Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཐམས་པ།


   
   
   
   
   
སྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ།next

སྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ།

སྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་བཞུགས། །སྣང་སྲིད་བྱང་ཆུབ་སེམས་སུ་འདུ། །འཛིན་པ་རང་གྲོལ་རིས་མེད་རྩི། །དོན་རྟོགས་འགྲོ་བ་ཀུན་གྱི་བླ། །འགྲོ་ལ་བུ་བཞིན་སེམས་པའི་མ། །དོན་ལྡན་ཞིག་པོ་སྤྲུལ་སྐུ་ལ། །ཞབས་ཀྱི་རྡུལ་ལ་གུས་པས་འདུད། ༈ །རིན་ཆེན་སྤུངས་པ་ལ་སོགས་པའི། །གདམས་བསྐོར་ཀུན་ཏུ་འཐོར་བའི། །ཁྲིད་ཀྱི་ཕྱག་བཞེས་བླ་མའི་གསུང་། །སྡེབས་ཏེ་བརྗེད་ཐོར་བྲི་བར་བྱ། ༈ །རྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་ཁྲིད་ཀྱི་ཕྱག་བཞེས། སློབ་བུ་ལམ་དུ་བླངས་པ་ལ། དང་པོ་སྔོན་འགྲོ་ནི། ཆོས་བཅུ་བཞི་ལ་སོགས་པ་དང་ལྡན་པའི་གང་ཟག་གིས། བྱ་བ་གཏང་། ཕྱི་ནང་གི་འབྲེལ་པ་བཅད། སྡིག་པ་སྦྱངས། ཚོགས་བསགས། མཚན་ཉིད་དང་ལྡན་པའི་བླ་མ་མཉེས་པར་བྱས། གནས་དབེན་པ་མན་ངག་ན་བཤད་པ་དང་ཡིད་དང་མཐུན་པར། སྟོན་སེར་ལ་སོགས་པའི་དུས་འཛོམ་པ་ལ། རྒྱུ་བདུན་འཚོགས་པར་བྱས། ཉེས་པ་བརྒྱད་སྤངས་ལ། ཚོགས་དང་གཏོར་མ་བཅས་ལ་ཐུན་མོང་དང་ཁྱད་པར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་བླ་མས་གདམས་ངག་གདབ་སྟེ། དེ་ལ་བཞི། ཐབས་ཀྱིས་བཟུང་བ་དང་། ལྟ་བ་ཉམས་སུ་མྱོང་བ་དང་། ལྟ་བ་ངོ་སྤྲད་པ་དང་། ལྟ་བ་ལམ་དུ་བླང་པའོ། །བཞི་པོ་འདི་ལ་སྒོམ་ཚར་ནས་འོང་སྟེ། དེ་ལ་དང་པོ་ལྟ་བ་ཐབས་ཀྱིས་བཟུང་བ་ནི། ཚོགས་གནས་ནས་བསྒོམ་པ་སྤྱོད་ལམ་ལ་གདབ་པ་ཡན་ཆད་དོ། །དེ་ལ་གཉིས་ཏེ། རྟེན་དང་སྦྱར་ཏེ་རྒྱུ་ཚོགས་ལ་གནས་པ་དང་། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་བརྟས་པར་བྱ་བའོ། །དང་པོ་ལ་གསུམ། ལུས་ངག་ཡིད་དོ། །དེ་ལ་ལུས་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་བྱ་བྱེད་དང་སོ་ནམ་རྣམས་བཤོལ་ཏེ། གལ་ཆེ་བའི་ལྷ་ཕྱག་དང་བསྐོར་བ་ལ་སོགས་ཀྱང་བཤོལ། བང་དང་འགྲོས་དྲག་པོ་མི་བྱ། འཕྱོངས་པ་མི་གཏང་། མིག་རྒྱང་རིང་པོ་ཆེད་དུ་མི་ལྡང་། གད་ཁ་དང་གཡང་མི་སྡད། ཆར་རླུང་དྲག་པོའི་གསེབ་ཏུ་མི་སྡོད། མདོར་ན་མགོ་ཆགས་འགྲམས་ཀྱིས་དོགས་པ་བཞིན་བྱའོ། །ངག་གི་འཇིག་རྟེན་གྱི་ལོང་གཏམ་ལ་སོགས་པ་དང་རྣམས་ཀྱང་བཤོལ་ཏེ། གལ་ཆེ་བའི་མདོ་དང་སྙིང་ཡང་བཤོལ་ལ་སྨྲ་བཅད་བྱའོ། །ལྟོ་དུས་འཛར་དུས་ཀྱི་གླེང་མོ་རེ་རེ་གཉིས་གཉིས་ནི་གནས། འབྱམས་སུ་མི་གཞུག་གསུང་ངོ་། །ཡིད་ཚོགས་ལ་གནས་པ་ནི། འཁྲུལ་སྣང་གི་རྟོག་དཔྱོད་ནམས་ཀྱང་བཤོལ་ཏེ། གལ་ཆེ་བའི་ཆོས་ཀྱི་བསམ་མནོ་ཡང་བཤོལ་ལ། མནོ་བསམ་ཅི་ཡང་མི་གཏང་། མནོ་བསམ་བྱུང་ན་འབྱམས་སུ་མི་གཞུག་པར་འཕྲོ་སད་སད་བཅད་དོ། ༈ །རྣལ་འབྱོར་གྱི་ཟས་བདུན་ནི། རྣམ་པར་ཤེས་པའི་ཟས། ཁམ་གྱི་ཟས། གཉིས་ཀྱི་ཟས། སེམས་དཔའ་ཡིད་ཀྱི་ཟས། ཚངས་པར་སྤྱོད་པའི་ཟས། ཏིང་འཛིན་གྱི་ཟས་སོ། ༈ །དེ་ལ་རྣམ་པར་ཤེས་པའི་ཟས་ནི། མིག་གི་རྣམ་པར་ཤེས་པ་གཟུགས་ཀྱི་རྗེས་སུ་མི་འབྲང་། མིག་གི་དབང་པོ་གློད་ལ་གཟུགས་བཏང་སྙོམས་གཞག་གོ། །རྣ་བའི་རྣམ་པར་ཤེས་པ་སྒྲའི་རྗེས་སུ་མི་འབྲང་། རྣ་བའི་དབང་པོ་གློད་ལ་སྒྲ་བཏང་སྙོམས་སུ་གཞག་གོ། །སྣའི་རྣམ་པར་ཤེས་པ་དྲིའི་རྗེས་སུ་མི་འབྲང་། སྣའི་དབང་པོ་གློད་ལ་དྲི་བཏང་སྙོམས་སུ་བཞག །ལྕེའི་རྣམ་པར་ཤེས་པ་རོའི་རྗེས་སུ་མི་འབྲང་། ལྕེའི་དབང་པོ་གློད་ལ་རོ་བཏང་སྙོམས་གཞག །ལུས་རེག་བྱའི་རྗེས་སུ་མི་འབྲང་། ལུས་གློད་ལ་རེག་བྱ་བཏང་སྙོམས་སུ་གཞག་གོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པའི་རྗེས་སུ་མི་འབྲང་། ཡིད་ཀྱི་དབང་པོ་གློད་ལ་རྟོག་པ་བཏང་སྙོམས་སུ་གཞག་གོ། །དེ་ཡང་ཡིད་ཚོགས་ལ་གནས་ནས་མནོ་བསམ་མ་སྐྱེས་ན་སྒོ་ལྔ་བཏང་སྙོམས་སུ་སོང་། སྒོ་ལྔ་བཏང་སྙོམས་སུ་འདུག་ན་ཡིད་ཚོགས་ལ་གནས་ནས་འོང་ངོ་། །རེག་པའི་ཟས་ནི་མལ་གོས་ཡིན་ཏེ། གྲུབ་ན་དར་གོས་དང་དར་འབོལ་ལ་སོགས་པ་བྱ། དེ་མ་གྲུབ་ཀྱང་མལ་དང་སྔས་འབོལ་བ། གོས་འཇམ་པ་ཡང་བ་དྲོ་བར་བྱའོ། །ཁམ་གྱི་ཟས་ནི་སྤུངས་པ་ལས། འགྲངས་ལ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པ་ཞེས་པས། སྤྱིར་འགྲངས་པ་ལ་འགྲངས་གྲགས་པ་མིན་ཏེ་ཚོད་ཟིན་པ། ཤའི་ཚོའུ་དང་ཆང་དང་བུ་རམ་ལ་སོགས་ཏེ་ཁམས་དང་འཕྲོད་པའི་ཟས་བཅུད་སྣ་མང་དུ་སུམ་སྦྱར་དུ་བཏང་ངོ་། །དམ་པའི་ཞལ་ནས་འཇིག་རྟེན་གྱི་ཤེ་མོ་དང་ཞོ་ཤ་འདོད་པ་ལས་ཡང་ཅི་འདོད་ལྟོར་འབྲུབ་ན། སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད། གཏན་གྱི་སོ་ནམ་ཟིན་པར་བྱེད་པ་ཡིན་པས། ཡུལ་ཞིང་བཙོངས་ལ་བཟའ། ངོ་འཕྲོད་ནས་ལམ་ཟན་དང་ལྡོམ་བུ་བྱས་ཀྱང་ཆོག་གསུམ། གཉིས་ཀྱི་ཟས་ནི། ཉིན་པར་གཉིད་བྲོ་ཡང་འདུག་པ་ཡོངས་ཀྱི་མི་ལོག །ནུབ་མོའི་གཉིད་ཟས་ཡིན་པས་ཚིམ་པར་ལོག །གཉིད་དུ་མ་སོང་བར་དུ་ཚོགས་གནས་བྱའོ། །སེམས་པ་ཡིད་ཀྱི་ཟས་ནི། ང་ལ་བསྒོམ་འོང་ངམ་མི་འོང་སྙམ་པ་བྱ་མི་དགོས་འོང་ངེས། གཞན་ནས་འཚོལ་བ་མིན་རང་ལ་ཡོད་པ་ངོ་སྤྲོད་པ་ཡིན། ཅི་འདྲ་ཡོད་སྙམ་པ་བྱ་དགོས། ངོ་སྤྲོད་ཀྱི་སྐབས་སུ་འདི་ཡིན་བྱ་ངོ་སྤྲོད་དོ། །རེ་དོགས་མེད་པར་གནས་པར་བྱའོ། །ཚངས་པར་སྤྱོད་པའི་ཟས་ནི། ཁྲིད་འདི་མ་ཐོབ་བར་དུ་ལུས་རྒྱུད་ན་བསྒོམ་པར་མི་འོང་པས་ཐིག་ལེ་མ་ཉམས་པ་བྱའོ། །ཏིང་ངེ་འཛིན་ཟས་ནི་ཁམ་གྱི་ཟས་མི་དགོས་པ་དང་། ཁམས་ཀྱི་ཟས་དང་བྲལ་ཡང་མདངས་དང་དབང་པོ་གསལ་བ་ལ་སོགས་པ་ཡིན་ཏེ་ཁད་དང་མི་ཡིས་སྐྱེའོ། །དེ་ལྟར་ཚོགས་གནས་ཟས་བདུན་པོ་དེ་སྡེ་སྐོར་དུ་ངོ་སྤྲད་དེ་ཚོགས་ལ་མ་གནས་ཀྱི་བར་དུ་བསླའོ། །དེ་ལ་ཞག་རེ་ལོན་གྱི་དྲི་བ་བྱ་སྟེ། གཉིད་ཚུད་དུ་བྱུང་ངམ། ཁམས་བདེ་འམ། རྟོག་པ་འཕྲོ་ཆོད་དམ། འགྱུར་མང་ཉུང་ཇི་ཙམ་འདུག །མ་འགྱུས་ཙ་ན་ཇི་ལྟར་འདུག །སྐྱེ་བའམ་འཚེར་བ་མི་འདུག་གམ་དྲིས་ལ། གཉིད་ཡར་བ་དང་མི་ཁུགས་པ་ལ་སོགས་པ་དང་། ཁམས་མ་བདེ་བའི་སྐྱོན་བྱུང་ན། སྤྱིར་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ལ་བཅོས་སོ། །རྟོག་པ་སྔ་དྲོ་འཕྲོ་ན་ཚོགས་ལ་མ་གནས་ལ་ནན་ཏན་བྱ། ཕྱི་དྲོ་མ་གནས་ན་ཁམས་ཀྱི་ནུབ་པ་ཞན་པ་ཡིན་པས་ཟས་གཏང་། སྐུ་གཉེ་བྱའོ། །སྔར་རྟོགས་པ་ངོས་མ་ཟིན་པ་དེ་དེར་ངོས་ཟིན་པས་འགྱུ་བ་མགོ་ལ་མང་དུ་འགྲོ་དགོས་པ་ཡིན་པས་མི་འགྱུར་ཟེར་ན་ངོས་མ་ཟིན་པའི་ཉེན་ཡོད་པས་ནན་ཏན་བསྐྱེད་དོ། །མི་འགྱུས་ཙ་ན་གསལ་བ་ལ་ཧད་དེ་ཐོམ་མེ་བ་གཅིག་དགོས་པ་ཡིན་པ་ལ། ཤེས་པ་མོག་གི་མི་འགྱུ་བ་ཙུག་འདུག་ན། གཉིད་དམ་བྱིང་པའི་དབང་དུ་སོང་ནས་མ་ཚོར་བ་ཡིན་ཉེས་ཡོད་པས་བག་ཙམ་གསེངས་ལ་ནན་ཏན་བྱ། བྱིང་རྒོད་བཅོས་ཐབས་གཞན་དང་ཡང་བག་རེ་བསྟུན་ནོ། །སྐྱོའམ་འཚེར་ན་ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། དེ་སྲོང་ལ་དད་པ་ལ་བསྐྱེད་དགོས་པས། འཁོར་བའི་ཉེས་དམིགས་ལ་བསམ། མི་རྟག་པ་བསྒོམ། བླ་མ་ལ་མོས་གུས་བྱས། སངས་རྒྱས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་དོ། །དེ་ལྟར་ཉམས་སུ་བླངས་པས། ཚོགས་གནས་ལ་ཞག་གྲངས་མི་རྩི་རྟགས་པ་བལྟའོ། །གནས་པ་ལ་རྟགས་ཕྱི་ལུས་ལ་བརྟག་པ་ནི། སྔར་རྟོག་པས་ཁམས་བསོ་བྱས་པ་དེ་རྟོག་པས་འཕྲོ་བཅད། ཏིང་ངེ་འཛིན་གྱི་ཟས་དང་མ་ཕྲད་པས་ལུས་ངལ་ཞིང་དུབ་པ་དང་། བཤུས་འདེབས་པ་དང་། གཞན་གྱིས་བལྟས་ཀྱང་ཧ་དེ་ཐོམ་མེ་བའོ། །ནང་ཤེས་པ་ལ་བརྟག་པ་ནི། རྟོག་མེད་དུ་ཧད་དེ་ཐོམ་མེ་སྡོད་པའོ། །འོ་ན་དེ་བསྒོམ་པ་ཡིན་ནམ་མིན་ཞེ་ན། ཡིན་ཀྱང་མིན་ཏེ་མིན་ཀྱང་མིན། རྟོག་མེད་ཀྱི་ཤེས་པ་དེ་གནས་པའི་གཞི་ཡིན་པས་ཡིན་ནོ། །དེ་རུང་ངོ་མ་སྤྲད་པས་མིན་ནོ། །དེ་ཡང་བཀྲ་ཤིས་ཁུ་བྱུག་རྒྱུད་ལས། བསམ་བྱ་བསམ་པར་མི་བྱ་སྟེ། མི་བསམ་པར་ཡང་མི་བྱའོ། །གང་ལ་རྣམ་པར་མི་སེམས་པ། དེ་ནི་དེ་བཞིན་མཉམ་ཉིད་དོ། །ཞེས་པ་དང་། ནམ་མཁའ་ཆེ་ལས། བསམ་གཏན་ཉིད་པས་བསམ་དུ་མེད། །ཅེས་པའི་དོན་ཡིན་གསུང་ངོ་། །དེ་ལྟར་ཚོགས་ལ་གནས་ནས་དེ་ནི་ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས་ཡར་གྱི་འཕེལ་བཅུ། མར་གྱི་འགྲིབ་བཅུའོ། །འཕེལ་བཅུ་ལ་རླུང་དང་ཐུན་གཉིས་ལས། དེ་ལ་རླུང་ནི་སེམས་འདུལ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཁམས་ངན་པ་དང་། ན་སོ་རྒན་པ་ལ་འཇམ་རླུང་། ཁམས་བཟང་པོ་དང་ན་སོ་གཞོན་པ་ལ་དྲག་རླུང་བྱ་བར་བཤད་ཀྱང་ཕྱག་བཞེས་འདི་ལྟར་མཛད་དོ། །དེ་ལ་གསུམ་ལུས་ཀྱི་གནད། དམིགས་པའི་གནད། རླུང་གི་གནད་དོ། །དེ་ལ་ལུས་ཀྱི་གནད་ནི། དཀྱིལ་ཀྲུང་བདེ་བར་བཅས་ལག་པ་པུས་མོའི་སྟེང་དུ་བཀལ་ཆ་ཁྲིམས་བྱའོ། །དམིགས་པ་ནི་འོག་ནམ་མཁའ་སྟོང་པ་ལ་རྒྱ་གདུགས་དཀར་པོ་ཏོག་དང་ཤམ་བུ་མེད་པ་ཅིག་གི་སྟེང་དུ་རང་ཏོག་གི་ཚུལ་དུ་ཡོད་པར་བསམ་ལ། གདུགས་གཡོན་དུ་འཁོར་བར་བསམ་མོ། །རླུང་ནི་དང་པོ་དུག་དབྱུང་བྱ་སྟེ། ཧ་ཞེས་ཁོག་པ་ནས་རླུང་སངས་ཀྱིས་བཏང་བ་ལན་གསུམ་བྱ། དེ་ནས་སྣ་ནས་ལན་གསུམ་བྱ། དེའི་དགོས་པ་རླུང་སྐྱོན་མི་འོང་བའོ། །དེ་ནས་སྦྱང་པ་བྱ་སྟེ། དབུགས་བསྲིངས་ལ་གཉིད་དུ་འགྲོལ་མ་ལྟ་བུ་སྣ་ནས་ཕར་འཕྲོ་ཚུར་འགྲོ་ཁུག་པ་ཉེར་གཅིག་བྱའོ། །དགོས་པ་རླུང་ཐག་རིང་བའོ། །དེ་ནས་སྣ་ནས་རྔུབས་ཏེ་ཆེར་གྱིས་མནན་པ་ལ་ཐུབ་ཚད་དྲག་ཏུ་བཟུང་ངོ་། །འཆོར་འཆོར་འདྲ་ན་དྲག་དུ་མནན་ཏེ་གདུགས་འཁོར་བ་ལ་དམིགས་པ་དྲག་ཏུ་གཏད་དོ། །དྲག་རླུང་ཟིན་ནས་འདར་བ་དང་འཕར་བ་དང་སྤྲུགས་པ་ལ་སོགས་པ་འབྱུང་ངོ་། །དེ་ནས་སྣ་ནས་བཏང་སྟེ། ཁ་སྣ་ནས་དུག་དབྱུང་ལན་གསུམ་གསུམ་བྱའོ། ༈ །ཡང་ན་ལུས་གོང་དང་འདྲ་བ་ལས། ཁྱད་པར་དུ་མཉམ་གཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་བྱའོ། །དམིགས་པ་ནི། ལུས་བ་ཏའི་རྐྱལ་པ་བུས་པ་ལྟ་བུ་དམར་ལྟང་ངེ་སྟོང་སང་ངེ་ཡོད་པར་བསམས་ལ། ལྟེ་བ་ལས་སོར་བཞི་བཅལ་བའི་འོག་ན་རླུང་སེམས་འདྲེས་པའི་ཐིག་ལེ་འོད་ཀྱི་རྣམ་པ་ཁ་དོག་སྔོ་བ་ལ་རེག་བྱ་ཚ་བ། དཔེར་ན་གཡུ་སྒོང་འབར་མ་ལྟ་བུ་གཅིག །ཕར་སྒལ་པ་ལ་མ་འབྱར། ཚུར་གསུས་པ་ལ་མ་འབྱར་བར་ཧྲིལ་ལི་ཡོད་པ་ལ་དམིགས་པ་གཏོད་དོ། །རླུང་གོང་དང་འདྲ་བ་ལས་ཁྱད་པར་འོག་རླུང་བག་ཙམ་བསྡམ་མོ་དེ་གཉིས་གང་གསལ་ལ་བྱའོ། །ཕྱག་བཞེས་སུ་གོང་མ་དེ་ཐུན་བརྒྱད་ཡན་ཆད་ལ། འོག་མ་དེ་དགུ་པ་དང་བཅུ་པ་ལ་མཛད་ཀྱི་གདའོ། ༈ །དེ་ལྟར་རླུང་དེ་སེང་བྱས་མཐུན་བྱ་སྟེ། ལུས་ངག་ཡིད་གསུམ་ལྷོད་ཀྱིས་གློད་ལ། ཤེས་པ་སྤྲོ་བསྡུས་མེད་པ། འགྲོ་འོང་མེད་པ། བཏང་གཞག་མེད་པ་ལ་འབོལ་ལེ་ཤིག་གེ་སོག་མ་ཕོན་ཐག་ཆད་པ་བཞིན་དུ་གཞག་གོ། །དེ་ཡང་ཚད་ནི་རབ་གོམ་པ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུའི་བར་རམ། ཡང་ན་དབུགས་ཁུགས་པ་ཉི་ཤུ་རྩ་གཅིག་གམ། ཡང་ན་སྤོས་མེ་སོར་གཅིག་གིས་ཚོད་དུ། སློབ་བུ་བསྒོམ་དུ་གཞུག །དུས་ཐུན་ཚད་བཟུང་ངོ་། ༈ །དེ་ནས་ཐུན་གྱི་དངོས་པོ་དེ་བཏང་ལ། ལུས་ངག་ཡིད་གསུམ་སེང་བྱས་ལ། རྗེས་ལ་གཅེར་བ་དར་ཅིག་ཐུན་པའི་ཐུང་ཙམ་ཞིག་ལྟའོ། ༈ །དེ་ལྟར་ཐུན་བྱེད་པ་ལ་བྱིང་ནས་བསེང་། རྒོད་ན་ཐུན་མགོ་ལ་རྒོད་ན་ཤེས་པ་ཐང་བཅད། ཞབས་ལ་རྒོད་ན་འཕྲོ་བཅད་དེ། རླུང་ལ་ཐུན་རྐུན་མི་བྱ། ཐུན་ལ་འབྱམས་སུ་མི་གཞུག་གསུང་ངོ་། ༈ །དེ་ལྟར་ཉི་མ་དང་པོ་ལ་ཐུན་གཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག །བདུན་པ་ལ་བདུན། བརྒྱད་པ་ལ་བརྒྱད། དགུ་པ་ལ་དགུ། བཅུ་པ་ལ་བཅུ་བྱའོ། །དེ་ནས་ཉི་མ་གཅིག་ཐུན་ངལ་བསོ་ལ། ཚོགས་གནས་དང་བྱུག་པ་བྱའོ། ༈ །ད་ནི་མར་གྱི་འགྲིབ་བྱ་སྟེ། དེ་ཡང་ལུས་ཀྱི་གནད་ནི་ཙོག་པུར་བྱ། ལག་གཉིས་པུས་མོ་ལ་འཁྱུད། འོག་རླུང་བག་ཙམ་འཐེན་ཆ་བསྒྲིམས་ལ། དམིགས་པ་མེད། དུག་དབྱུང་དང་སྦྱང་པ་མི་དགོས། རླུང་ནི་སུམ་གཉིས་ནང་དུ་བཟུང་སུམ་ཆ་ཕྱིར་བཏང་སྣ་སྒོ་ལས་སོར་གཉིས་ལས་མ་འདས་པར་གཏུངས་བྱའོ། །ཐུན་ཚད་གང་གི་རླུང་དང་མཉམ། དེ་ནས་རྣམ་སྣང་གི་ཆོས་བདུན་བྱས་ལ་གློད་པ་དང་རྗེས་ལ་བལྟ་བར་བྱའོ། ༈ །ཉི་མ་གཉིས་པ་ལ་ལུས་ཙོག་པུ་གོང་བཞིན་བྱ། དམིགས་པ་ནི་རླུང་སེམས་འདྲེས་པའི་ཐིག་ལེ་ལ་དུད་པ་སྤོས་དུད་ལྟ་བུ་སྔོ་ནར་གྱིས་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་ཐོན། སྣ་ནས་སོར་བཞིའི་ཐད་དཀར་མདུད་པ་ཅིག་བྱས་ནས་སོར་བཞི་ནས། རླུང་ཚུར་ནང་དུ་འོང་པ་དང་བསྟུན་ལྟེ་བ་ནས་བསྟུངས་བསྟུངས་ཐིག་ལེ་ལ་ཐིམ་པར་བསམས་ལ། དེ་ལྟར་རླུང་ཁུག་པ་ཉེར་གཅིག་བྱའོ། །གློད་པ་དང་རྗེས་ལ་ལྟ་བ་མཐུན། གྲངས་དགུ་བྱ། གཅིག་གི་ཉུལ་དུ་སོང་པ་དེ་བྱིན་པོ་ཚོ་ལ་མནན་ལ་ཐུན་ཆེར་བཏང་ངོ་། །དེས་འདྲེའོ། ༈ །གསུམ་པ་ལ་ཁ་དོག་དབྱིབས་ལ་གཟུང་སྟེ། ལུས་ཙོག་པུའམ་ཆོས་བདུན་བྱས་ལ། མདུན་དུ་དབྱིབས་ཟླུམ་པོ་གཅིག་བྲིས། དམིགས་པའི་རྟེན་དཀར་པོ་གཅིག་གཞག་ལ་སེམས་ཕྱིར་མ་འཕྲོས་པར་གཏད། གློད་པ་དང་། ལྟ་བ་དང་། ཐུན་གྲངས་བརྒྱད་བྱས་ལ་མནན་པ་འདྲེ། བཞི་པ་ལ་ཡི་དམ་གང་བྱེད་ཀྱི་ཐུགས་ཀ་ལ་གཏད། ༈ ལྔ་པ་ལ་ལུས་ཙོག་པུ། དམིགས་པ་སེམས་ཅན་དང་བྲག་གཡང་ལ་སོགས་པ། གང་འཇིགས་པ་ལ་སེམས་གཟུང་ལ། བྲག་གཡང་ལ་བྱེད་ན། བྲག་གཡང་ཤིན་ཏུ་མཐོ་བ། བྱ་སྐྱིབས་ཅན་འོག་ནས་ཆུ་རྦ་ཀློང་འཕྱོ་བའི་ཁ་ནས་ལྷུང་ལ་ཁད་པ་དང་། འཁྲོན་པའི་གཏིང་སུབས་ལ་ཁད་ནས་བདག་འདུག་པ་དང་། རྦ་ཀློང་འཕྱོ་བའི་ལྡེམ་ཟམ་གྱི་ཁ་ནས་ལྷུང་ལ་ཁད་པ་དང་། སེམས་ཅན་ལ་འཛིན་ན་དང་པོ་མདུན་ན་འདུག་པ། ཇེ་ཉེ་ལ་རྐང་པ་ཡར་འཛེགས་བྲང་ཁ་ནས་ཡར་འཛེགས་ནས་བྱུང་བས་ཤིན་ཏུ་བྲེད་པ་རང་རྒྱུད་པར་བསམས་ལ། གློད་པ་དང་རྗེས་ལ་ལྟ་བ་ཀུན་འདྲེས། གྲངས་བདུན་བྱས་ལ་ཆེས་གཏང་། དེ་ལྟར་དམིགས་པ་སྤོས་ཤིང་བྱ། ཐུན་གྲངས་ལྔ་པ་ལ་དྲུག །དྲུག་པ་ལ་ལྔ། བདུན་པ་ལ་བཞི། བརྒྱད་པ་ལ་གསུམ། དགུ་པ་ལ་གཉིས། བཅུ་པ་ལ་གཅིག་བྱ་སྟེ་གྲངས་ཉུང་དུ་བཏང་ཐུན་ཆེར་གཏང་སྟེ། ཕྱི་དག་མ་ཐུན་གཅིག་ཏུ་གཏོང་ངོ་། ༈ །དེ་ཡང་ཐུན་དེ་རྣམས་ཀྱི་དམིགས་པ་ནི། སྤུངས་པ་ནས་དབྱིབས་དང་ཁ་དོག་དང་། བསྐྱེད་རྫོགས་དང་། དཀྱིལ་འཁོར་བསྡུས་རྒྱས་དང་། གཏང་སྙོམས་དང་མན་ངག་ལ་སོགས་པ་བག་ཆགས་གང་ཡོད་ལ་སྤོས་ཤིག་བྱའོ། །གློད་པ་དང་རྗེས་ལ་ལྟ་བ་ཀུན་ལ་འདྲེའོ། །དམ་པ་ནི་མར་གྱི་འགྲིབ་བཅུ་ཡང་རླུང་རང་དུ་མཛད་གསུང་། རིན་པོ་ཆེ་ནི་ཐུན་ལྟབ་ཏུ་མཛད་ནས་འཕེལ་འགྲིབ་གཉིས་ཀ་ཞག་བཅུ་ལ་རྫོགས་པར་མཛད་དོ། །ཐུན་བར་དུ་ཚོགས་གནས་ནི་ཤེས་པ་འཕང་སྟོད་རྒྱ་བསྐྱེད་ལ་བུན་ནེ་ལོང་ངེ་བྱའོ། །དེ་ཡང་གསང་བ་སྐོར་རྒྱུད་ལས། སྣང་བ་ཁ་ཡོད་ཁོང་སྟོང་ལ། རྣམ་ཤེས་བུན་ནེ་ལོང་ངོ་ཞོག །གང་ལ་བཞག་པའི་ས་ན་བདེའི་དོན་ཡིན་གསུང་ངོ་། །དམིགས་པ་དང་གློད་པ་དང་རྗེས་ལ་ལྟ་བ་གསུམ་ནི། དམིགས་པ་དག་ལ་རྟེན་ནས་ནི། མི་དམིགས་པ་ནི་སྐྱེ་བར་འགྱུར། མི་དམིགས་པ་ལ་བསྟེན་ནས་ནི། ཤིན་ཏུ་མི་དམིགས་སྐྱེ་བར་འགྱུར། ཞེས་པའི་དོན་ཡིན་གསུང་ངོ་། ༈ །ཐུན་ལ་ཞུགས་ནས་དྲི་བ་བྱ་བ་ནི། གཉིད་ཚད་དུ་བྱུང་ངམ། ཁམས་བདེ་འམ། དམིགས་པ་གསལ་ལམ། གློད་པ་བདེ་འམ། རྗེས་ལ་ལྟ་བ་ལེགས་སམ། ཚོགས་གནས་བདེ་འམ། དྲིས་པ། གཉིད་ཡར་བ་ལ་སོགས་པ་དང་། ཁམས་མི་བདེ་ན་བཅོས་ཐབས་བྱ། དམིགས་པ་མི་གསལ་ན་སྤོས་ལ་གང་གསལ་ལ་བྱ། གློད་པ་ཐུན་མགོ་ལ་མ་བདེ་ན་ཤེས་པ་ཐང་བཅད། ཐུན་ཞབས་ལ་མ་བདེ་ན་འཕྲོ་བཅད། རྗེས་ལ་ལྟ་བ་ལ་གསལ་ཆེ་བ་ཞིག་དགོས། དེ་མ་བྱུང་ན་དཔང་སྟོད། ཚོགས་ལ་མ་གནས་ན་བཅོས་པ་གོང་དང་འདྲ། མར་གྱི་འགྲིབ་བཅུའི་ཞབས་ན་མར། གོང་གི་ལུང་དེ་རྣམས་འཛིན་དུ་བཅུག་ཀྱི་དོན་འགྲོལ་དུ་གཞུག །སེམས་མི་གཟུང་པར་ནམ་མཁའ་མཐའ་འཚོལ་བ་དང་། སེམས་ཕྱོགས་བཅུར་སྤྲོ་བ་ལ་སོགས་པ་ཡང་བྱེད་དུ་གཞུག་གོ། །དེ་རྣམས་ནི་བློ་ཁམས་རབ་ཀྱི་དབང་དུ་བྱས་པའོ། །བློ་ཁམས་འབྲིང་ལ་སོ་ཐུབ་ཏུ་བྱའོ། །བློ་ཁམས་ཐ་མས་ལ་ཐུན་གྲངས་ཉུང་པ་དང་ཐུན་བསྐྱུངས་ལ་བྱའོ། །དེ་ཡང་ཚོགས་གནས་ཀྱི་སྐབས་སུ་རླུང་ཟིན་པས་སེམས་ཟིན་ནས་རླུང་འཁྲུགས་པའི་རྟགས་དང་། ཐུན་གྱི་སྐབས་སུ་ཡང་དང་ཁམས་འཁྲུགས་པའི་རྟགས་བྱུང་ན་བསྒོམ་ངལ་བསོ་སྟེ་བཅོས་དགོས་སོ། །དེ་ཡང་སྤྱི་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ནས་བཅོས་པ་ལོགས་ན་གསལ་ལོ། ༈ །དེ་ལྟར་ཐུན་རྫོགས་ནས་འདི་ངོ་སྤྲོད་དོ། །སེམས་འཛིན་གྱི་ལྟ་བ། སེམས་འཛིན་གྱི་བསྒོམ་པ། སེམས་འཛིན་གྱི་མན་ངག །སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ནོ། །དེ་ལ་ལྟ་བ་ནི་ཡ་ཐ་རྒྱལ་བ་ནས་ཐ་དམྱལ་བ་ཡན་ཆད་ལ་སེམས་གཟུང་དུ་མི་བཏུབ་པ་གཅིག་ཀྱང་མེད། དད་གུས་ཅན་བླ་མ་དང་ཡི་དམ་ལ་བཟུང་པས་ཆོག །ཞེ་སྡང་ཅན་དགྲ་ལ་བཟུང་པས་ཆོག །འདོད་ཆགས་ཅན་འགྲོ་བ་བཟང་པོ་དང་བཟང་མོ་ལ་བཟུང་པས་ཆོག །འདི་ལ་སྐྱེས་པ་བུད་མེད་ཅན། །མཉམ་པའི་རྒྱལ་པོས་ཡོང་མ་གསུང་། །ཞེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ནས་བྱུང་། །ཞེས་སོ། །དེ་ལ་སོགས་ཏེ་གང་ལ་བཟུང་ཀྱང་གཟུང་དུ་བཏུབ་བོ། །དེ་ལ་དགོས་པ་ནི་སེམས་འཛིན་ཕྱོགས་གཅིག་གི་ཞེན་པ་གྲོལ་ནས། གཞན་ཡིད་དམ་ལྷ་འམ་རྩ་རླུང་ལ་སོགས་པ་ལ་གཟུང་ན་ལེགས་ཟེར་བ་བྱུང་ན། སེམས་གང་ལ་གཟུང་དུ་བཏུབ་འདྲ་སྙམ་ནས་ཡིད་མི་འགྱུར་བའི་དགོས་པའོ། ༈ །བསྒོམ་པ་ནི་ཅི་མཐོང་པ་ལ་སེམས་ཡེ་ནས་ཟིན་ནས་འདུག་པས། གང་གནས་པ་དེ་རང་ལ་ཟིན་ནས་ཡོད་པའོ། །དགོས་པ་ནི་སེམས་མ་ཟིན་གྱིས་དོགས་པ་དང་བྲལ། ཤེས་བྱ་ཁ་ཕྱིར་རྒྱུད་དུ་མི་འཆོར། དུས་ཐམས་ཅད་དུ་བསྒོམ་དུ་གནས་པའོ། ༈ །མན་ངག་ནི་ཅིར་སྣང་སེམས་ཡིན་པ་ལ་ཡིན་པར་ཐག་ཆོད་པའོ། །དེའི་དགོས་པ་ནི་སྣང་པ་རང་རྒྱུད་དུ་མི་འཆོར་རོ། ༈ །དེ་རྣམས་བཟུང་ལ་ཉམས་ལེན་འདི་ལ་བྱ་སྟེ། སེམས་འཛིན་ཐབས་ཁྱད་པར་ཅན་ནི། ཤེས་པ་ཡུལ་ལ་འཕྲོ་བ་དགུག་མི་དགོས། དགག་མི་དགོས། ཆེད་དུ་མི་སྤྲོ་ཆེད་དུ་མི་དགུག །གང་འཕྲོས་དེའི་སྟེང་དུ་ཅི་ཙམ་སྡོད་པ་རེ་གཞག །ཡང་དེ་མིན་ཅིག་ཏུ་འཕྲོ་ན་དེ་རང་དུ་ཙན་གྱིས་གཞག་གོ། །དེ་ཡང་གཏོར་མ་ལྟ་བུ་མཐོང་ན་གཏོར་མ་ལྟ་བུ་ལ་ཇི་ཙམ་གནས་པ་དེ་གཞག །དེ་ནས་ཀ་པ་ལི་ལྟ་བུ་ལ་འཕོས་ན་མི་དགག་པར་དེ་རང་ལ་གཞག་གོ། །སྣང་བ་ཐམས་ཅད་འདྲེས། སྒྲ་དང་དྲི་དང་རོ་དང་རེག་གང་ལ་ཡང་དེས་འདྲེ། དགོས་པ་ཅི་ཡོད་ན་སྣང་བ་དང་བསྒོམ་པ་འདྲེས། མཐོང་ཐོས་ལ་སོགས་པ་བསྒོམ་པར་མ་གྱུར་པ་མེད་དོ། ༈ །ད་ནི་བསྒོམ་པ་སྤྱོད་ལམ་ལ་གདབ་པ་བསྟན་ཏེ། གོང་གི་ཚིག་ཚོའི་དྲི་བ་ཡང་བྱ། ཉམས་ལེན་འདི་ལྟར་བྱ་སྟེ། ཁ་ཡན་ནས་བསྒོམ་འོང་ངམ་མི་འོང་སྙམ་པ་བྱ་མི་དགོས་འོང་ངེས། རང་ལ་ཡོད་པ་ངོ་སྤྲོད། ཇི་འདྲ་ཡོད་སྙམ་པ་བྱ་མི་དགོས་འདི་ཡིན་བྱ་བ་ངོ་སྤྲོད་བྱ་བ་ཁ་ནས། རང་གི་སེམས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པའི་ཤེས་པ་ས་ལེ་སང་ངེ་བ་འདིའོ། །ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན། །ཞེས་སོ། །དེ་བསྒོམ་པ་ཡིན་པས་སྤྱོད་ལམ་ལ་གདབ་སྟེ། ཟ་བ་ཡང་སྟོང་གསལ་ནམ་མཁའ་ལྟ་བུ། འགྲོ་ཡང་སྡོད་ཀྱང་ཉལ་ཡང་འབྲལ་མེད་དུ་ཉམས་སུ་བླང་ངོ་། །ཟའི་ཡང་དེ་དང་འབྲལ་ཡང་མི་འབྲལ་ལྟ། རེས་མགྱོགས་པར་ཕྱིན། རེས་བུལ་བར་ཕྱིན། རེས་འཕྱོང་རེས་རྒྱུགས་ཀྱི་ཡང་དེ་དང་འབྲལ་ལམ་མི་འབྲལ་ལྟ། སྔར་གྱི་མཚན་བཅས་ཀྱི་ཆོས་སྤྱོད་ཚོགས་ཀྱང་གསལ་སྟོང་འཛིན་མེད་ཀྱི་ངང་དང་མ་བྲལ་བར་སྤྱད་དོ། །དགོད་པ་དང་ངུ་བ་དང་གླེང་མོ་ལ་སོགས་པ་ཅི་བྱེད་ཀྱང་མ་བྲལ་བར་འདུག་ན་བསྒོམ་པ་སྤྱོད་ལམ་ལ་ཐེབས་པའོ། །དེ་ལྟར་མ་ཐེབས་ན་ཤེས་པ་ཐང་བཅད་ལ་གོམས་འདྲིས་ཆེར་བྱའོ། །དེ་ལྟར་སྤྱོད་ལམ་བཞི་ཀ་ལ་བཏབ་ཀྱི་ཉམས་ལེན་དྲག་ཏུ་བྱ། ཐ་མ་ཡང་ཐུན་བཞི་ལ་ཆག་ཐབས་མེད་གསུང་ངོ་། །ད་ལྟ་བ་ཐབས་ཀྱི་བཟུང་པ་ལེའུ་དང་པོའོ།། ༈ །།ད་ནི་ལྟ་བ་ཉམས་སུ་མྱོང་བ་སྟོན་ཏེ། དེ་ལ་ཆོས་སྤྱི་ལྟོ་དང་བསྟུན་པའི་ཉམས་རིམ་པ་ལྔ། སེམས་ཟིན་པ་རྟགས་ཀྱི་ཉམས་དྲུག །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལྔ། ཤེས་རབ་ཤས་ཆེ་བའི་ཉམས་ལྔའོ། ༈ །དེ་ལ་དང་པོ་ལྔ་ནི། དང་པོ་གཡོ་བའི་ཉམས་ནི་རི་གཟར་གྱི་ཁ་ནས་ཆུ་འབབ་པ་བཞིན་དུ། ཤེས་པ་རྣམ་རྟོག་གི་སྟེང་དུ་འབོའ་ཞིང་འགྱེས་པ་འོང་སྟེ། རེས་གཞག་ཀྱང་མི་སྡོད་པར་བུན་བུན་འགྲོ། རེས་མ་གཞག་ཀྱང་མེ་རེ་སྡོད་པ་འོང་ངོ་། །དེ་ཉམས་སུ་ཅང་འགྲོ་འམ་ཞེ་ན། སྔར་རྟོག་པ་ལ་འགྲོ་བ་ལ་འགྲོ་བར་མ་ཤེས་ལ། ད་དེ་ལྟར་ཤེས་པས་ཉམས་སུ་འགྲོ་བ་ཡིན་ནོ། །ཐོབ་པའི་ཉམས་ནི་རང་གི་ཤེས་པ་ཐང་ཆོད་ན་བྱིང་རྒོད་ཀྱི་དབང་དུ་མི་འགྲོའོ། །དེའི་དུས་སུ་ཏིང་ངེ་འཛིན་གྱི་རོ་ཆགས་ཀྱང་འབྱུང་ངོ་། །ཡལ་རྒྱུ་མེད་ཀྱང་ཡལ་སྙམ་བྱེད། འཆོར་རྒྱུ་མེད་ཀྱང་འཆོར་བ་སྙམ་བྱེད། གོམས་པའི་ཉམས་ནི་རིང་གི་ཤེས་པ་བཏང་སྙོམས་སུ་གཞག་པས། གཟུགས་སྒྲ་ལ་སོགས་པའི་རྐྱེན་མེད་ན་མི་འཕྲོ་བའོ། །བརྟན་པའི་ཉམས་ནི་རྐྱེན་དབང་དུ་མི་འགྲོ་སྟེ། རྐྱེན་བྱུང་ཡང་མི་གནོད་པའོ། །མཐར་ཕྱིན་པའི་ཉམས་ནི་ར་རོ་བ་དང་། བརྒྱལ་བ་དང་གཉིད་དུ་སོང་བའི་དུས་སུ་ཡང་བསྒོམ་དུ་བྱུང་ངོ་། ༈ །སེམས་འཛིན་གྱི་ཉམས་དྲུག་ལ། ལྕགས་དབུབས་སུ་འདུས་པ་ལྟ་བུ་ནི། དཔེར་ན་ཆུ་ཡུར་བར་འགྲོ་འཕྲོ་ལ། ལྕགས་སྦུབས་ཀྱིས་རྔུབས་པས་ཡར་ཁྱིལ་གྱིས་འོང་པ་བཞིན་དུ། གོང་དུ་རིག་པ་ཡུལ་ལ་ཡན་པ་དེ་ཁྱིམ་གྱིས་སྡོད། འདུས་པ་ལ་འདུས་པར་ཚོར་བའོ། །མེ་སྟག་འཕྲོ་བ་ལྟ་བུ་ནི། མུན་ཁུང་དུ་མེ་སྟག་འཕྲོས་པས་སྣང་བ་ཀམ་ཀེམ་གསལ་བ་བཞིན་དུ། སེམས་མི་འཕྲོ་བར་མི་རྟོག་པ་ཀམ་ཀེམ་འཆར་བའོ། །བྱེ་ཕྲུག་ལ་སེར་བུས་རྒྱབ་པ་ལྟ་བུ་ནི། དཔེར་ན་བྱེ་ཕྲུག་མའི་གཤོགས་པའི་འོག་ན་ཡོད་ཙ་ན་བདེ་འབོལ་ལེ་བཞིན་དུ། འོ་མའི་ཁ་ཕྲུས་བཏབ་པ་ལྟར་བདེ་འབོལ་ལེ་བ་འབྱུང་ངོ་། །མ་གཞན་ལ་སོང་པས་བྱེ་ཕྲུག་ལ་སེར་བུས་རྒྱབ་པས་འདར་བ་བཞིན་དུ། རླུང་ཟིན་པས་ལུས་འདར་བ་དང་འཕར་བ་དང་སྤྲུག་པ་ལ་སོགས་འབྱུང་ངོ་། །རུས་སྦལ་འཁར་གཞོང་དུ་བཞག་པ་ལྟ་བུ་ནི། རུས་སྦལ་འཁར་གཞོང་དུ་བཞག་པས་འཁུངས་ཀྱང་མ་ཐར་བར་ཙེ་ནེ་སྡོད་པ་བཞིན་དུ། རིག་པ་འཕྲོས་ཀྱང་གཟུངས་མ་རྙེད་པར་ཙེ་ནེ་གནས་པའོ། །རྒུན་འབྲུམ་བརྡལ་པ་ལྟ་བུ་ནི། དཔེར་ན། རྒུན་འབྲུམ་ཉི་མ་ལ་གྲོས་པས་ཞུ་སྟེ། ཞོ་རྐྱལ་ལྟར་མེ་རེ་གནས་པ་བཞིན་དུ། རིག་པ་མེ་རེ་གང་དུ་ཡང་མི་འཕྲོ་བར་གནས་པའོ། །རྩི་ཤིང་གི་ཁ་ནས་རླུང་འཕྱོ་བ་ལྟ་བུ་ནི། དཔེར་ན་རླུང་གིས་རྩི་ཤིང་བསྐྱོད་པས་ཤུ་ཤུ་འདུག་ཀྱང་། རླུང་ལ་རང་བཞིན་མེད་པས། ཤིང་གར་ཡང་མ་སོང་བ་བཞིན་དུ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་སྣང་ཡང་གནོད་པ་མ་སྐྱེལ་ཏེ། གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲགས་སྟོང་དྲི་ཚོར་སྟོང་རོ་བྲོ་སྟོང་། རེག་སྟོང་དབྱེར་མེད་དུ་ཤེས་པའོ། ༈ །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལྔ་ནི། ཤིན་ཏུ་སྦྱངས་པས་འཇམ་རྩུབ་གཉིས་ཀྱིས་ལུས་སེམས་ལ་ཆེར་ཁྱབ་པ་སྟེ། སྦྱངས་པ་འཇམ་པ་ནི་ལུས་ལ་འོ་མའི་ཁ་ཕྲུལ་བཏབ་པ་ལྟར་བདེ་འབོལ་ལེ། རྩུབ་པ་ནི་འདར་བ་དང་སྤྲུགས་པ་སོགས་པ་དེ་གཉིས་ཀྱི་ལུས་སེམས་ལ་ཆེས་ཁྱབ་པ་དང་། ཉམས་མྱོང་དེ་འཛིན་ཆེ་ཞིང་མི་རྟོག་པ་མཐུག་ལ་བརྟན་པ་དང་། ཉམས་དེ་གདམ་པའམ་སྦྲིད་པ་སྙམ་བྱེད་དེ་གཏང་དཀའ་བ་དང་། ལུས་སེམས་འཇིག་རྟེན་གྱི་བྱ་བའི་ཕྱོགས་སུ་བསྐོལ་དུ་མི་འདོད་པ་དང་། རྟོག་པ་བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་རིག་པ་མི་འབྲང་བའོ། ༈ །ཤེས་རབ་ཤས་ཆེ་བའི་ཉམས་ལྔ་ནི་རྟོག་པ་འདི་ཡིན་གྱི་ངོས་གཟུང་གི་རྣམ་པ་མེད་ལ། ཡིད་ཀློང་ཀློང་བའི་གཡོ་བག་ཅན་དུ་འདུག་པ་དང་། ཆོས་ཀྱི་དོན་ལ་རྟོག་དཔྱོད་གཉིས་ཀྱི་ཤས་ཆེ་བར་འབྱུང་བ་དང་། ཐམས་ཅད་སེམས་སྟོང་གསལ་དུ་འདུག་པ་ལ་ཏིང་ངེ་འཛིན་བྱ་སྒྱུ་མ་དེ་འདུག་སྙམ་ནས་ཏིང་ངེ་འཛིན་དུ་མི་འཇུག་པ་དང་། ཆོས་ཀྱི་སྣང་བ་སྔར་མ་ཤེས་པ་དང་། མི་ཤེས་པའི་ལུང་ཟབ་མོ་ཡང་འཆར་བ་དང་། སྣང་སྤྱོད་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་ཤེས་ཤིང་རྟོག་པ་འབྱུང་ངོ་། །དེ་ལྟར་ཉམས་ཀྱི་རིམ་པའི་དེ་རྣམས། ཕར་ཆེར་ཉམས་སུ་ལེན་པའི་དུས་སུ་ཁྱེད་རང་ལ་སྐྱེས་ནས་ཡོད་པ་ངོས་ཟིན་པར་བྱའོ། །དེ་རྣམས་སྐྱེས་ན་ལྟ་བ་ཉམས་སུ་མྱོང་བ་ཡིན་ནོ། །ཐ་མ་ལ་ཡང་འགའ་ཟུང་མི་སྐྱེ་མི་སྲིད་དོ། །དེ་ནི་ལྟ་བ་ཉམས་སུ་མྱོང་བའི་ལེའུ་གཉིས་པའོ།། ༈ །།ད་ནི་ལྟ་བ་ངོ་སྤྲོད་པའི་གདམས་ང ག་ནི་གསུམ་ལས། སངས་རྒྱས་ཀྱི་མཚན་ཚོ་ངོ་སྤྲད་པ་ནི། དེ་ཡང་རང་གི་རིག་པ་གསལ་སྟོང་འདི་ངོ་སྤྲད་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་གཅིག་ལ་མཐོང་སྟེ། རྡོ་རྗེ་སེམས་དཔའ་ནི་རིག་པ་གསལ་ལ་རྟོག་པ་མེད་པ་འདི་ཀ་ཟེར་ཏེ། དེ་འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་རྡོ་རྗེ་སེམས་དཔའོ། །དེ་ལས་དགོས་འདོད་འབྱུང་བས་རིན་ཆེན་འབྱུང་ལྡན། རིག་པ་བྱང་ཆུབ་སེམས་ཀྱི་སྣང་བ་དེ་མཐའ་ཡས་པས། དེས་བདག་གཞན་གྱི་དོན་གྲུབ་པས་དོན་ཡོད་གྲུབ་པ། ཐམས་ཅད་རང་གི་སེམས་ཉིད་ཀྱི་རྣམ་པར་སྣང་བས། རྣམ་པར་སྣང་མཛད། དེས་བདུད་བཞི་ཐུབ་པས་ཤཱཀྱ་ཐུབ་པ། འགྱུར་བ་མེད་པས་ཕྱག་ན་རྡོ་རྗེ། དེ་སྡུག་བསྔལ་གྱི་ཟུག་རྔུ་དང་བྲལ་བས་འཇམ་དཔལ། རིག་པའི་རྩལ་སྣང་ཅིར་ཡང་འཆར་བས་ཐུགས་རྗེ་ཆེན་པོ། ཕྱོགས་གང་དུ་ཡང་མི་གཡོ་བས་མི་གཡོ་བ། དེ་ལ་སོགས་ཏི་ཞི་བ་ཐམས་ཅད་རྣམ་རྟོག་ཞི་བ། ཁྲོ་བོ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། སྐུ་མདོག་ནག་པོ་ཐམས་ཅད་སེམས་ཉིད་མི་འགྱུར་བ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེ་ཆགས་པ། དཀར་པོ་སྐྱོན་གྱིས་མ་གོས་པ། ཕྱག་མཚན་མཚོན་ཆ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། དེ་ལ་སོགས་ཏེ་སངས་རྒྱས་ཀྱི་མཚན་ཐམས་ཅད། རང་གི་སེམས་ཉིད་ཡིན་ཏེ། སངས་རྒྱས་ཐམས་ཅད་དུ་རང་སེམས་ཤར་བར་ཤེས་པའོ། །དེ་ལྟར་ཤེས་པས་རང་སེམས་རྟོགས་པས་སངས་རྒྱས་ཐམས་ཅད་ཞལ་དུས་གཅིག་ལ་མཐོང་བའི་དགོས་པ་ཡོད་དོ། །ཆོས་ཀྱི་མཚན་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཞེས་བྱ་བ་ཡང་སེམས་རང་གསལ་རྟོག་མེད་ལས་གཞན་མེད་དེ། འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའ། མཐའ་དབུས་མེད་པས་ནམ་མཁའ། གོང་ནས་མེད་པ་ཆེ་བའོ། །ཆོས་ཐམས་ཅད་ཀྱི་བྱེད་པ་རང་སེམས་ཡིན་པས་ཀུན་བྱེད། ཐམས་ཅད་ཟིལ་གྱིས་གནོན་པས་རྒྱལ་པོ། དེ་ངོ་མཚར་བས་རྨད་དུ་བྱུང་བ། རྟོགས་ན་འཁོར་བ་རང་སར་དག་པས་འཁོར་བ་རྩད་གཅོད། ཐམས་ཅད་དེ་རུ་འདུས་པས་མདོ་བཅུ། འགྱུར་བ་མེད་པས་རྡོ་རྗེ། རྟོགས་ན་འཁོར་བ་རྣམས་འཇོམས་པས་རྣམ་འཇོམས། ཡེ་ནས་གནས་པའི་དོན་ཤེས་པས་འདའ་ཀ་ཡེ་ཤེས། དེ་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་པར་བཟང་པོ་སྤྱོད་པ། གསལ་ལ་རྟོག་པ་མེད་པ་ལ་ལྟུང་བ་མི་གནས་པས་བྱང་ཆུབ་ལྟུང་བཤགས། མ་ནོར་བའི་དོན་ཤེས་པས་ཤེས་རབ། བཅུད་འདུས་པས་སྙིང་པོ། ཐམས་ཅད་སེམས་ལས་ལོགས་པ་མེད་པར་སྡུད་པ། ཟུག་རྔུ་དང་བྲལ་བས་འཇམ་དཔལ། མཐའ་དང་བྲལ་བས་དབུ་མ། སེམས་སུ་འདུས་པས་སེམས་ཙམ། སྒྲིབ་གཡོགས་མེད་པས་མངོན་པ། གཉེན་པོ་ཡིན་པས་འདུལ་བ། ཐམས་ཅད་འདུས་པ་མདོ་སྡེ། ཐམས་ཅད་འབྱུང་པས་མ་རྒྱུད། ཐམས་ཅད་བསྐྱེད་པས་ཕ་རྒྱུད། དེ་ལ་སོགས་ཏེ་ཆོས་ཐམས་ཅད་ཀྱི་མཚན་ཇི་ལྟར་བརྟགས་ཀྱང་། རང་སེམས་གསལ་རྟོག་མེད་པ་འདི་ཉིད་དོ། །དེས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གནས་པའི་དགོས་པ་ཡོད་དོ། ༈ །ཆོས་སྤྱི་ལྟོ་གུང་མཐུན་དུ་ངོ་སྤྲད་པ་ནི། ངང་སྐྱེ་མེད། སེམས་ཉིད་ངོས་བཟུང་དང་བྲལ་བ་འདི་ཉིད། རང་བཞིན་འགག་མེད། སྣང་བ་ཆོས་ཉིད་བདག་ཉིད། དེ་གཉིས་སུ་མེད་པའོ། །རང་བཞིན་སྐྱེ་མེད། སེམས་ཉིད་ངོས་བཟུང་དང་བྲལ་བ། རོལ་པ་འགག་མེད། རང་སྣང་། མཚན་ཉིད་གཉིས་མེད། དེ་གཉིས་སུ་མེད་པ། བློ་ངོ་བོ་ཉིད་དུ་གྲོལ་བ། ཡུལ་ཡུལ་ཅན་མེད་པར་རང་གྲོལ་བའོ། །བྱང་བ་སྐྱེ་མེད། ངོས་གཟུང་དང་བྲལ་བ། ཆུབ་པ་འགག་མེད། རང་སྣང་པ། སེམས་གཉིས་མེད་དོ། །གཞི་ལྷུན་གྱིས་གྲུབ་པ་ངོས་གཟུང་དང་བྲལ་བ། ངོ་བོ་ངེས་པ་མེད་པ་རང་སྣང་བ་ལམ་སྐྱེ་བ་མེད་པ་གཉིས་སུ་མེད་པ། བདག་ཉིད་ཐོག་མཐའ་དང་བྲལ་བ་རང་གྲོལ་ལོ། །བཅོམ་པ་སེམས་ཉིད་ངོས་གཟུང་དང་བྲལ་བ། ལྡན་རང་སྣང་། འདས་གཉིས་མེད་དོ། །ཨ་སྐྱེ་མེད་ངོས་གཟུང་བྲལ་བ། ཏི་འགག་མེད་པར་སྣང་ཡོ་ག་གཉིས་སུ་མེད་པའོ། །དེ་ལྟར་གཏན་ཚིགས་སམ་མཚོན་བྱེད་ཀྱི་ཚིག་ཇི་ལྟར་བཏགས་ཀྱང་། སྣང་སྟོང་གཉིས་མེད་འདི་མཚོན་པ་ལ་གཞན་མེད་དེ། དེས་ཆོས་གཅིག་ཤེས་ཀུན་ལ་མཁས་པའི་དགོས་པ་ཡོད་དོ། ༈ །གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་སྤྲད་པ་ནི། བཞི་སྟེ། སྣང་པ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། སྣང་བ་སེམས་སུ་ངོ་སྤྲད་པ་ནི། སྣང་བ་ནི་འཁོར་འདས་གཉིས་ཏེ། འཁོར་བ་ནི་ཕྱི་སྣོད་འབྱུང་བ་ལྔར་སྣང་བ་དང་། ནང་བཅུད་རིགས་དྲུག་ཏུ་སྣང་བ་དང་། རང་གི་རྒྱུད་ལ་སྐྱེ་བ་དུག་ལྔ་དང་། དུག་གསུམ་དུ་སྣང་བའོ། །འདས་པའི་སྣང་བ་སྐུ་དང་ཡེ་ཤེས་སྣང་བའོ། །བལ་ལམ་པའི་སྣང་པ་གཞན་དུ་གསུང་། འདིར་མི་གསུང་། དེ་སེམས་སུ་ངོ་སྤྲད་པ་ལ། འབྱུང་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། རིགས་དྲུག་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། དུག་ལྔ་དུས་གསུམ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། ལམ་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པའོ། །དེ་འབྱུང་དུ་ངོ་སྤྲད་པ་ནི། ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ལ། སྟོང་གསལ་གྱི་ངང་ལ་གློད། དེའི་ངང་ལས་ཆུ་ཆེན་པོ་བྲུག་ནས་བྱུང་སྟེ། སྣང་སྲིད་ཐམས་ཅད་ཆུས་ཁེངས་ཏེ་རང་ཡང་ཁྱེར་ལ་ཁད་པ་ཆེད་དུ་བསྒོམ། དེའི་ངང་ལ་གློད། དེ་ནས་མེ་དང་རླུང་དང་ས་དང་ནམ་མཁའ་ཡང་ཡང་། དེ་བཞིན་དུ་སེམས་དྲག་ཏུ་གདབ་ཀྱི་གློད། དེ་ལྟར་འབྱུང་བ་ལྔར་ཀྱང་རང་སེམས་མ་བཅོས་པ་དེ་ཉིད་དེ་ལྟར་སྣང་བ་ཡིན་ནོ། ༈ །རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། སེམས་མ་བཅོས་པར་གློད་པའི་ངང་ལས། གྲངས་པའི་དམྱལ་བ་ལུས་བུ་ཆུང་ལྟ་བུ་ལ་གོས་མེད་པར་འཁྱགས་པས། ལུས་ལ་ཆུ་བུར་དང་། ཆུ་བུར་རྡོལ་པ་དང་། སྐད་ཀྱི་ཧུད་ཅེས་ཟློས་པ་དང་། ཨ་ཆུ་ཟེར་བ་དང་། སོ་ཨོག་མ་ལ་འཐམས་པ་དང་། ལུས་ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་ཆེར་གས་པ་དང་། ཚ་བའི་དམྱལ་བ། ལྕགས་ཀྱི་ཁང་རོམ་འབར་བ་ན། དམྱལ་བ་རིའི་བར་དུ་འཆར་བ་དང་། ཐིག་ནག་པོས་བཏབ་ནས་སོ་ལེས་འགྲ་བ་དང་། ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བ་ལ་བཞག་ནས་ལྕགས་ཀྱི་ཐོ་བས་རྡུལ་དུ་བུན་བུན་བརྡུང་བ་དང་། ལྕགས་ཀྱི་ཤ་ལ་མ་རི་ལ་ངུ་ཞིང་འབོད་པ་པས་ཡར་འགྲོ་མར་འགྲོ་བྱེད་པ་དང་། ཟངས་རྒྱ་ཁལ་ཚད་མའི་ནང་དུ་འཚད་ཅིང་སྙིང་ལ་མེ་རབ་འབར་བ་ལ་སོགས་པ་ཆེད་དུ་བསྒོམས་ལ་གློད་དོ། ༈ །དེའི་ངང་ལས་ཡི་དྭགས་ཀྱི་གནས། ལུས་དང་དབང་པོ་མི་འཚམས་པ་དང་། ལྟོགས་པ། རིད་པ། སྐམས་པ། གསུས་པ་རྒལ་ཚིགས་ལ་འབྱར་བ། ཤིན་ཏུ་སྡུག་པ་བསྒོམ་མོ། ༈ །གློད། ཡང་དེའི་ངང་ལས། དུད་འགྲོའི་གཟུགས་དང་། སྤུ་ཐོག་དང་བྱེ་བྲག་མི་འདྲ་བ་མང་པོ་གཅིག་ལ་གཅིག་ཟ་བ་དང་། ལ་ལ་ནི་མ་ནུས་བཞིན་དུ་འཁོལ། ལ་ལའི་སྣ་འབིགས། ལ་ལའི་སྤུ་འབྲེགས་པ་ལ་སོགས་པ་ཆེད་དུ་བསྒོམ་ལ་གློད་དོ། ༈ །དེའི་ངང་ལས་མིའི་གནས། རི་མཐོ་བ་གང་རིས་བསྐོར་བ། དེའི་འདབ་ན་སྤང་དང་ནགས་ཡོད་པ། རི་ཐང་མཚམས་ན་ནེ་བསེང་ལ་རྟ་ཕྱུགས་མང་པོ་ཡོད་པ། ཐང་ལ་ཞིང་བཟང་པོ་ཡོད་པ་ཆུ་ཆེ་བ། རི་ཐང་མཚམས་ན་མཁར་ཁྱིམ་ཅན་བཟང་པོ་ཡོད་པ། ཁྱིམ་ཐམས་ཅད་ཀ་ཆ་ཤིན་ཏུ་ཕྱུག་པ། གོ་ཁ་ཐམས་ཅད་ཟངས་སྤྱད་དུ་ཁྲ་ལེ་བ། སྐྱེས་པ་དང་བུད་མེད་ཐམས་ཅད་གོས་དང་རྒྱན་ཕུན་སུམ་ཚོགས་པ་ལས། ན་མ་ལན་ཅིག་དྲག་གྲགས་ཏེ་མ་འཆམས་ནས་འཁྲུག་པ་བྱས་པས། མི་བསད་ནོར་ཟད། ཁང་ཁྱིམ་འགྱེལ་ཤིན་ཏུ་སྡུག་བསྔལ་བ་ལ་སོགས་པ་ཆེད་དུ་བསྒོམས་པ་ཡང་གློད། ༈ །དེའི་ངང་ལས་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟངས། ལྷའི་བདུད་རྩི། མེ་ཏོག་གི་ཆར་འབབས་པ། ཕོ་མོ་ཐམས་ཅད་གཟུགས་བྱད་ཤིན་ཏུ་ལེགས་པ། ལུས་ལ་འོད་ཡོད་པ། རྒྱན་དང་བཅས་བསྡར་ཤིན་ཏུ་ཐོ་བ། གླུ་དང་རོལ་མོ་ལ་ཤིན་ཏུ་དགའ་བ། དཔེར་ན་ལྟད་མོ་ཆེན་པོ་ལྟ་བུ་གཅིག་བསམ། ཡང་གློད་དོ། ༈ །དེའི་ངང་ལས་ལྷའི་གནས། འཐབ་ཅིང་རྩོད་པ་འཁྲུགས་པ་འབའ་ཞིག་བྱེད་པ། ལ་ལ་ནི་རྨས། ལ་ལ་ནི་བསད། ལ་ལ་ནི་འདེད། ལ་ལ་ནི་འབྲོས། དཔེར་ན་འཁྲུགས་པ་ཆེན་པོའི་ཚམས་ལྟ་བུ་བསམས་ལ་ཤེས་པ་དྲག་ཏུ་གཏད། དེ་ནས་ཡང་རྟོག་མེད་ཀྱི་ངང་ལ་ལྷྭད་ཀྱིས་གློད་ལ་གཞག་གོ། ༈ །འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། དེའི་ངང་ལ་འོག་མིན་གྱི་གནས་ལྷའི་གཞལ་ཡས་ཁང་། རིན་པོ་ཆེ་ལྔ་ལས་གྲུབ་པ། ནང་ནས་བལྟས་པས་ཕྱི་གསལ་ཕྱི་ནས་བལྟས་ན་ནང་གསལ་བའི་ནང་ན། རིན་པོ་ཆེའི་གདན་སྟེངས་ན། ལྷ་རུམ་མེ་བཞུགས་པ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལྷ་ཁང་གསལ་པ་ལྟ་བུ་ཆེད་དུ་བསྒོམ། དེའི་ངང་ལས་གསལ་ལ་རྟོག་མེད་ལ་གློད་གཞག །དེ་ལྟར་སྟོང་གསལ་གྱི་ངང་ལས་འབྱུང་ལྔ་རིགས་དྲུག་ལ་སོགས་པ་གང་བསྒོམ་སུ་སྣང་སྟེ། སྣང་བའི་དུས་ན་དེ་རྣམས་ལོགས་ན་མེད་དེ་རྟོག་མེད་དེ་ཉིད་དེ་ལྟར་བསམས་པས་སྣང་བ་ཡིན་ནོ། །མཚོན་ནས་ཕྱི་སྣོད་འབྱུང་བ་ལྔ་རུ་འཛིན་པ། ནང་དུག་ལྔ། འདས་དུས་རྟོགས་པ་རུ་འཛིན་པ། ལམ་ལྟ་བསྒོམ་ལ་སོགས་སུ་འཛིན་པ་ཐམས་ཅད་སེམས་ཉིད་རྟོག་མེད་དེ་ཀ་དེ་ལྟར་སྣང་བ་ཡིན་ནོ། །སེམས་ལས་མ་གཏོགས་པའི་དེ་རྣམས་ལོགས་ན་གྲུབ་པ་མེད་དེ། དེ་ལས་ལོགས་པ་འདུག་པ་ན་གང་ན་འདུག་ཇི་འདྲ་འདུག །རང་སེམས་མེད་པའི་འབྱུང་བ་ལྔ་གང་ན་འདུག །འགྲོ་དྲུག་གང་ན་འདུག །དུག་ལྔ་དུས་གསུམ་རྟོག་པ་གང་ན་འདུག །སངས་རྒྱས་སྐུ་དང་ཡེ་ཤེས་གང་ན་འདུག །ལམ་པའི་ལྟ་མཁན་བསྒོམ་མཁན་ཆོས་ཉན་མཁན་བཤད་མཁན། ཡི་གེ་འབྲི་མཁན། གློག་མཁན་གང་ན་འདུག་ལྟོས་དང་། དེ་ལས་ལོགས་པ་གཅིག་འདུག་ན་འདི་ཡིན་བྱ་བ་སྨྲོས་བྱས་ལ། གཞིག་མལ་རྟོག་སྤྱོད་དྲག་ཏུ་བྱེད་དུ་བཅུག་ལ། སྣང་བ་སེམས་སུ་ངོ་མ་ཕྲད་ཀྱི་བར་དུ། ཚིག་གི་སྒྲོས་ཞིབ་མོ་མི་དགོས་དོན་གོ་བླངས་ཀྱི་ངོ་སྤྲད། གཞན་ཡང་གདབ་པའི་ལུགས་ཀྱིས་སྣང་སྲིད་ངེས་མེད་ལ་སོགས་པ་དང་། སྙན་རྒྱུད་ཆེན་པོའི་རྨི་ལམ་གྱི་དེ་བས་ངོ་སྤྲད་པ་ལ་སྩོགས་པ་དང་། དཔེ་དང་ལུང་དུ་མའི་མགོ་ནས། འབྱུང་བ་ལ་སོགས་པ་ཕྱི་རོལ་དུ་མ་ལུས། སེམས་ནང་མ་ལུས་སྣང་སེམས་ཁྲུག་གེ་བ་འདི་ངོ་མ་འཕྲོད་ཀྱི་བར་དུ་སྤྲད་དོ། །རྒྱུད་ལ་ཡང་དེ་ལྟ་བུ་ཅིག་སྐྱེ་དགོས་སོ། ༈ །སེམས་སྟོང་པར་ངོ་སྤྲད་པ་ནི། སྣང་པ་སེམས་སུ་ངོ་སྤྲད་ནས་སེམས་ཀྱིས་སེམས་ལ་བལྟས་པས་ཁ་དོག་གི་ངོས་ནས་དཀར་དམར་དུ་གྲུབ་བམ། གྲུ་བཞི་ཟླུམ་པོ་ལ་སོགས་པའི་དབྱིངས་སུ་གྲུབ་བམ། མཚན་གྱི་ངོས་ནས་ཕོ་མོ་མ་ནིང་དུ་གྲུབ་བམ། གནས་པ་གང་ན་འདུག་བྱུང་བ་གང་ན་འདུག །འགྲོ་ས་གང་ན་འདུག །རྟོགས་དཔྱོད་ཞིབ་དུ་མཐོང་། དེ་ལྟར་རྟོགས་པར་བྱེད་པའི་མཁན་པོ་དེ་རང་ལ་ཡང་ངོས་གཟུང་འདུག་གམ་མི་འདུག་ལྟོས། སྣང་ཞིང་སྲིད་པ་འབྱུང་པ་ལྔ། རིགས་དྲུག་རང་གི་རྒྱུད་ལ་སྐྱེ་བའི་དུག་ལྔ། དུས་གསུམ་རྟོག་པ་དུས་གསུམ་སངས་རྒྱས། ལམ་ལྟ་བསྒོམ་ལ་སྩོགས་པ་ཐམས་ཅད་རང་བཞིན་གྲུབ་པ་འདུག་གམ་མི་འདུག་ལྟོས་ཤིག་བྱས་ལ། དེ་ལྟར་མ་ཤེས་ཀྱི་བར་དུ་དཔེ་དོན་དུ་མའི་སྒོ་ནས་ངོ་སྤྲད་དོ། ༈ །སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་བ་རང་སྣང་འདུག་པ་དེ་དང་། སེམས་ཉིད་ངོས་གཟུང་དང་བྲལ་བ་དེ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག་གཞིག་མལ་རྟག་སྤྱོད་ཐོང་དང་བྱས་ལ། ཅིར་སྣང་རང་སེམས་སྣང་། སྣང་སྡོ་བའི་དུས་ན་ངོས་གཟུང་དང་བྲལ། ངོས་གཟུང་དང་བྲལ་བ་དེ་ཉིད་རང་སྣང་སྟེ། དེ་གཉིས་ཚིག་ཏུ་རེ་མོས་བརྗོད་ཀྱང་དོན་ལ་གཅིག་ཏུ་གོ་སྟེ་སྣང་སྟོང་དབྱེར་མེད་དུ་ངོ་མ་འཕྲད་བར་དུ་སྤྲད་དོ། །དེ་ཡུལ་གཉིས་མེད་དང་ཡུལ་ཅན་བློ་གཉིས་སུ་མེད་ན་རང་གྲོལ་ཟིན་པས་གཉིས་མེད་རང་གྲོལ་དུ་ངོ་སྤྲད་མི་དགོས། དེ་ལྟར་གཉིས་མེད་དེ་ཡུལ་ཅན་ཆོས་ཉིད་དུ་བྱས་ནས་བློས་བསྒོམ་མོ། ༈ །གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། གཉིས་མེད་ཡུལ་དུ་བྱས་ནས་ལྟ་ཞིང་བསྒོམ་ན་བསྒོམ་མཁན་དེ་སུ་རུ་འདུག་ན་རང་སེམས། སེམས་དེ་ངོས་བཟུང་དང་བྲལ་ཏེ་སྟོང་པ། དེ་སྣང་སྟོང་དབྱེར་མེད་རང་གྲོལ་ཆེན་པོར་ངོ་སྤྲད་དོ། ༈ །དེ་ལྟར་ངོ་སྤྲད་པས་ཐག་ཆོད་བཞི་ནང་ནས་སྐྱེས་ཏེ། སྣང་བ་སེམས་སུ་ངོ་སྤྲད་པས་སྣང་བ་སེམས་སུ་ཐག་ཆོད་དེ། སྣོད་འབྱུང་བ་ལྔ་ཡང་རང་སེམས། བཅུད་རིགས་དྲུག་སེམས་ཅན་ཡང་རང་སེམས། དུག་ལྔ་དང་དུས་གསུམ་རྟོག་པ་ཡང་རང་སེམས། ལྟ་བསྒོམ་ལ་སོགས་པ་ཡང་རང་སེམས་སུ་ཐག་རྦད་ཀྱིས་ཆོད་དོ། །སེམས་ལ་སོགས་པའི་སྣང་བ་ཕྱི་ནང་རོལ་དུ་མ་ལུས། སེམས་ནང་དུ་མ་ལུས། སྣང་སེམས་ཁྲུ་གེ་བ་གཅིག་འབྱུང་པའོ། །དེ་ལྟར་རང་སྣང་ཡུལ་མེད་དུ་ཐག་ཆོད་པས། རང་སྣང་རིས་མེད་དུ་འཆར་ཏེ། བག་བན་དང་། རང་ཤར་གླང་མགོ་བ་གཉིས་ཀ་རང་སྣང་ཡིན་པས་རིས་མེད་དོ། །དེས་འཁོར་འདས་བཟང་ངན་ལ་སོགས་ཀུན་ལ་འདྲེའོ། ༈ །སེམས་སྟོང་པར་ངོ་སྤྲད་པས་སེམས་སྟོང་པར་ཐག་ཆོད་དེ། སྣོད་འབྱུང་བ་ལྔ་ཡང་ངོས་གཟུང་མེད། འགྲོ་དྲུག་ལ་ཡང་ངོས་གཟུང་མེད། དུག་ལྔ་དང་དུག་གསུམ་ལ་ཡང་ངོས་གཟུང་མེད། དུས་གསུམ་སངས་རྒྱས་ལ་ཡང་ངོས་གཟུང་མེད། ལམ་ལྟ་བསྒོམ་ལ་ཡང་ངོས་བཟུང་མེད། དེ་ལྟར་ལྟ་བསྒོམ་མཁན་རང་ཡང་ངོས་བཟུང་དང་བྲལ་བར་ཐག་རྦད་ཀྱིས་ཆོད་པའོ། ༈ །སྟོང་པ་གཉིས་མེད་དུ་སྤྲད་པས་སྟོང་པ་གཉིས་མེད་དུ་ཐག་ཆོད་པ་ནི། སྣོད་འབྱུང་བ་ལྔ། བཅུད་རིགས་དྲུག །དུག་གསུམ་རྟོག་པ། དུས་གསུམ་སངས་རྒྱས། ལམ་ལྟ་བསྒོམ་དུ་སྣང་སྡོ་བའི་དུས་ན་ངོས་གཟུང་ཐམས་ཅད་དང་བྲལ། ངོས་བཟུང་དང་བྲལ་བ་དེ་ཉིད་རང་སྣང་སྟེ། དེ་གཉིས་ཚིག་ཏུ་རེ་མོས་བརྗོད་ཀྱང་། དོན་ལ་སྔ་ཕྱིའམ་བཟང་ངན་ནམ། འདུག་པ་ལ་སོགས་པ་ལ་ཁྱད་པར་མེད་པར་ཐག་རྦད་ཀྱིས་ཆོད་པའོ། ༈ །གཉིས་མེད་རང་གྲོལ་དུ་ངོ་སྤྲད་པས་གཉིས་མེད་རང་གྲོལ་དུ་ཐག་ཆོད་པ་ནི། དེ་ལྟར་གཉིས་མེད་ལྟ་བྱའི་ཡུལ་གཞན་དུ་མ་ལུས། ལྟ་བྱེད་ཀྱི་མཁན་པོ་ཅིག་ལོགས་སུ་མ་ལུས་པས། ཡུལ་དུ་བྱ་རྒྱུ་མེད། གཤིས་སམ་ངང་གིས་རང་གྲོལ་ཆེན་པོར་ཐག་རྦད་ཀྱིས་ཆོད་པའོ། ༈ །དེ་ལྟར་ཐག་ཆོད་པས་གོལ་ས་ཆོད་པ་བཞིན་འབྱུང་སྟེ། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱིའི་གོལ་ས་ཆོད་པ་ནི། དེ་ལ་གོལ་ས་དང་ཆོས་ལུགས་གཉིས་ལས། གོལ་ས་ནི་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ་ཤེས་པ་རང་ཀ་མ་དྲུག་གིས་རང་རྒྱུད་རིགས་རྒྱུད་དུ་འཛིན་པ་དང་། མུ་སྟེགས་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་རྡུལ་ཕྲན་དོན་དམ་དུ་འདོད་པའོ། །མདོར་ན་སེམས་ལས་ལོགས་པའི་ཡུལ་ཕྱི་རོལ་ཏུ་འཛིན་པ་གང་ལ་ཡང་གོལ་པའོ། །གོལ་ས་ཆོད་ལུགས་ནི། སྣང་བ་དེ་སེམས་སུ་ཤེས་ཤིང་རྟོགས་པས་སྣང་བ་རང་སྣང་ལ་ཡུལ་མེད་པས་དེའི་གོལ་ས་ཆོད་དོ། ༈ །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་དེ། དེ་ཡང་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་ཉན་ཐོས་རང་རྒྱལ་འཛིན་ཤེས་སྐད་ཅིག་མ་དོན་དམ་དུ་འདོད་པ་དང་། སེམས་ཙམ་རང་རིག་རང་གསལ་དོན་དམ་དུ་འདོད་པ་སྟེ། མདོར་ན་རང་གི་སེམས་གྲུབ་པར་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་སེམས་ཉིད་ངོས་གཟུང་དང་བྲལ་བར་རྟོགས་པར་ཆོད་དོ། ༈ །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའི་གོལ་ས་ཆོད་དེ། དེ་ལ་ཡང་གཉིས་ལས་གོལ་ས་ནི། དབུ་མ་སེམས་ཙམ་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་རྒྱུད་པ་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་སྟེ། མདོར་ན་གཉིས་སུ་འདོད་པ་ཐམས་ཅད་གོལ་སའོ། །ཆོད་ལུགས་ནི་སེམས་གསལ་སྟོང་གཉིས་མེད་དུ་རྟོགས་པས་ཆོད་དོ། ༈ །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་གི་གོལ་ས་ཆོད་དེ། དེ་ལ་གཉིས་ལ་གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དོན་དམ་དུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པ་སྟེ། མདོར་ན་མཐར་ཐུག་གཅིག་བློ་ཡུལ་དུ་བྱས་ན་ཞེན་པས་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་མཐར་ཐུག་དེ་ཉིད་ཡུལ་མེད་རང་གྲོལ་དུ་རྟོགས་པས་མཐར་ཐུག་ཏུ་ཡང་ཡུལ་དུ་མི་བྱེད་རང་སར་གྲོལ་བས་ཆོད་པའོ། ༈ །དེ་ལྟར་གོལ་ས་ཆོད་པས་ཞེན་པ་བཟློག་པ་བཞིན་འབྱུང་སྟེ། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱི་ཡུལ་ལ་ཞེན་པ་མི་སྐྱེ་སྟེ། འཁོར་འདས་སུ་རང་སེམས་སྣང་བ་ལས་གཞན་མེད་པས། ཕྱིའི་རང་སྣང་དུ་ཤེས་པས། ཞེན་པའི་ཡུལ་མེད་པས་ཞེན་པ་མི་སྐྱེའོ། ༈ །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ན་སེམས་ཞེན་པ་མི་སྐྱེ་སྟེ། སེམས་ཉིད་ངོས་བཟུང་ཐམས་ཅད་དང་བྲལ་བ་དངོས་པོར་མ་གྲུབ་པས་ཞེན་པ་སྐྱེ་རྒྱུ་མེད་དོ། ༈ །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། དེ་ཡང་། སྣང་སྟོང་། འཁོར་འདས། བདག་གཞན། བཟང་ངན། ཆེ་ཆུང་། དམ་ཚིག་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ་ལ་སོགས་པའི་རང་སྣང་མཐའ་དག་ལ། དེ་དག་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པས་ཞེན་པ་མི་སྐྱེའོ། ༈ །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་སངས་ཐུགས་སངས་རྒྱས་ལ་ཡང་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་སངས་རྒྱས་བྱ་བ་བཟང་པོ་གཅིག་བློ་ཡུལ་དུ་བྱར་མེད་དེ། སངས་རྒྱས་ཉིད་ཀྱང་ཡུལ་མེད་རང་གྲོལ་དུ་རྟོགས་པས་ཞེན་པ་མི་སྐྱེའོ། ༈ །སྤྱིར་ངོ་སྤྲོད་འདི་ལ་ངེས་པ་མི་གདའ་སྟེ། གོང་མ་དེ་རྣམས་ཤས་ཆེར་མཛད་ནས། སྤུངས་པའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་གམ། རྒྱུད་པ་ཐ་མའམ། དབང་སྡེང་ངམ། ལུང་ཁང་འཐོར་ལ་སོགས་པ། བློ་རིགས་དང་སྦྱར་ནས་མཛད་དོ། །དེ་ཡང་ཚིག་ཟིན་པས་མི་ཆོག་སྟེ། དོན་བསྣལ་མ་གཅིག་མྱོང་པ་ཤེས་རྒྱུད་ལ་སྐྱེ་དགོས་པས། སློབ་དཔོན་སློབ་བུའི་གཉིས་ཀའི་ནན་ཏན་བྱེད་པ་གལ་ཆེའོ་གསུང་། སྤྱིར་གདམས་ངག་འདི་རྣམས་འདས་པའི་དུས་སུ་ཚིག་སྒྲོས་ཐོན་པོ་མི་དགོས། དོན་གྱི་གོ་བ་བླང་ཀྱི་བུ་ཡིས་རྗེས་ལ་སྐྱེ་བར་བྱའོ་གསུང་ངོ་། །ལྟ་བ་ངོ་སྤྲོད་པའི་ལེའུ་སྟེ་གསུམ་པའོ།། ༈ །།ལྟ་བ་ཉམས་སུ་བླངས་པ་ནི། ལྟ་བ་བྱེད་སྤྱོད་ལ་གདབ་པ་བསྒོམ་པ་སྤྱོད་ལམ་ལ་གདབ་པ་ལ་སོགས་པས། སྤྱོད་ལམ་བཞི་ལ་སོགས་པས་དུས་ཐམས་ཅད་དུ་འབྲལ་མེད་དུ་ཉམས་སུ་བླང་ངོ་། །ཡང་འཐབ་ན་བོགས་དབྱུང་པ་དང་། གོལ་ན་གོལ་ས་བཅད་པ་དང་། བསྒྲིབ་ན་བསྒྲིབ་པ་ངོས་བཟུང་པ་ལ་སོགས་པས་ལམ་མཉམས་སུ་བླང་ངོ་། །ལྟ་བ་ཉམས་སུ་བླང་པའི་ལེའུ་སྟེ་བཞི་པའོ།། ༈ །།རིན་པོ་ཆེའི་ཕྱག་བཞེས་ནི། ཚོགས་གནས་ཀྱི་རྟགས་ཤར་ནས། ཡར་གྱི་འཕེལ་བཅུ་ལ་དྲག་རླུང་བཅུན། ཐུན་གྲངས་ཉི་མ་རེ་རེ་ལ་གཉིས་གཉིས་སྤེལ་ནས། ཞག་ལྔ་མཛད། དམིགས་པ་ཉི་མ་གསུམ་ཙམ་གདུགས་ལ་གཏོད། དེ་ནས་ཉི་མ་གཉིས་སུ་རླུང་སེམས་འདྲེས་པ་ལ་གཏོད་དོ། །དེ་ནས་ཉི་མ་གཅིག་ངལ་བསོ། །མར་འགྲིབ་ལ། འཇམ་རླུང་སུམ་གཉིས་འཛིན་པ་དང་། དུ་བ་དང་། ཁ་དོག་དང་། དབྱིབས་དང་། བག་ཆགས་དང་། ཡང་ཐུན་གཉིས་གཉིས་ཕྲི་སྟེ་བཞག་ལྔ་མཛད། དེ་ནས་སེམས་འཛིན་གྱི་ལྟ་བསྒོམ་མན་ངག་གསུམ་ངོ་སྤྲད། ཐབས་ཁྱད་པར་ཅན་ལ་ཉམས་ལེན་ཉིན་གཅིག་བྱ། དེ་ནས་བསྒོམ་པ་སྤྱོད་ལམ་ལ་གདབ། དེ་ནས་ཉམས་ལ་འདི་ཚོ་ཁྱེད་རང་ལ་སྐྱེས་སོ་བྱས་ལ་ངོ་སྤྲོད། དེ་ནས་ལྟ་བ་ངོ་སྤྲོད་མཛད་དོ། །དམར་འགྲིབ་ན་མར་ལ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ་ལ་སོགས་པའི་ལུང་འགའ་ཡང་བཟུང་ཞིང་། དོན་གོ་སླའོ། ། ཨཐྎ།། ༈ །།ཆོས་སྐུ་རང་ལ་གནས་ཀྱང་རང་ངོ་མ་ཤེས་པས། ཐོག་མ་མེད་ནས་འཁྲུལ་ལུགས་བསམ་མི་ཁྱབ། །ལས་འཕྲོ་སད་དམ་བསགས་པའི་སྟོབས་ཀྱིས་སུ། །མཚན་ལྡན་བླ་མ་གསང་སྔགས་ཟབ་མོ་དང་། །མང་དུ་མཇལ་ཏེ་ཐོས་པ་བག་རེ་བྱས། །སེམས་ཀྱི་སྒྲོ་འདོགས་ཞིག་པོའི་དྲུང་དུ་ཆོད། །མཉམ་མེད་རིན་པོ་ཆེ་དེའི་ཐུགས་ཀྱི་བཅུད། །རྒྱུད་པ་བཞི་ལྡན་གདམས་ངག་ཟབ་དགུ་གནང་། །ཁྲིད་ཀྱི་གདམས་ངག་ཕྱག་བཞེས་ལེན་བཞི་ཞུས། །རྗེའི་ཕྱག་བཞེས་སྙན་རྒྱུད་བདག་གིས་བྲིས། །གྲགས་དང་འདོད་པའི་སེམས་ཀྱིས་མ་ཡིན་གྱིས། །ཕྱི་རབས་དོན་དང་བདག་གི་བརྗེད་ཐོར་བཀོད། །དར་ཞིང་རྒྱས་ནས་འགྲོ་བ་འདྲེན་པར་ཤོག །བསམ་གཏན་བསྒོམ་པ་རྣམས་ཀྱི་སྒྲོན་མེར་ཤོག །མན་ངག་འདེབས་ལ་ཡི་གེ་འདི་དགོས་ཀྱང་། །ལ་ལ་ཕྲག་དོག་དབང་གིས་སྨོད་པར་བྱེད། །ལ་ལ་རས་ཆོད་དབང་གིས་ལུང་མི་ནོད། །བསྐལ་མེད་རྣམས་ལ་བག་ཙམ་གསང་བར་བྱ། །བསྐལ་ལྡན་རྣམས་ཀྱི་བསྟན་པའི་སྒྲོན་མེར་ཤོག། ༈ །སྙན་རྒྱུད་སྤུངས་པའི་དོན་འཐེམས། ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྫོགས་སོ།། །།ས་མ་ཡ། སོ་ཕ྄ཧ྅྅྅ག་ཤི་ཐམ། གསང་ངོ་། །རྟ་རིན་ཆེན་དཔལ་གྱི་ཕྱག་དཔེའོ། །དཔལ་ལོ། །དགེའོ།། །།


previousསྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ།next