Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོའི་མན་ངག རྟ་ཇོ་ཡེ།
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་མན་ངག རྟ་ཇོ་ཡེ།next

རྫོགས་པ་ཆེན་པོའི་མན་ངག རྟ་ཇོ་ཡེ།

རྫོགས་པ་ཆེན་པོའི་མན་ངག་བཞུགས། སྤྲུལ་སྐུའི་རིན་ཆེན་ཀུན་བཟང་ཞལ། །མཉམ་པ་རིན་ཆེན་འགྲོ་བའི་མགོན། །སྤྲུལ་སྐུ་རིན་ཆེན་ཞིག་པོ་འདི། །ཞབས་ལ་གུས་པའི་མགོ་བོས་འདུད། །བླ་མ་རིན་པོ་ཆེའི་ཞལ་གྱི་གདམས་པ་རྫོགས་པ་ཆེན་པོའི་མན་ངག་འདི་ལ་གསུམ་སྟེ། སྟོང་པ་བརྩོན་དུ་བཟུང་བ་དང་། །རིག་པ་གནད་ལ་དབབ་པ་དང་། །རྣམ་རྟོག་འཕྲང་ནས་གདོན་པའོ། །དེ་ལས་དང་པོ་སྟོང་པ་བརྩོན་དུ་བཟུང་པ་ནི། ད་ལྟར་གྱི་རྣམ་པ་འདི་སྒྱུ་མ་མཁན་གྱི་རྟ་གླང་ངམ་གཉིད་ལོག་པའི་རྨི་ལམ་དང་འདྲ་སྟེ། སྣང་བ་བདེན་མེད་གཅིག་ཏུ་གོ་དགོས་པའོ། །དེ་ཡང་དཔེར་ན་སྒྱུ་མ་མཁན་གྱིས་ཤིང་བུ་དང་རྡེའུ་ལ་སྔགས་དང་སྦྱོར་རྩི་བཏབ་པས། རྟ་དང་གླང་པོ་མེད་བཞིན་དུ་སྣང་སྟེ། སྣང་ཡང་དོན་ལ་རང་གྲུབ་པ་མེད་དོ། །གཉིད་ལོག་པའི་རྨི་ལམ་ན་ཡང་བདེ་སྡུག་ཅི་རྨྱིས་ཀྱང་དོན་ལ་གྲུབ་པ་མེད་པ་བཞིན་དུ། འདི་ལྟར་འདི་ལྟར་སྣང་བ་འདི་ཡང་དོན་ལ་གྲུབ་པ་མེད་དེ་ཤེས་པ་འཁྲུལ་བའི་བག་ཆགས་ཀྱི་མཐུས་རྒྱུན་བརྟས་པའོ། །དོན་ལ་གྲུབ་པ་མེད་པར་ཤེས་པ་ནི་སྟོང་པ་བཙོན་དུ་བཟུང་བ་ཡིན་ནོ། །རིགས་པས་ཀྱང་གཏན་ལ་དབབ་སྟེ། །དེ་ལ་བཞི་ལས། ལྟོས་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་བསྒྲུབ་པའི་རིགས་པའོ། །དེ་ལ་ཆོས་ཉིད་ཀྱི་རིགས་པ་ནི། བརྩིགས་པའི་མཐའ་འཇིག་པ་ཁོ་རང་གི་གཤིས་སམ་ཆོས་ཉིད་ཡིན་ཏེ། དེ་གོ་ན་ཡུལ་དང་ཁྱིམ་གྱིས་ཞེན་པ་གྲོལ་དགོས། བསགས་པའི་མཐའ་འཛད་པ། ཁོ་རང་གི་གཤིས་སམ་ཆོས་ཉིད་ཡིན་ཏེ། དེ་གོ་ན་ནོར་རྫས་ཀྱི་ཞེན་པ་གྲོལ་དགོས། འདུས་པའི་མཐའ་འབྲལ་བ་ཁོ་རང་གི་གཤིས་སམ་ཆོས་ཉིད་ཡིན་ཏེ། དེ་གོ་ན་ཉེ་འབྲེལ་གྱི་ཞེན་པ་གྲོལ་དགོས། སྐྱེས་པའི་མཐའ་འཆི་བ་ཁོ་རང་གི་གཤིས་སམ་ཆོས་ཉིད་ཡིན་ཏེ། དེ་གོ་ན་རང་ལུས་ཀྱི་ཞེན་པ་གྲོལ་དགོས་སོ། །སྤྱིར་ན་འདུས་བྱས་ཐམས་ཅད་མི་རྟགས་པ། སྒྱུ་མ་མཁན་གྱི་རྟ་གླང་ངམ་གཉིད་ལོག་པའི་རྨི་ལམ་དང་འདྲ་སྟེ། བདེན་མེད་དུ་ཤེས་པ་ནི་སྟོང་པ་བཙོན་དུ་བཟུང་པའོ། །དེ་ལྟར་ཤེས་ཙམ་ན་གཙང་སྦྲ་ཅན་སྐྱུགས་པ་མཐོང་པའམ། ཁྱིམ་མི་འདོད་ཀྱི་བུ་མོའམ་སྐྱུག་ནད་ཅན་ལ་ཟས་སྟབས་པ་བཞིན་དུ་སྐྱུག་ལོག་གིས་འགྲོ་དགོས་སོ། །གཉིས་པ་རིགས་པ་གནད་ལ་དབབ་པ་ལ་གཉིས་ཏེ། བྱ་བ་མ་འགག་པ་ཐབས་ཀྱི་ཆ་དང་། བྱེད་པ་མི་དམིགས་པ་ཤེས་རབ་བོ། །དེ་ལ་ཐབས་ནི། ཕྱག་འཚལ་བ་དང་བསྐོར་བ་བྱེད་པ་དང་། ཆོས་སྤྱོད་བཅུ་དགེ་བ་བཅུ་བསླབ་པའི་མཐའ་བཅུ་ཕ་རོལ་དུ་ཕྱིན་པ་བཅུ་ལས་སོགས་པའོ། །ཤེས་རབ་ནི། ལུས་ངག་ཡིད་གསུམ་ཁོང་གློད་ལ། སྔར་འདས་པའི་རྗེ་མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟ་ཡུལ་ལྔའི་རྗེས་སུ་མི་འབྲེངས་། ཤེས་པ་རྩི་གདབ་མེད་པར་གཞག་གོ། །ཨ་རོའི་ཞལ་ནས། སྔར་རྗེས་མི་གཅོད་འདས་པའི་འ དུ་ཤེས་དོར། ཕྱིས་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་གཅད། བར་པ་འཛིན་མེད་ནམ་མཁའི་ངང་ལ་ལྟ། དུས་གསུམ་གཅིག་ཏུ་གཞག་པའི་མན་ངག་ཡིན། །ཞེས་པ་དང་། ནམ་མཁའ་ཆེ་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བ་ཆེན་པོ་རང་བཞིན་གནས། །ཞེས་པས་སོ། །དེ་ལྟར་གཞག་པས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པའི་ཤེས་པ་སེ་ལེ་སང་ངེ་བ་དེ་ཡིན་ནོ། །དེ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན་པས། རྣལ་འབྱོར་པས་ཀྱང་ཉམས་ལེན་བྱའོ། །དེ་ཡང་དཔེར་ན་བྱ་ནམ་མཁའ་ལ་འཕུར་བ་ལ་གཤོག་པ་གཉིས་དགོས་པ་བཞིན་དུ་སངས་རྒྱ་བར་བྱེད་པ་ལ་ཐབས་ཤེས་རབ་ཟུང་དུ་འབྲེལ་དགོས་ཏེ། ནམ་མཁའ་ཆེ་ལས། ཤེས་རབ་ཐབས་ལ་བསྟེན་པས་འགྲུབ། །ཞེས་ཐབས་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་བླང་ངོ་། །གསུམ་པ་རྣམ་རྟོག་འཕྲང་ནས་གདོན་པ་ནི། སྤྱིར་རྣམ་རྟོག་ནི་ད་ལྟའི་སེམས་ས་མ་ཟིན། མི་འཆར་དགུ་འཆར་མི་འགྱུ་དགུ་འགྱུ་འདི་ལ་ཟེར་བ་ཡིན་ཏེ། དེ་ཉན་ཐོས་སྤོང་། རང་རྒྱལ་འགེགས་དབུ་མ་སེམས་ཙམ་སྦྱོང་། གསང་སྔགས་ལྷ་དང་ལྷ་མོར་བསྒྱུར་བ་ལས། དེ་རྣམས་དྲེད་མོའི་སྔོས་དང་འདྲ་བའོ། །རྫོགས་པ་ཆེན་པོ་ནི་དེ་ལྟར་མི་བྱེད་དེ། རྣམ་རྟོག་བྱུང་བའི་དུས་ཉིད་ན། དེ་ཉིད་རང་ལ་བལྟས་པས་རང་བཞིན་མེད་པར་བུན་གྱིས་འགྲོ་སྟེ། རྣམ་རྟོག་རང་བཞིན་མེད་པ་དེ་ཀ་ཆོས་ཉིད་ཡིན་ཏེ། ཆོས་ཉིད་གཞན་མེད་དོ། །ཆོས་ཉིད་མེད་ཀྱིས་མ་ལྟ་རྣམ་པར་རྟོག་པ་ལྟོས། རྣམ་རྟོག་མཐོང་བ་མེད་ན་ཆོས་ཉིད་དེ་ཀ་ཡིན། ཞེས་གསུངས་སོ། །རྣམ་རྟོག་སྤང་བ་དང་དགག་མི་དགོས་སོ། །དེ་ནི་རྣམ་རྟོག་འཕྲང་ནས་གདོན་པའོ། །གནས་ལུགས་རང་གནས་མཉམ་པ་ཉིད། །ངོ་མ་ཤེས་པས་རྟོག་འཁྲུལ་བཟུང་། །དེ་དོན་མཚོན་བྱེད་བླ་མའི་གསུང་། །ཕྱི་རབས་བརྗེད་ཐོར་བདག་གིས་བཀོད། །སྤྲུལ་སྐུ་ཞིག་པོའི་གསུངས་སྒྲོས། རྟ་ཇོ་ཡེས་ཀྱིས་བཀོད་པའོ། །རྫོགས་སོ།། །།


previousརྫོགས་པ་ཆེན་པོའི་མན་ངག རྟ་ཇོ་ཡེ།next