Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཐམས་པ།


   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ།
   
   
   
   
   
   
   


 
previousརྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ།next

རྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ།

རྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །ཟབ་མོའི་བཀའ་དང་བླ་མའི་གདམས་ངག་དང་། རྣལ་འབྱོར་རིག་པ་བརྒྱུད་པའི་མན་ངག་ལ། བརྟེན་ནས་བདུད་ཀྱི་མན་ངག་ཅུང་ཙམ་བྲི། ༈ རྫོགས་པ་ཆེན་པོ་ལ་བདུད་འདི་ལྟར་ཤེས་པར་བྱ་སྟེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དབྱིངས་ཀུན་ཏུ་བཟང་མོར་ཡེ་ནས་སངས་རྒྱས་པས་བདུད་དུ་གཞག་ཏུ་མེད། བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོར་ཡེ་ནས་སངས་རྒྱས་པས་བདུད་དུ་གཞག་ཏུ་མི་རྙེད། དེ་ཡང་གཉིས་སུ་ཡེ་ནས་མེད། གཉིས་སུ་མེད་པ་བྱ་བ་ཀུན་དང་བྲལ་བའི་ངང་དེ་ཅིར་ཡང་གཞག་ཏུ་མེད་ན་བདུད་དུ་གཞག་པ་གང་ལ་རྙེད། བདུད་ཉིད་ཆེ་བ་ལྔའི་བོར་ཡེ་ནས་སངས་རྒྱས་པ་ཡིན་པས། གནོད་བྱེད་མཁན་གང་ན་ཡོད། འོ་ན་གནས་ལུགས་ལ་དེ་ལྟར་མེད་དེ་ཀུན་རྫོབ་ཏུ་མེད་དམ་ཞེ་ན། འཁྲུལ་པའི་ཤེས་པ་ལ་ལྟོས་ནས། ཀུན་རྫོབ་ཀྱི་བདེན་པར་སྣང་ཞིང་འཇོགས་པ་ཡིན། མ་འཁྲུལ་པའི་ཤེས་པ་ལ་ལྟོས་ནས། དོན་དམ་པའི་བདེན་པར་འཇོག་པ་ཡིན། གནས་ལུགས་ལ་ཅིར་ཡང་གཞག་ཏུ་མེད་རྫོགས་པ་ཆེན་པོ་ནི་གནས་ལུགས་གཉིས་སུ་མེད་པའི་ཐབས་ཀྱི་ཉམས་སུ་ལེན་པ་ཡིན་གྱི། བདེན་པ་གཉིས་ཀྱི་ཐབས་ཀྱི་སྒོ་ནས་ཉམས་སུ་མི་ལེན་ཏེ། སུན་འབྱིན་པའི་ཕྱིར་རོ། །གནས་ལུགས་ཐབས་སུ་ཁྱེར་བ་ཡིན་ཏེ། འཁྱེར་ལུགས་འདི་ལྟ་སྟེ། ཆོས་སེམས་ཐམས་ཅད་ཆོས་ཉིད་བྱ་བ་ཀུན་དང་ཡེ་ནས་བྲལ་བའི་ངང་དེ་ལ། བྱེད་བྱེད་བུའམ། སྒྲུབ་སྒྲུབ་བུའམ། རྩོལ་རྩོལ་བུའམ། འཆོས་འཆོས་བུའམ། གཟོབ་གཟོབ་བུའམ། བསྒོམ་བསྒོམ་བུ་ལ་སོགས་པ་ཀུན་དང་ཡེ་ནས་བྲལ་བར་རྟོགས་ནས། རྟོགས་པའི་ངང་ལ་ཅི་ཡང་མ་བྱས་པས། །ངང་ལ་གནས་ཤིང་གྲོལ་བར་འགྱུར་རོ། །རྒྱུད་ལུང་མན་ངག་གསུམ་ཀ་ལས་གསུངས་པ། །བྱ་བ་མེད་པས་གྲོལ་བས་གྲོལ། །ཞེས་པ་དང་། མ་བཙལ་གཞག་པས་བསྒོམ་པ་ཡིན། །ཞེས་པ་དང་། བསྒྲུབ་ཏུ་མེད་པས་རྩལ་སེམས་བྲལ། །བཟུང་དུ་མེད་པས་དམིགས་དང་བྲལ། །ཞེས་པ་དང་། བསྒྲུབ་ཏུ་མེད་པས་རྒྱུ་འབྲས་མེད། །ཅེས་པ་དང་། རྩལ་མེད་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་པ་དང་། མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཞེས་པ་དང་། སངས་རྒྱས་ཀྱིས་ཀྱང་བྱར་མེད་ན། །གང་གིས་བཅོས་ཏེ་སུ་ཡིན་བྱས། །བྱེད་པ་པོ་དེ་ག་ལ་ཡོད། །ཅེས་པ་དང་། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་པ་དང་། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། དབྱེ་བ་མེད་པས་ཀུན་ཏུ་བཟང་། །རྒྱལ་བ་བརྩལ་ཡང་ཆོས་མི་སྙོམས། །ཞེས་པ་ལ་སོགས་མང་དུ་གསུངས་ཏེ། གཉིས་སུ་མེད་པའི་ཐབས་ཀྱིས་གྲོལ་བའི་ཐབས་སུ་གསུངས་སོ། །གཞན་ཡང་གཉིས་སུ་མེད་པའི་ཐབས་ཀྱིས་ཉམས་སུ་ལེན་པའི་ཐབས་འདིར་ལྟར་ཡང་གསུངས་ཏེ། མཐའི་ཆོས་ཀུན་དང་བྲལ་བའི་ངང་དེ་ལ། སྐྱོན་ཡོན་དུ་ལྟ་ཞིང་། འབྱེད་འབྱེད་བུའམ། བཀག་བཀག་བུའམ། སྤོང་སྤོང་བུའམ། བླང་དོར་བྱེད་པ་ལས་སོགས་པ་དེ་ལྟ་བུ་ཡེ་ནས་ཅི་ཡང་མེད་པར་རྟོགས་ནས། རྟོགས་པའི་ངང་དུ་བླང་དོར་མེད་པས་ངང་དུ་འགྲོལ་བར་འགྱུར་རོ། །མ་བཅོས་རང་བཞིན་གཞག་ན་བསྒོམ་པ་ཡིན། །ཞེས་པ་དང་། སྐྱོན་ཡོན་བླང་དོར་མེད་ན་ངང་གིས་གསལ། །ཞེས་པ་དང་། མ་བཀག་མ་འབྲངས་རང་བཞིར་གྲོལ། །ཞེས་པ་ལ་སོགས་པ་གཉིས་སུ་མེད་པའི་ཐབས་ཀྱིས་ཉམས་སུ་ལེན་གྱི། ལམ་གཞན་དང་ཐབས་གཞན་གྱིས་མི་བརྟེན་ནོ། །དེ་ལྟར་བས་ན་གནས་ལུགས་ལ་ནི་གནོད་པར་བྱེད་པ་པོའི་བདུད་ཀྱང་མེད། བར་དུ་གཅད་པར་བྱ་བའི་ལམ་ཡང་མེད་དེ། གནས་ལུགས་རྟོགས་པ་དང་མ་རྟོགས་པའི་ཤེས་པ་ལ་ལྟོས་ནས། བདུད་ཀྱི་ལས་ལ་སྤྱོད་པ་དང་། བདུད་དང་བྲལ་བར་གཞག་ཏུ་ཡོད་པའོ། །མ་རྟོགས་པ་ནི་བདུད། རྟོགས་པ་ནི་བདུད་ཞི་བ་སྟེ། གནས་ལུགས་ལ་བདུད་མེད་པའི་ཕྱིར་རོ། ༈ །དེ་རྟོགས་པའི་ཚེ་བདུད་མེད་དེ། །བདུད་ཀྱི་ལས་ཀྱང་རྟོགས་པའི་ཕྱིར། །བྱང་ཆུབ་སྤྱོད་པར་གཏན་ཞིང་གསུངས། །རྒྱུད་ལུང་མན་ངག་གསུམ་ཀ་ལས་གསུངས་པ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོགས་གོ། །ཅེས་པ་དང་། བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཅེས་པ་དང་། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བའང་དེ་ཉིད་དེར་ཡིན་དེར་མི་གནས། །ཞེས་པ་དང་། ཕྱིའི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །དེ་ལ་སྒྲིབ་དང་མི་བསྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཅེས་པ་དང་། མཉམ་པའི་ལྟ་བས་དབང་བསྒྱུར་ན། །འཁོར་བ་ཐམས་ཅད་དབྱིངས་སུ་སྣང་། །ཞེས་པ་དང་། སེམས་ནི་ཡང་དག་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །གོལ་མེད་ལམ་ཞེས་འདྲེན་པས་བཤད། །ཅེས་པ་དང་། མཐའ་དབུས་མེད་པས་བརྡལ་བ་ཆེ། །ཕྱི་ནང་མེད་པས་ཡེ་གསལ་ཁྱབ། །ཅེས་པ་དང་། མ་སྤངས་དབྱེར་མེད་ལྷུན་གྲུབ་པས། །དབྱིངས་ལས་གཞན་དུ་ལྟ་ཡུལ་མེད། །ཅེས་པ་དང་། འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་ཀྱང་བྱང་ཆུབ་དོན། །ཞེས་པ་དང་། ཀུན་སྤྱོད་ཆེན་པོ་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །འདོད་སྤྱོད་སྙིང་རྗེ་རླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཅེས་པ་དང་། མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཅེས་པ་དང་། གང་ན་འཇིག་རྟེན་དབང་ཕྱུག་པད་མ་ཀུན་ཀྱང་མི་སྤོང་འདུར་མཉམ་གནས། །ཞེས་པ་ལ་སོགས་པ། བདུད་ཀྱི་ལས་ཀྱང་རྟོགས་ན་བྱང་ཆུབ་སྤྱོད་པར་གསུངས། རྟོགས་ན་ཅི་དང་ཅི་བྱེད་ཀྱང་བྱང་ཆུབ་ཀྱི་སྤྱོད་པའོ། ༈ །མི་རྟོགས་ན་ཅི་དང་ཅི་བྱེད་ཀྱང་བདུད་ཀྱི་ལས་ལ་སྤྱོད་པ་སྟེ། མ་རྟོགས་ན་དཀར་པོའི་ལས་ཡིན་ཏེ། ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བའི་ཕྱིར་རོ། །རྣམ་ཐར་གསུམ་པོ་བསྒོམ་པའང་བདུད་ཀྱི་ལས་ཡིན་ཞེས་པ་དང་། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཀྱི་ལས། །ཞེས་པ་དང་། ཤ་ཐང་བར་ནི་ལམ་ཚོལ་བ། །དོན་མེད་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། སྤང་ལེན་མཐའ་ལ་ཞེན་པ་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་སྒྲིབ་སྐྱོན་ཆེན་པོ་ཡིན། །ཞེས་པ་དང་། ཆོས་གང་སེམས་ཀྱི་དེ་ཉིད་ལ། །གཉིས་དང་མཐའ་རུ་གང་ལྟ་བ། །མ་རིག་འཁྲུལ་པས་ཕྱིན་ཅི་ལོག །ཐེག་ཆེན་གསང་སྔགས་ལམ་ལས་ལོག །ཅེས་པ་དང་། རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་ཏེ་དེ་སྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ན་བརྩོན་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཞེས་པ་དང་། ཇི་སྲིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། རྫོགས་པ་ཆེན་པོའི་གཞུང་ཇི་ལྟར་བསྒོམ་པའི་རྣལ་འབྱོར་པས། སྣང་སྤྱོད་ཐམས་ཅད་ལ་ཞེན་ཅིང་མཚན་མར་སྤྱོད་ན་བདུད་ཀྱི་ལས་ལ་སྤྱོད། རྩོལ་ཞིང་བསྒྲུབ་ན་བདུད་ཀྱི་ལས་ལ་སྤྱོད། འགོག་ཅིང་སྤོང་ན་བདུད་ཀྱི་ལས་ལ་སྤྱོད། དབྱེ་བསལ་བླང་དོར་བྱེད་ན་བདུད་ཀྱི་ལས་ལ་སྤྱོད། བཅོས་ཤིང་བསྒྱུར་ན་བདུད་ཀྱི་ལས་ལ་སྤྱོད། ཐེག་པ་གོང་འོག་ཏུ་འབྱེད་ན་བདུད་ཀྱི་ལས་ལ་སྤྱོད། དེ་ཅིའི་ཕྱིར་ཞེན་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་འདྲེས་ཤིང་མི་ཕྱེད་པའི་ཕྱིར། གོང་འོག་ཏུ་འབྱེད་པར་གཉིས་སུ་ཞེན་ཅིང་གཉིས་ཀྱི་མཐའ་ལྷུང་པས་གཉིས་སུ་མེད་པར་མི་རྟོགས་པའི་ཕྱིར་རོ། །འོ་ན་ཐེག་པ་རིམ་པ་དགུ་དང་གསུམ་དག་གསུངས་པ། དེ་ནི་དབང་པོ་དང་སྦྱར་ཏེ་ཆེ་ཆུང་གི་བློ་ལ་ལྟོས་ནས་གྲོལ་བའི་ཐབས་སུ་གསུངས་པ་ཡིན་གྱི། གནས་ལུགས་ལ་དེ་ལྟར་བུ་ཅིར་ཡང་གཞག་ཏུ་མེད་དོ། །མ་རྟོགས་པ་ཐམས་ཅད་བདུད་ཀྱི་ལས་ལ་སྤྱོད་པ་གང་ཞེ་ན། རྣལ་འབྱོར་མ་རྟོགས་པའི་གནད་བསྟན་པ། སྤང་བླང་བྱེད་ན་མ་རྟོགས། གཉིས་སུ་ལྟ་ན་མ་རྟོགས། བདག་གཞན་དུ་འབྱེད་ན་མ་རྟོགས། རྒྱུ་འབྲས་གཉིས་སུ་ལྟ་ན་མ་རྟོགས། དངོས་པོ་དང་མཚན་མར་ཞེན་ན་མ་རྟོགས། དུག་ལྔ་ལ་སོགས་པ་སྤོང་ཞིང་དངོས་པོར་བཟུང་ན་མ་རྟོགས། དུག་ལྔ་ལ་སོགས་པ་གཞི་ཉིད་ཀྱང་སྤེལ་མ་གྲུབ་ན། དེ་དག་སྤྱད་ཏུ་གསལ་ཡོད། དེ་དག་མཚན་མ་དང་ཞེན་ཆགས་ཀྱིས་སྤྱོད་ན་མ་རྟོགས། འོ་ན་སྤྱོད་པར་གསུངས་པ། དེ་དག་གི་ཆོས་ཉིད་དང་དབྱེར་མི་ཕྱེད་པར་རྟོགས་ཤིང་། མི་དམིགས་པའི་ངང་དུ་སྤྱོད་ཅིང་མི་གོས་པ་ལ་གསུངས་ཀྱི། ཡོན་ཏན་དུ་བཟུང་ནས་མཚན་མ་དང་ཞེན་ཆགས་སུ་སྤྱོད་པ་ལ་མ་ཡིན་འཆི་བའི་ཕྱིར་རོ། །མདོར་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་ཏེ། བྱང་ཆུབ་ཀྱི་སེམས་དེ་མ་སྐྱེས་པའི་ཕྱིར། མཚན་མ་སྣ་ཚོགས་དང་བྲལ་བའི་ངང་དུ་ཡེ་ནས་སངས་རྒྱས་པས། སྣ་ཚོགས་དང་ཡེ་ནས་བྲལ་བའི་བྱང་ཆུབ་ཀྱི་སེམས་དེ་ལ་སྒྲོལ་སྐུར་དང་ཡེ་ནས་བྲལ་བར་ཡིད་ཆེས་པ་ནི་ལྟ་བའོ། །དེ་མ་བཅོས་ཤིང་རང་བཞིན་ནི་བསྒོམ་པའོ། །དེ་རྟོགས་པའི་ངང་དུ་གང་ཡང་མ་བཀག་པར་སྤྱོད་པར་སྤྱོད་པའོ། །དེའི་ངང་ལ་སྤང་མེད་པ་ཐབས་སོ། །དེས་ཅིར་ཡང་མི་འབྱེད་པ་ནི་མན་ངག་གོ། །དེ་ཅི་ཡང་མི་གནས་པ་ནི་ལམ་མོ། །དེ་ཕྱི་ནང་མེད་པ་ནི་ཡེ་ཤེས་སོ། །དེ་རྟོགས་པའི་ངང་དུ་ཞེན་པ་མི་འཇུག་པ་ནི་ཉམས་སོ། །དེ་རྟོགས་ཤིང་ཡངས་པ་ནི་བདེ་བའོ། །བསྡུས་པའི་དོན། ཡིན་པ་མེད་པའི་དོན། གཞག་པ་མེད་པའི་སྒོམ་པ། མྱོང་པ་མེད་པའི་ཉམས་སོ། །སྤྱིར་གོང་མ་ལྟར་ཡིན་ཡང་། རྫོགས་པ་ཆེན་པོའི་སྒོར་ཞུགས་པས་ཀྱང་ལས་དང་པོ་བ་སྦྱངས་པ་ཆུང་བ་དང་། ཤེས་རབ་ཆུང་བའི་ཕྱིར་བདུད་ངོ་ཤེས་པར་བྱ་ཞིང་། དེའི་དབང་དུ་མི་འགྲོ་བར་བྱའོ། །ལས་དང་པོ་པ་རྣམས་ནི་ཕལ་ཆེར་བདུད་ཀྱིས་བྱིན་གྱིས་རློབ་ཅིང་དེའི་དབང་དུ་འགྲོའོ། །དེ་ཡང་གཞུང་ལས། དེང་སང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་བཟུང་སྟེ་ཁྱིམ་གྱི་བརྩོན་ར་ཟབ་མོར་བཅུག །བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་དྲི་མས་པར་བསྲུང་ཞིང་སྲེད་སོགས་འཆིང་བ་དམ་ཆོས་པོས་བཅིངས། སྡོམ་བརྩོན་དག་ཀྱང་ཕལ་ཆེར་བདུད་ནི་འཇིག་རྟེན་སྐྱོང་བཞིས་དབང་གྱུར་ཅིང་དགེ་སྦྱོར་གི། གནས་དང་ཚུལ་སྤངས་ཁྱིམ་པ་རྣམས་དང་སྤྱོད་མཚུངས་ངན་འགྲོའ་གཡང་ས་མངོན་ཕྱོགས་མཐོ་རིས་སྤངས། ཞེས་འབྱུང་། གཞུང་དང་མཐུན་པར་ད་ལྟ་ཡང་བྱང་ཆུབ་ལ་བརྩོན་པ་ཕལ་ཆེར་བདུད་ཀྱི་ལས་ལ་སྤྱོད་ཅིང་། བདུད་ཀྱིས་འཚེ་པ་མང་པར་མཐོང་བས། དེ་ཕྱིར་བཀའི་དོན་བསྡུས་བག་ཙམ་གཞག་པར་བྱ། ༈ །སྡོམ་ནི། གང་ཟག་དང་ནི་རྟགས་རྣམས་དང་། བྱིན་གྱིས་ཇི་ལྟར་རློབ་ལུགས་དང་། གཡོ་བ་རློང་། དབྱེ་བ། ཞི་ཐབས་དང་། གྲོགས་སློབ་ཚུལ་དང་། བདུན་གྱིས་གཞག ༈ །གང་ཟག་གང་ཞེ་ན། གང་ཟག་གི་རིགས་དང་། འཇུག་པའི་ཐབས་དང་སྦྱར་ན་ནི་མང་དུ་ཡང་སྣང་ན། བསྡུས་པ་ནི། ཆེར་འཇུག་པ་དང་། ཆེར་མི་འཇུག་པ་དང་། དབང་དུ་འགྲོ་བ་དང་། མི་འགྲོ་བ་དང་། ཡེ་འཇུག་པ་དང་། མི་འཇུག་པའི་བྱེ་བྲག་བརྩིའོ། ༈ །རྣམ་རྟོག་ཆེ་བ་དང་། ཉོན་མོངས་པ་ཆེ་བ་དང་། ཤེས་རབ་ཆུང་བ་དང་། བརྩོན་པ་ཆེ་བ་དང་། རྣམས་ལ་བདུད་འཇུག་པ་མང་དུ་འབྱུང་བ་བག་ཙམ་བརྗོད་པ། དཔལ་དགོངས་པ་འདུས་པ་ལས། རྣམ་པར་རྟོག་པ་དེ་ཉིད་བགེགས། །བགེགས་ཉིད་དེ་ཡིན་དེ་ལས་བྱུང་། །གང་ལ་རྣམ་རྟོག་མ་བྱུང་ན། །བདུད་ཞེས་བྱ་བ་ག་ལ་ཡོད། །བདུད་ཉིད་གང་ལས་བྱུང་ཞེས་ན། །རྟག་ཏུ་འགྲུས་ལས་བྱུང་བ་ཡིན། །འགྲུས་མེད་པ་ལ་བདུད་མི་འབྱུང་། །ཅི་ཕྱིར་མི་འགྲུབ་དེ་ཉིད་བདུད། །དེ་བཞིན་སྐྱོན་དང་གོལ་སྒྲིབ་ནི། །ཡོན་ཏན་ཉམས་དང་མཐོང་ལས་འབྱུང་། །གལ་ཏེ་ཡོན་ཏན་ཉམས་མཐོང་མེད། །སྐྱོན་དང་གོལ་སྒྲིབ་ག་ལ་ཡོད། །ཅེས་པ་དང་། འཕགས་པ་བསྡུས་པ་ལས། རིན་ཆེན་རིན་ཐང་མེད་པ་རྙེད་འགྱུར་གང་དག་ཡིན། །དེ་དག་དཀོན་ལ་དུས་རྣམས་རྟག་ཏུ་འཚེ་བའང་མང་། །ཞེས་པ་དང་། ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་པ། །གང་ཞིག་དཀོན་པའི་རིན་ཆེན་འདི་ལ་མ་སྙེད་ན། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་པ་དང་། སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ཞེས་པ་དང་། གཞན་ཡང་། བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བླང་ཞིང་བློ་ཆུང་རིག་པར་བྱ། །ཞེས་པ་དང་། རྡོ་རྗེ་བཀོད་པ་ལས། རྣལ་འབྱོར་ངེས་པར་སྤྱོད་པ་ལ། །བར་དུ་གཅོད་པའི་བདུད་ལྔ་འབྱུང་། །རྣམ་རྟོག་འཕྲིག་པའི་བདུད་ཉིད་དང་། །དེ་བཞིན་ལེ་ལོ་བཏང་སྙོམས་བདུད། །ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་ཐུང་འཁྱུག་པའི་བདུད། །རྣལ་འབྱོར་བདུད་ལྔ་པོ། ཡང་དག་དོན་ལ་བསྒྲིབ་པ་སྟེ། །ཞེས་པ་དང་། འཕགས་པ་སྤུང་བཟངས་ཀྱིས་ཞུས་པ་ལས། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། །དེ་བས་མི་ལ་གསང་སྔགས་བསྒྲུབ་མི་བྱེད། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །ཞེས་པ་དང་། གཞུང་ལས། ཞིམ་པོའི་རོ་ལ་ཞེན་ཅིང་ཆགས། །ཉེས་དམིགས་དག་ཀྱང་མི་ཤེས་ན། །བདུད་ཀྱིས་གླགས་ཀྱང་རྙེེད་འགྱུར་ཏེ། །འཆིལ་པས་བཟུང་པའི་ཉ་བཞིན་ནོ། །ཞེས་པ་དང་། ཡང་གཅིག་པུ་དོན་ཉིད་མི་སེམས་ཞིང་། གདུལ་དཀའ་སེམས་ཉིད་མི་འདུལ་བར། །འཁོར་མང་ནང་དུ་ཆོས་འཆད་པ། །ཁེ་གྲགས་གཡེང་བ་བདུད་ཀྱི་ལས། །ཞེས་པ་དང་། ཡང་སྔགས་པ་དེའི་དམ་ཚིག་ཟད། ཟད་པས་འགྲུབ་པར་མི་འགྱུར་ཏེ། །བདུད་དང་སྡུག་བསྔལ་རབ་ཏུ་མང་། །ཞེས་པ་དང་། ཡང་ཆོས་གཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བས། ལམ་བར་ལམ་གོལ་འགྲོ་བ་དེ་ནི་བདུད་ཀྱི་ལས། །ཞེས་པ་དང་། ཡང་། དོགས་འཇིགས་མང་པོ་བདུད་ཀྱི་རྩ་བ་ཡིན། །ཞེས་པ་དང་། ཡང་། ཞེན་རྟོགས་གཡོ་བ་བདུད་ཀྱི་ལས། །ཞེས་པ་ལ་སོགས་པ་མང་འབྱུང་ངོ་། །དབང་པོ་ཐ་མ་ལ་བདུད་ཆེར་འཇུག་པ་དང་། དབང་པོ་འབྲིང་ལ་འབྲིང་དུ་འཇུག་པ་དང་། དབང་པོ་རབ་ལ་ཐ་མར་འཇུག་པའོ། །ཉོན་མོངས་པ་ཆེ་བ་བདུད་ཆེར་འཇུག་པ་དང་། ཉོན་མོངས་པ་འབྲིང་ལ་འབྲིང་དུ་འཇུག་པ་དང་། ཉོན་མོངས་པ་ཐ་མ་ལ་ཐ་མར་འཇུག་པའོ། །བརྩོན་པ་རབ་ལ་བདུད་ཆེར་འཇུག་པ་དང་། བརྩོན་པ་འབྲིང་ལ་འབྲིང་དུ་འཇུག་པ་དང་། བརྩོན་པར་ཐ་མ་ལ་ཐ་མར་འཇུག་པའོ། །དེ་ལྟར་འཇུག་ལུགས་ནི་ཕལ་ཆེའི་དབང་དུ་བྱས་ན་ཡིན། གཞན་དུ་ཡང་གསུང་ངོ་། ༈ །ཤེས་རབ་ཆེ་བ་དང་ཉོན་མོངས་པ་དང་རྣམ་རྟོག་ཆུང་བ་དང་། གདམས་ངག་ཟབ་པ་དང་། བླ་མ་དམ་པས་ཟིན་པ་རྣམས་ནི་དབང་དུ་མི་འགྲོ་སྟེ། དེ་རྣམས་དང་ཅི་ལྡན་དུ་བྱའོ། །དེ་ལས་བཟློག་པ་ནི་བདུད་ཀྱི་དབང་དུ་འགྲོ་སྟེ། དེ་རྣམས་ཅི་མ་ཚང་དུ་བྱའོ། ༈ །ཤེས་རབ་ཆེ་བ་དང་། ཉོན་མོངས་པ་ཆུང་བ་དང་། རྣམ་རྟོག་ཆུང་བ་དང་། མན་ངག་ཟབ་པ་དང་། བླ་མས་ཟིན་པ་ལ་ཡེ་ནས་མི་འཇུག་གོ། །དེ་ལས་བཟློག་པ་ལ་བདུད་ཀྱི་བར་དུ་ཆོད་ཅིང་རྩོལ་ལོ། །ཤེས་རབ་ཆུང་ན་ཚུགས་པའི་ཕྱིར་རྩོལ་ལོ། །ཉོན་མོངས་པ་དང་རྣམ་རྟོག་ཆེ་ན་ཚུགས་པའི་ཕྱིར་རྩོལ་ལོ། །གདམས་ངག་མི་ཟབ་པ་དང་། བླ་མ་དམ་བས་མ་ཟིན་ཆུ་ཚུགས་པའི་ཕྱིར་རྩོལ་ལོ། །བརྩོན་པ་ཆེ་ན་མི་གཟོད་པའི་ཕྱིར་རྩོལ་ལོ། །དེ་ལས་བཟློག་པ་ནི་མི་ཚུགས་པའི་ཕྱིར་དང་། མི་བཟོད་པ་མེད་པའི་ཕྱིར་མི་རྩལ་ལོ། །བརྩོན་པ་ཆེ་ལ་ཉོན་མོངས་པ་ཆེ་ལ་དབང་པོ་ཡང་ཞན་ན་ཆེར་བརྩོལ་ལོ། །དབང་དུ་ཡང་འགྲོའོ། །ཉོན་མོངས་པ་ཆུང་ཡང་བརྩོན་པ་ཆེ་ཞིང་དབང་པོ་ཞན་ན། འབྲིང་དང་ཐ་མར་རྩོལ་ཏེ་དབང་ཡང་འགྲོའོ། །ཤེས་རབ་ཆེ་ལ་རྣམ་རྟོག་དང་ཉོན་མོངས་པ་ཐ་མར་འདུག་པ་ལ། བརྩོན་པ་ཆུང་ཡང་བདུད་འབྲི་དང་ཐ་མར་རྩོལ་ཏེ་དབང་དུ་འགྲོ་བ་ཉུང་ངོ་། །དབང་པོ་ཡང་འབྲིང་པོ་ལ་བརྩོན་པ་ཡང་འབྲིང་དུ་འདུག་པའི་གང་ཟག་ལ་བདུད་ཀྱི་འབྲིང་དང་ཆུང་དུ་རྩོལ་ཏེ་བླ་མ་དང་གདམས་ངག་ལ་རག་གོ། ༈ །བྱང་ཆུབ་ལ་མོས་ཤིང་ཞུགས་པ་ལ་བརྩིའོ། །མ་ཞུགས་པ་ལ་ནི་བདུད་འཇུག་མི་འཇུག་བརྩེ་བ་མ་ཡིན་ནོ། །དཔེར་ན་ནོར་མེད་པ་ལ་རྐུན་མ་ཅི་ལ་འོང་། ཟོང་མེད་པ་ལ་དགྲ་ཅི་ལ་འོང་མི་འོང་པ་དང་འདྲའོ། ༈ །མདོ་དང་རྒྱུད་དང་གདམས་ངག་གང་ནས་བྱུང་བའི་རྟགས་བག་ཙམ་བསྟན་པའི་རྟགས་གང་ཞེ་ན། སྔར་ལས་མི་འདྲ་ལུས་སེམས་ཆེར་དུབ་༡སྐྱེན། །རྐྱེན་མེད་རྣལ་འབྱོར་ཤིན་ཏུ་ཉམས་སྐྱེན་༢དང་། །དྲན་པས་ཉམས་ཤིན་གཏི་མུག་ཆེར་འཐིབས་༣དང་། །ཤི་བར་མོས་ཤིང་ཚེ་ཉིད་འདོར་བ་༤དང་། །ཁམས་ཉིད་འཁྲུགས་ཤིང་ན་ཚ་རྒྱས་པ་དང་། །ཉོན་མོངས་འབར་ཞིང་དེ་རྐྱེན་རྒྱས་པ་༦དང་། །བྱང་སེམས་ཉམས་ཤིང་སྡུག་བསྔལ་མི་བཟོད་༧དང་། །འཇིག་རྟེན་སེམས་འབར་གཡང་བའི་རྐྱེན་མ་༨དང་། །སེམས་ཞུམ་སླ་ཤིང་ཆེ་ལ་སྒྱིད་ལུག་སླ་བ་༩དང་། །ཉོན་མོངས་ཆེ་ཆུང་ཡང་གྲུས་བྱེད་པ་༡༠དང་། །མུ་ཅོར་སྨྲ་དང་གང་གིས་ཟིན་པ་༡༡དང་། །དྲུག་དང་མ་ལྡན་བཅོ་ལྔའི་རྟགས་བྱུང་དང་། །བཅུ་གཉིས་དག་གི་རྟགས་སུ་གདམས་པ་ཡིན། ༈ །བླ་མ་དམ་པའི་གདམས་ངག་མ་ཐོབ་ཙམ་ན་ནི། མདོ་དང་རྒྱུད་ན་བཞུགས་ཀྱང་བཞུགས་པར་མ་བརྩིས་པས། ད་ལྟ་ཉིད་ནས་འཇུག་པར་འབྱུང་བས། བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཤེས་པར་བྱ་དགོས་སོ། །རྐྱེན་ཙམ་མེད་པར་སྔར་ལས་མི་འདྲ་བར་ལུས་སེམས་ཤིན་ཏུ་དུབ་ཆེ་ཞིང་རྣལ་འབྱོར་དགེ་སྦྱོར་ལ་སྦྱོར་མི་བཟོད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའི་༡ རྟགས། མཐུན་པའི་རྐྱེན་ཡང་བསྟེན་མི་མཐུན་པའི་རྐྱེན་ཡང་བསལ། དྲོད་ཚད་ཀྱིས་ཟིན་ཀྱང་རྣལ་འབྱོར་ཉམས་སྐྱེན་པ་༢དང་། གཏི་མུག་རྒྱས་པའི་རྒྱུ་བརྒྱད་བསལ་བཞིན་དུ་དྲན་པ་ཉམས་པ་དང་། གཏི་མུག་སྔར་བས་མི་འདྲ་བར་རྒྱས་པ་༣ དང་། རང་ཉིད་ཤི་བར་ཞེ་ཐག་པ་ནས་མོས་ཤིང་ལྕེབ་པ་ལ་སོགས་པའི་སྦྱོར་བ་བྱེད་པ་༤དང་། ཇི་ལྟར་བྱས་ཀྱང་མི་ཕན་པར་ཁམས་ཆེན་མི་བདེ་ཞིང་ན་ཚ་ཤིན་ཏུ་མང་བ་༥དང་། ཉོན་མོངས་དུག་ལྔ་ལ་སོགས་པས་ལུས་སེམས་ལ་ཆེར་འབར་ཞིང་ཁྱབ་པ་དང་། ཆགས་པ་སྐྱེ་བའི་རྐྱེན་མི་འདོད་བཞིན་མང་བ་དང་། ཞེ་སྡང་དང་ཕྲག་དོག་ལ་སོགས་པའི་རྐྱེན་འཐབས་བརྩོད་དང་གྲགས་པ་ངན་པས་འཆལ་བ་དང་། དགའ་མི་དགའ་དང་འཆམ་མི་འཆམ་ལ་སོགས་པ་མི་འདོད་པའི་རྐྱེན་སྣ་ཚོགས་མང་བ་༦དང་། སྔར་ལས་མི་འདྲ་བར་བྱང་ཆུབ་ཀྱི་སེམས་ཉམས་ཤིང་། ཆོས་ཕྱིར་སྡུག་བསྔལ་གཅིག་ཀྱང་མི་བཟོད་པ་༧དང་། གྲགས་པ་དང་བསྟོད་པ་དང་སྙེད་པ་དང་བཀུར་སྟི་དང་བསོད་ནམས་འདུལ་ཞིང་ཚོང་དང་སོ་ནམ་དང་བྱ་བ་དང་། སློབ་མ་ལ་ཆོས་འཆད་སྙིང་འདོད་པ་དང་། སྔགས་འདེབས་སྙིང་འདོད་པ་དང་། གཞན་གྱི་ཆོ་ག་བྱེད་སྙིང་འདོད་པ་དང་། ནོར་བ་ཞེན་ཅིང་སོག་སྙིང་འདོད་པ་དང་། འདུག་སྙིང་མི་འདོད་པར་འགྲོ་སྙིང་འདོད་པ་ལ་སོགས་པ་འཇིག་རྟེན་པའི་སེམས་ཆེར་སེམས་ལ་འབར་ཞིང་བསྒྲུབ་འདོད་པ་དང་། རྣལ་འབྱོར་ལས་གཡེང་པའི་རྐྱེན་སྣ་ཚོགས་མང་པ་༨དང་། རྣལ་འབྱོར་དང་དགེ་སྦྱོར་ལ་སེམས་ཤིན་ཏུ་ཞུམ་བ་དང་། ལེ་ལོ་དང་སྙོམ་ལས་ལ་གནས་ཤིང་རྐྱེན་བག་ཙམ་གྱིས་སྒྱིད་ལུག་སླ་བ་༩དང་། ཉོན་མོངས་པ་དུག་ལྔ་པོ་གཅིག་ཞི་ཙམ་ན་གཅིག་རྒྱས་པ་དང་། ཡོན་ཏན་ཆེ་བ་མངོན་ཤེས་ལྔ། །རེས་འགའ་འབྱུང་ཞིང་མུ་ཅོར་སྨྲ། །རེས་འགའ་སྐད་དང་སྔགས་ཀྱང་ཤེས། །རེས་འགས་སྡུག་ཅིང་མེད་པར་འགྱུར། །ལྷའི་བདུད་ཀྱིས་ཟིན་འགྱུར་ན། །སྙིང་རྗེ་ཆུང་ཞིང་འཁྲོ་བར་འགྱུར། །ཆང་དང་སྡེ་ལ་མི་དགའ་ཞིང་། །མ་ཐོས་གཟུགས་སོགས་བརྗོད་པར་བྱེད། །གནོད་སྦྱིན་བདུད་ཀྱིས་ཟིན་འགྱུར་ན། །ཤ་དང་ཆང་ལ་མི་དགའ་ཞིང་། །རྟག་ཏུ་ཁྲོ་བ་ཆེ་བར་འགྱུར། །རེ་འགའ་ཆོས་ལ་སྨོད་པར་བྱེད། །ལག་ན་ཤིང་གི་དབྱུག་པ་ཐོགས། །བདེར་གཤེགས་སྐུ་གཟུགས་རྣམས་ཀྱང་འཇིག །དྲང་སྲོང་ངུར་སྨྲིག་རྣམས་ཀྱང་བསྲེག །རེས་འགའ་སྤྱོད་པ་འཁྲུགས་ཞེས་བརྗོད། །སྤྱིར་ནི་རྟགས་ནི་ཤིན་ཏུ་མང་། །མདོ་རྒྱུད་དག་ཏུ་ལྟ་བར་བྱ། །ཡི་དམ་ལྷ་དང་སྐུ་གཞན་དང་། །ལུས་བསྟན་པ་དང་སྙིང་རྗེ་དང་། །སྤོབས་པ་ཐོགས་པ་མེད་པ་དང་། །ནམ་མཁའི་གསེར་ཡིག་འོད་དང་ནི། །རྨི་ལྟས་དང་ནི་མངོན་ཤེས་དང་། །ཆོ་འཕྲུལ་དང་ནི་སྣ་ཚོགས་དང་། །ཉམས་དང་བྱིན་བརླབས་བསླུ་བྱེད་དང་། །མཆོད་སོགས་འདྲིས་པའི་ཆ་བྱེད་ཅན། །དྲུག་དང་མི་ལྡན་བཅྭ་ལྔ་ནི། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས། ༈ །ཡི་དམ་ལྷས་ཞལ་མངོན་སུམ་དུ་སྟོན་པ་དང་། དེ་མ་ཡིན་ཡང་སྐུ་གཞན་གྱིས་མངོན་སུམ་མམ། མངོན་སུམ་མེད་པ་སྒྲས་སངས་རྒྱ་བར་ལུང་སྟོན་པ་དང་སྐྱེ་བ་ཁྱད་པར་ཅན་དུ་ལུང་སྟོན་པ་དང་། ཆོས་ལུང་སྟོན་པ་ལ་སོགས་པ་ལུང་སྣ་ཚོགས་སུ་སྟོན་པ་དང་། སྙིང་རྗེ་ཆེན་པོར་བྱིན་གྱིས་བརླབས་ནས་སེམས་ཅན་ལ་སྙིང་རྗེ་ཤིན་ཏུ་ཆེར་སྐྱེ་ཞིང་མཆི་མ་འཁྲུག་བ་འོང་པ་དང་། ཆོས་ཐོས་པ་དང་མ་ཐོས་པ་ཀུན་ལ་ཤེས་རབ་ཐོགས་པ་མེད་པར་བྱིན་གྱིས་བརློབ་པ་དང་། ནམ་མཁའ་ལ་གསེར་གྱི་ཡི་གེ་ལ་སོགས་པ་བཀོད་པ་མཐོང་ཞིང་ཤེས་པར་བྱིན་གྱིས་བརློབས་པ་དང་། ལུས་ལ་འོད་དང་ལྡན་པར་བྱིན་གྱིས་བརློབ་པ་དང་། རྨི་ལྟས་བཟང་བ་དང་ངན་པ་མཐོང་བར་བྱིན་གྱིས་བརློབས་ནས་དགའ་མི་དགའ་སྐྱེར་འཇུག་པ་དང་། མངོན་པར་ཤེས་པ་ཕྲ་མོ་དང་ལྡན་པར་བྱིན་གྱིས་བརླབས་ནས་ང་རྒྱལ་སྐྱེར་འཇུག་པ་དང་། བསྒོམ་པའི་ཉམས་ཆུང་ལ་མི་འབྱིངས་པ་དང་། མེས་མི་འཚིགས་པ་དང་། ནམ་མཁའ་ལ་རྫས་འཇོག་ནུས་པ་དང་། རྫས་སྣང་བ་དང་མི་སྣང་བ་ལ་སོགས་པ་མཚན་མའི་རྫུ་འཁྲུལ་སྣ་ཚོགས་སུ་བྱིན་གྱིས་བརློབ་པ་དང་། བསྒོམ་པའི་ཉམས་ལ་འབག་དང་ཐོད་པ་དང་། མེ་ཏོག་དང་འཕྲེང་བ་ལ་སོགས་ཏེ་འཇིགས་པའི་གཟུགས་དང་། ཤིན་ཏུ་ངོ་མཚར་ཅན་གྱི་གཟུགས་ལ་སོགས་པར་བྱིན་གྱིས་བརློབ་པ་དང་། ནད་པའི་སར་ཕྱིན་པ་ཙམ་གྱིས་སམ་སྔགས་བཟླས་ཙམ་གྱིས་ནད་རུང་པ་དང་། ཡིད་དྭགས་བྱེར་ནུས་པ་དང་། བདེན་པ་བརྡར། ལས་བྱ་བར་ཁས་ལེན་པའམ། འཕྲིན་ནམ་རྫས་བསྐྱེལ་བ་ལ་སོགས་པར་བྱིན་གྱིས་བརློབ་པ་དང་། བདག་ལ་ལྷའི་སྲས་པོའམ་སྲས་མོའམ་ཀླུའི་བུ་ལ་སོགས་པས་མཆོད་པ་སྣ་ཚོགས་བྱེད་དུ་འོང་བའམ། བདག་གི་ཕ་མ་འམ་མཁན་པོ་འམ་སློབ་དཔོན་ལ་སོགས་པའི་ཆ་ཁྱད་ཏུ་བྱས་ནས། བདག་གི་བྱང་ཆུབ་ཀྱི་སེམས་བསྒྱུར་ཞིང་རྣལ་འབྱོར་ལས་ཉམས་པར་བྱེད་པའོ། ༈ །འདི་དྲུག་ལྡན་ནི་ཡང་དག་པའི་རྟགས་སོ། །མི་ལྡན་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཉམས་དགའ་མདངས་དང་ལྡན་པ་༡དང་། །བསྒོམ་པ་བཟང་པའི་དུས་དག་༢དང་། །ང་རྒྱལ་རློམ་སེམས་ཆེར་མི་༣གཡོ། །རྒྱུད་དངས་སྡིག་སེམས་ཞི་དུས་༤དང་། །རྔམ་པའི་ཚུལ་གྱིས་བཟླས་སེམས་༥མེད། །གཞུང་དང་མཐུན་པའི་ལམ་རྟགས་༦རྣམས། །དྲུག་དང་ལྡན་པའི་དུས་སུ་བྱུང་བའི་བཅྭ་ལྔ་ནི་ཡང་དག་པའི་རྟགས་སོ། །དེ་ལས་བཟློག་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཕལ་ཆེ་བའི་དབང་དུ་བྱས་ན་ནི། ཚོགས་ལམ་ལ་བདུད་ཀྱིས་ཕལ་ཆེར་དེར་རྩོལ། དྲོད་ལ་རྟགས་གཡོ། རྩེ་མོ་ལ་རྣལ་འབྱོར་འཕེལ་བསྐྱེད་ཆེ། བཟོད་པ་ལ་མཉམ་པའི་རྣལ་འབྱོར་བརྟེན ། ཆོས་མཆོག་ལ་ཤིན་ཏུ་མཉམ་པར་གནས་སོ། །ས་དང་པོ་ལ་སྒོ་གར་ཞུགས་ཀྱང་གཉིས་སུ་མེད་པའི་རྟོགས་པ་དེར་འདྲེ། ས་གཉིས་པ་ནས་བདུན་པ་མན་ཆད་ལ་ཆོས་ཀྱི་ལུང་བསྟན་པའི་སྣོད་ཏུ་རུང་། ས་བརྒྱད་པ་ནས་ཐབས་ཀྱི་ཐེག་པ་ཐམས་ཅད་ནས་ཐམས་ཅད་ཏུ་དེར་འདྲེ། ས་བཅུ་པ་ལ་སྐྱེས་བུ་རྒྱལ་ཚབ་ཆེན་པོར་དབང་བསྐུར། གཞུང་ཤས་ཅིག་ལས་དེ་བཞིན་གཤེགས་པ་སྤྲུལ་པ་སྐུའི་ཞལ་དྲོད་མ་ཐོབ་པར་མི་མཐོང་པར་འགྱུར། བྱང་ཆུབ་སེམས་དཔའ་ས་བཅུ་པའི་ཞལ་ནི། ཚོགས་ལམ་ཁྱད་པར་ཅན་གྱིས་ཀྱང་མཐོང་བར་གསུངས་སོ། ༈ །ཚོགས་ཀྱི་ལམ་བཞི་སྟེ། སྐབས་སུ་རྟོགས་པ་དང་། མོས་པ་ལས་གྱུར་པ་དང་། ལྷག་པར་མོས་པ་དང་། ཐོབ་པ་ལས་གྱུར་པའོ། ༈ །དྲོད་ཀྱི་རྟགས་ནི། ཡི་དམ་ལྷ་ལ་དུས་ཁྱད་པར་ཅན་ལ་མེ་ཏོག་ནམ་མཁའ་ལ་གཏོར་བ་མི་འབབས་པ་ནི། དྲོད་ཐོབ་པའི་རྟགས་༡ ཡིན། ཨ་བ་དྷུ་ཏིའི་སྤྱོད་པ་ཟས་གཙང་སྨེ་མེད་པར་ཟ། སྨྱོན་པའི་བརྟུལ་ཞུགས་སྤྱོད་ནུས་ན་དྲོད་ཐོབ་རྟགས་༢ ཡིན། དགེ་སྤྱོད་དུ་བྱེད་པའི་ཆོས་བཞི་དང་ལྡན་ན་དྲོད་ཐོབ་པའི་རྟགས་ཡིན། ཕས་འཁྲོ་བ་ལ་ཚུར་མི་འཁྲོ། །ཕས་གཤེ་བ་ལ་ཚུར་མི་གཤེ། །ཕས་བརྡེག་པ་ལ་ཚུར་མི་བརྡེག །འཚང་འབྲུ་བ་ལ་སླར་མི་༣འབྲུ། །དངོས་པོར་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་༩འགྱུར། །སྒྱུ་མ་ཙམ་དུ་ཤེས་པ་ལ། །བརྟེན་ནས་ཆོས་ཉིད་དོན་ལྟས་ན། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པས་མཐོང་བར་༥འགྱུར། །བློའི་ཏིང་འཛིན་རྩལ་རྫོགས་ནས། །ངག་གི་བདེན་པའི་རྩལ་འབྱུང་སྟེ། །བསྲེག་པའི་མེ་ཆེན་བྱུང་བ་ན། །ཞི་བར་གྱུར་ཅིག་བྱས་པ་ན། །དེ་ཉིད་ཏུ་ནི་ཞི་བར་འགྱུར། །ཆུ་ཀླུང་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པ་ན ། །དེ་ཉིད་ཏུ་ནི་ཆད་པར་འགྱུར། །རླུང་གིས་གནོད་པའི་རྒྱུན་བྱུང་ན། །ཞི་བར་གྱུར་ཅིག་བརྗོད་པ་ན། །དེ་ཉིད་དུ་ནི་ཆད་པར་འགྱུར། །ནད་པའི་ཚོགས་ནི་བྱུང་བ་ནི། །གང་ན་ན་བའི་དམིགས་དེར་ནི། །སེ་གོལ་གཏོགས་པ་ཙམ་གྱིས་ནི། །ནད་རྣམས་ཞི་བར་འགྱུར་ཞེས་བརྗོད། །ནད་ཀྱི་ཚོགས་ནི་ཞི་བར་༦འགྱུར། །ལུས་ཀྱི་དྲོད་ལ་ལྟས་འབྱུང་སྟེ། །གཉིད་ཀྱི་རྟོགས་ཀྱི་རྟོགས་པ་ཆོམས་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་ནི། །འདི་ནི་དང་པོའི་དྲོད་ཡིན་༧་ནོ། །ཁམས་ཀྱི་ཟས་དང་བྲལ་བ་དང་། །མདངས་དང་དབང་པོ་གསལ་བ་དང་། །འདི་ནི་གཉིས་པའི་དྲོད་ཅེས་༨བྱ། །ཤིང་བལ་ལྟ་བུར་ཡང་པ་དང་། །ཁམས་བདེ་མི་བདེ་འབྱུང་བ་མེད། །ནད་ཀྱི་ཚོགས་དང་བྲལ་འགྱུར་ན། །འདི་ནི་དྲོད་ཆེན་བསྟན་པ་༩ཡིན། །ཁམ་གྱི་ཟས་ལ་མ་བརྟེན་ཡང་། །དབང་པོར་གཟི་མདངས་ཤིན་ཏུ་གསལ། །འདི་ནི་ཏིང་འཛིན་རོ་ཚོར་རྟགས། །སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་བའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་འོང་བ་ཡི་ནོར་འབྱུང་ཞིང་། །འདོད་པའི་བསམ་པ་ཐམས་ཅད་འགྲུབ། །རྫས་ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་རྙེད་པར་འགྱུར། །དེ་དག་ཏུང་བའི་སྔ་ལྟས་སོ། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུ་ལྟ་ལས་སོང་། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་བ་༡དང་། ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་སྐྱེ་བ་༢དང་། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་༣དང་། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་དམིགས་པ་༤དང་། ཆོས་སྟོན་པའི་སེམས་སྐྱེ་བ་༥དང་། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་ན། མངོན་དུ་འགྲོ་བ་རང་གི་སངས་རྒྱས་ཀྱི་ཞིང་ངན་སོང་སྤངས་པ་རྗེས་སུ་དྲན་པ་༦དང་། གྲོང་ཁྱེར་ལ་སོགས་པ་འཚོགས་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབ་གྲུབ་པ་༧དང་། གནོད་སྦྱིན་ལ་སོགས་པའི་མི་མ་ཡིན་པ་མེད་པར་བྱ་བའི་ཚིག་གྲུབ་པ་༢དང་། རང་གི་མངོན་པར་ཤེས་པས་ཕ་རོལ་ལ་གནོད་པའི་དགེ་བའི་བཤེས་གཉེན་རྟེན་པ་༩དང་། རྣམ་པ་ཐམས་ཅད་ཏུ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སློབ་པ་༡༠དང་། ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་༡༡དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་བསྒྲུབ་པ་ཞེས་བྱ་༡༢བ། རྣམ་པ་བཅུ་གཉིས་ནི་དྲོད་ཆེན་པོའི་རྟགས་སོ། ༈ །སེམས་ཅན་ཐམས་ཅད་ལ་སེམས་དགྲ་དང་ཟིན་མེད་པར་མཉམ་པ་དང་། བྱམས་པ་དང་ཕན་པ་དང་ཁོང་ཁྲོ་བ་མེད་པ་དང་། རྣམ་པར་འཚེ་བ་མེད་པའི་སེམས་དང་ལྡན་པའོ། །གཞན་ཡང་རང་ཡང་མཉམ་པ་ཉིད་ཀྱིས་གནས་ལ། གཞན་ཡང་མཉམ་པ་ཉིད་ལ་དགོད་པ་དང་། རང་ཡང་འཁོར་བའི་ཆོས་ཀྱིས་མི་གོས་པར་གནས་པ། གཞན་ཡང་འཁོར་བའི་ཆོས་ལས་བློ་བཟློག་པར་དགོད་པ་ལ་སོགས་པ། དྲོད་ཀྱི་རྟགས་མང་བྱུང་ཡང་། ཤས་ཅིག་བཀོད་པར་བས་པས། ལམ་སོ་སོའི་རྟགས་སྤྱིར་ཤེས་པར་བྱས་ལ ། རྟགས་རེ་རེ་ཙམ་ནི་རྒྱུ་རྐྱེན་གཞན་གྱིས་ཀྱང་འོང་པས་རྟགས་ཤས་ཅིག་ཚང་དགོས་སོ། ༈ །སྤྱིར་སྐྱོན་དང་ཡོན་ཏན་གནས་ལུགས་ལ་གཉིས་མེད་དེ། དེ་མ་རྟོགས་པའི་ཤེས་པ་ལ་ལྟོས་ནས་ཀུན་རྫོབ་ཙམ་དུ་ཡོད་པས། སྐྱོན་ཞི་ན་ཡོན་ཏན་ངང་གིས་འཕེལ་ཞིང་འབྱུང་བས། དེའི་ཕྱིར་རྣལ་འབྱོར་པས་རང་གི་རྒྱུད་ལ་རྣལ་འབྱོར་དང་འགལ་བའི་རྐྱེན་ཡོད་དམ་མེད་རང་གི་སེམས་ལ་འདྲི་ཞིང་བརྟག །བླ་མ་དང་གཞུང་གི་སྒོ་ནས་ཀྱང་རང་གི་རྒྱུད་ཀྱི་སྐྱོན་ངོས་བཟུང་། སྐྱོན་མེད་ཅིང་འཇིག་རྟེན་གྱི་སེམས་ཀྱིས་དབེན་ན། ཡོན་ཏན་འབྱུང་བ་དེ་ཡང་དག་པའི་རྟགས་ཡིན། རློམ་ཞིང་ཞེན་པ་ཆེ་བ་ལ་སོགས་མ་དག་པའི་ཚེ་ན་ཡོན་ཏན་བྱུང་བ་དེ་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །སྐྱོན་དང་ཡོན་ཏན་གཉིས་ནི་སྲང་མདའ་མཐོ་དམན་བཞིན་དུ་འདུག་པས། གཅིག་ཡོད་ན་གཅིག་ཉམས། གཅིག་ཞི་ན་གཅིག་ངང་གིས་འབྱུང་ཞིང་འཕེལ་བ་ནི་རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ། ༈ །བདུད་ཀྱིས་བྱིན་གྱིས་ཇི་ལྟར་སློབ་ཞེ་ན། བདུད་ཀྱི་རིགས་མི་འདྲ་བ་དང་། གང་ཟག་གི་རིགས་འདྲ་བའི་སྒོ་ནས་ཤིན་ཏུ་མང་པ་དང་། འདིར་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་པ་བསྟན། བདུད་ཀྱི་ལས་གང་ཞེ་ན། བདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བ། ཆུང་མ་པད་མའི་ཕྲེང་བ་དང་། འཁོར་འཇིག་རྟེན་སྐྱོང་བ་བཞི་དང་། བདུད་ཀྱི་རིགས་ཀྱི་ཡི་དྭགས་དང་བཅས་པ་གང་ཡིན་པའོ། ༈ །དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བོ་ན། མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། རྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ལ་སོགས་པ་རྣམས་སོ། །དེའི་མེ་ཏོག་དེ་དག་བསྣུན་པ་དེ་ལ་ཕོག་པས། ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོག་པ་དེ་ཁོ་ནར་རབ་ཏུ་འབར་བར་འགྱུར་ཏེ། དེའི་དབང་དུ་སོང་ཞིང་བྱང་ཆུབ་དང་མངོན་པར་མཐོ་བ་ལས་ཉམས་པར་འགྱུར་རོ། ༈ །དེའི་འཇིག་རྟེན་སྐྱོང་བ་བཞི་ནི་འདི་ལྟ་སྟེ། འཐབ་པར་བྱེད་པ་དང་། གཡེང་བར་བྱེད་པ་དང་། ལྷག་པར་རབ་ཏུ་ཆགས་པ་དང་། འདུ་ཤེས་ལེགས་པ་ཞེས་བྱའོ། །བདུད་དེ་དག་གི་ལས་ནི་ཐ་དད་སྟེ། འདི་ལྟར་འཐབ་པར་བྱེད་པའི་བདུད་དེ་དག་གིས་ནི། ལམ་བསྒོམ་པ་དག་འཐབ་པ་དང་བརྩོད་པ་དང་འགྱེད་པ་ལ་འཛུད་ཅིང་དེའི་རྐྱེན་འབད་པས་བསྒྲུབ་བོ། །གཡེང་བར་བྱེད་པའི་བདུད་དེ་དག་གིས་ནི། ལམ་བསྒོམ་པ་དག་གཉིད་རྨུགས་པ་རབ་ཏུ་འཕེལ་བ་དང་། ཆོས་ཉན་པ་དག་གཉིད་ལ་རབ་ཏུ་སྦྱོར་བའམ། ཁ་ཅིག་རབ་ཏུ་གཡེང་བར་བྱེད་པར་གནས་སོ། །ལྷག་པར་རབ་ཏུ་ཆགས་པའི་བདུད་དེ་དག་གིས་ནི། ཕལ་ཆེར་ཁྱིམ་ན་གནས་པ་ལ་བར་དུ་གཅོད་དོ། །སྦྱིན་པའི་དུས་ཉེ་བར་གནས་པ་ན། བུ་དང་བུ་མོ་དང་ཆུང་མ་དང་བདག་ཉིད་ལོངས་ཅི་སྤྱོད་ཅེས། དེ་རང་གི་ཤ་ལ་གཅོད་པ་སྙམ་སེམས་པའི་འདུ་ཤེས་ཉེ་བར་བསྒྲུབ་པའོ། །འདུ་ཤེས་ལོག་པའི་བདུད་གང་ཡིན་པ་དེ་ནི། ཕལ་ཆེར་རབ་ཏུ་བྱུང་བའི་ཕྱོགས་སུ་འབྱིན་པར་བྱེད་པ་སྟེ། འདི་ལྟར་རབ་ཏུ་བྱུང་བའི་སེམས་ཉེ་བར་གནས་པ་ན། འཁྲིག་པའི་བདེ་བ་དང་། བཟའ་བ་དང་། བཏུང་བའི་བདེ་བ་དང་། རང་གི་སྐྱེ་བོའི་ཚོགས་དང་། གླུ་གར་ལ་སོགས་པ་དྲན་པས་ཆགས་པ་དང་། དེར་རང་གི་སྐྱེ་བོས་ངུ་བ་དང་། འབྲིད་པ་དང་བསྡིགས་པ་དང་། བཟུང་པས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་ཏུ་འཇུག་པའོ། །རབ་ཏུ་བྱུང་བ་དག་ལ་ཡང་བུད་མེད་ཀྱི་མཚན་མ་དང་ཡིད་ལ་བྱེད་པ་དང་། སྔོན་ལ་དགད་ལ་དང་བཙོས་པ་དག་པ་དག་ཡིད་ལ་དྲན་པ་དང་། ཚོང་དང་ཞིང་ལས་དང་རང་གི་འབྲེལ་པ་དང་། ཡིད་ལྕུགས་པར་བྱ་བའི་སེམས་བསྐྱེད་ཅིང་། རྨི་ལམ་ན་བུད་མེད་ཏུ་སྤྲུལ་ཞིང་དེས་ཆགས་པ་དང་། ས་བོན་འབྱུང་བར་བྱེད་པ་སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལ་འབེབ་ཤིང་། དེ་དག་གི་ཚངས་པར་སྤྱོད་པ་ལ་དྲི་མ་ཅན་དུ་ཡང་བྱེད་དོ། །འདི་དག་བཞི་ཅར་ཡང་འཛམ་བུ་གླིང་པ་སྡུག་བསྔལ་བར་བྱ་བའི་ཕྱིར། ཀླུ་མ་རུངས་པ་དག་ཀྱང་བསྐུལ་ལ། ལྷ་མ་ཡིན་དག་བསྐུལ་ཞིང་ལོ་ཐོག་མ་རུངས་པར་བྱེད། མི་ཆོས་དང་ལྡན་པའི་སྲོག་འཕྲོག །ལུས་ལ་ནད་སྣ་ཚོགས་གཏང་པར་བྱེད་དོ། ༈ །བདུད་ཀྱི་རིགས་ཀྱི་ཡི་དྭགས་ནི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལས། འདི་དག་རིགས་གཅིག་ཏུ་བསྒྲངས་པ་ཡིན་ཏེ། དེ་དག་གི་བདུད་ཀྱི་ལས་བསམ་གཏན་པ་དག་འཇིགས་པ་བསྐྱེད་པར་བྱེད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཉེ་བར་སྟོན་པས་བར་དུ་གཅོད་དོ། །བསམ་གཏན་མཉམ་པར་གཞག་པ་ན་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ། ༈ །མདོར་བསྡུས་ན་བདུད་བགེགས་གཉིས་ཏེ། བྱང་ཆུབ་ལས་ཉམས་པར་བྱེད་པའི་བདུད་དང་། གཏོར་མ་འདོད་པ་འམ་རྩེད་མོ་འདོད་པའམ། སྲོག་ལ་གནོད་པར་བྱེད་པའི་བགེགས་སོ། །བདུད་ཀྱང་གཉིས་ཏེ། བྱང་ཆུབ་ལས་ཉམས་པར་བྱེད་པའི་བདུད་དང་། བདུད་ཀྱི་རིགས་སུ་གཏོགས་པ་རྣམས་ནི། ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཆགས་པ་བསྐྱེད་པའམ་འཇིགས་པ་བསྐྱེད་པས་བར་དུ་གཅོད་དོ། །དེ་ལྟར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། མི་ཟད་བརྟུལ་ཞུགས་བཟུང་བའི། །གྲུབ་པ་ལ་ནི་བདུད་ཀྱི་རིགས། །ལྷ་མོ་འདོད་པའི་གཟུགས་དག་དང་། །དེ་བཞིན་གཞན་གྱི་ལུས་སུ་ཡང་། །རྣམ་པ་སྣ་ཚོགས་གཟུགས་དག་གིས། །དབང་པོ་བསྡམས་ལ་འཚེ་བར་བྱེད། །ཅེས་གསུངས་སོ། །འདིར་བརྟུལ་ཞུགས་བཟུང་བ་ཉེ་བར་མཚོན་པ་སྟེ། སེམས་ལས་སུ་རུང་པ་ཐམས་ཅད་ལ་ཡང་དེ་འཚེ་བར་བྱེད། དེ་ལྟ་བུའི་ལས་དེ་དག་སུ་ཞིག་ལས་བྱུང་ཞེ་ན། བསམ་པ་དག་ལ་བརྩོན་པ་དག་ལ་འབྱུང་སྟེ། ཇི་སྐད་དུ་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལས་བྱུང་བ་རིགས་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱ་སྟེ། དེའི་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །བདུད་ཀྱིས་བྱིན་གྱིས་རློབ་པ་ནི། ལ་ལ་ནི་མངོན་སུམ་དང་། ལ་ལ་ནི་བརྒྱུད་པས། ཁ་ཅིག་ལ་ནི་འཇམ་པོས། ཁ་ཅིག་ལ་ནི་དྲག་པོས་བྱིན་གྱིས་བརློབ་བོ། །ཅིས་ཀྱང་རྣལ་འབྱོར་པ་དང་ཆོས་པའི་སེམས་བསྒྱུར་ཞིང་སེམས་ཉམས་སུ་འཇུག་གོ། ༈ །བདུད་གཡོབ་ཅིང་སློབ་པ་གང་ཞེ་ན། ཆོས་པ་རྣལ་འབྱོར་པ་དག་འཇིགས་ཤིང་འདར་ན་བདུད་༡གཡོབ། རེ་རེ་འུ་མང་ན་བདུད་༢གཡོབ། དོགས་དོགས་བུ་མང་ན་བདུད་༣གཡོབ། རྣལ་འབྱོར་པ་ཡིད་མ་བདེ་ཞིང་སྡུག་བསྔལ་གྱིས་གཟིར་ཅིང་གདུངས་ན་བདུད་༤གཡོབ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་ན་བདུད་༥གཡོབ། རྟོག་པ་ཆེ་ན་བདུད་༦གཡོབ། རྨི་ལྟས་ལ་ཞེན་པ་ཆེ་ན་བདུད་༧གཡོབ། ཕྲག་དོག་ཆེ་ན་བདུད་༨གཡོབ། འདོད་ཆགས་ཀྱིས་མངོན་རྟགས་དང་མཚན་མ་འཛིན་ཅིང་ཚུལ་བཞིན་མ་ཡིན་པར་སེམས་ན་བདུད་༩གཡོབ། ཞེ་སྡང་རྟག་ཏུ་བསྟེན་ན་བདུད་༡༠གཡོབ། འཇིག་རྟེན་གྱི་སེམས་གྲགས་པ་དང་། བསྟོད་པ་དང་རྙེད་པ་དང་། བདེ་བ་དང་། སློབ་ཅི་མང་དུ་ཐབས་ཀྱིས་བསྡུད་པ་དང་། བསོད་ནམས་དང་འདུལ་ཞིང་ཅི་ཚེར་ཞེ་བསྒྲིམས་ནས་བསྒྲུབ་ཅིང་དོན་དུ་གཉེར་ན་བདུད་༡༡གཡོབ། ཐམས་ཅད་དཔང་དུ་བཙུགས་ནས་དམ་བཅའ་ཉམས་འོག་ཏུ་མི་ཚུད་པར་དམ་འཆའ་ན་བདུད་༡༢གཡོབ། ཐབས་ཀྱིས་མ་ཟིན་པར་སྡུག་བསྔལ་གྱིས་བྱང་ཆུབ་ཚོལ་ན་བདུད་༡༣གཡོབ། དམ་ཚིག་ཉམས་ན་བདུད་༡༤གཡོབ། རྟག་པར་ལྷན་གཅིག་འགྲོགས་པ་ཞེ་འཁོན་དང་བཅས་ན་བདུད་༡༥གཡོབ། རྣལ་འབྱོར་པ་ཡང་ཞིང་ཅོལ་ཆུང་ན་བདུད་གཡོབ་༡༦བོ། །དེ་རྣམས་ནི་བདུད་ཀྱི་རྐྱེན་དང་ཟས་ཡིན་ནོ། ༈ །ངོ་ཤེས་པར་བྱས་ལ་ཆོས་ཉིད་ཏུ་ལྟ་ཞིང་ཞི་བར་བྱའོ། ༈ །དབྱེ་བ་གང་ཞེས་ན། མདོར་ན་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་ནི་མང་དུ་གསུངས་ན། མདོར་བསྡུས་ན་བཅྭ་ལྔ་འམ་བཅོ་བརྒྱད་དོ། ༈ །བཅྭ་ལྔ་ནི་རྟགས་ཀྱི་ཐ་མ་དྲུག་དང་མི་ལྡན་པ་བདུད་ཡིན་པར་བསྟན་ཟིན་ཏོ། ༈ །བཅྭ་བརྒྱད་གང་ཞེ་ན། བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དུ་ཆོས་ཉན་པ་མཐོང་པ་༡དང་། རྣམ་པར་སྣང་མཛད་འཁོར་དང་བཅས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པ་༢དང་། བདག་གི་སེམས་སྐད་ཅིག་མ་གཅིག་གིས་སྤྲུལ་པ་གྲངས་མེད་པ་ཕྱོགས་བཅུར་འགྱེད་ནུས་པ་མཐོང་པ་༣དང་། གང་སངས་རྒྱས་ཀྱི་བཤད་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་འཆད་ནུས་ཤིང་ཡིད་ལ་བཀྲ་བར་བགྱིད་པ་༤དང་། ཚེ་སྔ་ཕྱི་ཀུན་ཡིད་ལ་བཀྲ་བར་བགྱིད་པ་དང་། ཡིད་ལ་དྲན་པར་ནུས་པ་༥དང་། ལམ་རྒྱུད་དྲུག་གི་སེམས་ཅན་ཡིད་ལ་ས་ལེ་སྣང་བ་༦དང་། སེམས་ཅན་ལ་ཤིན་ཏུ་གདུང་པའི་སྙིང་རྗེ་ཆེན་པོ་འབྱུང་བ་༧དང་། ཉིན་མཚན་མེད་པར་འོད་ཆེན་པོ་གསལ་བར་མཐོང་པ་༨དང་། བདག་གི་ལུས་རྩིག་པ་དང་རི་ལ་ཡང་ཐོགས་པ་མེད་པར་འགྲོ་ནུས་པ་༩དང་། ནམ་མཁའ་སྟོང་པ་ལ་ཡང་ཐོགས་པ་མེད་པར་འགྲོ་ནུས་པ་༡༠དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་རྒྱ་གསེར་གྱི་ཁ་དོག་འདྲ་བ་ནི་བརྐྱང་ནས་བདག་ལ་སྐུ་བསྟན་ཅིང་སྤྱི་བོར་འཇུག་པ་དང་། བདག་གི་སེམས་ཅན་ཐམས་ཅད་ཀྱི་སྐྱད་དུ་ཆོས་སྟོན་ནུས་སྙམ་པ་དང་། སྣོད་བཅུད་ཀྱི་བསྟི་གནས་བྱེད་པ་ཀུན་མཐོང་བ་དང་། སྟོང་གསུམ་ཀུན་ཀྱང་ལག་མཐིལ་ལྟར་མཉམ་པར་མཐོང་བ་དང་། བདག་གིས་ཐོགས་པ་མེད་པར་ཕྱོགས་བཅུ་ཐམས་ཅད་གསལ་བར་འབྱུང་ནུས་པར་མཐོང་བ་༡༥དང་། ད་ནི་བདག་གིས་ཏིང་ངེ་འཛིན་ཐམས་ཅད་གསལ་བར་མངོན་དུ་འགྱུར་གྱིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་ནུས་སྙམ་པ་༡༦དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བདག་ལ་རིགས་ཀྱི་བུ་ཁྱོད་ཆེ་གེ་མོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་ལ་འགྲོ་བར་རིགས་སོ་ཞེས་བསྒོ་བ་༡༧དང་། ལྷ་ཀླུ་ཐམས་ཅད་ཀྱིས་བདག་ལ་མཆོད་པར་བྱེད་པར་མཐོང་བའོ། །སེམས་ཆོས་ཉིད་ལས་མི་གཡོ་ཞིང་། མཚན་ཉིད་ཤེས་ནས་ནི་ཡང་དག་པའི་རྟགས་སོ། །མ་ཤེས་ན་བདུད་ཀྱི་རྟགས་སོ། །རྣལ་འབྱོར་པ་ཁྱད་པར་ཅན་ལ་འོང་པས་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི། འདོད་ཆགས་ཆུ་བོའི་བདུད་དང་། ཞེ་སྡང་མེ་འབར་གྱི་བདུད་དང་། གཏི་མུག་མུན་འཐིབས་ཀྱི་བདུད་དང་། ང་རྒྱལ་སྡོས་བཏགས་ཀྱི་བདུད་དང་། ལྷ་བ་བདུད་བཅིངས་ཀྱི་བདུད་དང་། ཐེ་ཚོམ་ཟུག་རྔུའི་བདུད་དང་། རྟོག་པ་རླུང་དམར་གྱི་བདུད་དང་། སྦྱིན་པ་ལོངས་སྤྱོད་ཀྱི་བདུད་དང་། ཚུལ་ཁྲིམས་ངལ་དུབ་ཀྱི་བདུད་དང་། བཟོད་པ་བརྟུལ་ཞུགས་ཀྱི་བདུད་དང་། བརྩོན་འགྲུས་མཐར་ལྷུང་གི་བདུད་དང་། བསམ་གཏན་མངོན་ཞེན་གྱི་བདུད་དང་། ཤེས་རབ་དུག་རྒྱས་ཀྱི་བདུད་དང་། དད་པས་མ་ཁྲོལ་བའི་བདུད་དང་། སྙིང་རྗེ་ལམ་འཆོར་གྱི་བདུད་དང་། རླུང་བྱང་ཆུབ་སེམས་དཔའ་ཁྲོས་པའི་བདུད་དོ། ༈ །དེ་གང་ཞེ་ན། གནས་ལུགས་ནམ་མཁའ་ལྟ་བུ་ལ་ནི་ཐབས་ཀྱིས་གཟུང་དུ་མེད་དེ། གནས་ལུགས་རྟོགས་པའི་ཤེས་པ་དེ་ཐབས་ཀྱིས་ཟིན་པར་ཤིན་ཏུ་གཅེས་སོ། །ལྟ་བ་ཐབས་ཀྱིས་མ་ཟིན་ན་ལྟ་བ་སྐྱངས་པོ་སྟེ། ཚིག་གི་མཉམ་པས་དོན་གྱི་མཉམ་པར་མི་འགྱུར་ཏེ། ཐབས་ལྟ་བ་ཟབ་མོས་མ་ཟིན་ན་ཡང་གྲོལ་བར་མི་འགྱུར་རོ། །དེ་ལྟ་བས་ན་ལྟ་བ་དང་ཐབས་གཉིས་མི་གཉིས་པར་ཟིན་པ་གལ་ཆེའོ། །ཐབས་ནི་མཉམ་པའི་ངང་ལ་གནས་པའི་རྒྱུ་བསྟེན་པ་དང་། ངང་ལ་གནས་སུ་མི་སྟེར་བའི་གེགས་བསལ་བ་དང་། ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱ་བ་དང་། དྲོད་ཚོད་ཀྱིས་ཟིན་པར་བྱ་བ་དང་། མདོར་བསྡུས་བཞིའོ། །འདིར་དྲོད་ཚད་ཙམ་ཞིག་བརྗོད། དེ་ལ་ཡང་གང་ཟག་གི་དབང་པོ་དང་། བག་ཆགས་དང་། རྣལ་འབྱོར་པ་གསར་རྙིང་གི་བྱེ་བྲག་གིས། གདམས་ངག་གི་འཇུག་སྒོའི་བྱེ་བྲག་དང་། ཉམས་རྟགས་དང་སྦྱར་བའི་དྲོད་མི་འདྲ་བ་བཟུང་བའི་དྲོད་ཚོད་ནི་མང་ན། འདིར་རྟེན་གྱི་དྲོད་ཚོད་དང་། འཇུག་པའི་དྲོད་ཚོད་ཙམ་ཞིག་བརྗོད། ༈ སེམས་མཉམས་པའི་ངང་ལ་གནས་པའི་རྟེན་ནི། ཐིག་ལེ་རྒྱས་པ་དང་། རླུང་དར་བའི་རྒྱུ་བསྟེན་པ་དང་། བསྐོལ་བའི་དྲོད་ཚོད་ཀྱིས་ཟིན་པ་ལས། ངང་ལ་གནས་ཤིང་རྣལ་འབྱོར་མི་ཉམས་ཤིང་ཁྱད་པར་ཅན་དུ་འགྲོའོ། །དེ་ལས་བཟློག་པ་ནི་ངང་ལ་གནས་མི་བཏུབ་པ་དང་། གནས་པ་ཡང་ཉམས་ཤིང་ངན་དུ་འགྲོ་བ་དང་། བསྒོམ་པ་ཁྱད་པར་ཅན་དུ་རྣལ་འབྱོར་འགྲོར་མི་བཏུབ་པར་འགྱུར་རོ། །དེའི་ཕྱིར་རྟེན་ཐིག་ལེ་དང་རླུང་གཉིས་ཐ་མལ་དུ་འདུག་ན་སྒོམ་པ་སོ་ཐུབ་ཏུ་འོང་ངོ་། །རྟེན་རྒྱས་ན་བསྒོམ་པ་བཟང་ཞིང་བདེ་བར་འོང་། རྟེན་རྒུད་ན་སྒོམ་པ་སྔ་མ་བས་ངན་པར་འོང་། ཤིན་ཏུ་རྒུད་ནས་བསྒོམ་པ་སྔ་མ་བས་ངན་ཅིང་རྟགས་འདི་རྣམས་འོང་ངོ་། །མགོ་བོ་བགས་ཀྱིས་ལྕི་བ་དང་། ལུས་ལ་གཟེར་ཟུག་འབྱུང་བ་དང་། སྤྱོད་ལམ་མི་བདེ་བ་དང་། ཐུན་ཞབས་ལ་ཆེར་བྱིང་པ་དང་། ཞབས་ལ་ཆེ་དགོད་པ་དང་། ཤིན་ཏུ་སྦྱངས་པ་ཞན་ཅིང་འཛིན་ཆུང་པ་དང་། བསྒོམ་པ་སྔ་མ་བས་ངན་པ་དང་། གཉིད་ཡར་ཞིང་མི་འཁུགས་པ་དང་། གཉིད་སྔ་མ་བས་ཆུང་ཞིང་ཐུམ་ཕྲས་བྱེད་པ་དང་། རྐྱེན་མེད་པར་རྣམ་རྟོག་རྒྱས་པ་དང་། སྔ་མ་བས་རྨི་ལམ་མང་བ་དང་། རྐྱེན་ཙམ་མེད་པར་ཟས་ཡི་གར་མི་འོང་པ་དང་། བསྒོམ་སྙིང་མི་འདོད་པ་དང་། བསྒོམ་པ་ཤིན་ཏུ་འཚེར་བ་དང་། ལུས་ལྕི་བ་དང་། སེམས་གྱོང་པ་དང་། ལུས་སེམས་གཉིས་ཀ་རྩུབ་པ་དང་། ཁམས་ཀྱང་སྲབ་བསྒོམ་པ་ཡང་ངན་དུས་སུ། ཤུགས་རིངས་འབྱུང་བ་དང་། སྡང་པ་དང་། འདར་བ་དང་། དབུགས་མི་བདེ་ཞིང་སྡངས་པ་འབྱུང་བ་དང་བཞི་པོ་དེ་ནི། ཁམས་མི་བདེ་བ་མེད་ཅིང་བསྒོམ་པ་བདེ་དུས་སུ་བྱུང་ན། ཤིན་ཏུ་སྦྱངས་པ་རྩུབ་པའི་ཕྱོགས་ཡིན་ཏེ་འདོད་པའི་རྟགས་སོ། །བསྒོམས་པ་དང་མི་བསྒོམ་པ་གཉིས་གའི་དུས་སུ། ཤེས་པའི་ཉམས་ལ་ཤིན་ཏུ་གསལ་བར། མེ་ཏོག་དང་། ཕྲེང་བ་དང་། ངོ་མཚར་ཅན་གྱི་རྫས་དང་། གཟུགས་སྣ་ཚོགས་མཐོང་བ་དང་། གླིང་བུ་འམ། ཆ་ལང་དང་། གླུ་དབྱངས་ལས་སོགས་པའི་སྒྲ་སྣ་ཚོགས་ཐོས་པ་དང་། སྨྲ་བའི་ངག་འཁྲུལ་བ་དང་། གོང་མ་གཉིས་པོ་ལ་ནི་མན་ངག་མེད་པས་ནི། འདོད་པ་འམ་མི་འདོད་པའི་རྟགས་སུ་འཛིན་ཏེ། དེ་ནི་མི་མཉམ་པའི་རླུང་སྐྱེས་པའི་རྟགས་དང་། འདོད་པའི་རྟགས་དང་། མི་འདོད་པའི་རྟགས་གསུམ་པོ་དེ་ནི་བླ་མའི་ཞལ་རག་གོ། །གཞན་ཡང་བསྒོམ་པ་སྔ་མ་བས་ངན་ཞིང་ཡུན་རིང་པ་བྱེད་སྙིང་མི་འདོད་པ་ལ་སོགས་པ་རྟེན་ཉམས་པའི་རྟགས་མང་དུ་ཡོད་ན་འདིར་མ་སྤྲོས་སོ། །རྟེན་ཉམས་པའི་རྟགས་དེ་ཀུན་འབྱུང་བཞིན་དུ་བསྒོམ་པ་ལ་བརྩོན་ན། ངང་ལ་གནས་སུ་མི་བཏུབ་པ་དང་། བསྒོམ་པ་ཡོད་པ་ཇེ་ངན་འགྲོ་ཞིང་བོགས་མི་འོང་ངོ་། རྟེན་གྱི་རྟགས་དེ་ཀུན་བྱུང་ན། ངལ་སོ་ཞིང་ཚོགས་ལ་གནས་པར་བྱས་ལ་ཁམས་ལྟས་པར་བྱས་ལ། བསྒོམ་པ་བདེ་ཙམ་ན་ཚོད་བཟུང་ཞིང་ནུས་ཀྱང་འཕྲོ་གཅོད་ཅིང་བསྒོམས་ན། བསྒོམ་པ་ཇེ་བཟང་ཇེ་ཆེར་འགྲོ་ཞིང་བོགས་འོང་ངོ་། ༈ །འོ་ན་དང་པོ་དྲོད་ཚད་ཅིས་བཟུང་ཞེ་ན། སྒོ་གར་ཞུགས་ཀྱང་མདོ་གཅོད་བཞིས་བཟུང་ངོ་། །གང་ཞེ་ན་ཐུན་སྟོད་པས་ཐུན་སྨད་ཚད་བདེ་བ་དང་། བསྒོམ་པ་སྔ་མ་བས་ཕྱི་མ་བདེ་ན། རྟེན་ཁམས་ཀྱི་ནུས་པ་ཆེ་བས་ཚོད་བཟུང་ཞིང་བསྒོམ་མོ། །དེ་ལས་བཟློག་པ་ནི་རྟེན་ཁམས་ཀྱི་ནུས་པ་ཆུང་བས། ཁོང་ངལ་བསོ་ཞིང་བསྒོམ་མོ། །དེ་ལྟར་མ་བྱས་ན་དྲོད་ཚོད་ཀྱི་མན་ངག་མེད་པས་ངང་ལ་གནས་སུ་མི་བཏུབ་ཅིང་། བསྒོམ་པ་ངན་འགྲོ་ཞིང་བོགས་མི་འོང་ངོ་། ༈ །འོ་ན་རྫོགས་པ་ཆེན་པོ་ལ་ཐུན་དུ་བཅད་མ་བཅད་མེད་ན་ཐུན་དུ་བཅད་པ་རང་ཡང་སྐྱོན་ཡིན་ན། གནས་ལུགས་ལ་རང་དེ་ལྟར་ཡིན་ཏེ། དེ་རྟོགས་པ་དང་ངང་ལ་གནས་པ་དང་དེ་ཁྱད་པར་ཅན་དུ་འགྲོ་བ་ལ་དྲོད་ཚོད་ཀྱི་མན་ངག་གིས་ཟིན་པ་ཤིན་ཏུ་གཅེས་སོ། །དྲོད་ཚོད་ཀྱིས་མ་ཟིན་ན་རྫོགས་ཆེན་གྱི་སྒོར་ཞུགས་པ་ཡིན་ཡང་། ལས་དང་པོ་པ་ཡིན་པས་ངང་ལ་གནས་སུ་མི་བཏུབ་ཅིང་། བསྒོམ་པ་ཡོད་པ་ཡང་ཉམས་ཤིང་བོགས་མི་འོང་ངོ་། །དེ་བས་ན་དོན་རྟོགས་མ་རྟོགས་ལ་རག་སྟེ། སྒོ་གར་ཞུགས་ཀྱང་རུང་། རྣལ་འབྱོར་པ་གསར་སྙིང་གང་ཡིན་ཡང་རུང་། ཆེ་ས་ཆུང་ས་ནས་མཚན་བཅས་མཚན་མེད་གང་བསྒོམ་ཡང་། བསྒོམ་པ་རང་གིས་ཚུར་སྨྲ་ཞིང་ཚོད་ཟིན་པའི་དྲོད་ཚོད་དེས་ཟིན་པ་གཅེས་སོ། །རྫོགས་པ་ཆེན་པོ་རྟོགས་པའི་རྣལ་འབྱོར་རྙིང་པ་རྟོགས་པའི་བདེ་བ་བརྒྱད་ཀྱིས་གནས་པ་ལ་དྲོད་ཚོད་དེ་ལྟ་བུས་བཟུང་མི་དགོས་སོ། ༈ །བསྒོམ་པ་བཟང་ངན་ནི་རྟོགས་མ་རྟོགས་དང་བག་ཆགས་ཆེ་ཆུང་ལ་ཡང་རག་སྟེ། རྟེན་བཟང་ངན་དང་དྲོད་ཚོད་ཀྱིས་ཟིན་མ་ཟིན་ལ་ཆེར་རག་གོ། །མི་དམིགས་པའི་ངང་དུ་ཐབས་ཀྱིས་ཟིན་པར་བྱ་ཡིས་ཞེན་པར་ནི་མི་བྱའོ། །རླུང་བྱང་ཆུབ་སེམས་དཔའ་འཁྲས་པའི་བདུད་ནི་དེ་ལྟ་བུར་ཤེས་པར་བྱ་སྟེ། རྣལ་འབྱོར་ཉམས་པར་བྱེད་པའི་ཕྱིར་རོ། ༈ །འབྲེལ་བའི་བདུད་ནི། ཆོས་ཀྱིས་འབྲེལ་བའི་བདུད་དང་། གནས་ཀྱིས་འབྲེལ་བའི་བདུད་དང་། ལས་ཀྱིས་འབྲེལ་བའི་བདུད་དང་། སྨོན་ལམ་གྱིས་འབྲེལ་བའི་བདུད་དང་། བསོད་ནམས་ཀྱིས་བསླུས་པའི་བདུད་དང་། བཤེས་གཉེན་གྱིས་བསླུས་པའི་བདུད་དང་། ནོར་གྱིས་བསླུས་པའི་བདུད་དང་། རིགས་དང་བློས་བསླུས་པའི་བདུད་དང་། འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་པའི་བདུད་དང་། གློ་བུར་མི་འཕྲོད་ལྡང་པའི་བདུད་ལ་སོགས་པ། ཆོས་ཉིད་ཞི་བ་མཐོང་དུ་མི་སྟེར་བའི་རྣལ་འབྱོར་པའི་ཤེས་རྒྱུད་ལ་གནོད་པ་ཐམས་ཅད་བདུད་ཡིན་པས། དེ་ངོ་ཤེས་པར་བྱས་ནས་བདུད་དེ་ཉིད་ཆོས་ཉིད་དང་ཐ་མི་དད་ཅིང་དབྱེར་མི་ཕྱེད་པས། དེ་ཆོས་ཉིད་མཉམ་པའི་ངང་དུ་རྟོགས་པས་ཞི་བར་བྱའོ། ༈ །ཞི་ཐབས་གང་ཞེ་ན། མཉམ་པར་བཟློག་དང་། རང་སེམས་བཅོས་པ་དང་། སྙིང་རྗེས་གནས་དང་། ངོ་ཤེས་བོར་བ་དང་། སྦྱིན་བསྲེག་རྟེན་དང་། བསོད་ནམས་སྤེལ་བ་དང་། འཚམས་བཅད་པ་དང་། རྫས་ཀྱི་བརྟུལ་ཞུགས་དང་། ཞི་ཐབས་རྣམ་པ་བརྒྱད་ཀྱིས་བསྟན་པའོ། ༈ །ཐབས་ཀྱི་ལམ་དུ་ཞུགས་པའི་གང་ཟག་དང་། ཤེས་རབ་ཉམས་པ་ཉིད་ཀྱི་ལམ་ཤས་ཆེར་ཞུགས་པ་གཉིས་ལ། ཐབས་སྤྱོད་པས་འདྲེན་པའི་སྒོ་ནས་ཤས་ཆེར་སྤྱོད་པ་ནི་རང་སེམས་བཅོས་པ་ལ་སོགས་པ་བདུན་ཀས་ཕལ་ཆེར་བཟློག་ཅིང་ཞི་བར་བྱའོ། །དབང་པོ་དམན་པས་མཉམ་པས་ཞི་ཐབས་ཆུང་བའོ། །ཤེས་རབ་མཉམ་པ་ལ་གནས་པའི་རྣལ་འབྱོར་པས་ཀུན་ཏུ་ཆོས་ཉིད་ཞི་བས་བདུད་ཞི་བར་འགྱུར་རོ། །མཉམ་པས་ཞི་ཐབས་ནི། བསྒོམ་པ་པོའི་ལུས་ཡེ་ནས་གཞག་ཏུ་མེད། བསྒོམ་པར་བྱ་བའི་དོན་ཆོས་ཉིད་དུ་ཡེ་ནས་གཞག་ཏུ་མེད། བསྒོམ་པར་བྱེད་པའི་ཤེས་པ་དང་ལམ་དུ་ཡེ་ནས་གཞག་ཏུ་མེད། འཁྲུལ་ནས་དེ་གསུམ་དུ་སྣང་གི་གནས་ལུགས་སམ་རང་བཞིན་ལ་ཅིར་ཡང་ཡེ་ནས་གཞག་ཏུ་མེད་པའི་ཕྱིར་བར་དུ་བཅད་དུ་གང་ནས་རྙེད། དཔེར་ན་ནམ་མཁའ་ལ་དེ་གསུམ་དུ་གཞག་ཏུ་མེད་པའི་ཕྱིར་གནོད་པ་བྱས་ས་གང་ན་ཡོད། ལུས་སེམས་ཆོས་ཉིད་ཅི་ཡང་མ་ཡིན་པའི་ངང་དུ་སྦས་པས། ཁམས་གསུམ་གྱི་སེམས་ཅན་དགྲར་ལངས་ཀྱང་གནོད་པ་བྱ་ས་གང་ན་རྙེད། གནོད་པ་བྱེད་པའི་བདུད་ཉིད་ཆོས་ཉིད་ཡིན་ན། བདུད་ལས་ཆོས་ཉིད་ལོགས་སུ་བཙལ་ཡང་ག་ལ་རྙེད། བདུད་ཆོས་ཉིད་ཀྱི་ངང་དུ་རྟོགས་པས་བསད་པས་གནོད་པ་བྱེད་མཁན་མེད། གནོད་པ་བྱ་ས་བདག་དང་གནོད་པ་བྱེད་མཁན་གྱི་བདུད་གཉིས། གཉིས་སུ་ཡེ་ནས་མེད་པས་གཉིས་སུ་མེད་པར་བསྒྲལ་བས། གནོད་པའམ་མཚན་མའི་རྫུ་འཕྲུལ་ཅི་བྱུང་ཡང་། ཆོས་ཉིད་རྟོགས་པའི་ངང་ལས་སེམས་མི་གཡོ་བར་བྱའོ། ༈ །རང་སེམས་བཅོས་པའི་ཞི་ཐབས་གང་ཞེ་ན། རང་གི་སེམས་དག་པར་བྱ་སྟེ། ཕྲག་དོག་དང་། ང་རྒྱལ་དང་། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དག་ཅིང་ཞི་བར་བྱའོ། །གཞན་ཡང་གྲགས་པ་དང་། བསྟོད་པ་དང་། སྙེད་པ་ལ་སོགས་པ་འཇིག་རྟེན་གྱི་སེམས་ཐམས་ཅད་ཞེ་ཕུགས་ནས་གཏང་ངོ་། །གཞན་ཡང་འཇིགས་པའི་སེམས་དང་། རེ་རེའུ འི་སེམས་དང་། དོགས་དོགས་བུའི་སེམས་དང་། རྟོགས་པ་ལ་སོགས་པ་བདུད་སློང་པའི་སེམས་དང་། སྤྱོད་པ་ཐམས་ཅད་ཞི་ཞིང་དག་པར་བྱའོ། །སྡོམ་པ་དང་དམ་ཚིག་དག་པར་བྱའོ། །རང་གི་སེམས་བཅོས་པས་བདུད་ཀྱང་ཞི་ཞིང་མི་ཚུགས་སོ། །གཞུང་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །ཅེས་དང་། འཕགས་པ་རྡོ་རྗེ་རྩེ་མོས་ཞུས་པ་ལས། རང་གི་སེམས་ཉིད་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །བགེགས་ཀུན་རྣམ་པར་རྟོག་ལས་བྱུང་། །ཞེས་པ་དང་། འཕགས་པ་རྡོ་རྗེ་བཀོད་པ་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང་། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །ཅེས་པ་དང་། འཕགས་པ་སྡུད་པ་ལས་ཀྱང་། ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་ངག་གི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་པ་དང་། དེ་ཉིད་ལས། འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་སྨོས་ཅི་དགོས། །དེའི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམས་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུང་། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་པ་དང་། འཕགས་པའི་དཀོན་མཆོག་བརྩེགས་པ་ལས་ཀྱང་། ཆོས་བཞི་དང་ལྡན་ན་བདུད་འདུལ་བར་བྱེད་དོ། །བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། ཕྲ་མའི་ཚིགས་ཡོངས་སུ་སྤངས་པ་དང་། སྐྱེ་བོ་མང་པོའི་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པའི་བྱམས་པ་སྒོམ་པའོ། །ཞེས་པ་དང་། གང་གྷའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་ཀུན་ཡོངས་སུ་རྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་ཇི་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེར་གཤེགས་བྱིན་བརླབས་ཅན། །ཞེས་པ་དང་། འདུས་བྱས་ལ་ནི་གང་རྟོགས་དང་། །འདུས་མ་བྱས་ལའང་གང་རྟོག་པ། །གཉིས་ཀ་བདུད་ཀྱི་ལས་ཡིན་ཏེ། །མཁས་པས་བདུད་དུ་གཞག་པ་ཡིན། །ཞེས་པ་དང་། འཇིག་རྟེན་དག་ལ་འཚོ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་འགྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་གྱུར་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་པ་དང་། བདུད་ནི་རང་གི་སེམས་ཡིན་ཏེ། །རང་སེམས་ནམ་མཁའ་དག་པར་བྱ། །ཞེས་པ་ལ་སོགས་པ་མང་དུ་འབྱུང་བས། རང་གི་སེམས་བཅོས་པས་ཞི་ཞིང་བྲལ་བར་འགྱུར་རོ། ༈ །གནོད་པ་བྱེད་པའི་སེམས་ཅན་དང་བདུད་ལ་སྙིང་རྗེ་ཞེ་ཐག་པ་ནས་བསྐྱེད་ཅིང་ཕན་གདགས་ཤིང་བྱམས་པས་གནས་པར་བྱའོ། །དེས་ཞི་བར་འགྱུར་རོ། ༈ །བདུད་ཀྱི་ལས་ལ་སྤྱོད་པར་ངོ་ཤེས་པར་བྱས་ལ་འཕྲོ་གཅད་ཅིང་བོར་བས་ཀྱང་ཞི་བར་འགྱུར་རོ། །བདུད་ཀྱིས་བསྐུལ་ནས་འཛམ་བུ་གླིང་པའི་ཡི་དྭགས་ཀྱིས་ཚ་ལ་སོགས་པའི་གནད་འགལ་སྦྱིན་བསྲེག་གིས་ཞི་བར་བྱའོ། ༈ །གཞན་ཡང་བར་ཆད་མི་འདོད་པའི་རྐྱེན་མང་ན། དར་མ་གླག་པ་དང་། ཚ་ཚ་མང་པོ་གདབ་པ་དང་། གཏོར་མ་མང་པོ་གཏང་བ་དང་། མཆོད་པ་རྒྱ་ཆེན་པོ་ལ་སོགས་པ། འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བས་ཞི་བས་འགྱུར་རོ། ༈ །བདུད་ངན་རིགས་པ་ནི་ཁྲོ་བོར་བསྒོམས་ཤིང་སྔགས་ཀྱིས་འཚམས་བཅད་པས་ཞི་བར་འགྱུར་རོ། །ནུས་པ་ཆུང་པའི་བདུད་རྣམས་ནི། །སྔགས་དང་སྨན་གྱི་སྦྱོར་བ་དང་། །དུད་པའི་སྟོབས་ཀྱིས་མེད་པར་འགྱུར། །ཁ་ཅིག་མི་གཙང་ལུས་བྱུགས་ཤིང་། །སྦྱིན་བསྲེགས་བྱས་ན་མེད་པར་འགྱུར། །ལ་ལ་ལུས་པོ་ཆུར་བཅུག་ཅིང་། །དུད་པས་བདུགས་ན་མེད་པར་འགྱུར། །ཁ་ཅིག་ཁ་རུ་མི་གཙང་དག །བཅུག་ནས་བསྐྱིགས་ཏེ་ཆུ་བཅུག་ནས། །བསླབ་རྡོལ་བྱེད་པའི་འབྱུང་པོ་འབྲོས། །གྷི་ཧང་གླ་རྩི་ཨ་ཀ་རུ། །ཙན་དྷན་དཀར་དང་གུ་གུལ་ནག །དྲི་ཞིམ་རྣམ་གསུམ་ར་སྣ་དང་། །ཁུ་སེར་མུ་ལ་ཚེར་མ་གསུམ། །ལ་ཕུག་སྒོག་པ་ཆ་སྙམས་ཏེ། །བྱུགས་ཤིང་རི་ལུང་མེ་བསྲེགས་ན། །འབྱུང་པའི་གནོད་རྣམས་མེད་པར་འགྱུར། ༈ །གྲོགས་སློབ་གང་ཞེ་ན། བདུད་ཀྱི་རྩ་བ་གྲོགས་དང་སློབ་མ་ཡིན་པས། དེའི་ཕྱིར་རྒྱལ་ཚབ་ཆེན་པོ་བྱམས་པས་གསུངས་པ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་པས། ༈ ཚོགས་ཆེན་པོས་ཐོབ་པ་དང་། སྤོབས་པ་ཧ་ཅང་མྱུར་བ་དང་། །ལུས་ཀྱི་གནས་ངན་ལེན་པ་དང་། །སེམས་ཀྱི་གནས་ངན་ལེན་པ་དང་། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཐོན་ལ་སོགས་པ་དང་། ཕྱིར་ཕྱོགས་པའི་རྒྱུ་མཚན་ཉིད་འཛིན་པ་དང་། རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་། རྣམ་པ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་ཀུན་ཏུ་འཛིན་པ་ཉམས་པ་དང་། རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་དང་། བཅུ་ཚན་དང་པོའོ། ༈ །རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང་། གོང་མ་མེད་པ་ཉམས་པ་དང་། ཡུལ་རྣམ་པ་རྣམ་པར་རྟོག་པའི་སྤོབས་འབྱུང་པས། མདོར་ན་ལྟ་སྤྱོད་མི་མཐུན་པ་དང་། བློ་མི་མཐུན་པ་ཐམས་ཅད་བདུད་ཀྱི་ལས་ཡིན་པས། ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བས་བློ་ཅི་མཐུན་དུ་བྱའོ། ༈ །བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་པ་དང་། ཆོས་པ་ལ་གྲོགས་ཤིན་ཏུ་ཡོན་ཏན་དང་ལྡན་པ་གཅེས་པས། གྲོགས་དང་པོར་བརྟག་པར་བྱའོ། །དངོས་གྲུབ་གྲོགས་ལ་རག་ལས་པས། །ཡོན་ཏན་མང་བ་སྟེན་པར་བྱ། །དད་པ་ཆེ་ཞིང་དམ་ཚིག་བསྲུང་། །སྡུག་བསྔལ་བཟོད་ཅིང་བྱང་སེམས་བརྟན། །ང་རྒྱལ་ཆུང་ཞིང་ཁོང་དུ་དེས། །ངང་དུ་འཇམ་ལ་ཕྲག་དོག་ཆུང་། །གཡོ་སྒྱུ་ཆུང་ལ་སེམས་ཕྱུག་དག །ཚུལ་འཆོས་ཆུང་ལ་སྤྱོད་པ་དག །ཁ་གསགས་མེད་ལ་འདོད་པ་ཆེ། །བྱ་བ་བཟོ་ལ་རིགས་པ་གྲོལ། །འཇིག་རྟེན་བསམ་པ་ཆུང་བ་དང་། །གྲོགས་ལ་འགྲན་སེམས་ཉུང་བ་དང་། །བརྩོན་པ་ཆེ་ལ་ཕྱི་ནང་ཆུང་། །རིགས་དང་ལྡན་ལ་ཕན་སེམས་ཆེ། །བཅོས་པར་སླ་ལ་བློ་མཐུན་ཆེ། །ཁམས་བཟང་ན་ཚ་དཀོན་པ་དང་། །བསྒོ་བ་ཉན་ལ་ངང་དུ་དྲང་། །ཀུན་དང་ལྡན་ན་མཆོག་གི་མཆོག །ཕྱེད་ཙམ་ལྡན་ཡང་བཟང་བ་ཡིན། །གསུམ་ཙམ་ལྡན་ཡང་བསྟེན་པར་བཟོད། ༈ །རྣལ་འབྱོར་པ་དང་བསྒྲུབ་པ་པོ་སློབ་དཔོན་བརྟག་པ་ཤིན་ཏུ་གཅེས་སོ། །མ་བརྟགས་པ་བདུད་ཀྱི་ལས་ལ་རྟག་པར་སྤྱད་པར་འགྱུར་ཏེ། བྱང་ཆུབ་དང་དངོས་གྲུབ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །བླ་མ་ལྔ་བཅུ་པ་ལས་ཀྱང་། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་པ་རྟག་པར་བྱའོ། །བློ་ལྡན་སློབ་མ་བླ་མར་ནི། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །འཁེངས་ཤིང་ཆགས་ལ་མ་བསྡམས་དང་། བཅོམས་དང་ཆགས་པ་མི་བྱའོ། །ཞེན་པ་འབྱུང་བ་དང་། ཡི་གེ་འདྲི་བ་མངོན་པར་ཞེན་པ་དང་། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཡི་གེ་ལ་མངོན་པར་ཞེན་པ་དང་། ཡི་གེ་མེད་པར་ཞེན་པ་དང་། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་རོ་མྱོང་པ་དང་། ལམ་མ་ཡིན་པའི་ཐབས་ལ་མཁས་པ་འཚོལ་བ་ཞེས་བྱ་བ། བཅུ་ཚན་གཉིས་པའོ། ༈ །སློབ་དཔོན་དང་སློབ་མ་ལྟ་བ་མི་མཐུན་པ་བདུད་ཀྱི་རྩ་བ་ཡིན་ཏེ། སེམས་རྙོག་ཅིང་རྒྱུད་མ་དག་པར་གཏོང་པས་ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བས་དངོས་གསུངས་པ། འདུན་པ་དང་སྙོམ་ལས་ཀྱིས་ཉམས་པ་དང་། འདུལ་བའི་ཡུལ་ཐ་དད་པས་ཉམས་པ་དང་། འདོད་ཆེན་ཆུང་པ་དང་། འདོད་ཆེན་ཆེ་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མི་ལྡན་པ་དང་། དགེ་བ་དང་། མི་དགེ་བ་དང་། དེ་དགེ་བ་མ་ཡིན་པ་དང་། སྦྱིན་པ་ལ་ཀུན་ཏུ་འཛིན་པ་དང་། གཏོང་བ་ལ་སེར་སྣ་བྱེད་པ་དང་། མགོ་སྨོས་པ་དང་། རྣམ་པར་སྤྲོས་པས་གོ་བ་དང་། མདོ་ལས་སོགས་པ་ཆོས་མངོན་པར་ཤེས་པ་དང་། མངོན་པར་མི་ཤེས་པ་དང་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་དང་། མི་ལྡན་པ་དང་། དེ་ཁོ་ན་ཉིད་དུ་ཐབས་ལ་མཁས་པ་དང་། མི་མཁས་པ་དང་། གཟུངས་ཐོབ་པ་དང་། མ་ཐོབ་པ་དང་། ཡི་གེར་འདྲི་བར་འདོད་པ་དང་། མི་འདོད་པ་དང་། འདོད་པའི་འདུན་པ་དང་བྲལ་བ་དང་། མ་བྲལ་བ་དང་། ངན་སོང་གི་འགྲོ་བ་ལ་ཕྱིར་ཕྱོགས་པ་དང་། བདེ་འགྲོ་ལ་ཡིད་བདེ་བ་དང་། གཅིག་པུ་དང་། འཁོར་ལ་ཡིད་དགའ་བ་ཉིད་དང་། གོ་སྐབས་མི་ཕྱེད་པ་ཉིད་དང་། འདོད་པ་ཉིད་རྗེས་སུ་མ་འབྲེལ་བ་ཉིད་དང་། ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་། མི་འདོད་པ་དང་། སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་འདོད་པ་དང་། མི་འདོད་པ་དང་། མུ་གེ་འབྱུང་པའི་ཕྱོགས་སུ་འགྲོ་འདོད་པ་དང་། མི་འདོད་པ་དང་། ཆོམ་རྐུན་ལ་སོགས་པས་བཀྲུགས་པའི་ཕྱོགས་སུ་འགྲོ་འདོད་པ་དང་མི་འདོད་པ་དང་། བཅོས་མ་ཉེ་བར་བསྒྲུབ་པ་དང་མི་བསྒྲུབ་པ་ཞེས་བརྟེན་ཞིང་དུབ་ལ་བློ་གྲོས་ལྡན། བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་ཆོས་མཁས། །དེ་ཉིད་བཅུ་ནི་ལོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པའི་སྤྱོད་པ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །དེ་འདྲའི་མགོན་ལ་བསམ་བཅས་པས། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེ་ནི་འདྲའི་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་བྱུང་པས། མ་བརྟགས་པས་ནི་ཆོས་ལ་བརྩོན་ཡང་གྲོལ་བར་མི་འགྱུར་རོ། ༈ །དབང་བསྐུར་བའི་སློབ་དཔོན་དང་སློབ་མ་ཆོས་འདི་ལྟ་བུ་དང་ལྡན་དགོས་སོ། །སློབ་དཔོན་ཡོན་ཏན་ཀུན་ལྡན་ཞིང་། །དབང་དང་དམ་ཚིག་ལྡན་པ་དང་། །རྐྱེན་ཐུབ་པ་ནོན་གཟི་བྱིན་ཆེ། །སྙིང་རྗེ་ལྡན་ཞིང་སློབ་ལ་བརྩོན། །རིགས་པས་ཀུན་གྱིས་བཀུར་བར་འོས། །དབང་མཆོག་བསྐུར་བར་གསུངས་པ་ཡིན། ༈ །སློབ་མ་དད་དང་ལྡན་པ་དང་། །སློབ་མ་བསྒྲུབ་ལ་དགའ་བ་དང་། །རྩ་བའི་སྔགས་བཟློས་བྱེད་པ་དང་། །གསང་སྔགས་རྒྱུད་ལ་དགའ་སེམས་དང་། །ཞེས་པ་ལས་སོགས་པ་འབྱུང་ངོ་། ༈ །ཉན་འཆད་ཀྱི་སློབ་དཔོན་དང་སློབ་མ་རྩི་བ། །མང་དུ་ཐོས་ལ་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །བདེན་པ་གཉིས་པོ་འབྱེད་པར་ཤེས། །སྙིང་རྗེ་ཆེ་ཞིང་སྐྱོ་བ་མེད། །ང་རྒྱལ་ཆུང་ཞིང་ལན་འདེབས་མཁས། །དེ་བརྒྱད་ལྡན་ན་འཆད་ལ་མཁས། །ཉན་པ་ལ། ང་རྒྱལ་སྤངས་ཤིང་དང་པར་ལྡན། །བླ་མ་ལ་གུས་གཏོང་བར་ཕོད། །ཆོག་ཤེས་མེད་ཅིང་དོན་དུ་གཉེར། །སྡུག་བསྔལ་དཀའ་བ་མང་པོ་བཟོད། །དེ་དྲུག་ལྡན་པའི་སློབ་མ་མཆོག ༈ །མན་ངག་བཙལ་པ་དང་སྦྱིན་པའི་ཆོས་བརྩི་ན། བྱང་སེམས་བརྟན་ཞིང་སྙིང་རྗེ་ཆེ། །མང་དུ་ཐོས་ལ་ཤེས་རབ་ཆེ། །ཟང་ཟིང་སྙེད་པ་དོན་མི་གཉེར། །དཀའ་བ་བཟོད་ལ་སྐྱོ་ངས་ཆུང་། །མན་ངག་ཆེ་ཞིང་ལམ་ལ་གྲོལ། །རིགས་པ་མཁས་ཤིང་དྲོད་ཚོད་ཆེ། །དྲུག་དང་ལྡན་ལས་མན་ངག་བཙལ། །བྱང་སེམས་བརྟན་ལ་སྡུག་བསྔལ་བཟོད། །དད་དང་ལྡན་ལ་གཡོ་སྒྱུ་ཆུང་། །སྙིང་རྗེ་ཆེ་ལ་བསྒྲུབས་སེམས་ཆེ། །བླ་མ་ལ་གུས་དམ་ཚིག་བསྲུང་། །ངང་ཚུལ་བཟང་ལ་གཏོང་བར་ཕོད། །བློ་དང་ལྡན་ལ་གསང་གཉེར་ཐུབ། །དྲུག་དང་ལྡན་ལ་སྦྱིན་པར་བྱ། །ཤེས་རབ་དག་ལ་སྔངས་པ་དང་། །བློ་བཟང་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པ་ལ་སོགས་པ་གཞན་ལས་བྱུང་ངོ་། ༈ །སེམས་བསྐྱེད་པ་དང་སྡོམ་པ་དབོགས་པ་ལ། སློབ་དཔོན་དང་སློབ་མ་བརྩི་བ་ལས་སོགས་པ་མང་དུ་གསུངས་པས། མ་བརྟགས་པ་ནི་བདུད་ཀྱི་རྩ་བ་ཡིན་པས་དེའི་ཕྱིར་བརྟག་པ་དགོས་སོ། ༈ །དེ་ཕྱིར་བདུད་ནི་ཐམས་ཅད་ལས། །ཀུན་ནས་ཀུན་དུ་གྲོལ་བར་བྱ། །གྲོལ་ན་བྱང་ཆུབ་ལག་འཆངས་མ། །རང་གི་སེམས་ཉིད་བདུད་ཡིན་ཏེ། །རང་སེམས་དག་ན་བདུད་དང་བྲལ། །སྟོང་གསུམ་ཐམས་ཅད་ལྐོ་གཡོག་ཏུ། །དེ་སྙེད་ལྐོ་བས་ག་ལ་ལང་། །ལྷམ་ཐིལ་ཙམ་གྱི་ཀོ་བས་ནི། །སྟོང་གསུམ་ཐམས་ཅད་གཡོགས་དང་འདྲ། །དེ་ཕྱིར་རང་སེམས་དག་པར་བྱ། ༈ །བཀའ་ལ་རྨོངས་པ་བདག་འདྲ་ཡིས། །ཡི་གེར་བཀོད་པའི་རིགས་མིན་ཡང་། །སློབ་མ་ཉམས་ཆུང་ཆེད་ཏུ་ནི། །གཞུང་གི་དོན་བསྡུས་བག་ཙམ་བྱས། །གཞན་གྱིས་མཐོང་ན་བཟོད་པར་གསོལ། །འདི་བྱས་བསོད་ནམས་ཅི་འཕེལ་བས། །ལམ་ཞུགས་བདུད་ལས་གྲོལ་བར་ཤོག །བསམ་གཏན་བདུད་ཀྱི་ལེའུ་ཞེས་བྱ་བ། རྫོགས་སོ།། ༈ །།བདག་འདྲ་བཛྲ་དྷ་ར་ལ། གྷུ་རུ་མ་ཧཱ་ཤག་རྒྱལ་གྱིས། གྲོངས་ཁར་བསྟན་པའི་བཙས་སུ་གཏད། དེ་ལས་བརྒྱུད་པ་འགྲོ་མགོན་ཞིག་པོ་ཡིས། ལས་འཕྲོ་ལྡན་པའི་ཛྙཱ་ན་ཤྲཱི་ལ་གཏད། ཞུས་དག་གོ། །།


previousརྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ།next