Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ། དབུས་པ་རྟ།
   
   
   
   
   
   


 
previousམཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ། དབུས་པ་རྟ།next

མཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ། དབུས་པ་རྟ།

མཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ་བཞུགས་སོ། །ཆོས་རྗེ་མཚུངས་མེད་རྣལ་འབྱོར་དབང་ཕྱུག་གཙོ། །ཡིད་བཞིན་ནོར་ལྟར་ཀུན་གྱི་རེ་བསྐོང་པའི། །སངས་རྒྱས་གཉིས་པ་འགྲོ་བའི་གཉེན་གཅིག་པོ། །དྲིན་ཅན་སྤྲུལ་སྐུ་ཁྱེད་ལ་ཕྱག་འཚལ་ལོ། ༈ །དེ་ལ་སྤྱིར་ཆོས་ཀྱི་སྔོན་འགྲོ་དངོས་གཞི་མཇུག་གསུམ་དུ་གསུངས་པ་ལས། འདི་སྔོན་འགྲོ་བསྟན་པའོ། །དེ་ལ་ལྔ་སྟེ། ཆོས་ཉན་པ་པོའི་སྤྱོད་ལམ་དང་། ལྷ་ཕྱག་གི་བཙལ་ཐབས་དང་། གཏོར་མའི་གཏང་ཐབས་དང་། མཎྜལ་གྱི་དབུལ་ཐབས་དང་། རྗེས་ལ་དགེ་སྦྱོར་གྱི་བྱ་ཐབས་སོ། །དང་པོ་ཉན་པ་པོའི་སྤྱོད་ལམ་ནི། དམའ་བའི་ས་ལ་འདུག་ནས་ནི། གཉིད་དང་རྨུགས་པ་རབ་བསལ་ཏེ། བློ་ཡི་པད་མ་ཁ་ཕྱེ་ལ། ཚིག་གི་བདུད་རྩི་བཏུང་པར་བྱའོ། །ཞེས་པས་བསྟན་ཏེ། དེ་ལ་དམའ་བའི་ས་ལ་འདུག་ནས་ནི་ཞེས་པས། འཆད་པ་པོའི་སློབ་དཔོན་དེས་མཐོའི་སར་བཞུགས་ནས། ཉན་པ་པོ་རྣམས་དམའ་སར་འདུག་པ་ཡིན་ཏེ། དོན་ལ་མཐོའི་ང་རྒྱལ་གཅོག་པ་ཡིན། གཉིད་དང་རྨུགས་པ་རབ་བསལ་ཅེས་པ། ལུས་གཉིད་དུ་མི་གཏང་། སེམས་རྨུགས་སུ་མི་འཇུག་པ་ཡིན་ཏེ། དེ་ལ་གཉིད་འདི་སྲི་ལ་ཤིན་ཏུ་ནན་པས། དེ་རིང་ལྟ་བུ་ཞིག་གཉིད་དུ་སོང་ན། སང་ཡང་འགྲོ་བ་ཡིན་པས། གཉིད་དུ་མ་སོང་ཞིང་འཛེམས་པ་ཤིན་ཏུ་གལ་ཆེའོ། །རིག་པ་རྨུགས་སུ་མི་གཞུག་སྟེ། བས་ས་ལ་གཡེར་བག་བཏོན་ལ་བྱའོ། །དེ་ལྟར་བྱས་ནས་ཅི་བྱེད་ན། བློའི་པད་མ་ཁ་ཕྱེས་ལ། ཚིག་གི་བདུད་རྩི་བཏུང་པར་བྱའོ། །ཞེས་པས་བློ་སོ་སོར་རྟོག་པའི་ཤེས་རབ་ཀྱི་པད་མ་ཁ་ཕྱེ་ལ། ཚིག་བདུད་རྩི་དང་འདྲ་བ་དེ་བློའི་གཏིང་དུ་གོ་ཞིང་ཡིད་ཆེས་པར་བྱའོ། །དེ་ཡང་འོ་སྐོལ་ལྟ་བུ་ཅི་སྨོས་ཏེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཆོས་ཉན་གྱི་བཞུགས་པ་ལགས། དེ་ཡང་སྟོན་པ་ཤཀྱཱ་ཐུབ་ཀྱིས་ཀྱང་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། གསང་བའི་བདག་པོ་དེ་ཕྱིར་ངས། ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་མཚན་བརྗོད་ནས་གསུངས་པ་དང་། ཡང་སྟོན་འཁོར་དགོངས་པ་ཐ་མི་དད་ཡིན་ཡང་། རྗེས་འཇུག་ཡེངས་ཀྱིས་དོགས་པ་ལ་དགོངས་ནས། སྟོན་པ་ཀུན་བྱེད་ཀྱིས་སེམས་དཔའ་རྡོ་རྗེ་ལ་བསྐུལ་ཏེ། ཀྱེ་སེམས་དཔའ་ཆེན་པོ། ཡིད་རྣ་དབང་ལ་ཆུག་ཅིག །རྣ་དབང་སྒྲ་ལ་རྟོགས་ཤིག །ངས་དོན་སྒྲར་བཤད་ཀྱིས། ཞེས་གསུངས་པས། རྗེས་འཇུག་ཀྱང་དེ་ལྟར་མ་ཡེངས་པར་བྱའོ། ༈ །གཞན་ཡང་མ་དག་པ་གསུམ་ཡང་ཞིང་། དག་པ་གསུམ་དང་ལྡན་པར་བྱ་སྟེ། དང་པོ་མ་དག་པ་གསུམ་གང་ཞེ་ན། ལུས་ཀྱི་སྤྱོད་ལམ་མ་དག་པ་དང་། ངག་གི་སྨྲ་བ་མ་དག་པ་དང་། སེམས་ཀྱི་བསམ་པ་མ་དག་པའོ། །དེ་རྣམས་ངོས་བཟུང་ལ་སྤང་ཞིང་། ཞོར་ལ་དག་པ་གསུམ་དང་ལྡན་པར་བྱ་སྟེ། དེ་ལ་ལུས་ཀྱི་སྤྱོད་ལམ་མ་དག་པ་ནི། རྐང་པ་དཀྱིལ་ཀྲུང་བཅས་ནས་ཉན་པ་དང་། རྐང་པ་བརྐྱང་ནས་ཉན་པ་དང་། མགོ་ལ་ཞྭ་གོན་ཐོད་བཅིངས་ནས་ཉན་པ་དང་། གཅིག་ལ་གཅིག་བསྙེས་ནས་ཉན་པ་དང་། ས་དྲིས་འབྲི་བ་དང་རྩིག་ཆུ་རྩིག་པ་དང་། ཉལ་བ་ལ་སོགས་པ་མ་གུས་པའི་ཆ་ཐམས་ཅད་དོ། །དེ་དག་ཐམས་ཅད་སྤངས་ལ་དག་པར་བྱ་བ་ནི། ལུས་བླ་མའི་ཕྱོགས་སུ་བཏུད་དེ། དྲི་དགས་སྨན་པའི་ཚུལ་དུ་བཅས་ལ། གུས་པས་མཉན། ལགས་པའི་ཐལ་མོ་ཡང་གཉིས་པོ་བསྣོལ་ཞིང་བསྐུམ་སྟེ་སྦྱར་ལ་མཉན་ནོ། ༈ །ངག་གི་སྨྲ་བ་མ་དག་པ་ནི། ཤབ་ཤུབ་མང་པོ་ཟེར་བ་དང་། གླེང་བསླང་གཏོང་བ་ལ་སོགས་པ་སྟེ། དེ་དག་རང་དང་ཟླ་བོ་གཉིས་ཀ་ལ་ཤིན་ཏུ་གནོད་པའོ། །དེ་སྤངས་ལ་དག་པར་བྱ་བ་ནི། ཁ་རོག་པར་སྡོད་པའོ། ༈ །སེམས་ཀྱི་བསམ་པ་མ་དག་པ་ནི། ལུས་ཆོས་གྲར་བསྡད་ནས། སེམས་ཁྱིམ་གྱི་ལས་དང་བྱ་བ་དང་། བུ་ལོན་འབྲེལ་ཆགས་དང་། ཁ་སྨྲས་གླེང་གཞི་ལ་སོགས་པའི་བསམ་མནོ་གཏོང་པ་སྟེ། དེ་དག་གིས་ཆོས་ཡིད་ལ་མི་དྲན་པས་སྤོང་དགོས་ཏེ། དེ་ཡང་། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། ཞེས་པས། འཇིག་རྟེན་གྱི་བསམ་མནོ་གཏོང་པའི་སེམས་གཅིག་དང་། ཆོས་ཉན་པའི་སེམས་གཅིག་གཉིས་མེད་པས། གཅིག་ལ་རིགས་པ་སོང་ན་གཅིག་མི་དྲན་ནོ། །དེ་ལ་བསམ་པ་མ་དག་པ་དེ་དག་སྤངས་ལ། དག་པར་བྱ་བ་ནི་ཆོས་ཉན་གྱི་བར་དུ་གང་ལ་ཡང་སེམས་མ་ཡེངས་པར་བྱ་སྟེ། དེ་ཡང་དེ་རིང་སེམས་འཕྲོས་ན་སང་ཡང་སེམས་འཕྲོར་འོང་བས་མ་ཡེངས་པར་བྱ་བ་གལ་ཆེའོ། །གཞན་ཡང་འབའ་ལ་རྒྱུགས་མ་ཡིན། ཚོད་ལྟ་མ་ཡིན་རྐྱེན་པས་མ་ཡིན། ངོ་བསྲུངས་མ་ཡིན་པར་ཐུགས་དད་པས་ཀུན་ནས་བླང་མཉན་ཞེས་གསུངས་སོ། །དེ་རྣམས་ནི་ཆོས་ཉན་པ་པོའི་སྤྱོད་ལམ་མོ། ༈ །གཉིས་པ་ལྷ་ཕྱག་གི་བཙལ་ཐབས་ནི་གཉིས་ཏེ། མ་གུས་པའི་ཕྱག་ཉེས་དམིགས་དང་བཅས་པ་དེ་གོལ་ས་ངོས་བཟུང་བ་སྤངས་པ་དང་། གུས་པ་དང་བཅས་པའི་ཕྱག་གི་སྒོ་ནས་ཚོགས་ཀྱི་བསག་ཐབས་སོ། །དང་པོ་ནི་མཁས་པ་རྩ་ནག་པའི་ཞལ་ནས། ཡར་ལ་སྐེད་པ་མི་སྲོང་ལ། །མར་ལ་མགོ་བོ་མི་འགུགས་ཤིང་། །གུས་པ་གཏིང་ནས་མ་སྐྱེས་པ། །ང་ལ་མི་ཕན་ཁྱེད་པ་གནོད། །དམྱལ་བ་མགོ་འཕྱོངས་སྐྱེ་བའི་རྒྱུ། །དེ་བས་ཁྱེད་ཀྱི་ཁྲ་ཕྱག་ཤོལ། །ཞེས་གསུངས་པས། ཡར་ལ་སྐེད་པ་ཡང་མི་སྲོང་། མར་ལ་མགོ་བོ་ས་ལ་ཡང་མི་རེག །གུས་པ་གཏིང་ནས་མ་སྐྱེས་པའི་ཟོལ་ཕྱག་རྒུར་ཙམ་དེས་སློབ་དཔོན་ལ་ཕན་པ་མེད་པར་རང་དམྱལ་བབ་མགོ་འཕྱོངས་སུ་སྐྱེ་བས་དེ་ནི་སྤང་ངོ་། །དེ་སྐད་དུ་ཡང་མདོ་ལས་ཀྱང་། མ་གུས་པའི་ཕྱག་གིས་ནི། སྤྱི་གཙུག་གི་དམྱལ་བར་སྐྱེ་བོ། །ཞེས་གསུངས་སོ། །གཉིས་པ་ནི། ཐལ་མོ་རྣལ་མར་སྦྱར། སྐེད་པ་དྲང་པོར་བསྲང་། གུས་པ་དང་བཅས་པས་ཡན་ལག་སྨད་ལྔ་ས་ལ་ཐུགས་པའི་ཕྱག་གཅིག་བཙལ་ན། ཡོན་ཏན་ནི་གནས་སྐབས་ཀྱི་འབྲས་བུ་ཡན་ལག་པདྨ་ལྔའི་འོག་ན་རྡུལ་ཕྲ་རབ་ཇི་སྙེད་ཅིག་ཡོད་པའི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཐོབ་ལ། མཐར་ཐུག་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱ་བར་གསུངས་སོ། །དེ་ནས་གུས་པ་དང་བཅས་གལ་ཆེའོ། །གྲངས་ནི་ཆོས་མ་གསུངས་གོང་དུ་བླ་མ་ལ་གསུམ། ཆོས་ལ་གསུམ་སྟེ་དྲུག་བྱ། ཐོན་ནས་ཀྱང་དྲུག་སྟེ་བཅུ་གཉིས་བྱའོ། །ཡོན་ཏན་གོང་དུ་བཤད་པ་དེ་ལྟར་ཡོད་པས་རང་རང་གི་ཁྱིམ་དུ་ཡང་ཟ་ཕྱག་ལ་སོགས་པ་མ་ཆག་པར་འབད་ལ་བྱའོ། །དེ་ནི་ཕྱག་གི་སྒོ་ནས་ཚོགས་ཀྱི་བསག་ཐབས་སོ། ༈ །གསུམ་པ་གཏོར་མའི་གཏང་ཐབས་ནི། གཏོར་ཟན་རྡོག་པོར་ཀུན་གྱིས་ཁྱེར་ལ་སྤྱོན་སྤྱོན། ཁྱིམ་དུ་གང་ཟག་རེ་རེ་ཙམ་གདན་དྲངས་ནས་ཀྱང་གཏོར་མ་ཞུ་ཟེར་ན། ཆོས་གྲར་ཚོགས་པ་འདི་རྣམས་ཀྱི་ནང་ན། ལ་ལ་མཁྱེན་པ་དང་ལྡན་པ་ཡོད། ལ་ལ་རྟོགས་པ་དང་ལྡན་པ་ཡོད། ལ་ལ་གསལ་སྟོང་ཏིང་ངེ་འཛིན་སྒོམ་པ་ཡོད། ལ་ལ་བསྐྱེད་རིམས་ལྷ་བསྒོམ་པ་ཡོད་དེ། ནུས་མཐུ་བྱིན་བརླབས་དང་ལྡན་པ་མང་པོ་ཡོད་པས་འདི་དག་ཐམས་ཅད་སྨོན་ལམ་སྟབས་གཅིག་ཏུ་བཏབ་ནས་ཐུགས་དམ་དུས་གཅིག་ཏུ་སད་པ་ཡིན་པས། འདི་རྣམས་ཀྱི་བྱིན་བརླབས་བྱས་པས། བརྒྱ་འགྱུར་སྟོང་འགྱུར་དུ་འགྱུར་ཏེ། །དེ་ཡང་ཚེ་འདིའི་བར་ཆད་སེལ། །ཕྱི་མ་ཡི་ལམ་སྣ་འདྲེན་པའོ། །འདི་ལ་གཉིས་ཏེ། ལྡན་པ་གསུམ་དང་། ཚིམ་པ་བཞིའོ། །དང་པོ་ལྡན་པ་གསུམ་ནི། སྟེགས་དང་ལྡན་པ། རྒྱན་དང་ལྡན་པ། རླན་དང་ལྡན་པའོ། །དང་པོ་སྟེགས་དང་ལྡན་པ་ནི། མ་འཛི་ལ་སོགས་པ་སྟེགས་གང་ཡོད་པ་རེའི་ཁ་གཏོར་མ་རྣམས་བཀོད་པའོ། །གཉིས་པ་རྒྱན་དང་ལྡན་པ་ནི། རྒྱན་གང་ཡོད་ཀྱིས་བྱ་སྟེ། ཐ་མ་ལ་ཕུག་གམ་སྒོག་པ་ཚུན་ཆོད་ཅི་འབྱོར་གྱི་རྒྱན་རེ་ཡོད་ན་ལེགས་པ་ཡིན། དེ་ཡང་ཇོ་བོ་སྔགས་ཀུན་ན་རེ། ཞི་བ་ལ་དཀར་གཏོར་ཁྲོ་བོ་ལ་དམར་གཏོར་དུ་བྱ་གསུངས་ཏེ། དཀོན་མཆོག་ལ་དེ་ཀ་འདྲ་བའི་ཁྱད་མེད། དེ་ཡང་ཅི་ཤེས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རང་བཞིན་དགོངས་པ་གཅིག་ལས་མེད་ཅེས་པས་མངོན་ནོ། །ད་འོ་ན་སྐུ་མདོག་དང་ཕྱག་མཚན་མ་འདྲ་བ་སོ་སོར་ཐ་དད་འདི་ཙམ་འདུག་པ་སྙམ་ན། དེ་ཡང་། སེམས་ཅན་མོས་བློ་ཐ་དད་ལ། །སངས་རྒྱས་མཚན་ཡང་སོ་སོར་བཏགས། །ཞེས་པས། སེམས་ཅན་གྱི་བློ་ཐ་དད་པ་འདུལ་བའི་དོན་དུ་དགོངས་པ་མ་གཏོགས་པ་སངས་རྒྱས་ལ་སོ་སོར་ཐ་དད་མེད་དོ། །དེའི་ནད་ཀས་དཀོན་མཆོག་ལ་རྒྱན་གང་བཏབ་ཀྱང་འདྲའོ། །གསུམ་པ་རླན་དང་ལྡན་པ་ནི། གང་འབྱོར་གྱི་རླན་རེས་འབྲན་པ་ཡིན་ཏེ། དེ་ཡང་འོ་ཅག་གི་འདིར་གཏེར་གཉེན་བས་གཉེན་མཛད་ལ། གཏོར་མ་མང་ཤོས་འདི་རྣམས་སྤྲང་པོ་ལ་ཕན་པས་སྐམ་གཏོར་དུ་མཛོད། མཐོང་གཏོར་དེར་ཆུ་མང་དུ་ལུགས། །དེ་ནས་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་ཆུ་རྒྱུན་ཕབ་ནས་བྱེད་པ་ཡིན་གསུངས་ངོ་། །དེ་ནི་ལྡན་པ་གསུམ་མོ། ༈ །གཉིས་པ་ཚིམ་པ་བཞི་ནི། བཤམས་པ་ཚིམ་པ་རེག་པས་ཚིམ་པ། བསྔོས་པས་ཚིམ་པ། རྗེས་ཀྱིས་ཚིམ་པའོ། །དང་པོ་བཤམས་པས་ཚིམ་པ་ནི། གཏོར་མ་བཤམས་པ་རང་གིས་ཀྱང་ཡི་དྭགས་སམ་ཤས་གཅིག་ཚིམ་པ་ཡོད་དོ། །གཉིས་པ་རེག་པས་ཚིམ་པ་ནི། སྣོད་ལ་ལག་པ་རེག་པས་ཀྱང་ཤས་ཅིག་ཚིམ་པ་ཡོད་དོ། །གསུམ་པ་བསྔོས་པས་ཚིམ་པ་ནི། བསྔོ་ལུགས་ཇི་ལྟར་ཤེས་པ་རེ་ཡལ་བར་མ་བཞག་པར་མཛོད་ཅིག །མི་ཤེས་པ་རྣམས་ལ་ད་ལྟ་བསླབ་པས་ཆོག་པ་ཡིན། དེ་ཡང་ཇི་ལྟར་བྱེད་པ། དང་པོ་བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་བྱ། དེའི་རྗེས་ལ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད། དེ་ནས་གཏོར་མ་ལ་དམིགས་ལ། ངག་ཏུ་ཨཱོཾ་ཨ་ཧཱུྃ་ཞེས་པ། ཉེར་གཅིག་གམ་བདུན་ནམ་གསུམ་བརྗོད་པས། འབྲུ་གསུམ་པོ་གཏོར་མ་ལ་ཕོག་ལྟེ་ཞུ་བས། ཡིད་ཀྱིས་སྣོད་རིན་པོ་ཆེ་ལས་གྲུབ་པ་སྟོང་གསུམ་ཁྱབ་པ་ཙམ། བཅུད་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས་ལ། བླ་མ་དཀོན་མཆོག་མཆོད་པ། ཆོས་སྐྱོང་ལ་གང་འདོད་ཀྱི་དམ་རྫས། མཐའ་ཡས་ཀྱི་སེམས་ཅན་ལ་རང་རེ་ཇི་ལྟར་འདོད་པ་བཞིན་དུ་གང་ལ་གང་དགོས་སུ། ནམ་མཁའ་ནས་ཆར་བབ་པ་བཞིན་དུ་གང་ལ་གང་དགོས་སུ་འབྱུང་པར་བསམ་མོ། །དེ་ཡང་གཏོར་མ་ལ་བཙན་དུག་ཏུ་བྱིན་གྱིས་མི་རློབ་སྟེ། གང་ལ་གང་འདོད་དུ་བྱིན་གྱིས་བརླབས་པས། རྨ་བྱ་ལ་བཙན་དུག་ཏུ་ཡང་འཆར་གསུང་། འབུལ་ཚིག་ནི། བདག་གི་བསོད་ནམས་སྟོབས་དང་ནི་༴ ཞེས་པ་ལ་སོགས་བརྗོད་དོ། །དེ་ཡང་མི་ཤེས་ན། བླ་མ་དཀོན་མཆོག་ཡི་དམ་ལྷ་ཚོགས་ཆོས་སྐྱོང་བསྲུངས་མ་འཁོར་དང་བཅས་པ་ལ་འབུལ་ལོ། །འགྲོ་དྲུག་གི་སེམས་ཅན་ལུས་པ་མེད་པ་ཐམས་ཅད་ལ་འབུལ་ལོ། །གང་ལ་གང་དགོས་ཅི་ལ་ཅི་འདོད། འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅི ག་ཅེས་བརྗོད་དོ། །གཞི་པ་རྗེས་ཀྱིས་ཚིམ་པ་ནི། ཆུ་བོ་བད་ཟན་འབྲུལ་བ་ལ་སོགས་པའི་རྗེས་ཀྱིས་ཀྱང་ཡི་དྭགས་ཚན་ཅིག་ཚིམ་པ་ཡིན་ནོ། །དེ་ལྟར་གཏོར་མ་འདི་བསོད་ནམས་ཤིན་ཏུ་ཆེ། འཕྲལ་གྱི་རྐྱེན་བཟློག །བར་ཆད་སེལ། ཕུགས་ཀྱི་ལམ་སྣ་འདྲེན། ཚེ་ཕྱི་མ་དབུལ་འཕོངས་ཀྱི་སྡུག་བསྔལ་དང་བྲལ། འཕྲལ་དུ་སྲིས་ཚུན་ཆོད་ཀྱང་རྨེ་བ་ཡིན། ཕན་ཡོན་དཔག་ཏུ་མེད་པས་ན་པར་ནས། གཏོར་ཟན་ཆུང་ངུ་ན་རེ་ཅིས་ཀྱང་བསྣོམས་ལ་ཡོན་ཏན་ཅིག་གཏོར་མ་བགྱིའོ། །དེ་ལྟར་འདིར་མ་ཟད་དེ་རང་རང་གི་ཁྱིམ་དུ་ཡང་གཏོར་མ་རེམ་ལ་ཐོང་མཛོད། གོང་གི་ཕན་ཡོན་དེ་རྣམས་འབྱུང་བས་གཏོར་མའི་ལས་ལ་འབད་པར་བྱའོ། །དེ་ནི་གཏོར་མའི་སྒོ་ནས་ཚོགས་ཀྱི་བསག་ཐབས་སོ། ༈ །བཞི་པ་མཎྜལ་གྱི་དབུལ་ཐབས་ནི། མ་དྷ་ལ་གཉེར་པས་མཎྜལ་ཞེང་དུ་ཆེ་ལ་དཀྱུས་སུ་རིང་བ་ཞིག་ཤོམས་མཛོད། དེ་ནས་ཆོས་ལ་བྱོན་པ་རྣམས་ཀྱིས་ཀྱང་མཎྜལ་གྱི་འབྲུ་ཚོམས་པ་རེ་ཀུན་གྱིས་སྣོམས་ལ་བསྡུས། དེ་ལ་མདྷལ་གྱི་གཉེར་པས་གཞུང་བཞིན་དུ་བཀོད་ནས་འབུལ་བ་ཡིན། དེ་ཡང་རྒྱས་པར་བྱེད་ན་དབུས་སུ་ཚོམ་བུ་གཅིག་དགོད་དེ་རི་རབ་ཏུ་བསམ། དེ་ནས་དེའི་ཐ་མར་གླིང་ཆེན་པོ་བཞི་དང་། གླིང་ཕྲན་བརྒྱད་དང་རིམ་བཞིན་དུ་དགོད་དོ། །དེའི་ནང་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གཏེར་དང་བརྒྱད། ཉི་ཟླ་གཉིས་དང་བཅས་ཏེ་ཚོམ་བུ་ཉི་ཤུ་རྩ་གསུམ་དུ་བཀོད་ལ། དེ་ལྟར་དམིགས་ལ་དབུལ་ལོ། །དེ་བས་བསྡུས་པ་ཉི་ཤུ་རྩ་གཅིག་པ་དང་། བཅོ་ལྔ་པ་དང་། བདུན་པ་ལ་སོགས་པ་རྒྱས་བསྡུས་རིམ་པ་བཞིན་དུ་སྐབས་དང་སྦྱར་ལ་དབུལ་ལོ། །གཡོན་ན་སིལ་མའི་ལུགས་བྱ་བ། འབྲུ་སིལ་བུ་གཏོར་ཏེ། རིན་པོ་ཆེ་སིལ་མར་བསམས་ནས་འབུལ་བ་ཡིན་གསུང་། དེ་ནས་འབུལ་མཁན་གྱིས་མ་དྷལ་བཞེས་པར་ཞུ་བྱ། སློབ་དཔོན་གྱིས་ཚོགས་རྫོགས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ལྟར་མཎྜལ་ཕུལ་བས་བསོད་ནམས་དཔག་ཏུ་མེད་དེ་གླིང་བཞི་རི་རབ་དང་བཅས་པ་ལག་ཏུ་བླངས་ནས་ཕུལ་བ་དང་ཁྱད་མེད། དེ་ཡང་མང་པོ་འདུས་པའི་དགེ་བའི་རྩ་བ་ཡིན་པས། མེ་ཏོག་ཁྱེར་འོང་ཚད་ཀྱིས་བསོད་ནམས་དེ་ཙམ་རེ་ཐོབ་པ་ཡིན་པས། ནང་པར་ནས་ནས་འབྲུ་བདུན་བརྒྱད་ཙམ་རེ་ཐམས་ཅད་ཀྱིས་བསྣོམས་ལ་གཡོན་ཅིག །དེར་མ་ཟད་དེ་རང་གི་ཁྱིམ་དུ་ཡང་བླ་མ་དཀོན་མཆོག་ལ་མཎྜལ་འབུལ་བ་ལ་འབད་པར་བྱའོ། །དེ་ནི་མཎྜལ་གྱི་སྒོ་ནས་ཚོགས་བསག་ཐབས་སོ། །ལྔ་པ་རྗེས་ལ་དགེ་སྦྱོར་གྱི་བྱ་ཐབས་ནི། ལྟོའམ་ཆོས་ཐོན་པའི་རྗེས་ལ་དགེ་སྦྱོར་རེ་བྱེད་པ་ཡིན་ཏེ། སྤྱིར་གང་བྱས་ཀྱང་འདྲ་བ་ཡིན། དེ་ཡང་དང་པོ་འབུམ་འདོན་པ་ཡིན་སྐད། དེ་ནས་དེ་འོ་རྒྱལ་བར་བྱུང་ནས་ཤེས་རབ་སྙིང་པོ་འདོན་པ་ལ། རྗེ་རིན་པོ་ཆེའི་ཞལ་ནས་ཤེས་རབ་སྙིང་པོ་འདི་ཡང་། དག་པར་བྱུང་ན་ཐེག་པ་ཆེན་པོའི་མདོ་ཡིན་པས་ངོ་མཚར་ཆེ་སྟེ། འདི་ཡང་ཤེས་པ་ཉུང་བས་དག་པ་མི་འོང་བར་འདུག །དེ་བས་མ་ཎི་པད་མེ་འདི་རང་བཀའ་བརྩོད་པ་དང་བྲལ། ཀུན་གྱིས་མི་ཤེས་པ་མེད་པས་འདི་རང་བསྒྲངས་པ་ངོ་མཚར་ཆེ་བར་འདུག་གསུང་ནས་མ་ཎི་རུ་བསྒྱུར་ནས་མཛད་དོ། །དེ་ཡང་སྤྱིར་ལྷ་གང་བསྒོམས་ཀྱང་འདྲ། སྙིང་པོ་གང་བཟླས་ཀྱང་འདྲ་བ་ལ། འོན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོ་འདི་བོད་ཀྱི་ལྷ་སྐལ་ཡིན་ཏེ། དེ་ཡང་རྒྱ་གར་རི་མ་ལ་ཡ་གནམ་ལྕགས་ཐོག་འབབ་པའི་རྩེ་མོ་ན། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་བཞུགས་ནས་རྒྱ་དཀར་པོའི་དོན་མཛད་པ་ལགས་སྐད། རྒྱ་ནག་པོ་རི་བོ་རྩེ་ལྔ་ལ་མཁྱེན་རབས་ཀྱི་བདག་པོ་འཕགས་པ་འཇམ་དཔལ་བཞུགས་ནས་རྒྱ་ནག་པོ་རྣམས་ཀྱི་དོན་མཛད་པ་ལགས་སྐད། ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ན་ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་བཞུགས་ན། འོ་སྐོལ་བོད་རྣམས་ཀྱི་དོན་མཛད་པ་ལགས་སྐད། དེ་ལྟར་ཡིན་པས་ལྷ་ཐུགས་རྗེ་ཆེན་པོ་འདི་སྒོམ་པར་བདེ། གྲུབ་ཐག་ཉེ་བྱིན་བརླབས་ཆེ་བ་ཡིན་སྐད། དེའི་ཕྱིར་ལྷ་ཐུགས་རྗེ་ཆེན་པོ་སྒོམ། སྙིང་པོ་ཡང་ཐམས་ཅད་སངས་རྒྱས་ཀྱི་གསུང་ཡིན་པར་འདྲ་བ་ལ། གོང་གི་གནད་ཀས། གསུང་ཡི་གེ་དྲུག་པ་འདི་བཀའ་སྩོལ་པ་ཐམས་ཅད་དང་བྲལ། བྱིས་པ་ཀུན་གྱིས་ཀྱང་བསླབ་མ་དགོས་པར་ཤེས། བྲག་ལོགས་ལ་རང་བྱུང་དུ་བྱོན། ཕན་ཡོན་ལ་དཔག་ཏུ་མེད་པས་འདི་བཟླས་སོ། །དེ་ཡང་ཇི་ལྟར་བཟླས་ན་མངོན་རྟོགས་དང་བཤད་ཚོད་མང་ཀྱང་ཧྲིལ་དྲིལ་ན་ལྷ་ཐུགས་རྗེ་ཆེན་པོ་བསྒོམས་ནས་སྙིང་པོ་ཡི་གེ་དྲུག་པ་རེ་བཟླས་པས་ཆོག་གོ། །བཟླས་ལུགས་ནི་གསུམ་སྟེ། ཕྱི་མདོ་སྡེ་ལྟར་བཟླས་པ། ནང་གསང་སྔགས་ལྟར་བཟླས་པ། གསང་བ་མཁའ་འགྲོ་མ་བརྡའ་ལྟར་བཟླས་སོ། །དང་པོ་ནི་ཇི་སྲིད་སྐད་ཆེ་བར་བཟླས་པ་ཡིན་ཏེ། དེ་ཐོས་པའི་སེམས་ཅན་ཀྱང་གྲོལ་ནུས་པས་སོ། །གཉིས་པ་ནི་གོང་རྩ་གཡས་གཡོན་གྱི་ཐོས་ཙམ་བཟླས་སོ། །གསུམ་པ་ནི་ཡིད་ལ་ལམ་ལམ་བཟླས་ཆོག་གོ། །དེ་ལྟར་བཟླས་ལུགས་གསུམ་གང་མོས་སམ་ཁམས་དང་སྦྱར་ལ་བཟླས་སོ། །བཟླས་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ་རྒྱས་པར་བཤད་དོ། །ལུང་ནོད་བྱ་བ་ཡིན་པས་འདིར་ངའི་ལད་མོ་ལན་གསུམ་མཛོད་ཅིག་ཅེས་ཐལ་མོ་སྦྱར་ལ་ཨཱོཾ་མ་ཎི་པད་མེ་ཧཱུྃ་ཞེས་ལན་གསུམ་གྱིས་ལུང་དབོག་གོ །དེས་ལུང་ཐོབ་པ་ཡིན་པས་ཐུགས་དམ་དུ་བཟུང་ནས་བསྒྲང་པར་ཞུ ། ཆོས་ཐོན་པའི་རྗེས་འདི་ལ་བརྒྱ་ཚོ་རེ་བསྒྲངས་པར་ཞུའོ། །སུ་མ་ཎི་འདྲེན་པ་རེམ་པ་ཚོ་སྔོན་ལ་སངས་རྒྱས། མི་རེམ་པ་ཚོ་ཕྱི་ལ་སངས་རྒྱ། ཡེ་མ་བསྒྲངས་ན་སངས་མི་རྒྱ་བ་ཡིན་པས་རེམ་ལ་བཟླས་སོ། །དེ་ནི་རྗེས་ལ་དགེ་སྦྱོར་གྱི་བྱ་ཐབས་སོ། ༈ །འགྲོ་བའི་མགོན་པོ་སྤྲུལ་སྐུ་ཞིག་པོའི་གསུང་། །སྔོན་འགྲོའི་བརྗེད་ཐོ་ཡི་གེར་བྲིས་པ་འདི། །གཞན་ལ་ཕན་ཕྱིར་དབུས་པ་རྟ་ཡིས་བསྡེབས། །དེ་ཡི་དྲིན་གྱིས་ཁམས་གསུམ་སེམས་ཅན་ཀུན། །ཚོགས་གཉིས་རྫོགས་ཏེ་ཐར་པའི་ས་ཐོབ་ཤོག །འགྲོ་མགོན་ཞིག་པོའི་གསུང་བསྒྲོས་བཅོས་སླད་མེད་པར་དབུས་པ་རྟ་ཡིས་སྦྱར་བ། རྫོགས་སོ།། །།ཁོ་བོ་རྟ་བན་གཟི་བརྗིད་ང་། །འཇིག་རྟེན་ཆོས་ལུགས་མི་བཟོ་ཡང་། །བླ་མའི་གསུང་ལ་ངེས་པ་ཐོབ། །མ་ལེ་ཡིད་སྨོན་མི་གཏོང་ངོ་། །ཀྱག་ལ་ངས།།


previousམཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ། དབུས་པ་རྟ།next