ་མེད་པས་ཐ་སྙད་ཀྱི་ཆོས་ཐམས་ཅད་དེ་ཉིད་དུ་འཇོམས་པས་ཀྱང་རྡོ་རྗེ། དེ་གསུམ་ཀྱང་མི་ཕྱེད་ཆུ་དང་གཤེར་བའམ། མར་དང་སྣུམ་པ་ལྟར་དབྱེར་མེད་པའི་དོན་གྱི་རྡོ་རྗེའོ། །བདེ་བ་ཞེས་པ་འདོད་ཁམས་འདོད་དོན་གྱི་བདེ་བ་དང་། གཟུགས་ཁམས་བསམ་གཏན་གྱི་བདེ་བ་དང་། བྱིས་པ་གསུམ་འགོགས་པའི་བདེ་བ་དང་། བྱང་ཆུབ་སེམས་དཔའ་དག་མཉམ་བཞག་པའི་བདེ་བ་དང་། མ་ཧཱ་ཁ་སྦྱར་གྱི་བདེ་བ་དང་དེ་དག་ལ་སོགས་པ་ཐམས་ཅད་ཀྱི་དེངས་གཞིར་སྙིང་པོ་བྱང་སེམས་ལྷུན་གྱིས་གྲུབ་ཀྱང་རྩོལ་བས་མ་གོས་པའི་ཕྱིར་ད ང་། ཐམས་ཅད་ཀྱིས་བསྐྲུན་དུ་མེད་པའི་ཕྱིར་དང་། ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཆེན་པོའོ། །ལྷུན་གྱིས་རྫོགས་པ་ཞེས་པ། རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་བཞིན་གུ་ན་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་ཏེ་གོང་གི་ཡོན་ཏན་དང་ཆ་ལུགས་དང་། བདེ་བ་ཐམས་ཅད་དེ་ལྷུན་གྱིས་གྲུབ་ཀྱང་། རྩོལ་བའི་བྱ་བ་དང་བྲལ་ཏེ་ཐོག་མར་མ་བྱས་ད་ལྟར་བྱར་མེད་མཐར་མི་འགྱུར་ཡེ་ནས་བྱ་རྩོལ་དང་བྲལ་བའི་ངང་དུ་ལྷུན་གྱིས་གྲུབ་ཀྱང་། ཐམས་ཅད་ཀྱང་དེར་ཚོགས་ཏེ་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པ་ནི། ལ་ཞེས་པས་ཐ་སྙད་དུ་འདུད་པའི་ཡུལ་ཏེ། ཕྱག་འཚལ་ལོ་ཞེས་པ། ཐེག་པ་འོག་མ་རྣམས་ཀྱི་ཕྱག་ཀྱང་འདིར་བཀག་པ་མ་ཡིན་ཏེ་ཚུལ་གཉིས་ཀྱིས་རང་བཞིན་ཡེ་ནས་དབྱེར་མེད་པ་མི་ཕྱེད་འདྲེས་པའི་ཕྱག་དང་། རིག་པ་རང་གསལ་བར་ལ་སོགས་པའི་ཕྱག་དང་། བསམ་གཏན་ཡུལ་དང་བྲལ་བར་ཏེ་དེའི་ཕྱག་དང་། མཐར་ཕྱིན་འབྲས་བུའི་ཕྱག་འཚལ་བའོ། །དེ་ལྟར་ཕྱག་འཚལ་བ་ཡང་ཡུལ་དང་ཡུལ་ཅན་དུ་དམིགས་ནས་མོས་འདུད་ཀྱི་མཚན་མ་མེད་པར་བསྟན་ཏོ། །གཞུང་བཤད་པ་ལ་རྡོ་རྗེའི་ཚིག་དྲུག་པ་གཅོད་དོན་དྲུག་གིས་ཕྱག་འཚལ་བ་ནི། དོན་ལྟར་སྟོན་པ་ཀུན་ཏུ་བཟང་པོའི་ཆ་ལུགས་ཅི་ལྟར་གནས་པའི་གཏན་ཚིགས་རྣལ་འབྱོར་པའི་བགྲོད་པ་མེད་པའི་ལམ་དུ་བསྟན་ཏེ། དེ་ཡང་དང་པོ་རང་བཞིན་གྱི་གཏན་ཚིགས་ནི། སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། ཞེས་པ་དེ་ཡང་སྣ་ཚོགས་ཞེས་པས། མི་འདྲ་བའི་བྱེ་བྲག་མང་པོར་བརྗོད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཏེ། འཁོར་བའི་ཆོས་མ་རིག་པ་དང་རྐྱེན་ལས་དང་ཉོན་མོངས་པ་ལས་བྱུང་བའི་གཉིས་ཅན་གྱི་བྱེ་བྲག་སྟེ། ཁམས་གསུམ་གྱི་སྣོད་བཅུད་དང་གཟུང་འཛིན་དང་བརྟན་གཡོའི་བྱེ་བྲག་ཕྲ་རག་ཐམས་ཅད་དང་། མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་དང་རྒྱན་དང་འཁོར་ལོ་དང་སྟོབས་དང་མི་འཇིགས་པ་འོས་པའི་གུ་ནའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། དེ་གཉིས་སུ་འཛིན་པ་ཡང་ཞེན་པ་གཉིས་ཀྱི་སྣང་བ་སྟེ་འཁོར་འདས་གཉིས་ཀྱི་ལྟོས་པའི་དབང་གིས་སོ། །རང་བཞིན་ཞེས་པ་འཁོར་འདས་ཀྱི་ཆོས་མ་འགག་པ་ཅི་ལྟར་སྤྱོད་ཀྱང་། རང་གི་དུས་གསུམ་དུ་མི་འགྱུར་ཞིང་ཐམས་ཅད་ལ་ཁྱབ་ཀྱང་མི་ཕྱེད། དངོས་པོའི་ཆོས་གང་གིས་ཀྱང་མ་གོས་ཆ་ཤས་སུ་མི་རྙེད་དེ་ཐ་སྙད་དུ་རྣམ་པར་དག་པ་ཞེས་བྱའོ། །མི་གཉིས་ཞེས་པ་ལྟོས་པ་དེ་དག་ནི་མིང་ཙམ་སྣང་གི་རང་བཞིན་ལས་དུས་གསུམ་མ་གཡོས་ཏེ། སྣང་བའི་དུས་ཉིད་ན་སྒྱུ་མ་ལྟར་རང་གི་ངོ་བོ་མ་ངེས་པ་དེ་གཅིག་ཏུ་ས་མི་ཟིན་པས་ཅིར་ཡང་སྣང་བ་དང་། ངང་གིས་རང་རྒྱུད་པ་མེད་དེ་ཅི་ལྟར་སྣང་ཡང་། རང་བཞིན་ལ་སྐད་ཅིག་གིས་ཀྱང་མ་གཡོས་པས་སོ་སོའི་བཏགས་པ་ལྟར་མི་བདེན་ཏེ་མ་འདྲེས་ལ་ཡོངས་སུ་རྫོགས་པ་བྱང་སེམས་སུ་ལྷུན་གྱིས་གྲུབ་པའོ། །ཀྱང་ཞེས་པ་ཚིག་གིས་སྣང་སྟོང་གི་མཐའ་གསལ་ཏེ། མི་གཉིས་ཞེས་བརྗོད་ཀྱང་དོན་ལ་ཞེར་འཛིན་གྱི་གཞི་བྲལ་བས་ཚིག་གི་ཐོག་ཏུ་མི་ཕེབས་པ་དང་། བསམ་པའི་ཡུལ་ལས་འདས་ཏེ་དམིགས་པས་མི་རེག་པས་མི་གཉིས་ཙམ་དུ་ཞེན་བས་འཛིན་པ་དང་ཡང་བྲལ་བའོ། །དེས་ནི་རྟོགས་པའི་ལྟ་བ་བསྟན་ཏོ། །འདི་ཉིད་དཔེ་དོན་རྟགས་གསུམ་དུའང་སྦྱར་ཏེ། དཔེ་སྣ་ཚོགས་ཏེ་འབྱུང་བ་སྣ་ཚོགས་སུ་སྣང་བའི་འཇིག་རྟེན་མཐའ་ཐུག་པ་མེད་པའི་ཆོས་སྐྱེ་འཇིག་དུ་མར་སྣང་ཡང་འབྱུང་བའི་རང་བཞིན་ནམ་མཁའི་ངང་དུ་འདུས་ཤིང་ནམ་མཁའི་ངང་དུ་མི་གཉིས་ཞེས་བྱའོ། །དོན་སྣ་ཚོགས་ཏེ་ཆོས་ཅན་མཚན་མའི་རྣམ་པ་འཁོར་འདས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་བཞིན་ཆོས་ཉིད་དུ་འདུས་ཤིང་ཆོས་ཉིད་ཀྱི་ངང་དུ་དབྱེར་མེད་པ་ནི་མི་གཉིས་ཞེས་བྱ་བ་སྟེ་དོན་ནོ། །རྟགས་སྣ་ཚོགས་ནི་སེམས་ཅན་གྱི་སེམས་བྱུང་གི་བློའི་བྱེ་བྲག་སྣོད་བཅུད་ཕྱི་ནང་རྣམ་པ་སྣ་ཚོགས་པ་ཀུན་སེམས་བྱུང་གི་རང་བཞིན་སེམས་ཉིད་འོད་གསལ་བའི་ངང་དུ་འདུས་ཤིང་སེམས་ཉིད་དང་དབྱེར་མེད་ནི་མི་གཉིས་པའི་རྟགས་ཏེ་བསྒོམ་པའོ། །དེ་བས་ན་ནམ་མཁའ་ལ་ཡང་སྲིད་པའི་ནམ་མཁའ་དཔེ་དང་། ཆོས་ཉིད་ཀྱི་ནམ་མཁའ་དོན་དང་། སེམས་ཉིད་ཀྱི་ནམ་མཁའ་རྟགས་ཏེ། འདི་གསུམ་ཀྱང་མཚོན་སྒོ་སོ་སོར་བསྟན་ཀྱང་ངོ་བོ་དབྱེར་མེད་པ་ནི་རང་བཞིན། འབྱུང་བ་དང་བཏགས་པའི་ངོས་ནས་ཆོས་ཅན་བློའི་ངོས་བརྟགས་པ་སྟེ། འདི་གསུམ་མཚོན་ཚུལ་སོ་སོར་བསྟན་ཀྱང་། མཚོན་བྱའི་གཞི་གཅིག་པ་ནི་སྣ་ཚོགས་ཞེས་བྱའོ། །སྣ་ཚོགས་དང་རང་བཞིན་དེ་གཉིས་ཀྱང་མེད་ལ་མི་ཟད་པ་ཙམ་གྱི་ཕྱིར་ཚིག་སྒོ་སོ་སོར་བསྟན་ཀྱང་དུས་ལ་སྔ་ཕྱི་དང་། ཕྱོགས་ལ་རེས་འཇོག་དང་། འཕྲོ་འདུ་མེད་པར་ཆུ་དང་གཉེར་མ་བཞིན་དབྱེར་མེད་པ་ནི་བདག་ཉིད་ཆེན་པོའི་གཏན་ཚིགས་ལ་སྙོག་གོ། །ཀྱང་ཞེས་པ་འོ་མ་འདྲེས་པ་དང་། རང་བཞིན་གཉིས་མི་གཉིས་ཞེས་སྨོས་ན། མ་འདྲེས་པ་ལ་ཆ་ཤས་ཡོད་པ་བཞིན་ཡོངས་སུ་རྫོགས་པ་ལ་ཡང་ཆ་ཤས་ཡོད་པར་མི་འགྱུར་རམ་ཞེ་ན། མི་འགྱུར་བར་བསྟན་པ་ནི་ངང་གི་གཏན་ཚིགས་ཏེ། ཆ་ཤས་ཉིད་དུ་སྤྲོས་དང་བྲལ། ཞེས་པ་ངང་གི་གཏན་ཚིགས་སྟོན་ཏེ། ཆ་ཤས་ཞེས་པས་བལྟོས་པའི་ཆོས་ཏེ། སྣོད་བཅུད་དམ་གཟུང་འཛིན་ནམ། འཁོར་འདས་སམ་ལམ་གཉིས་སུ་འཛིན་དབང་གིས་ཆོས་ཅན་གྱི་དངོས་པོ་ཐམས་ཅད་དོ། །ཉིད་དུ་ཞེས་པ་དཔེར་ན། གསེར་དུ་བྱས་པའི་རྫས་རྣམས་གསེར་དུ་གཅིག་པ་བཞིན། ཆ་ཤས་ཀྱི་དངོས་པོ་ཐམས་ཅད་མ་འགགས་པར་སྣང་ཙམ་ཉིད་ནས། སོ་སོའི་ཆ་ཤས་མཚན་མ་དང་བྲལ་ཏེ། ཆོས་ཉིད་དང་གཉིས་སུ་མེད་ཀྱང་། དེ་ཉིད་ཀྱང་གཉིས་ཅན་ལ་བལྟོས་པའི་དབང་གིས་མཐའ་ཡིན་ཏེ། དེ་ཉིད་དུ་དེ་ལ་གཟུང་བ་དང་ཡང་བྲལ་བས་བསམ་བརྗོད་ཀྱི་ཡུལ་ལས་འདས་ཏེ། དོན་དེས་ན་སྤྲོས་དང་བྲལ་ཞེས་པས། ཆ་ཤས་ཉིད་དུ་མ་འགགས་པར་སྣང་བས་སྟོང་པའི་སྤྲོས་པ་དང་བྲལ་བ་ལ་ངོ་བོ་ཆོས་ཉིད་ལས་མ་གཡོས་པས། སྣང་བའི་སྤྲོས་པ་དང་བྲལ་ཏེ། དོན་དེ་ཉིད་ལ་དེ་ཉིད་དུ་འཛིན་པ་དང་བྲལ་བས། ངོ་བོའི་སྤྲོས་པ་ངང་གིས་ཞི་ལ། ལྟ་བའི་ངོ་བོ་འདི་ལྟ་བུའི་ཞེས་འཛིན་པ་ངང་གིས་མ་དམིགས་པས་ཡུལ་གྱི་སྤྲོས་པ་དང་བྲལ་བས། སྤྲོས་བྲལ་ཉིད་དུ་སྨོས་པ་ཡང་ཐ་སྙད་ཙམ་ལས་ངོ་བོ་འདི་ལྟ་བུའོ་ཞེས་བརྗོད་པར་མི་ནུས་ཏེ། དམིགས་པར་བྱ་བའི་ཡུལ་དང་བྲལ་ཞིང་ཐོབ་བྱ་ངང་གིས་མ་གྲུབ་བོ། །དོན་དེ་ཉིད་ནི་དཔེ་དོན་རྟགས་གསུམ་དབྱེར་མེད་པ་སྟེ། དཔེ་ནི་ནམ་མཁའི་ཆ་ལས་བྱུང་བའི་ཤས་སྣ་ཚོགས་ཅི་ལྟར་སྣང་ཡང་སྣང་ཙམ་ཉིད་ན་ནམ་མཁའ་ཉིད་དུ་འོང་བསྡུས་མེད་པར་རྫོགས་པས་སྤྲོས་དང་བྲལ་ལོ། །དོན་ཆོས་ཉིད་ཀྱི་ཆ་ལས་ཆོས་ཅན་མཚན་མའི་ཆ་ཤས་སྣ་ཚོགས་སུ་སྣང་ཡང་ཆོས་ཉིད་འོང་བསྡུ་མེད་པས་ཆོས་ཅན་སོ་སོ་ཉིད་ནས་སྤྲོས་པ་དང་བྲལ་ཏེ་རང་བཞིན་ཆོས་ཉིད་དང་མི་ཕྱེད་པས་སོ། །རྟགས་སེམས་ཉིད་ཀྱི་ཆ་ལས་སེམས་བྱུང་ལོག་རྟོག་གི་ཆོས་ཐམས་ཅད་སེམས་ཉིད་ཀུན་གཞིའི་ངང་དུ་འོངས་དུས་མེད་པར་སེམས་བྱུང་གི་རྟོག་ཉིད་རིག་པ་རང་སར་སྤྲོས་པ་དང་བྲལ་བ་ནི་རྟོགས་པའི་ཉམས་སོ། །དེ་བས་དཔེ་དོན་རྟགས་གསུམ་དབྱེར་མེད་པ་ནི་ཐེག་པ་འོག་མའི་མཐའ་བྲལ་གྱི་ཆོས་ཉིད་ལྟ་བུ་མ་ཡིན་ཏེ། འདིར་རིག་པ་བྱང་སེམས་ཆོས་ཀྱི་དངོས་པོ་ཡུལ་དུ་མ་སྤངས་ཀྱང་ཆོས་ཉིད་ལ་དུས་གསུམ་དུ་མི་འགྱུར་ཞིང་ཆོད་བྱས་དང་། མཐར་འཛིན་དང་ཞེ་འདོད་ཕྲ་མོའང་མི་དམིགས་པ་སྟེ་ངང་ཞེས་བརྗོད་དེ། ལྟ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་གོ། །འོ་ན་གོང་གི་གཏན་ཚིགས་ཀྱི་དོན་དེ་ཉིད་བསྒོམ་པའི་དུས་སུ་བློ་དང་ཆ་ཤས་སུ་མི་འགྱུར་རམ་ཞེ་ན། ཅི་བཞིན་པ་ནི་མི་རྟོག་ཀྱང་། ཞེས་པས་བདག་ཉིད་ཆེན་པོའི་གཏན་ཚིགས་བསྟན་ཏེ། དེ་ཡང་བདག་ཉིད་ཆེན་པོ་ནི། སྣོད་བཅུད་ཀྱི་ཆོས་བྱང་སེམས་ལ་སྣང་ཞིང་བྱང་སེམས་རྫོགས་ཏེ། ནམ་མཁའ་ལ་མཐའ་དབུས་མེད་པར་སྣོད་བཅུད་མཐའ་མེད། དེའི་རང་བཞིན་རིག་བྱང་ཆུབ་སེམས་ལའང་མཐའ་འདི་ཁྱབ་འདིར་མ་ཁྱབ་མེད་དེ། ཐམས་ཅད་སྣུམ་པའི་ངོ་བོ་ཉིད་ཀྱང་། སྣང་སྟོང་གང་གིའང་མཐའ་ལ་མི་དམིགས་ཤིང་། བདག་ཉིད་དུ་རྫོགས་ཀྱང་ཞེར་འཛིན་ཕྲ་མོའང་མི་གནས་པ་ནི་གཞན་དུ་རྡུལ་ཕྲ་རབ་ཀྱང་མ་ལུས་པས། བདག་ཉིད་ཆེན་པོ་ཞེས་བྱ་སྟེ་བུ་ཏ་མེད་པའི་ཆེ་ཁོ་ནའོ། །དོན་དེ་ཉིད་ལ་ལམ་པའི་ངོར་ཡིན་པ་དང་། རྟོགས་པ་དང་མཐར་ཐུག་པ་གསུམ་གྱི་ཚུལ་དུ་སྣང་བས་འདིར་རྟོགས་པའི་ངོས་ཉེ་བར་བཟུང་སྟེ་གོང་དུ་ལྟ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་བཞིའི་དོན་ལ་འཇུག་པ་པོའི་བློའི་བྱེ་བྲག་གི་གདམ་ངག་གི་སྟོབས་ཀྱིས་མངོན་སུམ་དུ་སྣང་བ་དང་། ལུང་དང་མན་ངག་གིས་ཐོས་པའི་ཤེས་རབ་ལ་བརྟེན་ཏེ་རང་བཞིན་ངང་དུ་ཕེབས་པ་ནི་གཟའ་གཏད་བྲལ་བ་ལྟ་བའི་ངོ་བོ་སྟེ། བྱང་སེམས་ཆོས་ཐམས་ཅད་དང་དབྱེར་མེད་པའི་ངོ་བོ་ཚིག་ཙམ་མ་ཡིན་པར། སེམས་ཀྱི་དཀྱིལ་དུ་ཐག་ཆོད་དེ་གསལ་ལ་འགགས་པ་མེད་པ་ཉིད་ཆེད་འཛིན་ཐམས་ཅད་དང་བྲལ་བའོ། །ལྟ་བའི་རྩལ་གྱིས་ཐམས་ཅད་བདག་ཏུ་སྣང་། །བདག་ཐམས་ཅད་དུ་སྣང་ཡང་རྩ་ལོ་དང་སྤྲོ་བསྡུ་དང་། དམིགས་གཏད་གཏན་ནས་མ་གྲུབ་པའོ། །དེ་ལྟ་བུ་ནི་ལམ་སྒོམ་པའི་གཞིའོ། །རྟོགས་པས་ཆོག་ཅེས་དེ་ཙམ་དུ་བཞག་ཀྱང་ཟག་བཅས་ཀྱི་མཐོང་ལམ་མོ། །དེ་དག་ནི་གོང་གི་ངང་གིས་རྟོགས་པའི་སྣོད་ཡིན་ཏེ་འདིར་ལྟ་བསྒོམ་གྱི་མཚམས་སོ། །དོན་དེ་ཉིད་མ་བསྒོམ་པའི་ངོ་བོ་ནི་ཅི་བཞིན་པ་ཞེས་པ་བསྒོམ་པ་དམིགས་གཏད་དང་བྲལ་བར་བསྟན་ཏེ། ལྟ་བའི་ངོ་བོ་ངང་གི་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་བྱེད་པ་པོས་མ་བྱས་ཡེ་ནས་ཅི་ལྟར་གནས་པ་དེ་བཞིན་བྱ་བ་ལྟ་བུ་སྟེ་འདིར་ཅི་བཞིན་ལ་ཙམ་བློའི་ཡུལ་དུ་བྱེད་ན་ཡང་དེ་ཉིད་ལ། རྟོག་པ་ཉིད་མེད་དེ། ཅི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ། བདེ་བ་ཆེན་པོ་འདོད་པ་ཆགས་པའི་ནད་ཡིན་ཏེ། ཞེས་སོ། །དེ་བས་ན་འདིར་དེ་ལྟ་བུ་ནི་ངོ་བོའི་སྤྲོས་པ་ཡིན་ཏེ། རྫོགས་ཆེན་རང་གི་གོལ་ས་ཡང་ཡིན་ནོ། །དེས་ན་ཏིང་ངེ་ནད་དང་བྲལ་བའི་ངོ་བོ་ནི་ལྟ་བའི་སྲོག་སྔོན་དུ་སོང་བས་གྱུར་པ་བདག་ཉིད་ཆེན་པོའི་དོན་རྒྱུ་རྐྱེན་ལས་མ་བྱུང་། བྱེད་པ་པོས་མ་བྱས། གཟུང་འཛིན་ཕྲ་མོའང་མ་དམིགས། ཅི་བཞིན་པ་ཞེས་དོན་ཡིད་ལ་འཛིན་པར་ཡང་མི་རྟོག་སྟེ། བསྒོམ་བྱ་དང་བསྒོམ་བྱེད་ཀྱི་རྣམ་པ་མེད་པས། ཡིད་ལ་བྱེད་པ་དང་། ཞེ་ལ་འཛིན་པ་མེད་པར་གང་དུའང་མི་དམིགས་མི་དམིགས་པ་ཉིད་དུའང་མི་དམིགས་ཏེ། རང་གསལ་གྱི་ཡེ་ཤེས་ཆེན་པོའི་བསྒོམ་པའོ། །འདིར་ཡང་དཔེ་དོན་རྟགས་གསུམ་སྦྱར་ཏེ། དཔེ་ཅི་བཞིན་པ་ནམ་མཁའ་སྟེ། ནམ་མཁའ་ཡེ་ནས་མ་བཅོས་ཅི་བཞིན་ཉིད་དུ་གནས་པས་མི་རྟོག་སྟེ་ད་གདོད་ནམ་མཁའ་ནམ་མཁའ་སྒྲུབ་པ་མ་ཡིན་མི་རྟོག་མི་དམིགས་ཡུལ་དུ་མི་བྱེད་མི་བརྩལ་ཏེ། ཡོད་པ་ལས་མེད་པ་ལ་ཡོད་པར་མི་འགྱུར་ཕྱོགས་རིས་མེད་པས། ངང་ཅི་བཞིན་པ་སྟེ་མ་བཅོས་ཤིང་དམིགས་པ་དང་བྲལ་ལོ། །དེ་བཞིན་དུ། དོན་ཆོས་ཉིད་ནི་ཡེ་ཅི་བཞིན་པ་སྟེ་མ་བཅོས་པར་གནས་པས་ཞེས་མི་རྟོག་ཅེས་པ། གདོད་ཆོས་ཉིད་ཀྱི་ཆོས་ཉིད་མི་བསྒྲུབ། དེས་འགྲེ་བས་མི་རྩོལ་མི་སེམས་ཡུལ་དུ་མི་བྱེད། མི་དམིགས་མི་བསྐྱེད་ཡོད་པ་ལས་མདོར་མི་འགྱུར་མེད་པ་ལ་ཡོད་པར་མི་འགྱུར། དུས་གསུམ་གྱི་བྱ་བ་དང་བྲལ་ཏེ། གཉིས་སུ་མེད་པའི་ཕྱིར་མི་རྟོག་པའོ། །རྟོགས་ནི་རང་གི་བྱང་སེམས་རྒྱུ་རྐྱེན་གྱི་བྱ་བ་ཐམས་ཅད་དང་བྲལ་བ་ཅི་བཞིན་པ་སྟེ། མི་རྟོག་ཞེས་པ་དང་དགོད་སེམས་ཀྱིས། སེམས་ཉིད་མི་བསྒྲུབ་མི་རྩོལ་མི་སེམས་ཡུལ་དུ་མི་བྱེད་མི་དམིགས་མི་རྟོགས་སྔར་མེད་པ་ལས་ཡོད་པར་མི་སྒྲུབ། མེད་པ་ལས་ཡོད་པར་མི་སྒྲུབ། རྒྱུ་འབྲས་སུ་མི་རྟོག །བག་ཆགས་དང་སྒྲིབ་བྱེད་དུ་མ་དམིགས་དུས་གསུམ་གྱི་བྱ་བ་དང་བྲལ། འཁོར་བ་ལས་འདས་པ་དང་། སེམས་ཅན་ལ་བུ་ཏ་དང་། མ་དག་པ་དག་པར་བསྒྱུར་མེད། གཉིས་པའི་ཐ་སྙད་ཐམས་ཅད་དང་། ངང་གིས་བྲལ་བས་མི་རྟོག་ཅེས་བྱའོ། །དེས་ན་དེས་བཅོས་སུ་མེད་ཀྱང་མི་རྟོག་པ་ནམ་མཁའི་དོན་ཅི་བཞིན་མི་རྟོག་པ་ཆོས་ཉིད། རྟགས་ཅི་བཞིན་མི་རྟོག་པ་ནི་སེམས་ཉིད་དང་འདི་གསུམ་སོ་སོར་མཚོན་ཀྱང་དབྱེར་མེད་པ་ནི་བདག་ཉིད་ཆེན་པོ་སྟེ། ཅི་བཞིན་པ་ཉིད་ཡུལ་དུ་བྱས་པ་མེད་ལ། དེ་ཉིད་དུ་འཛིན་པའང་མེད་པས་མི་རྟོག་ཅེས་བྱ་སྟེ་བསྒོམ་པའི་ངོ་བོ་མ་ནོར་བའོ། །ཀྱང་ཞེས་པ་ནི། མི་རྟོག་པ་དེ་ཉིད་འགོག་པའི་མཐའ་ཅན་ནམ་དབུ་མའི་སྤྲོས་བྲལ་ཟང་མ་ལྟ་བུ་མ་ཡིན་པར་སྟོན་པས་ཐམས་ཅད་མཁྱེན་པའི་བསྒོམ་པ་ནི། རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཞེས་པ་ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པ་ནི་རྒྱུ་མི་འདྲ་བའི་ཏིང་ངེ་འབྲས་བུ་རེ་ལ་ལྟ་མ་ཡིན་ཏེ། གདོད་མ་ཉིད་ནས་ཐམས་ཅད་མཁྱེན་པའི་ངོ་བོ་མ་འདྲེས་ཡོངས་རྫོགས་ཏིང་ངེའི་ངོ་བོ་སྟེ་བསྒོམ་པའི་ངོ་བོ་རེ་རིག་ཅིང་བཞིན་པ་ཉིད། དམིགས་འཛིན་ཐམས་ཅད་དང་བྲལ་ཡང་། །མྱ་ངན་ལས་འདས་པའི་ཆོས་རང་བཞིན་ཆེ་ཡོན་དང་བཅས་པའི་རྣམ་པ་ཐམས་ཅད་དང་། ལམ་གྱི་ཆོས་མ་ལུས་པའི་རྣམ་པ་དང་སྲིད་པའི་ཆོས་རྒྱུ་དང་འབྲས་བུ་ཡུལ་དབང་པོར་བཅས་པ་ཐམས་ཅད་ཀྱི། རྣམ་པར་རང་གསལ་བར་སྣང་ཡང་གོས་པའམ་འཛིན་པ་མེད་པ་ནི། མཛད་ཅེས་པས་ངོ་བོ་ཉིད་ཀྱི་མཛད་པ་ཐམས་ཅད་ཀྱི་བྱེད་པ་པོ་སྟེ་དོན་དེ་ཉིད་ལ་དུས་གསུམ་མི་གཡོ་བ་ནི་ཐམས་ཅད་མཁྱེན་པའི་སྒོམ་པ་ཞེས་སོ། །དེས་ན་ཐམས་ཅད་མཁྱེན་པ་བསྒོམ་པའི་མཆོག་ངོ་བོ་ཉིད་ནི་དམིགས་སུ་མེད། ཅེས་པ་དང་། མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་པའོ། །དེས་ན་ལྟ་བའི་ངང་ལ་དུས་གསུམ་མི་གཡོ་བའི་ཞེན་འཛིན་དང་བྲལ་ཡང་། རང་གསལ་རྒྱ་མཚོའི་འཇིངས་ལྟར། རེ་དོགས་ཀྱི་ཐ་སྙད་མི་གནས་པ་ཏིང་ངེ་འཛིན་གྱི་ངོ་བོའོ། །ལམ་པའི་ངོར་གལ་ཏེ་ནམ་མཁའ་དང་ལྟ་བའི་སྲོག་གིས་རྟོགས་པ་ཉིད་སྤང་དུ་མེད་པར་ཐག་ཆོད་པར་གསལ་བ་ཉིད་ཀྱིས་སྐྱོན་ཐམས་ཅད་རང་དག་གོ། །དེའི་ངང་ལས་ཀུན་ཏུ་བཟང་ཞེས་བྱ་སྟེ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། །སེམས་ཀྱི་ཆོས་ཉིད་ལ་རྟོགས་རྟུལ་གྱི་སྐྱོན་མི་མངའ་བས་རང་བཞིན་ཀུན་ཏུ་བཟང་པོ་དང་། དེའི་དོན་སྣང་ནས་རང་བྱུང་ཡེ་ཤེས་ཀུན་ཏུ་རང་གསལ་བ་ལ་ཡོང་གིས་འོད་གསལ་བས་གཟུང་འཛིན་གྱི་འཕན་སེལ་མི་གནས་པས། ལྟ་བ་ཀུན་ཏུ་བཟང་པོ་དང་། ཕྱི་ནང་མེད་པར་རང་རིག་བྱང་སེམས་སུ་ལྷུན་གྱིས་གྲུབ་པ་ལ་མཚན་མའི་གཡོ་འགུལ་ངང་གིས་མི་གནས་ཤིང་། གལ་ཏེ་ན་ཡང་ཡེ་ཤེས་སུ་སྣང་བས་ཞེར་འཛིན་ཕྲ་མོའང་མ་དམིགས་ཏེ་ཏིང་ངེ་འཛིན་ཀུན་ཏུ་བཟང་པོ་དང་། སྒོམ་པའི་ངོ་བོ་ཉིད་ལ་ཕྱོགས་རིས་མེད་པས་སྤྱོད་པ་ཀུན་གྱི་དགོངས་གཞིར་གྱུར་ཀྱང་། མི་གོས་པ་ནམ་མཁའ་བཞིན་པས་བླང་དོར་བྲལ་ཏེ་སྤྱོད་པ་ཀུན་ཏུ་བཟང་པོ་དང་། བདག་ཉིད་ཆེན་པོའི་ངང་ལ་བདག་གཞན་འབྱེད་པ་མེད་དོ། །མི་གཉིས་པར་རྟོགས་པས་ཐམས་ཅད་བྱང་སེམས་སུ་བསྒྲལ་ཟིན་པའི་ཕྲིན་ལས་རྒྱུན་མི་འཆད་པས་ཕྲིན་ལས་ཀུན་ཏུ་བཟང་དང་། སྐུ་ལྔ་ལྷུན་གྱིས་གྲུབ་པས་ཀུན་ཀུན་ཏུ་སྐྱོན་མེད་པར་ཁས་བླངས་སོ། །སྣ་གཅིག་ཏུ་ནམ་མཁའི་ངང་ལས་བྱུང་བའི་རྣམ་པ་སྣ་ཚོགས་སུ་སྣང་བ་ཉིད་ནམ་མཁའི་ངོ་བོ་ཉིད་ཀྱི་མཛད་པར་ཤར་བས་ནམ་མཁའ་ཉིད་ཟིན་ཆགས་མེད་དེ་ཀུན་ཏུ་བཟང་པོ་དང་། ཆོས་ཉིད་ཀྱི་ངང་ལས་ཆོས་ཅན་གྱི་མཚན་མ་སྣ་ཚོགས་རྣམ་པར་སྣང་ཡང་། ཆོས་ཉིད་རང་བཞིན་གྱི་མཛད་པ་མི་འགག་པར་ཤར་བས་ཆོས་ཉིད་ལ་ཟིན་ཆགས་མེད་པ་དང་། སེམས་ཀྱི་ངང་ལས་སེམས་བྱུང་གི་བློའི་རྣམ་པར་རྟོག་པ་མཐའ་ཡས་སྣང་ཡང་། སེམས་ཉིད་དུ་སྣང་བ་མི་འགགས་པར་ཤར་བས་སེམས་ཉིད་ལ་ཟིན་ཆགས་མེད་དེ་ཀུན་ཏུ་བཟང་པོའོ། །དེས་ན་དཔེ་དོན་རྟགས་གསུམ་ཡང་། དབྱེར་མེད་དེ་བཞིན་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཐམས་ཅད་མཁྱེན་པའི་ལྟ་བ་ལ་ཞེ་འདོད་དང་བྲལ་བ་དང་། སྣང་བ་ཉིད་དངོས་པོའམ་མཚན་མར་མ་གྲུབ་པའི་ཕྱིར། ཀུན་ཏུ་བཟང་པོའི་དགོངས་པ་དང་རོལ་པའོ། །དེས་ན་ཀུན་ནས་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཐེག་པ་གཞན་ལས་དཔག་ལུགས་བསྟན་པ་ནི། ཟིན་པས་རྩོལ་བའི་ནད་སྤངས་ཏེ། ཞེས་པ། ཟིན་པས་ནི་རང་རིག་སྙིང་པོ་བྱང་སེམས་འབྲས་བུ་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་མ་གྲུབ་ཟིན་པ་དེ་ཉིད། རང་རིག་པའི་མངོན་སུམ་དུ་བྱས་པ་ལ་ཡུལ་དུ་མ་གྲུབ། རང་གི་རང་བཞིན་མངོན་དུ་སྣང་བའི་གཏན་ཚིགས་ཀྱིས་རྩོལ་བ་ཞེས་པ། རྒྱུ་འབྲས་སུ་སྒྲུབ་པའི་རྩོལ་བ་དང་། ལམ་ལྟ་སྤྱོད་བསྒོམ་པ་ལ་སོགས་པའི་ཆེད་དུ་འཛིན་པའི་རྩོལ་བ་ཕྲ་རགས་རྣམས་ནི། ལུས་ངག་དུབ་ཅིང་འཛིན་པ་ཉིད་ཀྱིས། སླར་རང་བྱུང་ཡེ་ཤེས་མཐོང་དུ་མི་སྟེར་བའི་ནད་ལྟ་བུར་གྱུར་པའི་ཕྱིར་ཤིན་ཏུ་རྣལ་འབྱོར་ལ་འོག་མའི་བྱ་རྩོལ་མི་དགོས་པས་སྤངས་ཞེས་བསྟན་ཏོ། །འོན་ཀྱང་བླང་དོར་གྱིས་སྤངས་པ་ལས་འདས་ཏེ། བླང་དོར་མ་དམིགས་མཐས་མ་གོས་པའོ། །དེ་ནས་ཐེག་པ་འདིར་ཆུད་པའི་སྐྱེས་བུ་ནི་སྙིང་རྗེ་བྱང་ཆུབ་རྩོལ་བའི་བྱ་བ་ཐམས་ཅད་དང་། ཡེ་བྲལ་བའི་ངང་དུ་གནས་པས། གདོད་ཐོབ་པར་འདོད་པའི་རྩོལ་བ་ལ་མི་རྟེན་ཏེ། ངོ་བོ་གྲུབ་ཟིན་པའི་ཆོས་ལ་གདོད་ངང་གིས་མི་གནས་པའི་རྩོལ་བའི་ནད་སྤངས་ཞེས་བྱ་སྟེ། ནད་སོས་པས་བདེ་བར་གནས་པ་དང་འདྲའོ། །ཡང་ན་ཟིན་པས་ཞེས་པ་ལུང་གིས་ཟིན་པའི་དོན་བཅུ་དང་ལྡན་ཏེ། ངོ་བོ་ཐམས་ཅད་མཁྱེན་པའི་བསྒོམ་པ་བདག་ཉིད་ཆེན་པོ་ཉིད་ཀུན་ཏུ་བཟང་པོ་ལྔ་ལྷུན་གྱིས་མ་གྲུབ་པའི་དུས་སུ། གཞི་ཅི་ལྟ་བ་མངོན་དུ་སོན་པའི་ལྟ་སྒོམ་གྱི་ངང་ལ་རང་རིག་གདོད་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གསལ་བས་ལྟ་བའི་ངོ་བོ་ཡུལ་དང་ཡུལ་ཅན་མེད་པར་སྤྱན་གྱི་དམ་པར་གྲུབ་ཟིན། སྙིང་པོ་བྱང་ཆུབ་ལ་དགོངས་འགྲེལ་དུ་གཞུགས་པས་བསྒོམ་པའི་ངོ་བོ་བསམ་གཏན་ཆེན་པོར་ཡེ་ནས་གྲུབ་ཟིན། ལྷུན་གྱིས་མ་གྲུབ་པའི་ཡེ་ཤེས་ལ་ཐོབ་བྱ་ཐོབ་བྱེད་མེད་པར་བདག་ཉིད་ཆེན་པོར་མངའ་བརྙེས་ཟིན། ཐིག་ལེ་ཆེན་པོ་བསྲུང་མཚམས་ཀྱི་འཛིན་པ་དང་བྲལ་བས་ཉམས་པ་བཞི་ལས་མ་གྲུབ་པས་སྐོལ་ཟིན། མ་གྲུབ་པ་གྲུབ་པར་བྱེད་དེ། ངོ་བོ་ཉིད་བྱང་ཆུབ་ཀྱི་ཀློང་ལས་མ་གཡོས་པས་འབྲས་བུ་བྱང་ཆུབ་མངོན་དུ་སྣང་ཟིན། རང་རིག་སྤྱོད་ཡུལ་དང་བྲལ་བ་ཉིད་དུ་ཆོས་ཐམས་ཅད་བྱུངས་ཐིབས་པས། པུ་ཙ་ཕུལ་ཏེ་འབྲས་བུ་ཡང་སྣང་ཟིན། མ་འདྲེས་ཡོངས་རྫོགས་ཀྱི་ཡེ་ཤེས་རང་གསལ་བས་མ་དམིགས་པ་ལ་མ་འགག་པའི་འཁོར་བཀོད་ཟིན། འཁོར་བའི་སྤྱོད་པ་འོས་པ་དེ་ཆེད་འཛིན་གྱི་ངང་ལ་འགྲེ་ལྡོག་སྤྱིར་ཚུགས་གར་འགྲེས་ཀྱང་ངོ་བོ་ཉིད་ལས་མ་གཡོས་པས་ངང་གིས་འཁོར་བར་མི་ལྡོག་སྟེ་དངོས་གྲུབ་ཐོབ་ཟིན། ཁམས་གསུམ་ལ་སོགས་པའི་མཛད་པ་ཐམས་ཅད་དུ་རང་ཤར་ཅིང་བྱང་སེམས་ལས་མ་གཡོས་ཏེ། མ་སྨིན་པ་མེད་པས་འགྲོ་དོན་མཛད་ཟིན། འབུ་ཏ་སེམས་ཅན་ཐམས་ཅད་ཀྱི་བྱེད་སྤྱོད་ཐམས་ཅད་དུ་རང་ཤར་བ་ལ་ཆེད་དུ་བྱ་བ་མེད་པས་སྤྱོད་པ་སྤྱད་ཟིན་པའི་ཕྱིར། རྩོལ་བ་པོ་ངང་གིས་མི་གནས་ཏེ། ལུང་ཨ་ནུ་མན་ཆད་ཀྱི་རང་ལ་མཐའ་དབུས་མེད་པའི་རྩོལ་བ་དང་། དོན་རྟགས་འབྱེད་པའི་རྩོལ་བ་ལ་སོགས་པ་བཅོ་ལྔ་ནི་འདིར་གཟུང་འཛིན་བྱ་རྩོལ་དུ་སྣང་བ་ཉིད། རྩོལ་བའི་ཆུ་བོ་རབ་མེད་ལ་འབོག་པ་སྟེ། ཐར་བར་དཀའ་བའི་ནད་ཆེན་པོའོ། སྤངས་ཏེ་ཞེས་པ་མ་གོས་པ་སྟེ། ཏིང་ངེ་འཛིན་ཆེན་པོའི་སྐབས་འདིར། རྩོལ་བ་དེ་དག་མ་སྤངས་ངོ་བོས་བྲལ་བས་ལམ་པ་ཡང་ངོ་བོ་ཉིད་མངོན་དུ་གྱུར་པ་ཁོ་ནའི་ཕྱིར་ཡ་བྲལ་བའི་སྨན་ཆེན་པོའི་ངོ་བོ་ཉིད་དུ་བཞུགས་པ་ལ ། སྤང་ཞེས་བྱའོ། །དེས་ན་རྩོལ་བ་རྣམས་དང་བྲལ་བས་ཐེག་པ་འོག་མ་ལས་དཔགས་པར་བསྟན་ཏེ། རྩོལ་བའི་ཆོས་དེ་དག་དངོས་གྲུབ་ཐབས་སུ། རེ་ནས་མི་སྤྱོད་པ་ནི་ཡེངས་པའོ། །ཏིང་ངེ་འཛིན་འབྲས་བུ་ལྷུན་གྱིས་མ་གྲུབ་ཏུ་བསྟན་པ་ནི། ལྷུན་གྱིས་གནས་པས་བཞག་པ་ཡིན། ཞེས་པ་གོང་དུ་རྩོལ་བའི་ནད་ཡིན་པའི་ཕྱིར་དེ་ལ་མི་གནས་ནས། ཆོས་ཉིད་ལྷུན་གྱིས་གྲུབ་པ་ལ་མི་གནས་པའི་ཚུལ་གྱིས་གནས་ན་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རང་བཞིན་ཆོས་ཉིད་ཡེ་ནས་བྱ་རྩོལ་ལས་འདས་ཏེ། འབྲས་བུ་ངོ་བོ་ལྷུན་གྱིས་གྲུབ་པར་རྟོགས་པའི་རྣལ་འབྱོར་སྒོམས། བྱ་ཡུལ་དུ་མ་གྲུབ་པའི་ཕྱིར་སྒོམ་བྱེད་ཀྱི་བློ་ཡང་ལྷུན་གྱིས་གྲུབ་སྟེ། བསྒོམ་བྱ་བསྒོམ་བྱེད་དབྱེར་མེད་པར་གནས་པ་ནི་སེམས་རིགས་པ་རང་སར་བཞག་པས་ཐབས་ཐམས་ཅད་དང་བྲལ་བའི་ཐབས་དམ་པ། དམིགས་གཏད་ཐམས་ཅད་དང་བྲལ་བའི་བསམ་གཏན་དམ་པ་ཡུལ་དང་བྲལ་བའི་ལྟ་བ་དམ་པ། སྒྲིབ་པ་མ་དམིགས་སྤང་པ་དམ་པ། ཐོབ་པ་དང་བྲལ་བའི་འབྲས་བུ་དམ་པ་ཡིན་པས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་བོ། །དེ་ནི་བྱང་སེམས་ཀྱི་ཏིང་ངེ་འཛིན་ཡིན་པའི་དོན་ཅི་ལྟ་བ་མ་བཅོས་པ་ནི་མ་འདྲེས་པ་ཡོངས་རྫོགས་བྱང་སེམས་ཆོས་ཐམས་ཅད་ཀྱི་བདག་ཉིད། ཡེ་ནས་ལྷུན་གྲུབ་ཏུ་བཞུགས་ཏེ། དེ་ལྟ་བུའི་ངང་ལས་ཡུལ་དང་ཡུལ་ཅན་མེད་པར་དུས་གསུམ་དུ་མི་འགྱུར་པ་ལ་ནི་བཞག་པ་ཡིན་ཞེས་བྱ་སྟེ། བསྒོམ་པའི་ངོ་བོ་མཐར་ཕྱིན་པ་དེ་ཉི་མ་སྟོང་དུས་གཅིག་ལ་ཤར་ན་མུན་པའི་དཔགས་ཕྲ་མོ་ཡང་མི་རྙེད་པ་བཞིན་བསྒོམ་པའི་འགལ་རྐྱེན་ཀ་ནས་དག་པས། མཐའི་མུན་པ་ཡེ་ནས་མེད། ཅེས་གསུངས་པ་ལྟ་བུའོ། །འབྲས་བུ་ནི་སྒོམ་པའི་ངོ་བོ་མཐར་ཕྱིན་པ་ཉིད་ལ་འབྲས་བུ་ཞེས་བྱ་སྟེ། ལྷུན་གྱིས་གནས་པས་བཞག་པ་ཡིན། ཞེས་པ་ཡེ་ནས་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་ཟིན་པར་བསྟན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། རྒྱུ་རྐྱེན་གྱིས་མ་གྲུབ་པར་དགོས་འདོད་སྐོང་བའི་རང་བཞིན་དུ་བཞུགས་ཏེ། འབྱུང་བ་ཉིད་ཕྱོགས་དང་རིས་སུ་མི་རྙེད་ཀྱང་ཟད་འཕེལ་བྲལ་བ་རང་སྣང་བའོ། །དཔེ་དེ་བཞིན་དུ། རང་རིག་སྙིང་པོ་བྱང་ཆུབ་མཐའ་གང་དུ་ཡང་མ་ལྷུང་། ཕྱོགས་ཀྱི་འཛིན་པ་མ་སྤངས་ངང་གིས་དག །ངོ་བོ་གང་དུའང་མ་གྲུབ་བཞིན་རྐྱེན་ཅེས་ཀྱང་གཞོམ་དུ་མེད་པ་ཉིད། མ་རྟོགས་པའི་དུས་སུ་འཁོར་བའི་ཆོས་ཐམས་ཅད། དངོས་གཞིར་ལྷུན་གྱིས་གྲུབ་ལ། ཐབས་ལམ་ཐེག་པ་རིམ་པ་དགུ་ཡང་བྱང་སེམས་ལ་ལྷུན་གྱིས་གྲུབ་ཅིང་རང་སྣང་ལ་དག་པའི་སྣང་བ་མ་འགགས་པ་དཀོར་བདུན་དང་སྐུ་རིག་རྒྱན་གྱི་ཙ་ཀྲ་ཉེར་ལྔ་དང་བདེ་བར་གཤེགས་པའི་གུ་ན་བརྒྱ་བཞི་བཅུ་འོས་པའི་གུ་ན་ཐམས་ཅད་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ། དེས་ན་འོག་མ་བཞིན་སྐུ་གསུམ་གྱི་རྒྱུ། ཚོགས་གཉིས་བསགས་པའང་འདི་ལ་ཆེད་དུ་མ་གྲུབ་སྟེ། བྱང་སེམས་ཡེ་ནས་སྐུ་གསུམ་གྱི་ངོ་བོ་ཉིད་དུ་བཞུགས་སོ། །དེ་ལྟ་བུའི་བྱང་སེམས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཉིད། ལྟ་བ་པོའི་དབང་གིས་ཅིར་ཡང་སྣང་བས་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་གྱི་ངོ་བོ་ཉིད་དུ་བཞུགས་པ་བཞིན། ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་ཉིད་ལ་ལྷུན་གྱིས་གནས་སོ་ཞེས་བྱའོ། །གཞག་པ་ཡིན་ཞེས་པས། དེ་ཉིད་རྒྱུ་རྐྱེན་གྱི་རྣམ་པ་གང་ལ་ཡང་རག་མ་ལས་པར་སྣང་བ་སྤོངས་པའང་མེད། རང་བཞིན་ལེན་པའང་མེད། སྒྲིབ་པ་སྤོངས་བ་མེད་དེ་ཡེ་ཤེས་སུ་དག་ཡེ་ཤེས་ལན་པ་མེད་དེ་རང་གི་ངོ་བོར་ལྷུན་གྱིས་མ་གྲུབ། ལམ་སྒྲུབ་པའི་རྩོལ་བ་དང་བྲལ་ཏེ། འབྲས་བུ་རྒྱུ་ལ་རག་མ་ལས། མི་རྩོལ་བ་ཆེད་དུ་བསྟན་པའང་མེད་དེ། བྱང་སེམས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཤར། འབྲས་བུ་ཐོབ་པའི་རེ་བ་དང་ཡང་བྲལ་ཏེ། ཡུལ་དུ་མ་དམིགས་ལྟུང་གི་དོགས་པའང་མེད་དེ། གཞི་རྩ་དང་བྲལ་རིག་པ་ཉིད་ཡེ་ནས་བདག་ཉིད་དུ་གསལ། དེ་ལྟ་བུའི་རང་རིག་བྱང་སེམས་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོ། ལམ་གྱི་རྩོལ་བ་ཟད་པ་ཉིད་འབྲས་བུའི་མཐར་ཐུག་པ་འབྲས་བུའི་ངོ་བོ་དང་གུ་ན་ཐམས་ཅད་དུས་ལ་རེས་མོས་མེད་པས་ལྷུན་གྲུབ་ཏུ་འཆར་རོ། །འོ་ན་འོག་མ་དག་གིས། འབྲས་བུ་མཐར་ཐུག་སྐུ་གསུམ་སྟེ། ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ཆོས་སྐུར་སྣང་ལ་བསོད་ནམས་ཀྱི་སྟོབས་ལས་ལོངས་སྐུ་སྨོན་ལམ་གྱིས་སྤྲུལ་སྐུའོ་ཞེས་བརྗོད་ན། འདིར་རྒྱུ་དེ་དག་ལ་མ་སྨོས་པས་ཅི་ལྟར་སྣང་ཞེ་ན། དཔེར་ན་ཆུ་བསྒུལ་ན་རྙོག་མ་སྤངས་ཏེ། གཟུགས་བརྙན་གྱི་བྱེ་བྲག་ཐམས་ཅད། སྣང་ཡང་ཆུ་ཉིད་སྣང་བས་ཡུལ་དུ་མ་གྲུབ་པ་ལྟར། འདིར་རང་རིག་སྙིང་པོ་བྱང་ཆུབ་སེམས་འབྲས་བུ་ལྷུན་ཏུ་བཞུགས་པ་ཉིད། མ་བཅོས་རང་སར་བཞག་པས་ཏིང་ངེ་འཛིན་མཐར་ཕྱིན་ཏེ། ཆེད་འཛིན་ཕྲ་བའང་མ་དམིགས་པས་ཆུ་ཡི་རྙོག་མ་སངས་པ་སྟར་གནས་པ་ལ། ཐམས་ཅད་མཁྱེན་པའི་སྐུ་ལ་སོགས་པའི། ཆེ་ཡོན་རྣམས་ལྟ་བ་པོ་དང་མཐུན་པར་རང་རིག་ཉིད་དེ་དག་ཏུ་ཤར་ཡང་ཡུལ་དུ་མ་གྲུབ་པས་མི་ཕྱེད་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་ཀྱང་བྱའོ། །དབང་གི་ར་ཙ་ལྟར་ཟད་འཕེལ་མེད་པར་ལྷུན་གྲུབ་ཏུ་བཞུགས་པ་ནི། དེར་འཛིན་དང་བྲལ་བའི་རོལ་པ་མ་འགགས་པས། འདུ་ཤེས་མེད་པའི་ཐབས་ཀྱི་རོལ་པ་ཞེས་བྱའོ། །ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདིར་བདེ་བར་གཤེགས་པ་ཐམས་ཅད་རང་རིག་བྱང་སེམས་སུ་དབྱེར་མེད་པའི་ངང་གིས་ཞིང་ཁམས་ཆེ་ཆུང་རིས་སུ་བཅད་པ་མ་དམིགས་ཀྱང་། ལྟ་བ་པོའི་ངོ་ལ་ལྟར་སྣང་འགོགས་པ་ཡང་མ་ཡིན་ནོ། །འོན་ཀྱང་མཐར་ཐུག་པ་མེད་པའི་དབྱིངས་ན། ཞིང་ཁམས་གཉིས་པོ་མཐར་ཐུག་པ་མེད་པ་ན། དག་པ་དང་མ་དག་པའི་གདུལ་བྱ་མཐའ་ཐུག་པ་མེད་པ་ལ། སྐུ་གཉིས་དེ་ལྟར་སྣང་བ་ནི་གྲངས་དང་དབྱིངས་ཆུའི་སྣོད་ལྟར་གདུལ་བྱ་དང་མཐུན་པར་རང་སྣང་བ་ནི། བཀྲ་ཤིས་པའི་རྒྱུད་དུ་བསྟན་པ་ཡིན་ནོ། །དེ་དག་ཀྱང་རིམ་གྱི་བརྒྱུད་པ་དང་བྲལ། རྩ་བ་དང་ལོ་མ་དང་བྲལ་སྐད་ཅིག་གཅིག་ལ་ཕྱོགས་ཐམས་ཅད་རང་སྣང་ཡང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའང་མ་དམིགས་ཐུགས་རྗེས་རྗེས་སུ་འབྲང་བའང་མ་དམིགས་ཏེ། མེ་ལོང་གཡའ་དག་པའམ་དབང་གི་ར་ཙ་ལྟར་རྩོལ་བ་དང་བྲལ་རང་སྣང་བའོ། །འོན་ཀྱང་འོག་མ་དག་གིས་རིག་པ་བཞིན་དུ་ཚོགས་བསགས་པ་དང་སྒྲིབ་པ་དག་སྟེ། དོན་ཆེན་པོ་མཐོང་བའི་ཐབས་སོ། །དེས་ན་བརྒྱུད་པའི་རྒྱུར་འགྱུར་རོ། །འབྲས་བུ་ངོ་བོ་དེ་དག་གི་གཞི་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་མཐོང་བ་མེད་པའི་ཚུལ་གྱིས། རང་རིག་བྱང་སེམས་འབྲས་བུའི་ངོ་བོར་ལྷུན་གྱིས་མ་གྲུབ་པས། གསེར་ལ་གསེར་དུ་ཤེས་པ་བཞིན། འཁོར་བ་ཉིད་འདས་པ་ཞེས་བརྗོད་དོ། །དོན་དེས་ན་གདུལ་བྱ་མ་འགགས་ཡུལ་དུ་མ་གྲུབ་རང་རིག་བྱང་ཆུབ་སེམས་སུ་རྫོགས། རང་བྱུང་ཡེ་ཤེས་ཀྱི་ངང་ལ་མི་གཉིས་པས། ཁྱབ་པ་ཆེན་པོའི་ཐུགས་རྗེ་ཞེས་ཀྱང་དེ་ལ་བྱའོ། །དེ་ལྟ་བུའི་རྒྱུ་འབྲས་དང་ཕྱོགས་འཛིན་གྱི་རྣམ་པ་ཅན་གྱི། འབྲས་བུ་ལས་འདས་ཏེ་ཡེ་ནས་རྫོགས་པའི་དོན་ཉིད་མངོན་དུ་སྣང་བ་ལ། སྣོན་མ་གདབས་མི་གསལ་བ་གསལ་བར་བྱས་པ་མེད། ཆུང་བ་ཆེ་བར་བྱས་པ་མེད། རྒྱུ་རྐྱེན་རྣམ་པ་དང་བྲལ་ཏེ། བདག་ཉིད་ཆེན་པོར་ལྷུན་གྱིས་མ་གྲུབ་ནས་ཞེར་འཛིན་ཕྲ་མའང་མ་དམིགས་ཏེ། མཐའ་ཐམས་ཅད་དང་བྲལ་བའི་རང་རིག་བྱང་སེམས་གསལ་བ་དང་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུ་ལྷུན་གྱིས་གྲུབ་པས་ན་ལྷུན་གྱིས་གནས་པས་བཞག་པ་ཡིན་ཞེས་བྱའོ། །དེས་འབྲས་བུ་ལྷུན་གྱིས་གྲུབ་པའོ། །མན་ངག་ཞེས་པ། བུངས་ཆུང་ལ་དོན་ཆེ་བའི་གཏན་ཚིགས་ཏེ། བརྗོད་བྱེད་ཀྱི་ཚིགས་བུངས་ཆུང་བ་རྡོ་རྗེའི་ཚིགས་དྲུག་གིས། དོན་ཆེ་བ་སྟེ་རྣམ་པར་ཐར་པའི་ཐེག་པ་བསམ་གྱིས་མི་ཁྱབ་པའང་། ཐེག་པ་རིམ་པ་དགུར་འདུས་པ་དེ་ཡང་ཐེག་པ་ཡར་ལྡན་གླང་པོ་ཆེའི་དཔེས་རྫོགས་པ་ཆེན་པོར་འདུས་ཏེ། ཐེག་པ་མ་ལུས་པའི་དོན་སྟོན་པས་དོན་ཆེ་བ་སྟེ། བརྗོད་བྱེད་ཚིག་གོ། །བརྗོད་བྱ་དོན་བུངས་ཆུང་སྟེ། རང་རིག་བྱང་སེམས་ཅི་བཞིན་ཉིད་དམ་རྩོལ་བ་མེད་པའམ་རང་བྱུང་ཡེ་ཤེས་སམ་རྫོགས་པ་ཆེན་པོའམ། ས་གཅིག་པ་ཞེས་བྱ་སྟེ། དོན་གྱི་དངོས་པོ་ཚིག་གི་ཐ་སྙད་དུ་བརྗོད་ཀྱང་དེ་ཉིད་ཀྱིས་ཀྱང་། དོན་ལ་རེག་པར་མི་ནུས་པའི་ངོ་བོ་འདི་ལྟ་བུ་ཞེས་ཞེན་པས་བཟུང་བ་རྡུལ་ཕྲ་རབ་ཀྱང་མ་དམིགས་གང་ཡང་མ་སྤངས་ངང་གི་བྲལ་བའི་ངོ་བོའོ། །དོན་ཆེ་བ་ནི་དེ་ཉིད་རང་རིག་སྙིང་པོ་བྱང་སེམས་ཏེ། འཁོར་འདས་ལམ་པ་ཐམས་ཅད་མ་བརྩལ་བར་ལྷུན་གྱི་རྫོགས་པ་གཟུང་འཛིན་གཞི་བྲལ་འཁོར་བ་རང་དག་ཉི་མའི་སྙིང་པོ་ལྟར་མུན་པ་གཞི་བྲལ། མྱ་ངན་ལས་འདས་པ་ཞེས་པའང་མ་དམིགས་པས་བུ་ཏ་ཞེས་པའི་ཐ་སྙད་དང་ཡ་བྲལ་ཏེ་དོན་ཆེ་བ་དང་། ཐེག་པ་འོག་མའི་རྩོལ་བ་རྣམས་མ་སྤངས་ངང་གིས་དག་པ་དང་། འབྲས་བུའི་བདག་ཉིད་ལྷུན་གྱིས་གྲུབ་པས་ཡོན་ཏན་གྱི་རྩོལ་བ་ཐམས་ཅད་འབད་པ་མེད་པར་རང་འཆར་བ་དང་། འདི་ཉིད་དུ་རིམ་གྱིས་བགྲོད་པ་དང་བྲལ་ཞིང་རང་ཉིད་འབྲས་བུ་ལྷུན་གྱིས་གྲུབ་སྟེ་རང་གཞན་དུ་མ་ལས་པས་དོན་ཆེ་བའོ། །བྱ་སླ་དཔགས་དཀའ་བས་མན་ངག་དང་ཞེས་བྱ་སྟེ། བྱ་སླ་བ་ནི་རང་རིག་བྱང་ཆུབ་སེམས་བྱ་རྩོལ་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་ཀྱང་། ངོ་བོ་ཉིད་ལ་བྱ་རྩོལ་གྱི་ཆོས་ཀྱི་གོས་པ་ཕྲ་བའང་མི་དམིགས་ཏེ། ཅི་བཞིན་པ་ལ་དེ་ཉིད་དུ་རིག་པ་སོན་པ་ཉིད་ཀྱི་མཐར་ཕྱིན་པས་སླ་བའོ། །དོན་དེས་དཔགས་དཀའ་སྟེ། བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དང་། ཡུལ་དུ་མ་གྱུར་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས། ཉིད་ལ་རེག་པར་མི་ནུས་པ་དང་། འོག་མ་དག་གིས་གྲངས་མེད་གསུམ་ལ་སོགས་པར་བརྩལ་ཀྱང་། དེ་ཉིད་ཀྱི་སྒྲིབས་པས་མ་རིག་པའི་ཕྱིར། དཔགས་དཀའ་བའོ། །རྒྱལ་བའི་དགོངས་པ་བཀྲིད་དྲང་དང་བྲལ་བར་ངེས་པར་ཐོག་ཏུ་ཕེབས་པའི་ཕྱིར་ཡང་མན་ངག་སྟེ། རིག་པ་རང་བྱུང་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཉིད། གདགས་གཞི་དང་བྲལ་ཡང་ཐ་སྙད་དུ་རྒྱལ་བ་རྣམས་ཀྱི་དགོངས་པ་མ་ནོར་བའོ། །ཐེག་པ་བརྒྱད་པོ་ནི་ཐབས་ཀྱིས་བྱ་རྩོལ་གྱིས་དེ་ཉིད་བཀྲིད་ཅིང་དྲང་བའི་ཐབས་སོ། །འདིར་ཤིན་ཏུ་རྣལ་འབྱོར་པ་ལམ་རིམ་བགྲོད་དང་བྲལ་བ་ཉིད། ཡུལ་ཕྱི་ནང་ལ་གཏན་ཚིགས་དང་གྲུབ་མཐའ་དབྱེར་མེད་པའི་གཏན་ཚིགས་དང་། ས་གསུམ་དང་ཆེ་བ་ལྔ་དང་། ཐེག་པ་དྲུག་གི་སྤུ་མ་བརྗེས་མདོག་མ་བསྒྱུར་བར། སྣང་སྲིད་རང་གྲོལ་ཏེ། ཀུན་ཏུ་བཟང་པོར་ལྷུན་གྱིས་རྫོགས་པ་ནི། གཅིག་ཆོད་དུ་སྟོན་པ་ཐེག་པའི་དམ་པའོ། །དེས་ན་མན་ངག་ཞེས་བྱའོ། །རྫོགས་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་དང་། རིག་པའི་ཁུ་བྱུག་རྣམས་བཤད་ཟིན་ཏེ། ཞེས་བྱ་བ་ནི་བརྗོད་བྱེད་ཀྱིས་བརྗོད་བྱའི་འོག་འདྲེན་པའི་ཚིགས་ཏེ། དོན་སྟོན་པར་བྱེད་པའི་ཚིག་གིས་འཕྲད་དོ། །རྡོ་རྗེའི་ཚིག་དྲུག་པའང་མཚན་གྱི་སྐབས་སུ་བཤད་ཟིན་ཏོ། །རྫོགས་སོ། །ཞེས་བརྗོད་བྱེད་ཀྱིས་བརྗོད་བྱ་མཐར་ཕྱིན་ནས། བརྗོད་བྱེད་ཀྱང་མ་ལུས་པའི་ཐ་ཚིག་གོ། །དུས་གསུམ་མ་བྲལ་སྐད་གཅིག་མ་མཐོང་དོན། །སྣང་གྲགས་ཆོས་རྣམས་ཀུན་ཏུ་བཟང་པོའི་དབྱིངས། །རང་སྣང་ཡེ་ནས་འབྲས་བུའི་ངོ་བོ་ཉིད། །སྐད་གཅིག་ཉིད་ལ་སྣང་བས་ཁུ་བྱུག་སྟེ། །ཚིག་དྲུག་དོན་ཉིད་དམ་པ་བརྟེན་སྟོབས་ཀྱིས། །ཅུང་ཟད་སྣང་ཡང་གཏི་ནས་འོས་མིན་ཀྱང་། །ལོང་བ་ལ་ཡང་ལམ་རྒྱུས་ལྟོས་པ་བཞིན། །ཕན་པའི་སེམས་ཀྱི་ཕྱོགས་ཙམ་བཀྲོལ་བ་ཡང་། །མཐུ་ཆུང་ནན་ལ་བཏབ་པ་བཞིན་དུ་སྣང་། །རང་སེམས་དབང་བརྩུགས་དགའ་བའི་ཤུགས་ཀྱིས་བཀོད། །བཞེད་པ་ཅི་མཆིས་གོང་མ་རྣམས་ལ་བཤགས། །བརྩེ་བའི་སེམས་ལས་བྱུང་བའི་བསོད་ནམས་གང་། །མྱུར་དུ་འགྲོ་ཀུན་མཉམ་ཉིད་སྣོད་གྱུར་ནས། །ཐེག་མཆོག་ཉི་མ་བཞིན་དུ་དར་པར་ཤོག །དོན་གསལ་ཉི་མ་རྫོགས་སོ། །འདིའི་འཇིག་ཙམ་གྱིས་ཚིག་རིས་དང་གཞུང་ན་དམ་པ་བདེ་གཤེགས་ཀྱི་གསུང་བཀོད་པ་སོགས་ཀྱིས་གཙང་སྟོན་རིན་ཆེན་པས་མཛད་པར་ཐེ་ཚོམ་མེད་པར་འདུག་གོ། །ཞེས་སི་ཏུ་རིན་པོ་ཆེའི་ཕྱག་བྲིས་སུ་འདུག་གོ། །དགེའོ།། །།


previousརྫོགས་པ་ཆེན་པོ་ས་གཅིག་པའི་འགྲེལ་པ་དོན་གསལ་ཉི་མ། གཙང་སྟོན་རྡོ་རྗེ་རྒྱལ་མཚན། next