Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ། རྟ་ཛྙཱ་ན་ཤྲཱི།
   
   
   
   
   


 
previousསྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ། རྟ་ཛྙཱ་ན་ཤྲཱི།next

སྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ། རྟ་ཛྙཱ་ན་ཤྲཱི།

སྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ་བཞུགས། སྤྲུལ་པའི་བདག་ཉིད་ཨ་རོ་ཡེ་ཤེས་དང་། །ཡ་ཟི་བོན་སྟོན་དྲུ་གུ་གློགས་འབྱུང་དང་། །སྦ་བསྒོམ་བསོད་སྙིང་དམ་པས་འཛི་བསྒོམ་དང་། །བ་རང་བསྒོམ་ཆེན་ཇོ་མོ་ཉང་མོ་དང་། །དམ་པ་ཤཱཀ་རྒྱལ་ཤཱཀྱ་བླ་མ་དང་། །ལྕེ་སྟོན་ཇོ་གཟུངས་སྤྲུལ་སྐུ་ཞིག་པོ་ཉིད། །དྲིན་ཅན་བླ་མ་རྣམས་ལ་འདུད་བྱས་ཏེ། །མན་ངག་རིན་ཆེན་སྤུངས་པ་ཡི། །ཁྲིད་ལུགས་གསལ་བའི་སྒྲོན་མ་བྲི། །སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། །ཁམས་ཀྱི་ཡ་ཟི་བོན་སྟོན་ལ། །སྙན་རྒྱུད་རིན་པོ་ཆེ་སྤུངས་པའི་གདམ་ངག་བསྟན་པ་བཞིན་དུ། འོ་སྐོལ་འདིར་ཡང་སྟོན་པར་བགྱིད་ལགས་སོ། །མན་ངག་འདི་ལ་དོན་གཉིས་ཏེ། །སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། ཉམས་སུ་བླངས་པ་གདམ་ངག་གི་རིམ་པའོ། །དང་པོ་ནི་སློབ་དཔོན་ཨ་རོ་སྤྲུལ་པའི་སྐུ་དངོས་དེས། ཐུགས་ཟིན་བཞིའི་ནང་ནས་ཁམས་ཀྱི་ཡ་ཟི་བོན་སྟོན་ལ་གདམ་ངག་ཐམས་ཅད་རྫོགས་པར་གནང་། དེས་གྲུབ་པ་ཐོབ་ཡོན་ཏན་དུ་མ་དང་ལྡན་ནོ། །དེ་ལ་རྒྱན་གྷོང་གི་དྲུ་གུ་གློག་འབྱུང་གིས། ཨ་རོ་ཉིད་ལ་ཡང་བཀའ་ཐོབ་ཙམ་བྱས། མཐིལ་དུ་ཡ་ཟི་ལ་ཞུས་སོ། །དེས་རོང་གི་བྲག་རྒྱབ་པ་སྦ་སྒོམ་བསོད་ནམས་སྙིང་པོ་ལ་གནང་དེས་རོང་སྟོད་པ་འཛི་བསྒོམ་ལ་གནང་། དེས་དོ་རིའི་བ་རང་བསྒོམ་ཆེན་ལ་གནང་། དེས་ཇོ་མོ་ཉང་མོ་བྱ་བ་ཁ་རག་ཉང་ཁོལ་བ་ཡིན་ཏེ། དད་པ་ཤིན་ཏུ་ཆེ་ཆོས་བྱ་སྙམ་པ་ལ། མིང་པོས་ཁྱོ་ལ་བཏང་པས་མཛེ་རྫུ་བཏབ་ནས་བྲལ། རེས་སྨྱོ་རྫུས་ཀྱང་བཏབ་ནས་ཆོས་ལ་ཕྱིན་པས། བ་རང་བསྒོམ་ཆེན་དང་མཇལ་ནས་སྤུངས་པའི་གདམ་ངག་གནང་ནས་ཉམས་སུ་བླངས་པས། ཉམས་མྱོང་དང་ལྡན་མི་ཆེན་པོ་འདུས་སོ། །དེ་ལ་རྩང་སྟོན་རྡོ་རྗེ་འབར་གྱིས་སྣ་མཚོན་མཛོད་ནས་ལྕེ་ཤག་རྒྱལ་གྱིས་ཞུས། དེས་ལྕེ་སྟོན་གཟུང་ངེ་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། ཡང་ཇོ་མོས་སེ་བྲག་པ་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། དེས་དངོས་ལའོ། །དེ་ལྟར་བརྒྱུད་པ་གྲུབ་ཐོབ་རྟོགས་ལྡན་ཟམ་མ་ཆད་པས་ཡིན་ཆེས་ཤིང་ངེས་ཤེས་སྐྱེ་དགོས་སོ། །ཉམས་སུ་བླང་པ་གདམ་ངག་གི་རིམ་པ་ལ་གཉིས་ལས། ཐུན་མོང་གི་སྤུངས་པ་གུད་ན་བཞུགས། ཐུན་མོང་མ་ཡིན་པ་འདི་ལ་གཉིས་ཏེ། མན་ངག་གི་མཚན་ཆེ་བ་དང་བཅས་པ་དང་། མན་ངག་དངོས་པོ། མཚན་ནི་མན་ངག་རིན་པོ་ཆེ་སྤུངས་པ་ལ་འདི་ཞེས་པས། རྩོལ་བ་ལ་རག་མ་ལུས་པས་ཚེགས་ཆུང་། མཐར་ཐུག་གི་འབྲས་བུ་ཐོབ་པས་དོན་ཆེ་བས་མན་ངག །བྱང་ཆུབ་བསྒྲུབ་པའི་ལམ་གྱི་དགོས་འདོད་ཐམས་ཅད་འབྱུང་བས་རིན་པོ་ཆེ་སྤུངས་པ་བཞིན་ནོ། །དེ་ཀ་རྣལ་འབྱོར་པ་གོང་མ་རྣམས་ཀྱིས་ཉམས་མྱོང་གི་རིག་པ་བརྒྱུད་པའི་མན་ངག་ཡིན་པས། ཚིག་ཏུ་གོ་སླ་དོན་དུ་ཤེས་སྐྱོན་ནོ། །བརྒྱུད་པ་ཐབས་སུ་ཁྱེར་བ་མིན་ཏེ། གནས་ལུགས་ཐབས་སུ་འཁྱེར་བའི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་མན་ངག་ཡིན་པས། ལྟ་སྤྱོད་བག་ཡངས་ལ་འབྲས་བུ་མཉམ་ཉིད་གདུ་བ། ལྟ་བ་ཨ་ཏི་ཡོ་ག །སྤྱོད་པ་གདབ་པ་བཅུ། མ་འཆོལ་བའི་མན་ངག་ཡིན་པས་རྟོགས་པ་རྒྱུད་ལ་འཆར་རྐྱེན། ལྟ་བསྒོམ་སྤྱོད་པའི་དྲོད་ཚད་ཀྱིས་ཟིན་པའི་མན་ངག་ཡིན་པས། ཆོས་ཉིད་ཀྱི་ངང་ལ་རིག་པ་གནས་རྐྱེན། ལྟ་བ་ཨ་ཏི་ཡོ་གའི་གནད། བསྒོམ་པ་སྐྱེ་བའི་རིམ་པ་སེམས་ཀྱི་དྲོད་ཚད་བསྟན་པ། སྤྱོད་པ་གདབ་པ་བཅུའི་གནད་ཀྱི་མན་ངག་ཡིན་པས། ཞེན་འཛིན་གྱི་མདུད་པ་རང་སར་གྲོལ་རྐྱེན། རྟོགས་པའི་བླ་མ་གོང་མའི་ཁོང་ནས་སློབ་བུ་འོག་མའི་ཁོང་དུ་འོལ་བའི་མན་ངག་ཡིན་པས། གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལས་འཆར་རྐྱེན་ནོ། །དེ་ལྟར་མན་ངག་གི་མཚན་ཆེ་བ་དྲུག་པོ་དེ་བཤད་པས། གཞན་པས་ལྷག་པའི་ཡེ་ཤེས་གཅིག་སྐྱེ་དགོས་སོ། །མན་ངག་དངོས་ལ་གསུམ་སྟེ། བཙལ་ཐབས་དགུས་བླ་མ་བཙལ་བ་དང་། བཅང་ཐབས་བཅུ་བདུན་དམ་ཚིག་ཏུ་བསྟན་པ་དང་། མན་ངག་གདབ་པ་དངོས་སོ། །དང་པོ་ནི་བླ་མ་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་ཀྱི་ཚུལ་དུ་བཙལ་བར་བྱ་ཞེས་པ་ལ་རྩོགས་པ་དགུས་བསྟན་ཏེ་བགྲང་། དེ་ལ་སྤྱིར་བླ་མ་ལ་བཞི་སྟེ། ཕྱིའི་བླ་མ་ཚིག་གི་དོན་མཚོན་པར་བྱེད་པ། ནང་གི་བླ་མ་དེས་མཚོན་པའི་ལྟ་བ་རྟོགས་པ། གསང་བའི་བླ་མ་རྟོགས་པ་དེ་བསྒོམས་པས་ཉམས་སུ་མྱོང་བ། མཐར་ཐུག་གི་བླ་མ་ནི་ཇི་ལྟ་བ་བཞིན་ལས་སུ་རུང་བའོ། །དེ་ལས་འདི་ཕྱིའི་བླ་མ་བཙལ་ཐབས་གཙོ་ཆེ་སྟེ། དེ་ལ་བླ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ། དེ་ཚིག་གིས་མཚོན་ནས་རྒྱུད་ལ་བསྐྱེད་པར་བྱེད་པས་ན། སྡུག་བསྔལ་ལས་སྐྱོབ་པའི་དགེ་བའི་བཤེས་གཉེན་དེ། སངས་རྒྱས་བས་ཀྱང་ལྷག་སྟེ། དེས་ཀྱང་ལག་པ་ནས་ཁྲིད་ནས་གཞག་ཏུ་མེད་ལ། རང་ལ་གནས་པ་བླ་མས་ངོ་སྤྲོད་པས། སངས་རྒྱས་དངོས་བས་ཀྱང་ལྷག་པའི་ཚུལ་གྱིས་བཙལ་བར་བྱའོ། །དེ་ནད་པའི་ཚོགས་ཀྱིས་སྨན་པ་བསྟེན་པ་དེ་སྨན་པ་ཅི་དགའ་བ་བྱས་ཏེ་བསྟེན་པ་བཞིན་དུ། མན་ངག་འདོད་པའི་སློབ་བུས་བླ་མ་ཅི་མཉེས་པ་བྱས་ལ་བཙལ་བར་བྱའོ། །དེ་ལན་ཚ་མྱང་བ་དེ་ཁས་ན་ཆུ་བླུགས། ཞན་ན་ཚ་འདེབས། རན་ན་འཐུང་བ་བཞིན་དུ། རུ་དེའི་སྤྱོད་པའམ་དགོངས་ཉམས་ཟབ་བམ་མི་ཟབ་བལྟས་ལ་ཟབ་པ་ལ་ཞུ། དང་པོའི་དད་པ། མོས་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་པོ་དེ་རེས་ཆེ་རེས་ཆུང་བ་མིན་ཏེ་ཆུ་བོའི་གཞུང་བཞིན་སྐྱེ་འབྲི་མེད་པར་བཙལ་བར་བྱ། བླ་མའི་ཆགས་ཕྱིར་བརྩོན་ཞིང་མན་ངག་ཞུ་བ་ལ་འགྲུས་པས་ཐང་ལྷོད་མེད་དེ། གཞུ་མོའི་རྒྱུད་བཞིན་ཐང་ངེ་བཙལ་བར་བྱའོ། །གནས་སྐྱིད་པ་དང་ཡུལ་བཟང་བ་ལ་ཆགས་པ་མེད་པར་བཙལ་བར་བྱའོ། །ནོར་དང་རྫས་དང་ཕངས་པ་མེད་པར་བློས་བཏང་ལ་བཙལ་བར་བྱའོ། །ལུས་ངག་གི་དཀའ་བས་བླ་མ་ཚོལ་ཞིང་བརྟེན་པ་ལ་སྡུག་བསྔལ་གྱི་དཀའ་བ་བཟོད་ཡིད་གདུངས་པ་སྐོམ་པ་ཆུ་ཚོལ་བ་ལྟ་བུའི་ཚུལ་གྱིས་བཙལ་བར་བྱ། བྱང་སེམས་རི་ལྟར་བརྟན་པ་ནི་ལྟ་བ་ཉམས་སུ་མྱོང་བ་ལ་འ ཕོ་འགྱུར་མེད་ཟེར་ཀྱང་། བློ་བརྟན་པོ་རི་དང་འདྲ་བས་མི་འགྱུར་བར་བཙལ་བར་བྱ་རིན་པོ་ཆེ་གསུང་ངོ་། །བཅང་ཐབས་བཅུ་བདུན་ཚིག་ཏུ་བསྟན་པ་ནི། བླ་མ་དམ་པའི་གདམ་ངག་སྨ་ཅི་དབབ། ཅེས་པ་ལ་སོགས་པ་བཅུ་བདུན་ཏེ་བསྒྲང་། བླ་ནི་ཡང་དག་རྫོགས་སངས་རྒྱས། །མ་ནི་དེ་བསྐྱེད་བྱེད་པའོ། །ཞེས་པས། བླ་ནི་སངས་རྒྱས་ཀྱི་དགོངས་པ་ལ་བྱ། མ་ནི་ཚིག་གིས་མཚོན་ནས་རྒྱུད་མ་ངེས་ཤེས་བསྐྱེད་པ་ལ་བྱ། དམ་པ་ནི་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། བླ་མ་དེས་ཨ་ཏི་ཡོ་གའི་གདམ་ངག་བསྟན་པ་ལ། ཐེ་ཚོམ་སྐྱེས་ན་སྨ་ཕབ་པ་ཡིན་ཏེ་བྱིན་བརླབས་མི་འབྱུང་བས་ཡིད་ཆེས་བར་བྱའོ། །རང་གི་རིགས་པས་འདི་ལྟར་འཐད་བྱས་ན་དྲི་མ་ལ་བསྐུལ་བས་གསུང་བཞིན་བྱའོ། །ཁྲིད་ཀྱི་དུས་སུ་རླུང་ལ་ཐུན་རྐུན་མི་བྱ་བ་དང་ཐུན་ལ་འབྱམས་སུ་མི་གཞུག་པ་ལ་སོགས་པ་ཡིན་གསུང་། ཤོག་གུ་ལ་བྲིས་ན་ཐལ་ཁུང་དུ་གསུར་བ་ཡིན་ཏེ། འོ་ན་ད་ལྟ་བྲིས་ནས་འདུག་པ་སྙམ་པ་ལ། དཔེ་དེ་ལྟར་འདུག་ཀྱང་བློ་གནས་སུ་ཧྲུག་གེམ་བརྗེད་པར་བྱའོ། །དེ་ལྟར་མ་བྱས་ན་ཐལ་ཁུང་དུ་གསུར་བའོ། །ང་ལ་གདམ་ངག་ལ་འཐོར་དུ་སྤུངས་པ་ན་འདི་འདྲ་ཡོད་སྨྲས་ནས་ཡར་བ་སྟེ། ལ་འཐོར་དུ་མི་སྨྲའོ། །ཕག་ཏུ་མཆེད་གྲོགས་ལ་སོགས་པ་ལ་སྤུངས་པའི་ལུགས་ཀྱིས་འདི་འདུ་ཡོད་བྱས་ན་ཟགས་པ་སྟེ། ཉམས་སུ་ལེན་ལུགས་འདི་ལྟར་བྱེད་བྱ་བ་ལ་སོགས་པ་མི་བཟླས་སོ། །རང་གི་ཉམས་སུ་མ་བླངས་ཏེ་བརྗེད་ན་སྐམས་པ་སྟེ། མ་བརྗེད་པར་ཉམས་སུ་བླང་ངོ་། །སྤུངས་པའི་ལུགས་ཀྱི་ལྟ་བ་ཨ་ཏི་ཡོ་ག་ལ་སོགས་འདི་ལྟར་འདོད་བྱས་ན་ལྟ་བར་བཀྲོལ་བ་སྟེ། དེ་གཞན་ལ་མི་བཤད་དོ། །གདམ་ངག་འདི་ལྟ་བུ་ཡོད་དེ་ཁྱོད་རང་འབུལ་བ་བྱེད་དམ་བྱས་ན་ཆོས་དང་ནོར་དུ་བརྗེས་ནས་བཙོངས་པ་སྟེ་མན་ངག་དང་ནོར་མི་རྗེའོ། །ཁྲིད་མ་བྱས་པར་ཕར་ཕར་བཤད་ན་སྤྱུགས་པ་སྟེ། ཁྲིད་མ་བྱས་པར་མི་བཤད་དོ། །གོང་མའི་དམ་ཚིག་མ་ཐུབ་ན་ངན་སོང་དུ་ལྷུང་པས་གཡང་དུ་སྐྱུར་བ་ཡིན་ཏེ། དེ་ཐུབ་པར་བྱའོ། །གོང་མ་ཚོ་མ་ཐུབ་ན་རང་ལ་གནོད་པས་དུག་ཏུ་སོང་བ་སྟེ། དེ་ཐུབ་པར་བྱའོ། །གཞན་ལ་ཡེ་མ་བསྟན་ན་རབས་བཅད་པ་ཡིན་པས། སྣོད་ལྡན་འགའ་ལ་བསྟན་ནོ། །སྤུངས་པའི་སྐོར་འདི་ཚང་བར་མ་བྱིན་ན་དབང་པོ་བཅར་བ་ཡིན་པས་ཚང་བར་སྦྱིན་ནོ། །དམ་ཚིག་དེ་ལྟར་ཡིན་པས་རང་གི་མིག་པས་ཀྱང་ཕངས་པར་སྦའོ། །མན་ངག་འདི་རང་གི་སྲོག་པས་ཀྱང་ཕངས་པར་བཙའོ། །དམ་ཚིག་འདི་རྣམས་ཐུབ་པར་བྱ་དགོས་སོ། །གདམས་ངག་གདབ་པ་ལ་གསུམ་སྟེ། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པའོ། །དེ་ལྟར་གསུམ་ཉམས་སུ་བླངས་པས་འབྲས་མཁར་མ་ལོ་ལེགས་ན་ཕུལ་སོག་ཞོར་ལ་འབྱུང་བ་དང་འདྲ་སྟེ་འབྲས་བུ་ཞོར་ལ་འབྱུང་ངོ་། །ལྟ་བ་ལ་གསུམ་སྟེ། ཤན་འབྱེད་ཁོང་འཁྲོལ་བཞི་ཐེག་པའི་འགྲལ་ལམ་ཤན་འབྱེད་དུ་བསྟན་པ་དང་། མཚན་ཁོང་ཐོན་ལྟ་བ་དངོས་སུ་བསྟན་པ་དང་། ཡོན་ཏན་རྫོགས་པ་ཆེན་པོའོ། །དང་པོ་ནི་བཀག་པ་ལ་སོགས་པ་བཞིས་དགག་བྱ་གཙོ་བོར་སྟོན། བཙལ་བ་ལ་སོགས་པ་བཞིས་བསྒྲུབ་བྱ་གཙོ་བོར་སྟོན། དེ་གཉིས་ཁོང་ཁྲོལ་བས་ཁོང་འཁྲོལ་ཞེས་བྱའོ། །དེ་ལ་དང་པོ་བཀག་པའི་ཅེས་པ་ཉན་ཐོས་ཀྱི་ལུས་སེམས་གཉིས་ཀ་སྡིག་པ་བཀག་ནས་དགེ་བ་བསྒྲུབ་པའོ། །བཀག་པ་ནི་དགེ་སྡིག་མཉམ་པ་ཉིད་རང་ལ་གནས་པ་མ་རྟོགས་པའོ། །ཡང་བཀག་པ་ནི་སྔགས་ཀྱི་རྣལ་འབྱོར་པས་ལུས་ངག་གིས་སྡིག་པ་བཀག་ཀྱང་སེམས་ཀྱིས་སྒྱུ་མར་ཤེས་པས་མ་བཀག་པའོ། །མ་བཀག་པ་ནི་རྫོགས་ཆེན་ཁ་འབྱམས་པས་དོན་མ་གོ་བར་ལུས་ངག་གིས་སྡིག་པ་དགག་མི་དགོས་ཟེར། སེམས་ཀྱིས་མཉམ་པ་ཉིད་དུ་མ་ཤེས་པས། མཉམ་པ་ཉིད་ཀྱི་དོན་བཀག་པའོ། །མ་བཀག་པའི་ནི་སེམས་ཀྱིས་མཉམ་པ་ཉིད་དུ་ཤེས་པས་ལུས་ངག་གིས་སྡིག་པ་མ་བཀག་པའོ། །མ་བཀག་པ་ནི་སེམས་ཀྱིས་དགེ་སྡིག་མཉམ་པ་ཉིད་དུ་ཤེས་ནས་ལུས་ངག་གི་སྡིག་པ་མ་བཀག་ལ་མི་འཇུག་པ་གཅིག་དགོས་སོ། ༈ །བཙལ་བའི་ནི་ཉན་ཐོས་པ་སྟེ། ལུས་སེམས་གཉིས་ཀ་སྡིག་པ་བཙན་ཐབས་སུ་སྤོང་དགེ་བ་བསྒྲུབ་པའོ། །བཙལ་བ་ནི་སྤང་བླང་མེད་པར་མ་ཤེས་པའོ། །བཙལ་བའི་ནི་ལུས་ངག་གིས་ལྷ་བསྒོམ་སྙིང་པོ་བཟླས་ནས་བཙལ་བའོ། །མ་བཙལ་བ་ནི་སེམས་ཀྱིས་འབྲས་བུ་རང་ལ་ཡོད་པར་ཤེས་ནས་མ་བཙལ་བའོ། །མ་བཙལ་བའི་རྫོགས་ཆེན་ལ་འབྱམ་པ་ལུས་ངག་གི་རྩོལ་བས་བཙལ་དུ་མེད། ལུས་ཀྱིས་ལྷ་མི་བསྒོམ་ངག་གིས་སྙིང་པོ་མི་བཟློས། བཙལ་བ་ནི་སེམས་ཀྱི་འབྲས་བུ་རང་ལ་ཡོད་པར་མ་ཤེས་པས་སོ། །མ་བཙལ་བ་ནི་རྫོགས་ཆེན་རྟོགས་པས་ལུས་སེམས་གཉིས་ཀས་མཉམ་པ་ཉིད་དུ་ཤེས་པས་དགེ་སྡིག་གིས་མ་བཙལ་བའོ། །མ་བཙལ་བ་རྩོལ་བ་ཐམས་ཅད་དང་བྲལ་བའོ། །འདི་རྣམས་རྒྱ་ཆུང་བར་ཉན་ཐོས། རྣལ་འབྱོར་ཆེན་པོ། སོ་སོ་སྐྱེ་བོ། རྫོགས་ཆེན་པ་བཞི་དང་སྦྱར། རྒྱ་ཆེ་བར་མཚན་ཉིད་པ། གསང་སྔགས་པ། འཇིག་རྟེན་པ། རྫོགས་ཆེན་པ་བཞི་དང་སྦྱར་ནས་རང་གང་ན་འདུག་པ་ཤན་དབྱེའོ། །སྐྱེ་བོ་བ་རྫོགས་ཆེན་ཁ་འབྱམས་པ་བྱ་བར་རིན་པོ་ཆེ་གསུང་ངོ་། །མཚན་ཁོང་ཐོན་ལྟ་བ་དངོས་སུ་བསྟན་པ་ནི། དེ་ཡང་ཨས་མཚོན་ནས་སྐྱེ་མེད། ཏིས་འགག་མེད། ཡོ་གས་མཚོན་ནས་གཉིས་མེད་སྟོན་ནོ། །ཨ་ཨ་ནུད་བ་བཱ་སྭ་བ་བཱ་དྷར་མ་ཏེ་ཞེས་བྱ་བའི་སྒྲ་ལས་དྲངས་ན། ཨ་མ་སྐྱེས་ཅིང་སྐྱེ་བ་མེད་པའི་རང་བཞིན་ཡིན་ཞེས་པ་ནི། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ལུས་དང་སྡུག་བསྔལ་དུ་སྣང་བ་ཡང་རྒྱུ་ལས་མ་བྱུང་། རྐྱེན་ནམ་ངོ་བོས་མ་སྐྱེ། ལམ་པའི་ཆོས་ལྟ་བསྒོམ་སྤྱོད་པར་སྣང་བ་ཡང་རྒྱུ་ལས་མ་བྱུང་། ཁམས་མ་སྐྱེས་པ་མཚན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་སྣང་བ་ཡང་རྒྱུ་ལས་མ་བྱུང་། རྐྱེན་ནམ་ངོ་མ་སྐྱེས་ཏེ། དོན་ནི་སེམས་ཀྱིས་སེམས་ལ་བལྟས་པས་ངོས་བཟུང་ཐམས་ཅད་དང་བྲལ་བ་དེའོ། ཏི་ཏིན་ཏི་ན་ཞེས་བྱའི་སྒྲ་ལས་དྲངས་ན། མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བཟུང་བའི་དོན་ཡིན་ནོ། །དེ་ཡང་སྒྲ་དེ་ལས་དྲངས་ནས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་འགག་མེད་སྣང་མཉམ་གྱི་ཐུགས་རྗེ་ཆེན་པོའི་ནི་རྟོགས་པ་མངོན་འགྱུར་གྱི་ཐུགས་རྗེ་ཆེན་པོ་ཤར་བ་ལྟ་བུ་མ་ཡིན་ཏེ། གནས་ལུགས་འགག་མེད་སྣང་མཉམ་དུ་རྒྱུན་མི་འཆད་པ་ལ་ཐུགས་རྗེ་ཞེས་བྱ་སྟེ། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བའི་དོན་ཡིན་གསུང་། བཟུང་བ་ནི་ཆོས་ཉིད་རང་སྣང་རིས་མེད་དུ་བཟུང་བའོ། །དེ་ཡང་འཁོར་བའི་ཆོས་སུ་ཡང་རང་སྣང་། ལམ་བར་ཀྱང་རང་སྣང་། མྱ་ངན་ལས་འདས་པར་ཀྱང་རང་སྣང་བ་སྟེ། དོན་ནི་སེམས་ཉིད་རང་སྣང་དུ་སལ་ལེ་བ་འདིའོ། །ཨས་མཚོན་པའི་སྐྱེ་བ་མེད་པའི་དོན་རྟོགས་པ་ནི་ཤེས་རབ་ལ། ཏིས་མཚོན་པའི་སྙིང་རྗེ་ནི་ཐབས། ཐབས་དང་ཤེས་རབ་གཉིས་སུ་དབྱེར་མེད་པའི་དོན་རྟོགས་པ་ལ་ཡོ་ག་ཞེས་བྱ་སྟེ་རྣལ་འབྱོར་གྱི་དོན་ནོ། །རྣལ་འབྱོར་ཞེས་བྱ་བ་ནི་ཆོས་ཉིད་དོན་གྱི་རྣལ་མ་ལ་རང་རིག་པའི་བློ་འབྱོར་པ་ལ་བྱའོ། །ཞེས་པ་ནི། ཐབས་ཤེས་རབ་གཉིས་སུ་དུས་ལ་ལྔ་ཕྱི་མེད། ངོ་བོ་ལ་བཟང་ངན་མེད། འདུག་ས་ལ་ཐ་དད་མེད་དེ། དོན་ལ་ཨ་མ་སྐྱེས་པ་སེམས་ཉིད་ངོས་བཟུང་ཐམས་ཅད་དང་བྲལ་བའི་དུས་ན་རང་སྣང་། ཏི་འགག་མེད་སེམས་ཉིད་སྣང་བདོས་པའི་དུས་ན་དེ་ཉིད་ངོས་བཟུང་དང་བྲལ་ཏེ་ཨ། དེ་གཉིས་དུས་མཉམ་ཆིག་ཆོད་དུ་དཀྲུག་གིས་རྟོགས་པ་དེའོ། །དེ་ལ་མཚན་ཁོང་ཐོན་གྱིས་ངེས་པ་ནི་རུའི་ཐུགས་ནས་རང་འབྱུང་དུ་ཐོན་པས་སོ། །རིན་པོ་ཆེ་ནི་མཚན་ཨ་ཏི་ཡོ་གའི་ཁོངས་ནས་ལྟ་བ་སྐྱེ་འགག་གཉིས་མེད་ཐོན་པར་འཐད་གསུང་ངོ་། །ཡོན་ཏན་རྫོགས་པ་ཆེན་པོ་ནི་གཉིས་ཏེ། རྫོགས་པའི་རྫོགས་ཚུལ་དང་། ཆེ་བའི་དཔགས་ཚུལ་ལོ། །དང་པོ་ནི་གང་དུ་རྫོགས་སེམས་ཉིད་ཨ་ཏི་ཡོ་ག་སྐྱེ་འགག་གཉིས་མེད་ཀྱི་ངང་དུ་རྫོགས། གང་རྫོགས་ཨ་ནུ་མན་ཆད་འཁོར་འདས་ལམ་པས་བསྡུས་པ་ཐམས་ཅད་རྫོགས། ཚུལ་ཇི་ལྟར་རྫོགས་ན། དེ་རྣམ་པ་ལྔའི་སྒོ་ནས་རྫོགས་ཏེ་ཞེས་པས་བགྲང་ངོ་། །དེ་ཡང་ཆིངས་བཞིར་འདུས་སོ། །དེ་ཉིད་ཀྱི་ཚུལ་གྱིས་རྫོགས་ནི་རང་སེམས་སྐྱེ་འགག་གཉིས་མེད་དུ་རྟོགས་པ་དེ་ཉིད་ཆོས་སྐུ་ཡིན་པས་ཆོས་སྐུ་དེ་ཉིད་ཀྱི་ཚུལ་གྱིས་རྫོགས། འོ་ན་དེ་རིགས་པའི་ཤེས་པ་ལ་གྲུབ་པ་མ་ཡིན་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་སྣང་བ་མ་ཡིན་ནོ་ཞེས་ན་དང་པོར་ཡང་དེ་ཉིད་ལས་བྱང་བའི་ཚུལ་གྱིས་རྫོགས། ཐ་མ་ཡང་དེ་ཉིད་ཀྱི་ངང་དུ་ཞ་ཞིང་བརླག་པའི་ཚུལ་གྱིས་རྫོགས་པའི་གསུམ་པ་ལས་དང་མཚན་མའི་སྒོ་ནས་རྫོགས་པ་ནི། དགེ་བའི་ལས་དང་སྡིག་པའི་ལས་སེམས་ཀྱི་སེམས་ཉིད་དུ་གཅིག་ཅིང་རྫོགས་པའོ། །རྟོགས་ཤིང་བཞག་པའི་སྒོ་ནས་རྫོགས་ཤིང་། ལྟ་བ་ཨ་ཏི་ཡོ་ག་སྐྱེ་འགག་གཉིས་མེད་དུ་རྟོགས་ཤིང་། བསྒོམ་པ་དེའི་ངང་ལ་མ་ཡེངས་པར་གཞག་པས། དེ་ལྟར་རྟོགས་གོམས་ཀྱི་ངང་དུ་ཐམས་ཅད་མཉམ་པར་རྫོགས་སོ། །ཆེ་བའི་དཔགས་ལུགས་ནི། གང་ཆེ་ན་སེམས་ཉིད་ཨ་ཏི་ཡོ་ག་སྐྱེ་འགག་གཉིས་མེད་ཆེ། གང་ལ་ཆེ་ན་ཨ་ནུ་མན་ཆད་ཕྱོགས་འཛིན་ཅན་ལས་དཔགས་ཏེ་ཆེ། ཚུལ་ལམ་ཐབས་དུའི་སྒོ་ནས་ཆེ་ན། དེ་རྣམ་པ་བཅུའི་སྒོ་ནས་ཆེ་སྟེ་བགྲང་། ཟིལ་གནོན་ཆེ་བ་ལྔ་བའི་སྒོ་ནས་ཆེ་བ་ནི། དང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆེ་བ་དང་ཞེས་པ། རང་གི་སེམས་རྟོགས་པའི་དེ་བཞིན་ཉིད་དུ་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ལས་རིས་སུ་ཆད་པ་རྡུལ་ཙམ་ཡང་མེད། དེ་ཡང་སྐྱེ་འགག་གཉིས་མེད་ཆོས་སྐུར་ཡེ་ནས་མངོན་སུམ་དང་ངོ་མཐོན་དུ་སངས་རྒྱས་པས་ཆེ་བའོ། །དེས་གང་ཟིལ་གྱིས་མནན་མ་རྟོགས་སོ་སོ་སྐྱེ་བོ་དང་། ལོག་རྟོག་མུ་སྟེགས་ཟིལ་གྱིས་མནན་ཏེ་ཆེ་བ་དང་ལྡན་པར་བཞུགས། གང་ལས་དཔགས་ཏེ་ཆེ་བ་དང་ལྡན་པར་བཞུགས་ན་མ་རྟོགས་ལོག་རྟོགས་ལས་དང་གལ་ཆེ་བ་དང་ལྡན་པར་བཞུགས་སོ། །འོ་ན་ཐམས་ཅད་མངོན་སུམ་དང་ངོ་མཐོན་དུ་སངས་རྒྱས་ན། འཁོར་བ་རྒྱུན་ཆད་ནས་ཆད་པར་འགྱུར་རམ་ཞེ་ན། འདི་དག་ཐམས་ཅད་མེད་དོ་མི་ཟེར་བས་མ་ཆད་དོ། །བདག་ཉིད་ཆེན་པོར། སངས་རྒྱས་པའི་ཆེ་བ་དང་། ཞེས་པས། རང་སེམས་སྐྱེ་འགག་གཉིས་མེད་དུ་རྟོགས་པ་དེ་ཀ་ཆོས་སྐུ་བདག་ཉིད་ཆེན་པོའི་ངོ་བོར་སངས་རྒྱས་པའོ། །གང་མནན་ན་ཆད་ལྟ། གང་ལས་ན་ཆད་ལྟ་ལས་སོ། །འོ་ན་ཐམས་ཅད་ཆོས་སྐུའི་བདག་ཉིད་དུ་འདུག་པས་རྟག་པར་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་ཞེས་པས་སངས་རྒྱས་ཙམ་རང་དུ་ཡང་བློའི་ཡུལ་དུ་བྱར་མེད་དེ། རིག་པ་མུ་མཐའ་དང་བྲལ་བའི་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའོ། །གང་ཟིལ་གྱིས་མནན་ན་རྟག་ལྟ། གང་ལས་དཔགས་ན་རྟག་ལྟ་ལས་སོ། །དེ་ཡིན་པར་སངས་རྒྱས་པའི་ཆེ་བ་དང་ཞེས་པ་ད་རུང་ཐེ་ཚོམ་ཟ་ན་ནན་ཏན་གྱི་ཆོས་ཡིན་པས། ཆོས་ཐམས་ཅད་མངོན་སུམ་དང་ངོ་མཐུན་དུ་སངས་རྒྱས་པ་ཐེ་ཚོམ་མེད་པར་ཡིན། ཆོས་སྐུ་བདག་ཉིད་ཆེན་པོར་སངས་རྒྱས་པ་ཐེ་ཚོམ་མེད་པར་ཡིན། དེ་ཡང་བློ་ཡུལ་དུ་བྱར་མེད་པ་ཆོས་ཀྱི་དབྱིངས་ཐེ་ཚོམ་མེད་པ་ཡིན་པའོ། །གང་ཟིལ་གྱིས་མནན་ན་ཐེ་ཚོམ། གང་ལས་དཔགས་ན་ཐེ་ཚོམ་ལས་སོ། །འོ་ན་སངས་རྒྱས་དེ་དངོས་པོ་དང་མཚན་ཅན་དུ་འགྱུར་ཞེ་ན། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་མེད་པའི་ཆེ་བའོ། །ཞེས་པས་སངས་རྒྱས་མ་རྒྱས་གཉིས་ཀྱི་ཐ་སྙད་ལས་ཀྱང་འདས་ཏེ། ཡེ་གདོད་མ་ནས་ཆེ་བ་བཞིའི་ངོ་བོར་སངས་རྒྱས་པ་ལས་མ་གཏོགས་པ། གཞན་ནས་འོང་བ་མེད་པས་ཆེ་བའོ། །གང་ཟིལ་གྱིས་མནན་ན་ཨ་ནུ་མན་ཆད་ཟིལ་གྱིས་མནན་ཏེ་ཆེ་བ་དང་ལྡན་པར་བཞུགས། གང་ལས་དཔགས་ན་ཨ་ནུ་མན་ཆད་ལས་དཔགས་ཏེ་ཆེ་བ་དང་ལྡན་པར་བཞུགས་སོ། །ཡེ་ནས་ཡིན་པ་གསུམ་གྱི་ཆེ་བ་ནི། འོ་ན་ཆོས་ཐམས་ཅད་དང་ཆེ་བའི་ངོ་བོར་ཡེ་ནས་སངས་རྒྱས་ན། དེ་རང་ཡེ་ནས་གྲུབ་བམ་ཞེ་ན། སྣང་བ་འདི་དག་ཀུན་ཏུ་བཟང་པོ་ཡེ་ནས་ཡིན་པ་དང་ཞེས་པས། བཟང་ངན་བླང་དོར་མེད་པར་ཀུན་ཏུ་བཟང་པོ་ཆེ་བ་ལྔའི་ཡེ་ནས་མ་འགགས་པ་ཡིན་པ་དང་། དེ་ཀུན་ཏུ་བཟང་མོ་ཡེ་ནས་ཡིན་པ་དང་ཞེས་པས། དེ་ཉིད་ཀྱང་མ་སྐྱེས་ཏེ་ངོ་བོ་ངོས་བཟུང་དང་བྲལ་བ་ཡེ་ནས་ཡིན་པ་དང་། དེ་གཉིས་སུ་མེད་པ་ཡེ་ནས་ཡིན་པའོ་ཞེས་པས། དེ་ཡང་གཉིས་སུ་མེད་དེ་ཀུན་ཏུ་བཟང་པོ་ཆེ་བ་ལྔའི་ངོ་བོར་མ་འགགས་པར་ཡེ་ནས་སྣང་བ། ཀུན་ཏུ་བཟང་མོ་ངོས་གཟུང་དང་བྲལ་བ་གཉིས་དུས་ལ་སྔ་ཕྱི་མེད། ངོ་བོ་ལ་བཟང་ངན་མེད། འདུག་ས་ལ་ཐ་དད་མེད། དེ་གཉིས་སུ་མེད་པའི་དོན་ཡེ་ནས་ཡིན་པའོ། །དེ་ཡང་ཚིག་དེའི་སྒོ་ནས་ངེས་ཤེས་སྐྱེ་དགོས་སོ། །མཚུངས་པ་དཔེ་བརྒྱད་ཀྱི་ཆེ་བ་ནི་འོ་ན་སེམས་ཉིད་ཨ་ཏི་ཡོ་ག་ཆེ་བའི་ཡོན་ཏན་དང་བཅས་པ་དེ། སྐྱེ་བོའི་ལྐོག་ཏུ་གྱུར་པས་མི་རྟོགས་སོ་ཞེ་ན། ཆོས་རྣམས་དཔེ་ཡིས་མཚོན་ཏེ་བསྟན། །ཆོས་རྣམས་དཔེ་ཡིས་མ་མཚོན་ན། །རྨོངས་པས་གོ་བར་མི་འགྱུར་ཏེ། །ཞེས་པས། མཚུངས་དཔེ་བརྒྱད་ཀྱིས་མཚོན་ཏེ་བསྟན་པ་ནི། ཆོས་ཉིད་བྱང་ཆུབ་སེམས་དེ་རྒྱ་མཚོ་དང་མཚུངས་པས་ཆེ་ཞེས་པས། རྒྱ་མཚོ་ལ་ཆོས་བཞི། གཏིང་ཟབ་འདི་ཙམ་ཡོད་ཀྱི་ཚད་མ་ཟིན་པ་དང་། ཁ་འདོམ་བདུན་ཡན་ཆད་ལས་གཏིང་མི་གཡོ་བ་དང་། རྒྱ་མཚོའི་རླངས་དཔག་བསམ་གྱི་ཤིང་ལ་ཕོག་དེ་ལས་ཆུ་བྲན་ཐམས་ཅད་འབྱུང་བ་དང་། དེ་ཐམས་ཅད་རྒྱ་མཚོ་ཉིད་དུ་རོ་གཅིག་པའོ། །འབྱུང་བ་ཆེན་པོ་བཞི་དང་མཚུངས་པས་ཆེ་ཞེས་པ། དེ་ལ་བཞི་ལས། སས་འདེགས་ཤིང་ཐམས་ཅད་ཀྱི་རྟེན་བྱེད་པ་དང་། ཆུས་དྲི་མ་ཐམས་ཅད་འཁྲུ་བ་དང་། མེས་རྩིར་སྦུར་ལ་སོགས་བསྲེགས་པར་བྱེད་པ་དང་། རླུང་གིས་ཐམས་ཅད་འཐོར་བར་བྱེད་པའོ། །དེ་རྒྱལ་པོ་དང་མཚུངས་པས་ཆེ་ཞེས་པས། དེ་ལ་ཆོས་བཞི་ལས། རྒྱལ་པོ་བྲམ་ཟེ་ལ་སོགས་གཞན་པས་རིགས་བཙུན་པ་དང་། དེ་འབངས་རྣམས་ཀྱི་བཀུར་གནས་ཡིན་པ་དང་། དེ་འབངས་རྣམས་ཀྱི་རེ་གནས་ཡིན་པས་དང་། དེ་བཏང་སྙོམས་སུ་འདུག་ལ་བྱ་བ་ཐམས་ཅད་འགྲུབ་པའོ། །དེ་ནམ་མཁའ་དང་མཚུངས་པས་ཆེ་ཞེས་པས། དེ་ལ་ཆོས་བཞི་ལས། འདུས་མ་བྱས་ཀྱི་ནམ་མཁའ། དགོས་པ་མེད་པར་ཀུན་ལ་བྱས་པ་དང་། དེ་ལ་ཁ་གཏིང་མེད་པ་དང་། འདི་ཤོང་འདི་མི་ཤོང་གི་ཡངས་དོག་མེད་པར་དང་། དེ་ལས་སྣོད་བཅུད་ཐམས་ཅད་འབྱུང་བའོ། །དེ་ཉི་མ་དང་མཚུངས་པས་ཆེ་ཞེས་པས། དེ་ལ་ཆོས་བཞི་ལས། མུན་པའི་སྐྱོན་གྱིས་མ་གོས་པ་དང་། འདམ་རྫབ་ལ་སོགས་སྐེམས་པ་དང་། དེ་སྐམས་སོ། །བའི་འདུ་ཤེས་མེད་པ་དང་། ཉི་མ་ཤར་བ་དང་རང་བཞིན་ཀུན་ལ་བག་དྲོ་བའོ། །བདུད་རྩི་དང་མཚུངས་པས་ཆེ་ཞེས་པས། དེ་ལ་ཆོས་བཞི་ལས། དེ་དུས་གསུམ་རྒྱལ་བའི་མཆོད་པའི་རྫས་ཡིན་པ་དང་། རོ་ཕྱོགས་སུ་མ་ལྷུང་སྟེ་ཞིམ་པ་དང་། སྨན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་དང་། དུག་གི་གཉེན་པོ་ཡིན་པའོ། །དེ་ཡི་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པས་ཆེ་ཞེས་པས། དེ་ལ་ཆོས་བཞི་ལས། དེ་ཕྱིའི་རྒྱ་མཚོའི་འདམ་ན་གནས་པ་དང་། འདམ་ནས་བཏོན་ནས་ཕྱི་བས་ཕྱིས་བསྐུ་བསྐུས་པ་དང་། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པ་དང་། མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས་དགོས་འདོད་འབྱུང་བའོ། །རིན་པོ་ཆེ་གསེར་གླིང་དང་མཚུངས་པས་ཆེའོ། །ཞེས་པས། དེ་ལ་ཆོས་བཞི་ལས། དེ་རྒྱལ་མཚོའི་གླིང་ལ་ཡོད་པས་ཕལ་གྱིས་ཕྱིན་པར་དཀའ་བ་དང་། ས་རྡོ་ལ་སོགས་པ་བཟང་ངན་གྱི་སེལ་མེད་པ་དང་། གཞན་པས་རིན་ཐང་ཆེ་བ་དང་། དཔེ་དབུལ་བ་སེལ་བའི་དགོས་པ་ཡོད་པའོ། །དེ་ལྟར་རྒྱ་མཚོ་ལ་སོགས་པ་བརྒྱད་པོས་དཔེ་བྱས། སེམས་ཉིད་ཀྱི་དོན་བྱས་ལ་གང་ཟག་གི་བརྒྱུད་ལ་ངེས་ཤེས་སྐྱེ་དགོས་པ་ཡིན་ནོ། །དེ་ཡང་རྒྱས་པར་བྱེད་ན། མཚུངས་པ་དཔེ་བརྒྱད་པོ་རེ་རེས་ཉི་མ་རེ་རེ་ལྟ་བ་ངོ་སྤྲད་ཀྱི་ངེས་ཤེས་བསྐྱེད། བསྒོམ་པ་སེམས་ཀྱི་འཇོག་སོ་བརྒྱད་ཀྱིས་མཉམ་པ་ལ་བཞག་སྟེ། དེ་གཉིས་སྤེལ་གྱི་ལམ་དུ་བླང་ངོ་། །མེད་པ་བཅུ་གཉིས་ཀྱིས་ཆེ་བ་ལ་གཉིས་ཏེ། ཨ་ཏི་རང་པའི་ཆེ་བ་བཞི་དང་། ཐེག་པ་འོག་མ་ལས་དཔགས་པའི་ཆེ་བ་བརྒྱད་དོ། །དང་པོ་ནི་བཟང་ངན་མེད་པས་ཆེ་ཞེས་པས། ཨ་སྐྱེ་མེད་ལ་བཟང་ངན་དུ་མ་སྐྱེས་ཏེ་སྟོང་མཉམ། ཏི་འགག་མེད་བཟང་ངན་མ་འགགས་ཏེ་སྣང་མཉམ། ཡོ་ག་གཉིས་སུ་མེད་པ་ལ་བཟང་ངན་གྱི་སྣང་བ་མ་བཀག་ལ་དེའི་མཐར་མ་རེག་སྟེ་མཚན་མ་རང་སར་གྲོལ་བས་ཆེའོ། །བདག་གཞན་གཉིས་སུ་མེད་པས་ཆེ། ཨ་ཏི་ཡི་གེ་སྐྱེ་འགག་གཉིས་མེད་ལ་བདག་གཞན་སྣང་བ་མ་བཀག་མཚན་མ་རང་སར་གྲོལ་བས་ཆེའོ། །རྒྱལ་སར་གོང་བཞིན་སྦྱར་ཐམས་ཅད་འགྲེ། །བསྒོམ་ཞིང་བཅོས་སུ་མེད་པས་ཆེ་བ་ནི། ཨ་ཏི་ཡོ་ག་ལ་མ་སྤངས་རང་སར་གྲོལ་བས། བློ་ཡུལ་དུ་བྱས་ནས་ཡུལ་ཡུལ་ཅན་དུ་བསྒོམ་ཞིང་སྐྱོན་ངན་པར་བལྟས་ལ་ཆེད་དུ་བཅོས་སུ་མེད་པས་ཆེའོ། །བསྒྲུབ་ཅིང་བྱ་རུ་མེད་པས་ཆེ་བ་ནི། ཨ་སྐྱེ་མེད་ལ་བསྒྲུབ་བྱ་བསྒྲུབ་བྱེད་དུ་མ་སྐྱེས། ཏི་འགག་མེད་ལ་བསྒྲུབ་བྱ་བསྒྲུབ་བྱེད་དུ་མ་འགགས། ཡོ་ག་གཉིས་མེད་ལ་བསྒྲུབ་བྱ་བསྒྲུབ་བྱེད་ཀྱི་སྣང་བ་ལ་མ་བཀག་ལ་དེའི་མཐས་མ་རེག་སྟེ་མཚན་མ་རང་སར་གྲོལ་ཏེ། ལུས་ངག་གི་རྩོལ་བས་འབྲས་བུ་ཆེད་དུ་བསྒྲུབ་ཅིང་། སེམས་ལས་ལོགས་པའི་འབྲས་བུ་ཐོབ་པར་བྱ་རུ་མེད་པས་ཆེའོ། །ཐེག་པ་འོག་མ་ལས་དཔགས་པའི་ཆེ་བ་བརྒྱད་ནི། བཀག་ཅིང་དོར་བ་མེད་པས་ཆེ་ནི། རང་རྒྱལ་ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་བཀག་ཅིང་དོར་དུ་ཡོད་པས་ཆེ་བ་མིན་ལ། ཨ་ཏི་ཨ་སྐྱེ་མེད་ལ་འགེགས་བྱ་འགེགས་བྱེད་དུ་མ་སྐྱེས་ཏེ་སྟོང་མཉམ། ཏི་འགག་མེད་ལ་འགེགས་བྱ་འགེགས་བྱེད་དུ་མ་འགགས་ཏེ་སྣང་མཉམ། ཡོ་ག་རྟེན་འབྲེལ་བཅུ་གཉིས་ཀྱི་སྣང་བ་མ་བཀག་ལ་མཐས་མ་རེག་སྟེ་མཚན་མར་རང་སར་གྲོལ་བས་ཆེའོ། །མན་ཆད་ལ་ཡང་དེ་བཞིན་རྒྱས་པར་སྦྱར་རོ། །སྤང་ཞིང་བླང་པ་མེད་པས་ཆེ་ནི་ཉན་ཐོས་ལ་སྡུག་བསྔལ་ཀུན་འབྱུང་འཁོར་བའི་རྒྱུ་འབྲས་སྤང་བྱ། འགོག་པ་དང་ལམ་མྱ་ངན་ལས་འདས་པའི་རྒྱུ་འབྲས་བླང་བྱར་འདོད་པས་ཆེ་བ་མིན་ལ། ཨ་ཏི་སྤང་བླང་མ་སྐྱེ་འགྲེ། རྒྱུ་དང་འབྲས་བུ་མེད་པས་ཆེ་ནི། བྱང་ཆུབ་སེམས་དཔའ་ནི་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་འདོད་པས་ཆེ་བ་མིན་ལ། ཨ་ཏི་ལ་ཨ་སྐྱེ་མེད་རྒྱུ་འབྲས་སུ་མ་སྐྱེས་འགྲེ། འབྲེ་ཏ་ཤའི་དཔེ་ཡང་གསུང་ངོ་། །ཡངས་ཤིང་དོག་པ་མེད་པས་ཆེ་ནི། ཀྲི་ཡ་བ་ལྟ་བ་དག་པ་མཐའ་བཞི་དང་བྲལ་བས་ཡངས་ལ། སྤྱོད་པས་ཁྲུས་དང་གཙང་སྦྲ་བྱེད་པས་དོག་པས་ཆེ་བ་མེན་ལ། ཨ་ཏི་ཨ་སྐྱེས་མེད་ལ་ཡངས་དོག་ཏུ་མ་སྐྱེས་འགྲེ། ཐེག་པ་གོང་འོག་མེད་པས་ཆེ་ནི། ཨུ་པ་ལ་དེ་ལྟ་བ་ཡོ་ག་དང་མཐུན་པས་གོང་། སྤྱོད་པ་ཀྲི་ཡ་ལྟར་སྤྱོད་པས་འོག་ཡོད་པས་ཆེ་བ་མེན་ཏེ། ཨ་ཏི་ཨ་སྐྱེ་མེད་ལ་གོང་འོག་ཏུ་མ་སྐྱེས་འགྲེ། ནོར་ཅིང་འཁྲུལ་པ་མེད་པའི་ཆེ་ནི། ཡོ་ག་ན་རེ་སྐྱེ་བོ་སྣང་བ་རང་རྒྱུད་རིགས་དྲུག་ཏུ་འདོད་པ་འདི་ནོར་ཅིང་འཁྲུལ་ལ། ང་ལ་ནོར་ཞིང་འཁྲུལ་པ་མེད་ཟེར་བས་འཁྲུལ་མ་འཁྲུལ་གཉིས་སུ་འདོད་པས་ཆེ་བ་མེན་ལ། ཨ་ཏི་ཨ་སྐྱེ་མེད་ལ་ནོར་ཞིང་འཁྲུལ་བར་མ་སྐྱེས་འགྲེ། སེམས་ཅན་སངས་རྒྱས་མེད་པས་ཆེ་ནི། མ་ཧཱ་བ་སེམས་ཅན་དང་རྟོག་ཚོགས་ངན་པ། དེ་གནས་བསྒྱུར་བའི་སངས་རྒྱས་སམ་ལྷ་བཟང་བར་འདོད་པས་ཆེ་བ་མེད་ལ། ཨ་ཏི་ཨ་སྐྱེ་མེད་ལ་སངས་རྒྱས་སེམས་ཅན་དུ་མ་སྐྱེས་འགྲེ། རེ་ཞིག་དགོས་པ་མེད་པས་ཆེ་ནི་ཨ་ནུ་སྟེ། དབྱིངས་དང་ཡེ་ཤེས་ཀྱི་སྒོ་ནས་འབྲས་བུ་ཐོབ་ལ་རེ་ཞིག་མ་ཐོབ་ཀྱིས་དོགས་པ་ཡོད་པས་ཆེ་བ་མེན། ཨ་ཏི་ཨ་སྐྱེ་བ་མེད་ལ་རེ་དོགས་སུ་མ་སྐྱེས་ཏེ་སྟོང་མཉམ། ཏི་འགག་མེད་ལ་རེ་དོགས་སུ་མ་འགགས་ཏེ་སྣང་མཉམ། ཡོ་ག་གཉིས་སུ་མེད་པ་ལ་རེ་དོགས་ཀྱི་སྣང་བ་མ་བཀག་ལ་མཐས་མ་རེག་ཏེ་མཚན་མ་རང་སར་གྲོལ་བས་རེ་དོགས་གཉིས་མེད་པས་ཆེའོ། །དེ་ཡང་སྐྱེ་འགག་གཉིས་མེད་ཀྱི་དོན་ཚིག་དུ་མ་ཤོར་བར་ངེས་ཤེས་ལྷངས་པ་སྐྱེ་དགོས་སོ། །མ་གྲུབ་པ་ལ་བཟླ་བ་དྲུག་གི་ཆེ་བ་ནི། མ་ཇོ་ནི་བལྟ་བྱའི་ཡུལ་ཆོས་ཉིད། ལྟ་མཁན་གྱི་ཤེས་པ། ལྟ་བ་རང་གི་དངོས་པོ་གསུམ། ཨ་སྐྱེ་མེད་དུ་སྟོང་མཉམ། །ཏི་འགག་མེད་དུ་སྣང་མཉམ། ཡོ་ག་གཉིས་སུ་མེད་པ་ལ་སྣང་སྟོང་ངོས་མཉམ་གྱི་དབྱེར་མེད་དུ་རྟོགས་པས་ལྟ་བ་ལྟ་རུ་མེད་པར་བཟླ་བ་དང་། ལྟ་བ་རྟོགས་སུ་མེད་པར་ལ་བཟླ་བ་དང་། ལྟ་བ་དམིགས་སུ་མེད་པར་ལ་བཟླ་བའོ་གསུང་། ལྷ་རྗེ་སྐུ་འདས་ཀྱིས་མ་ཇོ་ལ་རང་གྲོལ་འདི་འཐད་དམ་གསུངས་པས་འཐད་གསུང་ནས། རང་བཞིན་སྐྱེ་མེད་ལ་ལྟ་བྱ་ལྟ་བྱེད་མ་གྲུབ། རོལ་པས་འགག་མེད་ལ་ལྟ་བྱ་ལྟ་བྱེད་མ་འགགས་ལྟ་བ་ལྟ་རུ་མེད་པར་ལ་བཟླ་བ་དང་། མཚན་ཉིད་ལ་སྣང་སྟོང་དབྱེར་མེད་དེ། ལྟ་བ་རྟོགས་སུ་མེད་པར་ལ་བཟླ་བ་དང་། དེ་བློ་ཡུལ་དུ་མི་གནས་ཏེ་འབྲས་བུའམ་ཆོས་སྐུ་གཞན་ན་མེད་དེ་རང་གྲོལ་བས་ལྟ་བས་བློ་ཡུལ་དུ་དམིགས་སུ་མེད་པར་ལ་བཟླའོ། །ཆོས་ཉིད་བློ་ཡུལ་དུ་བསྒོམ་ཞིང་སྐྱོན་ཆེད་དུ་བཅོས་སུ་མེད་པ་དང་། སྤྱོད་པ་སྤྱད་དུ་མེད་པ་དང་། བསྒྲུབ་པ་བསྒྲུབ་ཏུ་མེད་པ་དང་། འཕྲིན་ལས་བྱར་མེད་པ་དང་། དམ་ཚིག་རིས་ཅན་དུ་བསྲུང་དུ་མེད་པ་ལ་ཡང་གོང་མ་ལྟར་འདྲེས་ཏེ་ཤེས་པར་བྱའོ། །དེ་ལྟར་ལྔ་པོ་ལ་ནི་མདོར་བསྟན་རྒྱས་བཤད་དུ་ཕྱེ་སྟེ་བསྟན་པའོ། །ད་འདི་ལྔ་ནི་དབྱེ་བ་མེད་པར་ཐད་དྲང་དུ་བཤད། གཉེན་པོ་མེད་པས་ཆེ་ཞེས་པས་རང་གི་བྱང་ཆུབ་ཀྱི་སེམས་རང་གསལ་སྟོང་གཉིས་མེད་དུ་རྟོགས་པ་ལས་གཉེན་པོ་གཞན་མེད་པས་ཆེའོ། །འགྲན་ཟླ་མེད་པས་ཆེ་ཞེས་པ་ཐམས་ཅད་དུ་སེམས་རང་སྣང་བ་ལས་མ་གཏོགས་པ་ཟློག་པ་ཟད་དེ་འགྲན་ཟླ་གཞན་མེད་པས་ཆེའོ། །སྣ་ཚོགས་མེད་པས་ཆེ་ཞེས་པ། ཡུལ་སྣ་ཚོགས་སུ་སྣང་ཡང་སེམས་ལོགས་སུ་གྲུབ་པ་མེད་པས་ཆེའོ། །སྣ་ཚོགས་མེད་ཀྱང་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་ཆེ་ཞེས་པས། སེམས་ལས་ལོག་པའི་སྣ་ཚོགས་མེད་ཀྱང་སེམས་ཉིད་ཀྱིས་སྤྲུལ་པ་འདི་འཆར་འདི་མི་འཆར་མེད་དེ་བསམ་གྱིས་མི་ཁྱབ་པས་ཆེའོ། །རྒྱུ་རྐྱེན་ལ་རག་མ་ལས་པས་ཆེ་ཞེས་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་རག་མ་ལུས་པས་ཆེ་བའོ། །གསུང་སྒྲོས་ནི་རྒྱུའི་དུས་ན་ཡང་རང་བྱུང་གི་ཡེ་ཤེས། འབྲས་བུའམ་རྐྱེན་གྱི་དུས་ན་ཡང་རང་འབྱུང་གི་ཡེ་ཤེས་ཡིན་ཏེ་སྨན་འབྲེ་ཏ་ཤ་ལྟ་བུའོ། །དེ་ཡན་ཆད་ནི་རྟོགས་པར་བྱ་བའི་ལྟ་བ་སྟེ། སེམས་ཉིད་རང་འབྱུང་ཡེ་ཤེས་སྐྱེ་འགག་གཉིས་མེད་དུ་རྟོགས་པར་བྱའོ། །ནམ་མཁའ་ལ་མཐའ་མེད་པ་ཁྱུང་གིས་ཤེས། རྒྱ་མཚོ་ལ་གཏིང་མེད་པ་གསེར་གྱི་ཉ་མོས་ཤེས། ཆོས་ཉིད་རིས་མེད་ཇི་ལྟ་བ་བསྒོམས་ན་ཤེས་པས་བསྒོམ་པ་སྟོན་ཏེ། དེ་ལ་གཉིས་ལས། རུ་ཆེན་པོ་བློ་ཆེ་བའི་འཇོག་པོ་བརྒྱད་དང་། བློ་ཆུང་པའི་འཇོག་པོ་བརྒྱད་དུ་གསུངས་སོ། །རིན་པོ་ཆེ་ནི་བསྒོམ་པར་བྱ་བ་སེམས་ཀྱི་འཇོག་སོ་བརྒྱད་དང་། བསྒོམ་པ་སྐྱེ་བའི་རིམ་པ་སེམས་ཀྱི་དྲོད་ཚད་བསྟན་པ་གཉིས་སུ་གསུང་། དེ་ལ་བསྒོམ་པར་བྱས་པ་སེམས་ཀྱི་འཇོག་སོ་བརྒྱད་ནི་བགྲང་། བརྡལ་བ་ནམ་མཁའ་ལྟ་བུར་གཞག་པ་ཞེས་པས། རིག་པ་ཕྱི་ནང་མེད་པར་བརྡལ་པ། དཔེར་ན་བུམ་པའི་ནང་གི་ནམ་མཁའ་དང་། ཕྱིའི་ནམ་མཁའ་གཉིས་བུམ་པ་ཆག་པས་འདྲེས་ཤིང་ཐ་དད་མེད་པ་ལྟར། སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་སེམས་འཕྲུལ་ཤེས་ལ་ཐ་དད་ཀྱང་གཉིས་མེད་དུ་ཤེས་པའི་ངང་ལ་གཞག་གོ། །བཏང་བ་སྤྲེའུ་ལྟ་བུར་གཞག་པ་ཞེས་པ་རིག་པ་བཙོན་དུ་མི་གཟུང་བར་གཏང་བ། དཔེར་ན་སྤྲེའུ་ཁྱིམ་དུ་བཅུག་ན་བུག་པ་ན་ཕར་འབྲོས་པ་ལ་ཆེད་དུ་བཏང་ན་རང་ལོག་ཏུ་འོང་བ་བཞིན་དུ། ལྷུག་པར་བཞག་ན་རང་ལོག་ཏུ་འོང་བས་ལྷུག་པར་གཞག་གོ། །བརྩོལ་མེད་པར་ཟིན་པ་ཕྱི་ལྟ་བུར་གཞག་པ་ཞེས་པ། བརྩོལ་བས་བརྩལ་བ་མེད་པར་ཟིན་པ། དཔེར་ན་ཕྱེ་ལ་བརྔོ་རྟག་ལ་སོགས་པའི་བརྩོལ་བ་མི་དགོས་པ་བཞིན་དུ། སེམས་ཉིད་ཨ་ཏི་རྟོག་པ་ལས་སོགས་ན་བརྩོལ་བས་མི་བསྒྲུབ་པར་ལྷོད་དེ་གཞག་གོ། །མ་རྙོགས་པར་དྭངས་པ་ཆུ་ལྟ་བུར་གཞག་པ་ཞེས་པས་ཉོན་མོངས་རྣམ་རྟོག་གིས་མ་རྙོགས་པ། དཔེར་ན་ཆུ་མ་རྙོགས་ན་རང་དངས་པ་བཞིན་དུ། སེམས་ལ་རྣམ་རྟོག་བྱུང་ན་སྒོ་གསུམ་གློད་ལ་རང་དྭངས་སུ་གཞག་གོ། །དྲན་པ་ལྟ་བུར་གཞག་པ་ཞེས་པ། ལྟ་བ་དྲན་པས་ཟིན་པ། དཔེར་སྔར་རྗེད་པ་ཕྱིས་དྲན་པ་བཞིན་དུ། བསྒོམ་བརྗེད་པ་ལྟ་བས་བསོས་བཏབ་ལ་མ་ཡེངས་པའི་རྩིས་བཟུང་ལ་བཞག་གོ། །བོར་བ་ལྟ་བུར་གཞག་པ་ཞེས་པ། རྟོགས་པའི་དོན་ལ་འཛིན་པ་བོར་བ། དཔེར་ན་མཆིལ་མ་ཐང་ལ་བོར་བ་ཕྱིས་དགོས་པ་མེད་པས་ལེན་པའི་བློ་མི་སྐྱེ་བ་བཞིན་དུ། སེམས་ཉིད་ཨ་ཏིར་རྟོགས་པའི་དོན་ལ་འཛིན་རྟོག་བོར་བ་གཞག་གོ། །རྟོགས་ཤིང་ཡིད་ཆེས་པ་ལྟ་བུར་གཞག་པ་ཞེས་པ། གནས་ལུགས་རྟོགས་ཤིང་ཡིད་ཆེས་པ། དཔེར་ན་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་ཡིད་ཆེས་ཐེ་ཚོམ་མི་ཟ་བ་བཞིན་དུ། སེམས་ཉིད་ཨ་ཏི་རྟོགས་ཤིང་ཡིད་ཆེས་ཐེ་ཚོམ་མི་ཟ་བའི་ངང་ལ་མ་བཅོས་པར་གཞག་པའོ། །མཐའི་ཞེན་པ་བཅྭ་བརྒྱད་བཅད་པ་ལྟ་བུར་གཞག་ཅེས་པ་ནི་བཅྭ་བརྒྱད་དེ། དེ་ལ་སྤྱི་སྡོམ་ནི་ལྟ་བ་ཨ་ཏི་ཡོ་གའི་ངོས་ནས། ཨ་སྐྱེ་མེད་ལ་མཐའི་ཞེན་པ་བཅྭ་བརྒྱད་མ་སྐྱེས་ཤིང་ངོ་བཟུང་བ་དང་བྲལ། ཏི་འགག་མེད་དེ་ལ་མཐའི་ཞེན་པ་བཅྭ་བརྒྱད་དུ་མ་འགགས་ཏི་རང་སྣང་། ཡོ་ག་གཉིས་མེད་ལ་མཐའི་ཞེན་པ་བཅྭ་བརྒྱད་ཀྱི་སྣང་བ་མ་འགག་ལ་དེའི་རེག་སྟེ་མཚན་མ་རང་སར་གྲོལ་བས། བཙལ་ན་སྟོར། ཅེས་པ་དེ་ལས་ལོགས་པ་བཙལ་དུ་མེད་པ་ལ་བཙལ་ན། བཙལ་དུ་མེད་པའི་དོན་སྟོར་བས་མཐའ་ཡིན་ལ། དེ་སྤངས་པ་ནི་བཙལ་མེད་ལ་བཙལ་མེད་རང་དུ་ངོ་ཤེས་པར་བྱས་ལ་གཞག་གོ། །བཀག་ན་ཉམས། ཞེས་པ་སེམས་ཉིད་ཨ་ཏི་ལ་རྟོག་པ་བཀག་ནས་བསྒོམས་ན་བཀག་ཏུ་མེད་པའི་དོན་ལས་ཉམས་པས་མཐའ་ཡིན་ལ། དེ་སྤང་པ་ནི་དགག་ཏུ་མེད་པ་ལ་མེད་པ་རང་དུ་ཤེས་པར་བྱས་ལ་གཞག་གོ། །བཅོས་ན་སླད། ཅེས་པ་སེམས་ཉིད་ཨ་ཏིའི་གནས་ལུགས་བཅོས་སུ་མེད་པ་ལ་བཅོས་ན། བཅོས་སུ་མེད་པའི་དོན་སླར་ལ་བསླད་པས་མཐའ་ཡིན། དེ་སྤང་པ་བཅོས་མེད་རང་དུ་གཞག་གོ། །བསྒོམས་ན་བཅས་ཞེས་པ་སེམས་ཉིད་ཨ་ཏི་བློ་ཡུལ་དུ་བསྒོམ་དུ་མེད་པ་ལ། ཡུལ་དུ་བྱས་ནས་བསྒོམས་ན་བཅལ་བས་མཐའ་ཡིན། སྤང་བ་འགྲེ། བསྒོམ་མེད་ལ་བསྒོམ་མེད་དུ་ཤེས་པར་བྱས་ལ་གཞག་གོ། །བཙལ་ན་བྲལ་ཅེས་པ་ཆོས་ཉིད་རྩོལ་བ་དང་བྲལ་བ་ལ། ལུས་ངག་གི་རྩོལ་བས་བཙལ་ན་རྩོལ་མེད་ཀྱི་དོན་དང་བྲལ་བས་མཐའ། རྩོལ་མེད་ལ་རྩོལ་མེད་རང་དུ་བཞག་གོ། །བསྒུགས་འབྲེལ་ཅེས་པ། བསྒོ་འོང་དུ་རེ་ནས་བསྒུགས་ན་སླར་ལ་འབྲོས་པས་མཐར། རེ་དོགས་མེད་པར་གློད་ལ་གཞག་གོ། །བལྟས་ན་ཡལ་ཅེས་པ་སེམས་ཉིད་ཨ་ཏི་བློ་ཡུལ་བྱས་ནས་བལྟས་ན་བལྟར་མེད་ཀྱི་དོན་ཡ་བས་མཐའ། ཡུལ་མེད་དུ་གློད་ལ་གཞག་གོ། །དྲན་ན་སངས་ཞེས་པ་བསྒོམ་བྱུང་མནོ་ནས་དྲན་ན་ཆོས་ཉིད་དྲན་མེད་ཀྱི་དོན་སངས་པས་མཐའ་དྲན་མེད་རང་བྱུང་ཤེས་པར་བྱས་ལ་བཞག་གོ། །མྱོང་ན་ཤོར་ཅེས་པ་ཆོས་ཉིད་ཡུལ་དུ་ཉམས་སུ་མྱོང་དུ་མེད་པ་ལ་ཉམས་སུ་མྱོང་ན། མྱོང་མེད་ཀྱི་དོན་ཤོར་བས་མཐའ། མྱོང་དུ་མེད་པ་ལ་མེད་པ་རང་དུ་ཤེས་པར་བྱས་ལ་གཞག་གོ། །གཟོབ་ན་འདྲེས་ཞེས་པ་ལེགས་ཉེས་ཀྱི་སྤྱོད་པ་གཙོར་བྱས་ནས་གཟོབ་ན་རྟོག་པ་འདྲེས་པས་མཐའ་ཡིན། ལེགས་ཉེས་ཀྱི་འཛིན་རྟོག་མེད་པར་གཞག་གོ། །བགྲོད་ན་ཁྱམས་ཞེས་པ་ཨ་ཏི་བགྲོད་དུ་མེད་པ་ལ་གོང་འོག་ཏུ་བགྲོད་ནས་སླར་ལ་འཁོར་བར་འཁྱམས་པས་མཐའ་ཡིན། སེམས་ཉིད་བགྲོད་མེད་རང་དུ་ཤེས་པར་བྱས་ལ་གཞག་གོ། །ངའོ་སྙམ་ན་ལྷུང་ཞེས་པ་སེམས་ཉིད་ང་བདག་མེད་པར་ལ་ངའོ་སྙམ་ན་སླར་འཁོར་བ་ལྷུང་པས་མཐའ་ཡིན། ང་མེད་བདག་མེད་དུ་བཞག་གོ། །རྟོགས་སོ་སྙམ་ན་སྟོང་ཞེས་པ་ངས་སེམས་ཉིད་རྟོགས་སོ་སྙམ་ན་རྟོགས་སུ་མེད་པའི་དོན་དང་བྲལ་བས་མཐའ་ཡིན། བློ་ཡུལ་དུ་རྟོགས་སུ་མེད་པར་གཞག་གོ། །སེམས་ལ་རྣམ་རྟོག་བསླང་ན་ཕུང་ཞེས་པ་སྙུག་མའི་སེམས་ཆོས་ཉིད་ལ་མཚན་མའི་རྣམ་རྟོག་འཕྲ་རགས་རང་རྒྱུད་ལ་བསླང་ན་སླར་ལ་ཕུང་པས་མཐའོ། །མཚན་མའི་རྟོག་པས་མ་བསླང་བར་གཞག་གོ། །གཏད་འཛིན་བྱེད་ན་གནད་ཅིང་བརླག་ཅེས་པ་ཏིང་ངེ་འཛིན་ལ་གཏད་འཛིན་བྱེད་ན་དམིགས་གཏད་མེད་པའི་ཏིང་ངེ་བརླག་པས་མཐའ། དམིགས་གཏད་མེད་པར་གཞག་གོ། །བྱུང་ཚོར་གྱི་རྗེས་སུ་འབྲེངས་ན་འཁོར་ཅེས་པ་རྣམ་པར་རྟོག་པ་བྱུང་ཡང་བྱུང་ཚོར་ཡང་བ་ལ་དེའི་རྗེས་སུ་རིགས་པ་འབྲངས་ནས་ཁམས་གསུམ་དུ་འཁོར་བས་མཐའ། བྱུང་ཚོར་གྱི་རྗེས་སུ་མ་འབྲེངས་པར་གཞག་གོ། །བྱིང་རྨུགས་ཀྱི་དབང་དུ་སོང་ནས་འཐིབས་ཞེས་པ་བྱིང་པ་ཆུང་འཇམ་དུ་ལག་པ་བཅུག་པ་ལྟ་བུ་དང་། རྨུགས་པ་དོན་མི་གསལ་བ་གཉིས་ཀྱི་དབང་དུ་བསྒོམ་པ་སོང་ན་འཐིབས་པས་མཐའ། ཤེས་རབ་འཕང་སྟོད་ལ་སང་ངེ་གཞག་གོ། །སྤང་བླང་བྱེད་ན་འཛོལ་ལོ་ཞེས་པ་སེམས་ཉིད་ཨ་ཏི་ཡོ་ག་ལ་ཨ་སྐྱེ་མེད་ལ་སྐྱོན་ཡོན་མ་སྐྱེས། ཏི་ལ་མ་འགགས་ཡོ་ག་དེའི་སྣང་བ་མ་བཀག་ལ་མཐས་མ་རེག་མཚན་མ་རང་སར་གྲོལ་བ་ལ་སྐྱོན་སྤངས་ཡོན་ཏན་བླངས་ན། ཨ་ཏི་གཉིས་མེད་དང་འཛོལ་བས་མཐའ་ཡིན་ལ། ཨ་ཏི་དེ་སྤངས་པ་ནི་ཨ་ཏི་སྤང་བླང་མེད་པའི་ངང་ལ་ལྷོད་ཀྱིས་གློད་ལ་གཞག་གོ། །གཞག་ཟེར་ནས་གཞག་པ་གཞན་མེད་པ་བཅྭ་བརྒྱད་བཅད་དེ་མཐའ་མ་སྤངས་རང་གྲོལ་དེའི་ངང་ལ་ལུས་ས་ལ་བོར་ཐབས། ངག་སྨྲ་བརྗོད་དང་བྲལ་ཐབས་སེམས་ནམ་མཁའ་ལ་ཡས་ཐབས་སུ་གློད་ལ་གཞག་གོ། །ད་ནི་སྒོམས་པ་སྐྱེ་བའི་རིམ་པ་སེམས་ཀྱི་དྲོད་ཚད་བསྟན་པ་ལ་བརྒྱད་དེ་བགྲང་། དང་པོ་བསྒོམ་པ་དང་འཕྲོད་པ་ལ་ནི་མན་ངག་གཞག་ལ། བསྒོམ་པ་དང་མི་འཕྲོད་པ་ལ་ནི་མི་བཞག་པའི་ཕྱིར། མན་ངག་བཞག་པའི་གནས་གང་ཟག་གི་རིགས་རྣམ་པར་དབྱེ་བའི་མན་ངག་ནི། དེ་ལ་བཞི་རུ་བཤད་ཀྱང་གཉིས་སུ་བསྡུའོ། །སྤྱི་རིགས་དང་། བྱེ་བྲག་གི་རིགས་སོ། །དང་པོ་ནི་སྤྱིའི་རིགས་དང་ཞེས་པས་མདོར་བསྟན། རྒྱས་པར་བཤད་པ་ཆོས་བཅུ་བཞི་དང་ལྡན་དགོས་ཏེ། དད་ལྡན་གཡོ་སྒྱུ་ཆུང་པ་དང་ཞེས་པས་དད་པ་ནི་དཀར་པོའི་ཆོས་ཐམས་ཅད་བསྐྱེད་པར་བྱེད་པའི་ས་བོན་ཡིན་པས། བླ་མ་དང་གདམ་ངག་ལ་མོས་པ་དུངས་པའི་དད་པ་དང་། མོས་ཀྱིས་མི་མདོ་སྟེ་རེ་ཡིན་སྙམ་པ་དང་བའི་དད་པ་དང་། དང་གིས་མི་མདོ་སྟེ་ཐེ་ཚོམ་མེད་པར་ཡིད་ཆེས་པ་གསུམ་དང་ལྡན་ན་འཕྲོད་པས་གདམ་ངག་གདབ་པ་ལ། མི་ལྡན་ན་མི་གདབ་དང་། འཕྲོད་མི་འཕྲོད་ཀུན་ལ་དེས་འགྲེའོ། །གཡོ་ནི་སེམས་གྱ་གྱུ་བ། སྒྱུ་ནི་འཆབ་པའམ་ཟོལ་སོགས་དེ་ཆུང་བ་དང་གཉིས། སེམས་བཟང་བློ་མི་རྒོད་པ་དང་། །ཞེས་པས་སེམས་རྒྱུད་བཟང་བ་དང་གསུམ། བློ་མི་རྒོད་པ་བློ་སྣ་ཉུང་བ་དང་བཞི། རྒྱུད་འཇམ་ཞེ་སྡང་ཆུང་བ་དང་ཞེས་པས་རྒྱུད་འཇམ་པ་ཞི་ཞིང་དེས་པ་དང་ལྔ། ཞེ་སྡང་ཆུང་བ་དང་དྲུག །དྲང་ལ་སྡུག་བསྔལ་བཟོད་པ་དང་ཞེས་པས་བཀའ་དྲང་རྫུན་མེད་པ་དང་བདུན། ཆོས་ཀྱི་ཕྱིར་སྡུག་བསྔལ་བཟོད་པ་དང་བརྒྱད། བསྟན་ལ་གོ་ཆ་མཐུག་པ་དང་ཞེས་པས་ཡིད་གཞན་གྱིས་མི་འགྱུར་བའི་བློ་བརྟན་པ་དང་དགུ། ཐོས་བསམ་བསྒོམ་པ་བྱེད་པ་ལ་དད་བརྩོན་གྱི་གོ་ཆ་མཐུག་པ་དང་བཅུ། ཤེས་གཡུང་རིགས་དང་ལྡན་པ་དང་ཞེས་བློ་སྣ་ཉུང་སྟེ་ཤེས་པ་གཡུང་བ་དང་བཅུ་གཅིག །རིགས་དང་ལྡན་དེ་ཤེས་རབ་ཆེ་བ་དང་བཅུ་གཉིས། གཞན་གྱིས་མ་རྫབས་སྒོ་བ་ཉན་ཅེས་པས་རྩ་རླུང་དང་སེམས་འཛིན་ལ་སོགས་པ་བྱས་ལ་མཐར་ཕྱིན་པ་མེད་པ་དང་བཅུ་གསུམ། རུ་ཡིས་སྤྱོད་ལམ་ལ་སོགས་པ་གང་བསྒོ་བ་ཉན་པ་དང་བཅུ་བཞི་དང་ལྡན་ན། བཅུ་བཞིར་ལྡན་པའི་གང་ཟག་ནི། རིང་དུ་ཐོགས་ན་བཞི་བཅུས་འགྲུབ། ཅེས་པས་ཐོགས་ཀྱང་ཞག་བཞི་བཅུས་སེམས་གནས་པ་འགྲུབ་པས་མན་ངག་གདབ། འགའ་དང་ལྡན་ཡང་གདབ་ཏུ་རུང་། ཡེ་མི་ལྡན་ན་མན་ངག་མི་འཕྲོད་གདབ་ཏུ་མི་བཏུབ་པས། སྔར་མི་ལྡན་པ་ཡང་གཉེན་པོས་བསྒྱུར་ལ་ལྡན་པར་བྱ་དགོས་སོ། །རྒྱུའི་རིགས་དང་ཞེས་པས་ནད་འདུ་བ་བཞི་ཤས་ཆེ་ཆུང་དང་བསྟུན། དབང་པོ་རིགས་དང་། ཞེས་པས་དབང་པོ་བརྟུལ་དང་སྦྱར། སྤྱོད་ལམ་རིགས་དང་ཞེས་པསཉོན་མོངས་པ་དུག་ལྔ་ཤས་ཆེ་ཆུང་དང་སྦྱར་རོ། །དེ་ལ་རྒྱུའི་རིགས་བད་ཀན། དབང་པོའི་རིགས་རྟུལ་པོ། སྤྱོད་པའི་རིགས་གཏི་མུག །གཉེན་པོ་བསྐྱེད་རིམས་དང་མཚན་བཅས་ལ་འཕྲོད་པའི་རིགས་དང་གཅིག །རྒྱུའི་རིགས་རླུང་། དབང་པོའི་རིགས་རྣོན་པོ། སྤྱོད་པའི་རིགས་འདོད་ཆགས། གཉེན་པོ་མཚན་མ་མེད་དང་རྫོགས་རིམས་ལ་འཕྲོད་པའི་རིགས་དང་གཉིས། རྒྱལ་རིགས་མཁྲིས་པ། དབང་པོའི་རིགས་འབྲིང་པོ། སྤྱོད་པའི་རིགས་ཞེ་སྡང་། གཉེན་པོ་གཉིས་ཀ་ལ་འཕྲོད་པའི་རིགས་དང་གསུམ། རྒྱུའི་རིགས་འདུས་པ། དབང་པོའི་རིགས་ཤིན་ཏུ་གཏུལ་བ། སྤྱོད་པའི་རིགས་ང་རྒྱལ་དང་ཕྲག་དོག་ཤས་ཆེ་བ་ནི། གཉེན་པོ་སྐུ་ལ་འཕྲོད་པའི་རིགས་ཏེ། སྐུ་འདི་ནི་གཞུང་ནས་མ་ཟིན་ལུགས་མ འམ་རས་བྲིས་ལ་དམིགས་པ་གཏད་ཀྱིན་སེམས་འཛིན་པ་ཡིན་གསུང་ངོ་། །དེ་ལྟར་བཞི་བྱེ་བྲག་གི་རིགས་སོ། །དེ་ལྟར་རིགས་སོ་སོར་ཡང་བག་ཆགས་ངོས་མ་ཟིན་ན་ཕན་མེད་པས་མཐུན་པའི་རྐྱེན་བག་ཆགས་གང་ལ་ཡོད་ངོས་གཟུང་བའི་མན་ངག་ནི་བདུན་ཡོད་ཀྱང་ཆིངས་བཞི་རུ་བསྡུ་སྟེ། དབྱིབས་ཀྱི་སྒོ་ནས་བཟུང་བ་དང་། ཁ་དོག་དང་ཞེས་པ་མཚན་བཅས་དང་གཅིག །བཏང་སྙོམས་དང་ཞེས་པ་མཚན་མེད་དང་གཉིས། བསྐྱེད་ཅེས་པ་དང་། བསྡུས་རྒྱས་དང་ཞེས་པ་གཉིས་སྦྲེལ་ལ་བསྐྱེད་རིམ་དང་གསུམ། རྫོགས་རིམས་ཀྱི་སྒོ་ནས་གཟུང་བ་དང་ཞེས་པ། མན་ངག་གི་སྒོ་ནས་བཟུང་བའོ། །གཉིས་སྦྲེལ་ལ་རྫོགས་རིམས་དང་བཞིའོ། །བག་ཆགས་དང་ཞེས་པ་སྤྱིར་བཏང་སྟེ་གོང་གི་བྱེ་བྲག་གི་རིགས་བཞི་གང་ཡོད་ངོས་འཛིན་པའོ། །དེ་ལ་དང་པོ་མཚན་བཅས་ལ་འཕྲོད་པའི་རིགས་དབྱིབས་ཁ་དོག་ནི། དབྱིབས་ཟླུམ་པོ་ཁ་དོག་དཀར་པོ་ལ་སེམས་གཟུང་བ་དང་། དབྱིབས་གྲུ་བཞི་ཁ་དོག་སེར་པོ། དབྱིབས་ཟླ་ཁམ་ཁ་དོག་དམར་པོ། དབྱིབས་གྲུ་གསུམ་ཁ་དོག་མཐིང་ཁ་ལ་སེམས་བཟུང་བའོ། །ཡང་ན་དབྱིབས་ཡི་གེ་ཨཱོཾ་ཁ་དོག་དཀར་པོ། སྭ་སེར་པོ། ༀ་དམར་པོ། ཧཱུྃ་མཐིང་ཁ། ཧ་ལྗང་ཁུ་ལ་སེམས་བཟུང་བའོ། །གཉིས་པ་མཚན་མེད་ལ་འཕྲོད་པའི་རིགས་ལ་བཏང་སྙོམས་ཏེ། དེ་ཡང་ལུས་ཙོག་པུར་བཅས། མིག་བར་སྣང་ལ་བལྟས། སེམས་དབྱིབས་ཁ་དོག་ཏུ་མི་རྟོག་སྟེ། སྒོ་གསུམ་གློད་བཅས་བཅོས་མེད་པར་བཏང་སྙོམས་སུ་གནས་པའོ། །གསུམ་པ་བསྐྱེད་རིམས་ལ་འཕྲོད་པའི་རིགས་ལ་བསྡུས་རྒྱས་ཞེས་པས་དཀྱིལ་འཁོར་བསྡུས་པའམ་གང་མོས་ལ་སེམས་བཟུང་ངོ་། །བཞི་པ་རྫོགས་རིམས་ལ་འཕྲོད་པའི་རིགས་ལ་མན་ངག་གི་སྒོ་ནས་ཞེས་པས་ལྟ་བ་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་ལ་མཉམ་པར་གཞག་ཟེར་ཀྱང་། བླ་མ་མན་ངག་རྩ་དང་རླུང་དང་ཐིག་ལེ་དང་སྣ་ཚོགས་ཀྱིས་སེམས་འདུལ་ཞིང་གཟུང་ངོ་། །དེ་ཡང་ཁྲིད་ཀྱི་དུས་སུ་གང་ཟག་གི་རིགས་འདི་ཚོ་སློབ་དཔོན་གྱིས་ངོས་འཛིན་པ་ཡིན་ཏེ་ངོས་ཚིར་བ་མ་ཟིན་པས། དམིགས་པ་སྤོས་ཤིང་སྤོས་ལ་སེམས་འཛིན་དུ་བཅུག་པས། སེམས་གང་ལ་གནས་པ་དེ་ལ་བག་ཆགས་ཡོད་པས་བཟུང་གསུང་ངོ་། །དེ་ལྟར་བག་ཆགས་ངོས་ཟིན་ཀྱང་རྣལ་འབྱོར་པ་དེ་སེམས་མ་གནས་ན་ཕན་མེད་པས་དེ་མྱུར་དུ་སེམས་ལས་སུ་རུང་བར་བྱ་བའི་ཕྱིར་སེམས་གནགས་ཐབས་ཀྱི་རིམ་པའི་མན་ངག་ནི་གསུམ་སྟེ། དང་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གནས་པར་བྱའི་རྒྱུ་འཚོགས་པར་བྱ་བ་ནི་བདུན་ཏེ། ཤེས་པ་འཁྱོག་བསྲང་བ་དང་ཞེས་པ། ཤེས་པ་འཁྱོག་པ་གང་ཞེ་ན། བསྒོམ་སྙིང་མི་འདོད་པ་དང་། བསྒོམ་པ་སྐྱོ་བ་དང་། བྱིང་རྨུགས་སུ་སོང་པའོ། །དེ་དད་པ་ཆུང་བས་ཉེས་ཏོ་དད་པ་བསྐྱེད་ལ་བསྲང་ང་། དེ་ལ་བཞི་ལས། དང་པོའི་དད་པ་གྱེང་ལ་རི་མོ་བྲིས་པ་ལྟ་བུ་ནི། ལྷ་བཟོ་མཁས་པས་གྱེང་ལ་རི་མོ་བྲིས་པས་རེ་ལེགས་སྙམ་པ་བཞིན་དུ། རུ་དང་གདམ་ངག་ལ་རེ་ཡིན་རེ་ལེགས་སྙམ་པའི་དད་པ་བསྐྱེད་པའོ། །མོས་པའི་དད་པ་བུ་ཕྱིར་འབྲང་བ་ལྟ་བུ་ནི། དཔེར་ན་བུ་མ་ཕྱིར་འབྲངས་པ་དེ་ལ་མོས་ཤིང་སྐྱོ་ངས་མེད་པ་བཞིན་དུ། རུའི་རྗེས་སུ་འབྲང་ཞིང་གདམ་ངག་ཞུ་བ་ལ་མོས་ཤིང་སྐྱོངས་མེད་པའོ། །ཡིད་ཆེས་པའི་དད་པ་ནོར་བུ་ཆུ་དྭངས་པ་ལྟ་བུ་ནི། དཔེར་ན་ནོར་བུ་ཆུ་དྭངས་ཆུ་ནང་དུ་བཅུག་པས་རྙོག་མ་དངས་པ་བཞིན་དུ། རུ་དང་གདམ་ངག་ལ་ཡིད་ཆེས་ཤིང་ངེས་ཤེས་སྐྱེས་པས་མཉམ་པར་ཡིད་ཆེས་ཐེ་ཚོམ་སེལ་བའོ། །འདྲེས་ཤིང་དབྱེར་མི་ཕྱེད་པའི་དད་པ་ཆུ་དང་འོ་མ་འདྲེས་པ་ལྟ་བུ་ནི། དཔེར་ན་ཆུ་དང་འོ་མ་འདྲེས་པ་དབྱེར་མི་ཕྱེད་པ་བཞིན་དུ། སྣང་སྟོང་ངོས་མཉམ་དབྱེར་མེད་དུ་ཤེས་པས་གཉིས་འཛིན་མེད་པའོ། །རྒྱུད་ཞུན་དང་ཐར་བྱ་བ་དང་། །ཞེས་པ་རུའི་གདམས་ངག་ལེགས་པར་ཐོབ་པ། དེའི་ཚིག་ཟིན་པ། དོན་གོ་བ། ཉམས་སུ་ལེན་ཤེས་པ། ཉམས་སུ་བླངས་པའི་ངེས་ཤེས་སྐྱེས་པའོ། །བག་ཆགས་གང་ལ་ཡོད་པའི་བཟུང་དང་ཞེས་པས། ཁ་དོག་དབྱིབས་ལ་སོགས་པའི་སྒོ་ནས་བག་ཆགས་ངོས་བཟུང་བས་སེམས་ཟིན་མཉམ་པ་ཉིད་དུ་རྟོགས་པས་དེའི་སྟོབས་ཀྱིས་ཆགས་སྡང་མཉམ་པ་ཉིད་དུ་ལ་བཟླ་བའོ། །མ་སྨིན་པ་སྨིན་པར་བྱ་བ་དང་ཞེས་པ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་སྨིན་པར་བྱས་ཏེ་སེམས་གཟུང་བའོ། །བློ་མལ་དུ་གནས་པ་དང་ཞེས་པ། བྱ་བ་བཏང་ལ་རུས་གནང་བའི་མན་ངག་དེ་དད་པ་བརྟན་པོས་མི་སྤོངས་པའོ། །ལོང་དང་ལྡན་པར་དང་ཞེས་པ་ཉམས་སུ་ལེན་ཁོམ་པའོ། །ཐག་ལྟ་བས་བཅད་པའོ་ཞེས་པ་ཨ་ཏི་ཡོ་ག་རྟོགས་ཤིང་ཐག་ཆོད་པ་ལ་བྱ་ཟེར་ཀྱང་། གདམ་ངག་ཞུས་ལ་བསྒོམ་དགོས་སྙམ་པར་ཐག་ཆོད་དགོས་ཏེ། ལྭེབ་པ་སླ་སྟེ་བསྒོམ་པ་དཀའ་ཞེས་རིན་པོ་ཆེ་གསུང་ངོ་། །སེམས་གནས་པར་བྱ་བའི་ཉེས་པ་བརྒྱད་སྤང་བར་བྱ་བ་ནི་བརྒྱད་དེ། འཕྲོ་མེད་པའི་ཉེས་པ་དང་ཞེས་པ། རུ་ལ་གདམས་ངག་ཞུས་པས་ལ་ཕྱིས་དུས་བཏབ་པར་མ་ཕྱིན་པའོ། །དེ་སྤང་བ་ནི་དུས་སུ་ཕྱིན་ལ་གདམས་ངག་ཞུའོ། །སྐབས་པ་མེད་པའི་ཉེས་པ་དང་ཞེས་པ་གདམ་ངག་ཞུས་པས་མ་གནང་བའོ། །དེ་སྤང་བ་ནི་དེའི་རྒྱུད་འཛིན་སློབ་བུ་ལ་ཞུའོ། །རྒྱུ་རྐྱེན་གཞན་ལ་རག་ལས་པའི་ཉེས་པ་དང་ཞེས། ཡོ་བྱད་ཆུང་བས་གདམས་ངག་ཕོག་ཀྱང་ཉམས་སུ་ལེན་མི་ཁོམས་པའོ། །དེ་སྤངས་པ་ནི་ཁྲིད་ཀྱི་བར་ཟླ་བ་གཅིག་གི་ཆ་རྐྱེན་འཚོགས་པར་བྱ། དེ་ནས་གང་ལྟར་བྱས་ཀྱང་ཆོག་གོ། །རྟེན་གནད་པའི་ཉིས་པ་དང་ཞེས་པ་ལུས་ན་ཚ་དང་བཅས་པའོ། །དེ་སྤང་བ་ནི་ནད་དེ་བཅོས་ལ་སངས་ཀྱིས་དྲག་པ་དང་ཞུའོ། །ཐབས་ཆུང་བའི་ཉེས་པ་དང་ཞེས་པ་རུ་སེམས་བཟུང་པའི་དྲོད་ཚད་ལ་སོགས་པ་མེད་པ་སྟེ། དེ་སྤང་བ་ནི་བླ་མ་ཐབས་མཁས་པ་ལ་ཞུ། རྒྱུད་ཞན་པའི་ཉེས་པ་དང་ཞེས་པ་ཤེས་རབ་ཆུང་སྟེ་གདམ་ངག་བཏབ་ཀྱང་མི་གོ་བའོ། །དེ་སྤང་བ་ནི་ཐོས་བསམ་ལ་སྦྱང་། ཚོགས་སོག་བྱའོ། །འཁོལ་མ་ཤེས་པའི་ཉེས་པ་དང་ཞེས་པ་རེས་བསྒོམས་པས་བྱང་སེམས་ཀྱི་རུ་མ་སྟོར། དེ་སྤང་བ་ནི་ཐང་ངེ་བསྒོམ། བཀོལ་དྲག་པའི་ཉེས་པའི་ཞེས་པ། བསྒོམས་དྲགས་པས་ཁམས་ལོགས་ནས་བསྒོམ་པ་རྐང་ཆད་པའོ། །དེ་སྤང་བ་ནི་སྐབས་སུ་ངལ་བསོ་ཞིང་བསྒོམ་མོ། །དེ་དང་མཐུན་ཆོས་བརྒྱད་རིམས་པ་བཞིན་དུ་མ་ནོར་བར་ཉམས་སུ་བླང་བ་ནི་བརྒྱད་དེ། དང་པོ་རྟེན་དང་སྦྱར་ཏེ་ཚོགས་ལ་གནས་པ་དང་ཞེས་པ། རྟེན་བཟང་ངན་གཉིས་ཏེ། རྟེན་ངན་པ་ནི་ཤེད་མེད་སྟོབས་དང་བྲལ་བའི་རྒས་པ་དང་། ལང་ཚོ་དྲི་མས་ཕོག་པའི་ནད་པ་དང་། བསླབ་ཉེས་དོན་ལ་དྲེད་པའི་ཚིག་ལ་འབྱམས་པ་གསུམ་མོ། །རྟེན་བཟང་པ་ནི་དེ་ལས་བཟློག་པ་སྟེ་ན་སོ་ཞོན་པ། ལུས་བདེ་བ། ཚིག་ལ་མ་དྲེད་པ་དེ་ལ་རྒྱུ་ཚོགས་ལ་གནས་པར་བྱ་སྟེ། དེ་ཡང་ལུས་ཚོགས་ལ་གནས་པ་གལ་ཆེ་བའི་ལྷ་ཕྱག་དང་བསྐོར་བ་ཡང་བཤོལ་ལ་བྱ་བ་བཏང་ལ་དལ་བར་སྡད ། མགོ་ཆག་འདྲམས་ཀྱིས་དགོས་པ་བཞིན་དུ་བྱ། ངག་ཚོགས་ལ་གནས་ཏེ་སྨྲ་བ་བཅད་ཡིད་ཚོགས་ལ་གནས་ཏེ་མནོ་བསམ་ཅི་ཡང་མི་གཏང་། མནོ་བསམ་བྱུང་ན་འཕྲོ་པད་བཅད་དོ། །ཚོགས་གནས་ལ་ཞག་གྲངས་མི་རྩི་རྟགས་ལ་བལྟ་སྟེ། དེ་ལ་ལུས་ཀྱི་རྟགས་ནི་ཤ་ཆང་མང་པོ་ཟོས་ནས་ད་བར་བསྡད་ཀྱང་ངལ་ཞིང་དུབ་པ་དང་ཁ་ཤུས་འདེབས་པ་ལ་སོགས་པའོ། །གདོང་ལ་བརྟག་པ་ནི་བལྟས་པས་ཧད་དེ་ཐོམ་མེད་བ་འོང་། དྲིས་ཏེ་བརྟག་པ་ནི་ཤེས་པ་གནས་སམ་རྟོག་པ་འཕྲོད་ཆོད་དམ་དྲིས་པས། ཧད་དེ་ཐོམ་མེ་འདུག་ཟེར་བ་ལ་སོགས་པའོ། ༈ །གཉིས་པ་རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་རྟས་པར་བྱ་བ་དང་ཞེས་པ། རིགས་ནི་སྤྱིའི་རིགས་ཆོས་བཅུ་བཞི་དང་ལྡན་ལ། བྱེ་བྲག་ཏུ་ནད་འདུ་བ་བཞིའམ། དབང་པོ་རྣོ་བརྟུལ་ལམ། དུག་ལྔ་ཤས་གང་ཆེ་དང་སྦྱར་ཏེ་ཟས་བདུན་བརྟེན་ནོ། །ཟས་བདུན་ནི་རྣམ་པར་ཤེས་པའི་ཟས་སྒོ་ལྔ་བཏང་སྙོམས་སུ་གཞག །རིག་པའི་ཟས་གོས་ཚ་གྲང་སྙོམས་པ་འཇམ་པ་མལ་བདེ་བ་རྔས་འབོལ་བར་བྱ། སེམས་པ་ཡིད་ཀྱི་ཟས་ང་ལ་བསྒོམ་འོང་ངམ་མི་འོང་སྙམ་པ་བྱ་མི་དགོས་འོང་བ་ཇི་ལྟར་འདུས་འོང་སྙམ་པ་བྱ་མི་དགོས་ད་གདོད་འདི་ཡིན་བྱ་བ་ངོ་སྤྲོད་དོ། །ཁམས་ཀྱི་ཟས་འཕྲོད་ལ་སྣ་མང་འགྲངས་ལ་ཚོད་ཟིན་པའོ། །གཉིས་ཀྱི་ཟས་ཉིན་མོ་དུག་ཡིན་པས་མི་ལོག་མཚན་མོ་ཚིམ་པར་ལོག་གོ། །ཚངས་པར་སྤྱོད་པའི་ཟས་ཁྲིད་འདི་མ་ཐོན་གྱི་བར་དུ་ལུས་ཚངས་པར་སྤྱོད་པ་ལ་གནས་པར་བྱའོ། །ཏིང་ངེ་འཛིན་གྱིས་ཟས་ནི་ཁད་དང་མུ་ཡིས་སྐྱེ་སྟེ་ཁམས་ཀྱི་ཟས་དང་བྲལ་ཡང་མདངས་དབང་པོ་གསལ་བ་ལ་སོགས་པའོ། །དེ་ལྟར་བདུན་པོ་རྟེན་ལ་ཁམས་ལེགས་པར་རྟས་པར་བྱའོ། ༈ །གསུམ་ལ་དམིགས་ཡུལ་སེམས་གནས་པའི་མཚན་ཉིད་བསྟན་པ་ཞེས་པས་དམིགས་པའི་ཡུལ་ནི། མཚན་བཅས་མཚན་མེད་བསྐྱེད་རིམ་རྫོགས་རིམ་ལ་སོགས་པ་ལ་དམིགས་བཟུང་བས། སེམས་གནས་པའི་མཚན་ཉིད་ལ་གཉིས་ཏེ། སངས་རྒྱས་གསུམ་གྱི་དགོངས་པ་ཟུང་དུ་འཇུག་པ་ཉམས་བཞི་འཕེལ་འགྲིབ་རྒྱུ་དང་བཅས་པ་དང་། དེ་ལྟར་འཕེལ་འགྲིབ་འདུག་པས་ལམ་དྲུག་བརྟེན་པའོ། །དང་པོ་ལ་དྲུག་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་རྣམས་པ་ལྔ། ཤེས་རབ་ཤས་ཆེ་བས་ཉམས་སྣང་བ་ལྔ། གཉིས་ཀ་ཤས་ཆེ་བའི་ཉམས་བདུན། ཆུང་པ་ཆེ་བར་བྱེད་པ་ལ་ཏིང་ངེ་འཕེལ་བའི་རྒྱུ་ལྔ་བརྟེན། འགྲིབ་པའི་སྐྱོན་ལྔ་ཞོར་ལ་སྤང་། །ཤེས་རབ་འཕེལ་བའི་རྒྱུ་ལྔ་བསྟེན། །འགྲིབ་པའི་སྐྱོན་ལྔ་ཞོར་ལ་སྤང་ངོ་། །དེ་ལ་དང་པོ་ཤིན་ཏུ་སྦྱངས་པ་འཇམ་རྩུབ་གཉིས་ཀྱིས་ལུས་སེམསས་ཆེར་ཁྱབ་པ་དང་ཞེས་པ། ལུས་སྦྱངས་པ་འཇམ་པ་ནི་འོ་མའི་ཁ་ཕྲུ་བཏབ་པ་ལྟར་འཇམ་པ། སྦྲའི་ཕྱི་ལོགས་ནས་ཉི་མ་ཤར་བ་དང་ལྟར་དྲོ་ཐིབ་པའོ། །སེམས་ཉོན་མོངས་ཟུག་རྔུ་མེད་པར་འཇམ་འབོལ་ལེ་བའོ། །རྩུབ་པ་ནི་ལུས་འདར་བ་དང་སྤྲུག་པ་དང་། སེམས་སྐབས་སུ་མི་རྟོག་པ་ལྷངས་ལྷངས་སྐྱེ་བ་འབྱུང་ངོ་། །འཛིན་ཆེ་ཞིང་མཐུག་ལ་བརྟན་པ་དང་ཞེས་པ། ལྟ་བ་ཉམས་སུ་མྱོང་བ་དེ་འཛིན་ཆེ་ཞིང་། མི་རྟོག་པ་མཐུག་ལ་རྐྱེན་གྱིས་མི་འགྱུར་བ་བསྟན་པའོ། །གཏང་དཀའ་བ་དང་ཞེས་པ་ཉམས་མྱོང་དེ་བསྡམས་པའམ་སྦྲིད་པ་སྙམ་བྱེད་པ་མི་ཐོངས་པའོ། །བཀོལ་དུ་མི་འདོད་པ་དང་ཞེས་ལུས་འཇིག་རྟེན་བྱ་བའི་ཕྱོགས་སུ་བཀོལ་དུ་མི་དོད་པ་དང་། སེམས་མཚན་མའི་རྣམ་རྟོག་ལ་ཡིད་མི་འཇུག་པའོ། །བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་མི་འབྲང་པའོ་ཞེས་པ་རྟོགས་པ་བྱུང་ཚོར་གྱི་རྗེས་སུ་རིག་པ་མི་འབྲང་བའོ། །ཤེས་རབ་ཤས་ཆེ་བ་ནི་རྣམ་པ་མེད་ལ་གཡོ་བག་ཅན་དུ་འདུག་པ་ཞེས་པས་རྟོག་པ་འདི་ཡིན་བྱ་བའི་གཟུང་གི་རྣམ་པ་མེད་ལ་ཡིད་གཡོ་བག་ཅན་དུ་མི་སྡོད་པར་ཀློང་ཀློང་པའོ། །རྟོག་སྤྱོད་གཉིས་ཀྱི་ཤས་ཆེ་བ་ཞེས་པ་དོན་ལ་རྟོག་སྤྱོད་དོ། །ཏིང་ངེ་འཛིན་དུ་མི་འཇུག་པ་ཞེས་པ་ནི་ཐམས་ཅད་སེམས་སུ་འདུག་པ་ལ་བསྒོམས་མ་བསྒོམས་མེད་སྙམ་ན་བབས་དཀའ་བའོ། །ཆོས་ཀྱི་སྣང་བ་འཆར་བ་ཞེས་པ་ནི་ལུང་ཟབ་མོ་སྔར་ཐོས་པ་ནི་ལུང་ཟབ་མོ་སྔར་ཐོས་པ་དང་ཨ་ཅང་ཆེས་ཏེ་མ་ཐོས་པ་ཡང་ཐོལ་ཐོལ་སྐྱེ་སྟེ། དོན་ཟབ་མོའི་སྣང་བ་རྒྱུད་ལ་འཆར་རོ། །སྣང་སྤྱོད་ཐམས་ཅད་དེ་ཁོ་ན་ཉིད་དུ་རྟོགས་ཤིང་ཡིད་ཆེས་པའོ་ཞེས་པ་ནི་སྣང་ཞིང་སྤྱོད་པ་འདི་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་ཤེས་ཤིང་རྟོགས་པས་ཐེ་ཚོམ་མེད་དེ་ཡིད་ཆེས་པའོ། །ཏིང་ངེ་འཛིན་དད་ཤེས་རབ་གཉིས་ཀ་ཤས་ཆེ་བའི་ཉམས་བདུན་ནི། ཇི་ལྟར་འདོད་པ་བཞིན་དུ་འཇུག་པ་དང་ཞེས་པས་དམིགས་པ་གང་ལ་བཟུང་བ་དེ་ལ་སེམས་ཟིན་ནས་ཇི་ལྟར་འདོད་པ་བཞིན་དུ་འཇུག་པའོ། །དང་པོ་བབས་སླ་བ་ཞེས་པ་ཏིང་ངེ་འཛིན་བབས་སླ་བའོ། །བར་དུ་རྐྱེན་གྱིས་གནོད་པ་ཆུང་བ་ཞེས་པས་གཟུགས་སྒྲ་ལ་སོགས་པའི་རྐྱེན་གྱིས་ཏིང་ངེ་ལ་མི་གནོད་པའོ། །ཐ་མར་བསྟན་ལ་ཡུན་རིང་དུ་གནས་པ་ཞེས་པ་ཏིང་ངེ་དེ་བརྟན་པ་མི་འགྱུར་བ། དུས་ཡུན་རིང་དུ་གནས་པའོ། །ཤིན་ཏུ་སྦྱངས་པ་ཤས་ཆེ་བ་དང་ཞེས་པ་འཇམ་རྩུབ་གཉིས་ཤས་ཆེ་སྟེ་གོང་དུ་བཤད་ཟིན་ནོ། །བྱིང་རྒོད་གཉིས་ཀྱིས་དབེན་པ་ཞེས་པ་བྱིང་རྒོད་ཀྱི་སྐྱོན་ཉུང་བའོ། །ཁམས་ཀྱི་གནོད་པ་ཆུང་ལ་ཉོན་མོངས་པ་འགྲིབ་རྐྱེན་པའོ་ཞེས་པ་ཁམས་ལོག་པ་ལ་སོགས་པ་ཏིང་ངེ་འཛིན་ལ་གནོད་པ་ཆུང་ལ། དུག་ལྔས་འགྲིབ་རྐྱེན་པའོ། །ཏིང་ངེ་དང་ཤེས་རབ་གཉིས་ཀ་ཤས་ཆུང་བའི་ཉམས་བདུན་ནི་གཞན་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞན་ན་གཞག་ཏུ་བཏུབ་པ་ཞེས་པ་དམིགས་པ་སྤོས་ཤིང་གཞག་ཐབས་སྣ་ཚོགས་ཀྱིས་གཞག་ན་གླེང་ངེ་བ་གཅིག་གཞག་ཏུ་སྟུབ་ཙམ་པ་དང་། དང་པོར་བབས་དཀའ་བ་ཞེས་པ་ཏིང་ངེ་བབས་དཀའ་བ་དང་། བར་དུ་རྐྱེན་གྱིས་གནོད་ཆེ་ཞེས་པ་གཟུགས་ལ་སོགས་པའི་རྐྱེན་བག་ཙམ་གྱིས་ཏིང་ངེ་ལ་གནོད་ནས་འཇིག་པའོ། །ཐ་མ་སངས་རྐྱེན་པ་ཞེས་པ་ཐུན་ཚོད་མ་སྐྱོལ་བར་བསྒོམ་པ་སངས་པའོ། །རྟོག་སྤྱོད་གཉིས་ཤས་ཆེར་འབྱུང་བ་དང་ཞེས་པ་འཇིག་རྟེན་སྣང་ཡུལ་ལ་རྟོག་སྤྱོད་གཉིས་ཀྱི་ཤས་ཆེར་འབྱུང་བའོ། །ཤིན་ཏུ་སྦྱངས་པ་ཞན་ཅིང་འཛིན་ཆུང་བ་ཞེས་པ་ཤིན་ཏུ་སྦྱངས་པ་འཇམ་རྩུབ་གཉིས་ཞན་པ་དང་། ཏིང་ངེ་འཛིན་ལ་འཛིན་ཆུང་བའོ། །ཁམས་ཀྱི་གནོད་པ་ཆེ་ཞིང་ཉོན་མོངས་པ་འགྲིབ་བུལ་བའོ། །ཞེས་པ་ཁམས་ལོག་པས་ཏིང་ངེ་འཛིན་ལ་གནོད་ཆེ་ཞིང་། དུག་ལྔ་འགྲིབ་བུལ་བའོ། །དེ་ལྟར་ཏིང་ངེ་འཛིན་དང་ཤེས་རབ་ཤས་ཆེ་བ་ལ་ནི་ཉམས་བཟང་ལ། དེ་གཉིས་ཤས་ཆུང་བ་ལ་ཉམས་ངན་པར་འདུག་པས། ད་དེ་ཆུང་བ་ཆེ་བར་བྱེད་པ་ལ། ཏིང་ངེ་འཕེལ་བའི་རྒྱུ་ལྔ་བསྟེན། འགྲིབ་པའི་རྐྱེན་ལྔ་སྤང་། ཤེས་རབ་འཕེལ་བའི་རྒྱུ་ལྔ་བསྟེན། འགྲིབ་པའི་རྐྱེན་ལྔ་སྤང་བའོ། །དེ་ལ་ཏིང་ངེ་འཛིན་འཕེལ་བའི་རྒྱུ་ལྔ་ནི། རྒྱུ་ཚོགས་ལ་གནས་པར་རབ་ཏུ་འཕེལ་ཅེས་པ་ལུས་ཚོགས་ལ་གནས་ཏེ་བྱ་བ་སྤང་བ་དང་། ངག་སྨྲ་བ་བཅད་པ་དང་། ཡིད་འགྱུ་བ་བཅད་ན་ཏིང་ངེ་འཕེལ། ལེ་ལོ་དང་གཡེང་བ་སྤངས་ཤིང་རྩོལ་བའི་ལམ་ལ་གནས་པས་འཕེལ་ཅེས་པ། ལེ་ལོ་ལ་གཉིས་སྙོམ་ལས་ཀྱི་ལེ་ལོ་དགེ་སྦྱོར་སང་བྱ་ལ་ལུས་པ་དང་། སྦྱོར་བ་དམན་པའི་ལེ་ལོ་སྡིག་པ་སྤངས་ནས། ཉམས་སུ་ལེན་པ་བརྩོན་པའི་ལམ་ལ་གནས་ན་འཕེལ། ཚངས་པར་སྤྱོད་ལ་གནས་ཤིང་ཚུལ་ཁྲིམས་དང་དམ་ཚིག་རྣམ་པར་དག་པས་འཕེལ་ཅེས་པ། ལུས་ཚངས་པར་སྤྱོད་པ་ལ་གནས་ཤིང་ཉན་ཐོས་ཀྱི་འདུལ་ཁྲིམས་དང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པས་འཕེལ་ལོ། །རྟེན་རྒྱས་པའི་རྒྱུ་བརྟེན་ཅིང་སོ་སོར་རྟོག་པའི་ཤེས་རབ་ཀྱི་མེ་སྦར་བས་འཕེལ་ལོ། །རྟེན་རྒྱས་པའི་རྒྱུ་ཁ་ཟས་བཟང་པོ་བརྟེན་ཅིང་ཐོས་བསམ་བསྒོམ་གསུམ་གྱིས་ཆོས་ཉིད་ཀྱི་དོན་སོ་སོར་རྟོགས་པའི་ཤེས་རབ་ཀྱི་མེ་སྦར་བས་འཕེལ། དྲོད་ཚད་སྙོམས་ཤིང་རྟེན་མ་ཉམས་པས་འཕེལ་ཅེས་པ་སྤྱོད་ལམ་གྱི་དྲོད་ཚད་དང་། ཁམས་ཀྱི་མཐུན་གྱི་དྲོད་ཚད་དང་། རྟེན་ལུས་ཀྱི་ཐིག་ལེ་མ་ཉམས་པས་འཕེལ་ལོ། །དེ་ལ་བཟློག་པ་འགྲིབ་པའི་རྐྱེན་ལྔ་ནི། ཚོགས་ལ་མ་གནས་ཏེ་ལུས་ངག་ཡིད་གསུམ་འཇིག་རྟེན་གྱི་བྱ་བས་ཁྱེར་ནས་འགྲིབ། ལེ་ལོ་དང་གཡེང་བ་ཆེ་ཞིང་རྩོལ་བ་ཆུང་ནས་འགྲིབ། ཚངས་པར་སྤྱོད་པ་ལ་མ་གནས་ཤིང་ཚུལ་ཁྲིམས་དང་དམ་ཚིག་ཉམས་ན་འགྲིབ། ཁ་ཟས་ཞན་ཞིང་ཐོས་བསམ་བསྒོམ་པ་མ་བྱས་ན་འགྲིབ། དྲོད་ཚད་མ་སྙོམས་ཤིང་རྟེན་ཐིག་ལེ་ཉམས་ན་འགྲིབ་བོ། །ཐ་མ་ཤེས་རབ་འཕེལ་བའི་རྒྱུ་ལྔ་ཞེས་པས། རྒྱུ་ཚོགས་ལ་གནས་པས་རབ་ཏུ་འཕེལ་ཅེས་པ་བཞིན་ནོ། །བླ་མ་དང་གསལ་བྱེད་ཀྱི་སྒྲོན་མ་དང་མ་བྲལ་བས་འཕེལ་ཅེས་པ། བླ་མ་དང་མ་བྲལ་གདམ་ངག་ཞུས། ཤེས་རབ་གསལ་བར་བྱེད་པའི་སྒྲོན་མ་མདོ་རྒྱུད་ཟབ་མོ་དང་། བསྒོམ་ཡིག་དང་། མན་ངག་དང་། སྙན་རྒྱུད་དང་མ་བྲལ་བས་ལྟ་རྟོག་བྱས་ན་འཕེལ་ལོ། །རྟག་ཏུ་བད་ཀན་རྒྱས་པའི་རྒྱུ་སྤངས་པས་འཕེལ་ཅེས་པ། སུངས་དང་རྗེན་ལ་སོགས་པའི་ཟས་བད་ཀན་སྐྱེ་བ་རྣམས་སྤངས་ནས་འཕེལ་ལོ། །རྟེན་རྒྱས་པའི་རྒྱུ་རྟེན་ཅིང་ཟབ་མོའི་དོན་ལ་མ་རྨོངས་པས་འཕེལ་ཅེས་པས། རྟེན་རྒྱས་པའི་རྒྱུ་ཁ་ཟས་བཟང་པོ་དང་ཏི་ངེ་འཛིན་ཆོས་ཉིད་ཟབ་མོའི་དོན་ལ་མ་རྨོངས་པས་བསྒོམ་བྱུང་གི་ཤེས་རབ་འཕེལ་ལོ། །དྲོད་ཚད་སྙོམས་ཤིང་རྟེན་མ་ཉམས་པས་འཕེལ་ལོ། །ཞེས་པས་གོང་བཞིན་ནོ། །དེ་ལས་བཟློག་པ་འགྲིབ་པའི་སྐྱེན་ལྔ་ནི། ཚོགས་ལ་མ་གནས་པ་དང་། བླ་མ་དང་དཔེ་ཆ་དང་བྲལ་བ་དང་། བད་ཀན་སྐྱེ་བའི་ཟས་བསྟེན་དང་། ཁ་ཟས་ཞན་ཅིང་ཉོན་མོངས་པ་འདོད་ཆགས་དང་ཉིན་མོའི་གཉིད་ཀྱིས་འགྲིབ། དྲོད་ཚད་མ་སྙོམས་ཤིང་ཐིག་ལེ་ཉམས་པས་འགྲིབ་བོ། །དེ་ལྟར་འཕེལ་འགྲིབ་འདུག་པས་ལམ་དྲུག་བརྟེན་པ་ནི། དགོན་དྲུག་བསྟེན་པ་དང་གཅིག །མཐའ་དྲུག་སྤངས་པ་དང་གཉིས། མཐུན་བཞི་བསྟེན་པ་དང་གསུམ། མཐའ་གཉིས་སྤང་བ་དང་བཞི། ཀུན་ཏུ་བཟང་པོ་འཕེལ་འགྲིབ་དང་ལྔ། ཀུན་ཏུ་བཟང་མོའི་འཕེལ་འགྲིབ་དང་དྲུག་གོ། །དགོན་དྲུག་བསྟེན་པའི་ཚུལ་གྱིས་སྤྱོད་པར་ཞེས་པ། གནས་དགོན་པ་གྲོང་ལས་སྤགས་པ་འདུ་འཛིན་གཡེང་བ་མེད་པའོ། །ལུས་དགོན་པ་བྱ་བྱེད་སྤང་བའོ། །མལ་དགོན་པ་གཅིག་པུ་ཉལ་བའོ། །སེམས་དགོན་པ་ཐ་མལ་བསམ་མནོ་སྤངས་པའོ། །ཀུན་ཏུ་བཟང་པོའི་དགོན་པ་བཟང་ངན་དང་ཆེ་ཆུང་དང་མཉམ་པ་ཉིད་དུ་སྤྱོད་པའོ། །རྡོ་རྗེ་སེམས་པའི་དགོན་པ་སེམས་ཉིད་ངོ་བོ་མི་འགྱུར་བར་སྤྱོད་པའོ། །དེ་ལྟར་དྲུག་པོ་བསྟན་ལ་སྤྱོད་དོ། །མཐའ་དྲུག་སྤང་བའི་ཚུལ་གྱིས་སྤྱོད་པ་ཞེས་པ། ཏིང་ངེ་ཉམས་སུ་ལེན་པའི་དུས་སུ། ལུས་ཀྱི་ཡ་མཐའ་ལྷ་ཕྱག་དང་བསྐོར་བ་ལ་སོགས་ཏེ་ལུས་ཀྱི་དགེ་བ་དང་། མ་མཐའ་མལ་དུ་འདུག་པའམ་ལུས་ཀྱི་སྡིག་པ་དང་། ངག་གི་ཡ་མཐའ་བཟླས་བརྗོད་ལ་སོགས་ཏེ་ངག་གི་དགེ་བ་དང་། མ་མཐའ་ལོང་གཏམ་མ་མངག་གི་མི་དགེ་བ་དང་། སེམས་ཀྱི་ཡ་མཐའ་ལྷ་བསྒོམ་པ་ལ་སོགས་ཡིད་ཀྱི་དགེ་བ་དང་། མ་མཐའ་ཐ་མལ་རྟོགས་པའི་ཡིད་ཀྱི་མི་དགེ་བ་དང་། གནས་ཀྱི་ཡ་མཐའ་གནས་བཟང་བ་གཞན་པས་ལྷག་པ་ཆགས་སེམས་སྐྱེ་བ་དང་། མ་མཐའ་འཁོབ་ལ་སོགས་བཙལ་ཞུངས་དཀའ་བ་དང་། གོས་ཀྱི་ཡ་མཐའ་སྐེ་བོར་དང་སྤུ་ཐུལ་ལ་སོགས་ཆགས་སྐྱེ་བ་དང་། མ་མཐའ་རེ་དུག་ལ་སོགས་ཕུང་པོ་ལ་གནོད་པ་དང་། ཟས་ཀྱི་ཡ་མཐའ་ཤ་ཆང་བུ་རམ་ལ་སོགས་ཆེད་ཀས་བསྒྲུབ་པ་དང་། མ་མཐའ་སྦང་ཟན་ལོ་ཐུག་ལ་སོགས་པའི་རྟེན་རྒུད་པ་རྣམས་སོ། །དེ་ཡང་ལུས་ངག་ཡིད་གསུམ་གྱི་མཐའ་དང་སྨོས་ཅི་དགོས། ཏིང་ངེ་ལ་གནོད་ན་ཡ་མཐའ་ཡང་སྤང་ངོ་། །གནས་གོས་ཟས་གསུམ་པོ་དེ། བཟང་གྲངས་པ་ལྷག་པ་དང་ཡང་སྩོལ་བ་དང་གཡེང་བའི་རྒྱུ་ཡིན་ལ། ངན་གྲགས་པ་ཡང་རྟེན་གུད་དེ་འགྲོ་བས་སྤང་ངོ་། །ཆོས་པའི་གོས་ལ་སོགས་པ་མི་མ་ཚོར་བ་ཡིན་གསུང་ངོ་། །མཐུན་བཞི་བསྟེན་པའི་ཚུལ་གྱིས་སྤྱོད་པར་བྱ་ཞེས་པས། གནས་དང་། གྲོགས་དང་། ཟས་དང་། སྤྱོད་ལམ་མོ། དང་པོ་ནི་མཐོ་ལ་དྲོ་བ་། ཡངས་ལ་བསིལ་བ། ལྷ་སྲིན་སྐྱེ་བོ་མ་རུང་བ་མེད་པའོ། །མཐོ་སྟེ་གྲོང་ལས་དཔགས་པ། རྒུན་དྲོ་བ། ས་ཤུལ་ཡངས་པ། དབྱར་ཚད་ཁུང་མེན་ཏེ་བསིལ་བ། ཡུལ་ན་ལྷ་སྲིན་དང་། བཙན་བདུད་དང་། སྐྱེ་བོ་མ་རུངས་པ་མེད་པ། མི་རྒོད་ཀྱི་འགྲུལ་སྲང་མ་ཟུག་པའོ། །གྲོགས་མན་ངག་དང་མཐུན་པ་དང་། གྲོགས་བཟང་བརྟེན་ཅིང་ཞེས་པས་བསྟན་པའི་གྲོགས་བཟངས་ནང་པ་སངས་རྒྱས་པ་དཀོན་མཆོག་གསུམ་ལ་གུས་པ། ཐེག་པའི་གྲོགས་བཟང་ཤེས་རབ་དང་སྙིང་རྗེ་ཆེ་བ། བསྒྲུབ་པའི་གྲོགས་བཟང་བརྩོན་འགྲུས་ཆེ་བ། བྱང་ཆུབ་ཀྱི་གྲོགས་བཟང་བྱང་ཆུབ་དོན་དུ་གཉེར་བའོ། །དེ་ནི་བླ་མ་དང་འདྲ་སྟེ་མཐུན་པ་བླ་མར་ཤེས་པའི་ཚུལ་གྱིས་སྤྱད་པར་བྱ་ཞེས་སོ། །གྲོགས་ངན་སྤང་བའི་ཚུལ་གྱིས་སྤྱད་པར་ཞེས་པ་གྲོགས་ངན་མན་ངག་དང་མི་མཐུན་པ་སྤང་སྟེ། བསྟན་པའི་གྲོགས་ངན་མུ་སྟེགས་སམ་དཀོན་མཆོག་ལ་མི་གུས་པ། ཐེག་པའི་གྲོགས་ངན་ཤེས་རབ་དང་སྙིང་རྗེ་ཆུང་བ། བསྒྲུབ་པའི་གྲོགས་ངན་ལེ་ལོ་ཆེ་བ། བྱང་ཆུབ་ཀྱི་གྲོགས་ངན་ཏིང་ངེ་བཞག་ནས་འཚོ་བ་དོན་དུ་གཉེར་བའོ། །དེ་ནི་ཉམས་སུ་ལེན་པའི་བདུད་དང་འདྲ་སྟེ། མི་མཐུན་བདུད་དུ་ཤེས་པའི་ཚུལ་གྱིས་སྤང་བར་བྱ་ཞེས་སོ། །ཟས་མན་ངག་དང་མཐུན་པ་ནི། འགྲངས་གལ་ཚོད་ཟིན་པ་ཞེས་པས་སྤྱིར་འགྲངས་ལ་འགྲངས་གྲགས་པ་མེན་ཏེ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པ་ཞེས་པ། ནད་གཞི འམ་ཁམས་རིགས་དང་འཕྲོད་པ་ལ་ཕྱོགས་གཅིག་པ་མེན་ཏེ་སྣ་མང་བའོ། །སྤྱོད་ལམ་མན་ངག་དང་མཐུན་པ་ནི། རྣལ་འབྱོར་ཕུག་ཏུ་མི་འདུག་དབང་པོ་ཡན་དུ་ཕྱེ་ཞེས་པས་ཕུག་ཏུ་འདུག་ལ་སེམས་མི་བཏུམ། དབང་པོ་སྒོ་ལྔ་པོ་དང་ཡུལ་ལ་གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲག་སྟོང་། དྲི་ཚོར་སྟོང་། རོ་བྲོ་སྟོང་། རེག་རེག་སྟོང་དབྱེར་མེད་དུ་ཡན་པར་ཁྱེ། ཅོག་གེ་མི་འདུག་ངལ་བའི་ལས་མི་བྱེ་ཞེས་པ། ཤེས་པ་ཐ་མལ་དུ་ཅོག་གེ་མི་འདུག་ལྟ་བ་ཨ་ཏི་ཡོ་གའམ་བསྒོམ་པ་སྟོང་གསལ་དང་མ་བྲལ་བར་བྱ། ལུས་ངག་ངལ་བའི་ལས་བྱས་ན་ཏིང་ངེ་འགྲིབ་པས་མི་བྱའོ། །མཐའ་གཉིས་སྤང་པའི་ཚུལ་གྱི་སྤྱད་པར་བྱ་ཞེས་པ། འདོད་པ་བསོད་ནམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའོ། །དང་པོ་ནི་འཇིག་རྟེན་ཆོས་བརྒྱད་ལ་ལ་གྲགས་པ་དང་། བདེ་བ་དང་། རྙེད་པ་དང་། བསྟོད་པ་ནི་འདོད། མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྟོར་བ་དང་སྨད་པ་བཞི་མི་འདོད་པའོ། །དེ་ཡང་པ་ནི་ཐམས་ཅད་ནམ་མཁའི་ཚུལ་ལ་བཏང་སྙོམས་ཆེན་པོའི་ཚུལ་གྱིས་སྤྱད་པར་བྱ་ཞེས་པས། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བའི་ངང་ཚུལ་ལ། ཆོས་བརྒྱད་ཨའི་ངོས་ནས་སྟོང་མཉམ། ཏིའི་ངོས་ནས་སྣང་མཉམ། ཡོ་གའི་ངོས་ནས་ཆོས་བརྒྱད་ཀྱི་སྣང་བ་མ་བཀག །དེའི་མཐས་མ་རེག་རང་སར་གྲོལ་བའོ། །སྤོངས་ལེན་མེད་པ་བཏང་སྙོམས་ཆེན་པོར་སྤྱོད་པར་བྱའོ། །ངལ་ཞིང་དུབ་པའི་མཐའ་ནི། ལྟོ་རྒྱབ་ཀྱི་ཆེད་དུ་ལུས་ངག་ཡིད་གསུམ་ངལ་ཞིང་དུབ་པའོ། །དེ་སྤང་པ་ནི་སྦྱང་པ་རྣམ་གསུམ་གང་མཐུན་བསྟེན་པའི་ཚུལ་གྱིས་སྤྱད་པར་བྱ་ཞེས་པས། ཏིང་ངེ་འཛིན་གྱི་སྦྱང་བ་དང་། མན་ངག་གིས་སྦྱང་བ་དང་། སྤྱོད་ལམ་གྱི་སྦྱང་བའོ། །ཏིང་ངེས་སྦྱང་བ་ན་ཏིང་ངེ་ཉམས་སུ་ལེན་པ་རང་ཡིན་ཏེ། དེས་ཏིང་ངེའི་ཟས་དང་ཕྲད་ནས་འབྱོངས་སོ། །མན་ངག་གིས་སྦྱང་བ་ལ། ངེས་པ་གཅིག་གིས་སྦྱང་བ་དང་། ངེས་པ་གྲོལ་བུས་སྦྱང་བའོ། །དང་པོ་ནི་ལྟ་བ་ཨ་ཏི་ཡོ་གས་མཚན་མའི་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའོ། །དེས་ལྟ་བའི་ཟས་དང་ཕྲད་ནས་འབྱོངས་སོ། །ངེས་པ་གྲོལ་བུལ་སྦྱང་བ་ནི་བོགས་དབྱུང་བཅུ་གསུམ་ལ་སོགས་པ་བྱའོ། །དེས་ཀྱང་ཏིང་ངེའི་ཟས་དང་ཕྲད་ནས་འབྱོངས་སོ། །སྤྱོད་ལམ་གྱིས་སྤྱོད་པ་ནི། དཀར་པོས་ལྡོམ་བུ་བྱ་སྟེ། རབ་ཀྱིས་ཡུལ་ཞིང་གར་དགར་འཛིན་མེད་དུ་བོར་ལ་བྱ། འབྲིང་གིས་བླ་མ་དང་དགེ་ཕྱོགས་སུ་བཏང་ལ་བྱ། ཐ་མས་སྐྱེད་འཕེལ་བཏང་ལ་རྒྱགས་ལྡང་ཙམ་ན་ལོག་ལ་དགེ་སྦྱོར་བྱའོ། །དེས་ཀྱང་འབྱོངས་སོ། །ནག་པོ་རང་གསོག་འཇོག་དང་སེམས་ལྟོ་ཕྱིར་ཤོར་བས་མི་བྱའོ། །ཀུན་ཏུ་བཟང་པོ་འཕེལ་དང་འགྲིབ་པའི་ཚུལ་གྱིས་ཞེས་པ་ཀུན་ཏུ་བཟང་པོ་ནི་ཏིང་ངེས་ཏེ། དེ་འཕེལ་བའི་རྒྱུ་ལྔ་སྟེ། འགྲིབ་པའི་རྐྱེན་ལྔ་སྤངས་ཏེ་སྤྱོད། །ཀུན་ཏུ་བཟང་མོ་འཕེལ་དང་འགྲིབ་པའི་ཚུལ་གྱིས་ཞེས་པ་ཀུན་ཏུ་བཟང་པོ་ནི་རིང་ངེས་ཏེ་དེ་འཕེལ་བའི་རྒྱུ་ལྔ་སྟེ། འགྲིབ་པའི་རྐྱེན་ལྔ་སྤངས་ཏེ་སྤྱོད་ཀུན་ཏུ་བཟང་མོ་འཕེལ་དང་། འགྲིབ་པའི་ཚུལ་གྱི་སྤྱོད་པར་བྱ་ཞེས་པ་ནི་ཤེས་རབ་སྟེ། དེ་འཕེལ་བའི་རྒྱུ་ལྔ་བསྟེན། འགྲིབ་པའི་རྐྱེན་ལྔ་སྤངས་ཏེ་སྤྱད་དོ། །བཞི་པ་སྤྱི་རྟགས་ཉི་ཤུ་རྩ་བཞིས་ཁམས་ཀྱིས་དྲོད་ཚད་བཟུང་བ་དང་ཞེས་པ་ནི། འོག་གི་འདི་རྣམས་ཁམས་བད་དུ་སུ་བྱུང་ན་སྦྱངས་པ་རྩུབ་པའི་ཉམས། མི་བདེ་བའི་དུས་སུ་བྱུང་ན་ཁམས་ལོག་པའི་རྟགས་སུ་འགྲོ་བ་སྤྱི་རྟགས་སོ། །ཡང་རིན་པོ་ཆེ་ནི་བསྒོམ་པ་སྤྱིའི་རྟགས་དང་མཐུན་པས་སྤྱི་རྟགས་སུ་འགྲོ་གསུང་། ཉི་ཤུ་རྩ་བཞི་ནི་གྲངས་ཏེ། དེ་ལ་རླུང་འཁྲུགས་པའི་རྟགས་བཞི་ནི། མིག་འཁྲུལ་བ་དང་། སྒྲ་འཁྲུལ་བ་དང་། ངག་འཁྲུལ་བ་དང་། སེམས་འཁྲུལ་བའོ། །ནམ་མཁའི་རླུང་འཁྲུགས་པའི་རྟགས་ནི། རྣམ་རྟོག་རྒྱས་པ་དང་། གཉིས་མི་ཕེབས་པ་དང་། གཉིད་སྲབ་པ་དང་། རྨི་ལམ་མང་པའོ། །སའི་རླུང་འཁྲུགས་པའི་རྟགས་ནི། མགོ་བོ་བགས་ཀྱིས་ལྕི་བ་དང་། ཟས་ཡི་གར་མི་འོང་བ་དང་། ལུས་སེམས་གྱོང་བ་དང་། ལུས་སེམས་རྩུབ་པའོ། །ཆུའི་རླུང་འཁྲུགས་པའི་རྟགས་ནི། བསྒོམ་སྙིང་མི་འདོད་པ་དང་། བསྒོམ་འཆེར་བ་དང་། བསྒོམ་མི་ཕེབས་པ་དང་། བསྒོམ་སྲབ་པའམ་ཡུན་དུ་ཐུང་བའོ། །མེའི་རླུང་འཁྲུགས་པའི་རྟགས་ནི། རྐྱེན་མེད་པར་གློ་ཆུང་འབྱུང་བ་དང་། རྐྱེན་མེད་པར་སྦྲིད་པ་འབྱུང་བ་དང་། ལུས་ལ་གཟེར་ཟུག་འབྱུང་བ་དང་། སྤྱོད་ལམ་མི་བདེ་བའོ། །རླུང་གི་རླུང་འཁྲུགས་པའི་རྟགས་ནི། རྔམ་པ་འབྱུང་བ་དང་། ལུས་འདར་བ་དང་། ཤུགས་རིངས་འབྱུང་བ་དང་། དབུགས་རྒོད་པ་འབྱུང་ངོ་། །ཁམས་ཀྱི་ཚོད་བཟུང་བ་ནི་འཇིག་རྟེན་ཉམས་པའི་རྟགས་དེ་ཀུན་འབྱུང་བཞིན་དུ་བསྒོམ་པ་ལ་བརྩོན་འགྲུས་ངང་ལ་གནས་སུ་མི་སྟུབ་ལ། བསྒོམ་ཡོད་པ་ཡང་ངན་དུ་འགྲོ་ཞིང་བོགས་མི་འོང་བས། རྟེན་གྱི་རྟགས་དེ་ཀུན་བྱུང་ན་ངལ་བསོ་ཞིང་ཚོགས་ལ་གནས་པར་བྱས་ལ། ཁམས་རྟས་སུ་གཞུག་ཅིང་། བསྒོམ་པ་བདེ་ཙ་ན་ཚོད་བཟུང་ཞིང་། ནུབ་ཀྱང་འཕྲོ་བཅད་ཅིང་བསྒོམས་ན་བསྒོམས་པ་ཇི་བཟང་ཇེ་བཟང་འགྲོ་ཞིང་བོགས་འོང་ངོ་། །ལྔ་པ་མདོ་གཅོད་བཞིའི་མན་ངག་གིས་བསྒོམ་པ་ཐུན་ཚོད་གཟུང་བ་དང་ཞེས་པ། མདོ་གཅོད་བཞི་ནི། ཐུན་སྟོད་དང་། ཐུན་སྨད་གཉིས། སྔར་ཐུན་དང་ཕྱི་ཐུན་གཉིས་ཏེ་བཞིའོ། །མན་ངག་གིས་ཐུན་ཚོད་གཟུང་བ་ནི། ཐུན་སྟོད་པས་ཐུན་སྨད་བདེ་བ་དང་། བསྒོམ་པ་སྔ་མ་བས་ཕྱི་མ་བདེ་ན། རྟེན་ཁམས་ཀྱི་ནུས་པ་ཆེ་བས་ཚོད་བཟུང་ཞིང་ཐུན་ཆེར་བསྒོམ་མོ། །དེ་ལས་བཟློག་པ་ནི་རྟེན་ཁམས་ཀྱི་ནུས་ཆུང་བས་ཁོང་ངལ་པོ་ཞིང་ཐུན་ཆུང་དུ་བསྒོམ་མོ། །སྔ་དྲོ་ཐུན་སྟོད་ལ་མ་བདེ་ན་ཚོགས་ལ་མ་གནས་པ་ཡིན་པས་ཚོགས་གནས་ལ་ནན་ཏན་བྱས། ཕྱི་དྲོ་དང་ཐུན་སྨད་མི་བདེ་ན་རྟེན་ཉམས་པ་ཡིན་པས་ཟས་བསྟར་རོ། །དེ་ལྟར་མ་བྱས་ན་དྲོད་ཚད་ཀྱི་མན་ངག་མེད་པས་ངང་ལ་གནས་སུ་མི་བཏུབ་ཅིང་བསྒོམ་པ་ངན་དུ་འགྲོ་ཞིང་བོགས་མི་འོང་ངོ་། །དྲུག་པ་ཉམས་དང་སྦྱར་ཏེ་ཕྱིར་བཅོས་པའི་ཐབས་བསྟན་པ་དེང་ཞེས་པ་ཉམས་དང་སྦྱར་བ་དང་། ཕྱིར་བཅོས་པ་གཉིས་ལས། དང་པོ་ལ་གཉིས་ཏེ། གང་ཟག་འཇུག་པའི་ཉམས་དང་། རྣལ་འབྱོར་སྐྱེ་བའི་ཉམས་སོ། །དང་པོ་ནི་གང་ཟག་འཇུག་པའི་ཉམས་ནི་ཞེས་པས་བདུན་ཏེ། ཁུགས་པའི་ཉམས་དང་། ཆགས་པའི་དང་། ཟིན་པའི་དང་། ལོག་པའི་དང་། བྲི་བ་དང་། ངང་ལ་གནས་པ་དང་། གེད་དུ་གྱུར་པའོ། །ཁུགས་པ་ནི་དཔེར་ན་བྱ་རྒོད་ནམ་མཁའ་ལ་འཕྱོ་བ་ལ་གཟན་མཐོང་ནས་གཟན་ཐོག་ཏུ་ཁུགས་པ་བཞིན་དུ། ལྟ་བ་རྟོགས་ཏེ་སེམས་མ་གནས་པ་དམིགས་པ་ལ་གཏད་པས་ཙེན་ཙེར་ཁུགས་པའོ། །ཆགས་པ་ནི་དེར་བྱ་རྒོད་གཟན་ལ་ཆགས་པ་བཞིན་དུ་དམིགས་པ་ནམ་བྱས་རེས་ཆགས་པའོ། །ཟིན་པ་ནི་དེར་བྱ་རྒོད་དེ་སྙི་ལ་ཟིན་པ་བཞིན་དུ་ལྟ་བ་ཉམས་སུ་མྱོང་བའོ། །ལོག་པ་ནི་བྱ་རྒོད་སྙི་ལས་ཤོར་ཏེ་བྲེད་པ་བཞིན་དུ། ལྟ་བ་ཉམས་སུ་མྱོང་བས་འཇིག་རྟེན་སྡུག་བསྔལ་སྐྱུག་ལོག་སྟེ་བྲེད་པའོ། །བྲིས་པ་ནི་ཡུན་རིང་ནས་སྙི་ལ་ཟིན་པའི་འཇིགས་པ་དེ་བྲི་བ་བཞིན་དུ། བསྒོམས་པས་འཁོར་བའི་འཇིགས་པ་དེ་བྲི་བའོ། །ངང་ལ་གནས་པ་ནི་དེར་བྱ་རྒོད་དེ་ཚང་དུ་གནས་པ་བཞིན་དུ་ལྟ་བའི་ངང་ལ་གནས་པའོ། །གེད་དུ་གྱུར་པ་ནི་བྱ་རྒོད་དེ་ཕྱིས་གཟན་མཐོང་ཡང་དེ་འཇུག་པའི་སེམས་མི་སྐྱེ་བ་བཞིན་དུ། འཁོར་བ་ལ་འཇུག་པའི་བློ་མི་སྐྱེ་བ་ནི་གེད་དུ་གྱུར་པའོ། ༈ །གཉིས་པ་རྣལ་འབྱོར་སྐྱེ་བའི་ཉམས་པ་ཞེས་པ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི་སྟེ། བདེ་བ་དང་། གསལ་བ་དང་། མི་རྟོག་པ་དང་། མི་གཡོ་བའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །ཐུན་མོང་ལ་དྲུག་སྟེ། ཤིན་ཏུ་སྦྱང་བའི་བདེ་བ་དང་། སེམས་འཛིན་གྱི་དུས་སུ་བྱུང་བ་སྦྱངས་པས་འཇམ་རྩུབ་བོ། །ཐོབ་པའི་བདེ་བ་དང་ཞེས་པ་ནོར་ཐོབ་པས་སེམས་བདེ་བ། བྲལ་བའི་བདེ་བ་དང་ཞེས་པ་ནད་དང་བྲལ་བའི་བདེ་བ། འཇུག་པ་ཐམས་ཀྱི་བདེ་བ་དང་རྩ་རླུང་གི་ཐབས་ཀྱི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་ཞེས་པའི་གཉིད་ལོག་པས་ཚོགས་དྲུག་གི་རྟོག་པ་ཞི་བའི་བདེ་བ། བདུད་རྩི་འདྲེས་པའི་བདེ་བ་ཞེས་པ་ཕོ་མོ་སྤྲད་པའི་དཀར་དམར་བདེ་བའོ། །དེ་རྣམས་ཐུན་མོང་གི་བདེ་བ་ཡིན་ཏེ། བསྒོམ་པའི་ཉམས་རྟགས་ཀྱི་བདེ་བ་མེན་ཅེས་སྦྱར་རོ། །ཁྱད་པར་གྱི་བདེ་བ་ནི། རང་བཞིན་གྱི་བདེ་བ་ཞེས་པ་རང་བཞིན་ལྷུན་གྱིས་གྲུབ་པ་བྱས་པར་མེད་པར་བདེ་བའོ། །ཡེ་ཤེས་ཆེན་པོའི་བདེ་བའོ། །ཞེས་པས་དེ་ལྟར་ཡེ་ནས་གནས་པ་དེ་ངོ་སྤྲད་ཉམས་སུ་བླངས་པས་ངོ་ཤེས་ཉམས་སུ་མྱོང་བའོ། །དེ་བདེ་བར་འགྲོ་བའི་རྒྱུ་མཚན་ནམ་ངེས་ཚིག་ནི། ལྟ་བས་ཐག་ཆོད་པས་ཉམས་ང་བ་དང་བག་ཚ་བ་ལ་སོགས་ཏེ་འཇིགས་པ་ཐམས་ཅད་དང་བྲལ་བས་བདེ་ཞེས་པས། ལྟ་བས་ཆོས་ཐམས་ཅད་ཨ་སྐྱེ་མེད་དངོས་བཟུང་དང་བྲལ་བར་ཐག་ཆོད། ཏི་འགག་མེད་རང་སྣང་དུ་ཐག་ཆོད། ཡོ་གས་གཉིས་མེད་ལ་འཁོར་བ་ལ་སོགས་པའི་སྣང་བ་བཀག་ལ་མཐས་མ་རེག་པས་འཁོར་བ་ལ་ཉམས་ང་བ་དང་བག་ཚ་བ་ལ་སོགས་ཏེ་འཇིགས་པ་ཐམས་ཅད་དང་བྲལ་བས་བདེ་བའོ། །རྒྱུའི་དུས་ན་འབྲས་བུ་ཉིད་དུ་ལྷུན་གྱིས་གྲུབ་པས། འབྲས་བུ་ལ་རེ་བ་དང་སྒུགས་པ་མེད་པས་བདེ་ཞེས་པས་རྒྱུ་སེམས་ཅན་གྱི་དུས་ན་འབྲས་བུ་སྟོང་གསལ་གྱི་ཆོས་སྐུ་ཉིད་དུ་ལྷུན་གྱིས་གྲུབ་པས་རང་ངོ་ཤེས་པས་ད་སྡོད་འབྲས་བུ་ཐོབ་པ་ལ་རེ་བ་དང་། དྲོད་རྟག་པ་ལ་སོགས་པ་སྒུགས་པ་མེད་པས་བདེའོ། །མཉམ་པ་ཉིད་ཡེ་ནས་ལྷུན་གྱིས་གྲུབ་པས། ད་སྡོད་མཉམ་ཉིད་རྒྱུད་ལ་བསྐྱེད་མི་དགོས་པས་བདེ་ཞེས་པ། ཆོས་ཐམས་ཅད་ངོ་བོ་སྣང་སྟོང་ངོས་མཉམ་པ་ཉིད་ཡེ་ནས་ངོ་བོ་རིས་མེད་དུ་ལྷུན་གྲུབ་ཏུ་གནས་པས། ད་སྡོད་མཉམ་པ་ཉིད་རྒྱུད་ལ་བསྐྱེད་པའི་རྩོལ་བ་མི་དགོས་པས་བདེའོ། །སྣང་སྲིད་ཐམས་ཅད་ཆོས་སྐུར་གསལ་བས་འབད་རྩོལ་གྱིས་དཀའ་བ་དང་བྲལ་བས་བདེའོ་ཞེས་པས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྟོང་གསལ་གཉིས་མེད་ཀྱི་ཆོས་སྐུར་གསལ་བར་རྟོགས་པས་ལུས་ངག་ཡིད་གསུམ་འབད་རྩོལ་གྱི་དཀའ་བ་དང་བྲལ་བས་བདེའོ། །གསལ་བ་ལ་ཐུན་མོང་དང་ཁྱདཔར་གཉིས་ལས། དང་པོ་ལ་ལྔ་སྟེ། དངོས་པོའི་གསལ་བ་ཞེས་པ་ཤེལ་ཕྱི་ནས་བལྟས་ན་ནང་གསལ་ནང་ནས་བལྟས་ན་ཕྱི་གསལ་བའོ། །ཡུལ་གྱི་གསལ་བ་ཞེས་པ། མིག་གི་ཡུལ་དུ་གཟུགས་གསལ་བ་ལ་སོགས་པའོ། །རྣམ་པར་ཤེས་པའི་གསལ་བ་ཞེས་པ་རྣམ་པར་ཤེས་པ་སྒོ་ལྔའི་གསལ་བ་ལྟ་བུའོ། །བདུད་རྩིའི་གསལ་བ་ཞེས་པ་ཚིག་གི་བདུད་རྩིས་དེའི་དོན་གསལ་བའོ། །སྒྲོན་མེའི་གསལ་བ་ཞེས་པ་སྒྲོན་མེ་བཏེག་པས་མུན་པ་གསལ་བའོ། །དེ་རྣམས་ཐུན་མོང་གི་གསལ་བ་ཡིན་ཏེ་བསྒོམ་པའི་ཉམས་རྟགས་ཀྱི་གསལ་བ་མ་ཡིན་ནོ། །ཁྱད་པར་ནི་གཉིས་ཏེ། རང་བཞིན་གྱི་གསལ་བ་ཞེས་པ་རང་བཞིན་གཉིས་མེད་ཀྱི་ཡེ་ཤེས་སྒྲིབ་བྱེད་མེད་པའམ་ཡུལ་མེད་དུ་རང་གསལ་ལོ། །ཡེ་ཤེས་ཀྱི་གསལ་བ་ཞེས་པ་ད་ལྟར་ཡེ་ནས་གནས་པ་ངོ་སྤྲད་ཉམས་སུ་བླངས་ངོ་ཤེས་ཤིང་ཉམས་སུ་མྱོང་བའོ། །དེའི་རྒྱུ་མཚན་ནི་དབང་པོའི་སྒོ་མ་བཀག་པས་གསལ་ཅེས་པ་ཡུལ་ལྔ་བྱང་ཆུབ་སེམས་སུ་འདུས་པས་དབང་པོའི་སྒོ་མ་བཀག་སྟེ་གཟུགས་སྣང་སྟོང་དབྱེར་མེད་དུ་གསལ་བ་ལ་སོགས་པའོ། །བྱིང་རྨུགས་ཀྱི་འཐིབས་པ་དང་བྲལ་བས་གསལ་ཅེས་པ། རྟོགས་པའི་དོན་ལ་བྱིང་རྨུགས་འཐིབས་པའི་སྐྱོན་དང་བྲལ་བས་གསལ་ལོ། །བག་ཆགས་ཀྱི་ཁུ་རླུང་གིས་མ་རྙོགས་པས་གསལ་ཅེས་པ་ལས་དགེ་མི་དགེའི་བག་ཆགས་ཀྱི་ཁུ་རླུང་གིས་རྟོགས་པའི་ཡེ་ཤེས་མ་རྙོགས་པས་གསལ་ལོ། །རྟོག་པའི་རྡུལ་གྱིས་མ་དཀྲུགས་པས་གསལ་ལོ་ཞེས་པ། རྟོག་པ་འཕྲ་རགས་ཀྱི་རྡུལ་གྱི་རྟོགས་པའི་ཡེ་ཤེས་མ་དཀྲུགས་པས་གསལ་ལོ། །མི་རྟོག་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །ཐུན་མོང་ལ་དྲུག་སྟེ། ངོ་བོ་ཉིད་ཀྱིས་མི་རྟོག་པ་ཞེས་པ་རྡོ་ཤིང་ལ་སོགས་པ་ལྟ་བུའོ། །ཕྱིན་ཅི་མ་ལོག་པའི་མི་རྟོག་པ་ཞེས་པ་ཉན་ཐོས་ཀྱི་བདག་མེད་བསྒོམ་པ་སྟེ། སྐྱེ་བོ་དང་མུ་སྟེགས་ལས་ལྟོས་ནས་ཕྱིན་ཅི་མ་ལོག་པའོ། །སྤྲོས་པ་མེད་པའི་མི་རྟོག་པ་ཞེས་པ་དབུ་མ་སེམས་ཉིད་སྤྲོས་བྲལ་ལོ། །དྲན་བྱེད་ཀྱི་རྒྱ་དང་བྲལ་བའི་མི་རྟོག་པ་ཞེས་པ་ནི་ར་རོ་བའམ་བརྒྱལ་བ་ལྟ་བུའོ། །ཐ་སྙད་མེད་པའི་མི་རྟོག་པ་ཞེས་པ་བུ་ཆུང་ལྟ་བུའོ། །ཉེ་བར་ཞི་བའི་མི་རྟོག་པ་ཞེས་པ་གཉིད་ལོག་པས་ཚོགས་དྲུག་འགགས་པའོ། །དེ་རྣམས་ནི་ཐུན་མོང་གི་མི་རྟོག་པ་ཡིན་ཏེ་ལྟ་བསྒོམ་ཉམས་སུ་མྱོང་བའི་རྟགས་མ་ཡིན་ནོ། །ཁྱད་པར་ནི་རང་བཞིན་གྱི་མི་རྟོག་པ་ཞེས་པ་སེམས་ཉིད་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་མི་རྟོག་པའོ། །ཡེ་ཤེས་ཀྱི་མི་རྟོག་པ་ཞེས་ཡེ་ནས་གནས་པའི་དོན་ངོ་སྤྲོད་ཉམས་སུ་བླངས་པས་ངོ་ཤེས་ཤིང་ཉམས་སུ་མྱོང་བའོ། །དེའི་རྒྱུ་མཚན་ནི་ལྟ་ཞིང་སྤྱོད་པ་མེད་པས་མི་རྟོག་ཅེས་པ་བློ་ཡུལ་དུ་བྱས་ནས་པ་མེད་པས་མི་རྟོག ། ཐ་སྙད་ཀྱི་སྒྲ་དང་བྲལ་བས་མི་རྟོག་ཅེས་པ་ཐ་སྙད་ཀྱི་སེམས་ཉིད་བརྗོད་དུ་མེད་པའི་དོན་རྟོགས་ནས་སྒྲ་དང་བྲལ་བ་མི་རྟོག །གཟུང་འཛིན་གྱི་ཆར་མ་ལྷུང་བས་མི་རྟོག །ཅེས་པ་གཟུང་བའི་ཡུལ་རང་རྒྱུད་པ་དང་འཛིན་པའི་སེམས་རང་རྒྱུད་པའི་ཆར་མ་ལྷུང་བས་མི་རྟོག །བྱུང་ཚོར་གྱི་རྗེས་སུ་མ་འབྲེངས་པས་མི་རྟོག་ཅེས་པ་རྣམ་རྟོག་བྱུང་ཚོར་གྱི་རྗེས་སུ་ལམ་པའི་ཤེས་པས་མ་འབྲངས་པས་མི་རྟོག་གོ། །མི་གཡོ་བ་ལ་གསུམ་ལས། ལྟ་བའི་མི་གཡོ་ཞེས་པ་ལྟ་བ་གཟའ་གཏད་ཀྱི་ཕྱོགས་སུ་མི་གཡོ་སྟེ། ཨ་སྐྱེ་མེད་དུ་རྟོགས་པས་སྣང་བ་ཕྱོགས་གཅིག་ལ་གཟའ་ཞིང་གཏད་དུ་མེད། ཏི་འགགས་མེད་དུ་རྟོགས་པས་སྟོང་པ་ཕྱོགས་གཅིག་ལ་གཟའ་ཞིང་གཏད་དུ་མེད། ཡོ་ག་གཉིས་མེད་དུ་རྟོགས་པས་གཉིས་སྣང་ལ་གཟའ་ཞིང་གཏད་དུ་མེད། རང་གྲོལ་དུ་རྟོགས་པས་ཡུལ་ཡུལ་ཅན་ལ་གཟའ་ཞིང་གཏད་དུ་མེད་དོ། །བསྒོམ་པ་མི་གཡོ་ཞེས་པ་དམིགས་གཏད་ཀྱི་ཕྱོགས་སུ་མི་གཡོ་སྟེ། དེ་ཡང་ཨ་ཏི་ཡུལ་མེད་རྩེ་ཅིག་ཏུ་གནས་པ་ལ། སེམས་ཙམ་པ་ལྟར་སྣང་བའམ་གསལ་བ་ཕྱོགས་གཅིག་ཏུའང་མི་གཡོ། དབུ་མ་པ་ལྟར་སྟོང་པའམ་སྐྱེ་མེད་ཕྱོགས་གཅིག་ཏུ་ཡང་མི་གཡོ་སྟེ་དམིགས་གཏད་ཐམས་ཅད་དང་བྲལ་བའོ། །སྤྱོད་པ་མི་གཡོ་ཞེས་པ་སྤྱོད་པ་བླང་དོར་གྱི་ཕྱོགས་སུ་མི་གཡོ་སྟེ། ལྟ་བསྒོམ་དང་མ་བྲལ་བའི་ཤུགས་ལས་བྱུང་བ་སྤྱོད་པ་བཟང་ངན་བླང་དོར་དང་བྲལ་བའོ། །ད་ནི་ཐུན་མོང་མ་ཡིན་པའི་ཉམས་ཞེས་པ་བཅྭ་བརྒྱད་དེ། ཤིན་ཏུ་སྦྱངས་པས་ལུས་སེམས་ཁྱབ་ཅེས་པ། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། སེམས་ཤིན་ཏུ་བདེ་བའོ། །བྱས་དང་མ་བྱས་གཉིས་ཀ་འོང་ཞེས་པས་བསྒོམ་པ་བྱས་ཙ་ན་དང་མ་བྱས་པ་གཉིས་ཀ་ལ་འོང་བའོ། །དུས་ནི་ཕལ་ཆེར་ཀུན་ཏུ་འོང་ཞེས་པ་སྔ་དྲོ་བད་ཀན་གྱི་དུས་དང་། ཕྱི་དྲོ་རླུང་གི་དུས་དང་། ཉིན་ཕྱེད་ཁྲག་དང་མཁྲིས་པའི་དུས་ཐད་དུ་འོང་བའོ། །སྤྱོད་ལམ་བཞི་དང་མཚུངས་པར་ལྡན། ཅེས་པ། འགྲོ་བ། འདུག་པ། ཉལ་བ། ཟ་བའི་དུས་སུ་ཡང་བསྒོམ་དང་མཚུངས་པར་ལྡན་ནོ། །མིག་ནི་དང་བཙུམས་གཉིས་ཀར་བདེ་ཞེས་པ་བསྒོམ་པ་ཀློང་དུ་གྱུར་པས་མིག་ཕྱེ་ཡང་བདེ། བཙུམས་ཀྱང་བདེའོ། །ལེགས་ཉེན་སྐྱོན་གྱིས་ཆེར་མི་གཡོ་ཞེས་པ་ཉོན་མོངས་ཆགས་སྡང་གི་སྐྱོན་གྱིས་བསྒོམ་པ་ལ་མི་གནོད་པའོ། །ཐ་མལ་རྟོགས་པ་ཐམས་ཅད་ནུབ་ཅེས་པ་གཟུགས་ལ་སོགས་པ་ཅི་མཐོང་ཡང་ཉེས་ལེགས་ཀྱི་རྟོག་པ་ཐམས་ཅད་ནུབ། དེ་ལ་སོགས་ཏེ་ཐ་མལ་གྱི་སྤྱོད་པ་ཐམས་ཅད་ནུབ། ཐ་མལ་སྒྲ་ཆེན་གནོད་མི་འགྱུར། ཞེས་པ་སྒྲ་ཅི་གྲགས་ཀྱང་བསྒོམ་པ་ལ་མི་གནོད། ཚིག་གི་ཐ་སྙད་ཀུན་དང་བྲལ་ཅེས་པ་ཅི་སྨྲ་ཡང་ལེགས་ཉེས་དང་བྲལ་བའོ། །དམ་ཆོས་གང་མཐོང་བདུད་རྩིར་ལྟ་ཞེས་པ། གང་བལྟས་བལྟས་ཀྱི་དོན་གོ་སྟེ་ཆོས་ཚུལ་ལ་སྨྲ་བའོ། །འགྲོ་བ་གང་མཐོང་སྙིང་རྗེ་སྐྱེ་ཞེས་པ་མ་རྟོགས་པའི་སེམས་ཅན་འཁྲུལ་པ་སྤྱོད་པ་ཐམས་ཅད་ལ་སྙིང་རྗེ་སྐྱེ། ལམ་ལ་གང་གནོད་བདུད་དུ་བལྟ་ཞེས་པ་ལམ་ཉམས་སུ་ལེན་པ་ལ་གནོད་ན་ཆོས་དང་རུ་ཡང་བདུད་དུ་བལྟ། དངོས་པོ་གང་མཐོང་ཞེན་ལ་ལོག་ཅེས་པ་འདོད་ཡོན་གྱི་དངོས་པོ་གང་མཐོང་ཡང་ཐ་མལ་གྱི་ཞེན་པ་རང་ཁ་མ་ལོག །མཚན་མའི་ཆོས་སྤྱོད་ཞེན་དང་བྲལ་ཅེས་པ་མདོ་དང་སྙིང་པོ་དང་བསྐོར་བ་ལ་སོགས་པ་མེད་ཐབས་མེད་སྙམ་པའི་ཞེན་པ་དང་བྲལ། བག་ཆགས་ངན་པའི་རྨིས་ལྟས་ནུབ་ཅེས་པ་འཇིག་རྟེན་འཁྲུལ་རྟོག་བག་ཆགས་ངན་པའི་རྨིས་ལྟས་ནུབ། གློ་བུར་ནད་ཀྱིས་གནོད་མི་ནུས་ཞེས་འགྲེ་རྟོག་ཞི་བས་ན་ཚ་གློ་བུར་བའི་གནོད་པ་མི་འབྱུང་འབྲས་བུ་མངོན་ཤེས་རེ་སྒུགས་བྲལ་ཅེས་པས་རང་སེམས་སངས་རྒྱས་སུ་རྟོགས་པས་འབྲས་བུ་ཐོབ་ལ་ལ་རེ་བ་དང་། ལམ་གྱི་དྲོད་རྟགས་དང་མངོན་ཤེས་ལ་སོགས་པ་འོང་དུ་རེ་ནས་སྒུགས་པ་དང་བྲལ་ལོ། །བཅྭ་བརྒྱད་ལྡན་པའི་གང་ཟག་ནི་ཞེས་པ་ལས་འཕྲོ་དང་སྐལ་བར་ལྡན་པ། མན་ངག་ཟབ་མོ་ཡོད་པ། རྣལ་འབྱོར་ཚད་དུ་ཕྱིན་པའི་ཉམས་རྟགས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་མདོར་བསྡུ་ན་བཅྭ་བརྒྱད་པོ་དེ་དང་ལྡན་པ་ནི། རྒྱལ་སྲས་དང་པོའི་མཆོག་ཡིན་ནོ་ཞེས་པ་རྒྱལ་བ་ནི་སངས་རྒྱས། དེའི་སྲས་བྱང་ཆུབ་སེམས་དཔའ། དང་པོ་ནི་ས་དང་པོ་ཡིན་ཏེ། མཆོག་ཅེས་པ་ས་དང་པོ་བས་ཀྱང་ཉམས་བཅྭ་བརྒྱད་པོ་འདི་སྐྱེས་པ་མཆོག་ཡིན་ནོ། །ཉམས་དང་སྦྱར་ཏེ་ཞེས་པས། ཐུན་མོང་གི་ཉམས་ལས་ཁྱད་པར་གྱི་ཉམས་མ་བྱུང་ན་ཕྱིར་བཅོས་པར་འཐད་དམ་སྙམ་སྟེ་བླ་མ་མི་གསུང་། ཉམས་དེ་རྣམས་མ་བྱུང་ན་ཕྱིར་བཅོས་ཏེ། ཚོགས་གནས་བསྐྱར། ཟས་བདུན་བསྟེན། ཉེས་པ་སྤང་། ཤེས་པ་ཐང་གཅད་དོ། །ཡང་བྱིང་ན་གསེང་རྒོད་ན་འཐོར་བ་བསྡུ། ཡང་སྐྱོན་ཅི་འབྱུང་ཡང་། ཨ་སྐྱེ་མེད། ཏི་འགགས་མེད། ཡོ་ག་གཉིས་མེད་དུ་ཤེས་པར་བྱ་སྟེ་བློ་རབ་ཀྱི་བཅོས་ཐབས་སོ། །དམ་པའི་ཕྱག་ཆ་ན། གང་ཟག་ལ་བསྒོམ་མ་འཕྲོད་པའི་སྐྱོན་འཕྲོད་པའི་ཡོན་ཏན་གྱིས་བཅོས། བག་ཆགས་མ་ཟིན་པའི་སྐྱོན་དེའི་ཡོན་ཏན་གྱིས་བཅོས། སེམས་མ་གནས་པའི་སྐྱོན་གནས་པའི་ཡོན་ཏན་གྱིས་བཅོས་སོ། །བྱིང་རྒོད་བཅོས་པ། ངོ་བོ་དང་། རྒྱུ་དང་། རྐྱེན་ལ་སོགས་བཅོས་ཐབས་མང་དུ་གདའ་སྟེ་བླ་མ་མི་གསུང་ངོ་། །བདུན་པ་བསྒོམ་པ་རབ་འབྲིང་གསུམ་མམ་དགུའི་སྒོ་ནས་སེམས་གནས་པའི་ཚེ་ད་བསྟན་པ་ནི། དབུགས་དང་ཞེས་པ་གསུམ་སྟེ། སེམས་གནས་པ་རབ་ལ་རྒྱུ་བ་མི་ཚོར། འབྲིང་ལ་བརྟགས་ན་ཚོར། ཐ་མ་ཚོར་བའོ། །ལུས་དང་ཞེས་པ་གསུམ་སྟེ། གནས་པ་རབ་ལ་ལུས་ཀྱི་སྣང་བ་མི་འཆར། འབྲིང་བརྟགས་ན་འཆར། ཐ་མ་ལ་མ་བརྟགས་ཀྱང་འཆར་རོ། །སྒྲ་དང་ནི་ཞེས་པ་གསུམ་སྟེ། གནས་པ་རབ་སྒྲ་ཅི་གྲགས་ཀྱང་མི་གནོད། འབྲིང་ཐོས་ཀྱང་ཞེན་པ་མི་འཇུག །ཐ་མ་གྲག་ཀྱང་མི་གནོད་དོ། །ཁམས་དང་ཞེས་པ་གསུམ་སྟེ། རབ་བཟང་དུ་འགྲོ། འབྲིང་པོ་ཐུབ། ཐ་མ་ངན་དུ་འགྲོ། ཤིན་ཏུ་སྦྱང་པ་དང་ཞེས་པ་འཇམ་རྩུབ་གཉིས་ཏེ། འཇམ་པ་ནི་ལུས་འོ་མ་བཏབ་པ་ལྟ་བུ་དང་། སྦྲའི་ཕྱི་ལོགས་ནས་ཉི་མ་ཤར་བ་ལྟ་བུའོ། །ཤེས་པ་དགའ་ཞིང་བདེ་འབོལ་ལེ་གནས་པའོ། །རྩུབ་པ་ནི་སེམས་གནས་པས་ལུས་འདར་བ་དང་། སྤྲུག་པ་དང་། ཤེས་པ་མི་རྟོག་པ་ལྷངས་ལྷངས་པ་སྐྱེའོ། །གནས་པ་རབ་ལ་ལུས་སེམས་ལ་ཆེར་ཕེབས་པ་དང་། འབྲིང་ལ་འབྲིང་དུ་ཕེབས། ཐ་མ་ལ་ཆུང་ངུ་ཕེབས་པའོ། །ཡུན་དང་ཞེས་པ་གསུམ་སྟེ། གནས་པ་རབ་ཀྱིས་ཐུན་ཚད་སྐྱོལ། འབྲིང་གིས་ཆུ་ཚད་སྐྱོལ། ཐ་མས་དབྱུག་ཚོད་སྐྱོལ་ལོ། །ཡང་ན་རབ་གོམ་པ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུའོ། །རྗེས་ཀྱི་ཤེས་པ་དང་ཞེས་པ་མཉམ་གཞག་བཏངབའི་རྗེས་ཐོབ་ཡིན་ཏེ་གསུམ། རབ་བཟང་དུ་འགྲོ། འབྲིང་ཁྱད་མེད། ཐ་མ་ངན་དུ་འགྲོ། སྤྱོད་ལམ་ཞེས་པ་གསུམ་སྟེ། གནས་པ་རབ་ཀྱིས་སྤྱོད་ལམ་བཞི་ཀ་ལ་ཆེར་ཁྱབ། འབྲིང་འབྲིང་དུ་ཁྱབ། ཐ་མ་ཆུང་ངུ་ཁྱབ་པའོ། །ཡང་ན་རབ་ཀྱི་བཞི་ཀ་ལ་ཁྱབ། འབྲིང་གིས་གཉིས་གསུམ་ཁྱབ། ཐ་མས་གཅིག་ལ་ཁྱབ་པའོ། །ཉོན་མོངས་འགྲིབ་མི་འགྲིབ་ཅེས་པ་གསུམ་སྟེ། རབ་ཉོན་མོངས་པ་ཟིལ་གྱིས་གནོན། འབྲིང་འབུར་འཇོམས། ཐ་མ་རྗེས་སྙེག་གོ། །ཡང་ན་རབ་ཉོན་མོངས་པ་ལྔ་ཀ་འགྲིབ། འབྲིང་འགའ་འགྲིབ། ཐ་མ་རྒྱུན་ཐུང་བའོ། །མཚན་ཉིད་བཞིའམ་བཅུ་ཡིས་ནི་ཞེས་པ་ལ། བཞི་ནི་བདེ་བ། གསལ་བ། མི་རྟོག་པ། མི་གཡོ་བའོ། །བཅུ་ནི་སྦྱངས་པ་འཇམ་རྩུབ་གཉིས་རེ་རེར་ཕྱེ་བའོ། །ཡང་ན་བཞི་ནི། དབུགས་དང་ལུས་དང་སྒྲ་གཅིག །ཁམས་དང་ཤིན་ཏུ་སྦྱངས་པ་དང་གཉིས། ཡུན་དང་རྗེས་ཀྱི་ཤེས་དང་པ་གསུམ། སྤྱོད་ལམ་ཉོན་མོངས་འགྲིབ་མི་འགྲིབ་མི་འགྲིབ་དང་བཞིའོ། །བཅུ་འགྲེ། རབ་འབྲིང་དགུའམ་གསུམ་དུ་བསྟན་ཅེས་པ་དབུགས་ལ་སོགས་པ་རེ་རེ་ལ་རབ་འབྲིང་དགུ་དགུར་དབྱེ་སྟེ། རབ་ཀྱི་རབ། རབ་ཀྱི་འབྲིང་། རབ་ཀྱི་ཐ་མའོ། །འབྲིང་གི་རབ། འབྲིང་གི་འབྲིང་། འབྲིང་གི་ཐ་མའོ། །ཐ་མའི་རབ། ཐ་མའི་འབྲིང་། ཐ་མའི་ཐ་མའོ། །ལུས་ལ་སོགས་པ་གཞན་ལ་དེ་ལྟར་སྦྱར། ཡང་དམ་པ་སེ་བྲག་པ་ནི། དགུ་པོ་རབ་འབྲིང་གསུམ་དུ་གཏན་དུ་བཞེད་དོ། །དེས་ནི་སེམས་གནས་པ་ཆེ་ཆུང་གི་ཚད་བསྟན་ནོ། །བརྒྱད་པ་ཉེས་པ་དྲུག་གམ་བརྒྱད་སྤང་ཞིང་བསྟན་པའི་ཆོ་ག་གཞུང་བཞིན་དུ་བྱ་བའོ་ཞེས་པ་ལ་གཉིས་ཏེ། ཉེས་པ་སྤང་བ་དང་། བསྟན་པའི་ཆོ་ག་བྱ་བའོ། །དང་པོ་ལ་བརྒྱད་དམ་དྲུག་སྟེ། དངོས་པོ་མ་ཤེས་པའི་ཉེས་པ་དང་ཞེས་པ་ལྟ་བ་མ་རྟོགས་ཏེ། ཨའི་ངོས་ནས་སྐྱེ་མེད་དུ་མ་ཤེས། ཏིའི་ངོས་ནས་འགག་མེད་དུ་མ་ཤེས། ཡོ་གའི་ངོས་ནས་གཉིས་མེད་དུ་མ་ཤེས་པ་ནི་བསྒོམ་པའི་ཉེས་པའོ། །མཚན་ཉིད་མ་ཤེས་པའི་དང་ཞེས་ཆོས་སྤྱད་དེ་ད་རང་གི་མཚན་ཉིད་མཉམ་ཉིད་དུ་མ་ཤེས་པའོ། །དེ་ཡང་སྤྱིའི་མཚན་ཉིད་ཨ་སྐྱེ་མེད་སྟོང་མཉམ། རང་གི་མཚན་ཉིད་ཏི་འགག་མེད་སྣང་མཉམ། ཡོ་ག་སྣང་སྟོང་ངོས་མཉམ་གྱི་དབྱེར་མེད་དོ། །རྟུག་ཏུ་བྱེད་ན་དེ་གཉིས་བ ལྡོག་པ་གཅིག་པས་གཅིག་ཏུ་བགྲང་ངོ་། །དུས་ཚོད་མི་ཤེས་པའི་དང་ཞེས་པ་བསྒོམ་པ་འོང་དུས་སུ་མ་བསྒོམས་མི་འོང་བའི་དུས་བསྒོམ་པའོ། །ཁམས་ཀྱིས་ནུས་པ་དང་སྦྱོར་མ་ཤེས་པའི་དང་ཞེས་པ་ནི་ཁམས་བཟང་དུས་སྒོམ་ན་དུས་སུ་མི་བསྒོམ་པ་ཡིན་པ་ལ། དེ་ལྟར་མ་ཤེས་ཁམས་ངན་དུས་སུ་བསྒོམ་པས་ཁམས་ལོག་ནས་བསྒོམ་པ་རྐང་ཆད་པའོ། །ཆོག་མ་ཤེས་པའི་དང་ཞེས་བསྒོམ་པ་བཟང་པོར་ཡོད་པ་ལ། དེ་བས་ཀྱང་བཟང་པོ་འདོད་ནས་བསྒོམ་པས་ཁམས་ལོག་པའམ། ཉམས་བཟང་པོ་ཡོད་པ་ལ་དེ་བས་ཀྱང་བཟང་བ་འདོད་ནས་བསྒོམས་པས་ཁམས་ལོག་པའམ། གདམ་ངག་ཟབ་མོ་སྔ་ནས་ཡོད་པ་གཞག་ནས་ཕྱི་མ་ཚོལ་བའོ། །གཟེངས་སྟོད་གྲགས་པའི་དང་ཞེས་པ་སྤྱིར་སློབ་དཔོན་དགེ་བས་བསྒོམ་གདབ་བྱ་བ་ཡིན་པ་ལ། དེ་མ་བྱས་པར་ཁྱོད་ལ་བསྒོམ་འོང་བར་འདུག་བྱས་པས། ང་ལ་བསྒོམ་འོང་བར་འདུག་སྙམ་ནས་གནས་པ་བཞག་ནས་སེམས་གཟེངས་བསྟོད་པའོ། །གཞུང་ལྟར་བྱས་པའི་ཁྲིད་ཀྱི་དུས་སུ་སྔར་གྱི་ལུས་ངག་གི་དགེ་སྦྱོར་གཞུང་ལྟར་བྱས་ནས་བསམ་གཏན་མ་བྱས་པའོ། །གཞུང་ལྟར་མ་བྱས་པའི་ཉེས་པའོ་ཞེས་པ་ནི། རུས་གསུངས་པ་ལྟར་མ་བྱས་པས་སེམས་གནས་སུ་མ་གཏུབ་པའོ། །དྲུག་ཏུ་བྱེད་ན་དེ་གཉིས་བཟློག་པ་གཅིག་པས་གཅིག་ཏུ་བསྒང་ངོ་། །དེ་ལྟར་བསྒོམ་བྱེད་པའི་ཉེས་པ་དྲུག་གམ་བརྒྱད་པོ་དེ་སྤང་དགོས་སོ། །བསྟན་པའི་ཆོ་ག་གཞུང་བཞིན་དུ་བྱ་བའོ་ཞེས་པ་ནི། ཚོགས་གནས་དང་ཟས་བདུན་བསྟེན་པས་སྨིན་པའི་རྟགས་བྱུང་ནས་ཐུན་ལ་འཇུག་སྟེ། དང་པོ་ལ་ཐུན་གཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག །བདུན་པ་ལ་བདུན། བརྒྱད་པ་ལ་བརྒྱད། དགུ་པ་ལ་དགུ། ཉི་མ་བཅུ་པ་ལ་ཐུན་བཅུ་བྱས་ལ། ཉི་མ་གཅིག་ངལ་བསོ། ཡང་ཉི་མ་དང་པོ་ལ་ཐུན་བཅུ། གཉིས་པ་ལ་དགུ། གསུམ་པ་ལ་བརྒྱད། བཞི་པ་ལ་བདུན། ལྔ་པ་ལ་དྲུག །དྲུག་པ་ལ་ལྔ། བདུན་པ་བཞི། བརྒྱད་པ་ལ་གསུམ། དགུ་པ་ལ་གཉིས། བཅུ་པ་ལ་གཅིག །ཐུན་གྲངས་མང་ཉུངས་ཀྱི་ཉུང་བའི་དོད་པ་ཆེར་བཏང་ལ། ཕྱི་མ་ཐུན་གཅིག་དུ་ཕྱམ་ཚེར་བཏང་ལ་སྤྱོད་ལམ་ལ་བརྒལ་ལོ། །མ་ཁེལ་ན་བརྟན་པ་ལ་ནན་ཏན་བསྐྱེད་དོ། །རྒྱས་པར་ཁྲིད་དུ་ཤེས་སོ། །ད་ནི་དེ་ལྟར་སེམས་གནས་ཀྱང་རྣལ་འབྱོར་པ་དེ་དྲོད་ཚད་ཀྱིས་མ་ཟིན་ན་ཕན་མེད་པས་དེ་དྲོད་ཚད་ཀྱིས་བཟུང་བར་བྱ་བའི་ཐབས་ཀྱི་རིམ་པའི་མན་ངག་དང་ཞེས་པས་བདུན་ཏེ། རྟེན་གྱི་དྲོད་ཚད་དང་། ཐུན་གྱི་དང་། བཟང་ངན་གྱི་དང་། བཅོས་ཐབས་ཀྱི་དང་། ཉམས་ཀྱི་དང་། བོགས་དབྱུང་བའི་དང་། རྟགས་ཀྱི་དྲོད་ཚད་དོ། །དང་པོ་རྟེན་གྱི་དྲོད་ཚད་ནི། རྟེན་རྒྱས་པ་དང་། རྒུད་པ་དང་། སོ་ཐུབ་པ་དང་། ཤིན་ཏུ་རྒུད་པའོ། །རྟེན་རྒྱས་པ་ནི་ཁ་ཟས་དང་སྤྱོད་ལམ་གྱི་ཆ་སྙོམས་པས་རྩ་དར། རྩ་དར་བས་རླུང་དར། རླུང་དར་བས་ལུས་ཀྱི་རྟེན་ཐིག་ལེ་རྒྱས་ཏེ་བསྒོམ་པ་བཟང་དུ་འོང་། རྟེན་སོ་ཐུབ་པའི་དུས་སུ་ཁམས་སོ་ཐུབ་པར་འོང་པས་བསྒོམ་པ་ཡང་སོ་ཐུབ་ཏུ་འོང་ངོ་། །རྟེན་རྒུད་པ་ནི་ཁ་ཟས་དང་སྤྱོད་ལམ་མ་སྙོམས་པས་འབྱུང་བ་ཆ་འཁྲུགས་ཏེ་རྟེན་རྒུད། རྟེན་རྒྱུད་པས་རླུང་རྒུད། ལུང་རྒུད་པས་རྟེན་ཐིག་ལེ་ཉམས་ཏེ་བསྒོམས་ཀྱང་ངན་དུ་འགྲོའོ། །རྟེན་ཤིན་ཏུ་རྒུད་པའི་དུས་སུ་མགོ་ལུས་བགས་ཀྱིས་ལྕི་བ་ལ་སོགས་པ་མི་འདོད་པའི་རྟགས་འབྱུང་ངོ་། །ཐུན་གྱི་དྲོད་ཚད་ནི། དབུགས་ཁུག་པ་བཅྭ་བརྒྱད་ཀྱིས་གཞི་གཟུང་ལ་ཡར་གྱིས་འཕེལ་བཅུ་དང་མར་གྱི་འགྲིབ་བཅུ་་བྱ་སྟེ། རྟེན་རྒྱས་པའི་དབང་དུ་བྱས་པའོ། །རྟེན་ཐ་མལ་པ་ལ་བསྒོམ་སྐྱེ་འབྲི་མི་བྱ་བར་ཐང་གཅིག་ཏུ་གཞག་གོ། །རྟེན་རྒུད་པའི་དུས་སུ་བསྒོམ་པའི་ཐུན་ཆུང་དུ་བཏང་ངོ་། །ཐུན་གྲངས་ཀྱང་ཉུང་དུ་བྱའོ། །རྟེན་ཤིན་ཏུ་རྒུད་པའི་དུས་སུ་ཐུན་ཚད་བཟུང་དུ་མེད་དོ། །བསྒོམ་ཤོལ་ལ་ཟས་བདུན་བརྟེན་ཏེ་ཁམས་གསོ་བ་བྱའོ། །བཟང་ངན་གྱི་དྲོད་ཚད་ནི། ལྟ་བ་དང་མཐུན་ཤས་ཆེ་ཞིང་དེའི་ངང་ལ་གནས་པ་ནི་བསྒོམ་པ་བཟང་བའོ། །ལྟ་བ་དང་མཐུན་ཤས་ཆུང་ན་ཞི་གནས་མཐུག་པོ་འདུག་ཀྱང་བསྒོམ་པ་ངན་ཏེ། ཧད་པོ་བོགས་མེད་བསྒོམ་པའི་བདུད་ཅེས་སོ། །ཡང་ན་བསྒོམ་པ་རབ་འབྲིང་དགུའམ་གསུམ་དང་ཡང་བསྟུན་ནོ། །བཅོས་ཐབས་ཀྱི་དྲོད་ཚད་ནི། ལྟ་བས་བཅོས་པ་དང་། སྤྱོད་པས་བཅོས་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བཅོས་པ་དང་། བྱེ་བྲག་ཏུ་བཅོས་པའོ། །སྤྱིར་བཅོས་པ་ནི་བསྒོམ་པའི་སྐྱོན་བྱིང་རྒོད་ཡིན་པས། ཨ་སྐྱེ་མེད་ལ་བྱིང་རྒོད་མ་སྐྱེས་ཏེ་ངོས་བཟུང་དང་བྲལ། ཏི་འགག་མེད་ལ་བྱིང་རྒོད་དུ་མ་འགགས་ཏེ་སེམས་ཉིད་རང་སྣང་། ཡོ་ག་ལ་བྱིང་རྒོད་ཀྱི་སྣང་པ་མ་བཀག་ལ་མཐས་མེ་རག་གཉིས་མེད་རང་སར་གྲོལ་ལོ། །བྱེ་བྲག་ཏུ་བཅོས་པ་ནི། བྱིང་པ་ཨ་སྐྱེ་མེད་དུ་བཅོས་ཏེ། བྱིང་པ་དེ་ཉིད་ངོས་ཆོས་ཉིད་སྐྱེ་མེད་ཀྱི་ངང་དུ་འདུག་པས་དེ་ལྟར་ཤེས་དགོས། རྒོད་པ་ཏི་འགག་མེད་དུ་བཅོས་ཏེ་རྒོད་པ་སེམས་ཉིད་འཛིན་མེད་ཀྱི་རིགས་པ་རང་སྣང་དུ་འདུག་གོ། །དེ་གཉིས་སུ་མེད་པ་རང་གྲོལ་དུ་བཅོས་སོ། །སྤྱོད་པས་བཅོས་པ་ནི། བྱིང་ན་གཅེར་བུ་དང་ཁྲུས་བྱ། ས་མཐོ་སར་སྡད། རིག་པ་གཡེར་གདོད། ཟས་རྩུབ་པ་བསྟེན་ཅིང་མུན་པ་དཀར་སར་བསྒོམ་མོ། །རྒོད་ན་གོས་དྲོད་བགོན། བསྐུ་མཉེ་བྱ། ཤེས་པ་འཕང་སྨད། ཟས་བཅུད་ཅན་བསྟེན་ལ་མུན་ཁུང་དུ་བསྒོམ། ཉམས་ཀྱི་དྲོད་ཚད་ནི། དང་པོ་གཡོ་བའི་ཉམས་ནི་རི་གཟར་གྱི་ཁ་ནས་ཆུ་འབབ་པ་དང་འདྲ་སྟེ། ཤེས་དམིགས་པ་ལ་གཏད་ཀྱང་དར་ཅིག་ཀྱང་སྡོད་དུ་མི་བཏུབ་སྟེ། རེས་བསྒྲིམས་ཀྱང་མི་སྡོད་པ་ལ། མ་གཞག་ཀྱང་རེ་འགག་སྡོད་པའོ། །ཐོབ་པའི་ཉམས་ནི་རང་གི་ཤེས་པ་ཐང་ན་བཅད་བྱིང་རྒོད་ཀྱི་དབང་དུ་མི་འགྲོའོ། །དེ་ལ་གཏོང་མི་བྲ་བ་དང་ཆོས་ཉིད་ཀྱི་རོ་ཆགས་འབྱུང་ངོ་། །གོམས་པའི་ཉམས་ནི། རང་གི་ཤེས་པ་བཏང་སྙོམས་སུ་གཞག་པས་རྐྱེན་མེད་ན་མི་འཕྲོའོ། །བརྟེན་པའི་ཉམས་ནི་རྐྱེན་དབང་དུ་མི་འགྲོ་སྟེ། རྐྱེན་གྱིས་མི་གནོད་པའོ། །མཐར་ཕྱིན་པའི་ཉམས་ནི་ར་རོ་བ་དང་བརྒྱལ་བ་དང་། གཉིད་མཐུག་པོར་སོང་བའི་དུས་སུ་ཡང་བསྒོམ་འབྱུང་བའོ། །གཞུང་ནས་བཤད་པའི་ཉམས། ཏིང་ངེ་ཆེ་བའི་ཉམས་ལྔ་དང་། ཤེས་རབ་ཤས་ཆེ་བའི་ཉམས་ལྔ་དང་། གཉིས་ཀ་ཤས་ཆེ་བའི་ཉམས་བདུན་དང་། གཉིས་ཀ་ཤས་ཆུང་བའི་ཉམས་བདུན་ནི། སེམས་འཛིན་གྱི་སྐབས་སུ་འབྱུང་བའོ། །གང་ཟག་འཇུག་པའི་ཉམས་ནི་མགོ་ཞབས་སུ་འབྱུང་བའོ། །རྣལ་འབྱོར་སྐྱེ་བའི་ཉམས་ནི་ཐུན་མོང་གི་ཉམས་ཚོ་བསྒོམ་བསྡོ་བའི་དུས་སུ་འབྱུང་ངོ་། །ཐུན་མོང་མ་ཡིན་པའི་ཉམས་ནི། མཐར་ཕྱིན་པའི་དུས་སུ་འབྱུང་ངོ་། །བོགས་དབྱུང་བའི་དྲོད་ཚད་ནི། ལྟ་བས་བོགས་དབྱུང་སྟེ། ལྟ་བས་ལྟ་རུ་མེད་པར་ལ་བཟླ། བསྒོམ་པས་བསྒོམ་དུ་མེད་པར་ལ་བཟླ། སྤྱོད་པས་སྤྱོད་དུ་མེད་པར་ལ་བཟླ་སྟེ། ལྟ་བསྒོམ་གྱི་ཞེན་པ་དགྲོལ་ལོ། །རྒྱས་པར་མ་གྲུབ་པ་ལ་བཟླ་བ་དྲུག་གི་སྐབས་སུ་ཤིས་སོ། །ཡང་ན་བོགས་དབྱུང་བཅུ་གསུམ་དང་བསྟུན་ནོ། །རྟགས་ཀྱི་དྲོད་ཚད་ནི་འདོད་པའི་རྟགས་དང་མི་འདོད་པའི་རྟགས་ཅི་བྱུང་ཡང་དགའ་བྲོད་མི་བྱའོ། །རྒྱས་པར་བདུད་ལེ་ལས་ཤེས་སོ། །དེ་ལྟར་རྣལ་འབྱོར་པ་དེ་དྲོད་ཚོད་ཀྱིས་ཟིན་ཀྱང་བོགས་མ་བྱུང་ན་ཕན་མེད་པས། དེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་བོགས་དབྱུང་བ་ཐབས་ཀྱི་རིམ་པའི་མན་ངག་དང་ཞེས་པ་བཅུ་གསུམ་སྟེ། ཚོགས་ལ་གནས་པས་བོགས་དབྱུང་བ་ཞེས་པ་ལུས་ཚོགས་ལ་གནས་ཏེ་བྱ་བ་སྤང་། ངན་སྲ་བ་བཅད། ཡིད་མནོ་བསམ་ཅི་ཡང་མི་བཏང་བས་བསྒོམ་པ་བོགས་དབྱུང་བའོ། །མཚན་མ་རྟེན་ཅན་སྔོན་དུ་སོང་པས་ཞེས་པ་མཚན་མ་དབྱིབས་ཁ་དོག་དང་། རྟེན་ཅན་རྟེན་པ་ལྟ། དེ་བསྒོམས་ནས་མི་རྟོག་པ་བསྒོམས་ཏེ་བོགས་དབྱུང་བའོ། །བསམ་གཏན་སྤེལ་ཁ་དང་ཞེས་པ་བསམ་གཏན་མཚན་མར་མི་རྟོག་པ་རྒྱུད་ལ་སྤེལ་བས་བོགས་དབྱུང་བའོ། །ཡང་ན་རེས་མཚན་བཅས་རེས་མི་རྟོག་པ་སྤེལ་བས་སོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཞེས་པ་སྤྱི་དང་རང་གི་མཚན་ཉིད་ཤེས་པར་བྱ་སྟེ། སྤྱི་དང་བསྟུན་ན་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པའོ། །རང་གི་མཚན་ཉིད་ས་སྲ་ཞིང་མཁྲེགས་པ། ཆུ་རླན་ཞིང་གཤེར་བ་ལ་སོགས་པའོ། །ཨ་ཏི་ནི་ཆོས་ཉིད་སྐྱེ་བ་མེད་པ་སྤྱིའི་མཚན་ཉིད། འགག་པ་མེད་པ་རང་མཚན་ཉིད། དེ་ལ་རྟོག་སྤྱོད་བཏང་ལ་ཤེས་རབ་ཀྱི་མེ་སྦར་བ་བོགས་དབྱུང་། ཡང་ན་ཟབ་མོའི་དོན་ལ་ཐོས་པར་བྱས་ལའོ། །བསྟི་ཞིང་ངལ་བསོ་བས་དང་ཞེས་པ་འགྲོ་ལས་ལ་སོགས་པས་ལུས་ངག་དུབ་པ་དེ་སྐབས་སུ་ངལ་བསོ་བའོ། །ཡང་ན་སྒོམ་པ་ངལ་བག་རེ་གསོ་ཞིང་བསྒོམས་ན་བོགས་འོང་བསམ་མནོ་དྲག་པོས་དང་ཞེས་པ་ཆོས་ཉིད་ལ་ཐེ་ཚོམ་མེད་ཅིང་བྱིང་རྒོད་སེལ་བའི་བསམ་མནོ་དྲག་པོས་སོ། །ལྟ་རྟོག་དྲག་པོས་དང་ཞེས་པ་མདོ་ལུང་ཟབ་མོའམ་བསྒོམ་ཡིག་ལ་སོགས་པ་བྱའོ། །བསྒྲོལ་གླིང་དྲག་པོས་དང་ཞེས་པ་ཐལ་ཕྱིར་བརྩོད་པ་མིན་པའི་ཉམས་བསྡུར་གྱི་བསྒྲོ་གླིང་ངོ་། །དེ་རྣམས་ཞག་བདུན་བདུན་ཙམ་བྱས་ལ་བོགས་དབྱུང་ངོ་། །ཁ་ཟས་དང་ཞེས་པས་བྱིང་ན་བད་ཀན་ཡོད་པས་རྩུབ་པ་དང་ཡང་པ་བཟའ། སྣུམ་པ་དང་ལྕི་བ་སྤང་། རྒོད་ན་རླུང་ཡོད་པས་ཟས་བཅུད་ཅན་དང་ལྕི་བ་བཟའ། རྩུབ་པ་སྤང་ངོ་། །འཁམས་དང་གང་འཕྲོད་ཟོས་ན་བོགས་འོང་། སྨྲ་བཅད་དྲག་པོ་དང་ཞེས་པས་ངག་མི་སྨྲ་བར་ལྐུགས་པའི་ཚུལ་དུ་བྱས་ན་བོགས་འོང་། ལུས་སྨྲ་བ་བཅད་པ་དང་ཡང་བསྟུན་ལ་བོགས་དབྱུང་ངོ་། །སྤྱོད་ལམ་དང་ཞེས་པ་འགྲོ་བ་ལ་སོགས་པའི་སྤྱོད་ལམ་གང་བྱེད་ཀྱང་ལྟ་བསྒོམ་གྱི་ངང་ལས་མ་ཡེངས་ཏེ་རོ་སྙམས་པས་བོགས་དབྱུང་ངོ་། །བརྟུལ་ཞུགས་དང་ཞེས་པ་གཙང་སྨེ་དང་བཟང་ངན་དང་ངོ་ཚ་བའི་རྟོག་པ་ལ་སོགས་པ་ཐམས་ཅད་སྤངས་ཏེ་ཉམས་ང་བ་མེད་པས་སོ། །མན་ངག་གི་བོགས་དབྱུང་པའོ་ཞེས་པ་ལྟ་བ་ཉམས་སུ་མྱོང་བའི་དོན་དེ་ཡངས་དོག་མེད་པ་ཆེ་ཆུང་མེད་པའི་དོན་རྒྱུན་དུ་དྲན་པས་སམ། ཡང་ན་མན་ངག་སྣ་ཚོགས་ཏེ། རྩ་དང་རླུང་ཐིག་ལེ་དང་ལྟ་བསྒོམ་ལ་སོགས་པ་རྣམ་པ་སྣ་ཚོགས་པས་བོགས་དབྱུང་བའོ། ༈ །ད་ནི་དེ་ལྟར་རྣལ་འབྱོར་པ་དེ་བོགས་བྱུང་ཡང་ལས་ལོག་པར་འགྲོ་བས་གོལ་ས་ཡིན་པས། གོལ་ས་བཅད་པ་ཐབས་ཀྱི་རིམ་པའི་མན་ངག་དང་ཞེས་པས་དེ་ལ་བཞི། རྣམ་གྲངས་ཀྱི་གོལ་ས་དགུ། ལྟ་བའི་གོལ་ས་ཉི་ཤུ་རྩ་བཞི། ཐབས་ཀྱི་གོལ་ས་དྲུག །མཉམ་པ་ཉིད་ཀྱི་གོལ་བསྒྲིབ་སུམ་ཅུའོ། །དང་པོ་རྣམ་གྲངས་ཀྱི་གོལ་ས་དགུ་ནི། ཡིན་པའི་དོན་ལ་མ་ཤོར་བའི་རིག་པ་འཇོག་ན་ལྟ་བའི་གོལ་ས་ཞེས་པ་ཨ་ནུ་སྤྱིའི་གོལ་ས་ཡིན་ཏེ། ཐེག་པའི་ཡང་རྩེར་ཨ་ཏིའི་སྒོར་ཞུགས་ནས་རང་རང་གི་ཆོས་ཉིད་ཇི་ལྟར་ཡིན་པ་མ་ནོར་བའི་དོན་ལ། བློས་མ་ནོར་བར་ཡུལ་དུ་བྱས་ནས་འཇོག་ན་ལྟ་བའི་གོལ་སའོ། །དམ་ཚིག་ཕྱོགས་ཅན་དུ་བསྲུང་ན་དམ་ཚིག་གི་གོལ་ས་ཞེས་པ། ཨ་ཏི་རིས་མེད་ཆེན་པོའི་དམ་ཚིག་འདའ་ཉམས་མེད་པ་ལ། མི་སྤང་བ་དང་དུ་བླང་བ་ལ་སོགས་རིས་ཅན་དུ་བསྲུང་ན་དེའི་གོལ་སའོ། །འཕྲིན་ལས་གཟའ་གཏད་ཅན་དུ་བཙོལ་ན་དེའི་གོ་ས་ཞེས་པ་ཨ་ཏི་འཕྲིན་ལས་བྱ་བརྩལ་དང་བྲལ་བ་ལ་ཞི་རྒྱས་དབང་དྲག་ལ་སོགས་པས། ཞི་བས་གནོད་སྡིག་ཞི་བར་བྱེད་པ་དང་། རྒྱས་པས་བསོད་ནམས་དང་ལོངས་སྤྱོད་རྒྱས་པར་བྱེད་པ་ལ་སོགས་པ་གཟའ་གཏད་ཅན་དུ་རྩོལ་ན་དེའི་གོལ་སའོ། །རྟོགས་པའི་རིག་པ་གྲངས་སུ་བགྲང་བ་ཡེ་ཤེས་ཀྱི་གོལ་ས་ཞེས་པ་ཨ་ཏི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་རྟོགས་པ་ལ། མངོན་སུམ་པའི་ཡེ་ཤེས་ལ་སོགས་པ་གྲངས་སུ་ཕྱེ་སྟེ་བགྲང་། མངོན་སུམ་པའི་ཡེ་ཤེས་ནི། དུས་གསུམ་དུ་མི་རྟོག་པ་བསྒོམ་པས་མཉམ་གཞག་ལ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས། རྗེས་ཐོབ་སྒྱུ་མ་ལྟ་བུར་མཁྱེན་པའོ། །རྗེས་ལ་ཐོབ་པའི་ཡེ་ཤེས་ནི། མཉམ་གཞག་བཏང་ན ས་རྗེས་ཀྱི་ཤེས་པ་ལ་ད་ཅིའི་བསྒོམས་པའི་ངོ་བོ་ལ་རྟོག་དཔྱོད་བྱས་པས་ངང་གིས་གསལ་བའམ་ཤུགས་ཀྱིས་བདེ་བ་འབྱུང་ངོ་། །དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་འཇིག་རྟེན་པའི་སྣང་བ་དག་ནས་སྒྱུ་མའི་དཔེ་བརྒྱད་ལྟར་གཟིགས་པའོ། །རྒྱབ་ལས་སྐྱེས་པའི་ཡེ་ཤེས་ནི་བསྒོམ་པའི་ཐུན་བར་དུ་ཁམས་གསང་བ་སྟེ། དེ་ནས་མི་རྟོག་པ་སྔ་མའི་སེར་བཟང་པོ་དེ་ལ་བསྒོམས་པས་བསྒོམ་པ་བཟང་པོ་ཡེར་གྱིས་འབྱུང་བའོ། །དེ་ལྟར་བཞིར་ཕྱེ་ནས་གྲངས་སུ་བགྲང་ན་དབུ་མའི་ཡེ་ཤེས་སུ་གོལ་ལོ། །རྟོག་པ་ལ་རྒྱབ་ཀྱིས་ཕྱོགས་ལ་མི་རྟོག་པ་མངོན་སུམ་དུ་བྱེད་ན་འཕྲ་བའི་གོལ་ས་ཞེས་པ་ནི་ཉན་ཐོས་སྤྱིའི་གོལ་ས་ཡིན་ཏེ། ཨ་ཏི་རྟོག་པ་མ་སྤངས་པ་རང་སར་གྲོལ་བ་ལ། རྟོག་པ་ལ་ངན་པར་བྱས་ནས་སྤངས་ཆོས་ཉིད་མི་རྟོག་པ་ལ་བཟང་པོར་བྱས་ནས་མངོན་སུམ་དུ་བྱེད་ན་ཆོས་ཉིད་འཕྲ་བའི་གོལ་སའོ། །འོག་ནས་གོང་དུ་རྒྱུ་ལས་འབྲས་བུ་རྩོལ་ན་ཕ་རོལ་དུ་ཕྱིན་པའི་གོལ་ས་ཅེས་པ་ནི། ཨ་ཏི་ས་ལམ་བསྒྲོད་དུ་མེད་དེ་ས་ལམ་ཆིག་ཆོད་རང་སེམས་མཚོན་པ་ལ། ས་དང་ལམ་འོག་ནས་གོང་དུ་རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མར་རྩོལ་ཞིང་བསྒྲུབ་ན་ས་དང་ཕ་རོལ་ཏུ་ཕྱིན་པའི་གོལ་སའོ། །ལྷ་དང་དཀྱིལ་འཁོར་ལ་ཆགས་ན་རྒྱུད་དུ་གོལ་ས་ཞེས་པ་ནི་མ་ཧཱ་སྟེ། ཨ་ཏི་རང་སེམས་ལྷ་དང་དཀྱིལ་འཁོར་དུ་རྟོགས་པ་ལ། རྟེན་པ་ལྷ་དང་། རྟེན་དཀྱིལ་འཁོར་ལ་ཆགས་ནས་རྩོལ་ན་རྒྱུད་མ་ཧཱ་རུ་གོལ་ལོ། །དབྱིངས་དང་ཡེ་ཤེས་ལ་རྟེན་འཆའ་ན་ལུང་དུ་གོལ་ས་ཞེས་པ་ཨ་ཏི་ཡུལ་ཡུལ་མེད་རང་སར་གྲོལ་བ་ལ། དབྱིངས་སྣང་བ་རྩལ་རྫོགས་སུ་ལྷུན་གྱིས་གྲུབ་པ་ཀུན་ཏུ་བཟང་མོའི་རང་བཞིན། ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོའི་རོལ་པ་བློ་ཡུལ་དུ་བྱས་ནས་བློ་རྟེན་འཆའ་ན་ལུང་ཨ་ནུ་རུ་གོལ་ལོ། །ལྟ་བ་གཅད་པའི་དབྱིངས་ལས་ཐལ་དྲགས་ན་མན་ངག་གི་གོལ་སའོ། །ཞེས་པ་ཨ་ཏི་རང་སེམས་ཡེ་ནས་སངས་རྒྱས་པ་དེ་ངོ་ཤེས་པར་བྱེད་པ་ལས། གཞི་ལས་འབྲས་བུ་བཟང་བར་མི་འདོད་པ་ལ། གཞིའི་ངོ་བོ་ལས་འབྲས་བུ་བསྐྱེད་བཏོན་ནས་བཟང་བར་འདོད་ན་མན་ངག་ཨ་ཏིའི་གོལ་སའོ། །ལྟ་བའི་གོལ་ས་ཉི་ཤུ་རྩ་བཞི་ནི། ཡོད་པར་ལྟ་བ་ལ་སོགས་པ་བཅུ་གཉིས་པོ་རེ་རེ་ལ་དེ་ལས་བཟློག་པ་རེ་རེ་དང་གཉིས་གཉིས་སུ་ཕྱེ་བས་ཉེར་བཞི་སྟེ། དེ་ཡང་ཨ་ཏི་ཡོ་གའི་ལྟ་བ་ནི། ཨ་སྐྱེ་མེད་ལ་ཆོས་ཐམས་ཅད་སྟོང་མཉམ། ཏི་འགག་མེད་ལ་ཆོས་ཐམས་ཅད་སྣང་མཉམ། ཡོ་ག་སྣང་སྟོང་ངོས་མཉམ་གྱི་དབྱེར་མེད་ལ། ཡོད་པར་ལྟ་ཞེས་ཡོད་པ་ཕྱོགས་གཅིག་ཏུ་ལྟར་ན་ཡང་ཨ་ཏི་ཕྱོགས་མེད་ལས་གོལ། དེ་ལས་ལོགས་ཏེ་མེད་པ་ཕྱོགས་གཅིག་ཏུ་ལྟ་ན་ཡང་ཨ་ཏི་ཕྱོགས་མེད་ལས་གོལ་ལོ། །དེས་འདྲེ་སྟེ། ཡིན་པར་ལྟ་བ་ཞེས་ཡིན་པར་ལྟ་བ་དང་། མེད་པར་ལྟ་བ། བཟང་བར་ལྟ་བ་ཞེས་པས་བཟང་བར་ལྟ་བ་དང་། ངན་པར་ལྟ་བ། ཡོན་ཏན་དུ་ལྟ་ཞེས་པས་ཡོན་ཏན་དུ་ལྟ་བ་དང་། སྐྱོན་དུ་ལྟ་བ་དང་། གཙང་བར་ལྟ་བ་ཞེས་པས། གཙང་བ་ཕྱོགས་གཅིག་ཏུ་ལྟ་བ་དང་། མི་གཙང་བར་ལྟ་བ། དག་པ་ལྟ་བ་ཞེས་པ་དག་པར་ལྟ་བ་དང་། མ་དག་པར་ལྟ་བ། བདག་ཏུ་ལྟ་བ་ཞེས་པས་བདག་ཏུ་ལྟ་བ་དང་། གཞན་དུ་ལྟ་བ། སངས་རྒྱས་སུ་ལྟ་བ་ཞེས་པས་སངས་རྒྱས་སུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ། འབྲས་བུ་ལྟ་བ་ཞེས་པས་འབྲས་བུ་ལྟ་བ་དང་། རྒྱུར་ལྟ་བ། འདུས་བྱས་སུ་ལྟ་བ་ཞེས་པས་འདུས་བྱས་སུ་ལྟ་བ་དང་། འདུས་མ་བྱས་སུ་ལྟ་བ། ཉོན་མོངས་པར་ལྟ་བ་ཞེས་པས་ཉོན་མོངས་པར་ལྟ་བ་དང་། རྣམ་པར་བྱང་བར་ལྟ་བ། ཀུན་རྫོབ་ཏུ་ལྟ་བའོ་ཞེས་པས་ཀུན་རྫོབ་ཏུ་ལྟ་བ་དང་། དོན་དམ་པ་ཕྱོགས་གཅིག་ཏུ་ལྟ་བའོ། །དེ་ལྟར་ཨ་ཏི་ཡོ་ག་སྐྱེ་འགག་གཉིས་མེད་ཕྱོགས་མེད་མཉམ་པ་ཉིད་དུ་གནས་པ་ལ། ཕྱོགས་འཛིན་གྱི་བློས་ཕྱོགས་རེར་ལྟ་བ་རྣམས་གོལ་སའོ། །ཐབས་ཀྱི་གོལ་ས་དྲུག་ནི་སྤྱིར་ཐབས་ལ་གཉིས་ལ། ཨ་ཏི་གནས་ལུགས་ཐབས་སུ་ཁྱེར་བ་ཡིན་ཏེ། དེ་ལ་འགེགས་ཤིང་སྤོང་བ་དང་ཞེས་པ་ཉོན་མོངས་དུག་ལྔ་ལ་སོགས་མི་མཐུན་ཕྱོགས་འགེགས་ཤིང་སྤོང་ན་ཡང་ཨ་ཏི་གནས་ལུགས་ཐབས་སུ་འཁྱེར་བ་ལས་གོལ་ལོ། །རྩོལ་ཞིང་བསྒྲུབ་པ་དང་ཞེས་པས་རྒྱུ་ལམ་གྱི་སྒོ་ནས་འབྲས་བུ་ཆེད་བྱས་ལུས་ངག་ཡིད་གསུམ་རྩོལ་ཞིང་བསྒྲུབ་ན་ཡང་གོལ་ལོ། །བསྒྲོད་ཅིང་སྤྱོད་པ་དང་ཞེས་པ་ལམ་ལྔ་ལ་རིམ་པར་བསྒྲོད་ཅིང་ས་བཅུ་སྒྲིབ་པ་སྦྱོང་ན་ཡང་གོལ་ལོ། །དབྱེ་གསལ་བླང་དོར་བྱེད་དང་ཞེས་པ། ཨ་ཏི་བཟང་ངན་བླང་དོར་མེད་པ་ལ། སྐྱོན་དང་ཡོན་ཏན་དུ་ཕྱེ་ནས་ཡོན་ཏན་བཟང་པོ་བླང་བྱ། སྐྱོན་དོར་བྱར་བྱེད་པས་གོལ་ལོ། །གཉེན་པོ་རྒྱུ་ལ་བསྟེན་པ་དང་ཞེས་ཨ་ཏི་གཉེན་པོ་མེད་པས་ཆེ་བ་རྟོག་པ་རང་ཡེ་ཤེས་ལ། རྟོག་པ་ལ་གཉེན་པོ་ཆེད་དུ་རྒྱུད་ལ་བསྟེན་ན་ཡང་གོལ་ལོ། །དམིགས་པ་ནང་དུ་བསྡུད་པའོ་ཞེས་པ་ཨ་ཏི་རང་སྣང་རིས་མེད་ལ། བློ་ཡིས་དམིགས་པ་ནང་དུ་བསྡུས་ནས་ཆེད་དུ་འཇོག་ན་ཡང་གནས་ལུགས་ཐབས་སུ་འཁྱེར་བ་ལས་གོལ་བས་ཐབས་ཀྱི་གོལ་པའོ། །མཉམ་པ་ཉིད་ཀྱི་གོལ་བསྒྲིལ་སུམ་ཅུ་ནི། མཉམ་པ་ཉིད་ཀྱི་གོལ་བསྒྲིབ་སུམ་ཅུ་དང་རྒྱུད་ལས་འབྱུང་པ་གང་རྒྱུད་ལས་འབྱུང་བ་གང་ཞེན་ཅེས་པས། ཨ་ཏི་ཡོ་ག་ཆོས་ཐམས་ཅད་མཉམ་པ་ཉིད་ལ། མཉམ་པ་ཉིད་མ་རྟོགས་པས་འོག་མར་གོལ། དེ་མ་མཐོང་བས་བསྒྲིབས། སུམ་ཅུ་ནི་གྲངས་ཏེ། དེ་ལ་ཏིང་ངེའི་བར་དུ་གཅོད་པ་བཅུ་བཞི། ཏིང་ངེ་ལ་སྒྲིབ་པ་བཅུ། ཏིང་ངེའི་སྐྱོན་དྲུག་གོ། །དེ་རྣམས་བཀའ་རྒྱུད་ལས་གསུངས་པའམ། ལམ་གྱི་རྒྱུད་ལ་གསལ་བར་བསྟན་པ་གང་ཞེ་ན་ཞེས་མདོར་བསྟན་ནོ། །རྒྱས་པ་ལ་བར་དུ་གཅོད་པ་བཅུ་བཞི་ནི། ལེ་ལོ་བྱ་བ་མང་པོ་དང་ཞེས་པ་ལེ་ལོ་སྙོམ་ལས་དང་སྦྱོར་བ་སྨོན་པའོ་གཅིག །ལུས་ངག་འཇིག་རྟེན་གྱི་བྱ་བ་མང་བ་དང་གཉིས། རྒོད་པ་དང་ནི་སེམས་གཡེང་དང་བཅས་པས་སྔོན་བརྒོད་བརྒོད་རྩེ་རྩེ་བས་སེམས་ལང་དུ་རེད་ནས་འཕྲོ་བ་དང་གསུམ། །དེ་ལྟར་གྱི་ཡུལ་ཐད་ཀ་མས་སེམས་གཡེངས་པ་དང་བཞི། རྨུགས་དང་འདོད་ཆེན་ཆེ་བ་དང་ཞེས་པ། །སེམས་ཤིན་ཏུ་རྨུགས་ནས་དོན་མི་གསལ་བ་དང་ལྔ། ཟས་ནོར་ལ་འདོད་པ་ཆེ་བ་དང་དྲུག །བརྩོན་འགྲུས་ཆུང་དང་གཉིད་ལ་དགའ་ཞེས་པས་སྒོམ་པ་ལ་བརྩོན་འགྲུས་ཆུང་བ་དང་བདུན། རྟག་ཏུ་གཉིད་ལ་དགའ་བ་དང་བརྒྱད། རེ་བ་མང་དང་དོགས་པ་མང་ཞེས་པས། དྲོད་རྟགས་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་ཐོབ་ལ་རེ་བ་དང་དགུ། དྲོད་རྟགས་ལ་སོགས་མ་ཐོབ་ཀྱིས་དོགས་པ་དང་། འཁོར་བར་ལྷུང་གིས་དོགས་པ་དང་བཅུ། ཁ་དོག་དང་ནི་གློག་དང་འདྲི་ཞེས་པས་བསྒོམ་པ་ཡལ་བར་བཞག་ནས་དག་གི་ཁ་ཏོན་བྱེད་པ་དང་བཅུ་གཅིག་ཏིང་ངེ་ཡལ་བར་བཞག་ནས་གློག་པ་དང་བཅུ་གཉིས། ཏིང་ངེ་ཡལ་བར་བཞག་ནས་ཡི་གེ་འདྲི་བ་དང་བཅུ་གསུམ། ཅ་ཅོ་མང་པོ་སྨྲ་བ་དང་ཅེས་པས་ཏིང་ངེ་ཉམས་སུ་མི་ལེན་པར་འཇིག་རྟེན་གྱི་ཅ་ཅོ་མང་པོ་སྨྲ་བ་དང་བཅུ་བཞིའོ། །བར་དུ་གཅོད་པ་བཅུ་བཞི་ཡིན་ཞེས་པ་མཉམ་པ་ཉིད་ཀྱི་ཏིང་ངེ་མཉམ་སུ་ལེན་པ་ལ་བར་དུ་གཅོད་པའི་གྲངས་མདོར་བསྡུས་ན་བཅུ་བཞིའོ། །ཏིང་ངེའི་སྒྲིབ་བཅུ་ནི། མི་གཡོ་བ་དང་གསལ་བ་དང་ཞེས་པས། འཇིག་རྟེན་བློ་ཡུལ་དུ་བྱས་པའི་ཞི་གནས་ཕྱོགས་གཅིག་པ་བསམ་གཏན་མི་གཡོ་བ་དང་གཅིག །དེའི་ཉམས་གསལ་བ་དང་གཉིས། བདེ་བ་དང་ནི་སེམས་ལ་རྣམ་ཤེས་མང་པོ་སྐྱེ་ཞེས་པས། དེའི་འཇིག་རྟེན་པའི་ཉམས་ལུས་བདེ་བ་དང་གསུམ། སེམས་ལ་འདི་ལྟར་བྱའོ་སྙམ་པའི་རྟོག་པ་མང་པོ་སྐྱེ་བ་དང་བཞི། མངོན་པར་ཤེས་པ་དག་དང་ནི་ཞེས་པས་མངོན་པར་ཤེས་པ་ལྔ་འབྱུང་དུ་རེ་བ་དང་ལྔ། མཚན་མའི་རྫུ་འཕྲུལ་འབྱིན་པ་དང་ཞེས་པ། སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུག་པ་ལ་སོགས་པ་མཚན་མའི་རྫུ་འཕྲུལ་འབྱིན་པར་འདོད་པ་དང་དྲུག །འདི་ལས་ལྷག་པ་མེད་དོ་ཞེས་ཞེས་པས་ཉམས་བག་རེ་ཙམ་སྐྱེས་པ་ལ་འདི་ལ་ལྷག་པ་མེད་དོ་ཞེས་ང་རྒྱལ་སྐྱེ་བ་དང་བདུན། ཆོག་པ་རུ་ནི་འཛིན་པ་དང་ཞེས་པ་གོང་གི་ཉམས་དེས་ཆོག་པར་འཛིན་པ་དང་བརྒྱད། བདག་གི་ལྟ་བ་ངོམ་པ་དང་ཞེས་པ་རང་གི་ལྟ་བ་ལ་ང་རྒྱལ་སྐྱེས་ནས་གཞན་ལ་ངོམ་པ་དང་དགུ། གཞན་གྱི་ལྟ་བ་ཁྱད་དུ་གསོད་ཅེས་པ་གཞན་གྱི་ལྟ་བ་ལ་མི་བདེན་ཟེར་ནས་ཁྱད་དུ་གསོད་ཅིང་སྨྲ་བ་དང་བཅུའོ། །ཏིང་ངེ་འཛིན་གྱི་སྒྲིབ་བཅུ་ཡིན་ཞེས་པས་དེ་རྣམས་ནི་མཉམ་པ་ཉིད་ཀྱི་ཏིང་ངེ་ལ་སྒྲིབ་པའི་གྲངས་མདོར་བསྡུས་ན་བཅུའོ། །ཏིང་ངེའི་སྐྱོན་དྲུག་ནི། གློ་བུར་ཞེ་སྡང་ཆེན་པོ་ལྡན་པ་དང་ཞེས་པས་དུས་གློ་བུར་དུ་རང་གི་རྒྱུད་ལ་སེམས་ཀུན་ནས་འཁྲུགས་པའི་ཞེ་སྡང་ཆེན་པོ་འབྱུང་བ་དང་གཅིག །གློ་བུར་འདོད་ཆགས་ཆེན་པོ་ལྡང་བ་དང་ཞེས་པ་དུས་གློ་བུར་དུ་ཕྱིའི་རྫས་དང་ཡོ་བྱད་དང་། ནང་སེམས་ཅན་འཁྲིག་པ་ལ་འདོད་ཆགས་ཆེན་པོ་ལྡང་བ་གཉིས། ཕྲག་དོག་ང་རྒྱལ་འཁྲུགས་པ་དང་ཞེས་པས། གཞན་གྱི་ཡོན་ཏན་ཕྲག་ཏུ་མི་ཤོང་བའི་ཕྲག་དོག་ཆེན་པོ་འབྱུང་བ་དང་གསུམ། རང་གི་ཡོན་ཏན་ལ་ང་རྒྱལ་ཆེན་པོ་སྐྱེས་ནས་སེམས་ཁེངས་ཤིང་འཁྲུག་པ་དང་བཞི། ཟུག་རྔུ་མུན་པ་འཐིམས་པ་དང་ཞེས་པ་རྣམ་པར་རྟོག་པའི་ཟུག་རྔུ་དང་བཅས་པའི་གཏི་མུག་གི་མུན་པ་ལྟ་བུས་དོན་མི་གསལ་བར་འཐིབས་པ་དང་ལྔ། ལྟ་བ་སྙེམས་དང་འདི་དྲུག་ནི་ཞེས་པས་ང་ལྟ་བ་མཐོ་བས་ཅི་བྱས་ཀྱང་མི་གནོད་སྙམ་ནས་སྡིག་པ་ལ་མི་འཛེམ་པ་དང་དྲུག་པོ་ནི། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྐྱོན་ཡིན་ནོ། །གོལ་ས་བཅད་པ་ནི། གོལ་ས་དེ་རྣམས་ངོས་ཟིན་པས་ཀྱང་ཆོད་དེ་གོལ་སར་མི་འཆོར། ཡང་ན་ལྟ་བ་རང་གིས་བཅད་དེ། གོལ་ས་དེ་རྣམས་ཨ་སྐྱེ་མེད་ལ་གོལ་ས་ངོས་བཟུང་དང་བྲལ་སྟོང་། ཏི་འགག་མེད་ལ་གོལ་ས་རང་སྣང་ལ་རིས་མེད། ཡོ་ག་གཉིས་མེད་ལ་སྣང་སྟོང་ངོས་མཉམ་གྱི་དབྱེར་མེད་དུ་ཤེས་པར་བྱས་ལ་བཅད་ལ། དེའི་ངང་ལ་བཞག་གོ། །ད་ནི་དེ་ལྟར་གོལ་ས་ཆོད་ཀྱང་སྒྲིབ་པ་ངོས་མ་ཟིན་ན་ཕན་མེད་པས། སྒྲིབ་པ་ངོས་བཟུང་བར་བྱ་བའི་ཐབས་ཀྱི་རིམ་པའི་མན་ངག་དང་ཞེས་པས་གསུམ། དང་པོ་ཉན་ཐོས་ཀྱི་གང་ཟག་གིས་བདག་མེད་ཙམ་རྟོགས་པ་དེ་སྒྲིབ་པའོ། །ཞེས་པ་ཉན་ཐོས་ཀྱིས་ཉེར་ལེན་ཕུང་པོ་ལྔ་ལ་ངར་འཛིན་གྱི་རྒྱུན་དང་བྲལ་བའི་གང་ཟག་གི་བདག་མེད་རྟོགས་ཀྱང་དེ་ལ་ཞེན་པས། ཨ་ཏིའི་དོན་མཐོང་དུ་མི་སྟེར་བས་བསྒྲིབ་པའོ། །དབུ་མས་གཉིས་ཀ་མེད་པར་རྟོགས་ཀྱང་སྒྱུ་མ་ཙམ་དུ་ཡང་སྤང་བླང་བྱེད་པ་བསྒྲིབ་པའོ། །ཞེས་པ་དབུ་མ་སེམས་ཙམ་བྱང་ཆུབ་སེམས་དཔའི་ཐེག་པས་གང་ཟག་གི་བདག་ཉེར་ལེན་གྱིས་ཕུང་པོ་ལ་ངར་འཛིན་དང་། ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀ་མེད་པར་རྟོགས་ཀྱང་། སྒྱུ་མ་ཙམ་དུ་ཀུན་རྫོབ་འཁྲུལ་པ་སྤང་བྱ། དོན་དམ་བླང་བྱར་བྱས་ནས་ཞེན་པས། ཨ་ཏིའི་དོན་མཐོང་དུ་མི་སྟེར་བས་བསྒྲིབ་པའོ། །ནང་པས་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་པ་ལ། དབྱིངས་ཡུལ་དུ་བྱས་ནས་ཏིང་ངེ་འཛིན་གྱིས་རྩོལ་བ་བསྒྲིབ་པའོ་ཞེས་པ་གསང་སྔགས་ནང་པས་ཆོས་ཐམས་ཅད་མ་སྐྱེས་ཡིན་པ་ལ་དབྱིངས་ཆོས་ཉིད་སྟོང་པ་ཉིད་ཡུལ་དུ་བྱས་ནས་ཏིང་ངེའི་རྩོལ་བ་བྱེད་པས། དེས་ཨ་ཏིའི་དོན་མཐོང་དུ་མི་སྟེར་བསྒྲིབ་པའོ། །དེ་ལ་སོགས་ཏེ་བཟང་རྟོག་ངན་རྟོག་གང་ལ་ཞེན་ཅིང་འཛིན་པ་གཅིག་འདུག་ཀྱང་། ཨ་ཏི་ཕྱོགས་མེད་རང་འབྱུང་ཡེ་ཤེས་ལ་བསྒྲིབ་པ་ཡིན་པས་དེ་ངོས་བཟུང་ལ། འོ་ན་ཨ་ཏི་རང་ཇི་ལྟར་ཡིན་ཞེ་ན། ཨ་ཏི་རྒྱུ་རྐྱེན་མེད་པས་རང་འབྱུང་ལ། བསྒྲིབ་བྱེད་མེད་པར་རང་རང་གསལ་བ་ཡིན་ནོ། །ཞེས་པས་སེམས་ཉིད་ཨ་ཏི་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད་པར་རང་འབྱུང་། དེ་ཀ་བསྒྲིབ་བྱེད་མེད་པས་རང་གསལ་ཏེ། །འདིར་གསལ་འདིར་མི་གསལ་མེད་པར་ཕྱོགས་ཀུན་ཏུ་རང་གསལ་བས་སྤང་བླང་དང་དགག་སྒྲུབ་གང་ཡང་མེད་དོ། །ད་ནི་དེ་ལྟར་བསྒྲིབ་པ་ངོས་ཟིན་ཀྱང་འདོད་པའི་རྟགས་དང་མི་འདོད་པའི་རྟགས་འབྱུང་པས་རྟགས་ཀྱི་མན་ངག་མདོར་བསྡུས་ཏེ་བསྟན་པའོ་ཞེས་པས། རྟགས་ནི་བཅྭ་ལྔ་སྟེ། ཡི་དམ་ལྷ་དང་སྐུ་གཞན་དང་། །ལུང་བསྟན་པ་དང་སྙིང་རྗེ་དང་། །སྤོབས་པ་ཐོགས་པ་མེད་པ་དང་། །ནམ་མཁའི་གསེར་ཡིག་འོད་དང་ནི། །རྨིས་ལྟས་དང་མི་མངོན་ཤེས་དང་། །ཆོ་འཕྲུལ་དང་ནི་སྣ་ཚོགས་དང་། །ཉམས་དང་བྱིན་བརླབས་སླུ་བྱེད་དང་། །མཆོད་སོགས་འདྲིས་པའི་ཆ་བྱད་ཅན། །དྲུག་དང་མི་ལྡན་བཅྭ་ལྔ་ནི། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཞེས་པས། དྲུག་ནི། ཉམས་དགའ་མདངས་དང་ལྡན་པ་དང་། །བསྒོམ་པ་བཟང་པོའི་དུས་དག་དང་། །ང་རྒྱལ་རློམ་སེམས་ཆེར་མི་གཡོ། །རྒྱུད་དངས་སྡིག་སེམས་ཞི་བ་དང་། །རྔམས་པ་ཚུལ་གྱིས་བཟླས་སེམས་མེད། །གཞུང་དང་མཐུན་པའི་ལམ་རྟགས་རྣམས། །ཞེས་པས་གོང་གི་བཅྭ་ལྔ་པོ་དེ་འོག་གི་དྲུག་པོ་དང་ལྡན་པར་བྱུང་ན་འདོད་པའི་ཉམས་རྟགས་ཡིན་ནོ། །དེ་ལས་བཟློག་པ་ནི། རང་ཉམས་མི་དགའ་ཞིང་རྟགས་ལ་མདངས་མེད་པ་དང་། བསྒོམ་ངན་པའི་དུས་དང་། དེ་ལས་ང་རྒྱལ་དང་རློམ་སེམས་སྐྱེས་པ་དང་། རང་རྒྱུད་མ་དྭངས་སྡིག་སེམས་མ་ཞི་བའི་དུས་དང་། ངམ་པ་སྐྱེས་ཏེ་གཞན་ལ་བཤད་སྙམ་པ་དང་། རང་རང་གི་ཆོས་གཞུང་དག་མི་མཐུན་པར་འདུག་པའི་དུས་སུ་བཅྭ་ལྔ་པོ་བྱུང་ན་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་བར་དུ་གཅོད་པའི་རྟགས་ཡིན་པས་མི་འདོད་པའི་རྟགས་སོ། །མདོར་ན་རྟགས་ངོ་མཚར་ཅན་གང་བྱུང་ཡང་། རང་ལ་དགའ་བྲོད་དང་ང་རྒྱལ་འདུག་ན་ད་རུང་རྟགས་འབྱུང་བའི་དུས་ལ་མ་བབ་པ་ཡིན་པས་བདུད་ཡིན་ནོ། །རྟགས་གང་བྱུང་ཡང་དགའ་བྲོད་དང་ང་རྒྱལ་མི་འདུག་ན་ལམ་རྟགས་སུ་ཤེས་པར་བྱའོ། ༈ །ད་ནི་སྤྱི་དོན་ཐ་མ་གདབ་བཅུ་སྤྱོད་པ་སྟོན་ཏེ། བཅུ་ལས། ལྟ་བ་བྱེད་སྤྱོད་ལ་གདབ་པ་ཞེས་པ་ལྟ་བ་ནི་ཨས་མཚོན་ནས་ཆོས་ཐམས་ཅད་སྐྱེ་མེད་ངོས་གཟུང་དང་བྲལ་བར་རྟོགས། ཏིས་མཚོན་ནས་འགག་མེད་རང་སྣང་དུ་རྟོགས། ཡོ་གས་མཚོན་ནས་ཆོས་ཐམས་ཅད་སྣང་སྟོང་ངོས་མཉམ་གྱི་དབྱེར་མེད་དུ་རྟོགས་པ་ལ་ལྟ་བ་ཞེས་བྱའོ། །དེ་བྱེད་སྤྱོད་ཐམས་ཅད་ལ་གདབ་སྟེ། དེ་ལ་དགེ་སྦྱོར་ཕྱག་ལྟ་བུ་གཅིག་བྱེད་ན། ཨ་སྐྱེ་མེད་ལ་ཕྱག་བཙལ་བྱའི་ཡུལ། འཚལ་མཁན། འཚལ་བའི་དངོས་པོ་གསུམ་ཀར་མ་སྐྱེས་ཏི་འགག་མེད་ལ་གསུམ་ཀར་མ་འགགས་ཏེ་རང་སྣང་། ཡོ་ག་གཉིས་མེད་ལ་ཕྱག་བཙལ་བའི་སྣང་བ་མ་བཀག་ལ་དེ་ཉིད་དུས་ན་ངོས་བཟུང་དང་བྲལ་བར་བཙལ་ལོ། །དེས་ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་དང་བྱེད་སྤྱོད་གང་བྱེད་ཀྱང་འགྲེ། བསྒོམ་པ་སྤྱོད་ལམ་ལ་གདབ་པ་ཞེས་པ་བསྒོམ་པ་ནི་ལྟ་བ་ཨ་ཏི་ཡོ་གའི་དོན་རྟོགས་ནས་དེའི་ངང་ལ་རིག་པ་ཡུལ་མེད་དུ་གནས་པ་སྟེ་སྟོང་གསལ་ནམ་མཁའ་ལྟ་བུའོ། །དེ་སྤྱོད་ལམ་ལ་གདབ་སྟེ། འགྲོ་བའི་དུས་སུ་ཡང་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུ། འདུག་པ་དང་། ཉལ་བ་དང་། ཟ་བ་དང་ལོངས་སྤྱོད་པའི་དུས་སུ་ཡང་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུ་དང་མ་བྲལ་བར་གདབ་བོ། །སྙིང་རྗེ་ཕྱོགས་བྲལ་ལ་གདབ་པ་ཞེས་པ་སྤྱིར་སྙིང་རྗེ་ལ་གསུམ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་གསུམ། ཕྱོགས་དང་བྲལ་ཏེ། སེམས་ཅན་ཐམས་ཅད་སྐྱེ་འགག་གཉིས་མེད་ཟབ་མོ་བྱང་ཆུབ་ཀྱི་ཞིང་དུ་རྟོགས་པས། སྙིང་རྗེ་སྐྱེ་བྱའི་ཡུལ་སེམས་ཅན། ཐུགས་རྗེ་སྐྱེ་བའི་མཁན་པོ། སྐྱེ་བ་དངོས་པོའི་ཕྱོགས་དང་བྲལ་བས་ཡུལ་ཡུལ་ཅན་མེད་པར་གཉིས་མེད་དུ་གདབ་པའོ། །མཚན་ཁོང་ཐོན་གྱི་སྐབས་སུ་མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་གཟུང་ཅེས་པའི་དོན་ནོ། །ཡང་ན་སྙིང་རྗེ་ཨ་སྐྱེ་མེད་ལ་སྙིང་རྗེ་བྱ་རྗེས་བྱེད་དུ་མ་སྐྱེས་ཏི་ལ་མ་འགགས། ཡོ་ག་ལ་གཉིས་སུ་མེད་པས་ཕྱོགས་བྲལ་ལ་གདབ་པ་གསུང་། སྡུག་བསྔལ་ལམ་དུ་ཞེས་པས་ནི། ཨ་སྐྱེ་མེད་ལ་སྡུག་བསྔལ་དུ་མ་སྐྱེས་ཏེ་ངོས་བཟུང་དང་བྲལ། ཏི་འགག་མེད་པ་ལ་སྡུག་བསྔལ་དུ་མ་འགགས་ཏེ་རང་སྣང་། ཡོ་ག་གཉིས་སུ་མེད་པ་ལ་སྡུག་བསྔལ་གྱི་སྣང་བ་མ་བཀག་ལ་དེའི་མཐས་མ་རེག་པས། སྡུག་བསྔལ་ཆོས་ཉིད་རིས་མེད་དུ་ཤེས་པས་ལམ་དུ་གདབ་བོ། །ཉོན་མོངས་པ་འབྲས་བུར་ཅེས་པས་ཨ་སྐྱེ་མེད་ལ་དུག་ལྔ་སྐྱེས་ཏེ་ངོས་གཟུང་དང་བྲལ། ཏི་འགག་མེད་ལ་དུག་ལྔར་མ་འགགས་ཏེ་རང་སྣང་། ཡོ་ག་གཉིས་སུ་མེད་པ་ལ་དུག་ལྔའི་སྣང་བ་མ་བཀག་ལ་དེའི་མཐས་མ་རེག་པས། དེ་ཉིད་གསལ་སྟོང་གཉིས་མེད་ཀྱི་ཆོས་སྐུ་ཡིན་པས་འབྲས་བུ་གདབ་བོ། །དགའ་མི་དགར་ཀུན་ཏུ་བཟང་པོར་ཅེས་པ། ཨ་སྐྱེ་མེད་ལ་དགའ་མི་དགར་མ་སྐྱེས་ཏེ་ངོས་གཟུང་དང་བྲལ། ཏི་འགག་མེད་ལ་དགའ་མི་དགར་འགགས་ཏེ་རང་སྣང་། ཡོ་ག་གཉིས་སུ་མེད་པ་ལ་དགའ་མི་དགའི་སྣང་བ་མ་བཀག་ལ་དེའི་མཐས་མ་རེག་པས། དགའ་མི་དགའ་ལ་བཟང་ངན་དང་བླང་དོར་མེད་དེ་ཀུན་ཏུ་བཟང་པོར་གདབ་བོ། །བདག་གཞན་གཉིས་སུ་མེད་པའི་ཞེས་པ་ཨ་སྐྱེ་མེད་ལ་བདག་གཞན་དུ་མ་སྐྱེས། ཏི་འགག་མེད་ལ་བདག་གཞན་དུ་མ་འགགས། ཡོ་ག་གཉིས་སུ་མེད་པ་ལ་བདག་གཞན་གྱི་སྣང་བ་མ་བཀག་ལ་དེའི་མཐའ་མ་རེག་སྟེ། བདག་གཞན་གཉིས་མེད་མཉམ་པ་ཉིད་དུ་གདབ་བོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་པ་སེམས་ཅན་སངས་རྒྱས་སུ་གདབ་པ་ཞེས་པ། གནས་ལུགས་སྐྱེ་རྒ་ན་འཆི་དང་བྲལ་བའི་གཉིས་མེད་ལ། འཁོར་བའམ་སེམས་ཅན་ནི་དེ་མ་རྟོགས་ཏེ་སྐྱེ་རྒ་ན་འཆི་དང་བཅས་པའོ། །དེ་ལ་གནས་ལུགས་ཇི་ལྟར་ཡིན་པར་རྟོགས་པ་དེ་ལྟ་བ། དེའི་ངང་དང་མ་བྲལ་བར་སྤྱོད་པ་སྤྱོད་པ། དེ་མངོན་དུ་གྱུར་པ་མྱ་ངན་ལས་འདས་པའམ་སངས་རྒྱས་ཡིན་པས། འཁོར་བ་དང་སེམས་ཅན་ཉིད་མ་སྤངས། དེ་གཉིས་མེད་དུ་ཤེས་པས་མྱ་ངན་པས་འདས་པའམ་སངས་རྒྱས་སུ་གདབ་པའོ། །སྣང་སྲིད་སེམས་སུ། སེམས་ཆོས་ཉིད་དུ་གདབ་པ་ཞེས་པ་ནི། སྣང་བ་ཕྱི་སྣོད། སྲིད་པ་ནང་བཅུད་ཐམས་ཅད་རང་གི་སེམས་ཡིན། སེམས་ཉིད་ཨ་སྐྱེ་མེད་ངོས་བཟུང་དང་བྲལ་བ་སྟོང་པའི་ཆོས་ཉིད། ཏི་འགག་མེད་སྣང་སྲིད་དུ་མ་འགག་པར་རང་སྣང་བ་སྣང་བའི་ཆོས་ཉིད། ཡོ་ག་ལ་སྣང་སྲིད་ཀྱི་སྣང་བ་མ་བཀག་ལ་དེའི་མཐས་མ་རེག་པས་གཉིས་མེད་མཉམ་པ་ཉིད་ཀྱི་ཆོས་ཉིད་དུ་གདབ་པའོ། །སྐྱོན་དང་ཡོན་ཏན་བླང་དོར་མེད་པར་གདབ་པའོ་ཞེས་ཨ་སྐྱེ་མེད་ལ་སྐྱོན་ཡོན་དུ་མ་སྐྱེས་ཏེ་ངོས་བཟུང་ཐམས་ཅད་དང་བྲལ་བའི་སྟོང་མཉམ། ཏི་འགག་མེད་ལ་སྐྱོན་ཡོན་དུ་མ་འགག་པར་རང་སྣང་སྟེ་སྣང་མཉམ། ཡོ་ག་གཉིས་སུ་མེད་པ་ལ་སྐྱོན་ཡོན་གྱི་སྣང་བ་མ་བཀག་ལ་མཐས་མ་རེག་སྣང་སྟོང་ངོས་མཉམ་མོ། །མཉམ་པ་ཉིད་ལ་སྐྱོན་དོར་ཞིང་ཡོན་ཏན་བླང་དུ་མེད་པར་གདབ་པའོ། །དེའང་ཉན་ཤད་བྱས་ནས་ཕྱིས་བཤོལ་བ་མིན་ཏེ། ད་ལྟ་ཉིད་ནས་སྤྱོད་ཐོག་བསྐལ་ཏེ་གདབ་བོ། །འབྲས་བུ་ནི་གཞུང་ནས་བཤད་པ་མེད་ཀྱང་། དེ་ལྟར་ལྟ་བསྒོམ་སྤྱོད་པ་གསུམ་འཛོམས་པས་དཔེར་ན་འབྲས་སོ་བ་ལོ་ལེགས་ན་ཕུབ་སོགས་བྱུང་ལས་བྱུང་བ་བཞིན་དུ། འབྲས་བུ་འདོད་པ་མེད་ཀྱང་ཤུགས་ལས་འབྱུང་སྟེ། དེ་ཡང་རིག་པ་གཟུང་འཛིན་ལས་གྲོལ་ཏེ་ལྷག་པ་ཆོས་ཀྱི་སྐུའི་ངང་དུ་གནས། དེ་ཡང་སྐུ་གསུམ་དུ་མིང་འདོགས་ན་ཨ་སེམས་ཉིད་སྐྱེ་མེད་ངོས་བཟུང་དང་བྲལ་བར་མངོན་དུ་གྱུར་པ་ཆོས་སྐུ། ཏི་འགག་མེད་རང་སྣང་དུ་མངོན་དུ་གྱུར་པ་སྤྲུལ་སྐུ། ཡོ་ག་གཉིས་སུ་མེད་པ་མངོན་དུ་གྱུར་པ་ལོངས་སྐུའོ། །དེ་ཡང་རེ་ཤིག་ཐ་སྙད་ཙམ་མོ། །སེམས་ཅན་གྱི་དོན་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བའམ། ཉི་མ་ལས། འོད་རང་བཞིན་གྱིས་འབྱུང་བ་བཞིན་དུ། སྐྱེ་མེད་ལས་མ་འགགས་པར་སྣང་སྟེ་དོན་མཛད་དོ། །དེའི་དོན་རྟོགས་ཆོས་ཀྱི་སྐུ། གཞན་དོན་གཟུགས་སྐུས་བྱེད་པའོ། །ཞེས་སོ། །ཆོས་སྐུ་མཉམ་ཉིད་ཐུགས་རྗེས་བྱིན་གྱིས་བརླབས། །སྤྲུལ་སྐུ་ཡེ་ཤེས་འབྱུང་གནས་ལས་བརྒྱུད་པའི། །མན་ངག་ཉིང་ཁུ་རིན་ཆེན་སྤུངས་པ་ལ། །ལམ་ཁྱེར་ཁྲིད་ལུགས་རིན་ཆེན་གསུང་སྒྲོས་འདི། །བདག་གཞན་རྗེད་རྡོར་དབུས་པ་རྟ་ཡིས་བཀོད། །བདག་གྲོལ་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ལས་ཅན་རྣམས་དང་དེས་འདི་འཕྲད་པར་ཤོག །ཀུན་ལ་བསྟན་ཀྱང་དོན་དུ་མི་འགྱུར་གསང་། །སྐལ་ལྡན་ལས་འཕྲོ་ཅན་གྱིས་ཉམས་སུ་ལོང་། །དོ་ཕྲུག་མ་དང་ཕྲག་པ་ཇི་བཞིན་དུ། །ཆོས་ཉིད་མ་དང་འཕྲད་པར་ཐེ་ཚོམ་མེད། །མན་ངག་རིན་ཆེན་སྤུངས་པ་ལ། གོང་མའི་ཕྱག་ཆ་དང་བླ་མའི་གསུང་སྒྲོས་ལ་བསྟེན་ནས། རྟ་ཛྙཱ་ན་ཤྲཱིས་བདག་གཞན་གྱི་དོན་དུ་སྦྱར་བ། ཁྲིད་ལུགས་གསལ་བའི་སྒྲོན་མ་ཞེས་བྱ་བ། རྫོགས་སོ།། །།རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལགས་སོ། །ཞུས་སོ། །དག་གོ། །དགེའོ།། །།


previousསྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ། རྟ་ཛྙཱ་ན་ཤྲཱི།next