Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
རྫོགས་པ་ཆེན་པོའི་གལ་གནད། གཙང་སྟོན་རྡོ་རྗེ་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་གལ་གནད། གཙང་སྟོན་རྡོ་རྗེ་རྒྱལ་མཚན། next

རྫོགས་པ་ཆེན་པོའི་གལ་གནད། གཙང་སྟོན་རྡོ་རྗེ་རྒྱལ་མཚན།

བླ་མ་རིན་པོ་ཆེ་ཀཿཐོག་རྡོ་རྗེ་རྒྱལ་མཚན་གྱི་མཛད་པའོ། །རྫོགས་པ་ཆེན་པོའི་གལ་གནད། ཨཱོཾ་སྭཱ་སྟི། ན་མོ་གུ་རུ། བཀྲ་ཤིས་པར་གྱུར་ཅིག །སེམས་ཉིད་རང་རིག་ཡེ་ཤེས་ཉི་མ་སྟོང་ལྡན་འོད་ཟེར་གྱིས། ལྷན་ཅིག་གནས་པའི་མི་མཐུན་རྩ་བ་ཡན་ལག་བཅས་པ་རྣམས། སྐད་ཅིག་ཉིད་ལ་དངས་མཛད་སྟོན་ཀའི་ནམ་མཁའ་དག་པ་དང་། སེམས་ཉིད་གསལ་དབྱེར་མ་བྱེད་གསལ་སྟོང་སྨྲ་བསམ་ལས་འདས་པ། རང་སྣང་ཅིར་ཡང་འཆར་བ་དགོས་འདོད་དབང་གི་རྒྱལ་པོའི་ཚུལ། གདུལ་བྱའི་འཁོར་སློབ་དགོས་སྐོང་མཐུན་སྣང་མེ་ལོང་བཞིན། རྩ་ལོང་བྱུང་འཇུག་བྲལ་བ་ཆུ་ཡི་ཟླ་བ་ལྟ་བུའི་ཚུལ། ཡོན་ཏན་མཆོག་ལྡན་རྗེ་བཙུན་བླ་མ་རྣམས་ཀྱི་ཞབས་ལ་འདུད། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཐེག་པ་བསམ་གྱིས་མི་ཁྱབ་པ། །གདུལ་བྱའི་དོན་དུ་གསུངས་པ་ཡང་། །བློ་ཡི་རིམ་པ་བཞིན་སྣང་བ། །གདུལ་བྱའི་རྐྱེན་གྱིས་སྣང་བ་རྩམ། །ལྟ་སྤྱོད་སྒོམ་པ་འབྲས་བུ་རྣམས། །ཐེག་པ་སོ་སོའི་གཞུང་བཞིན་དུ། །བློ་དང་མཐུན་པར་སྣང་ན་ཡང་། །འདིར་ནི་བླ་མེད་ཐེག་པ་མཆོག །བགྲོད་པ་གཅིག་པས་ཚེ་གཅིག་གིས། །འབྲས་བུ་མངོན་དུ་བྱ་བའི་ལམ། །དབང་པོ་ཡང་རབ་སྦྱངས་པ་ཅན། །བསགས་པ་མཆོག་ཏུ་གྱུར་པ་ཡིས། །སྐྱེས་ཆེན་ཅིག་གི་བཅུད་ཡིན་ཏེ། །དཔེར་ན་སེང་གེའི་འོ་མ་བཞིན། །སྤྱིར་ཐུབ་པ་ཆེན་པོ་འདི་ཉིད་ཀྱིས། །བསྟན་པ་སྣང་བའི་ཐེག་པ་མཆོག །སྒོས་སུ་སྙིགས་མའི་ཐ་མ་ལ། །བསྟན་པ་དར་བར་ལུང་བསྟན་ཏེ། །སྐྱེས་མཆོག་ལམ་ལ་གནས་པ་རྣམས། །གྲངས་མང་བསམ་གྱིས་མི་ཁྱབ་པས། །རྗེ་བཙུན་བླ་མ་ཡན་དུ་བསྟན། །དད་བརྩོན་ཆེན་པོའི་དང་དུ་བླངས། །གྲུབ་ཐོབ་བླ་མ་ནམ་མཁའི་སྐར་མ་བཞིན། །གསང་སྔགས་བྱིན་རླབས་བསམ་མི་ཁྱབ། །སྤྱིར་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་བཞི་ཞེས་བརྗོད་ཀྱང་། ལྟ་བ་ནི་ལམ་གྱི་སྔོན་འགྲོ་ལམ་གྱི་གཞི་གང་གི་ཡང་རྒྱབ་རྟེན་ལྟ་བུ་ཡིན་ཏེ། དེ་ཐ་སྙད་ཡིད་ཀྱི་ཡུལ་དུ་བྱས་པའི་སྟོང་པ། སྤྱི་ཁྱབ་ཀྱི་ཞེར་འཛིན་ཅིག་ལ་ལྟ་བ་ཞེས་བརྗོད་དེ། འདིར་གདར་ཤ་ཆོད་པར་བྱེད་ན། གསང་སྔགས་ཀྱི་སྐབས་སུ་ལྟ་བ་གཉིས་ཏེ། སོ་སོར་རྟོགས་པ་ཡུལ་གྱི་ལྟ་བ་དང་། །མི་དམིགས་པའི་ཤེར་གྱི་ཡུལ་གྱི་ལྟ་བའོ། །སོ་སོར་རྟོག་པ་ཤེས་རབ་ཀྱི་ལྟ་བའོ། །ལུང་ཟབ་མོ་དང་བླ་མ་དམ་པའི་མན་ངག་གཉིས་སེམས་ཐོག་ཏུ་མ་ཕེབས་པར་ཐ་སྙད་ལ་དོན་དུ་འཛིན་ཏེ། སྣང་བ་སེམས་ཡིན། སེམས་ལས་བྱུང་ཞིང་སེམས་སུ་འདུས་ཞེས་པ་དང་། སྣང་བ་སྒྱུ་མ་ལྟ་བུ་ཞེས་པ་དང་། སྣང་བ་རང་བཞིན་མེད་པ་ཡིན་ཞེས་པ་དང་། ཕུང་པོ་ལྔ་རིག་ལྔ། འབྱུང་བ་ལྔ། ཡུམ་ལྔ། ཡིན་ཞེས་པ་ལ་སོང་པའི། སྙམ་བློ་ཡིད་ཀྱི་འདུ་ཤེས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་ལྟ་བ་སྟེ། དཔེར་ན་མུན་ནག་ནང་ན་རིན་པོ་ཆེ་ཚོལ་བའི། གསལ་བྱེད་སྒྲོན་མ་བཟུང་བ་ཡིས། རིན་པོ་ཆེ་མ་མཐོང་ནས་སྒྲོན་མ་དོན་དུ་འཛིན་པ་ལྟ་བུའོ། །མི་དམིགས་པ་ཤེས་རབ་ཡུལ་གྱི་ལྟ་བ་ནི། ཉམས་ཅན་གྱི་བླ་མ་ལུང་ཟབ་མོའི་དོན་ལ་བརྟེན་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་ལ་གཞལ་བ་ནི། ཆོས་ཐམས་ཅད་སེམས་སྣང་སྟེ། སེམས་ཉིད་རྟོགས་པའི་གཞི་མེད་བསྐྱེད་པའི་རྩ་བ་མེད་པར། རང་སྣང་མི་འགག་པ་ཡུལ་སེམས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པ་ལ་བརྡའ་སྤྲད་པས། ཡུལ་ཐམས་ཅད་སེམས་སུ་དབྱེར་མེད་པས་ཡུལ་མ་གྲུབ། སེམས་རྩ་བ་དག་སྟེ་ནམ་མཁའ་དང་དབྱེར་མེད། ཡུལ་དང་ཡུལ་ཅན་དབྱེར་མེད་པའི་དགོངས་པ། ལྷུན་གྱིས་གྲུབ་པས་རྣལ་འབྱོར་པའི་རིག་པ་དེ་ཉིད་དུ་གྱུར་པ་ལ་བལྟ་བྱ་བལྟ་བྱེད་མེད་རྟོགས་སྙམ་གྱི་ཞེ་རློམ་མེད་པ། དོན་དམ་ཉིད་ནི་ལྟ་བ་རྟོགས་པ་མཐར་ཕྱིན་པའོ། །ཐ་མལ་པའི་ཤེས་པ་ཡུལ་ལ་གསལ་བར་གཅོད་པའི་བདག་ཉིད་སྐད་ཅིག་མ་ནི། ཡིད་ཀྱི་ཤེས་རབ་ཅེས་བྱ་སྟེ་ཡུལ་དང་ཁྱད་མེད་པས། བསྒོམ་པའི་གནས་སྐབས་སུ་དག་བྱའོ། །དེ་ལྟ་བུའི་ལྟ་བ་མངོན་དུ་གྱུར་ཡང་། བསྒོམ་པས་འདྲིས་པར་མ་བྱས་པར་ཟག་བཅས་ཀྱི་སའོ། །ཟག་པ་མེད་པ་མངོན་དུ་སྣང་བ་ནི་སྒོམ་པའི་ཏིང་ངེ་འཛིན་ཁོ་ནའི་སྟོབས་སོ། །དེ་ལྟ་བུའི་ལྟ་བ་དེ་རྣལ་འབྱོར་པ་ལ་མངོན་དུ་གྱུར་པ་མི་སླ་ན་ཡང་། སོ་སོར་རྟོགས་པའི་ཤེས་རབ་ཙམ་ལ་བརྟེན་ནས། གདམ་ངག་རིམ་པ་བཞིན་ཉམས་སུ་བླང་པ་ན། ཏིང་ངེ་འཛིན་གོང་མའི་ཚེ་ལྟ་བ་དེ་དག་རང་བཞིན་གྱིས་རྟོགས་པར་འགྱུར་ཏེ། སྒོམ་པའི་སྟོབས་ཀྱིས་ལྟ་བ་སྐྱེ་བ་ཞེས་བྱའོ། །ལྟ་བྱ་ལྟ་བྱེད་མེད་པ་ལྟ་བ་མཆོག །རྟོགས་པའི་གདེངས་དང་ལྡན་པའི་སྐྱེས་བུ་ལ། །མི་འཇིགས་རྫོང་ལ་ཞེན་པའི་དཔའ་བོ་ནི། །གོ་མཚོན་ཕུན་སུམ་འཚོགས་པ་ལྡན་པ་འདྲ། །བྱས་འཛིན་བྲལ་བའི་འདུ་ཤེས་ལྷུན་གྲུབ་པས། །བསྔོ་བ་མི་དགོས་བྱང་ཆུབ་ཆེན་པོར་ཕྱིན། །ཡུལ་དྲུག་ཆོས་རྣམས་གང་དང་གང་མཐོང་བ། །གསལ་ལ་མི་འཛིན་ལྟ་བའི་ངོ་བོ་རྫོགས། །བྱས་འཛིན་བྲལ་བ་ནམ་མཁའི་བྱ་ལམ་བཞིན། །དུག་ལྔ་རང་རྒྱུད་དག་སྟེ་ཆ་ཕྲ་བ། །སྒོམ་པའི་ཏིང་ངེ་འཛིན་གྱིས་དག་པར་བྱེད། །འགྲོ་བ་རྣམས་ལ་ཐུགས་རྗེ་ཆེན་པོ་ཉིད། །ངང་ངམ་རྒྱུན་གྱིས་གཏིང་ནས་དྲག་པོར་འཆར། །ཕ་ལ་མོས་གུས་བར་མཚམས་མེད་པ་སྟེ། །གནག་ལས་འཕྲ་བའི་ཕྲ་བ་མིག་བཞིན་འཛེམ། །དཀར་པོ་ལས་རྣམས་རྒྱུན་འཆད་མེད་པར་འཕེལ། །འཇིག་རྟེན་བྱ་བ་སྦྲུལ་ཤུན་བཞིན་དུ་འདོར། །རང་གནས་མི་ཆགས་གཞན་དུ་འགྲོ་བར་འདོད། །རྨི་ལམ་རྟགས་ཀྱང་མང་འབྱུང་སྟེ། །ཐ་སྙད་བརྗོད་ཀྱིས་མི་ལང་མདོར་བསྡུ་ཙམ། །བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འདོད་པའི་རྣལ་འབྱོར་པས། ཟག་མེད་ནས་སངས་རྒྱས་ཀྱི་ས་མངོན་པའི་ལམ་གྱི་ངོ་བོ་ནི་ཏིང་ངེ་འཛིན་ཡིན་ཏེ། ཆོས་སྤྱོད་དགུ་པོ་གཞན་ཐམས་ཅད་ནི་དེའི་གདོང་གྲོགས་སུ་གྱུར་པའོ། །དེ་ཡང་རྒྱུ་ཅན་དྲུག་གིས་ལམ་གོང་ནས་གོང་དུ་འཕར་བ་བཙའ་མྱེ་བཞིན་ཏེ། བཙའ་མྱེ་ཆུང་ངུ་དུ་བ་ལ་མེ་སྟག །དེ་ལས་གོང་ནས་གོང་དུ་འཕེལ་ནས་མཐར་ཕྱིན་པ་འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པའོ། །རྒྱུ་ཅན་དྲུག་ནི། མཚུངས་པའི་རྒྱུ་ནི་རང་གི་རྟོགས་པའི་ཤེས་རབ། བསགས་པ་དང་སྦྱངས་པ་གཉིས་ཀྱི་བརྒྱན་པ། རྣོ་བ་རལ་གྲི་གན་མ་ལྟ་བུའོ། །གདམ་ངག་གི་སྟོབས་ཀྱིས་རིག་པ་མཐའ་བྲལ་གྱི་ཡེ་ཤེས་ཆེན་པོ། སེམས་ཉིད་མ་བཅོས་པ་གཉུག་མའི་ངོ་བོ་ཉིད་ངོ་སྤྲད་ནས་ཉམས་སུ་བྱུང་སྟེ། རང་ངོ་རང་གིས་ཤེས་པ་དང་། མཐའ་ཐམས་ཅད་དང་བྲལ་ནས་གོང་དུ་སྟོབས་སུ་གྱུར་ནས། འབྲས་བུ་སྦྱོར་བ་སྟེ། རྒྱུ་གཉིས་སོ་རྐྱེན་བཞི་ལ། བདག་པོའི་རྐྱེན་བླ་མ་སྟེ། དཔེར་ན་དབྱར་གྱི་ལོ་ཏོག་རླན་གྱིས་བསྐྱོད་ནས་སྟོན་འབྲས་བུ་ལྷག་པ་ལ། བདག་པོས་བདག་བྱས་ནས་རྐྱེན་ཆུ་ལུད་འཛོམས་པར་བྱས་ཏེ། ཐན་པའི་དུས་སུ་ཆུ་བཀྱེ། གཞན་གྱི་གནོད་པ་ལས་སྲུང་བར་བྱ་བ་དང་འདྲ་བར། རྡོ་རྗེ་སློབ་དཔོན་གྱིས་བདག་བྱས་ནས། ཏིང་ངེ་འཛིན་གྱི་འགལ་རྐྱེན་སྤང་། མཐུན་རྐྱེན་བསྒྲུབ་བོགས་འདོན་གྱི་གདམ་ངག་དབོག །ཉོན་མོངས་པ་དང་ཡུལ་གྱི་ཆོས་ཐམས་ཅད་སེམས་སུ་རྟོགས་པར་བྱེད། ལྟས་ངན་གཡང་དུ་བླན་མི་མཐུན་པ་གཉེན་པོར་བསྟེན་པ་ནི། ལམ་མཐོ་པོའི་ཡན་ལག་རྐྱེན་ཏེ། ལམ་དམའ་བའི་གྲོགས་རྣམས་ཀྱང་ཉམས་སུ་མྱོང་བར་བྱེད། འབྲས་བུ་ལ་སྦྱོར་བ་ནི་རྐྱེན་ནོ། །དཔེར་ན་རྡོ་རྗེ་སློབ་དཔོན་ནི་རྒྱུ་དང་རྐྱེན་གཉིས་ཀར་འགྲོའོ། །དབང་པོ་རྐྱེན་ནི། དབང་པོ་ལྔ་དང་སྟེ། མིག་ལ་བརྟེན་ཏེ་གཟུགས་ཐམས་ཅད་ཏིང་ངེ་འཛིན་གྱི་གྲོགས་སུ་འགྱུར་བ་དང་། རྣ་བ་ལ་བརྟེན་ཏེ་སྒྲ་ཐམས་ཅད་དེས་འགྲེས་པས། ཡུལ་དྲུག་གི་ཆོས་སེམས་ཉིད་ཀྱི་ངང་དུ་རྟོགས་པར་བྱེད་ལ། སེམས་མ་ཡེངས་པའི་བཏང་སྙོམས་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པ་ནི། དབང་པོའི་རྐྱེན་ནོ། །དམིགས་པའི་རྐྱེན་ནི། རྣལ་འབྱོར་པའི་དོན་དུ་གཉེར་བྱ་འཁོར་འདས་དབྱེར་མེད་པའི་ངོ་བོ་འོད་གསལ་གྱི་ཡེ་ཤེས་ཏེ། སེམས་ཉིད་ཅི་ལྟར་ཡིན་པའི་དོན་ལ། བྱས་བཅོས་ཐམས་ཅད་དང་བྲལ་བ་ཞེས་འདོད་ཕྲ་བའི་ཕྲ་བའང་མི་མངའ་བ་ནི་མ་བཅོས་པའི། དེ་ཉིད་ཆུའི་རང་བཞིན་གཤེར་བ་དང་འདྲ་བར། ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་ཅིང་། མི་མཐུན་པ་དང་གཉེན་པོ་མ་དམིགས་པའི་ངོ་བོ་ཉིད་ནི་གཉུག་མའི་བྱང་ཆུབ་སེམས་སོ། །གསང་སྔགས་ཀྱི་ངོ་བོ་འོད་གསལ་བ་ལ་སོགས་པ་མཚོན་པའི་ཐ་སྙད་ཚིག་གི་ཐ་སྙད་ཀྱིས་དོན་ཅིག་ཏུ་སྟོན་ལ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རི་དབང་གི་རྒྱལ་པོ། ཉི་མ་ཕྱེད་ནགས་ཚལ་གྱི་དབུས་སུ་བཞུགས་པ་ལྟ་བུ་སྟེ། དེ་ལ་དམིགས་པས་ཏིང་ངེ་འཛིན་སྟོབས་སུ་གྱུར། འབྲས་བུ་སངས་རྒྱས་པའོ། །དེ་མ་ཐག་པའི་རྐྱེན་ནི། གོང་མ་འགགས་པས་གོ་ཕྱེ་ནས། ཏིང་ངེ་འཛིན་སྟོབས་སུ་གྱུར་ཏེ། ལམ་པའི་ངོ་བོས་ཏིང་ངེ་འཛིན་པ་གཡོ་བ་དང་། དེ་ལས་སྐྱེད་དུ་བྱ་བ་རིམ་པ་བཞིན། ཐོབ་པ་དང་། བརྟེན་པ་དང་། མཐར་ཕྱིན་པའི་གཞི་ཀུན་ལ་སྦྱར་ཏེ། སྔ་མ་བརྟེན་པ་དང་། ཕྱི་མ་གཡོ་བ་དང་ཐོབ་པ་ཀུན་བསྣོལ་མ་ལྟ་བུ་སྟེ་རྒྱུད་འབྲེལ་པའོ། །ཁྲིགས་གདུམ་དུ་མེད་དོ། །དོན་གྱི་རྣམ་གྲངས་རྣམ་དབྱེར་མེད་དེ་ཁྲིགས་བུར་མེད་དོ། །ཉམས་སུ་ལེན་པའི་ཐབས་མདོར་བསྡུས་པར་གྱུར་ན། དགོངས་ཉམས་སུ་དང་ལྡན་པའི་བླ་མ་ལ། དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མས་ཞུས་ཏེ། བཅུད་འཛོམས་ནས། བླ་མས་གདམ་ངག་ཕོག་པའི་དོན། སློབ་མས་ཉམས་སུ་བླངས་པའི་དང་པོ་ལ། རིག་པ་མ་བཅོས་པའི་ཤེས་རབ་རང་སོར་བཞག་པའི་དུས་སུ། བྱིང་རྨུག་དང་རྒོད་འཐོར་གྱི་སྐྱོན་དང་བྲལ་ཉི་མ་ཕྱེད་སྐད་ཅིག་མ་ལ་རྒྱུད་དུ་གནས་པའི་ཚུན་ཆད་ནི་གནས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཏིང་ངེ་འཛིན་དང་པོའོ། །འདི་ཡི་དུས་སུ་རྟོགས་པས་མ་ཁྱབ་ཆེད་དུ་བསྒྲུབ་པའི་མ་བཅོས་པའོ། །སེམས་མཐོང་བའི་ལམ་མམ་སྣ་ག་ལྟ་བུ་ཡིན། ཞི་གནས་ཡིན་པས་རྣལ་འབྱོར་པ་བརྩོན་འགྲུས་སྟོབས་ཆེ་ན་ཉམས་སྣང་འཇམ་རྩུབ་རྣམས་སོ། །ནམ་མཁའི་སྤྲིན་ལྟར་རང་བྱུང་རང་ཞིར་གཞག །རེ་དོགས་གང་ཡང་མི་བྱ། འདིའི་དུས་སུ་ཉམས་ཅན་གྱི་བླ་མ་ཁོ་ན་གལ་ཆེ། འཁོར་དང་ཡུལ་ཞིང་དང་ཉེ་དུ་ལ་མི་ཆགས་ནས། ཐག་རིངས་གཏོད་པར་འགྲོ་བའི་འདུ་ཤེས་འབྱུང་། ཏིང་ངེ་འཛིན་དེའི་ཉམས་ཀྱི་རྨི་ལམ་ཡང་ཐད་སོར་འབྱུང་བར་བཤད། དེ་དག་ཀྱང་བསྒོམ་པའི་ཏིང་ངེ་འཛིན་བརྩོན་འགྲུས་ཆེ་བ་ལ་སྣང་གི། བརྩོན་འགྲུས་ཆུང་ན་སྣང་བ་མ་ཡིན་ཏེ། རྒྱུ་འབྲས་ཡིན་པས་སོ། །འདིའི་དུས་སུ་ཆུད་སོ་སོ་ཆོས་གང་དང་གང་ལ་བརྟེན་ཏེ། སྣང་བ་སེམས་སུ་ཆོད་པ་སྣང་བ་ཙམ་འབྱུང་། དེ་ནས་བརྩོན་འགྲུས་བསྐྱེས་པས་ཉིན་གཅིག་འམ། ཉིན་ཞག་གཅིག་ལ་ཐུན་ཅིག་ཙམ་ནུས་ནས་གོང་གི་སྐྱོན་དེ་དག་ཕྲ་བ་མི་འབྱུང་ན། ཏིང་ངེ་འཛིན་གཉིས་པའི་ཚད་དེ། འདིའི་དུས་སུ་ཆུ་རྙོག་མ་དང་འདྲ་བས་རྟོགས་པ་ཕྲ་བ་དག་ནས། ཏིང་ངེ་འཛིན་ལ་དེ་ཉིད་དུ་འཛིན་པའི་འདུ་ཤེས་ཀྱང་ཆུང་སྟེ། སེམས་ཀྱི་དོན་ཟུར་གསལ་བའོ། །འདིའི་དུས་སུས་དོན་མཐར་ཐུག་པ་འདི་ཡིན། ཆོས་སྐུ་འདི་ཁོ་ན་ཡིན་སྙམ་པ་འབྱུང་སྟེ། ཆུ་དྭངས་མས་གཉེར་མ་དང་འདྲ་བས་སེམས་ཉིད་ཀྱི་སྒྲིབ་བྱེད་གཙོ་བོའི་རྟོག་པ་བྲལ་བའི་ཕྱོགས་སོ། །འདིའི་དུས་སུ་སྣང་སེམས་དབྱེར་མེད་ཀྱི་རྟོགས་པ་འགོ་ཟུག་པ་བརྟན་པ་ཡིན་ཏེ། ཏིང་ངེ་འཛིན་ལ་འཛིན་པ་ཆུང་བ་ཉིད་སེམས་ཉིད་ཀྱི་དོན་མཐོང་བས་སེམས་ཉིད་རང་གི་རང་བཞིན་ཅི་ལྟར་ཡིན་པ་རྟོགས་པ་ལ་འཕྲིག་ཁུར་བའོ། །རྟོགས་པའི་བྱེ་བྲག་གི་སྣང་བ་རྨ་མས་འདི་ནས་འཆར་ཏེ། ཧ་ཅང་ཞི་བ་ན་ཡུན་པར་འགྱུར། འདིའི་དུས་སུ་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འཆར། བླ་མ་སྐད་ཅིག་ཀྱང་མི་བརྗེད། དཀར་པོའི་ཆོས་སྤྱོད་རྒྱུན་མི་འཆད། གནག་ལས་འཕྲ་བའི་འཕྲ་བ་ཡང་ཡང་། ལུས་མ་བོར་བར་སྤྲུལ་པ་འགྲོ་བ་སྣ་ཚོགས་ཀྱི་དོན་བྱ་སྙམ་བློའང་འབྱུང་། གོས་དང་ཟས་ཀྱི་འདུ་ཤེས་ཆུང་། འདོད་ཆགས་ལ་སོགས་པ་ཆ་འཕྲ། བསྟོད་སྨད་དགའ་མི་དགའ་འདྲ། དོན་རྣམས་ཀྱང་དཔེར་ན་གཙུབ་ཤིང་གི་སྦྱོར་བ་བཞིན་བརྩོན་འགྲུས་དྲག་པོ་ལས་སྣང་གི། སོ་བདེ་ཙམ་གྱི་སྒོམ་སྒྲུབ་ལས་ནི་གང་ཡང་མི་སྣང་ངོ་། །སྐྱེས་བུ་སྐལ་ལྡན་གྱིས་དེ་ནས་བསྒོམ་པ་ལ་འབད་པས་སེམས་ཀྱི་གནས་ལུགས་ཅི་ལྟ་བ་ནི་སྣང་སེམས་དབྱེར་མེད་ཡིན་པས། དེའི་རྟོགས་པ་འཆར་བས། ཡུལ་སེམས་དབྱེར་མེད་ཅེས་བྱའོ། །ཡུལ་སེམས་སྣང་སེམས་དངོས་པོ་ཐམས་ཅད་བྲལ་བས་རྣལ་འབྱོར་པའི་ལུས་ལ་སེམས་གནས་པར་བཅས་པའི་འདུ་ཤེས་ཟད་པས་ནམ་མཁའ་ཡི་དབྱིངས་སུ་ཡལ་ཏེ། ནམ་མཁའ་རིག་པ་ཅན་དུ་གྱུར་པས་ཡུལ་གྱི་ཆོས་ཐམས་ཅད་སྣང་མི་སྣང་གི་ཐ་དད་ལས་འདས་པས། བློའི་ཡུལ་དུ་བཟུང་བའི་ཆོས་འཕྲ་བ་མ་དམིགས་པ་ནི། དེ་ལྟ་བུའི་དོན་རྣལ་འབྱོར་པའི་དོན་མངོན་དུ་བྱས་པའི་རྟོགས་པ་ཡིན་གྱི། དོན་མངོན་དུ་མ་བྱས་པ་རྣམས་ལ་ནི་ཚིག་གི་ཐ་སྙད་དེ་གཏམ་མོ། །དེ་ལྟ་བུའི་དགོངས་པ་ལ། འཁོར་དང་མྱ་ངན་ལས་འདས་པའི་ཆོས། ཅི་ལྟར་ཡང་མ་གཟིགས་ཏེ། ཞེས་པས། འཁོར་བའི་འཛིན་པ་དག་པས་མྱ་ངན་ལས་འདས་པ་མ་དམིགས། ཡུལ་གྱི་འཛིན་པ་དག་པས། ཡུལ་ཅན་མ་དམིགས་པས། ཐ་སྙད་དམ་དོན་དམ་ཞེས་པས་བྱུང་བའི་འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་མཉམ་ཉིད་ཅེས་བྱ། རོ་ཅིག་ཅེས་བྱ། འཁོར་འདས་དབྱེར་མེད་ཅེས་བྱ་སྟེ། ཟག་མེད་རང་གི་མཚན་ཉིད་མངོན་དུ་སྣང་བས། ཁམས་གསུམ་གྱི་འཇིགས་པ་དང་བྲལ་ལོ། །ཟླ་བའམ་ལོའམ་དེ་བས་ཀྱང་བར་རིང་བར་ཏིང་ངེ་འཛིན་ལ་གནས་ཀྱང་སེམས་རང་ཐོག་ཏུ་ཕེབས། རང་གིས་རང་རིག་བསྒོམ་བྱ་བསྒོམ་བྱེད་མེད། །བསྒོམ་པའི་ངོ་བོ་ལ་དམིགས་ཏེ། །བསྒོམ་མཁན་ལ་དམིགས་པའི་ཕྱིར། །ནམ་མཁའ་ནམ་མཁའ་ལས་མི་འདའ་བ་དང་འདྲ་བར། ཏིང་ངེ་འཛིན་ལ་གནས་མི་ནུས་པ་མེད། གནས་བྱ་གནས་བྱེད་མེད། མ་རྟོགས་པའི་འཁྲུལ་པ་ཐམས་ཅད་མི་མཁྱེན་པའམ་མི་གཟིགས་པ་མེད་ཀྱང་། མཁྱེན་བྱ་མཁྱེན་བྱེད་དང་། གཟིགས་བྱ་གཟིགས་བྱེད་མེད་པ་ནི་རོ་གཅིག་གི་ཏིང་ངེ་འཛིན་མཐར་ཕྱིན་པའོ། །དེའི་རྟགས་ཕྱི་རུ་ཤར་བའི་མཚན་མ་ནི། ལྷའི་བུ་མོ་མཐོང་ཡང་ཆགས་པའི་སེམས་མི་སྐྱེ་སྟེ་སེམས་སྣང་བས་སོ། །སྲིན་པོ་འབར་བ་མཐོང་ཡང་སྐྲག་པའི་སེམས་མི་སྐྱེ་སྟེ། གཅིག་པའི་འདུ་ཤེས་ཟད་པས་སོ། །ཡུལ་དྲུག་གི་ཆོས་ཅི་སྣང་ཡང་གཟུང་འཛིན་དུ་སོང་བ་མེད་དེ། སེམས་ཉིད་རང་སྣང་བའོ། །ཉོན་མོངས་པ་ལྔ་གཏན་དག །མངོན་པར་ཤེས་པ་འདིའི་སྐབས་སུ་འབྱུང་། དེའི་རྟེན་གྱི་གང་ཟག་དེ། འདས་ན་དེའི་བར་དོ་ལ་ཆོས་སྐུ་ལ་སྦྱོར་ནས་སྐུ་གསུམ་ལྷུན་གྱིས་གྲུབ་པའོ། །ཏིང་ངེ་འཛིན་དེ་དག་ཉམས་སུ་ལེན་པའི་རྣལ་འབྱོར་པའི་སྤྱོད་པ་ནི། ཏིང་ངེ་འཛིན་དང་པོའི་དུས་སུ་རྣམ་པར་དཀར་བའི་སྤྱོད་པ་ཐ་དག་ཉམས་སུ་བླང་སྟེ། ཐུན་མོང་གི་ཐེག་པའི་གཞུང་བཞིན་ནོ། །ཏིང་ངེ་འཛིན་དང་པོ་དང་། གཉིས་པ་དང་། གསུམ་པའི་དུས་སུ། ཉམས་ཅན་གྱི་བླ་མ་དང་མི་འབྲལ་བ་གལ་ཆེ། མུན་ནག་གི་ནང་ན་འགྲོ་བའི་ལམ་མཚོན་པའི་སྒྲོན་མེ་ཡིན། ཆུ་ཆེན་པོ་ལས་སྒྲོལ་བའི་སྐྱ་བ་འཛིན་མཁན་ཡིན། བླ་མའི་མོས་གུས་དང་ཏིང་ངེ་འཛིན་ལ་མི་ཞེན་ནས། མ་ཡེངས་པའི་བཏང་སྙོམས་ལ་གནས་པ་དང་། བརྩོན་འགྲུས་ལ་བར་མཚམས་མེད་པ་གསུམ་བོགས་འདོན་གྱི་གཙོ་བོ་ཡིན་ཏེ། གཞན་མ་ལ་ཤས་ཤིག་ཞེ་འདོད་ཀྱི་ལྗང་བུ་འཐོན་པའོ། །འདིའི་གཞུང་དུ་སྨོས་པའི་བརྩོན་འགྲུས་དང་མི་ལྡན་ཡང་། བསྒོམ་པའི་སྲོག་ནི་མ་ཡེངས་པ་ཞེས་པས་སྤྱོད་ལམ་རྣམ་བཞིར་མ་ཡེངས་པར་བྱ་བ་དང་། དེ་རྟོགས་ནས་རྨི་ལམ་དང་གཉིད་འཐུག་པོ་འབྱུང་པ་གལ་ཆེ། སྤྱོད་ལམ་མ་ཡེངས་ཏིང་འཛིན་མི་གཡོ་བ། །རྣམ་རྟོག་ཕྲ་དང་ཕྲ་བའི་ཕྲ་བ་རྣམས། །རྩད་མི་ཆོད་པས་སྐྱོན་སྲིན་ཤས་ཙམ་འདུག །ཏིང་འཛིན་གཉིས་པའང་རྣམ་པར་དཀར་བའི་དཀར་པོའི་སྤྱོད་པ་སྟེ། ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟ་བུར་སྦྱོར་བའོ། །གཞན་དོན་ནི་ཆེད་དུ་གཉེར་མི་དགོས། ཏིང་ངེ་འཛིན་གྱི་ཤུགས་ཀྱིས་རང་ཤར་དུ་འོང་། ཁས་བླངས་པའི་འདུལ་སྡོམ་རྣམས་ནི། སྔར་གྱི་གོ་ཆ་ཆེན་པོའི་སྟོབས་ཀྱིས་བསྲུངས་པས། ཕྱིས་ནི་ཉེས་པའི་རྩ་བ་བདག་འཛིན་དག་པས། ཉམས་པ་རྒྱུ་ནས་དག་པའི་སྟོབས་ཀྱིས་ཉི་མའི་དཀྱིལ་ན་མུན་པ་མི་གནས་པ་དང་འདྲའོ། །དེ་ལྟ་བའི་སྐྱེས་བུས་ཀྱང་། གཞན་དོན་དུ། གནས་ཆོས་ཀྱི་དབྱིངས་ལ་གནས་ཀྱང་། འདུས་བྱས་ཀྱི་དགེ་རྩ་རྒྱུན་མི་འཆད། སློབ་མ་གོ་འཕང་མཆོག་བརྙེས་ཀྱང་། །སེམས་ཅན་གནས་པའི་བླ་མ་བཀུར། །སེམས་ཅན་ཡུལ་དུ་མ་དམིགས་ཀྱང་། །སྙིང་རྗེའི་ཆུ་བོ་རྒྱུན་མི་གཅད། །སྒྲ་རྣམས་རང་རིགས་རང་ཤེས་ཀྱང་། །འཆལ་རྒོད་ལོ་རྒྱུས་བླང་མི་བྱ། །ཅི་བྱས་རྒྱལ་བའི་མཛད་སྤྱོད་ཀྱང་། །འཕྱོ་གཡེང་བརྐམ་པའི་ལས་མི་བྱ། །སྟོང་གསུམ་སངས་རྒྱས་པར་ཤེས་ཀྱང་། །གྲོང་པའི་དགོན་པར་གནས་མི་བྱ། །ཡེ་སངས་རྒྱས་པར་མངོན་རྟོགས་ཀྱང་། །སེང་གེའི་ཡུལ་ལྟར་ཅིག་ཏུ་གནས། །རི་ཁྲོད་དགོན་པར་གནས་བཅས་ཀྱང་། །དེ་རུ་བཅས་བཅོས་མི་བྱ་འདུག །དམ་པ་རྣམས་ཀྱི་སྤྱོད་པའོ། །རྣལ་འབྱོར་བཞི་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ནི་སངས་རྒྱས་པ་སྟེ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན། ལམ་གྱི་བྱ་བ་ཟད་པའི་ངོ་བོ་ནི་འབྲས་བུ་སྟེ། གཞན་དག་ལས་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ། ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་ལྟ་བུ། དེ་ལས་སྤྲུལ་པའི་སྐུ་ཆར་ལྟ་བུས་འགྲོ་དོན་རྒྱུན་དུ་བྱེད་པ་ནི། ཤིན་ཏུ་ཡང་བདེ་མོད་ཀྱང་། ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟ་བུ་མཐའ་ཐུག་པ་མེད་པ། ཆོས་ཀྱི་དབྱིངས་དང་མཉམ་པའི་ངང་ལས་འཁོར་བའི་ཉོན་མོངས་པ་རྒྱུ་འབྲས་ཕྲ་བའི་ཕྲ་བའང་། མ་གྲུབ་པ་ནི་ལྷག་པའི་ཆོས་སྐུ་ཆེན་པོའོ། །དེའི་ངང་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི། མེ་ལོང་ལས་གཟུགས་བརྙན་གྱི་ཚུལ་དུ་སྣང་བ་ནི། ཅི་སྙེད་མཁྱེན་པའོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས། སེམས་ཅན་གཅིག་གི་ཐོག་མ་མེད་པ་ནས་ཐ་མ་མེད་པའི་རྣམ་པ ར་རྟོགས་པའི་གྲངས་ཐམས་ཅད་མཁྱེན་ཏེ། གདུལ་བྱ་ཉིད་ལས་མི་གཞན་པ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་མངའ་བརྙེས་པའོ། །དེས་ན་ཐམས་ཅད་མ་འགགས་པ་ནི་ཅི་སྙེད་མཁྱེན་པའོ། །མཁྱེན་བྱ་མཁྱེན་བྱེད་ཀྱི་རྟོགས་པ་ལས་གྲོལ་བ་ནི། ཅི་ལྟ་བ་མཁྱེན་པའོ། །འདིར་ཟག་བཅས་ཀྱི་ཤེས་པས། ཟག་མེད་སངས་རྒྱས་ཀྱི་ས་གཞལ་བ་ནི། ལུང་ཟབ་མོ་རྣམས་ཀྱིས་བསྒྲུབ་དགོས་པའོ། །བྲི་ཡིས་མི་མངའ་བས་འགོ་ཕྱོགས་ཙམ་མོ། །ཆོས་ཀྱི་སྐུ་གང་དུ་ཡང་མ་གྲུབ་པ་ཅིར་ཡང་འཆར་བ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། སྔོན་གྱི་སྨོན་ལམ་རྒྱ་ཆེན་པོའི་རྒྱུ་ལས། གདུལ་བྱའི་རྐྱེན་གྱིས་མེ་ལོང་གི་གཟུགས་བརྙན་བཞིན་དུ་སྣང་བ་ནི། ཟག་མེད་ལ་ལོངས་སྐུ། ཟག་བཅས་ལ་སྤྲུལ་སྐུའི་གདུལ་བྱའི་བློ་བཞིན་དུ་དོན་མཛད་དོ། །གདུལ་བྱ་རྣམས་ཀྱིས་སེམས་ཉིད་ཆོས་སྐུ་ཡིན་པའི་ཕྱིར། རྒྱུད་ནས་ཤར་བ་མེད་དེ། གདུལ་བྱའི་མདུན་དེ་ཉིད་ན་གདུལ་བྱེད་སྣང་བས། འགྲོ་འོང་དང་བྲལ་ལ་ཆུ་ཟླ་ལྟ་བུའོ། །མཐུན་པར་སྣང་བ་མེ་ལོང་ལྟ་བུའོ། །མཐུ་ཆུང་ནན་ལ་བཏབས་པ་བཞིན། བན་ལྡོམ་ཡིས་ཚིག་སྡོམ་བརྗོད་པ་འདི། ལྷ་ཡུལ་བདུད་རྩི་བརྗོད་ནས་མཚུངས། །སློབ་མས་བསྐུལ་བའི་ངོར་བྱས་པ། །དམ་པའི་དྲིན་ཙམ་བྲོ་བ་ཡིས། །ཐ་སྙད་ཡི་གེར་བཀོད་པ་འདི། །འགལ་འཁྲུལ་གོང་མ་རྣམས་ལ་བཤགས། །ངལ་བའི་དགེ་བ་ཅི་མཆིས་པ། །སྒྲུབ་པ་ཉམས་ལེན་རྣལ་འབྱོར་རྣམས། །ལམ་གྱི་འཚེ་བ་ཀུན་བྲལ་ནས། །མྱུར་དུ་འགྲོ་བ་འདྲེན་པར་ཤོག །བཀའ་བརྒྱུད་ཟབ་མོ་འོ་མའི་རྒྱ་མཚོ་ལ། །འཆི་མེད་འོད་གསལ་སེམས་ཉིད་མངོན་དུ་བཞུགས། །རྗེ་བཙུན་གསུང་གི་བསྒྲུབ་ཅིང་བསྒྲུབ་བྱས་ནས། །ཐོས་བསམ་བསྒོམ་གསུམ་བརྩོན་འགྲུས་གྲོགས་ཀྱིས་བསྙམ། །སྙིང་པོ་མར་ཉིད་ཆོས་སྐུ་མངོན་དུ་སྣང་། །སངས་རྒྱས་གཉིས་པ་རྗེ་བཙུན་ཐུགས་དགོངས་ནས། །འཆི་མེད་སྨན་ཆེན་གཉུག་མ་ལྷུན་གྱིས་གྲུབ། །མོས་གུས་རྡོ་རྗེ་མཆུ་ཡིས་རབ་བླངས་ན། །རང་སེམས་པད་མར་རོ་བཅུད་ཉམས་སུ་མྱོང་། །ཡུལ་དྲུག་གཡོ་མེད་སྨིགས་རྒྱུའི་ཕུང་པོ་ལ། །གསང་སྔགས་རིག་པའི་རྒྱལ་པོ་ལྷུན་གྱིས་གྲུབ། །སྟོན་བྱེད་བླ་མའི་གསུང་བཞིན་ཉམས་བླངས་ནས། །ཐེ་ཚོམ་གཅོད་ཅིང་ངེས་ཤེས་སྐྱེ་བར་སྣང་། །གཉིས་འཛིན་རྡོ་རྗེ་བྲག་གི་སྙིང་པོ་ན། །མ་བཅོས་གཉུག་མའི་བདུད་རྩི་ཆེན་པོ་གནས། །གདམ་ངག་རྡོ་རྗེ་གཟོང་གིས་རབ་བརྐོས་ནས། །ཡུལ་བྲལ་བདུད་རྩི་ཆེན་པོ་མངོན་དུ་སྣང་། །དུག་ལྔ་གཟུང་འཛིན་རག་པའི་རི་བོ་ལ། །ཕྱོགས་འཛིན་བྲལ་བའི་བདུད་རྩི་ཆེན་པོ་གནས། །མཉམ་པ་ཉིད་ཀྱི་གཡོས་ཀྱིས་རབ་སྦྱར་ནས། །དུག་ལྔ་རང་དག་བདུད་རྩི་ཆེན་པོ་ཉིད། །ཧེ་ཧེ་ཧེ། དགེའོ། །གལ་གནད་རྫོགས་སོ། །ཤེས་ཚད་ཀྱི་ཡི་གེ་གཟབས་ནས་འདུག །དཔོན་སྒོམ་རིང་བྱང་ཐུགས་དགྱེས་པར་མཛོད་ཅིག །བཀྲ་ཤིས་དགེའོ།། །།


previousརྫོགས་པ་ཆེན་པོའི་གལ་གནད། གཙང་སྟོན་རྡོ་རྗེ་རྒྱལ་མཚན། next