Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གཅིག་པ།


   
   
   
   
   
རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག །མཁྱེན་བརྩེའི་བློ་གྲོས།
   
   


 
previousརིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག །མཁྱེན་བརྩེའི་བློ་གྲོས།next

རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག །མཁྱེན་བརྩེའི་བློ་གྲོས།

རཏྣཾ ནི དྷི ཉ྄པྲ྅྅྅ ཏྟ སྱ ཀ ཊཱི ཀོ ཛཱ ལི ཀ སྱཱ ད ཪྴཾ བྷེ སྭ རི ཥུ བྷེད སྱོ ལྐ ཡཱ སྐུ ཉྩཱི ཀཾ ན མ བི ཧ ར ཏི སྨ། །
རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བྷྱཿ ཡེ་གྲོལ་གདོད་མའི་མགོན་པོ་ཆོས་ཀྱི་སྐུ། །གངས་ཆེན་མཚོ་ལྔའི་བཀོད་པ་ལོངས་སྤྱོད་རྫོགས། །སྟོན་པ་བཅུ་གཉིས་མངོན་རྫོགས་སྤྲུལ་པའི་སྐུ། །ལྷུན་མཉམ་སྐུ་གསུམ་རྒྱལ་བ་ཐོག་མར་མཆོད། །སྐྱེས་བུའི་ཐུགས་ལས་སེམས་དཔའ་རྡོ་རྗེར་སྤྲུལ། །སེམས་ལྷག་མཆོག་སྤྲུལ་དུས་མཐར་ས་ལ་བཀོད། །དགའ་རབ་རྡོ་རྗེ་འཛམ་གླིང་སྒྲོན་མར་ཤར། །དགོངས་བརྒྱུད་སྟོན་པ་རྣམས་ལ་གུས་ཕྱག་འཚལ། །སྙིང་པོའི་མཛོད་འཛིན་འཇམ་དཔལ་བཤེས་གཉེན་དང་། །དཔལ་གྱི་སེང་གེ་མཚོ་སྐྱེས་པདྨའི་ཞལ། །ཛྙཱ་ན་སཱུ་ཏྲ་པཎ་ཆེན་བི་མ་ལ། །བརྡ་བརྒྱུད་རིག་འཛིན་རྣམས་ལ་གུས་ཕྱག་འཚལ། །སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ན་དང་། །གཡུ་སྒྲ་སྙིང་པོ་ཉང་བན་སྐ་ཅོག་ཞང་། །དམ་པ་ཡབ་སྲས་ཀུན་མཁྱེན་སྔ་ཕྱི་སོགས། །སྙན་བརྒྱུད་གང་ཟག་རྣམས་ལ་གུས་ཕྱག་འཚལ། །ཁྱད་པར་གསང་མཛོད་གཏེར་གྱི་སྒོ་ཕྱེ་ནས། །སྨིན་གྲོལ་གདམས་པས་སྐལ་ལྡན་རྗེས་བཟུང་སྟེ། །སྐྱོང་མཛད་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་ཆེ། །ཀུན་མཁྱེན་དྷརྨཱ་སཱ་རར་གུས་ཕྱག་འཚལ། །སྤྲུལ་པའི་སྐྱེས་བུ་ཐབས་མཁས་ཐུགས་རྗེའི་བདག །ཤེས་བྱ་ཀུན་མཁྱེན་ཟབ་མོའི་ཆོས་ཚུལ་གྱིས། །བདག་རྒྱུད་སྨིན་མཛད་བཀའ་དྲིན་མཚུངས་མེད་རྗེ། །འཁོར་བའི་མགོན་པོ་མཆོག་ལ་གུས་ཕྱག་འཚལ། །ཐེག་རིམ་ཀུན་གྱི་བཀའ་དང་དགོངས་འགྲེལ་སོགས། །འཇུག་ཐབས་ཡོངས་དང་སྨིན་ལམ་དབང་གི་སྒོ། །གྲོལ་བྱེད་ཁྲིད་སོགས་གདམས་པའི་བཅུད་སྩོལ་བའི། །འདྲེན་མཆོག་བླ་མ་རྣམས་ལ་གུས་ཕྱག་འཚལ། །དེ་ལྟར་བརྒྱུད་གསུམ་ནོར་བུའི་ཕྲེང་བ་ལ། །གུས་པས་བཏུད་དེ་སྡེ་གསུམ་ཀློང་དགུའི་བཅུད། །བཀའ་ཡི་ཡང་སྙིང་བྱང་ཆུབ་སེམས་ཀྱི་གཏེར། །མངོན་གསུམ་གཏད་པའི་མན་ངག་འདིར་གསལ་བྱ། །དེ་ལ་རྒྱུད་ཀྱི་དོན་བཀྲོལ་ནས་ལུང་གི་མདོ་བཟུང་། མན་ངག་གི་སྙིང་ཕྱུང་ནས་དགོངས་པའི་ལ་བཟླ། གནས་ལུགས་ཀྱི་དོན་བསྟན་ནས་རིག་པ་གནད་ལ་དབབ། ལུང་རིགས་ཀྱི་བརྡ་གྲོལ་ནས་བྱང་ཆུབ་སེམས་མངོན་སུམ་དུ་སྟོན་པ་རིན་པོ་ཆེ་གཏེར་གཏད་པ་འདི་ཉིད་འཆད་པ་ལ། རིག་འཛིན་ཆེན་པོ་ཤྲཱི་སེདྷས་མཛད་པའི་རིན་པོ་ཆེ་རྒྱན་ལས། མན་ངག་འབྱུང་ཁུངས་ལོ་རྒྱུས་དོན། །འཇུག་སྒོ་ཐེག་པ་ཡོ་གའི་དོན། །རྟེན་གྱི་གང་ཟག་དགོས་པའི་དོན། །དྲིལ་ནས་མཚན་གསོལ་རྩ་བའི་དོན། །དབུ་ཞབས་དཀྱུས་བཤད་ཚིག་གི་དོན། །སྤྱི་དོན་ལྔ་ཡི་བཤད་པ་ཡིན། །ཞེས་གསུངས་པ་ལྟར། སྤྱི་དོན་ཆེན་པོ་ལྔ་ཡི་སྒོ་ནས་བཤད་པ་ལས། དང་པོ་ལོ་རྒྱུས་ཀྱི་དོན་ལའང་། སྐུ་གསུམ་གྱི་བཤད་ལུགས་སྤྱིར་བཤད་པ། བརྒྱུད་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཞེས་གསུངས་པས། འདི་ལ་གསུམ་སྟེ། བཤད་རྒྱུད་ངེས་དོན་མདོ་བཅུ་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །བྱིན་གྱིས་རླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོས་བཤད་པ་དང་། །ཚིག་སྡེབ་ལེགས་པས་བཤད་པའོ། །ཞེས་འབྱུང་བས་དང་པོ་ནི། སྟོན་པ་ཀུན་ཏུ་བཟང་པོས་དཔལ་རྡོ་རྗེ་སེམས་དཔའ་ལ་བཤད་པ་སྟེ། དེ་ཉིད་ལས། བྱིན་གྱིས་རླབས་ཀྱི་བཤད་པ་ནི། །རང་བཞིན་ཆོས་ཀྱི་གཞལ་ཡས་ནས། །སྟོན་པ་ཀུན་ཏུ་བཟང་པོ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་རླབས་ནས། །རྡོ་རྗེ་སེམས་དཔའི་ཐུགས་ལ་བརྒྱུད། །བྱིན་གྱིས་རླབས་ཀྱིས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། བྱིན་རླབས་ཆོས་སྐུས་དོན་གྱི་གསུང་། །བརྗོད་མེད་དོན་གྱིས་བྱིན་གྱིས་བརླབས། །དོན་གྱི་མི་གཉིས་བརྒྱུད་པ་ཅན། །ཐ་སྙད་བྲལ་བའི་དོན་མཚོན་པ། །མན་ངག་ཚད་མས་རང་མཚན་སྟོན། །རྒྱལ་བ་རིག་འཛིན་གང་ཟག་ཏུའོ། །ཞེས་པ་སྟེ། བརྒྱུད་པ་གསུམ་ལ་སྦྱར་བ་ན། མན་ངག་ཚད་མ་མཚན་ཉིད་དྲུག་དང་ལྡན་པ་ལ་བརྟེན་ནས་བྱིན་ཆོས་ཉིད་རང་ཆས་ལ། རླབས་རྟོག་པ་ཆིག་ཆད་དུ་ཤར་བ་ལ་བྱིན་གྱིས་རླབས་ཀྱི་བཤད་ཅེས་བྱའོ། །གཉིས་པ་ནི། སྟོན་པ་རྡོ་རྗེ་སེམས་དཔས་ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསུངས་པ་སྟེ། མདོ་བཅུ་ལས། རང་གི་ངོ་བོས་བཤད་པ་ནི། །སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ན། །སྟོན་པ་རྡོ་རྗེ་སེམས་དཔའ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ང་ཡི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པའི་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། ལོངས་སྐུས་དགོངས་པ་བརྡ་སྒོ་ནས། །རང་གི་ངོ་བོས་རང་ཤར་མཚོན། །ངོ་བོས་མི་གཉིས་མ་ནོར་ངེས། །བརྡ་བྲལ་རང་གྲོལ་རང་རིག་ཉམས། །རང་མཚན་ཡུལ་མེད་རང་ཤར་བའོ། །ཞེས་པ་སྟེ། རིག་པའི་འོག་མིན་གནས་སུ་བཤད། །ཅེས་པ་ནི། གནས་མ་ཡིན་ཏེ། རིག་པ་ཕྱི་ནང་མེད་པ་སྤྲོས་མཚན་གང་གིས་ཀྱང་འོག་ཏུ་མ་གྱུར་པར་རྣམ་པར་དག་པའི་ཐུགས་ལ་བརྒྱུད་པའི་བཤད་ལུགས་ཡིན་ཏེ། དབང་གི་ཀློང་ལས། རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་ཉིད་གསལ། །གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེའང་མ་ནོར་ངེས་པའི་སློབ་དཔོན་གྱིས་མན་ངག་གིས། ཡིན་ཐོག་ཏུ་མཚོན། མཚོན་ཐོག་ཏུ་གོ། །གོ་བ་བཞིན་རྟོགས་པས་རང་རིག་པའི་ཚད་མ་ཡུལ་མེད་དུ་ཤར་བའོ། །གསུམ་པ་ནི། སྟོན་པ་དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལ་སོགས་པ་ལ་ཚིག་ཉུང་ངུས་དོན་ཀུན་རྫོགས་པར་བཤད་པ་སྟེ། བཤད་རྒྱུད་ལས། ཚིག་སྡེབ་ལེགས་པའི་བཤད་པ་ནི། །འཛམ་གླིང་རྒྱུད་དྲུག་གནས་འདི་ན། །སྤྲུལ་པ་གང་ཟག་སྐལ་ལྡན་དེས། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་བ་མེད་པའི་ཚིག་བརྗོད་པས། །སྐྱེ་བ་མེད་པའི་དོན་རྟགས་སུ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུར་ཞུན་མའི་རང་ནན་གྱིས། །ཚིག་དང་ཡི་གེར་བྲིས་བསྡེབས་ནས། །ཕྱི་རབས་རྣམས་ཀྱི་བཙས་སུ་བཞག །ཚིག་སྡེབ་ལེགས་པས་བཤད་ཅེས་བྱ། །ཞེས་དང་། རྒྱན་ལས། སྤྲུལ་པའི་དབང་པོས་ཚངས་པའི་དབྱངས། །ཚིག་ཏུ་བསྡེབ་ལེགས་དོན་ཀུན་མཚོན། །བརྒྱུད་པས་བརྡ་སྤྲོད་ཡི་གེར་བཀོད། །སྤྱི་ཙམ་ཡིད་ཆེས་རྫོགས་ལུང་ཡིན། །ཞེས་པ་སྟེ། དེ་གཉིས་ཀྱི་དོན་ལ་ཡིད་ཆེས་ཀྱི་ངེས་པ་རྫོགས་པའི་ཆེད་དུ་བརྗོད་བྱ་རང་མཚན་དང་མཐུན་པར་རྒྱལ་བ་སྐུ་བཞིའི་བཀའ་དྲི་མ་མེད་པའི་སྙིང་པོ་ཚིག་སྡེབ་ལེགས་ཤིང་ཚད་མ་གསུམ་དང་ལྡན་པར་བཤད་པས་ངེས་དོན་ལུང་གི་ཚད་མའོ། །དེའང་སྤྲུལ་པའི་བཀའ་ལྷ་མི་དང་ཉན་ཐོས་ནས་ཨ་ནུའི་བར་གྱི་ཐེག་པ་ཀུན་ཀྱང་མ་འདྲེས་པར་རིམ་གྱིས་མཚོན་པའི་ཆ་ནས་རྫོགས་པ་ཆེན་པོའི་འཇུག་སྒོ་དང་ལམ་སྟེགས་ཡིན་པས་ཀུན་ལ་བཤད་དུ་རུང་ཡང་། དངོས་དོན་ནི། ཡོངས་རྫོགས་ཀྱི་གནས་ལུགས་སྟོན་པ་བྱ་བྲལ་རྫོགས་པའི་ལུང་ཨ་ཏི་ཡོ་ག་ཁོ་ནའོ། །གཉིས་པ་བརྒྱུད་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པ་ནི། རྒྱན་ལས། བྱུང་ཚུལ་ཉི་མའི་སྙིང་པོ་ལས། །འོད་དང་འདྲ་བའི་ཟེར་བྱུང་ལྟར། །ངོ་བོ་ཉིད་ཤར་ཆོས་སྐུ་ཡིས། །བདག་པོའི་རྐྱེན་བྱས་ལོངས་སྐུར་སྣང་། །དེ་ལས་སེམས་དཔའ་རྡོ་རྗེ་འཆང་། །ཡོན་ཏན་མ་འགགས་ཡུལ་ལ་ཤར། །རང་གི་ངོ་བོའི་བྱིན་རླབས་ཀྱིས། །ཤར་བ་ཡང་སྤྲུལ་ཐུགས་སྲས་ཀྱིས། །ཚིག་ཏུ་བསྡེབ་པ་སྦྱར་ལེགས་མཛད། །དེ་ལས་རིག་པ་འཛིན་པ་བཞི། །སྨིན་ནས་དམ་པར་དགེ་སློང་ཆེའི། །ཐུགས་ཀྱི་འོད་ཟེར་བདག་མུན་བསལ། །རྣམ་སྣང་བྱིན་བརླབས་མཐའ་ཡི་མི། །གསལ་མཛེས་རིམ་གཏད་ནན་ཏན་ཆོངས། །དགོངས་པ་རིག་པ་སྙན་དུའོ། །ཞེས་གསུང་པས་མན་ངག་འདི་ཡི་བཀའ་སྲོལ་ལ་གྲགས་པ་ལྟར་འཆད་དེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མན་ངག་ངེས་པར་ལུང་བསྟན་པ་ལས། སྣ་ཚོགས་ཐེག་པས་དོན་མཛད་པ། །ཐུན་མོང་ཚར་གཅོད་སྤྱོད་སྒྱུར་སྡུད། །རྫོགས་ནས་སྙིང་པོ་རྣལ་མ་ཉིད། །ཤེས་གནས་མ་བརྩལ་རང་གྲོལ་བའི། །བསྟན་པ་འབྱུང་དུས་གསུམ་གཉིས་ཚེ། །དམ་པ་ཡང་སྤྲུལ་ཡུལ་དང་ཕྲད། །ཅེས་གསུངས་པས་ཚུལ་དེ་ཉིད་བཤད་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་རིག་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་ལ། དགོངས་པས་བརྒྱུད་དེ་བསྟན་པ་རིན་པོ་ཆེ་ལྷ་གནས་སུ་བྱུང་བ་དང་། དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ཚུལ་བཤད་པ་གཉིས་ལས། དང་པོ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་སུ། རང་བྱུང་གི་སྟོན་པ་དཔལ་ཀུན་ཏུ་བཟང་པོས། རིགས་ཀྱི་སངས་རྒྱས་ལྔ་ལ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་སྒྲིབ་མེད་ཟང་ཐལ་དུ་བསྟན་པས་འོད་གསལ་རྫོགས་པ་ཆེན་པོའི་སྐུར་འོད་དུ་འབར་ཏེ། ཇི་སྐད་དུ། བརྒྱུད་པའི་ལུང་བྱང་ལས། སེམས་ཀྱི་སངས་རྒྱས་ཀུན་བཟང་གིས། །ཡང་དག་གདོན་གྱི་འོག་མིན་དུ། །ཀུན་རིག་རྣམ་པར་སྣང་མཛད་ལ། །རང་གསལ་ཉག་གཅིག་བྱིན་རླབས་སྣང་། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ལ། །མ་ནོར་རང་སྣང་ཡུལ་མེད་ཤར། །བཤད་པས་མ་རྟོགས་བཞག་པས་རིག །རྒྱལ་བ་དགོངས་པས་བརྒྱུད་དེ་བཞུགས། །ཞེས་པ་ལ་སོགས་པ་ལྟར་ཏེ། དེའང་རྩོལ་བའི་ཐེག་པ་མཐར་ཕྱིན་ཏེ་སྙིང་པོ་རྣལ་མ་འབྱུང་བའི་དུས་ལ་བབ་པ་ན། ཐུགས་རྗེས་བཟུང་བར་བྱ་བ་དོན་ལས་ཤར་བའི་རྒྱལ་པོ་དམ་པ་ཡང་སྤྲུལ་གྱི་ཡུལ་དང་ཕྲད་དེ། མན་ངག་ངེས་པར་ལུང་བསྟན་པ་ལས་གོང་གི་འཕྲོར། སུམ་ཅུ་རྩ་གསུམ་གནས་ཆེན་དུ། །བཟང་སྐྱོང་ལྷ་ཡི་སྲས་ཐུ་བོར། །བཞེས་པའི་སེམས་ལྷག་རྟགས་ཅན་ལ། །མཐངས་སུ་ཡང་སྤྲུལ་རང་གྲོལ་ནས། །དུས་མཐར་སར་གཤེགས་སྒྲོན་མ་མཛད། །སྣང་སྟེ་རང་རིགས་སྟོན་པ་ལ། །བསྙད་པས་བརྒྱ་བྱིན་བཀའ་དྲིན་གྱིས། །ཡེ་ཤེས་ཅན་ལ་གནད་ནས་བསྐུལ། །དགོངས་པ་ཆོས་ཉིད་ནམ་མཁའ་ལ། །ཐུགས་རྗེ་ཡེ་ཤེས་ཉི་ཤར་བགྲོས། །རྒྱབ་ཚབ་མི་བསྐྱོད་རྡོ་རྗེ་ལ། །བཀའ་ཡི་བགྲོ་བ་བསྐུལ་སྦྱར་བས། །རང་བཞིན་མངོན་མཛད་ཡེ་ཤེས་ལས། །ཐུགས་རྗེ་སྤྲུལ་པའི་རྡོ་རྗེ་འཆང་། །སྤྲུལ་པ་ལོངས་སྤྱོད་རྫོགས་པའི་སྐུ། །རྩེ་ལྔ་རྡོ་རྗེ་འཁོར་ལོ་བཅས། །མཁྱེན་པས་བདུད་འཇོམས་རྒྱུད་དུ་གཅོད། །རང་འབར་རྩལ་གྱིས་བསྟན་པ་སྒྲོགས ། །ཞེས་གསུངས་ཏེ། ལྷ་གནས་ཆེན་པོ་སུམ་ཅུ་རྩ་གསུམ་དུ ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྷ་དེ་ཝ་བཟང་སྐྱོང་ཞེས་བྱ་བ་ལ་སྲས་ལྔ་བརྒྱ་དང་རྩ་གཅིག་མངའ་བའི་ཐུ་བོར་སྐུའི་སྐྱེ་བ་བཞེས་པའི་ཀུན་དགའ་སྙིང་པོ་བྱ་བ་ལུས་རྡོ་རྗེའི་སྐྱིལ་ཀྲུང་དང་ངག་རྡོ་རྗེའི་བཟླས་པ་ལ་དགའ་བའི་རྟགས་དང་ལྡན་པ་ལ། ལྷའི་དབང་པོ་སྤྲུལ་པའི་བརྒྱ་བྱིན་གྱིས་སེམས་ལྷག་ཅན་དུ་མཚན་བཏགས་ཏེ། འདོགས་པའི་རྒྱུ་མཚན། ལྷ་བུ་གཞན་རྣམས་དགའ་བའི་ཚལ་ན་རོལ་མོ་དང་རྩེད་འཇོ་དང་གླུ་དབྱངས་དང་ཚིགས་བཅད་ལ་དགའ་ཞིང་སེམས་ལྷག་ཅན་ནི་བསམ་གཏན་གྱི་ཁང་བུར་གཅིག་པུར་སྡོད་པ་ལ་དགའ་བས་སོ། །ལྷའི་བུ་དམ་པ་དེ་ལ། ཉམས་ཀྱི་རྨི་ལམ་བཞི་བྱུང་སྟེ། ལུང་བྱང་ལས། ཡང་སྤྲུལ་མཐངས་སུ་ཐུབ་དྲུག་ཐིམ། །ཚངས་དང་ཁྱབ་འཇུག་གུ་ལང་ཟོས། །ཉི་ཟླ་ལག་ཐོགས་འཇིག་རྟེན་སྣང་། །མཁའ་སྤྲིན་རིན་ཆེན་མདོག་ལྔ་ལས། །བདུད་རྩིའི་ཆར་བབ་ཆག་བཏབ་སྟེང་། །མཆོད་རྟེན་བང་རིམ་བུམ་པ་འཁྱིལ། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི། །ཁ་ལ་བཞུགས་པ་རྣམ་བཞི་སྣང་། །ཞེས་པ་ལྟར། ཐུབ་དྲུག་ཐིམ་པ་ནི་ཡང་སྤྲུལ་སྣང་ནུས་པ་དང་། ལྷ་གསུམ་ཟོས་པ་ནི་དུག་གསུམ་རང་གྲོལ་ནས་བྱང་ཆུབ་ཏུ་རྫོགས་པ་དང་། ཉི་ཟླ་ཐོགས་པ་ནི་འཇིག་རྟེན་གྱི་སྒྲོན་མ་མཛད་པ་དང་། བུམ་པ་འཁྱིལ་བའི་སྟེང་དུ་བཞུགས་པ་ནི་དུས་མཐའི་སྐད་ཅིག་མར་མཐར་ཐུག་གི་སར་གཤེགས་པའི་རྟགས་ཏེ། རང་དང་རིགས་མཐུན་པའི་སྟོན་པ་ལྷའི་དབང་པོ་ལ་བསྙད་པས། དེས་བསྟོད་པ། ཨེ་མ་ཧོ། སྙིང་པོ་རྣལ་མ་འབྱུང་བའི་དུས། །ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་རྫོགས། །འཇིག་རྟེན་མུན་སེལ་དུས་མཐའི་ས་ནོན་པའི། །ཐུགས་སྲས་འཛམ་གླིང་དཔལ་གྱུར་མཚར་བགྲང་ཨཾ། །ཞེས་གསུངས་ཏེ། གླིང་བཞི་ཚོགས་པར་ཤེས་ནས་ཕྱོགས་བཅུའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཅན་ཐམས་ཅད་ལ། སེམས་ལྷག་ཅན་གྱི་དོན་དུ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་པ། །ཐུགས་རྗེ་ཆེན་པོ་ཡས་ལམ་ཅི། །ལྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གནད་ནས་བསྐུལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་ཐུགས་རྗེ་ཡེ་ཤེས་ཀྱི་ཉི་མ་ཤར་ནས་བཀའ་བགྲོས་ཏེ། རྒྱལ་ཚབ་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་བཀའ་བགྲོས་པའི་གསུང་མཐུན་པར་མགྲིན་གཅིག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་བཤད། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །མ་ལུས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དེ་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུང་། །རྨད་བྱུང་རོལ་པའི་གསུང་དུ་ཤར། །ཚིག་གཅིག་དོན་ཀུན་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། །གང་འདོད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིག་དང་ཕྲད་པར་གྱིས། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །མ་རྟོགས་བློ་ལ་ཚིག་སྒོ་ནས། །གསུང་གི་སྒྲོན་མས་གསལ་བར་གྱིས། །ཞེས་བསྐུལ་བར་མཛད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེའམ་སེམས་དཔའ་རྡོ་རྗེ་རང་བཞིན་ཡེ་ནས་གནས་པའི་དོན་མངོན་དུ་མཛད་པའི་ཡེ་ཤེས་ཀྱི་ཐུགས་ལ་སྤྲུལ་ཏེ། རིན་པོ་ཆེ་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་དེ། སྤྲུལ་སྐུ་དང་ལོངས་སྐུ་གཉིས་ཀྱི་ཡེ་ཤེས་ཀྱི་མཁྱེན་པས་བར་དུ་གཅོད་པའི་བདུད་འཇོམས་ཤིང་རྒྱུན་དུ་གཅོད་པའི་རྟགས་སུ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་དང་། ཉོན་མོངས་པ་རང་ཡེ་ཤེས་སུ་འབར་བའི་རྩལ་གྱིས་བསྟན་པ་ཟབ་མོ་སྒྲོགས་པའི་རྟགས་སུ་གཡོན་ན་འཁོར་ལོ་བསྣམས་པའོ། །དེའང་མན་ངག་ངེས་པར་ལུང་བསྟན་པ་ལས། སྔར་གྱི་འཕྲོར། གཟི་བྱིན་ལས་གྲུབ་གནོད་སྦྱིན་འདུལ། །སྐབས་ཀྱིས་གསང་བདག་བསྐུལ་བ་ལས། །གནོད་འདུལ་གསང་བའི་མངའ་བདག་པོས། །ཞལ་བཞེས་ཕྱོགས་བཞིར་རྒྱལ་བ་ལ། །རྭ་ཆོད་བསལ་ཕྱིར་ཤེས་སྒྲུབ་དོན། །ཐེ་ཚོམ་བཞི་བཅོད་ཕ་ག་ལ། །ཀུན་རིག་ཆོས་སྐུ་ལོངས་སྤྱོད་རྫོགས། །རིག་བདག་རྗེ་བཙན་དམ་པ་དེས། །རྩོལ་བྲལ་ས་ལ་བསྐུལ་བས་བསླང་། །སེམས་དཔའ་གུས་པས་ཞུ་བར་འདུན། །བརྗོད་པར་བྱ་བའི་དོན་ཀློང་དགུ། །དོན་ལས་འཁྲུལ་པ་རྟོགས་གནས་གྲོལ། །རྩ་བ་ལྔ་དྲིལ་མ་འདྲེས་རྫོགས། །གནོད་འདུལ་གསང་སྔགས་མངའ་བདག་དེས། །མཐར་ཐུག་སེམས་དཔའི་མཚམས་སྦྱར་ནས། །དམ་པ་ཡང་སྤྲུལ་དཔའ་བོ་བརླབས། །སུམ་ཅུ་རྩ་གསུམ་བུམ་ཐོག་སྟེང་། །རྒྱལ་ཐབས་རྫོགས་པར་དབང་རྫོགས་མཛད། །བསྟན་པ་ལྷ་གནས་གསུམ་དུ་རྒྱས། །ཞེས་གསུངས་ཏེ། དེ་ནས་སྤྱིར་སྐུའི་གཟི་བྱིན་ལས་གྲུབ་པའི་གསང་བའི་བདག་པོ་གནོད་སྦྱིན་གོས་སྔོན་ཅན་རྣམས་འདུལ་བ་དང་གཉིས་སུ་མེད་ཀྱང་བྱེ་བྲག་ཏུ་རང་བཞིན་མ་བཅོས་པའི་བྱིན་རླབས་ལས་རང་ཤར་བ་ལ། རྡོ་རྗེ་སེམས་དཔའ། གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱ་མེད་མི་རྩོལ་ཡེ་སངས་རྒྱས། །དབུ་མ་ཆེད་པོ་དྲང་པོའི་ལམ། །འདུས་པའི་ཚོགས་ལ་བསྟན་པར་གྱིས། །ཞེས་སྙིང་པོ་རྣལ་མ་སྟོན་པའི་གནས་སྐབས་ཀྱིས་བསྐུལ་བ་ལས། གསང་བའི་མངའ་བདག་སེམས་དཔའ་རྡོ་རྗེས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གི་འགྲོལ་བར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་འགྲོལ། །ཞེས་ཞལ་གྱིས་བཞེས་ཏེ། རྭ་ཆོད་བསལ་བའི་ཕྱིར། ཤར་ཕྱོགས་རྡོ་རྗེ་རྣམ་པར་གནོད་པའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ་མི་ཕྱེད་པའི་འཁོར་དང་བཅས་ཏེ་བཞུགས་པ་ལ། སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་འགག་འབྱུང་བ་ཇི་ལྟར་ལགས། །ཞེས་གསོལ་བས། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་དང་འགག་པ་ཡོད་མ་ཡིན། །རྣམ་རྟོག་བློ་ལ་སྐྱེ་འགག་བྱུང་། །ཞེས་བཀའ་སྩལ་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་རིན་པོ་ཆེ་སྣང་བ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཞབས་ཞེས་བྱ་བ། རང་འབར་སྣང་བའི་ཁྲི་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབས་པར། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་གསོལ་བས། ཀ་ཤ་ཀ་ཡི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསང་བའི་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་བཀའ་སྩལ་ཏོ། །ཡང་ནུབ་ཕྱོགས་པདྨ་བརྩེགས་པ་ན། བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ། དྲི་མ་མེད་པ་པདྨའི་གདན་ལ་བཞུགས་ཏེ་ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། སེམས་གཉིས་པདྨ་ལྟར་དག་ལ། །གཟུང་འཛིན་དྲི་མ་ཇི་ལྟར་བྱུང་། །ཞེས་གསོལ་བས། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལ་འཁོར་བ་བྱུང་། །ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཕྱོགས་རྣམ་དག་གྲུབ་པ་ན། དེ་བཞིན་གཤེག་པ་གྲུབ་པར་སྣང་བ་ཞེས་བྱ་བ། རང་བཞིན་སྣང་བའི་གདན་ལ་བཞུགས་ཏེ་ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཞིང་བཞུགས་པ་ལ། བཙལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་འབྱུང་། །ཞེས་གསོལ་བས། རང་བྱུང་ཡེ་ཤེས་རྟོག་གྱུར་ན། །མཛད་པ་བྱིན་གྱིས་རླབས་ལས་འཆར། །ཞེས་བཀའ་སྩལ་ཏོ། །དེ་ལྟར་ཤེས་བྱ་གཞི་དང་བསྒྲུབ་བྱ་འབྲས་བུའི་དོན་ལ། གཞི་སྐྱེ་འགག །འབྲས་བུ་འཆར་ཚུལ། གཟུང་འཛིན་བྱུང་ཚུལ། འགྲོ་དོན་འགྲུབ་ཚུལ་གྱིས་ཐེ་ཚོམ་བཞི་བཅད་དེ། དབྱིངས་ལྷུན་མཉམ་ཡངས་པའི་བདག་ལ་དགོངས་པ་ཆོས་སྐུ་ལས་མཛད་པ་ལོངས་སྐུའི་རྣམ་པར་སྣང་བ་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཀུན་གྱི་རྗེ་བཙན་གདོད་མའི་སྤྱི་དཔལ་དམ་པ་དེས། འདུས་པའི་འཁོར་ཚོགས་ཁྱེད་རྣམས་ཀྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཞེས་རྩོལ་བྲལ་གྱི་ས་ལ་བསྐུལ་བས་གླེང་བསླང་བ་ན། གདུལ་བྱའི་སྣང་ངོར་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ཏེ་གུས་པས་ཞུས་པ། ཁྱོད་ནི་གསུང་གི་སེང་གེ་སྟེ། །ཡེ་ཤེས་གསང་བ་མ་རྟོགས་ན། །བིམ་པ་ར་ཡི་འབྲུ་བཞིན་དུ། །སྨིན་ཀྱང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་བ་རྟོགས་པར་གྱིས། །ཐུགས་རྗེའི་མངའ་བདག་ཁྱོད་ཀྱི་བསྟན། །དེ་དག་ངེད་ཀྱིས་མ་རིག་པས། །ཡེ་ཤེས་གསང་བ་བསྟན་དུ་གསོལ། །ཞེས་གསོལ་བ་ལས། བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་ད་ཉོན་ཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པ་ལམ་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །གཞིར་ཞག་རང་ལུགས་རིན་ཆེན་མཛོད། །རང་བྱུང་མ་བཙལ་གདོད་ནས་དག །ཡེ་ཤེས་གསང་བའི་རྣམ་པ་ནི། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་པར་གསལ་ན་ལྟ་བ་ཡིན། །ཞེས་པ་ལ་སོགས་པ་གསུངས་ཏེ་ཞུས་ལན་འདྲེས་མའི་རྗོད་བྱེད་ཀྱིས། བསྟན་པ་རིན་པོ་ཆེ་ཀློང་ཆེན་པོ་དགུ་ལ་སོགས་པ་དོན་གྱི་གནས་ལུགས་དང་། དེ་ལས་མ་རྟོགས་པར་འཁྲུལ་བ་དང་། ཡང་དག་པར་རྟོགས་པ་དང་། དེ་ལ་གནས་པའི་ཐབས་དང་། མཐར་གྲོལ་བ་འབྲས་བུ་དང་ལྔར་རྩ་བའི་རྒྱུད་དུ་དྲིལ་ནས་བསྟན་པ་སོགས་གཅིག་དང་དུ་མ་ལས་འདས་པའི་ཚུལ་གྱིས་མ་འདྲེས་ཡོངས་སུ་རྫོགས་པར་གསུངས་སོ། །དེས་ན་བཤད་པར་བྱ་བ་རིན་པོ་ཆེ་གཏེར་གཏད་པ་ཉིད་ཀྱང་མན་ངག་གི་རྒྱུད་དུ་གཏོགས་སོ། །དེ་ནས་གནོད་སྦྱིན་འདུལ་བའི་གསང་སྔགས་ཀྱི་མངའ་བདག་དེས། མཐར་ཐུག་སྟོན་པའི་རྒྱུད་རྣམས་སེམས་དཔའ་རྡོ་རྗེའི་ཚིག་གི་མཚམས་སྦྱར་གྱིས་བསྡུས་ནས་གདུལ་བྱ་དམ་པ་ཡང་སྤྲུལ་དཔའ་བོ་བྱིན་གྱིས་བརླབས་པ་ནི། ལྷའི་གནས་སུམ་ཅུ་རྩ་གསུམ་དུ་མཆོད་རྟེན་བུམ་པ་འཁྱིལ་བའི་ཐོག་འཁོར་ལོ་འབར་བའི་ལྟེ་བའི་སྟེང་དུ་འོད་ཟེར་གྱི་ཞགས་པས་དྲངས་ཏེ་བཞག་པ་ལ། རྒྱལ་ཐབས་སྤྱི་བླུགས་ཡོངས་སུ་རྫོགས་པར་དབང་བསྐུར་ནས་རྩོལ་བཅས་དང་རྩོལ་མེད་ཀྱི་དབང་ཀུན་རྫོགས་པར་མཛད་དེ། རྟོགས་གྲོལ་ཆིག་ཆོད་དུ་མཐར་ཐུག་གི་ས་ལ་སྐད་ཅིག་གིས་བཀོད་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་ཏེ་རྩོལ་མེད་ཀྱི་བསྟན་པ་ལྷ་གནས་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་རྣམས་སུ་དར་ཞིང་རྒྱས་པའོ། །གཉིས་པ་བསྟན་པ་རིན་པོ་ཆེ་མི་ཡུལ་དུ་ཇི་ལྟར་བྱུང་བ་ནི། མན་ངག་ངེས་པར་ལུང་བསྟན་པ་ལས། གོང་གི་འཕྲོར། འཛམ་གླིང་སྣོད་ལྡན་བཅུད་བྲལ་བར། །གཟིགས་ནས་གསང་བདག་རྡོ་རྗེ་འཆང་། །ས་པ་སྤྲུལ་པའི་རང་བཞིན་ཅན། །ལྷ་ལས་གྲོལ་བ་དེ་བསྡུས་བཙུད། །འཛམ་གླིང་མཚན་ཅན་གྷོ་མ་ལའི། །ཐུགས་ལས་བཤོས་ནས་སྐུ་ལ་བཞག །དཔའ་བོ་བཞད་མཛད་རྡོ་རྗེ་བལྟམས། །དམ་ཤོད་གླིང་གི་དུར་ཁྲོད་དུ། །དབང་བསྐུར་བསྟན་པ་བཤད་ཚུལ་མཛད། །དུར་ཁྲོད་མ་མོ་གཤིན་རྗེ་ལ། །དམ་བརྩལ་ལས་ལ་བསྒོ་བར་མཛད། །ཨུ་རྒྱན་རྡོ་རྗེ་ཅན་གནས་སུ། །ཀློང་དགུ་བམ་པོ་ཉི་ཁྲི་བསྡུས། །ཞེས་གསུངས་ཏེ། མིའི་ཡུལ་ཤིང་འཛམ་བུ་བརྒྱན་པའི་གླིང་ན་རྣལ་མའི་སྣོད་ཁྱད་པར་ཅན་ཡོད་ཀྱང་བཅུད་ཀྱི་སྟོངས་པར་གཟིགས་ནས་གསང་བདག་ཆེན་པོ་རྡོ་རྗེ་འཆང་གིས་མཐར་ཐུག་གི་ས་པ་སྤྲུལ་པའི་རང་བཞིན་ལྷ་སེམས་ལྷག་ཅན་ལས་གྲོལ་བས་སྙིང་པོའི་སྟོན་པ་དེ་ཉིད་ཡི་གེ་ཧཱུྃ་དུ་བསྡུས་ནས་ཐུགས་ཀར་བཙུད་དེ། འཛམ་བུའི་གླིང་ན་ཨོ་རྒྱན་ཡུལ། །ཡོན་ཏན་ལག་ནས་འཆར་བའི་རིགས། །སྐྱོན་བྲལ་སྒྱུ་སྤངས་པ་ར་ནི། །གཏེར་ཆེན་བདུད་རྩིས་ནད་སྦྱངས་ཤིང་། །ཅེས་གསུངས་ཏེ། བྱའི་རྒྱལ་པོ་ངང་པར་སྤྲུལ་ནས་བབས་ཏེ་ཤིང་མོ་གླང་གི་ལོར་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་རྡོ་རྗེའི་གླིང་ཕུག་ན་ལྕམ་མཚན་དང་ལྡན་པ་ལ་གྷོ་མ་ལ་གནས་པ་ཡི་ཐུགས་ཀར་མཆུ་ལན་གསུམ་གཏུགས་ཏེ་ཐུགས་ལས་མཆུ་ཡིས་བཤོས་ནས་ཐུགས་སྲས་སྐུའི་ལྷུམས་སུ་བཞུགས་པས་བདེ་བ་ཆེར་སྐྱེས་སོ། །དེ་ནས་ཟླ་དགུ་ངོ་བཅུ་ན་ཐུགས་ཀ་ནས་རྩོལ་མེད་ཀྱི་ཐེག་པ་སྟོན་པའི་རྟགས་རྡོ་རྗེ་རྩེ་མོ་དགུ་པ་ཞིག་བྱུང་སྟེ། འོད་དུ་ཞུ་བ་ལས། ཁྱེའུ་མཚན་དཔེ་དང་ལྡན་པ་སྐྱེ་ལུགས་གསུམ་པོ་རང་ལྷུན་གྲུབ་གསུམ་དུ་བསྒྲལ་ནས་འཁོར་བའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེན་པོ། ཕྱག་གཡས་ན་རྡོ་རྗེ་དང་གཡོན་ན་དྲིལ་བུ་བསྣམས་ཤིང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་མཛད་པ་ཞིག་བྱུང་བ་ན། སྔོན་སྟོན་མཆོག་ཤཱཀྱ་ཐུབ་པ་བལྟམས་པའི་དུས་ཀྱི་ལྟས་ལྟར་བྱུང་ནས། ཤཱཀྱའི་རིགས་ཐམས་ཅད་བཞད་པར་མཛད་ཅིང་དགྱེས་པའི་རབ་ཏུ་གྱུར་པས་དགའ་རབ་རྡོ་རྗེ་ཞེས་བྱ་བ་མཚན་དུ་གསོལ་ལོ། །དེ་ནས་ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་དུ་གསང་བའི་བདག་པོ་དངོས་སུ་བྱོན་ནས་དབང་བསྐུར་ཞིང་བསྟན་པ་བཤད་ཚུལ་ཙམ་མཛད་དེ་དངོས་སུ་ལྷ་ཡུལ་དུ་གསུངས་པ་ཡིན། དུར་ཁྲོད་ཀྱི་མ་མོ་དང་ལས་ཀྱི་གཤིན་རྗེ་རྣམས་ལ་དམ་ཚིག་རྩལ་ནས་བཀའ་དང་བསྟན་པ་སྲུང་བའི་ལས་ལ་བསྒོ་བར་མཛད་ཅིང་གསང་བའི་གཉེན་གཏད་དེ། གསང་བའི་བདག་པོས་བསྐུལ་བ། རྒྱལ་ཐབས་སྤྱི་བླུགས་རྫོགས་དབང་ཟུང་། །སྤྲོས་པའི་སེམས་ལྡན་དོན་ལ་སྦྱོར། །རང་བཞག་རིག་པ་མ་ཡིན་པར། །བརྡ་སྒོ་རྟོག་པའི་རྗེས་མ་འབྲང་། །ཞེས་གསུངས་སོ། །དེ་ནས་དགའ་རབ་རྡོ་རྗེས། དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་ཝ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་དབང་བསྐུར་ཏེ། །འཛམ་གླིང་ཉིད་དུ་རྒྱལ་ཚབ་བྱའོ། །ཞེས་ཉམས་ཚངས་པའི་མགུར་བཞེངས་ཏེ། །ཨོ་རྒྱན་དྷ་ན་ཀོ་ཥའི་ཡུལ་རྡོ་རྗེ་གླིང་ཕུག་གི་གནས་སུ། བརྗོད་བྱ་ཀློང་ཆེན་པོ་དགུ་རྗོད་བྱེད་དོན་སྡེ་ཚན་དང་ཚིག་ཤྭ་ལོ་ཀ་སུམ་བརྒྱར་བམ་པོ་བྱས་ཏེ་བམ་པོ་ཉི་ཁྲིར་བསྡུས་པ་ལ་སོགས་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་བསྡུ་བར་མཛད་དེ་བཞུགས་སོ། །དེ་ལས་སྤྱི་བླུགས་སྲས་གཅིག་ལ་བརྒྱུད་པ་དང་། གསུམ་ལ་བརྒྱུད་པ་དང་། བདུན་ལ་བརྒྱུད་པ་དང་། ཉི་ཤུ་རྩ་གཅིག་ལ་བརྒྱུད་པ་རྣམས་སུ་གྲགས་པ་ལས། དང་པོ་ནི། འཇམ་དཔལ་བཤེས་གཉེན་ཁོ་ན་ལ་བཤད་པའོ། །གཉིས་པ་ནི། བྲམ་ཟེ་བདེ་མཆོག་སྙིང་པོ། རྒྱལ་པོ་དྷ་ཧེ་ན་ཏ་ལོ། བློན་པོ་གང་བ་བཟང་པོའི་བུ་ཨ་ཙརྱ་ཨ་ལོ་ཀེ་དང་གསུམ་ལ་བཤད་པའོ། །གསུམ་པ་ནི། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ཧེན་ཏ་ལོ། ཀླུའི་རྒྱལ་པོ་འཇོག་པོ། ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ། ལྷའི་རྒྱལ་པོ་མ་ཧཱ་རཱ་ཛ། ཀླུ་སྒྲུབ་སྙིང་པོ། ཤྲཱི་སིངྷ་དང་བདུན་ལ་བཤད་པ་སྟེ་གཞན་དྲུག་ནི་སྒོམ་ཆེན་དུ་དབང་བསྐུར་ལ་ཤྲཱི་སིངྷ་ནི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །བཞི་པ་ནི། འཇམ་དཔལ་བཤེས་གཉེན་ནས། ཤྲཱི་སིངྷའམ། དགེ་སློང་མ་ཀུན་དགའ་མའམ། བི་མ་ལ་ཡན་ཆད་ལ་བཤད་པ་སྟེ། མཁས་པ་གཉེར་གཅིག་པོ་ཀུན་གྱིས་དགའ་རབ་རྡོ་རྗེའི་ཞལ་མཐོང་ཡང་བཞེས་ཚུལ་མི་འདྲ་བ་སྣང་ངོ་། །དེ་བཞི་ལས་ལུགས་འདི་ནི་དང་པོ་ལྟར་ཏེ། གཉིས་པ་རིག་འཛིན་རིག་པས་བརྒྱུད་པ་ནི། མན་ངག་ངེས་པར་ལུང་བསྟན་པ་ལས། གོང་གི་འཕྲོར། ཁོ་བོ་རྗེ་བཙུན་འཇམ་དབྱངས་ཀྱིས། །བྱིན་བརླབས་དབང་བསྐུར་ལུང་བསྟན་ནས། །དམ་པ་དེ་ལ་འདུན་པ་ལས། །ཡེ་ཤེས་རིགས་ཅན་མཁའ་འགྲོ་མས། །བརྡས་བསྐུལ་བྱིན་རླབས་ལྡན་བྱས་ནས། །དམ་པ་ག་ལ་བ་དེར་ཕྱིན། །འདུན་པས་བརྟགས་སྤྱོས་བརྡ་བཀྲོལ་ཏེ། །རྒྱལ་བ་འགྲོ་བ་ཟམ་ཆད་པ། །རྣ་བརྒྱུད་རྡོ་རྗེའི་ཟམ་བཙུགས་ནས། །བོ་ཟོས་ན་ཡང་ལན་གྲངས་འགས། །རང་གྲོལ་བདེ་ཆེན་རང་གཏད་པའོ། །ཞེས་གསུངས་ཏེ། རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་དཔལ་ལྡན་བདེ་སྐྱོང་གི་བུ་སྙིང་པོ་གྲུབ་པ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ཞིག་འཕྲུལ་གྱི་མན་ངག་སྙིང་པོ་རྣལ་མའི་དོན་ལ་མོས་པ་ལ། ལྷག་པའི་ལྷས་ལུང་བསྟན་པ། དབུལ་པོ་རང་གཏེར་རྙེད་འདོད་ན། །རྡོ་རྗེ་གླིང་ཕུག་གནས་རི་ལ། །ཡང་སྤྲུལ་གང་ཟག་ཐུགས་སྲས་ལས། །ལྡེའུ་མིག་ལོང་ལ་རང་གཏེར་ཐོན། །ཞེས་ཐོས་པས། དེར་དགའ་རབ་རྡོ་རྗེ་ཡང་སྤྲུལ་དམ་པ་དེ་ལ་འདུན་པས་ཚོལ་དུ་ཕྱིན་པ་ན། ལྷོ་ནུབ་ངམ་ཤོད་གླིང་དུ། ཡེ་ཤེས་ཀྱི་རིགས་ཅན་ཤྲཱི་ཙ་མུནྡྲི་སོགས་མཁའ་འགྲོ་མ་གསུམ་གྱིས། ཆུ་བོའི་གཞུང་ལ་ཞོན་ནུས་སམ། །དོན་འབིགས་མཚོན་ཆ་འདེབས་སྤྲོའམ། །འཕྲུལ་གྱི་མེ་ལོང་ལྟ་བྱེད་དམ། །ནོར་བུ་རིན་ཆེན་ལོན་ངེས་སམ། །ཞེས་གསུངས་ཏེ། དོན་ནི། སྒོམ་པ་རྒྱུན་ཆད་མེད་པར་ཆུ་བོའི་གཞུང་ལ་ལུང་རིགས་ཀྱིས་ཡིད་ཆེས་པར་བྱས་ནས་ཞོན་པར་ནུས་སམ། རྟོག་པ་དོན་གྱི་གཤིས་ལུགས་གཏན་ཚིགས་ཀྱིས་གཞིགས་ཏེ་མཐར་ཕྱིན་པར་འབིགས་པས་མཚོན་ཆ་འདེབས་པར་སྤྲོའམ། ལྟ་བ་འཕྲུལ་གྱི་མེ་ལོང་དཔེ་ཡིས་མཚོན་ནས་ལྟ་བར་བྱེད་དམ། མན་ངག་ནོར་བུ་རིན་ཆེན་འབྲས་བུར་རང་གསལ་གྱི་དགོས་འདོད་འབྱུང་བར་ལེན་ངེས་སམ། ཞེས་པའི་བརྡས་བསྐུལ་བ་ན། རྡོ་རྗེའི་ཕུག་དྲིལ་བས། ཡིད་ཆེས་བར་གྱིས་ལ་སྒྲོ་འདོགས་ཆོད་དང་། དཔེ་ལས་ཅུང་ཞིག་སྣང་ནས་དགོས་པའི་དོན་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དེ་བྱིན་གྱིས་བརླབས་ནས་ལུང་བསྟན་པས་མྱུར་དུ་ཕྱིན་ནོ། །དེ་ཀ་ན་ཤིན་ཏུ་བསྒྲེས་པའི་སྐྱེས་བུ་གཅིག་གཟིམས་ནས་བཞུགས་པ་ལ། དང་བའི་མཐུ་སྐྱེད་དེ་འདོད་ཡོན་མང་པོ་ཕུལ་ནས་མཆོད་པས། ཞལ་ནས། འདོད་ལྡན་མ་ཡིན་གཟུངས་མཛེས་ལ། །བརྟེན་པས་ཚིམ་པ་ཅང་ཡོད་དམ། །སོལ་བའི་ལྗོན་ཤིང་བྱེ་མའི་གསེར། །བརྒྱ་ལ་སྲིད་ཀྱང་ཅང་ཤེས་སམ། །རུསྨེ་ཀི་ཀ་ར། ཞེས་གསུངས་ཏེ། སྔགས་དོན་ནི་ངན་པ་ཡིན་ན་ཁྱོད་ཅི་བྱེད། ཅེས་པའོ། །དེ་ནས་ལུང་བསྟན་བསྙད་པས། སྣོད་བརྟགས་པའི་ཕྱིར་དཔེ་ལ་བརྟེན་པའི་བརྡ་ཡིས་སྤྱོ་བ་གསུམ་མཛད་དེ། དང་པོ་གདམས་ཚུལ་ལ་སྤྱོ་བ། འོ་ན་བྲག་འདིའི་རྩ་བ་ན་ཕུག་གསུམ་ཡོད་པས་དེར་སོང་ལ་གདམས་པར་རིགས་སུ་གསུངས། དེར་ཕྱིན་པ་ན། གཅིག་ན་བྲམ་ཟེ་གཙང་མ་བཅུད་གཡོ་ཞིང་ཟ་བ་ལ་སྟོབས་ཞན་པར་མཐོང་། གཅིག་ན་རྨ་བྱ་དུག་གིས་མཛེས་པར་མཐོང་། སྟེང་ངོས་ཀྱི་བར་ན་དྲང་སྲོང་བཅུད་ལེན་མཁན་ཐམས་ཅད་བཅུད་དུ་ལེན་པ་ཞིག་མཐོང་ནས་སླར་ཕྱིན་པས། དེ་ལ་ཅང་གོའམ་གསུངས། མ་གོ་ལགས་ཞུས་པས། ཨེ་མ་ཧོ། རྨོངས་པ་འདོད་པ་ཅན། བླང་དོར་བྱས་པས་སུ་ཞིག་གྲོལ། །བརྟུལ་ཞུགས་ཅན་ལ་མདོག་སྡུག་ཙམ། །མཁས་པར་བླང་དོར་ཅི་བྱར་ཡོད། །ཅེས་གསུངས་ཏེ། དོན་ནི། རང་གནས་མ་ཤེས་པ་ལ་མཚལ་བས་དབུ་དྲངས་ནས། རྒྱུ་མཚན་ཉིད་པ་ལྟར་དོན་མ་མཐོང་བས་ཞེ་འདོད་ཅན། སྔགས་ཕྱི་པ་ལྟར་མཉམ་པ་ཉིད་ལ་བླང་དོར་གྱི་ཇི་ལྟར་གྲོལ། སྔགས་ནང་པས་བརྟུལ་ཞུགས་ལ་གནས་ཀྱང་མདོག་སྡུག་པ་ཙམ་ཡིན་ན་དོན་ཕྱོགས་མེད་ལ་མཁས་པར་བླང་དོར་གྱི་རྩོལ་བ་ཡོད་དམ། ཞེས་པའོ། །དེ་ནས་བར་པ་སྣོད་བཅུད་ལ་སྦྱོར་བ། ཡང་ཞལ་ནས། འོ་ན་བྲག་འདིའི་རྐེད་པ་ན་ཆུ་ཤིང་གི་སྡོང་པོའི་རྩ་ན་མ་ཧེ་མོ་ཞིག་ཞོ་སྐྱེལ་དུ་འོང་གིས་དེ་ལ་ཞོ་ཞོས་ལ་བུམ་པར་ལུགས་ལ་སྣུམ་ཐོན་ཞིག །བྲག་འདིའི་རྩེ་མོ་ཙ་ན་ཀའི་ཤིང་བུའི་རྩ་བ་ན། ས་ལ་གནས་པ་ལ་དབང་ཆེ་བ་སེང་གེ་དཀར་མོ་ཞིག །གཡུའི་རལ་པ་གསིགས། མཆེ་བ་ནི་གཙིགས། རང་སྐད་འདོན་ཞིང་འོང་གིས་མ་འཇིག་པར་རྩར་ཆོར་ལ། གསེར་གྱི་ཟ་བ་འདིར་ཞོ་ཞོས་ལ་བཅུད་ལོང་ཞིག །གསུངས། དེར་ཕྱིན་པས། དེ་ཀ་ཚུགས་འདུག་ནས་འོ་མ་ཚན་གཉིས་སྣོད་གཉིས་སུ་བླུགས་ནས་བླ་མའི་སྤྱན་སྔར་མཆིས་པ་ན། མ་ཧེའི་ཞོ་སེང་གེའི་ཞོའི་ཟླ་ལ་བླུགས་པས་བཅུད་དུ་གྱུར། དེ་ནི་གོལ་ས་མི་སྤོང་བར་ལ་ཟླ་བའི་དཔེའོ། །གསེར་སྐྱོགས་ཀྱི་ནང་དུ་སེང་གེའི་ཞོ་གཅིག་མ་ཧེའི་ཞོའི་སྟེང་དུ་བླུགས་པས་ཞོ་ངན་དོར་ཏེ་སེར་གེའི་ཞོ་བཅུད་བཟུང་། དེ་ནི་ཤན་འབྱེད་དེ་རང་སར་གཏན་ལ་འབེབས་པའི་དཔེའོ། །རྫའི་བུམ་པར་མ་ཧེའི་ཞོའི་སྟེང་དུ་སེང་གེའི་ཞོ་བླུགས་པས་རྫ་ཆག་ཞོ་བོའོ། །དེ་ནི་སྣོད་ངན་ལ་ཆུད་ཟ་བའི་དཔེའོ། །དེ་ལ་ཅང་གོའམ་གསུངས། ཅང་མ་གོ་ལགས་ཞུས་པས། ཨེ་མ་ཧོ། རྨོངས་པ་ཕྱོགས་འཛིན་ཅན། བཅུད་ལ་ཁྱད་པར་དེ་ཡོད་པས། །སྣོད་ལ་ཁྱད་པར་དེ་ཙམ་གནས། །རིག་པའི་མིག་ཅན་དོན་ལ་རྟོན། །ཞེས་གསུངས། དེ་ནས་ཐ་མ་རྟོགས་ཐབས་ལ་སྤྱོ་བ། ཡང་ཞལ་ནས། །འོ་ན་འདི་ནས་ཤར་ཕྱོགས་བྷ་གྷ་ལ་ན་མཁར་ཆེན་པོ་གཅིག་ལ། ཕྱི་སྒོ་ལྔ། བ ར་སྒོ་གཅིག །ནང་སྒོ་གཅིག །གནས་སྒོ་གཅིག་སྟེ་སྒོ་བརྒྱད་ཡོད། དེའི་ནང་ན་ཕྱི་རུ་ལྟ་ཞིང་ནང་ན་གནས་པའི་རྒྱལ་པོ་གཅིག་ལ། སྒོ་སྲུང་བརྒྱད། སྒོ་གཏན་གསུམ། གནས་འཁོར་ས་དྲུག་ཡོད། རྒྱལ་པོ་དེ་ལ་འཁོར་གྲངས་མེད་པ་ཡོད་པས་ཤིན་ཏུ་དབང་ཆེ། དེས་ནོར་བུ་རིན་པོ་ཆེ་མ་བྲལ་བཞིན་དུ་བརྐྱང་། མི་ནུབ་པའི་རྒྱལ་མཚན་ཆེན་པོ་ནི་མ་བསྐྱེལ་བཞིན་གཅིག་ནས་འགྲོ་བ་ཐམས་ཅད་དབུལ་ཕོངས་པར་བྱེད་དོ། །ད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་འདི་ན། གདེང་ཆེན་པོ་དང་ལྡན་པའི་སྐྱེས་བུ་གསུམ་གྱིས་དམག་དཔོན་བྱས་ཏེ་སྒོ་བརྒྱད་དང་ལྡན་པའི་ཁྲི་ཆེན་པོ་ནི་བཤམས། རྩེ་གསུམ་མཚོན་ཆ་རང་འོད་འབར་བ་ནི་ཐོགས། གཞན་གྱི་མཚོན་གྱིས་མི་ཕིགས་པའི་གོ་ཆ་སྲ་བ་ནི་གྱོན་ནས། འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་ཏེ་དམག་འདྲེན་གྱིས། དེར་སོང་ལ་ཕྱི་སྒོ་ལྔ་ལ་དྲངས་ཙ་ན། དབང་པོ་ཡུལ་སྟོན་གྱི་བུ་མོ་ལྔ་ཡོད། འདོད་ཡོན་ལྔ་ཕྱག་ན་བསྣམས། ཤིན་ཏུ་མཛེས་པའི་ཆ་ལུགས་དང་ལྡན་པས། དེ་ལ་སྟོབས་སུ་ཡོད་ཀྱིས་རེ་དོགས་མ་བྱེད་པར་སོང་ཞིག །ཕྱི་སྒོ་ལྔ་ན་སྒོ་སྲུང་ལྔ་ལ་བུ་བཞི་བཞི་ཡོད་པ་ལ་བུ་ཐུ་བོ་ནི་ཨོ་རྒྱན་སྒྱུ་མ་ལས་གྲུབ་པའི་ཡུལ་ན། གདེངས་ཆེན་པོ་མངའ་བའི་སྐྱེས་བུ་རྒྱལ་པོ་ཚུགས་ན་གནས་པ་བྱ་བ་གཅིག་ཡོད། བུ་གཉིས་པ་ནི་བྷ་གྷ་ལའི་གཙང་སྨེ་རེ་དོགས་ཅན་གྱི་ཡུལ་ན། བྲམ་ཟེ་དྲག་པ་ཅན་བྱ་བ་གཅིག་ཡོད ། བུ་གསུམ་པ་ནི། ཉེས་ལེགས་མཛེས་སྡུག་གི་ཡུལ་ཤྲཱི་ལནྡྲ་ན། རིག་བྱེད་བཟོ་མཁན་དཔྱད་པ་བྱ་བ་གཅིག་ཡོད། ཐ་ཆུང་ནི་གཅོད་པ་ཚོགས་འདུས་ཀྱི་ཡུལ་ཝཱ་ར་ཎ་སཱི་ན། གཅོད་མཁན་ཐ་སྙད་འདོགས་པའི་ཞལ་ཆེ་བ་བྱ་བ་གཅིག་ཡོད། དེ་ལ་ཐབས་ཤེས་ན་བུ་ཐུ་བོས་ནུ་བོ་གསུམ་ཟིལ་གྱིས་མནན་ཏེ་བསྒྲལ་ཏུ་བཏུབ་པ་འདི་ལྟ་སྟེ། འུ་ཅག་ཕ་གཅིག་གི་བུ་ལ་ང་རྒྱལ་པོ་ཚུགས་ན་གནས་པ་ལྟར་ཁྱེད་ཀྱང་དེ་བཞིན་དུ་གནས་པར་གྱིས་ཤིག །ཅེས་བསྒོ་ལ། ཇི་ལྟར་བྱ་ཞེ་ན། གཙང་སྨེར་སྤྱོད་པ་དང་བཟོ་དང་ཚོང་གི་བར་ཞོག་ལ་དེ་ལ་མ་གནས་ཤིག །ང་བཞིན་དུ་འགྱུར་རོ། །ཞེས་བྱས་ནས། སྒོ་སྲུང་ནི་རང་བསྒྲལ། སྒོ་གཏན་ནི་རང་བཅག ། འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་ཆུ་དྭངས་ཡོད་པས་དེས་དབུལ་བའི་དྲི་མ་སེལ་ནུས་ཏེ། དབུགས་དེ་ཙམ་ཕྱིན་ནས་བཟོ་ལས་བྱས་པའི་རྒྱལ་མཚན་བཙུགས་པར་གྱུར་ཏེ། དེ་ཡིས་ཡུལ་ཁམས་དེ་རྒྱལ་པོའི་རིགས་རྒྱུད་དུ་བསྒྱུར་བས་འབངས་ཀྱི་མིང་ཡང་མེད་དེ། རྒྱལ་པོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེ་ལ་འདི་སྐད་དུ། གནས་ཐབས་སྤྲུལ་པ་བསམ་ཡས་ལས། །མཚན་མ་བཞི་ལྡན་དང་པོས་བསྒྲལ། །སྣང་བ་མི་དགག་ཞན་མི་བྱ། །ངལ་གསོ་ལགས་ཙམ་དམར་ཐག་ཡོད། །ཅེས་བྱའོ། །དེ་ནས་ཡར་ཕྱིན་ནས་ཕྱི་ནང་གི་བར་སྒོ་ན། མ་འོངས་ལུང་སྟོན་གྱི་བུ་མོ་དང་། འདས་པ་གླེང་སློང་གི་བུ་མོ་སྐད་ཚངས་པའི་དབྱངས་ལྟར་སྙན་ལ། གཏམ་རྒྱུད་ཚངས་པ་ཆེན་པོ་ལྟར་མཁས་པ་གཉིས་ཀྱི་ཡིད་ཕྲོགས་བྱ་བ་ཤོར་བར་བྱེད་པ་ཡོད་ཀྱི། དེར་ཞོར་ལ་ཤེ་བཅད། སྒོའི་ནང་ན་སྒོ་སྲུང་བྱ་བ་མང་པོ་བྱ་བ་ཡོད། དེ་ལ་བུ་གསུམ་ཡོད་པས། བུ་ཐུ་བོ་ནི་དོན་མེད་ཐང་ཆད་བྱ་བའི་ཡུལ་ན་བྱས་པ་དོན་མེད་བྱ་བ་ཡོད། ཐ་ཆུང་ནི་ཟིན་མེད་སྒྱིད་ལུག་བྱ་བའི་ཡུལ་ན་བྱེད་པ་ཟིན་མེད་བྱ་བ་ཡོད། བར་པ་ནི་འོད་མའི་ཚལ་གྱི་དགོན་པ་ན་གདེངས་ཆེན་པོ་ལྡན་པའི་སྐྱེས་བུ་འཛངས་པོ་གཟུ་བོར་གནས་པ་བྱ་བ་ཞིག་ཡོད་པས། བུ་ཆེ་ཆུང་བུ་མོ་གཉིས་ཀྱི་གཏམ་རྒྱུད་ལ་མ་མཐུན་ཏེ་རྩོད་པ་བྱུང་བས། བུ་བར་བ་དེས་ཆེ་ཆུང་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། ལར་གཏམ་རྒྱུད་ལ་དགོས་པ་ཅི་ཡོད། བྱ་བ་མང་ལ་ཟིན་པ་ཉུང་། དོན་ཆུང་ལ་ཉེས་པ་མང་། དེས་ན་འུ་བུ་གསུམ་བདེ་བ་འདོད་པ་ལ་གཅིག་པས། སྡུག་བསྔལ་གྱི་རྒྱུ་བྱ་བ་ཞོག་ལ་དགོན་པར་བདེ་བ་ལ་འདོང་ངོ་། །ཞེས་འདོད་པ་གཅིག་པར་དྲངས་ཏེ་འཛངས་པས་ཞི་དལ་གྱིས་རི་རྒོད་ཀླུངས་སུ་ཕབ་ནས། རྩོད་པ་མེད་པས་གཟུ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེས་སྒོ་སྲུང་བསྒྲལ། སྒོ་གཏན་བཅག ། འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་བཀྲ་ཤིས་ཡོད་པས་དེས་བཀྲེས་པའི་དབུལ་བ་སེལ་ཏེ་འབྱུང་ཆེན་གཏོས་ཀྱི་རྒྱལ་མཚན་གཙུགས་པར་གྱུར་ཏོ། །དེ་ལ་འདི་སྐད་དུ། སྨྲ་མཁན་བུ་མོ་ཐབས་ཀྱིས་སྦྱར། །བྱ་མང་ཟིན་ཉུང་ཞོར་ཤེ་བཅད། །འཛངས་པས་གཅད་པའི་ངག་དོན་མཉེན། །རྟོག་པ་གྲས་ཐག་དེར་ཆད་ལ། །སྣང་བ་རང་སར་དེས་གྲོལ་འགྱུར། །ཞེས་བྱའོ། །དེ་ནས་ཡར་ཕྱིན་པས་ནང་དུ་བསྟན་པའི་སྒོ་འགྲམ་ན། རཀྴ་སྟོབས་པོ་ཆེའི་བུ་ལྔ་རྣོ་འཇུག་གི་མཚོན་ཆ་སྣ་ཚོགས་ཐོགས་ནས། དེང་རང་ལ་ཤེད་སྐྱེད་ཅིང་ནུས་པའི་སྟོབས་སྐྱེད་པར་བྱེད་པ་ཡོད་ཀྱི། སྒོའི་ནང་ན་སྒོ་སྲུང་སྡིག་ཅན་སྤྱི་ལ་རང་དུ་དམིགས་བ་བྱ་བ་ཡོད། དེ་ལ་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད། ཐ་ཆུང་ཨོ་རྒྱན་ཐོར་ཅོག་ཅན་འདི་ན་གདེངས་ཆེན་པོ་མངའ་བའི་སྐྱེས་བུ་དཔའ་བོ་གཡུལ་འཇོམས་བྱ་བ་ཞིག་ཡོད་དེ། ཕུ་བོ་རྣམས་ཀྱི་ཡུལ་ནི་ན་རག་གདོང་ཆེན་ན་ཡོད་པ་ལ། ཐབས་ཤེས་ན་ཐ་ཆུང་དེས་ཕུ་བོ་རྣམས་ཟིལ་གྱིས་མནན་ཏེ་བསྒྲལ་བཏུབ་པ་ཡིན་འདི་ལྟར་ཏེ། འུ་ཅག་ཐམས་ཅད་དཔའ་བོ་མཐར་ཐུག་ན་ཀུན་གྱི་སྟོབས་ང་ཉིད་ལ་རྫོགས་པ་ལ། སྲིན་པོས་ཤེད་སྐྱེད་དུ་ཅི་ཡོད། རྣོ་འཇུག་གསོད་པའི་མཚོན་ཆ་ཀུན། །རང་ལ་རང་འཇོམས་མ་བརླག་གམ། །ཡུལ་ངན་པ་དེ་ཞོག་ལ། རིན་པོ་ཆེའི་གླིང་བདེ་བ་ཅན་དུ་འདོང་ངོ་། །ཞེས་བྱས་ཏེ་ཐམས་ཅད་དཔའ་བོར་གྱུར་པ་ལ། མི་མཐུན་པའི་དགྲ་མེད་པས་དཔའ་བོའི་ཐ་སྙད་ཀྱང་རང་གྲོལ་ལོ། །དེས་སྒོ་སྲུང་བསྒྲལ། སྒོ་གཏན་བཅག །འཁོར་ས་ཕྱགས་མས་བཏབ་སྟེ། དེ་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཡོད་པས། དེ་ལས་བདུད་རྩིའི་ཆར་ཕབ་སྟེ་དབུལ་བ་དང་། ནད་དང་། བཀྲ་མི་ཤིས་པ་ཐམས་ཅད་བསལ་ཏེ། མི་ནུབ་པའི་རྒྱལ་མཚན་བཙུགས་པར་གྱུར་ཏོ། །དེ་ལ་འདི་སྐད་དུ། དཔའ་བོ་མཚོན་ཆ་ལྕགས་ཀྱུ་ལྔ། །བདག་གི་ལོངས་སྤྱོད་རང་ལ་བཟློག ། གཟུང་འཛིན་མི་སྤང་རང་ལ་བཟླ། །བདུད་དཔུང་དགྲ་ཆོམས་གཉེན་འཛུགས་འདྲ། །ཞེས་བྱའོ། །དེ་ནས་ཡ་བགྲོད་པ་མེད་པའི་ཚུལ་དུ་ཕྱིན་པས། གནམ་སྒོ་འབྱུང་འཇུག་མེད་པ་ན། ལྟ་བ་ཕྱི་རུ་ལྟ་ལ། གནས་པ་ནང་ན་གནས་པའི་རྒྱལ་པོ་བྱ་བ་བཞུགས་པས། དེའི་སྤྱི་བོའི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་བྱ་བ་ཡོད་ཀྱིས་དེ་ལོངས་ལ་ཤོག་ཅིག་གསུངས། དེར་ཕྱིན་ནས་བཙལ་བས་ཅི་ཡང་མ་རྙེད་པ་ལ། ད་ཡར་རྙེད་པར་མི་འདུག་པས་སླར་ལྡོག་གམ་བསམ་པ་ལས། ནམ་མཁའ་ནས་ཤྲཱི་ཙ་མུ ནྡྲིས། ཨེ་མ་ཧོ། རྨོངས་པ་སྙིང་རེ་རྗེ། རང་ལ་ཡོད་ནས་གཞན་དུ་ཚོལ། །བཙལ་བས་སྐྱེས་བུ་སུ་ཡིས་རྙེད། །བརྡ་ལ་དོན་ཚོལ་དེ་ཡ་མཚན། །ཞེས་བརྗོད་དེ་ག་ཞ་ཆེན་པོ་བཏབ་པས། སླར་སྤྱན་སྔར་ལོག་གོ། །དེ་ལ་ཅང་གོའམ་གསུངས། མ་གོ་ལགས། ཞུས་པས། དཔེ་ལ་བརྟེན་ནས་དོན་ཅུང་ཟད་ཙམ་དུ་སྣང་བ་ལས། བརྡ་ཇི་བཞིན་དུ་མ་འཕྲོད་ནས། ཡང་བཀའ་སྩལ་པ། ཨེ་མ་ཧོ། རྒྱལ་སྲས་བརྡ་བྲལ་འདི། རྒྱལ་སར་གཏོན་ནས་རང་དབང་བསྐུར། །དབུལ་བོར་རང་གཏེར་ལག་ཏུ་གཏད། །ངེས་པར་བསྟན་གྱི་གུས་པར་ལོངས། །ཞེས་གསུངས་ནས་རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་བསྐུར། བསྟན་པའི་ཀློང་བརྡོལ་ནས། རིན་པོ་ཆེའི་གཏེར་གཏད་དེ། །སྐུ་གསུམ་དགོངས་པ་ཐུགས་ཀྱི་བཅུད། །སོགས་གཏད་རྒྱ་གསུངས་སོ། །དེ་ནས་སྙིང་པོ་གྲུབ་པས། བདག་ནི་བསྐལ་པ་ཐོག་མེད་ནས། །རང་གཏེར་ཡིད་བཞིན་རིན་ཆེན་བྲལ། །དམ་པ་མཆོག་གིས་རང་གཏེར་སྩལ། །དབུལ་སེལ་བདེ་ལྡན་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ་ནས། གསེར་གྱི་བྲག་ཕུག་ཡུ་བ་ཅན་དུ་མཁའ་འགྲོ་མའི་ལོ་ལྔ་བརྒྱ་རྩ་བཅུར་དགོངས་པ་ལ་བཞུགས་ཏེ། ཡི་དམ་གྱི་ལྷས་ལུང་བསྟན་པའི་མཚན་འཇམ་དཔལ་བཤེས་གཉེན་ནོ། །དེ་ལ་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་དེ་ཝ་རཱ་ཛ་ཞེས་བྱ་བ་སར་ཆུད་པའི་རིག་འཛིན་གྱི་གོ་འཕང་ལ་གནས་པ་ཞིག་ཡོད་པ་ལ། བསོད་ནམས་ཀྱི་གཡེངས་པས་ཡིད་དབྱུང་ནས་མི་ཡུལ་གྱི་སྙིང་པོ་རྣལ་མ་ཨ་ཏི་ཡོ་ག་ལ་ཐུགས་དགྱེས་ནས། ཤཱཀྱའི་རིགས་དྷརྨ་ཤྲིའི་སྲས་སུ་སྐྱེ་བ་བཞེས་ཏེ། ཨོ་རྒྱན་ཡུལ་དུ་འཇམ་དཔལ་བཤེས་གཉེན་ཆེ་བ་འཛིན་ཅིང་སྤྱོད་པས་འདུལ་ཕྱིར་ཁྱེའུ་ཆུང་ཟུར་ཕུད་ཅན་དུ་བཞུགས་པ་དང་འཕྲད་པས་ལྷ་མིག་གིས་མཁྱེན་ཏེ། འདུན་ཞིང་དང་བས་འདོད་ཡོན་དུ་མས་མཆོད་དེ། ལྷ་གནས་སུམ་ཅུ་རྩ་གསུམ་དུ། །བདུད་རྩི་སྨན་ལས་སར་ཆུད་པས། །སྙིང་པོའི་དོན་ལ་རྩལ་མ་འབྱོངས། །བྱམས་པའི་ཉི་ཤར་ཞགས་པས་ཟུངས། །ཞུས་པས། བསྐལ་པར་སྤྱོད་དཀའི་དྲི་མ་ཅན། །རྣལ་མ་མ་བཅོས་དག་པའི་ཆུས། །རྩོལ་ནད་མིག་ནས་དག་པར་བཀྲུ། །གདོད་སེམས་རང་སོའི་གཉུག་མར་ཞོག །གསེར་གྱི་བྲག་ཕུག་ཏུ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུལ་བ་རྐྱེན་གྱི་མན་ངག །སྒོམ་པའི་ས་མི་རྙེད་ཕྱིར་སྒོམ་པས་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པའི་ལམ་མཆོག་འདི་སྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །ཞེས་གསུངས་ཏེ་གཏད་དོ། །དེ་ནས་དྷེ་ཝ་རཱ་ཛས། རྩོལ་བས་ཡིད་འབྱུང་རྩོལ་མེད་བཙལ། །གཞན་ནས་རྩོལ་མེད་མ་རྙེད་དེ། །རྩོལ་བཅས་སེམས་ཉིད་རྩོལ་བྲལ་བདེ། །ཨེ་མ་ཧོ་རང་གྲོལ་སྐུ་དྲིན་ཆེ། ཞེས་གཏང་རག་ཕུལ་ནས། ཟ་མ་ཏོག་གི་བསིལ་ཁང་དུ་ལོ་བརྒྱ་རྩ་བདུན་དུ་ངང་ལས་མ་གཡོས་པར་གནས་ཏེ། ལྷས་ཨ་མྲྀ་ཏ་དྷརྨ་རཱ་ཛ་ཞེས་བཏགས་སོ། །དེ་ལ་འོག་མིན་རྒྱ་མཚོའི་གླིང་ཁམས་ནས་ཡང་དག་ཚེ་དབང་ཐོབ་པ་ཀླུའི་རྒྱལ་པོ་དགའ་བོ་དེ། རང་གི་ལས་ལས་གྲུབ་པའི་གདུག་པའི་ནུས་མཐུ་ལ་ཡིད་དབྱུང་ནས། མི་ཡུལ་ན་སྙིང་པོ་རྣལ་མ་གནས་པ་ལ་ཐུགས་དགྱེས་ནས། གདོལ་བའི་རིགས་ཨ་བ་དྷ་མུརྙ་བྱ་བའི་སྲས་སུ་ལུས་བླངས་པས་སྔ་མའི་ལས་ཀྱིས་སྦྲུལ་མགོ་ལྔ་པ་ཞིག་བྱུང་། ཕ་མ་སྐྲག་ནས་དུར་ཁྲོད་དུ་བསྐྱལ་བ་ལ། སུ་ཏྲས་སྐད་ཆེར་ཕུང་སྟེ། བྱོལ་སོང་གདུག་པ་ཀླུ་ལས་ནི། །སྙིང་པོའི་རྟེན་དུ་ལུས་འཕངས་ན། །ལས་ཀྱི་འབྲེལ་བས་ཕ་དང་མ། །སྐལ་བ་མ་གཅད་ཕུང་པོ་སྐྱེད། །ཟེར་བས། བདེན་ནོ་སྙམ་ནས་བླངས་ཏེ་གསོས་པས་མཛེ་ཤུ་སོས་པ་སོགས་ལེགས་པ་ཆེར་བྱུང་བས། མིང་ནཱ་ག་སཾ་ཀྲི་ཏ་བཏགས་སོ། །དེ་ནས་ཟ་མ་ཏོག་གི་བསིལ་ཁང་གི་རྩ་བར་རཱ་ཛ་ཧ་སྟི་ལ་སྨིན་པའི་ལམ་ཞི་ཁྲོ་ཕྱི་ནང་གསང་བའི་དབང་ཐོབ་ནས་སྣོད་དུ་རུང་བ་ལས་བདུད་རྩི་ཆོས་རྒྱལ་དང་མཇལ་བས་ཡིད་བཞིན་ནོར་བུ་ཞིག་ཕུལ་ཏེ། གདུག་པའི་སེམས་ཀྱིས་བྱོལ་སོང་ལུས་སེམས་སྨིན། །བསོད་ནམས་ལས་ཀྱི་ཡོན་ཏན་དཔག་མེད་ཀྱང་། །སྙིང་པོའི་དོན་མེད་སྙིང་པོའི་རྟེན་ལ་འཕངས། །སྙིང་པོའི་དོན་རྩོལ་ཐུགས་རྗེའི་ཞགས་པས་ཟུངས། །ཞུས་པས། གསེར་ཟོར་སེང་གེའི་འོ་མ་ལྟར། །རིགས་ལ་རྒྱུད་གཏད་སྙིང་པོར་སྨིན། །གདུག་སེམས་སྤངས་པའི་སྙིང་པོའི་དོན། །སྤྱན་ལྔས་མ་གཟིགས་དེ་ཉིད་རྟོགས། །ཞེས་གསུངས་ཏེ། བསིལ་ཁང་དུ་རྒྱལ་ཐབས་ཀྱི་དབང་བསྐུར། བསྟན་པའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུལ་བ། རང་གྲོལ་བརྡ་སྤྲོད་སྐབས་ཕྱེ་ལ། །ཕྱོགས་བྲལ་རྒྱས་གདབ་བརྡ་དོན་བྲལ། །སྤྲོས་བཅད་ཁྱད་པར་འཕགས་པ་ནི། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་གཏད་དོ། །དེ་ནས་ནཱ་ག་སང་སྐྲྀ་ཏས། །ཆེ་མཆོག་རང་སེམས་རིན་པོ་ཆེ། །གདུག་པའི་འདམ་ཁྲོད་ནང་དུ་འཁྱམས། །གདོད་ནས་མ་བྲལ་ཤུགས་ཀྱི་སྤངས། །གཏེར་ཆེན་རང་གཏད་སྐུ་དྲིན་ཆེ། །ཞེས་རྟོགས་པ་ཕུལ་ཏེ་གངྒ་རྒྱ་མཚོའི་གླིང་དུ་འཁར་ས་བ་ནེའི་ལོ་སྟོང་དུ་བཅུད་ལ་གནས་པས། ལྷས་ནཱ་ག་རཱ་ཛ་གྷུ་ཎ་གརྦ་ཞེས་ལུང་བསྟན་ཅིང་དབང་བསྐུར་བའི་ཡ་མཚན་ནོ། །དེ་ལ་རི་རབ་ཀྱི་བྱང་ཕྱོགས་ན་གནོད་སྦྱིན་གྱི་བུ་མོ་དེ་མ་ཞེས་བྱ་བ། རི་རབ་ཀྱི་ལྕོག་བཞི་ལ་གནས་པའི་ལག་ན་རྡོ་རྗེ་བཞིའི་སྲིང་མོར་གྱུར་པ། ཀྲི་ཡའི་སྒོ་ནས་ཚེ་དབང་རིག་འཛིན་ཐོབ་པ་ཞིག་ཡོད་པ་ལས། རང་གི་ལས་ཀྱིས་གྲུབ་པའི་ནུས་པ་དང་། རྫས་ཀྱི་གཉེར་ལ་གཡེངས་པས་ཡིད་དབྱུང་ནས་མི་ཡུལ་ན་སྙིང་པོ་རྣལ་མ་གནས་པ་ལ་ཐུགས་དགྱེས་ནས། རྒྱ་གར་ཤར་ཕྱོགས་རྒྱལ་པོ་སྲིད་སྲུངས་ཀྱི་སྲས་མོར་ལུས་བླངས་པས། དེ་ལ་སྲས་མི་མངའ་བས་རྫུན་བྱས་ཏེ་སྲས་གཟིགས་སོ། །འདི་ཤིན་ཏུ་དཀོན་པ་ལས་མཐོང་བས་མའི་རྩར་ཡང་མི་གནང་གསུངས་ཏེ་སྦས་ནས་གསོལ་བ་ལས། བྷ་གྷ་ལའི་ལོ་ཉེར་བཞི་བོད་ལོ་བཅུ་གཉིས་ལོན་ནས་རྒྱལ་སར་འདོན་པ་ལ། ལྷས་ལུང་བསྟན་པ། སྙིང་པོའི་དོན་ལ་གནས་སྨིན་ནས། །བཅུ་གཉིས་ལོ་རུ་སྲིད་ཙམ་བཟུང་། །གནོད་སྦྱིན་གྲགས་ལྡན་བུ་ཞོག་ལ། །རང་གི་སྨོན་པ་ད་མཐར་དབྱུང་། །ཞེས་གྲགས་པས་སྔོན་གྱི་སྨོན་པ་དྲན་ནས་མིང་པོ་བཞི་ལ་ནུས་པ་བསྐུལ་བས་གྲགས་ལྡན་གྱི་བུ་གནོད་སྦྱིན་མོ་བྱང་ཆུབ་ཇི་འདྲ་བ་ཞིག་བསྐྱལ་བས། དེ་རྒྱལ་པོ་ལ་གཏད་དེ་སྲིད་བཟུང་བས་མིའི་ཆ་བྱད་མི་འདྲ་ནས་སྤྱུགས་པ་ལས་བོད་ཀྱི་མི་མང་པོ་འཕེལ་བར་ཡང་གྲགས་ལ། དེ་ནས་བྱང་ཆུབ་ཀྱིས། བསམ་གཏན་གྱི་གླིང་ཨོརྒྱན་ཐོར་ཅོག་ཅན་དུ་སྙིང་པོའི་དོན་བརྩལ་བས། རི་མ་ལ་ཡའི་རྩར་སྨད་འཚོང་མ་སངས་རྒྱས་མ་ལ་སྨིན་པའི་ལམ་བླངས། བྷ་གྷ་ལའི་གླིང་ནས་གཏེར་ལོང་ཞེས་ཕྱག་ན་རྡོ་རྗེས་ལུང་བསྟན་པས། དེར་ཕྱིན་ནས་ཀླུའི་རྒྱལ་པོ་དང་མཇལ། སེང་གེའི་ལྟ་སྟངས་ཀྱིས་ཞལ་དུ་བལྟས་ཏེ། ཉོན་མོངས་དབང་ཆེན་གནོད་སྦྱིན་མོ་ལུས་ཐོབ། མོས་པའི་རྩོལ་བ་དྲག་པས་ལྷ་ཞལ་འཁུམས། སྨོན་པའི་མཐུན་འཕངས་བླ་མའི་སྤྱན་སྔར་མཆིས། སྙིང་པོའི་དོན་སྩོལ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། ཞེས་ཞུས་ཏེ་ལུས་མཛེས་པ་རཏྣའི་རྒྱན་གྱིས་སྤྲས་པ་ཡོན་དུ་ཕུལ་བས། དད་པས་འཕངས་པའི་ལུས་སེམས་ཅན། །འདོད་པའི་གཏེར་དང་དྲེགས་སེམས་བཏང་། །སྙིང་པའི་དོན་ཚོལ་འབྲེལ་པས་འཕྲད། །གཏེར་ནོར་དྲེགས་སེམས་དེ་ལྟོས་དང་། །ཞེས་གསུངས་ཏེ། གངྒའི་གླིང་དུ། རྒྱལ་པོ་མངོན་གྲུབ་ཀྱི་དབང་བསྐུར། བསྒྱུར་བ་གསུམ་གྱི་མན་ངག་གིས་བདེ་བ་ཐིག་ལེའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། བསྐུར་བ། ལུང་བཅུད་རྫོགས་པའི་ཐིག་ལེ་ཅན། །རང་ལུས་རྟོགས་པའི་ཡེ་ཤེས་ཏེ། །དེ་བཞིན་ཡེ་ཤེས་གདགས་གཞི་ཅན། །རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད། །ཅེས་གཏད་དོ། །དེ་ནས་བྱང་ཆུབ་ཀྱིས། ཨེ་མ་ཧོ། ཐམས་ཅད་མ་ནོར་བས། རྒྱུ་དང་རྩོལ་བས་བཅོས་ཐང་ཆད། །འདོད་གཏེར་དྲེགས་སེམས་ཉིད་མ་ནོར། །བརྡ་བརྟེན་རྒྱུ་གྲོལ་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ་ཏེ་དོན་གྲུབ་རཏྣའི་ཁང་བུར་ཨོ་རྒྱན་གྱི་ལོ་ལྔས་བཅུད་རྫོགས་སོ། །དེ་དག་ནི་འཆད་པ་པོས་ཚངས་པའི་དབྱངས་ཀྱིས་གསུངས་ཏེ། ཉན་པ་པོའི་ཤེས་རབ་ཀྱི་དབང་པོ་བརྒྱུད་པ་སྤྲུལ་པའི་རིག་འཛིན་ཤ་སྟག་གོ། །དེ་ལ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་རྒྱལ་པོ་ཨིནྡྲ་བྷོ་དྷིའི་མཆོད་གནས་མ་ཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ལ་མངའ་བརྙེས་པ་ཞིག་བཞུགས་པ་ལ། ལྷག་པའི་ལྷས་ལུང་བསྟན་པ། གནོད་སྦྱིན་ཕྱུག་པོ་རྫས་ལ་སྲིད། །སྒེག་མོ་འདོད་པས་ངོམས་པ་ཉུང་། །ས་གསུམ་སེམས་དཔའ་སྲེད་པའི་ཆོས། །ཕྱོགས་འཛིན་ཐོངས་ལ་སྙིང་པོ་ལོངས། །ཞེས་ཐོས་ནས་རང་གི་ཤེས་རབ་ཀྱི་བསམ་པས་བལྟས་ཏེ། རྡོ་རྗེའི་ཕུག་ཏུ་རུ་དགའ་རབ་རྡོ་རྗེ་ལ་སྙིང་པོའི་དོན་བཞུགས་པར་རིག་གནས། དེར་ཕྱིན་པས། ཕུག་སྒོར་འཇམ་དཔལ་བཤེས་གཉེན་དང་འཇལ་བ་ན། ལོ་རྒྱུས་བསྙད་པས། གཞུ་བཀང་བ་ཡི་མདའ་རྩེ་ནི། །དོན་གྲུབ་རིན་ཆེན་ཁང་བུ་ན། །གནོད་སྦྱིན་རིགས་ཅན་བྱང་ཆུབ་མོ། །འབིགས་པ་མཐར་ཕྱིན་དེར་ལོངས་ཤིག །ཅེས་ལུང་བསྟན། བརྡ་འཕྲད་དེ་དེར་ཕྱིན་ནས། ཀྱེ་ཧོ་རིག་པ་གྲུབ་པ་མོ། །གཉིས་མེད་ཡེ་ཤེས་ལས་གྲོལ་བའི། །ཁྱད་འཕགས་དོན་དེ་གྲུབ་སྲིད་དམ། །མོས་པས་འདུན་གྱིས་ཐུགས་རྗེས་ཟུངས། །ཞུས་པས། ཀུན་མཁྱེན་ཕྱོགས་རིས་ཀུན་གྲོལ་ལ། །དངོས་པོ་སྟོང་པ་གཉིས་མེད་གཉིས། །རྟོགས་ཐབས་ཡིན་ཀྱང་རྒྱ་ཆད་མིན། །གཉིས་མེད་འཛིན་པའི་རིག་པས་ལྟོས། །ཞེས་གནང་སྟེ། རྒྱལ་པོ་མངོན་གྲུབ་ཀྱི་དབང་བསྐུར། བདེ་ཆེན་རིག་པའི་ཐིག་ལེའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད་དེ། རྫོགས་པ་དང་བསྐུལ་བ། གཉིས་མེད་གཉིས་སུ་མེད་མིན་ཞིང་། །དགོངས་པ་མང་བཏགས་ཕྱོགས་མ་ཞན། །རིག་དོན་སོ་ལས་མ་འདས་ན། །གཉིས་མེད་གཉིས་བཅས་རང་བཏང་ཞོག །ཅེས་གཏད་དོ། །དེ་ནས་ཀུ་ཀུ་རཱ་ཛས། ཨེ་མ་ཧོ། རེ་བདེ་རི་ཁྲོད་མ། དཔལ་ལྡན་བཅོས་ལྡན་མས་བདག་བརླབས། །རིགས་དང་མཐུན་པའི་ལས་སྤྱད་པས། །ཆེན་པོ་ལས་འཕགས་དོན་གྲོལ་དྲིན། །ཅེས་གཏང་རག་ཕུལ་ནས། དོན་གྲུབ་རིན་ཆེན་ཁང་བུར་བྷ་གྷ་ལའི་ལོ་བརྒྱ་རྩ་ལྔས་བཅུད་ལ་དབང་ཐོབ་པར་གྱུར་ཏོ། །དེ་ལ་ཡུལ་དྷ་ཧེ་ནའི་འདུ་ཁང་བར་བར་དགེ་སློང་ཤྲཱི་སིངྷ་པྲ་བྷཱུ་ཏ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཤིང་པཎྜི་ཏ་ལྔ་བརྒྱ་ལ་རིག་པའི་གནས་སྦྱོར་བ། དགེ་སློང་མ་ཀུན་དགའ་མ་ལས་རྫོགས་པ་ཆེན་པོའི་བརྡ་ཤས་ཐོབ་པ་ཞིག་བཞུགས་པ་ལ་ཀུ་ཀུ་རཱ་ཛས་སྙིང་པོ་བཞག་པའི་རྟེན་བརྩལ་བས། ཚེ་སྟོད་ལ་ཨོ་རྒྱན་གྱི་རྒྱལ་པོ་དེ་ཝ་རཱ་ཛ་དང་མཇམ་དཔལ་ནས་བཞག་པར་འདོད་ཀྱང་རྒྱལ་རིགས་ཀྱིས་དྲེགས་ནས་གཏད་རྒྱ་མ་རྫོགས། ཚེ་སྨད་ལ་ཤྲཱི་སིངྷ་དང་འཕྲད་པས་སྣོད་ལྡན་དུ་རིག་ནས། ཨེ་མ་ཧོ། སྐྱེས་བུ་སྦྱངས་པ་ཅན། རང་བཞག་དོན་ལ་གནས་འདོད་ན། །རིན་ཆེན་གླིང་ནས་ནོར་བུ་ལོངས། །དབུལ་བ་སེལ་ནུས་འགའ་ཡོད་དམ། །ཞེས་གསུངས་པས། དེ་ལ་སྤྲོ་བ་ཆེར་སྐྱེས་ཏེ་སྒོ་གསུམ་འདུད་པ་དང་བཅས་པས། མ་བསྐུལ་དོན་ལ་རབ་བརྩོན་པའི། །ཐུགས་རྗེའི་མངའ་བདག་དགེ་སློང་ཆེ། །མོས་པས་འདུད་ཅིང་ཞབས་ལ་འཇུ། །ཐུགས་རྗེས་བདེ་ཆེན་སྤྲོ་བར་མཛད། །ཞུས་པས། འདུ་ཁང་བར་མ་རུ་སྒོ་བརྒྱད་དང་ལྡན་པའི་གསལ་བྱེད་ཀྱི་དལ་ལ་བརྟེན་ནས། རྒྱལ་པོ་ཚངས་པའི་དབང་བསྐུར། བསྟན་པའི་ཀློང་བརྡོལ་རིན་པོ་ཆེའི་གཏེར་གཏད་དེ། རྫོགས་པ་ན་བསྐུལ་བ། རང་གསལ་ངང་ལ་ཕྱོགས་མེད་ལྟོས། །མ་ནོར་བཅོས་མེད་རང་སོར་ཞོག །སྒོ་གསུམ་མ་བཅིང་བག་ཡངས་སྤྱོད། །རྒྱན་དང་བཅས་པའི་ལུས་ལ་རྟོན། །ཞེས་གསུངས་ཏེ་གཏད་རྒྱ་མཛད་དོ། །དེ་ནས་ཤྲཱི་སིདྷས། འདོད་བཅས་ལྟ་བ་ཉིད་ཕྱོགས་བྲལ། །གཏད་འཛིན་སྒོམ་པ་མ་གཏད་གསལ། །བླང་དོར་སྤྱོད་པ་བག་ཡངས་བཀྲོལ། །བདག་ཉིད་རྒྱན་བཅས་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ། དེ་ཉིད་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཆོས་གྲྭའི་མཁན་པོ་དང་མན་ངག་གི་བདག་པོ་མཛད་ཅིང་དགོངས་པའི་དོན་བསྐྱངས་སོ། །དེ་དག་ནི་རིག་འཛིན་རིག་པས་བརྒྱུད་པ་སྟེ། ཕྱག་མཚན་འགའ་ཞིག་ན་རྒྱན་གྱི་རིག་འཛིན་བཞི་ཞེས་པའི་ཚིག་ལ་བརྟེན་ནས་ཀུ་ཀུ་རཱ་ཛ་ནས་སྙན་བརྒྱུད་དུ་བཞག་ཀྱང་འདིར་བརྒྱུད་སྲོལ་ཐམས་ཅད་ལ་སྒྲགས་པ་ལྟར་རོ། །གསུམ་པ་གང་ཟག་སྙན་དུ་བརྒྱུད་པའི་ཚུལ་ནི། དེ་ལ་བོད་ཀྱི་དགེ་སློང་གན་ཇག་ཐང་ཏ་ཞེས་བྱ་བ་རུས་པ་གོར་དཔལ་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་བ་དེས། དཀའ་སླས་ཆེན་པོས་རྒྱ་གར་དུ་ཕྱིན་ཏེ། རིག་འཛིན་ཆེན་པོ་ཤྲཱི་སིངྷ་སོགས་མཁས་པ་ཉེར་གཅིག་གམ་ཉེར་གསུམ་གྱི་ཞལ་མཇལ། ཐུན་མོང་གི་རིག་པ་ནས་སྔགས་ཕྱི་ནང་གསང་བ་མཐའ་དག་རྫོགས་པ་ན། ཤྲཱི་སིངྷ་ལ། མ་སྐྱེས་རྣམ་དག་རྫོགས་པ་ཆེ། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ། །བཟང་ངན་མཐོ་དམན་མི་བདོག་ཀྱང་། །ལ་ཟློའི་ཆོས་གཅིག་བསྐུར་ཏེ་ཞུ། །ཞེས་གསོལ་བས། ཆོས་རྣམས་ཟད་པར་སྐྱེལ་བ་ཡི། །རྫོགས་ཆེན་ཐེག་པའི་ཡང་རྩེ་འདི། །ཀུན་དང་ཀུན་གྱི་ཐུན་མོང་མིན། །བློ་རབ་འགའ་ལ་བསྟན་པར་བྱ། །ཞེས་གསུངས་ཏེ། རྫོགས་པ་ཆེན་པོའི་ཆོས་ཀྱི་གསང་མཛོད་སྒོ་ཕྱེས། སྤྱི་བླུགས་ཚངས་པའི་དབང་བསྐུར། སྲུང་བྲལ་རིག་པའི་དམ་ཚིག་ཕོག །གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད། མན་ངག་གི་གནད་བསྡེབས་ནས་གནང་སྟེ། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སི་ཏི་ཀན། །ཞེས་གསུངས་ཏེ། བསྐུལ་བ། ཤན་དབྱེ་ལ་བཟླས་རྒྱུ་ཁྲོལ་ལ། །བརྒྱུད་པའི་གདམས་པས་མངོན་སུམ་སྟོན། །དབེན་པར་རང་སེམས་གོམས་པར་གྱིས། །སྨིན་པར་གྱིས་ཤིག་ཀྱེ་ཐུགས་སྲས། །ཞེས་གཏད་རྒྱ་མཛད་དེ། དེ་ནས་བཻ་རོ་ཙ་ན་ནས། སྤྲུལ་པ་གཤེགས་ཤུལ་རྡོ་རྗེ་གདན། །སྙིང་པོའི་དོན་རྫོགས་སྐལ་བཟང་རྗེ། །ངེས་པ་ཡིན་པས་དེས་མངོན་བསྟན། །བདག་རྒྱུད་རང་གྲོལ་སྐུ་དྲིན་ཆེ། ཞེས་རྟོགས་པ་ཕུལ་ཏེ། མ་སྐྱེས་རྡོ་རྗེ་བདེ་བའི་སྐུ། །བཞི་བཅུ་རྩ་བདུན་ཟབ་མོའི་གསུང་། །གཉིས་མེད་ཡེ་ཤེས་ནམ་མཁའི་ཐུགས། །ཤྲཱི་སིངྷའི་སྐུ་གསུང་ཐུགས་ལ་བསྟོད། །ཅེས་གཏང་རག་གི་བསྟོད་པ་མཛད་དོ། །དེ་ནས་བོད་ཡུལ་དུ་བྱོན་ནས། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རྫོགས་པ་ཆེན་པོའི་གདམས་ངག་ཟབ་མོ་ཕོག་ནས་བོད་ཀྱི་རྒྱལ་ཁམས་དཀར་པོར་བསྒྱུར་ཀྱང་། བློན་པོ་གདུག་པ་ཆེ། བཙན་མོ་དམ་ལས་འདས་ཏེ། གདམས་ངག་མཐར་མ་ཕྱིན་པར་སྐུ་ཚེའི་སྨད་ལ་རྒྱལ་མོ་ཚ་བ་རོང་དུ་བྱོན་ནོ། །རོང་ནག་པོའི་ཡུལ་དུ་སློབ་མའི་མཆོག་གསུམ་ལ་རིམ་པ་གསུམ་དུ་བརྒྱུད་པ་ལས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ཞེས་བྱ་བ་ལོ་བཅུ་གསུམ་པ་ལ་སྒྲ་བསྒྱུར་རྫོགས་པར་བསླབ་པ་ནས། ཐེག་པའི་རུ་ཤན་ཕྱེད་པ་ན། སྐལ་ལྡན་དུ་གཟིགས་ཏེ། སྙིང་པོ་རྣལ་མ་དོན་གྱི་རྒྱུད། རང་ལ་ཤར་བས་རྩོལ་བ་སྤངས། །ངེས་པར་རྟོགས་ན་ཉག་གཅིག་སྟེ། །ཤེས་པ་ཐག་ཆོད་ལུང་བཞིན་གཉེར། །ཞེས་གསུངས་པས་གཡུ་སྒྲ་མཁས་པས་ཅུང་ཟད་རྟོགས་ཏེ། སང་སྐྲྀ་ཏ་ཡི་སྒྲ་གོམས་ཏེ། །རིག་པའི་སྟེང་དུ་ཡིད་མ་ཆེས། །ཐ་སྙད་ཚིག་ལ་མ་བརྟེན་པའི། །བརྒྱུད་པའི་དོན་འདི་བརྡ་བགྲོལ་འཚལ། །ཞུས་པས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དྲུག་ལ་སོགས་པ་རྫོགས་པ་ཆེན་པོ་སྙིང་པོ་རྣལ་མའི་མཛོད་ཀྱི་སྒོ་ཕྱེས། སྤྱི་བླུགས་ཚངས་པའི་དབང་བསྐུར། གསལ་བྱེད་འབར་བའི་ཀློང་བརྡོལ། རིན་པོ་ཆེའི་གཏེར་གཏད། དོན་ཐུགས་ལ་དྲིལ་ནས་བརྡར་བསྟན་ཏེ། རྟོགས་ཚད་མཐར་ཕྱིན་པ་ན་བསྐུར་བ། བྱང་སེམས་རང་བྱུང་ཀུན་དངོས་ཅན། །རྒྱལ་པོ་མངོན་སུམ་གྲུབ་པ་ཡི། །རྟོགས་སོ་མ་འདས་འདྲིས་པར་བྱ། །ཤུགས་ལ་སྐལ་ལྡན་སྨིན་པར་གྱིས། །ཞེས་གསུངས་ཏེ་གཏད་རྒྱ་མཛད་དོ། །དེ་ནས་གཡུ་སྒྲ་སྙིང་པོས། སྒྲ་བཤད་དོན་མཚོན་དེ་དཔྱད་ཀྱིས། །བརྡ་བྲལ་རང་གྲོལ་ཡོངས་མ་དཔྱད། །བསྐལ་བར་འཐིམས་པའི་མུན་ནག་ཚོགས། །ཡུད་ལ་གསལ་མཛད་སྐུ་དྲིན་ཆེ། །ཞེས་རྟོགས་པ་ཕུལ་ཏེ། རྒྱལ་མོ་ཚ་བ་རྟག་རོང་གི་དབེན་པར་ལོ་ལྔ་ཡིས་ཕུར་པ་ཐེབས་པས། རྒྱལ་ཚབ་ཏུ་དབང་བསྐུར་ནས་བཻ་རོའི་བཀའ་བཞིན་བོད་ཡུལ་དབུས་སུ་ཡར་གཤེགས་པས་པཎ་ཆེན་བི་མ་ལ་མི་ཏྲ་དང་། ཞལ་མཇལ་ཏེ་རྫུ་འཕྲུལ་འགྲན་པ་དང་མན་ངག་གི་བཀའ་བསྡུར་བས་འདབ་ཆགས་མ་བུ་བསྡེབས་པ་བཞིན་བྱུང་ནས་བོད་རྣམས་ཡིད་ཆེས་ཏེ་བཻ་རོ་ཙ་ན་ལ་ཡང་དག་བཅུ་གཅིག་གིས་བསྟོད་དོ། །དེ་ནས་གཡུ་སྒྲས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སྔ་འགྱུར་ལྔ་ལ་སོགས་པ་གསུངས། བླ་མ་གསལ་རབ་ཆེན་པོ་ལ་སེམས་ཕྱོགས་ཁམས་ལུགས་སུ་གྲགས་པའི་བརྒྱུད་སྲོལ་ཐམས་ཅད་གནང་། བཻ་རོའི་ཞལ་སློབ་སེམྃས་ཕྱོགས་ཀྱི་བརྒྱུད་པ་ཐ་མའི་བདག་པོ་ལྷོ་བྲག་པ་སངས་རྒྱས་མགོན་པོ་ལ་གདམས་ངག་གི་འཕྲོས་གཏད་རྒྱ་གསུམ་པའི་ལུགས་ཚངས་པར་བསྟན། དབུས་པ་རྒྱ་བློ་གྲོས་གཞོན་ནུ་ལ་རྒྱུད་སྡེ་ཉེར་ལྔ་ཕྲ་མོ་དང་བཅས་པ་གཏད་དེ། དེ་གཉིས་བཻ་རོས་ལུང་བསྟན་པའང་ཡིན་ཏེ། ལས་ཅན་པྃ་དང་རྒྱ་གཉིས་བྱུང་། །བཀའ་བཞིན་ལེགས་པར་སྨིན་པར་བྱས། །ཞེས་གསུངས། རོང་དུ་གཤེགས་ཁར་དབས་སྒོམ་རྡོ་རྗེ་རྒྱལ་མཚན་ལ་རྒྱལ་ཐབས་ཀྱི་དབང་དང་མན་ངག་གི་གཟེར་བུ་ཐམས་ཅད་རྫོགས་པར་གནང་ངོ་། །དེ་ལྟར་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ནས་བརྒྱུད་པའི་བཀའ་སྲོལ་ཐམས་ཅད། སྤྱིར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། ཐ་མ་ཟུར་ལ་བབ་པ་དང་། ཁྱད་པར་ཁམས་ལུགས་ནི་བྱང་སྟོན་རྣམ་དག་ནས་བརྒྱུད་ཅིང་། སེམས་ཕྱོགས་བརྒྱུད་པ་ཐ་མ་ནི་པྃ་སངས་རྒྱས་མགོན་པོ་ནས་གསང་བདག་ཆེན་པོ་སྒྲོ་ཕུག་པ་ལ་བརྒྱུད་པ་དང་། གཞན་ཡང་སྤམ་མི་ཕམ་མགོན་པོ་ལ་གཏད་པའི་སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ཀུན་འདུས་ཡོངས་རྫོགས་ཀྱི་ཚུལ་དུ་ཀུན་མཁྱེན་བླ་མ་ཀཿཐོག་པ་ཆེན་པོ་ཤར་པ་ཤེས་རབ་སེང་གེ་ཞེས་བྱ་བ་རྗེ་བཙུན་འཇམ་པའི་དབྱངས་མི་གཟུགས་སུ་ཤར་བ་དེ་ལ་བཀའ་བབས་པར་གྱུར་ཏོ། །ཡང་སྐོར་ཐུང་ཤེས་རབ་ཡེ་ཤེས་ཀྱིས་སུ་ལེགས་པའི་སྒྲོན་མའི་སྲས་གཞོན་ནུ་སྙིང་པོ་དང་། སོ་ཡེ་ཤེས་དབང་ཕྱུག་གི་སྲས་གསུམ་དང་ཁྱད་པར་དུ་སྲས་ཆེ་བ་སྐལ་པོ་ལ་ཞུས་པ་ལས་སྐོར་ལུགས་པ་ཞེས་སུ་གྱེས་ཀྱང་ཚིག་གི་བརྒྱུད་པ་ལས་སྒོམ་པའི་དོན་རྒྱུད་མེད་པར་ཡང་གྲགས་མོད། དོན་དུ་སྔ་འགྱུར་ལྔ་ལ་ཤིན་ཏུ་མཁས་པ་ཞིག་བྱོན་པས། བརྒྱུད་ཚུལ་དེའང་ཟུར་གྱི་བརྒྱུད་པ་འདི་ལ་འདུས་པར་མངོན་ནོ། །དེ་དག་ལས་མན་ངག་གི་རྒྱལ་པོ་གཏེར་པ་གཏད་འདིར་འདིའང་གདན་ལ་ས་ཆེན་པོའི་མཁས་གྲུབ་འོད་གསལ་གྱི་སྐུ་ཅན་གོང་མ་རྣམས་ནས་དཔལ་ཡུལ་རིག་འཛིན་ཆེན་པོའི་བར་དམ་པ་རྣམས་ཀྱི་སྤྱོད་ཡུལ་དུ་བཞུགས་པ་ཀུན་འདུས་རིག་པའི་སྒྲོན་མེ་དང་སངས་རྒྱས་ལག་འཆང་གི་ཟབ་ཁྲིད་སོགས་ཀྱིས་གསལ་ཡང་། ད་ལྟའི་ཕྱག་དཔེ་འདི་ནི་བདག་ཅག་གི་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཨོ་རྒྱན་བསྟན་འཛིན་རྒྱལ་མཚན་བྱམས་པ་འོད་ཟེར་དཔལ་བཟང་པོ་གང་གིས་ལྷོ་བྲག་ཉི་ལྡེའི་དགེ་འཕེལ་གྱི་གཙུག་ལག་ཁང་ནས་དཔེ་གཏེར་གྱི་ཚུལ་དུ་སྤྱན་དྲངས་པ་སྟེ། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཤར་ཀཿ ཐོག་གི་བསྟན་པ་བག་ལ་ཞ། དེ་གསལ་བྱེད་དྷཱརྨའི་མིང་ཅན་འབྱུང་། ཞེས་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསང་བའི་ལུང་བསྟན་ལས། ཀཿཐོག་པ་ཡི་བསྟན་པ་ལ༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་ནི༔ ཆོས་ཀྱི་རྒྱ་མཚོ་ཞེས་བྱ་འབྱུང༔ དེ་དུས་ཤཱ ཀྱའི་བསྟན་པ་ནི༔ ཕྱོགས་རྣམས་ཀུན་ཏུ་སྣང་བར་བྱེད༔ ཅེས་དང༔ པདྨ་འོད་གསལ་མདོ་སྔགས་གླིང་པའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལུང་བྱང་སྙིང་གི་མེ་ལོང་ལས། གཉགས་ལོའི་སྐྱེ་བའི་སྒྱུ་འཕྲུལ་གྱིས༔ ཟབ་མོ་བསྟན་པའི་རྒྱུད་རྣམས་བཤད༔ ཅེས་དང་། དེ་ཉིད་ཀྱི་ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། གཉགས་ཆེན་ཛྙཱ་ན་རྟོགས་པ་རང་རྒྱུད་གྲོལ༔ མདོ་སྔགས་ཟུང་འབྲེལ་འཆད་རྩོམ་སྒྲོན་མེ་སྦར༔ ཞེས་དང་། གསང་སྔགས་གླིང་པའི་གཏེར་ལུང་ལས། །སྐལ་ལྡན་བཞི་པ་ཀཿཐོག་བྱང་ཤར་མཚམས༔ རྒྱལ་མཚན་མིང་ཅན་དབང་གི་རྟགས་འཆར་བ༔ མ་བསླབས་ཆོས་རྣམས་ཁོང་ནས་རྡོལ་བ་འབྱུང༔ ཞེས་དང་། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་ལུང་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བསྟན་པའི་སྙིང་པོ་དམ་པ་ནི༔ གསལ་བྱེད་དྷརྨའི་མིང་ཅན་ཞིག༔ ཐེ་ཚོམ་མེད་པར་སྣང་བར་འགྱུར༔ ཞེས་དང་། གྲྭ་མདའ་ཀརྨའི་ལུང་བསྟན་ལས། ཀཿཞེས་བྱ་བའི་དགོན་པར་རུ༔ དྷརྨའི་མིང་ཅན་སྐྱེས་བུ་འབྱུང༔ བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང༔ སྔོན་མེད་དཔལ་རིའི་བློས་བསླངས་བྱེད༔ འབྲེལ་ཚད་རྔ་ཡབ་གླིང་དུ་འདྲེན༔ ཞེས་པ་ལ་སོགས་རྡོ་རྗེའི་ལུང་གིས་བསྔགས་པའི་ཚད་མའི་གྲུབ་དོན་གྱི་འབྲས་བུ་མངོན་པར་སྣང་བའི་བདུད་རྩིའི་ཆ་ཤས་སོ། །དེ་ལྟར་བཤད་པ་འདི་ནི་ཇི་སྐད་དུ། བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོར་རེ་སྐན། །ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ། །འདི་ཡིས་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས། །ཞེས་གསུངས་པ་ལྟར། བརྒྱུད་ཚུལ་འདིའི་མན་ངག་གི་རྒྱལ་པོའི་བཀའ་བབས་ཚུལ་གངས་རིའི་ལྗོངས་འདིར་ཇི་ལྟར་བྱུང་བའི་ལོ་རྒྱུས་བྱེ་བྲག་ཏུ་སྨོས་པ་སྟེ། རྒྱས་པར་བཤད་ན། རྫོགས་པ་ཆེན་པོའི་ཟབ་རྒྱུད། གསང་རྫོགས་སྒྲོན་གསུམ། ཡེ་ཤེས་བདུན་འབྱུང་། ཀློང་ཆེན་རབ་འབྱམས། སྒྲ་ཐལ་འགྱུར་ཆེན་པོ། བཀྲ་ཤིས་མཛེས་ལྡན། ནོར་བུ་ཕྲ་བཀོད། ཀློང་ཆེན་དྲུག་པ། ཡང་ཏི་སངས་རྒྱས་མཉམ་སྦྱོར་རྣམས་ལས་དངོས་སུ་བསྟན་པ་ལ་སོགས་པ་སྡེ་གསུམ་ཀློང་དགུ་ཀུན་གྱི་དོན་འགྲེལ་བཅུད་ཀྱི་ཡང་སྙིང་ནི་བཀའ་དྲི་མ་མེད་པ་མན་ངག་གི་རྒྱལ་པོ་གསང་བ་ཟབ་མོ་འདི་ཉིད་ཡིན་པས་དེ་དག་ཀུན་གྱི་བརྒྱུད་ཚུལ་རྣམས་ཤེས་པར་བྱ་ཞིང་ཀུན་གྱི་དགོངས་པའི་ཟབ་གནད་དྲིལ་བ་ལ་མཁས་པ་གལ་ཆེ་བ་དང་། ཁྱད་པར་དུ་སྒྲ་ཐལ་འགྱུར་ཆེན་པོ་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་གསུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་གཟིགས་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ལས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་འབྱུང་། །འདི་ཡི་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་ནི་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡིས་རྗེས་བཟུང་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་ལྡན་ལྡན་པ། །མཉྫུ་ཤྲཱི་བ་ཏི་ཞེས། ལོ་ནི་བདུན་ཅུ་རྩ་ལྔ་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤིའི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་ལ་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱིས་རྒྱལ་མཚན་དག་གིས་པོ། །དེ་རྗེས་སིངྷ་ཤྭ་རས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁན་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བྷས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དེ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློོ་གྲོས་མཆོག་གིས་འཛིན། །ཞེས་རྒྱལ་བ་སྐུ་གསུམ་ལ་དགོངས་པས་བརྒྱུད་དེ། རིག་འཛིན་ཆེན་པོ་བཞི་ལ་བརྡ་ཡིས་བརྒྱུད་ནས་གང་ཟག་ལ་སྙན་དུ་བརྒྱུད་པ་བོད་ཡུལ་ནས་ཆོས་རྒྱལ་ཆེན་པོ་སོགས་སུ་ལུང་བསྟན་པ་ལྟར་རང་རང་གི་སྐབས་ཀྱི་ལོ་རྒྱུས་ལ་མཁས་ཤིང་རྒྱལ་བའི་བཀའི་ཁྱད་ཆོས་ལ་ངེས་པ་རྙེད་ན་ཡི་གེའི་གྲངས་སོགས་སྒྲོ་འདོགས་ཐམས་ཅད་ཆོད་ཅིང་དེ་དག་གི་ཟབ་གནད་མཐའ་དག་མན་ངག་འདིར་འདུས་ལ། མན་ངག་འདིའི་དགོངས་པའི་དོན་འཁྲུལ་མེད་དུ་ངེས་ན་དེ་དག་གི་ཟབ་ཅིང་རྒྱ་ཆེ་བའི་དོན་གནད་ཀུན་གྱི་དགོངས་པའི་མཐིལ་དུ་སླེབ་པ་ནི་ཚད་མས་གྲུབ་པ་ཡིན་པས་བློ་དང་ལྡན་པ་རྣམས་ཀྱིས་སྤྱི་རྒྱ་གཅོད་པ་ལའང་མཁས་པར་བྱའོ། །གཉིས་པ་ཡོ་གའི་དོན་ནི། ཀུན་བྱེད་རྒྱལ་པོ་ལས། ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །ཞེས་གསུངས་ཏེ། ཡེ་ཤེས་གསང་བ་དང་ཀུན་བྱེད་སོགས་ལས་ཡོ་ག་རྣམ་པ་བཞི་བཤད་དེ། ཡོ་ག་ཕྱི་པ་ནི། ལྷ་དང་གཙང་བ་ལེན་ཞིང་རྟོག་པ་དང་སྨེ་བ་དོར་བའི་སྤྱོད་པ་ཅན་ཏེ་བླང་དོར་ཅན་ཀུན་དེར་འདུ་ལ། མ་ཧཱ་ཡོ་ག་ནི་བསྙེན་སྒྲུབ་བཞིས་རྩོལ་ཞིང་སྒྲུབ་པ་དང་། ཨ་ནུ་ཡོ་ག་ནི་རྒྱུ་སྣང་བ་དབྱིངས་དང་འབྲས་བུ་དྲན་རྟོག་ཡེ་ཤེས་སུ་འདོད་ཅིང་། ཨ་ཏི་ཡོ་ག་ནི་དེ་དག་ལས་གྲོལ་བའོ། །དེ་ལྟར་ཡོ་ག་བཞི་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་ཁྱད་པར་ཨ་ཏི་ཡོ་གས་འབྱེད་ཅིང་ཀུན་གྱི་དགོངས་པ་མ་འདྲེས་ཡོངས་རྫོགས་སུ་འདུས་པ་ཡིན་ཏེ། རྒྱན་ལས། ཡོ་ག་རྣམ་པ་བཞི་བཤད་པ། ། ཐེག་པ་ཀུན་གྱི་བསྡུ་ས་ཡིན། །ཡོ་ག་བླང་དོར་སྤྱོད་པ་ཅན། །མ་ཧཱ་ཡོ་ག་རྩོལ་ཞིང་སྒྲུབ། །ཨ་ནུ་ཡོ་ག་རྒྱུ་འབྲས་འདོད། །ཨ་ཏི་ཡོ་ག་དེ་ལས་གྲོལ། །ཞེས་དང་། ཀུན་བྱེད་ལས། རྫོགས་ཆེན་ཨ་ཏི་ཡོ་གའི་དོན་འདིས་ནི། ཐེག་པའི་ཤན་འབྱེད་རྫོགས་པའི་ལུང་ཞེས་བཤད། །ཅེས་སོ། །དེས་ན་ཨ་ཏི་ཡོ་ག་ནི་ཆེ་བ་ལྔ་དང་ལྡན་པས་ཐེག་པའི་རིམ་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱན་ལས། མངོན་པར་སངས་རྒྱས་ཆེ་བས་ནི། །གསུམ་གྲོལ་རང་གཞུང་ཨ་ཏི་དངོས། །ཐམས་ཅད་དེ་ཡིན་བླང་དོར་བྲལ། །ཡོ་ག་ཨ་ཏིར་ལ་བཟླས་པའོ། །རྩོལ་སྒྲུབ་མི་གནས་བདག་ཉིད་ཆེ། །མ་ཧཱ་ཨ་ཏིར་ལ་བཟླས་པའོ། །ཆོས་དབྱིངས་ངང་ལས་རྒྱུ་འབྲས་འདས། །ཨ་ནུ་ཨ་ཏིར་ལ་བཟླས་པའོ། །ཐམས་ཅད་བླ་དང་རྒྱས་བཏབ་པ། །སངས་རྒྱས་མེད་པའི་ཆེ་བ་སྟེ། །ཨ་ཏི་ཡོ་གའི་ཨ་ཏིའོ། །ཞེས་སོ། །གསུམ་པ་དགོས་ཆེད་ཀྱི་དོན་ནི། རྒྱན་ལས། དགོས་ཆེད་དབང་པོ་ཡང་རབ་སྟེ། །རི་རབ་རྡུལ་དུ་བརྩི་བ་དང་། །བསྐལ་ཆེན་སྐད་ཅིག་མར་བརྩི་ཞིང་། །བློ་ལ་ཤྭ་ལོ་ཀ་འདོན་ཞིང་། །ཐ་སྙད་བྱེ་བྲག་ཤེས་པ་དག །ཡང་རབ་མ་ཡིན་དོན་ལ་རྩིང་། །དོན་གྱི་གནས་ལུགས་མཐར་ཕྱིན་གོ། །ཕྱོགས་སུ་བློ་གྲོས་མ་ལྷུངས་པར། །སྤྱི་སར་བཞག་ནས་ཐུན་མོང་བློས། །ཤེས་བྱ་གཅོད་ཅིང་རྟོགས་ནུས་པའི། །དོན་དུ་དབང་པོས་གསུངས་པ་ཡིན། །ཞེས་པ་ལྟར། གདུལ་བྱ་ལས་འཕྲོ་དང་སྐལ་བར་ལྡན་ཞིང་བློ་གྲོས་ཕུལ་དུ་བྱུང་བ་རྣམས་ལ་རྫོགས་པ་ཆེན་པོའི་དོན་བསྟན་པས་རྩོལ་སྒྲུབ་ཀྱི་བྱ་བ་མི་དགོས་པར་སེམས་ཀྱི་རང་བཞིན་ཇི་ལྟར་བ་བཞིན་དུ་མཐོང་ཞིང་རྟོགས་ནས་གྲོལ་བར་འགྱུར་བའི་ཆེད་དུ་བསྟན་པ་སྟེ། ཀུན་བྱེད་ལས། རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །ཞེས་དང་། བྱང་ཆུབ་སེམས་རྟོགས་ཆོས་ཉིད་མངོན་འཚང་རྒྱ། །དེས་ན་སྐལ་ལྡན་དགོས་ཆེད་བསྟན་པ་ཡིན། །ཞེས་སོ། །བཞི་པ་རྩ་བའི་དོན་ནི། རྒྱན་ལས། དྲིལ་ནས་མིང་དུ་གང་བཏགས་པ། །གཅིག་རྟོགས་པས་ནི་ཀུན་རིག་པས། །དགོས་པས་ཅིར་བཏགས་དེར་འདུས་ལ། །རྩ་བའི་དོན་ཅེས་གསུངས་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་སྣང་དུ་བསྟན་པའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་མ་གཏོགས་ཆོས་བཞན་མེད་ལ། དེ་ཉིད་ཐིག་ལེ་ཉག་གཅིག་རང་རིག་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་རིན་པོ་ཆེ་གསེར་ས་ལེ་སྦྲམ་གྱི་གཏེར་ལྟར་གནས་པ་ཉིད། ཚད་མ་གསུམ་གྱིས་མངོན་སུམ་དུ་རང་ལ་གཏད་པའི་ཕྱིར། དོན་ཐམས་ཅད་ཀྱི་རྩ་བར་སྟོན་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་སྟེ། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་སོ། །འདིས་ནི་རྟོག་ལྡན་ཆོས་ཀྱི་རྗེས་འབྲངས་དག་འཇུག་པའི་ཕྱིར་དགོས་སོགས་ཆོས་བཞིའང་བསྟན་ཏེ། དང་པོ་བརྗོད་བྱ་ནི། གནས་ལུགས་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཡེ་ན་གནས་ཀྱང་རྟོག་པས་བསྒྲིབས་ཏེ་མི་གསལ་བར་དཔེར་ན་ཕྱི་ནང་གི་རྒྱ་མཚོ་ཆེན་པོའི་གསེར་གྱི་འོག་གཞི་ལྟར་རང་བཞིན་གྱི་སྣང་བ་བརྗོད་པའི་ཡུལ་དང་བྲལ་བ་དེ་ཉིད་ཡིན་ཏེ། རྒྱན་ལས། རྟོགས་ལྡན་འཇུག་ཕྱིར་དགོས་ན། འབྲེལ་ནི། བྱང་སེམས་ལྷུན་གྲུབ་གསུམ་རང་བཞིན། །གནས་ལ་མི་གསལ་རྟོག་པས་བསྒྲིབས། །མཚོ་ཆེན་གསེར་གྱི་འོག་གཞི་ལྟར། །རང་སྣང་ཡུལ་བྲལ་དེ་བརྗོད་ཡུལ། །ཞེས་སོ། །དེ་ཉིད་ཇི་བཞིན་དུ་སྟོན་པའི་རྗོད་བྱེད་ནི། ཐུན་མོང་གི་སྟོན་པ་རྣམ་འདྲེན་ཤཱཀྱ་ཐུབ་པས་རྩོལ་བཅས་ཀྱི་ཐེག་པ་མཐར་ཕྱིན་པར་གསུངས་ཏེ་མྱ་ངན་ལས་འདས་པའི་འོག་ཏུ་བྱུང་ཚུལ་གྱི་ལོ་རྒྱུས་ལྟར་བསྟན་པ་རིན་པོ་ཆེ་རྫོགས་པ་ཆེན་པོ་འཕྲུལ་གྱི་མེ་ལོང་གི་བཀའ་ལུང་དང་མན་ངག་གི་རིམ་པ་མ་ལུས་པ་ཡང་དག་པར་སྣང་བ་རྣམས་ཏེ། འདིར་ནི་མན་ངག་གི་རྒྱལ་པོ་རིན་པོ་ཆེ་གཏེར་གཏད་པ་ཉིད་དོ། །དེས་ན་ངེས་པར་ཡིད་ཆེས་རྙེད་པ་མ་ཟད་དོན་དུ་འགྱུར་བའི་ཐེ་ཚོམ་གྱིས་ཀྱང་འཇུག་པར་རིགས་ཏེ། ཐེག་པ་ཀུན་ཀྱང་གཞུང་ལུགས་དང་ཐ་དད་པ་མིན་པས་བསླབ་བྱར་མ་གྱུར་པ་གང་ཡང་མེད་དེ། གདུལ་བྱའི་བློ་རིམ་གྱི་འཇུག་སྒོར་དྲང་ངེས་གཉིས་སུ་ཤར་ཡང་དངོས་དོན་མཚོན་པའི་བཀའི་ཚིག་ལ་ཡངས་དོག་མེད་པར་གསུངས་པ་དང་སྦྱོར་བར་བྱ་སྟེ། སྔ་མ་ལས། ཐུན་མོང་སྟོན་པས་རྩོལ་བའི་ཆོས། །མཐར་ཕྱིན་འདས་འོག་སེམས་ལྷག་གི། །དོན་དུ་དབང་པོས་གསོལ་བཏབ་སྟེ། །ངང་གསོལ་རིག་པའི་སྐྱེས་ཆེན་དེ། །ཀུན་གྱི་ངོ་བོར་རང་གནས་པས། །འོད་ལྟར་སྣང་གཉིས་ལོངས་སྐུ་ལ། །དོན་གྱི་ཤུགས་ཀྱིས་བསྐུལ་གྲགས་སྣང་། །དེ་ལས་རང་སྣང་རྡོ་རྗེ་འཛིན། །དགོས་པས་ལྔ་ལ་ཐེ་ཚོམ་བཅད། །ཡང་སྤྲུལ་ཐུགས་སྲས་ངོ་བོར་མཛད། །བཀའ་ལུང་མན་ངག་རིམ་སྣང་མཛད། །རྩོལ་བྲལ་གནས་ཕྱིར་ངེས་པ་ཡིན། །དེ་ཡང་ཐེ་ཚོམ་ཡུལ་གྱུར་ན། །བཀའ་འོ་ཅོག་ཀྱང་དེ་འདྲ་བས། །དོན་དུ་འགྱུར་ཙམ་རེ་ཞིག་རིགས། །ཀུན་ཀྱང་གཞུང་ལུགས་ཐ་དད་མིན། །བསླབ་བྱར་མ་གྱུར་མེད་གསུངས་སྦྱོར། །ཞེས་སོ། །གཉིས་པ་དགོས་པ་ནི། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་བྱང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་ཐབས་ཕུན་སུམ་ཚོགས་པས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་སྐལ་ལྡན་དེ་ཡིས། རྗོད་བྱེད་ཚིག་གི་ལམ་རྐྱེན་གྱིས་བརྗོད་བྱའི་དོན་མཚོན་པ་ལ་བརྟེན་ནས་རྟོགས་པ་དོན་གྱི་ལམ་མཆོག་རང་རྒྱུད་ལ་གསལ་བར་ཤར་བ་ན། ལམ་དེས་གདུལ་བྱ་གཞན་འདྲེན་པ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ལ་གཉིས་གཉིས་བྱང་རྫོགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་འདོད་དེ། །ཚིག་ལམ་རྐྱེན་གྱིས་དོན་མཚོན་ནས། །དོན་ལམ་རྒྱུད་ལ་གསལ་ཤར་བས། །ལམ་དེས་གཞན་འདྲེན་དགོས་པའོ། །ཞེས་སོ། །གསུམ་པ་ཡང་དགོས་ནི། གཞིའི་ཉེས་པ་མ་རིག་པ་དང་བརྟགས་སྣང་གི་སྡུག་བསྔལ། ལམ་གྱི་ཉེས་པ་ཕྱོགས་འཛིན་དང་གཉེན་པོས་རྩོལ་བའི་ནད་ལས་ངེས་པར་གྲོལ་ནས་མཐར་ཐུག་གི་འབྲས་བུ་བདེ་བ་ཆེན་པོ་རང་ལས་ཤར་ཏེ་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་ཀུན་སྒྲོལ་བའི་མཛད་པ་བྱིན་གྱིས་རླབས་ལས་སྣང་བ་སྟེ། སྔ་མ་ལས། སྡུག་བསྔལ་རྩོལ་བའི་ནད་ལ་ནས། །བདེ་ཆེན་རང་ཤར་ཀུན་སྒྲོལ་བ། །བྱིན་གྱིས་བརླབས་སྣང་ཡང་དགོས་སོ། །ཞེས་དང་། འབྲས་བུའི་ཀློང་ལས། ལྷུན་གནས་བདེ་ཆེན་རྟོགས་གོམས་ལས། །མ་རིག་བརྟགས་པ་རང་གྲོལ་ནས། །རྩོལ་བའི་ནད་བྲལ་མཐར་སོན་དང་། །རང་རང་འདོད་གནས་ཆེར་རྒྱས་པའོ། །ཞེས་སོ། །བཞི་པ་འབྲེལ་བ་ནི། ཆོས་ཉིད་ཀྱི་གནས་ལུགས་དང་རྟོགས་གོམས་བྱེད་པ་ལམ་པ་དང་ཐོབ་བྱ་འབྲས་བུ་དག་ནི། དཔེར་ན་གསེར་གོང་ལས་བྱས་པའི་རྫས་མི་འདྲ་བ་རྣམས་ངོ་བོ་གསེར་དུ་གཅིག་པ་བཞིན་དུ་ངོ་བོས་བདག་ཉིད་གཅིག་པས་འབྲེལ་ལ། གནས་ལུགས་དང་དེ་ཉིད་སྟོན་པར་བྱེད་པ་ཚིག་གི་ལམ་དང་དོན་གྱི་ལམ་ནི། གནས་ལུགས་མཚན་བཞི་དང་། ཇི་སྐད་དུ། ལམ་ནི་དོན་དང་ཚིག་ལས་ཏེ། །དོན་ནི་ཐུག་ཕྲད་གསུམ་ཡིན་ལ། །དེ་ཡི་བརྡ་སྤྲོད་ཚིག་གི་ལམ། །ཞེས་པ་ལྟར་དོན་གྱི་ལམ་མཚོན་བྱེད་ཀྱི་མཚན་ཉིད་དང་། ཚིག་གི་ལམ་ནི་དེ་ཉིད་བརྡ་ཐབས་ཀྱིས་མཚོན་པར་འབྲེལ་ལ། འབྲས་བུ་དང་དོན་ལམ་དང་ལམ་པ་དག་ནི་ཐོབ་པར་བྱ་བ་དང་འཐོབ་པར་བྱེད་པ་དང་ཐོབ་པ་པོར་འབྲེལ་ཞིང་། ལམ་གྱི་ངོ་བོ་དང་འབྲས་བུ་ནི། འབྲས་བུ་ཐབས་ལས་བྱུང་བ་དང་ལམ་ནི་དེའི་ཆ་རྐྱེན་གྱི་ཐབས་སུ་འབྲེལ་ཏེ་ཐབས་དང་ཐབས་བྱུང་ཡིན་ལ། འཁྲུལ་པའི་སྣང་བ་ནི་དེ་མིན་པ་ལ་དེར་འཛིན་པ་ཡིན་པས། དེ་ཉིད་རང་གྲོལ་བར་བྱེད་པའི་ལམ་གྱིས་གྲོལ་ཏེ་མཐར་ཕྱིན་གྱི་འབྲས་བུ་བྱུང་བས་ན་དང་པོ་དང་གནས་སྐབས་ཀྱི་འབྲེལ་བ་བྱས་པ་ཙམ་ལས་མཐར་ཐུག་བདག་ཉིད་གཅིག་པར་ངོ་བོས་འབྲེལ་ལོ། །དེ་ལྟར་བསྟན་པ་འོག་མ་དང་མཐུན་པར་བཤད་པས་དབང་རྣོན་རྟོག་པ་དང་ལྡན་པ་ལམ་འདིར་འཇུག་པ་དག་དོན་ལ་དྲང་བར་བྱ་བའི་ཕྱིར་བརྗོད་པར་ཟད་དེ། དེ་ཉིད་ལས། གནས་ལུགས་ལམ་པ་འབྲས་བུ་དག །གསེར་གོང་རྫས་བཞིན་ངོ་བོས་འབྲེལ། །གནས་ལུགས་སྟོན་ཚིག་དོན་གྱི་ལམ། །མཚན་གཞི་མཚན་ཉིད་མཚོན་པར་འབྲེལ། །འབྲས་བུ་དོན་ལམ་ལམ་པ་དག །ཐོབ་བྱ་འཐོབ་བྱེད་ཐོབ་པར་འབྲེལ། །ལམ་གྱི་ངོ་བོ་འབྲས་བུ་ནི། །ཐབས་ལས་བྱུང་བ་ཆ་རྐྱེན་ཐབས། །འཁྲུལ་སྣང་དེ་མིན་དེར་འཛིན་པས། །རང་གྲོལ་ལམ་གྱི་གྲོལ་མཐར་ཕྱིན། །བྱུང་བྱས་མཐར་ཐུག་ངོ་བོས་འབྲེལ། །མཐུན་པས་རྟོག་འཇུག་དྲང་བར་ཟད། །ཅེས་སོ། །ལྔ་པ་ཚིག་གི་དོན་ལ། ཚིག་དོན་གྱི་ངོ་བོ་ངོས་བཟུང་ཞིང་བཤད་ཐབས་ལྔའི་སྐྱོན་ཡོན་བཅས་ཏེ་མདོར་བསྟན། མན་ངག་རྒྱལ་པོའི་དབུ་ཞབས་དཀྱུས་བཤད་ཀྱི་ཚིག་དོན་གཞུང་གི་གསང་བ་ཟབ་མོ་རྒྱས་པར་བཀྲོལ་བ་གཉིས་ལས། དང་པོ་ནི། ཀུན་བྱེད་རྒྱལ་པོའི་ལེའུ་ཉེར་གཅིག་པ་ལས། སེམས་ཀྱི་རང་བཞིན་ཚིག་ཏུ་བརྗོད་མེད་དེ། །མ་བརྗོད་སེམས་ཀྱི་རང་བཞིན་མི་སྣང་བས། །མི་སྣང་མཚོན་དུ་མེད་ཅེས་མ་བརྗོད་ན། །ཀུན་ཀྱང་རང་སེམས་མ་མཐོང་རྩོལ་སྒྲུབ་བྱེད། །དེས་ན་བརྗོད་མེད་ཚིག་གི་དོན་ཡང་བཤད། །ཅེས་གསུངས་པ་ལྟར། ཐེག་པའི་རིམ་པ་བརྒྱད་ཀྱིས་ཐ་སྙད་ལ་བརྟེན་པའི་ཚིག་གི་རྗོད་བྱེད་ལས་ཁྱད་པར་དུ་འཕགས་པའི་མན་ངག་གི་རྒྱལ་པོའི་ཐབས་ཀྱི་གསང་བ་གནས་ལུགས་རྗེན་པར་སྟོན་པའི་བརྡ་ཐབས་ཟབ་མོ་རིན་ཆེན་འཕྲུལ་གྱི་མེ་ལོང་མཚོན་བྱེད་ཚིག་གི་སྒྲོན་མ་ལ་བརྟེན་ནས་རང་གནས་ཀྱི་ཆོས་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་རང་གྲོལ་རིག་པའི་མངོན་སུམ་དུ་གསལ་བར་སྟོན་པ་སྟེ། རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། དཔེར་ན་མུན་ནག་རྫས་སྟོར་ལ། །ལག་ནོམ་བཙལ་བ་རྙེད་པར་དཀའ། །སྣང་གསལ་སྒྲོན་མེ་ལ་བརྟེན་ནས། །བཙལ་བས་རྙེད་པ་ཐེ་ཚོམ་མེད། །དེ་བཞིན་མ་རིག་མུན་གནག་ཏུ། །ཆོས་ཉིད་ནོར་བུ་སྟོར་བ་དེ། །ཐ་སྙད་ཚིག་གིས་རྙེད་པར་དཀའ། །མ་ནོར་བླ་མའི་བཀའ་དྲིན་གྱིས། །རིན་ཆེན་བརྡ་ཡིས་རྙེད་པར་འགྱུར། །ཞེས་དང་། རིམ་པ་གསུམ་བསྡུས་པའི་མན་ངག་ལས། དངོས་སུ་བརྡ་ཡིས་དོན་བསྟན་པ། །བསམ་ཡས་བརྒྱུད་པ་བརྡ་དྲུག་རྒྱ། །རྒྱུ་འབྲས་མཐར་མིན་རང་བྱུང་ཡེ་ཤེས་བརྡ། །བཅོས་བསླད་མཐར་མིན་རྫོགས་པ་ཆེན་པོའི་བརྡ། །ཇི་བཞིན་ཉིད་གནས་བྱང་ཆུབ་སེམས་ཀྱི་བརྡ། །གཞན་ནས་མི་ཚོལ་ལྷུན་གྱིས་གྲུབ་པའི་བརྡ། །སྡུག་བསྔལ་མཐར་མིན་བདེ་བ་ཆེན་པོའི་བརྡ། །ལྡོག་པ་མི་གནས་ཕྱོགས་སུ་མ་ལྷུངས་པར། །ཇི་བཞིན་མ་ཡིན་བརྡ་ཡིས་དོན་དང་སྤྲོད། །བརྡ་དག་མཉེས་བྱས་བླ་མས་སྟོན་འགྱུར་གྱིས། །བརྡ་བྲལ་གོལ་སྒྲིབ་རིག་པས་ཉམས་ཚོད་ཟུང་། །ཞེས་པ་ལྟར་རོ། །དེ་ཡང་བཤད་ཐབས་ལྔས་བཤད་པའི་སྐྱོན་ནི། །བང་མཛོད་འཕྲུལ་གྱི་ལྡེའི་མིག་ལས། །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་ཆེས་བྱུང་ཁུངས་མི་ངེས་པས། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་ཀུན་སེམས་སུ་མི་འདུས་པས། །པྲ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་ཤན་ཐང་མི་ཕྱེད་པས། །རལ་མི་ཕྱེད་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྩོལ་དང་སྒྲུབ་པ་མ་བྱས་པར། །སངས་རྒྱས་ས་ལ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །ཚིག་དང་དོན་དུ་མི་ལྡེབ་པས། །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །ཞེས་སོ། །དེས་ན་བཤད་ཐབས་ལྔ་ཡིས་ལེགས་པར་བཤད་པའི་ཡོན་ཏན་ནི། དེ་ཉིད་ལས། དེ་བཟློག་བཤད་པའི་ཡོན་ཏན་ཡིན། །ཞེས་གསུངས་པས། མན་ངག་ཟབ་མོ་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་ཀྱི་དོན་གྱིས་བཤད་པས་བསྟན་པ་རིན་པོ་ཆེ་ཚད་མར་བརྒྱུད་དེ་བྱུང་བའི་ཁུངས་ལ་བརྟེན་ནས་ཕྱིར་རབས་ཀྱི་སྐལ་ལྡན་རྣམས་ཡིད་ཆེས་སྐྱེ་བའི་ཡོན་ཏན་ཡོད་པའོ། །རྩ་བ་དོན་གྱིས་བཤད་པས་ཆོས་ཐམས་ཅད་སེམས་ཉིད་དུ་འདུས་པར་ངེས་ནས་དོན་གྱི་བསྡུས་ཤེས་པས། ཚིག་གི་བཞག་ས་རྙེད་པའི་ཡོན་ཏན་ཡོད་ལ། ཡོ་ག་དོན་གྱིས་བཤད་པས་ཐེག་པའི་རིམ་པ་ཀུན་གྱི་ཤག་རལ་ཕྱེད་ནས་གོང་མ་ལ་ལྟོས་ཏེ་བོགས་འབྱིན་ཤེས་ཤིང་། འོག་མ་ལ་ལྟོས་ཏེ་སྒྲིབ་པ་སེལ་ཤེས་པའི་ཡོན་ཏན་ལྡན་ཞིང་། དགོས་ཆེད་དོན་གྱི་བཤད་པས། གཤིས་ཀྱི་གནས་ལུགས་རྩོལ་སྒྲུབ་བྱ་བཙལ་ལས་འདས་པར་རྟོགས་ནས་ལམ་གྱིས་རྩོལ་བའི་ཟུག་རྔུ་ལས་གྲོལ་བའི་ཡོན་ཏན་ཡོད་དོ། །ཚིག་གི་དོན་གྱིས་བཤད་པས་ཚིག་དང་དོན་དུ་བསྡེབས་ཏེ་འབྲུ་ཆོམས་ཤིང་། དེ་ལྟར་ཆོམས་པས་དོན་གྱི་བཅུད་འབྱིན་ཏེ་ཚིག་གི་སྒྲོན་མ་ལ་བརྟེན་ནས་རང་གནས་དོན་གྱི་གསེར་མཆོག་འཛད་མེད་འདོད་རྒུའི་གཏེར་ཆེན་རང་ལས་རྙེད་པའི་ཡོན་ཏན་དང་ལྡན་པ་ཉིད་དེ། ཀུན་བྱེད་རྒྱལ་པོ་ལས་ཀྱང་། དེས་ན་གཏན་ཚིགས་དོན་གྱི་བཤད་ལུགས་ལྔས། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན། །མ་ནོར་ངེས་པར་གཏན་ལ་འབེབས་པར་བྱེད། །ཅེས་པ་དང་། ཉི་ཟླ་ཁ་སྦྱོར་སོགས་ལས་ཀྱང་འབྱུང་ངོ་། །གཉིས་པ་མན་ངག་གི་རྒྱལ་པོའི་དབུ་ཞབས་དཀྱུས་བཤད་ཀྱི་ཚིག་དོན་གཞུང་གི་གསང་བ་ཟབ་མོ་རྒྱས་པར་བཀྲོལ་བ་ལ། འཇུག་པའི་ཡན་ལག་ཀླད་ཀྱི་དོན། འཇུག་ཡུལ་བཤད་བྱ་གཞུང་གི་དོན། ཞུགས་པ་རྫོགས་པ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ་མན་ངག་གི་རྒྱལ་པོའི་མཚན་བསྟན་པ། ཐུན་མོང་མིན་པའི་སྟོན་པ་ལ་ཕྱག་འཚལ་བ་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། ཞེས་པ་ནས། མདོར་བསྡུས་པ། ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་འདིའི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་པར་སྦྱར་བའི་སྐད་དུ། རཏྣ་ཏཪྤ་རྻ་སཱུ་ཏྲ། ཞེས་བྱ། དེ་ཉིད་བོད་ཡུལ་གྱི་སྐད་དུ་ཆོས་དང་མཐུན་པར་བསྒྱུར་ན། རིན་པོ་ཆེ་གཏེར་གཏད་པ་མདོར་བསྡུས་པ། ཞེས་བྱ་ལ། དེའང་མཚན་གྱི་འབྲུ་བོད་སྐད་ལྟར་བཤད་ན། གནས་ལུགས་རྟོགས་པའི་ངང་ལ་ལྷུན་རྫོགས་ཀྱི་ཡོན་ཏན་རྣམས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་དགོས་འདོད་འབྱུང་བ་ལྟར་རྩོལ་སྒྲུབ་མི་དགོས་པར་འཆར་བའི་སེམས་ཉིད་ཀྱི་གཏེར་ཆེན་པོ་མངོན་སུམ་དུ་གཏད་པའི་མན་ངག་གི་སྙིང་པོ་དམ་པ་མདོར་བསྡུས་པ་ཉིད་ཉུང་གསལ་དུ་འགྲེལ་ཏེ་བསྟན་པ། ཞེས་སོ། །གཉིས་པ་ཕྱག་འཚལ་བ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཀློང་རབ་འབྱམས་རྒྱལ་པོ་ལས། རང་བཞིན་ལྷུན་གྲུབ་གཞི་ཡི་ཀློང་། །ངོ་བོ་རང་བྱུང་ཡེ་ཤེས་ཀློང་། །དོན་ལ་སྐྱེ་མེད་གཉིས་མེད་ཀློང་། །ཐོག་མཐའ་མེད་པའི་ཆོས་ཉིད་ལ། །བདག་ཉིད་འབྲས་བུ་ཡེ་གྲུབ་ཀློང་། །སྣ་ཚོགས་གཅིག་འདུས་གཅིག་ལས་ཤར། །ཞེས་པའི་དགོངས་པ་ལྟར་ཐུན་མོང་མ་ཡིན་པའི་དཔལ་གསུམ་གྱི་གསང་དོན་བླ་ན་མེད་པའི་ཐེག་པའི་ཁྱད་པར་དང་སྦྱར་ཏེ་བཤད་ན། གཞི་ལྷུན་གྱིས་གྲུབ་པའི་ཕྱོགས་མེད་ཀྱིས་ཕྱོགས་འཛིན་གྱི་མཚན་མ་བཅོམ། ངོ་བོ་ངེས་པ་མེད་པར་ཅིར་ཡང་ཤར་བས་རིག་པ་རང་བྱུང་དུ་གསལ་བའི་རྒྱན་དང་ལྡན། དོན་སྐྱེ་བ་མེད་པའི་རང་བཞིན་གྱིས་གང་ལའང་གཉིས་སུ་མེད་པས་གཉིས་འཛིན་གྱི་མཐའ་ལས་འདས་ཏེ་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པར་རང་གྲོལ་བས་རིག་པ་རང་སྣང་སྔ་ཕྱི་མེད་པའི་རྟོགས་པ་དོན་གྱི་དཔལ་མངོན་དུ་བྱས་པས་ཁྱད་ཆོས་དྲུག་དང་ལྡན་པའི་ནང་གསལ་གཞོན་ནུ་བུམ་སྐུར་མངོན་པར་བྱང་ཆུབ་སྟེ་རང་གཞན་གྱི་དོན་ཀུན་རྫོགས་པས་སྟོན་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་བཟང་ངན་བླང་དོར་མེད་པ་དང་རྣམ་དབྱེ་སྤྲོས་པའི་མཐའ་ལས་འདས་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྐུ་ཕྱོགས་མེད་རྒྱན་གྱི་འཁོར་ལོ། །སྒྲ་རུ་གྲག་པ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གསུང་ཕྱོགས་མེད་རྒྱན་གྱི་འཁོར་ལོ། དྲན་དང་རྟོག་པ་ཐམས་ཅད་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཐུགས་ཕྱོགས་མེད་རྒྱན་གྱི་འཁོར་ལོར་ཡེ་ཀློང་དབྱེར་མེད་ཆེན་པོ་མཉམ་པ་ཉིད་དུ་ཤར་བའི་རྩོལ་བྲལ་བདེ་བ་ཆེན་པོ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གདོད་མའི་མགོན་པོ་དེ་ལ་དགོངས་པ་མངོན་དུ་གྱུར་ཅིང་གོ་བ་ཀླུངས་སུ་གྱུར་པས་ལྟ་བ་མཇལ་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཞེས་དབྱེར་མེད་དུ་རྟོགས་པས་བརྡ་མཇལ། རིག་པའི་མེ་ཏོག་དོར་བ་སྟེ། སྔོན་བྱུང་དུ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེས་འཚལ་བའོ། །དེར་མ་ཟད་རྗེས་འཇུག་ཏུ་འདི་ལ་འཆད་ཉན་བྱེད་པ་རྣམས་ཀྱིས་ཀྱང་ལུས་ངག་ཡིད་གསུམ་གུས་པའི་ཚུལ་དུ་འཚལ་པའང་ཡིན་ནོ། །གཉིས་པ་འཇུག་ཡུལ་བཤད་བྱ་གཞུང་གི་དོན་དངོས་ལ། མན་ངག་གི་ངོ་བོ་མདོར་བསྟན་པ། དེ་ཡི་རང་བཞིན་རྒྱས་པར་བཤད་པ། འབྱུང་བའི་དུས་བསྟན་ཏེ་གཏད་རྒྱ་མཛད་པ་དང་གསུམ་ལས། དང་པོ་ནི། རང་སྣང་མོད་ཀྱང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །ང་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་པའི་ཞིང་། །ཞེས་དང་། རིན་པོ་རྒྱན་ལས། ཐམས་ཅད་རང་སྣང་ཉིད་གནས་ལ། །སྒྲིབ་པ་མེད་ཀྱང་སྣང་རྐྱེན་བྲལ། །མི་ཤེས་བློ་ཡིས་ནན་བརྟགས་པས། །འཛིན་ལྔ་དངོས་པོར་འཐས་པ་ལས། །འདུ་བྱེད་རླུང་གིས་གཡོས་པས་ན། སྣོད་བཅུད་སྡུག་བསྔལ་ངོ་བོར་གྲུབ། །ཅེས་སོགས་གསུངས་པ་ལྟར་གནས་ལུགས་རང་སྣང་ཡུལ་མེད་དུ་གནས་པ་ཡིན་མོད་ཀྱང་དེ་ཉིད་དང་མི་མཐུན་པ་མཚོན་པར་བྱེད་པའི་བརྡ་དང་མཚོན་བྱ་རྟོགས་པའི་དོན་དང་བྲལ་ཏེ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། དེ་ལ་བརྟེན་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་ཏུ་རྟོག་པའི་མཐུ་ལས་གཞན་དུའང་སྣང་སྟེ་རང་གཞན་གཉིས་སུ་གྲུབ་པ་དང་། དེའི་ཆ་ལས་ཞེན་པ་ཉོན་མོངས་པ་དུག་ལྔ་བྱུང་ཞིང་། དེ་ལྔས་ཀུན་སློང་བྱས་པས་འདུ་བྱེད་སེམས་པའི་ངོ་བོ་ཡང་སྲིད་འཕེན་ཞིང་གཡོ་བས་རླུང་གི་བདག་ཉིད་ལས་གསུམ་སྤྱད་པས་དེས་འཁོར་བའི་དངོས་པོ་འགྲོ་བ་རིགས་དྲུག་ཏུ་སྨིན་པའོ། །དེ་ལས་གྲོལ་བའི་ཐབས་མཐར་ཐུག་པ་རྟོགས་པའི་རྒྱུ་ཡི་རྐྱེན་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་དེ་ཉིད། སྤྱིར་ལུང་རིགས་མན་ངག་གསུམ་མམ། ཁྱད་པར་ཐུག་ཕྲད་གསུམ་གྱིས་ངོ་ཤེས་ནས། དེའི་དོན་ལ་འདྲིས་ཤིང་གོམས་ནས་ངན་སོང་དང་ཐེག་དམན་དུ་ལྡོག་པ་མེད་པར་སྡུག་བསྔལ་དང་རྩོལ་པའི་ནད་ལས་གྲོལ་ཞིང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མངོན་ཤེས་དང་འབྲས་ཆོས་ལྔ་མཚན་དཔེ་ཡེ་ཤེས་འགྲོ་དོན་རྣམས་ཤུགས་ལས་མ་བཙལ་བར་འཆར་བ་དེས་ན་རང་གི་སེམས་ཉིད་ནི་ཡོན་ཏན་མི་ཟད་པའི་གཏེར་ཆེན་པོ་ཡིན་པས། གང་གཏད་ན་དེ་ལྟ་བུའི་གཏེར་དེ་གང་ན་གནས་ན་རང་ཉིད་ལ་གནས་པར་གང་ལྟར་གཏད་ན་ཆོས་ཉིད་རྟོགས་པ་ལ་མི་བསླུ་བས་ཚད་མ་ལུང་རིགས་མན་ངག་གསུམ་དང་ལྡན་པར་འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་ཀྱིས་གུས་པས་ལོངས་ཤིག་ཅེས་བཀའ་སྩལ་པའོ། །གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ། ཆོས་ཉིད་གཞིའི་གནས་ལུགས་གཏེར་དང་འདྲ་བར་རང་ལ་ཡེ་ནས་གནས་ཚུལ། དེ་ཉིད་མ་རྟོགས་པས་འཁྲུལ་ཏེ་སྡུག་བསྔལ་དང་རྩོལ་བའི་ནད་ཀྱིས་འཁྱམས་ཚུལ། དེ་ལྟར་གནས་པའི་དོན་དེ་ཉིད་ལྟ་བས་མངོན་སུམ་དུ་རྟོགས་ཏེ་གཏེར་ཆེན་རང་ལ་གཏད་ཚུལ། དེ་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱིས་རྟོགས་དོན་མཐར་དབྱུང་སྟེ་གྲོལ་བ་ཐོབ་ཚུལ། དེ་ལྟར་མངོན་དུ་གྱུར་ཏེ་འབྲས་བུ་ལྷུན་གྱིས་གྲུབ་ནས་ངང་ལ་རྫོགས་ཚུལ་དང་ལྔ་ལས། དང་པོ་ལ། མཐུན་དཔེས་མཚོན་ཏེ་སྟོན་པ་ཡང་སྤྲུལ་ཉིད་ཀྱི་དོན་མཆོག་མངོན་དུ་བྱས་ཚུལ། རྟོགས་དོན་དེའི་རང་བཞིན་དང་མཚན་ཉིད་དངོས་བཟུང་བ། དེ་ཉིད་བརྡ་ཐབས་ཀྱིས་མཚོན་ཏེ་ལེགས་པར་ངོ་སྤྲོད་པ་དང་གསུམ་ལས། དང་པོ་ནི། གཙུག་གི་རྒྱན་ལ་སོགས་རྐང་པ་བཅུས་བསྟན་ཏེ། དཔེར་ན་ཀླུ་ཡི་རྒྱལ་པོའི་སྤྱི་གཙུག་གི་རྒྱན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་པ་ཐམས་ཅད་ཚངས་ཡང་ཀླུ་གདུགས་པའི་དབང་དུ་བྱས་པས་འགྲོ་བའི་དབུལ་བ་མ་སེལ་བ་དེ་ཉིད་སྐྱེས་པ་རབས་ཀྱི་སྡེ་ལས་དགེ་དོན་དུ་གྲག་པའི་རྒྱལ་བུས་སྔོན་གྱི་བསོད་ནམས་བསགས་པའི་དབང་གིས་ཐོབ་པ་ན། ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པས་འདོད་པའི་ཡོན་ཏན་གྱི་ཆར་བཟང་པོ་ཕབ་སྟེ་དེས་འགྲོ་བའི་དབུལ་བ་བསལ་ཏེ་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་ལོ་རྒྱུས་གཏམ་རྒྱུ་ལས་འབྱུང་བ་ལྟར་དུ། ཡེ་ནས་རང་ཉིད་ལ་ལྷུན་གྱིས་གྲུབ་པར་གནས་པས་རྩོལ་བའི་སྡུག་བསྔལ་མེད་པའི་གནས་ལུགས་བདེ་བ་ཆེན་པོ་དེ་ཉིད་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པས་བག་ཆགས་ཀྱི་རྙོག་པས་ལྷུན་གནས་དེ་བསྒྲིབས་པ་ལ། ལྷའི་དབང་པོའི་དུས་ལ་བབ་པར་མཁྱེན་ནས་ཕྱོགས་བཅུའི་སངས་རྒྱས་ལ་བསྐུལ་བའི་བཀའ་དྲིན་གྱིས་གསང་བདག་ཕྱག་ན་རྡོ་རྗེས་ལྷུན་གནས་མངོན་སུམ་དུ་བསྟན་ནས། དེ་ལ་གོམས་ཤིང་འདྲིས་པར་བྱས་པས་བག་ཆགས་ཀྱི་རྙོག་གཞི་སངས་ཏེ་རྣམ་བྱང་གི་རྒྱ་མཚོ་དྭངས་པ་ལ་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་གཟུགས་བརྙན་རང་ཤར་བ་ནི་རྩོལ་བས་བསྒྲུབས་པའི་ཐེག་པ་གཞན་དང་མཚུངས་པ་མེད་པར་རྩོལ་མེད་བདེ་བ་ཆེན་པོ་རང་ལ་ཤར་བས་གྲོལ་བ་མཐར་ཐུག་ཏུ་གྱུར་ཏོ། །འདི་ནི་སྔོན་བྱོན་དམ་པའི་རྣམ་ཐར་གསུངས་པ་ཡིན་པས་དེ་ལ་བརྟེན་ནས་རྗེས་འཇུག་མཁས་པའི་ཉམས་ལེན་ཀྱང་ཤེས་པར་བྱའོ། །གཉིས་པ་ནི། དུས་གསུམ་བདེ་གཤེགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པས་རྟོགས་པའི་ཡེ་ཤེས་དང་འགྲོ་བ་རིགས་དྲུག་གི་སེམས་ཉིད་མ་ནོར་བར་ཡུལ་མེད་དུ་རང་སྣང་བ་དང་། བླ་མའི་དྲིན་གྱིས་ཐོབ་པའི་གནས་ལུགས་རང་ངོ་ཤེས་པའི་རིག་པ་ཡུལ་མེད་དུ་རང་ཤར་བ་དང་གསུམ་པོ་དེ་དག་རང་བཞིན་ཡེ་ནས་དབྱེར་མེད་དུ་གནས་པ་ནི་དཔེར་ན་གསེར་གྱི་གོང་བུ་ས་ལེ་སྦྲམ་ལས་བྱས་པའི་རྫས་རྣམས་མིང་དང་དབྱིབས་དང་བྱེད་ལས་དང་དངོས་པོ་བཞིའི་སྒོ་ནས་ཐ་དད་ཡིན་ཀྱང་ངོ་བོ་གསེར་དུ་གཅིག་པ་ལ་རྣམ་དབྱེ་མེད་པ་བཞིན་ནོ། །དེ་ལྟར་ཡང་ཀློང་རབ་འབྱམས་རྒྱལ་པོ་ལས། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །འབྲས་བུ་མི་ཟད་གཏེར་དང་ལྡན། །འཁོར་འདས་ཐམས་ཅད་དེ་ལས་བྱུང་། །སྣང་གྲགས་ཐམས་ཅད་དེ་ལ་སྤྱོད། །བཙལ་བ་མེད་པའི་བྱ་བྲལ་དང་། །ནམ་མཁའི་ཀློང་ལྟར་ཡོངས་ལ་ཁྱབ། །གསེར་གྱི་རྫས་ལྟར་གཅིག་ལས་སྣང་། །ཐ་དད་ཤར་ཡང་གཅིག་ཏུ་རྫོགས། །ཞེས་དང་། མན་ངག་གསེར་གྱི་སྦུབས་མཆུ་ཀློང་གསལ་ཡེ་ཤེས་ཀྱི་མར་མེ་ལས། ལྷུན་གྱིས་གྲུབ་པ་འབྲས་བུ་མི་ཟད་གཏེར། །འཁོར་འདས་ཐམས་ཅད་དེ་ལས་འབྱུང་བས་གཞི། །རྩོལ་བ་མེད་པའི་བྱ་བྲལ་ནམ་མཁའ་འདྲ། །གསེར་གྱི་རྫས་ལྟར་གཅིག་ལས་ཐ་དད་ཤར། །རྩ་བ་མི་འགྱུར་འབྲས་བུ་གཅིག་ཏུ་སྣང་། །དེ་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཉིད་ཀྱི་ངོ་བོར་མ་གྱུར་གཞན་མེད་པས། །མ་སྤྲོས་ཀུན་ལ་ཁྱབ་པར་གདལ་པའི་ཀློང་། །ཞེས་སོ། ། དེ་ལྟ་བུའི་གདོད་མའི་ཆོས་ཉིད་ཀྱི་དོན་དེ་ཉིད་ཇི་ལྟར་གནས་པའི་མཚན་ཉིད་ཀྱང་ལྷུན་གྲུབ་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གནས་ཏེ། འཁྲུལ་པས་བརྟགས་ཞེན་གྱི་སྣང་བ་ལས་ཡེ་ནས་དབེན་པ་ནི་སེམས་ཀྱི་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཀྱིས་སྨག་གི་མུན་རུབ་ལྟར་དུ་བརྟགས་ཞེན་ཅིར་ཡང་མ་དམིགས་པས་ཐེར་ཟུག་རྟག་པ་ལས་གྲོལ་ཏེ་ངོ་བོ་ཀ་དག་ཏུ་བཞུགས་ཤིང་། གཟུང་འཛིན་གཉིས་སུ་སྣང་བའི་དུས་ཉིད་ན་ཡང་སེམས་ཀྱི་མཚན་ཉིད་རང་རིག་ལྷུན་གྲུབ་ཀྱིས་ཡེ་ནས་གཉིས་སྣང་མི་གནས་པར་རང་གསལ་བ་ནི་ཉི་མའི་སྙིང་པོ་ལ་རང་ཆས་ཀྱི་འོད་ཟེར་སྒྲིབ་པ་མེད་པ་དང་འདྲ་བས་རང་བཞིན་འོད་གསལ་གྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པར་གནས་ལ། ཡེ་ཤེས་རིག་པའི་རང་སྣང་གི་རོལ་པ་ཅིར་ཡང་འཕྲུལ་པ་ནི་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱིས་མ་འགགས་པར་འཆར་ཏེ་སྟོང་པ་ཕྱང་ཆད་མ་ཡིན་པས་ཆུ་ཉིད་རླབས་སུ་ཤར་བ་དང་འདྲ་བར་རང་བྱུང་གི་ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད་དེ། ཡེ་ཤེས་གསང་བ་ལས། གཞི་མཚོན་དཔེ་ཡི་རང་བཞིན་ནི། །མུན་པ་ཆུ་དང་ཉི་མས་བསྟན། །སེམས་ཉིད་རིག་པ་ཀ་དག་ལ། །ཞེན་པས་བརྟགས་པའི་སྣང་མེད་པས། །སྨག་གི་མུན་རུབ་ལྟ་བུར་བཤད། །དངོས་མེད་རིག་པ་རང་སྣང་ལ། །ཡེ་ཤེས་རོལ་པ་མི་འགག་པས། །ཆུ་ཡི་གཉེར་མ་ལྟ་བུར་བཤད། །མ་བཅོས་སེམས་ཀྱི་མཚན་ཉིད་ལ། །རྩོལ་བས་བཀག་པ་མ་ཡིན་ཡང་། །གདོད་ནས་དག་པའི་དྲི་མེད་པས། །ཉི་མ་ཤར་བ་ལྟ་བུར་བཤད། །ཐ་དད་རྟག་པར་འཛིན་པ་དང་། །རོལ་པའི་སྣང་བ་བཀག་པས་ཆད། །མཐའ་བྲལ་དབུ་མའི་དོན་འཛིན་པའི། །མཐའ་གསུམ་གསལ་བའི་དགོས་པའོ། །ཞེས་སོ། །དེ་ལྟར་གྲོལ་གཞི་དོན་གྱི་གནས་ལུགས་འདི་ནི་དབྱིངས་ཆེན་ངོ་བོ་ཀ་དག །ལྷུན་གྲུབ་རང་གསལ་ཡེ་ཤེས། དབྱེར་མེད་ཐུགས་རྗེའི་རྣམ་པ་གསུམ་ཡེ་ནས་མ་འདྲེས་ལ་མཐའ་བྲལ་ཆེན་པོར་ཡོངས་སུ་རྫོགས་པའི་རིག་པ་འདུས་མ་བྱས་པ་ཡིན་པས་རྟག་ཆད་དང་དེ་གཉིས་བྲལ་ནས་དབུས་སུ་འཛིན་པའི་མཐའ་གསུམ་ལས་གྲོལ་བའི་དགོས་པ་ཡོད་པས་ན་མཚན་ཉིད་དབྱེར་མེད་ཆེན་པོར་བསྟན་པ་ཡིན་ཏེ། རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་བ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲར་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོགས་དང་། འཁོར་དང་འདས་པར་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། གདོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་པར་སྣང་། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་འདུས་པས། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་འཆར། །ཞེས་སོ། །དེ་ཉིད་རྡོ་རྗེའི་ལུས་ལ་ཇི་ལྟར་གནས་པའང་། གཟུགས་ཀྱི་ཕུང་པོ་སྐྱེ་མཆེད་ཚུལ་ལས་བསྐྱེད་ནས། གནས་ཐམས་ཅད་འདུས་པའི་ལུས་ཀྱི་དཀྱིལ་ཙིཏྟ་རིན་པོ་ཆེ་ཡེ་ཤེས་ཀྱི་གནད་དང་ཡོན་ཏན་འབྱུང་བས་གཞལ་ཡས་ཁང་དམ་པ་སྐུ་གསུམ་གྱི་གནས་ན། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ཀྱི་ཆ་སྟོང་པ་ཆེན་པོ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཆ་གསལ་བ་འགག་མེད་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཆ་དབྱེར་མེད་དུ་འདུས་པའི་རིག་པར་གནས་ལ། དེ་ཡང་ངོ་བོ་སྐུ་ཡི་རང་གདངས་ཞལ་ཕྱག་རང་ས་ན་རྫོགས་ལ་འོད་ཀྱི་གཏིང་མདངས་སྟོན་ཏེ་ཤེས་བྱ་ལ་ཁ་ཕྱིར་མ་བལྟས་པ་དཔེར་བུམ་ནང་སྐུའི་ཚུལ་དུ་ནང་གསལ་དུ་བཞུགས་ལ། རང་བཞིན་ལྷུན་གྲུབ་ཀྱི་རང་གདངས་སྐུ་དེ་དག་ཀྱང་འོད་ཀྱི་གོང་བུར་གནས་ཤིང་། ཐུགས་རྗེ་ཀུན་ཁྱབ་ཀྱི་གདངས་ལས་འོད་དེ་དག་ཀྱང་ཁ་དོག་གི་རིགས་རྣམས་སོ་སོར་མ་འདྲེས་པར་གསལ་བར་བཞུགས་ཏེ། ཐལ་འགྱུར་ལས། ལུས་ཀྱི་དུས་ན་འདི་ལྟ་སྟེ། །འབྱུང་བ་འདུས་པའི་ཕུང་པོ་ཡི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་དང་། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལས་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་སོ། །དེ་ལྟ་བུའི་ཆོས་ཉིད་དེ་ཡི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་སྐལ་ལྡན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་སྒྲ་ཡིས་མཚོན་པའི་བརྡར་བཏགས་ཤིང་ཚིག་སྡེབས་ལེགས་པས་བསྟན་ཏེ་བཀའ་སྩལ་པ་ཡིན་ནོ། །དེས་ན་ཤིང་ཞེས་པ་ན་མཚམས་སྦྱོར་གྱི་སྒྲ་ལྟ་བུར་འགྱུར་རོ། །གསུམ་པ་ལ། ཇི་ལྟར་འཁྲུལ་ཚུལ་གྱི་བརྡ་དང་། དེ་ལས་གྲོལ་ཚུལ་གྱི་བརྡ་བསྟན་པ་གཉིས་ལས། དང་པོ་ནི། ཤེས་བྱ་རེ་ཞིག་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཤེས་ནས་གྲོལ་བར་བྱ་བ་ནི། སྐབས་འདིར་རེ་ཞིག་རྣམ་པར་ཤེས་པ་ཚོགས་བརྒྱད་ཡོད་པ་ལས་ནི། ཀུན་གཞི་གཅིག་ལ་གཞི་སྦྱོར་གཉིས་སུ་ཤེས་པར་བྱས་ཏེ་ཚོགས་བདུན་ལ་སྐྱེ་ལུགས་གསུམ་དུ་བསྟན་པར་ངེས་པར་བྱའོ། །དེ་ཉིད་རྒྱུ་མཚན་ཅིའི་ཕྱིར་ན་གཞི་དོན་གྱི་ཀུན་གཞི་རྣམ་བྱང་དྭངས་པར་གནས་པ་དེ་ཉིད་ཚོགས་བདུན་བག་ཆགས་ཀྱི་རྙོག་པས་བསླད་པའི་སྦྱོར་དོན་དང་གཉིས་སུ་བསྟན་པས་སོ། །དེ་ལ་ཚོགས་བདུན་གྱིས་གཞི་དོན་མ་སྤངས་ཀྱང་ངོ་མ་ཤེས་ནས་བྲལ་བར་སྣང་བས་སྐྱེ་ལུགས་གསུམ་དུ་ཤར་བ་ཡིན་ཏེ། སྒོ་ལྔ་མཚན་མའི་ཡུལ་གྱི་རྣམ་པར་སྐྱེ་བ་དང་། ཡིད་ཤེས་སྤྲོས་པ་སྣ་ཚོགས་ཀྱི་རྣམ་པར་སྐྱེ་བ་དང་། ཉོན་ཡིད་ང་བདག་གི་རྣམ་པར་སྐྱེ་བས་སོ། །དེས་ན་རྣམ་ཤེས་ཚོགས་བདུན་ལ་གསལ་བར་མྱོང་བ་སྐྱེ་ལུགས་གསུམ་གྱིས་བསྟན་པར་མཛད་དོ། །དེ་ཡི་བརྡ་ཡང་རྒྱ་གར་ཤར་ཕྱོགས་ཡུལ་གྱི་བཀོད་པ་རྒྱ་ཆེ་བས་སམ་ཡང་ན་འཁྲུལ་པ་ཤར་བའི་ཕྱོགས་བྱིངས་ཆེ་ཞིང་མང་བས་བྷ་གྷ་ལར་ཏེ་ལ་ཞེས་བྱ་བ་ན། མཁར་ཆེན་པོ་ནི་ཟག་བཅས་ཀྱི་ཕུང་པོའམ་ལུས་ཡིན་ལ་དེ་ལ་སྒོ་བརྒྱད་ནི་དོན་དབང་པོ་དྲུག་སོགས་ལྷན་ཅིག་འབྱུང་བའི་གནས་བརྒྱད་དུ་གོ་སྟེ་ཉེར་སྤྱོད་སྐྱེ་བའི་སྒོ་ཡིན་པས་སོ། །དེ་ཡང་ཕྱི་སྒོ་ལྔ། བར་སྒོ་གཅིག །ནང་སྒོ་གཅིག །གནམ་སྒོ་གཅིག་དང་ལྡན་པ་ཡི་ནང་ན། ལྟ་བ་ཕྱིར་ཡུལ་ལ་ཕྱོགས་ཏེ་དོན་དང་སེམས་ཅན་ལ་ལྟ་ཞིང་གནས་པ་ནང་ན་མི་འགྱུར་བར་གནས་པའི་རྒྱལ་པོ་ཆེན་པོ་གཅིག་ནི་ཀུན་གཞི་སྟེ་གཞི་སྦྱོར་མ་ཕྱེ་བའོ། །དེ་ལ་འཁོར་སེམས་བྱུང་ནི་ཉོན་མོངས་དང་རྣམ་རྟོག་གི་རྣམ་པ་གྲངས་མེད་པ་ཡོད་ཅིང་ནང་ན་སྒོ་སྲུང་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། སྒོ་གཏན་ནི་མཚན་མར་འཛིན་པ། སྤྲོས་པ་སྣ་ཚོགས་སུ་འཛིན་པ། ང་བདག་ཏུ་འཛིན་པ་གསུམ་དང་། སྤྱོད་ཡུལ་གྱི་གནས་འཁོར་བའི་ས་ནི་རིགས་དྲུག་གི་སྣང་བ་ཡོད་པས་རྒྱལ་པོ་ནི་ཤིན་ཏུ་དབང་ཆེན་པོ་ཡིན་ཞིང་ནོར་བུ་རིན་པོ་ཆེ་མ་བྲལ་བཞིན་དུ་མི་མངོན་པར་བྱེད་པས་རྐུན་པོ་དང་མི་ནུབ་པའི་རྒྱལ་མཚན་མ་བསྐྱེལ་བཞིན་དུ་གཅིག་པར་སྣང་བས་འགྲོ་བ་དབུལ་བར་བྱེད་པའོ། །གཉིས་པ་ནི། གདེངས་ཆེན་ལྡན་པའི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། གཞི་ཉིད་འབྲས་བུར་ངེས་པའི་ཚད་མ་རྟོགས་པའི་གདེངས་ཆེན་པོ་དང་ལྡན་པའི་སྒོ་ནས་དེ་དག་གི་གཡུལ་ངོ་འཇོམས་པའི་དཔའ་བོ་ལྷུན་གྲུབ་གསུམ་གྱི་རང་འོད་འབར་བའི་ཐུགས་ཕྲད་གསུམ་ནི། གདམས་ངག་གི་འབྱུང་གནས་རྒྱ་གར་ནུབ་ཕྱོགས་མེ་ཏོག་རིགས་ལྔས་དབུ་རྒྱན་བྱེད་པའི་ཡུལ་ལམ། ཡང་ན་རྣམ་རྟོག་ནུབ་པའི་ཕྱོགས་གོང་ན་མེད་ཅིང་མཛེས་པས་ཨུ་རྒྱན་ཐོར་ཅོག་ཅན་གྱི་གནས་ན། འཇུག་སྒོ་ཐེག་པ་བརྒྱད་ལམ་སྟེགས་སུ་ལྡན་པའི་ཁྲི་རྐང་མཛོད་མིག་བརྒྱད་ལྡན་སྔོན་དུ་རྫོགས་པར་བཤམས་ནས། རྩ་བ་རིག་པར་གཅིག་པས་གང་གིས་ཀྱང་གོང་མཆོད་པས་རྩེ་མོ། ཐུག་ཕྲད་གསུམ་ན ི་ཤེས་པ་གསུམ་སྒྲོལ་བས་མཚོན་ཆ། སྐྱེ་ལུགས་གསུམ་པོ་རང་ལྷུན་གྲུབ་གསུམ་དུ་འབར་བར་བྱེད་པས་འོད་དེ་དེས་སྒོ་སྲུང་དང་སྒོ་གཏན་དང་འཁོར་ས་དག་རིམ་པ་བཞིན་དུ་རང་བསྒྲལ་རང་བཅག་ཕྱགས་མས་བཏབ་པ་རྣམས་བྱས་ནས་འཁོར་སེམས་དང་སེམས་བྱུང་རྣམས་རྒྱལ་པོ་ཀུན་གཞི་དག་པའི་ངང་ཉིད་ལ་བསྡུས་པས་སྦྱོར་དོན་རང་གྲོལ་ཏེ་ཕྱི་རུ་དོན་དང་སེམས་ཅན་ལ་བལྟར་ཞེས་ལྟ་བ་མེད་པར་ནང་གཞི་དོན་དུས་གསུམ་དུ་མི་འགྱུར་བར་གནས་པ་ཉིད་ནི་ནོར་བུ་ལ་ལོངས་སྤྱོད་ཅིང་མི་ནུབ་པའི་རྒྱལ་མཚན་གཟུགས་པའི་དགོས་པ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་བརྡ་ཐབས་ཟབ་མོས་ཇི་བཞིན་དུ་མཚོན་པའི་འཕྲུལ་སྣང་སྣ་ཚོགས་པའི་ཁམས་ཅན་གྱི་རང་བཞིན་དང་གཉིས་སུ་མེད་པའི་ཤེས་བྱ་དོན་གྱི་གནས་ལུགས་སེམས་ཉིད་རང་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ནི། ཡེ་ཤེས་རྫོགས་པ་ལས། འཁོར་བའི་ཤེས་པ་གློ་བུར་བ། །རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །བརྗོད་པའི་བརྙན་མ་ཉིད་དང་མཚུངས། །རྣམ་པར་རྟོག་པའི་སེམས་ཉིད་ནི། །གོང་ལྟར་བརྟགས་པ་གཞན་དུ་མཐོང་། །དུ་མ་རིམ་གྱིས་རྟོག་པ་དག །སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ། །མི་གཅིག་སྐར་ཁུང་དུ་མ་བཞིན། །དོན་གྱི་རྣམ་བྱང་དུ་མ་མིན། །རིག་པ་དབྱེར་མེད་དཀྱིལ་འཁོར་འདིར། །མཐའ་བྲལ་ལྟ་བའི་དོན་ལྡན་གྱིས། །རང་བཞིན་དགོངས་པས་གནས་པར་བྱ། །ཞེས་དང་། དྲི་མེད་གསང་སྒྲོན་ལས། རྣམ་ཤེས་བརྒྱད་ལས་ཀུན་གཞི་བྱང་ཆུབ་སེམས། །མ་རྟོགས་རྙོག་པས་སྤགས་པས་ཚོགས་བདུན་གྱིས། །བག་ཆགས་གཞི་རུ་སྨིན་པ་སྦྱོར་བ་དོན། །བདུན་པོ་གྲོལ་ན་བག་ཆགས་རྙོགས་པ་དྭངས། །བྱང་སེམས་གཞི་དོན་ཡོན་ཏན་གཟུགས་བརྙན་ཤར། །བདུན་ལ་སྒོ་ལྔ་ཡུལ་ལྔར་གསལ་མི་རྟོག །ཡིད་ཀྱིས་རྗེས་འབྲངས་ཡུལ་ལ་མཚན་མར་གཟུང་། །ཉོན་མོངས་ཅན་ཡིད་ཀུན་གཞི་ཁ་ནང་བལྟས། །ང་བདག་ཕྲར་འཛིན་ཡིད་ཀྱི་རྗེས་འབྲངས་ནས། །བདག་དང་བདག་གིར་གཟུང་འཛིན་ལྔ་སོགས་འཛིན། །ཡིད་ཀྱི་རྣམ་ཤེས་དེ་གཉིས་རྗེས་སུའང་འབྲང་། །རང་རྒྱུད་སྔ་མ་ཙམ་གྱི་རྗེས་སུ་འབྲང་། །དེ་གསུམ་ལྷུན་གྲུབ་གསུམ་ལས་མ་འདས་ལ། །ཐུག་ཕྲད་གསུམ་གྱིས་དེ་ལྟར་ངོ་སྤྲོད་ནས། །དེ་ཡི་སོ་ལ་བརྟག་དཔྱད་མེད་པར་བཞག །ཅེས་གསུངས་པ་ལྟར་ཏེ། ལྷུན་གྲུབ་གསུམ་ནི། རང་བཞིན་སྤྲོས་བྲལ་ལྷུན་གྲུབ། རྣམ་པ་སྒྱུ་མ་ལྷུན་གྲུབ། མཚན་ཉིད་རང་རིག་ལྷུན་གྲུབ་གསུམ་སྟེ། ཡེ་ཤེས་གསང་བ་ལས། གཞི་དོན་ལྷུན་གྲུབ་རྣམ་གསུམ་ལ། །རྣམ་པ་རང་བཞིན་མཚན་ཉིད་རྣམས། །བདེ་བ་ཆེན་པོར་ལྷུན་གྲུབ་པ། །དུས་གསུམ་བདེ་གཤེགས་ཡེ་ཤེས་དང་། །འགྲོ་དྲུག་སེམས་ཀྱི་མ་བཅོས་པ། །ཐ་དད་མ་ཡིན་རང་བཞིན་གཅིག །ཅེས་དང་། དཀྱིལ་འཁོར་གྱི་ཀློང་ལས། གནས་ལུགས་རང་བྱུང་ཡེ་ཤེས་ཏེ། །རྣམ་པས་དོན་རྫོགས་རོལ་པའི་རྒྱན། །སྟོང་ཉིད་དངོས་བྲལ་རང་གྲོལ་རྒྱན། །དེ་མཁྱེན་རང་གསལ་སྐྱོན་ལས་གྲོལ། །ཡེ་རྫོགས་གཞི་ཡི་དཀྱིལ་འཁོར་ཡིན། །ཞེས་དང་། བདུད་རྩི་ཆུ་རྒྱུན་ལས། ཅིས་ཀྱང་མཚོན་འདས་དབྱེར་མེད་གྲོལ། །ཅིར་ཡང་མ་འགགས་ལྷུན་གྲུབ་རྫོགས། །དེ་མཁྱེན་རང་གསལ་མ་གོས་དག །གདོད་ནས་མ་འདྲེས་ཡོངས་སུ་རྫོགས། །ཞེས་སོ། །ཐུག་ཕྲད་གསུམ་ནི། སྒོ་ལྔ་སྤྲུལ་སྐུ་ཐུག་ཕྲད་དང་། །ཉོན་ཡིད་ལོངས་སྐུ་ཐུག་ཕྲད་དང་། །ཡིད་ཤེས་ཆོས་སྐུ་ཐུག་ཕྲད་དུ་ཤར་བས་སྦྱོར་དོན་རང་གྲོལ་ནས་ཀུན་གཞི་མ་བཅོས་པར་རང་རིག་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་ཡོངས་རྫོགས་ཀྱི་ངོ་བོར་རྣམ་པར་དག་པས་ཐིག་ལེ་ཉག་གཅིག་གི་དགོངས་དོན་ཇི་བཞིན་དུ་རྟོགས་པར་བྱེད་པའི་དོན་གྱི་ལམ་སྟེ། བྱང་ཆུབ་ཀྱི་སེམས་ཉི་མའི་འོད་ཟེར་ལས། གཅོད་བྱེད་ཡུལ་གཉིས་གསུམ་འབྲངས་རྣམས། །ངང་གིས་མི་གནས་སྤྲོས་བྲལ་བྱང་། །རྟེན་ལྔ་རང་བཞིན་མི་འགག་ཤར། །སྒྱུ་མའི་རྣམ་པར་ཁྱབ་པས་ཆུབ། །ནང་བལྟས་ངར་འཛིན་དེ་མཚན་ཉིད། །རྟོགས་ན་རང་རིག་གཉུག་མའི་སེམས། །མི་གནས་མི་འགག་དབྱེར་མེད་གསུམ། །ཕྱོགས་སུ་མ་ལྷུངས་རོ་གཅིག་པ། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །ཞེས་དང་། ལྟ་བའི་ཀློང་ལས། ངོས་བཟུང་འདས་པའི་ཡེ་ཤེས་སུ། །འཁོར་འདས་རང་བཞིན་དབྱེར་མེད་དོ། །དེ་ལྟར་མཁྱེན་པའི་རང་རིག་པ། །ཁྱབ་ལ་མ་འདྲེས་རང་གསལ་ལོ། །དེ་ཡི་རྣམ་འཕྲུལ་རོལ་པའི་ཆོས། །སྤྲུལ་པས་དོན་རྣམས་གྲུབ་སྟེ་རྫོགས། །དེ་དག་དབྱེར་མེད་འདྲེས་པའང་མིན། །མཚན་ཉིད་ལས་གྲོལ་མཚན་ཉིད་དོ། །ཞེས་དང་། རིན་པོ་ཆེ་འོད་ལས། འོད་གསལ་སྙིང་པོ་རྫོགས་པ་འདི། །རིན་ཆེན་གསུང་གི་བརྟག་པས་ཤེས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་གནས་ཡེ་ཤེས་ཉིད་ལྡན་པ། །བརྟག་པ་གསུམ་གྱིས་ཤེས་པར་འགྱུར། །མིང་དང་སེམས་ཀྱིས་ཡེ་ཤེས་ཚོལ། །དངོས་པོ་གང་ཡང་རུང་བ་ལས། །བརྟགས་པས་རང་ལོག་ཤེས་པ་འབྱུང་། །རིན་ཆེན་བཞིན་དུ་འགྱུར་བ་མེད། །ཅེས་དང་། མན་ངག་ངེས་པར་ལུང་བསྟན་པ་ལས། རྟོགས་པའི་ཐབས་སུ་ཅིར་མཚོན་མོད། །དོན་དུ་ཡེ་ཤེས་འོད་གསལ་ཉིད། །སྙིང་པོ་ཀུན་བྲལ་མ་འདྲེས་རྫོགས། །བརྗོད་བྱ་ཉག་གཅིག་ཉིད་མཐུན་པ། །ངེས་དོན་སྙིང་པོ་ཉག་གཅིག་མོད། །ཅེས་སོ། །ཐུག་ཕྲད་ཀྱི་དོན་ནི། སྐྱེ་ལུགས་གསུམ་གྱི་རྣམ་རྟོག་ཐམས་ཅད་ངེས་དོན་བདུད་རྩིའི་མན་ངག་སྤུ་གྲི་ལྟ་བུའི་བརྡ་ཐབས་ཀྱིས་གཅིག་ཆོད་དུ་བཅད་ནས་རྒྱུ་རྐྱེན་གྱིས་བསྐྱེད་པ་ལ་མ་ལྟོས་པར་རང་གནས་སྐུ་གསུམ་རང་ཆས་ལ་མ་བཅོས་རང་ལུགས་སུ་འཇུག་པས་བར་གཞན་མེད་པར་རྟོགས་པ་ཅིག་ཆར་དུ་འཆར་བ་ལ་གསུངས་ཏེ། ཡེ་ཤེས་གསང་སྒྲོན་ལས། ཡང་དག་གདམས་ངག་རྒྱལ་པོ་འདི། །བཀའ་རྒྱུད་སྤུ་གྲི་ལྟ་བུ་སྟེ། །གང་ཟག་འབུམ་ལས་འགའ་ཡི་དོན། །འབྱུང་བ་སེམས་ལ་གནས་པར་བྱ། །གང་ལ་མི་ལྟོས་མན་ངག་རྒྱུད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རང་ལུགས་བཞིན་དུ་ཤེས་པར་བྱ། །རྒྱུ་དང་རྐྱེན་ལ་རག་མ་ལས། །ཐུག་ཕྲད་ཤུགས་ཀྱི་ལྷུག་པའོ། །སྐུ་གསུམ་འབྲས་བུ་རང་ཆས་ལ། །ཡེ་ཤེས་རང་ཆས་ཟང་ཀ་མ། །འདི་ནི་རང་ལ་བྱིན་གྱིས་བརླབས། །ཞེས་དང་། མན་ངག་ངེས་པར་ལུང་བསྟན་པ་ལས། དེ་ལས་མི་འདའ་ངང་བསྡམ་པ། །མཚན་མ་ལྔ་དང་དེ་རྗེས་མིང་། །ངར་འཛིན་གཞན་རྟོག་རྒྱུན་ལང་ཅན། །ཁ་འབྱམས་སྤྱི་བལྟས་ཙམ་མིན་པར། །སྒྱུ་མ་སྤྲོས་བྲལ་རང་རིག་པར། །ཐུག་ཕྲད་ཉིད་དུ་ཐལ་བྱུང་བས། །གསུམ་ལ་བཏུད་ཅིང་གྲས་ཐག་བཅད། །རང་ལོག་ཐུག་ཕྲད་རང་སོར་བཞག །ཅེས་གསུངས་སོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། གནས་ལུགས་བདེ་ཆེན་གྱི་རང་བཞིན་བསྟན་པའི་ལེའུ་སྟེ་སྐབས་དང་པོ་རྣམ་པར་བཤད་པའོ། །ལེའུ་དོན་ནི། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རིགས་ཀྱི་ལེའི་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་མ་འདྲེས་ཏེ་གང་མཚོན་པའི་དོན་གཙོ་བོར་བཤད་པའོ། །སྐབས་ཞེས་པ་ཐམས་ཅད་ལེའི་དོན་དང་དོན་འབྱུང་བའི་གཞི་མ་འགགས་པར་ཤེས་པ་ལ་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་ཉིད་མ་རྟོགས་པས་འཁྲུལ་ཏེ་སྡུག་བསྔལ་དང་རྩོལ་བའི་ནད་ཀྱིས་འཁྱམས་ཚུལ་ལ། དོན་གྱི་ངང་ལས་འཁྲུལ་པ་འབྱུང་ཚུལ་གྱི་ངོ་བོ་ངོས་བཟུང་། རང་བཞིན་གྱི་སྣང་བ་ལ་འཁྲུལ་པའི་བག་ཆགས་ཀྱི་རྙོག་ཚུལ་དཔེས་བསྟན། དེ་ལྟར་འཁྲུལ་པའི་རྣམ་གྲངས་ཀྱི་མཚན་ཉིད་དབྱེ་སྟེ་བསྟན་པ་དང་གསུམ་ལས། དང་པོ་ནི། རང་བྱུང་ལྔ་རུ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། བདེ་ཆེན་ཀློང་འབྱམས་ཀྱི་བསམ་གཏན་ལས། མ་བཅོས་སེམས་ཀྱི་ཀློང་དཀྱིལ་ནས། །རང་བྱུང་ཡེ་ཤེས་དོན་ཤར་བས། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་བརྡལ། །ཉག་གཅིག་དབྱིངས་ལ་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །རིག་པའི་ངོ་ལ་གང་སྣང་བ། །ཡུལ་མེད་གཅིག་ལས་ཤར་བས་ན། །སྣང་བ་མེད་ཅིང་འགྲིབ་པ་མེད། །ཅེས་དང་། ཡེ་ཤེས་གསང་བ་ལས། མ་བཅོས་རང་བྱུང་ཡེ་ཤེས་ནི། །རང་བྱུང་ཡེ་ཤེས་ལྔ་སྣང་ལ། །ཕྱིན་ཅི་ལོག་གི་བསམ་པ་ཡིས། །ཡེ་ཤེས་ཉིད་དུ་མ་རྟོགས་ཏེ། །ཡང་དག་ཞེན་པ་ལྔ་རུ་མཐོང་། །ཞེན་པ་ལྔ་ཡི་འབྲས་བུ་ནི། །ཁམས་གསུམ་སེམས་ཅན་ཉིད་དུ་ཤར། །ཞེས་གསུངས་པ་ལྟར་རྒྱུ་རྐྱེན་བྱེད་པ་མེད་པར་རང་བྱུང་གི་ཡེ་ཤེས་ལྔ་རུ་རྟག་ཏུ་རང་སྣང་བ་ཡིན་པ་ལ། རང་ངོ་རང་གིས་མ་རིག་པ་ཉིད་དེ། རྒྱུ་མཚན་ཅིའི་ཕྱིར་ན་མཚོན་བྱེད་ནོར་བུ་རིན་ཆེན་ལྟ་བུ་གདམས་ངག་གི་རྐྱེན་མེད་པས་ན་མ་རིག་ལ། གང་དུ་ན་རང་བྱུང་ཡེ་ཤེས་ཉིད་དུ་མ་རིག་པ་སྟེ་ལྷན་ཅིག་སྐྱེས་པ་ཞེས་བྱ། དེ་ཡི་ང་བདག་ཏུ་འཛིན་པར་བྱས་ནས་ཀུན་བརྟགས་ཀྱི་མ་རིག་པའི་མདུད་པ་དགྲོལ་དཀའ་བས་ཤིན་ཏུ་དམ་པར་འཐས་པར་གྱུར་ཏེ། དེའི་མཐུ་ལས་གཞན་དུའང་སྣང་སྟེ། དེ་གཉིས་ཀྱི་ཆ་ལས་འཛིན་པའི་ཀུན་རྟོག་ཉོན་མོངས་པ་དུག་ལྔར་སྨིན་ཏེ། ནང་ན་ས་བོན་གྱི་བདག་ཉིད་དུག་ལྔ་ཡི་ཆ་ཅན་རྩ་བ་དང་ཉེ་བའི་ཉོན་མོངས་པ་དུ་མ་གནས་པས་དེ་དག་གིས་ཀུན་ནས་བསླང་བའི་འདུ་བྱེད་ཀྱི་ལས་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་གསུམ་མམ་ཡང་ན་ལུས་ངག་ཡིད་ཀྱི་ལས་གསུམ་གྱི་མེ་ཏོག་ཕྱི་རུ་རྒྱས་པས་རེ་ཞིག་གི་འབྲས་བུ་འགྲོ་བ་རིགས་དྲུག་པོ་ལས་གསུམ་ལས་གྲུབ་པས་བདུད་བཞི་ལ་སོགས་པ་ཞོར་སྣང་གི་དུཿཁས་རྟག་ཏུ་ཉེན་པ་ཡིན་ཏེ། སློབ་དཔོན་ལྷའི་རྒྱལ་པོས། ཡུལ་ན་མི་གནས་ངེས་རྐྱེན་བྲལ། །རང་གིས་རང་ངོ་མ་ཤེས་པས། །དོན་དུ་གནས་ཀྱང་ངོ་བོས་བསྐལ། །ངང་འཛིན་གཞན་སྣང་ཐ་དད་བརྟགས། །ཆ་ལས་ཉོན་མོངས་ལྔ་ཡི་བདུད། །ཆོས་ཉིད་སྤྲོས་བྲལ་བཅད་ལྟར་འཕྲོས། །འདུ་བྱེད་མཐུ་ཡིས་ཕུང་པོ་བླངས། །སྒྱུ་མའི་རྣམ་པ་མཚན་མར་བཅས། །སྲོག་རྒྱུན་བརྟེན་པས་ནུས་ཟད་འཕོ། །འགྱུར་མེད་བཅད་ལྟར་ཆུ་བཞི་སྲིད། །རྟོག་པས་གཞན་དུ་བཟུང་བ་ཡིས། །སླུ་བའི་བྲི་ཏས་དངོས་གྲུབ་བཅད། །བཞི་ཡིས་བྱང་ཆུབ་སེམས་བསླད་དེ། །སྡུག་བསྔལ་རྩོལ་བའི་ནད་ཀྱི་མནར། །ཞེས་སོ། །གཉིས་པ་ནི། རང་སྣང་མོད་ཀྱང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། །ཡིན་ལུགས་ཆོས་ཉིད་རང་བཞིན་གྱི་སྣང་བ་ཡིན་མོད་ཀྱང་རང་གིས་རང་ངོ་མ་རིག་སྟེ་བདག་ཏུ་འཛིན་པའི་མཐུ་ཅན་གྱི་བགོ་གཞི་དེ་ལ་བགོ་བྱེད་ཀྱིས་བཞག་པའི་ལས་དང་ཉོན་མོངས་རྣམས་ཀྱི་ས་བོན་ལ་སོགས་པ་བགས་ཀྱིས་ཆགས་པ་ནི་དཔེར་ན་རས་དཀར་པོ་གུར་དུ་ཕུབ་པ་ལ་དྲི་མ་བགས་ཀྱིས་ཆགས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་རང་གདངས་སྣང་བ་ལས། །རྟོག་འཛིན་སྣང་བས་ཡིད་ཕྲོགས་ཏེ། །འཁྲུལ་ཆའི་ཡུལ་ནི་ཕྲ་མོའི་ལས། །བསྒྲིབས་ཤིང་རང་སྣང་མ་དག་གྱུར། །དེ་ཡིས་བག་ལ་ཉལ་བ་ཉིད། །ཕྲ་ཞིང་རྡུལ་གྱི་ཆ་དག་ནི། །འགྱུ་ཞིང་འཛིན་པ་ཙམ་དུ་གྱུར། །ཕྲ་བས་ཕྲ་འགྱུར་ཤེས་པ་ལས། །རྟོག་དཔྱོད་གཟུང་ཆ་གཉིས་སུ་སོང་། །ཕྲ་རྡུལ་ཡེ་ཤེས་སྣང་བ་འགགས། །ཡུལ་ཤེས་ཐད་ཀ་ཙམ་དུ་ཤར། །ཞེས་སོ། །གསུམ་པ་དེ་ལྟར་འཁྲུལ་པའི་རྣམ་གྲངས་ཀྱི་མཚན་ཉིད་དབྱེ་སྟེ་ངེས་པར་བསྟན་པ་ལ། ཞེན་པས་འཁྲུལ་པ་འགྲོ་བ་རིགས་དྲུག་དང་། རྐྱེན་གྱིས་འཁྲུལ་པ་ཕྱི་ནང་གི་གྲུབ་མཐའ་བཤད་པ་གཉིས་ལས། དང་པོ་ནི། ལས་རླུང་དྲག་པོ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཞེན་རྟོག་ལ་བརྟེན་ནས་ཟག་པ་དང་བཅས་པའི་ལས་གསུམ་གྱི་གཡོ་བས་འདུ་བྱེད་སེམས་པའི་རླུང་ནི་ཤུགས་དྲག་པོ་ཅན་དུ་གྱུར་ཏེ་དེ་ཉིད་ཀྱི་ནུས་པའི་མཐུ་མཆེ་བས་ཞེན་པ་འགྲོ་བ་རིགས་དྲུག་གི་འཁོར་ལོ་ནི་ལས་ཀྱི་ཤུགས་ཀྱིས་ཡང་ནས་ཡང་དུ་བསྐྱལ་བས་འཁོར་བ་ཞེས་སུ་གསུངས་ཏེ། ཇི་སྐད་དུ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་སོ། །དེ་ཡང་ཐལ་འགྱུར་ལས། མ་རིག་ལ་སོགས་བཅུ་གཉིས་ཆས། །འགྲོ་བའི་འབྱུང་རིགས་བཅུ་གཉིས་འགྱུར། །དེ་ཡི་ནང་ཤས་འབྱུང་བའི་ལུས། །ཕུང་པོ་རྣམས་དང་ཁམས་དང་ཡང་། །སྐྱེ་མཆེད་ལས་ཀྱི་ཚོགས་ལ་འདུས། །ཉོན་མོངས་འདུས་པ་དཔག་མེད་ལས། །འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད། །རྟེན་འབྲེལ་ཚོགས་པ་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །ཞེས་གསུངས་པ་ལྟར་ཕྱི་དང་ནང་གི་རྟེན་འབྲེལ་བཅུ་གཉིས་སྣོད་བཅུད་ལ་ཆ་ཕྲ་རགས་དང་གྲངས་མང་ཉུང་དུ་འཁོར་བའི་ཚུལ་ནི། །དཔེར་ན་ཟོ་ཆུའི་བརྒྱུད་པའི་འཁོར་ལོ་དང་འདྲ་བར་རྒྱུན་མི་འཆད་ཅིང་དེ་དག་ལ་དབྲལ་དཀའ་བར་ཞེན་ནས་ཨ་འཐས་སུ་གྱུར་པའོ། །དེ་བས་ན་རིན་པོ་ཆེ་རྒྱན་ལས་ཀྱང་། །ཡིན་པར་གནས་དང་མ་ཤེས་པ། །སྔ་ཕྱི་མི་གནས་ཐོག་མ་མེད། །ཚད་ལས་འདས་པས་ཐ་མའང་བྲལ། །རྒྱུན་དུ་མི་སྟོངས་འཁོར་ལོ་བསྐོར། །ཟོ་ཆུ་བརྒྱུད་པའི་འཁོར་ལོ་ལྟར། །ཕྱི་ནང་བཅུ་གཉིས་ཤུགས་ཀྱིས་བསྐྱར། །ཡོད་པ་མིན་ཀྱང་དོན་ལྟར་སྣང་། །རྐྱེན་གྱིས་དཀྲུགས་པའི་དབང་པོ་བཞིན། །མ་རིག་འདམ་གྱི་ཕུང་པོ་ལ། །ཉོན་མོངས་དུག་ལྔ་གཞི་བཏབ་པས། །སྡུག་བསྔལ་སྣ་ཚོགས་ཉེས་པས་ཉེན། །ཐར་པ་བདེ་ཆེན་སྲོག་བྲལ་བའོ། །ཞེས་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་དངོས་མེད་མ་ཤེས་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཟུང་འཛིན་དག་གིས་གཟུང་ནས་ནི། །འཁོར་བ་ཉིད་ལ་ཡུན་རིང་གནས། །ཁམས་གསུམ་པ་ཡི་ཁང་པ་རུ། །མི་དང་གཟུགས་ཀྱི་བརྩོན་རར་ཚུད། །མ་རིག་ལས་ཀྱི་ལྕགས་ཀྱིས་བསྡོམས། །རང་བྱུང་སྒྲོན་མ་ཉིད་དང་བྲལ། །འཁོར་བའི་མུན་ནག་སྟུག་པོས་གཡོགས། །འདོད་ཆགས་ལན་ཚྭའི་རོ་ལ་ཆགས། །གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱི་སྒོ་མོས་དཀྲིགས། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །དྲན་བསམ་ཉིད་ཀྱི་གཡས་གཡོན་བརྟེན། །གཟུང་འཛིན་ཞགས་པས་སྐྱེ་ནས་བཏགས། །སྔ་ཕྱི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་ཉིད་དང་ལག་སྤྲེལ་ཏེ། །ལས་ཀྱིས་མ་བུ་མཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པའི་ལུས་བླངས་ཏེ། །སོ་སོའི་རིགས་སུ་སྐྱེ་བར་འགྱུར། །ངར་འཛིན་རབ་ལ་འབོགས་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང་། །རང་གིས་རང་བཅིང་ཉོན་མོངས་དགྲ །དམྱལ་བ་པར་ནི་མི་ཆུར་སྣང་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །ཞེས་སོ། །གཉིས་པ་རྐྱེན་གྱིས་འཁྲུལ་པ་ཕྱི་ནང་གི་གྲུབ་མཐའ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྐྱེན་གྱིས་འཁོར་ལོ་གསུམ་དང་བརྒྱད། །ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྟོན་པ་དང་བསྟན་པའི་རྐྱེན་གྱིས་འཁོར་བའི་འཁོར་ལོ་མ་གོ་ལ་གོལ་བ་ནི་ཕྱིན་ཅི་ལོག་ཏུ་འཕྱན་པ་མུ་སྟེགས་སྡེ་གསུམ་དང་། བཀའ་ལ་ཕྱོགས་ཆར་བཟུང་བརྩོལ་བའི་ཐེག་པ་བརྒྱད་དེ་འདི་ནི་ཕྱོགས་ཙམ་རྟོགས་ཀྱང་རྣལ་མ་ཡང་དག་པར་མ་རྟོགས་པས་བཞག་པའོ། །གཉིས་པ་ལ་སོགས་པས་འཁྲུལ་པ་ཕྱི་རོལ་བ་སྡེ་གསུམ་དང་། རྩོལ་བས་འཁྲུལ་པ་ཐེག་རིམ་རྣམ་བརྒྱད་བཤད་པ་གཉིས་ལས། དང་པོ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། གསུམ་གྱི་འཁོར་ལོ་སོགས་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་རྣམས་ལས་ལོག་པ་གསུམ་གྱིས་རྐྱེན་ལ་བརྟེན་པའི་འཁོར་ལོ་ནི་ཡིན་ལུགས་ལས་ཕྱིར་ལ་ཕྱོགས་ཏེ་ཕྱིན་ཅི་ལོག་ཏུ་བསྐོར་པས་འཁོར་བ་ལས་མ་འདས་པའོ། །དེའི་དབང་གིས་གནས་ལུགས་ཀྱི་དོན་ལྷུན་གྲུབ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏེ་ལམ་གོལ་བ་ལ་ཞུགས་པའོ། །གཉིས་པ་ལ། ལས་འབྲས་ལ་རྨོངས་པས་ལོག་པ་གསང་ཚིག་པ་ཕྱི་མ་རྒྱང་དུ་འཕེན་པའི་སྡེ། སྐུར་འདེབས་ཀྱི་ལྟ་བས་ལོག་པ་ཆད་ལྟ་བ་མུར་ཐུག་ཏུ་འཛིན་པའི་སྡེ། སྒྲོ་འདོགས་ཀྱི་ལྟ་བས་ལོག་པ་རྟག་སྨྲ་བ་ཐེར་ཟུག་ཏུ་འདོད་པའི་སྡེ་དང་གསུམ་ལས། དང་པོ་ནི། ལས་ལས་གྱུར་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཚེ་འདིའི་བདེ་སྡུག་གི་ཁྱད་པར་སྔར་གྱི་དགེ་སྡིག་གི་ལས་ཀྱི་མཐུ་ལས་གྱུར་པ་ལ་བློས་མ་དཔྱད་དེ་ལས་རྒྱུ་འབྲས་ལ་རྨོངས་པའི་དབང་གིས་ཚེ་འདི་ཡི་ཆེད་དུ་མཐུ་དང་སྟོབས་དང་བཙན་པ་ཕྱུག་པོར་སྒྲུབ་པ་ལ་བརྩོན་པར་བྱེད་དེ་འཇིག་རྟེན་པའི་གསང་ཚིགས་ལ་བརྟེན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དྲག་པོ་ལ་སྤྱོད་པས་ན་འདིའང་ལོག་པར་རྟོག་པའི་གྲངས་སུ་བསྒྲངས་པའོ། །གལ་ཏེ་འདི་ཉིད་ཡང་དག་པའི་གནས་ལ་མོས་པ་ཅན་ཡིན་ན་ཐབས་འཛུད་བསྲེ་བའི་ལུང་གིས་དོན་དང་མཐུན་པར་མཚམས་ཕྱོགས་སུ་དྲང་ལ། མ་མོས་ན་བཏང་སྙོམས་སུ་བཞག་གོ། །གཉིས་པ་ལ། ཚེ་སྔ་ཕྱི་ལ་སྐུར་པ་འདེབས་པ་ཐར་པ་ངེས་ལེགས་ལ་སྐུར་པ་འདེབས་པ། སྣང་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པ་དང་གསུམ་ལས། དང་པོ་ནི། ཕྱང་ཆད་ལ་ལས་སོགས་རྐང་པ་བཅོ་ལྔས་བསྟན་ཏེ། སྔ་ཕྱི་འབྲེལ་བའི་མུ་མེད་པས་ཕྱང་ཆད་དུ་སྨྲ་བ་ལ་ལས་འདོད་པ་ནི་ཚེ་སྔ་ཕྱི་མེད་པར་ཚེ་འདི་གང་ཙམ་ཞིག་ཏུ་འདོད་ལ། དེ་ཉིད་ཀྱང་ཁུ་ཁྲག་དང་ས་ཆུ་མེ་རླུང་འབྱུང་བ་བཞི་པོ་འདུས་པ་ཡི་ནུས་མཐུ་ལས་མངོན་པར་གསལ་བའི་སེམས་ཅན་དང་མི་གསལ་བའི་སྣོད་ཀྱི་སེམས་པ་ཅན་གློ་བུར་དུ་བྱུང་བ་ཡིན་གྱིས་ལས་ཀྱི་འབྲས་བུར་མི་འདོད་ལ། ཡང་ན་གང་གི་དེ་ཉིད་བཞི་ཞེས་པ་འདི་ཡིས་འབྱུང་བཞི་དོན་དམ་དུ་འདོད་པ་ལ་སྦྱར་ཡང་རུང་ངོ་། །སླར་ཡང་འབྱུང་བའི་ནུས་པ་ཟད་ནས་དེར་ཐིམ་སྟེ་ལུས་སེམས་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་བ་མེད་པ་ནི་དཔེར་ན་མེ་ཤི་ནས་ཐལ་བ་རླུང་གིས་ཁྱེར་ཏེ་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་པ་དང་འདྲ་བར་འདོད་པའོ། །འདི་དག་གི་སྔོན་ཀྱང་རྒྱལ་བའི་བཀའ་ཞེས་བཀའ་ཡིས་དངོས་ལན་མཛད་ནས་མ་བཟློག་པས་ན་གཏིང་ནས་བྱང་ཆུབ་ཀྱི་ས་བོན་ཚིག་པ་ཅན་གྱི་ཕྱོགས་ལྷུང་གི་གང་ཟག་ལ་ལོག་པར་ལྟ་བའི་ཉེན་ཆེན་པོ་དག་ཡོད་པས་སྡིག་ཏུ་སྐུར་བའི་རིགས་ལ་བཏང་སྙོམས་སུ་བཞག་གོ། །འོན་ཀྱང་མོས་པ་ཅན་ལ་ཉེ་དུ་ཁ་ལན་བྱེད་པ་དང་འདྲ་བར་ཐབས་འཛུད་བསྲེ་བའི་ལུང་ནི་དེ་དང་མཐུན་པར་འདྲེན་མར་སྤྱད་ནས་མཐར་འདི་ལ་འཛུད་པའོ། །གལ་ཏེ་བློ་འམ་རིགས་པ་སྤྱི་སར་འཇོག་པ་ཡི་གང་ཟག་ཚད་མར་མཐོང་ན་ཁས་ལེན་པ་དེ་ལ་དང་པོ་ལུང་ལས་ཚེ་སྔ་ཕྱི་དང་ལས་འབྲས་རྣམས་བཤད་པས་ན་ཡོད་པར་དཔག་པར་བྱ་སྟེ་མདོ་སྡེ་ལས་བརྒྱ་པ་དང་སྐྱེས་རབས་ལྟ་བུ་དྲང་ངོ་། །དེ་ཡང་རྨི་ལམ་ཉམས་པ་སེམས་མེད་པའི་གཉིད་འཐུང་དང་བརྒྱལ་བའི་ཚེ་ཤེས་པ་རྒྱུན་ཆད་ཀྱང་ཕྱིས་སུ་སྔར་གྱི་རྒྱུན་ལས་འབྱུང་བས་ཚེ་ཕྱི་མའང་དེ་བཞིན་དུ་འབྱུང་བར་གྲུབ་བོ། །དེ་ཉིད་གཏན་ཚིགས་སུ་འགོད་ཚུལ། རིག་པ་ཆོས་ཅན། རང་གི་རིགས་འདྲ་སྔ་མའི་རྒྱུ་ལས་འབྱུང་བ་ཡི་ཤེས་པ་ཡིན་ཏེ། ཞེས་དམ་བཅའ། ཅིའི་ཕྱིར་ན་རེས་འགའ་བ་རྣམས་སུ་དམིགས་པའི་ཕྱིར། དཔེར་ན་མྱུ་གུ་བཞིན། ཞེས་འབྲས་བུའི་རྟགས་ལ་སྦྱར་བས་རིགས་པ་དེ་ཡིས་རྒྱུ་སྔ་མ་ཡོད་པར་སྒྲུབ་བོ། །གལ་ཏེ་སྔ་མའི་རྒྱུ་ལ་མ་བརྟེན་པར་གློ་བུར་དུ་འབྱུང་བའང་རེས་འགའ་བར་མ་གྲུབ་སྟེ། རེ་ཞིག་རྟག་དངོས་སུ་འདོད་པ་རྣམས་ལ་ལྡོག་པ་མི་འདྲ་བའི་ཁྱད་པར་གཅོད་པའི་ཐལ་འགྱུར་གྱི་གཏན་ཚིགས་རྟག་ཏུ་ཡོད་པའམ་མེད་པ་ཁོ་ནར་འགྱུར་བར་ཐལ། རྒྱུ་མེད་གཞན་ལ་མི་ལྟོས་པའི་ཕྱིར། ཞེས་པའི་རྟགས་སུ་ཁས་བླངས་སྦྱར་ལ། རྟག་ཏུ་ཡོད་ན་རྒྱུན་ཆད་པ་ཉམས་ལ། མེད་ན་འདིའང་མེད་པར་འགྱུར་རོ། །ཞེས་བྱའོ། །གཉིས་པ་ནི། ལ་ལས་སྔ་ཕྱི་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཡང་ལ་ལས་འདོད་པ་ནི་ཚེ་སྔ་ཕྱི་ཙམ་ནི་ཡོད་པར་འདོད་ལ། འོན་ཀྱང་ངེས་པར་ལེགས་པའི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་མེད་ཅེས་སྐུར་པ་འདེབས་ཏེ། ཇི་ལྟར་ན་ངེས་པར་ལེགས་པ་དེ་ནི་ཉོན་མོངས་པ་དུག་གསུམ་ལས་གྲོལ་བ་ལ་འདོད་པར་འདུག་ཀྱང་དེ་ནི་མི་འཐད་པས་ཏེ། ངེད་ཀྱི་འདོད་པ་ནི་དུག་གསུམ་སེམས་ཀྱི་རང་བཞིན་ཡིན་པས་དེ་གསུམ་སྤངས་ན་སེམས་དེ་ཡང་བྲལ་བར་འགྱུར་བས་ན། སེམས་མེད་པས་དུག་གསུམ་ལས་གྲོལ་བ་པོ་ནི་གང་སུ་ཞིག་ཡིན་ཏེ་གྲོལ་རྒྱུ་མེད་པའི་ཕྱིར། དཔེར་ན་ནག་པོ་སྤངས་ན་སོལ་བ་མེད་པར་འགྱུར་བས་དཀར་པོ་གང་ཞིག་གཏོང་། ཞེས་པ་ལྟ་བུའོ། །དེར་མ་ཟད་དུག་གསུམ་ནི་སྤོང་བས་མི་འགྱུར་བར་རྟག་པ་ཡིན་ལ ། སྤང་བའི་ཐབས་ཀྱང་མེད་ཅིང་སྤང་ཐབས་ཤེས་པའང་མེད་ལ་སྤང་དུ་བཏུབ་པའང་མིན་ཏེ། དུག་གསུམ་དེ་ནི་ངོ་བོ་ཉིད་ཀྱིས་མི་འགྱུར་བར་གནས་པའི་ཕྱིར། ཞེས་འདོད་དོ་ཞེའོ། །དེ་ཡང་རིགས་ཆད་བཏང་སྙོམས་སུ་བཞག་པ་ལ་སོགས་པ་གསུམ་ནི་སྔར་བཤད་པ་བཞིན་དུ་མཐུན་པར་སྒྲུབ་སྟེ། ཁྱད་པར་གྱི་རིགས་པ་ཡང་དག་པས་སུན་དབྱུང་བ་ཡང་དང་པོ་མ་ངེས་ཏེ་རྙོག་ཆུ་དང་འདྲ་བས་དྭངས་སུ་བཏུབ་ལ། གཉིས་པ་མ་གྲུབ་སྟེ་དུག་གསུམ་གྱི་རྒྱུ་བདག་འཛིན་དང་རྐྱེན་གཞན་སྣང་བ་དང་ལྡན་པས་མི་རྟག་པ་ཡིན་ཅིང་། གསུམ་པ་གཉེན་པོའི་ཡེ་ཤེས་ཀྱིས་སྤོང་བར་བྱེད་པས་ཐབས་ཡོད་ལ། བཞི་པ་བླ་མ་བརྒྱུད་པ་དང་ལྡན་པའི་མན་ངག་ཡོད་པས་སྤོང་ཡང་ཤེས་ཤིང་། ལྔ་པ་ཡེ་ཤེས་དེ་ཉིད་དུག་གསུམ་དེ་ཡི་རང་བཞིན་ཡིན་པས་སྤང་དུ་བཏུབ་ལ། ཐ་མ་དུག་གསུམ་སྤངས་ཏེ་གནས་འགྱུར་བ་ནི་རང་རིག་པའི་མངོན་སུམ་མོ་ཞེས་རང་རིག་མངོན་སུམ་གྱིས་གྲུབ་པས་ངོ་བོ་ཉིད་ཀྱིས་མི་གནས་སོ། །དེས་ན་བཀའ་ཡི་བརྒྱུད་པ་རྣམས་ནི་འདས་པ་བྱུང་ཟིན་པར་བསྒྲུབས་པའི་འབྲས་བུ་ཡི་རྟགས་ལ་བརྟེན་ནས་རྒྱུད་སྔ་མ་སྔོན་དུ་སོང་བ་དང་རྒྱུ་རྐྱེན་དང་ལྡན་པ་མི་རྟག་པར་སྒྲུབ་ཅིང་། དེ་ཡི་རང་བཞིན་རྟོགས་ནས་གནས་ཚུལ་གྱི་དོན་དུ་བྱས་པ་ལ་བརྟེན་ཏེ་ངེས་པར་ལེགས་པ་ཉིད་དུ་རང་གྲུབ་པར་སྒྲུབ་བོ། །དེ་བས་ན་སློབ་དཔོན་ཤེས་རབ་འབྱུང་གནས་ཀྱིས། གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེ་མངོན་སུམ་མཐོང་བ་ཡིན་ཏེ། རང་རང་གིས་ཡུལ་དཔྱོད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བ་མེད་དོ། །ཞེས་བྱ་བས་བསྒྲུབས་པར་ནུས་སོ། །ཞེས་གསུངས་པ་ནི། ངག་གི་སྤུ་རིས་ཟིན་ན་འགལ་བ་མེད་པས་འདིར་ཡང་དེ་ལྟར་སྦྱར་རོ། །ཡང་ན་རྐང་པ་འདིའི་དོན་བཀའ་བརྒྱུད་འདིར་ནི་འབྲས་བུ་རང་སྣང་ཉིད་དུ་ལྷུན་གྱིས་གྲུབ་པར་བཞེད་པས་ཆད་པའི་མཐའ་ལས་གྲོལ་བའོ། །ཞེས་སུ་འགྲེལ་ཀྱང་རུང་བར་མངོན་ནོ། །གསུམ་པ་ནི། ལ་ལས་ལུང་ཙམ་སོགས་ཚིགས་བཅད་གཅིག་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱི་བསྟན་ཏེ། ཡང་ལ་ལས་འདོད་པ་ནི་རྒྱལ་བའི་ལུང་གི་བྲལ་ཕྱོགས་ཙམ་ལ་བརྟེན་ནས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་ལ། ཅི་ཡང་མ་ཡིན་པ་རང་ཡང་མ་ཡིན་པར་འདོད་དེ་ཁས་ལེན་སྤངས་པའོ། །གྲུབ་མཐའ་འདི་ལྟར་འཛིན་པ་ནི་བསྒྱུར་བར་དཀའ་ཞིང་རང་ལའང་འབྱུང་ཉེན་ཆེ་ལ། འབྲས་བུ་སངས་རྒྱས་ཐོབ་པ་ལ་སླུ་བར་བྱེད་པས་ལམ་གྱི་གཟུགས་བརྙན་ཙམ་ཡིན་ཞིང་ཡང་དག་པའི་ལམ་མིན་པས་དང་པོ་ཁོའི་འདོད་པ་དེ་ལས་བཟློག་པ་ཙམ་དུ་ཆོས་ཐམས་ཅད་ཅི་ཡང་ཡིན་པར་ཁས་ལེན་ཏེ་བསྒྲུབ་པར་བྱའོ། །གསུམ་པ་སྒྲོ་འདོགས་ཀྱི་ལྟ་བས་ལོག་པ་རྟག་སྨྲ་བ་ཐེར་ཟུག་ཏུ་འདོད་པའི་སྡེ་ལ། མདོར་བསྟན་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཐེར་ཟུག་པ་དག་རིག་བཞིར་གནས། ཞེས་རྐང་པ་གཅིག་གིས་བསྟན་ཏེ། མུ་སྟེགས་པའི་གྲུབ་མཐའ་རྟག་པ་ཐེར་ཟུག་ཏུ་འདོད་པ་དག་ནི་རིགས་མི་འདྲ་བ་བཞིར་གནས་པའོ། །དེ་དག་ཀྱང་གང་ཞེ་ན། གཉིས་པ་ལ། རིག་བྱེད་པ་རིག་པ་ལ་སྒྲོ་འདོགས་པ། བྱེ་བྲག་པ་ཤེས་བྱ་ལ་སྒྲོ་འདོགས་པ། གྲངས་ཅན་པ་རང་བཞིན་དང་ཤེས་རིག་ལ་སྒྲོ་འདོགས་པ། གཅེར་བུ་པ་དུ་མ་རོ་གཅིག་ལ་སྒྲོ་འདོགས་པ་དང་ཞི་ལས། དང་པོ་ནི། རིག་པ་གཟུང་འཛིན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། རང་གི་རིག་པ་གཟུང་འཛིན་གཉིས་ལས་གྲོལ་བ་ཡི་རྟག་གཅིག་བདེ་བ་རང་དབང་ཅན་གྱི་བདག་སྟེ། བདག་དེ་ལ་གཟུགས་མེད་པས་དངོས་པོ་ཡོད་པ་ལས་གྲོལ་ཞིང་། བདག་ནི་ཡོད་པས་དངོས་པོ་མེད་པ་ལས་ཀྱང་གྲོལ་བ་ཙམ་དུ་གནས་པས་བླང་བ་དང་དོར་བ་གཉིས་དང་བྲལ་བར་འདོད་དོ། །དེ་ཡང་ལྡོག་པ་བེམས་པོ་ལས་ལོག་པ་དང་བཅས་པར་ཤེས་པའི་རྒྱུད་དུ་རང་བློ་ལ་སྣང་བའི་རིག་པ་དེ་ལ་ང་བདག་ཏུ་འཛིན་པ་དང་བཅས་པར་འདོད་པ་དེ་ལས་བླང་དོར་གཉིས་དང་བྲལ་ནས་དངོས་པོར་གྱུར་པ་དང་དངོས་པོ་མེད་པ་ལས་གྲོལ་ཏེ་གཉིས་ཀ་མིན་པར་སྨྲ་ན། སོ་སོའི་སྐྱེ་བོའང་བྱང་ཆུབ་དེ་ཉིད་ཡིན་པར་ཤིན་ཏུ་འཐད་པར་འགྱུར་རོ། །གཉིས་པ་ནི། ལས་ལས་ཐམས་ཅད་སོགས་རྐང་པ་ལྔས་བསྟན་ཏེ། ཡང་ཐེར་ཟུག་པ་ལ་ལས་འདོད་པ་ནི། སྣོད་བཅུད་ཐམས་ཅད་རྡུལ་ཕྲ་རབ་འདུས་འདུས་པ་ལས་གྲུབ་པར་འདོད་དོ། །དེ་ཡང་རྡུལ་གཉིས་བར་མེད་པར་འབྱར་བ་ལ་ཡན་ལག་ཅན་གྱི་རྫས་དང་། དེ་གཉིས་འབྱར་བ་ལ་རྫས་གཞན་ཞེས་བྱ་བ། དེ་ཡི་རྡུལ་ཕྲན་ནི་རྟག་ལ་རགས་པ་ཡན་ལག་ཅན་ནི་རྟག་པ་མིན་ཏེ་མི་རྟག་པར་འདོད་ཅིང་། སྙིང་གི་དཀྱིལ་ན་སེམས་ཅན་ཐམས་ཅད་ལ་བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ་དེ་དག་ཀྱང་རྡུལ་ལས་གྲུབ་པ་ཤེས་སྦྱངས་པ་དང་འདྲ་བ་ལ་སོགས་པར་འདོད་དེ་གཞན་ཡང་ཚིག་དྲུག་གི་འདོད་པ་སྦྱར་རོ། །འདིར་རྡུལ་ལས་གྲུབ་པའི་བདག་ནི་ཤེས་པ་མེད་པའི་བེམས་པོ་ལ་ཡོན་ཏན་གྱི་ཆས་རྡུལ་དུ་འདོད་པ་ཡིན་གྱི། ཐོགས་པ་དང་བཅས་པའི་རྡུལ་ལ་གོ་བར་མི་བྱའོ། །དེ་ཡང་རྡུལ་ཕྲ་མོ་ཉིད་ཕྲད་མ་ཕྲད་དང་བལྟས་མ་བལྟས་དང་རིང་ཐུང་གི་ཕྱོགས་ཆས་གཞིགས་ན་ཆ་མེད་ཀྱི་རྫས་སུ་མ་གྲུབ་པས་ཡོན་ཏན་དང་ལ་སོགས་ཞེས་ལས་དང་སྤྱི་བྱེ་བྲག་འདུ་བ་རྣམས་ཀྱི་ཐ་སྙད་སྤངས་ཏེ་དོན་ལའང་རྫས་སུ་མ་གྲུབ་བོ། །གསུམ་པ་ནི། ལ་ལས་ཡོན་ཏན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡང་ལ་ལས་འདོད་པ་ནི། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་གྱི་རང་བཞིན་ཆ་མཉམ་པ་ནི་གཙོ་བོ་སྟེ་དེ་ཉིད་རྟག་པར་འདོད་ལ་རྒྱུ་ཡི་དུས་ནའང་འབྲས་བུ་གནས་ཏེ་རྫོགས་པར་འདོད་པ་ཡིན་ནོ། །གྲུབ་མཐའ་དེ་ལ་ཡང་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་ལ། དུག་གསུམ་གྱི་རང་བཞིན་ནི་མི་རྟག་པ་ཡིན་ཞིང་རྒྱུ་རྐྱེན་དང་བཅས་པར་ནི་སྔར་ཆད་ལྟའི་སྐབས་སུ་བཤད་པ་ཉིད་དོ། །དེར་མ་ཟད་རྒྱུ་ཡིན་པ་རུ་ཁས་བླངས་ནས་འབྲས་བུ་རྫོགས་པར་བརྗོད་པ་ནི་རང་ཚིག་གིས་རང་གི་འདོད་པ་བསལ་བ་ཡིན་པས་ན་བླུན་བའི་ངག་ཏུ་རིག་པར་བྱའོ། །བཞི་པ་ནི། ཁ་ཅིག་རྫས་གཅིག་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཡང་ཁ་ཅིག་གི་འདོད་པ་ནི། ནོར་བུ་གཟིའི་བདག་ཉིད་ལྟར་རྫས་གཅིག་ཉིད་ཀྱང་ཀུན་གྱི་དངོས་གཞི་ཅན་ཡིན་ལ། འདོད་པས་བཅིངས་ཏེ་ངེས་པར་སྨྲ་བ་མུ་སྟེགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ལས་གྲོལ་ཏེ་ཁྱུ་མཆོག་གི་མདོག་རིས་ལྟས་གྱུར་པ་འདི་ཉིད་རྟོགས་ནས་ལོག་པའི་སྤྱོད་པ་མེ་ལྔ་བརྟེན་པ་ལ་སོགས་པ་ལ་སྤྱད་པས་སྔར་བྱས་ཀྱི་སྡིག་སྒྲིབ་རྣམས་དག་པར་འདོད་དོ། །དེ་ཡང་ལས་དང་རྟོག་མཐུན་གྱི་སྣང་བའི་རྫས་གཅིག་ཉིད་རྫས་ཀུན་གྱི་དངོས་གཞི་མིན་ཏེ་དབང་པོའི་མངོན་སུམ་དང་འགལ་བའི་ཕྱིར། ཞེས་པའི་ཚད་མས་ཁོའི་འདོད་པ་བསལ་བ་དང་། གཞན་ཡང་སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མ་གྲུབ་པའོ། །རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་ཉིད་ཀྱིས་ཐམས་ཅད་ཀྱི་རང་རྒྱུ་སྔོན་སོང་མེད་པར་འདོད་པའི་ཐ་སྙད་སྤངས་ཏེ་དོན་ཡང་མ་གྲུབ་པས་སོ། །དེས་ན་རང་བཞིན་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཉམས་ནི་འཐད་བར་ངེས་ཏེ། དོན་དང་མཐུན་པས་སོ། །ཡང་ན་རྐང་པའི་འདི་ཉིད་བཀའ་རྒྱུད་འདི་ཡི་རིང་ལུགས་ལྟར་རང་བཞིན་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཉམས་པའི་འཐད་པར་ངེས་ཏེ། རྟག་མཐའ་ལ་མི་གནས་པས་སོ། །ཞེས་སུ་འགྲེལ་ཀྱང་རུང་བར་མངོན་ནོ། །གཉིས་པ་རྩོལ་བས་འཁྲུལ་བ་ཐེག་རིམ་རྣམ་བརྒྱད་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། འཇུག་པའི་སྒོ་བརྒྱད་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་བློ་དང་མོས་པའི་རིམ་པ་ལྟར་སོ་སོར་འཇུག་པའི་སྒོ་ཡི་ཐེག་པ་བརྒྱད་ཀྱི་འཁོར་ལོ་དེ་ལ། སྤང་བྱ་དང་གཉེན་པོ་ལྷན་ཅིག་ཏུ་མི་གནས་པས་འགལ་བར་བལྟས་ཏེ་སྤོང་བར་འདོད་པ་ཉན་རང་བྱང་སེམས་གསུམ་དང་། བདག་གཅིག་པར་འབྲེལ་བའི་སྟོབས་ཀྱིས་སྒྲུབ་པར་འདོད་པ་སྔགས་ཕྱི་ནང་གི་སྡེ་ལྔ་དང་བརྒྱད་དོ། །གཉིས་པ་ལ། འགལ་བར་བལྟས་ཏེ་སྤང་བ་མཚན་ཉིད་ཀྱི་ཐེག་པ་གསུམ་དང་། འབྲེལ་བར་བལྟས་ཏེ་སྒྲུབ་པ་གསང་སྔགས་ཀྱི་ཐེག་པ་སྡེ་ལྔ་བཤད་པ་གཉིས་ལས། དང་པོ་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལས། དང་པོ་ནི། དང་པོ་བཀའ་ཡི་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འགལ་སྤོང་གསུམ་གྱི་དང་པོ་སྟོན་པ་སངས་རྒྱས་ཀྱི་བཀའ་ཡི་གཞི་འཛིན་པ་ཉན་ཐོས་ཡིན་པས་དེའི་འདོད་པ་ནི། འགྲོ་བ་རིགས་དྲུག་དང་ལོག་པ་གསུམ་གྱི་ཞེན་པ་རྟགས་ཀྱི་སྣང་བ་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་མུ་སྟེགས་ཀྱི་གང་ཟག་གི་བདག་མི་གནས་པས་སོ། །ཞེས་འགོགས་ཤིང་ཆོས་ཀྱི་བདག་ཙམ་མ་ཁེགས་པས་ལྷག་སྟེ་ཡོད་པར་ལྟ་བ་ནི། ཕྱི་གཟུང་བར་བྱ་བའི་ཡུལ་རྡུལ་ཕྲ་རབ་དོན་དམ་པ་རྡུལ་དུ་གྲུབ་ལ། ནང་འཛིན་པའི་ཤེས་པ་སྐད་ཅིག་མ་ཡང་དེ་ལྟར་དོན་དམ་དུ་ཡོད་དེ། དེ་དག་བཅོམ་གཞིགས་ཀྱིས་མི་གནོད་པས་སོ། །ལམ་སྡུག་ཀུན་འགོག་ལམ་གྱི་འཕགས་པའི་བདེན་པ་བཞི་ལ་ངེས་པར་བརྟེན་ནས་འབྲས་བུ་སྒྲུབ་པའི་རིགས་ཅན་ཡིན་ནོ། །དེ་ཡང་རྡུལ་ཕྲ་མོ་ཕྱོགས་ཆས་གཞིགས་ནས་བཟུང་བ་མ་གྲུབ་ཅིང་། དེ་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་སྐད་ཅིག་མའང་དུས་ཀྱི་ཆས་སྤངས་པ་ཡིན་པས་མི་འཐད་དོ། །གཉིས་པ་ནི། དེ་ལས་བྱུང་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྤྱིར་ཉན་ཐོས་དེ་ལ་བརྟེན་པ་ལས་བྱེ་བྲག་གི་ཁྱད་པར་དུ་བྱུང་བ་སྲིད་པ་ཐ་མའི་དུས་སུ་དགེ་བཤེས་ལ་མི་ལྟོས་པར་རང་གི་ཡེ་ཤེས་ཀྱིས་རྟོགས་པ་ཅན་ཏེ། དེས་ཕྱི་ནང་གི་རྟེན་འབྲེལ་གྱི་འབྱུང་ལྡོག་སྒྱུ་མ་དང་མིག་ཡོར་ལྟར་རྟོགས་པ་ལ་བརྟེན་པས་ན་གཟུང་ཡུལ་གཟུགས་ཆོས་བཅོ་ལྔ་ལས་གཅིག་རྣམ་པར་རིག་བྱེད་མིན་གཟུགས་མ་གཏོགས་པར་གཞན་བཅུ་བཞི་པོ་རྟེན་འབྲེལ་ཏུ་རྟོགས་ཏེ་རྡུལ་ཕྲན་ཉིད་མ་གྲུབ་པར་ལྟ་བ་ཅན་ལ། ནང་འཛིན་པའི་ཡན་ལག་སེམས་དང་སེམས་བྱུང་རྣམས་སྐད་ཅིག་མར་ངེས་པར་གྲུབ་པས་བདེན་པར་ལྟ་བའོ། །དེ་ཡང་གཟུང་བའི་ཡུལ་བདེན་པར་ཡོད་པ་མིན་ཀྱང་དེ་ལ་འཛིན་པའི་ཡན་ལག་ནི་ངེས་པར་ཡོད་པར་ལྟ་ན། ཡུལ་མེད་པའི་ཤེས་པ་ངེས་གང་ལ་ངེས་པར་འཛིན་ཏེ་དཔེར་ན་གདུང་རྒྱུད་ཆད་པའི་སྲས་བཞིན་དུ་རིགས་པས་འཐད་པའི་འཛིན་པ་ནི་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ནར་སོན་པ་ཡིས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྟ་བ་བདག་མེད་གཉིས་ཀ་རྟོགས་ཤིང་སྤྱོད་པ་གཞན་དོན་ལ་ཞུགས་པས་ལྟ་སྤྱོད་ནར་སོན་པའི་ཐེག་པ་ཆེན་པོ་ཡིས་ནི། གཟུང་བ་རྡུལ་དང་འཛིན་པ་སྐད་ཅིག་མའི་ཆོས་ཀྱིས་བདག་ཀྱང་སྤངས་ལ། དངོས་པོར་སྣང་བའི་རྣམ་པ་ལ་རྟག་པ་དང་བདེན་པས་སྟོང་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་ཡིན་པས་དངོས་པོ་རྣམས་ཀྱི་རང་བཞིན་གང་དུའང་མ་གྲུབ་པར་འདོད་ཅིང་། དེ་ལྟར་གང་གིས་ཕྱེ་ན་ཡུལ་ཅན་བློ་འཁྲུལ་མ་འཁྲུལ་དང་ཡུལ་དངོས་པོ་དང་དེས་སྟོང་པས་རྣམ་པ་གཉིས་སུ་ཕྱེ་བའོ། །དེ་ཡང་དངོས་པོ་རྣམས་དོན་དམ་པར་རང་བཞིན་མེད་པར་བདེན་ན། བློས་བརྟགས་པ་འཁྲུལ་པའི་རྣམ་པ་ཡུལ་ཀུན་རྫོབ་ལ་བརྟེན་པའི་ས་ལམ་ཕར་ཕྱིན་རྣམས་ཀྱིས་ཅི་ཞིག་བྱ་སྟེ། འཁྲུལ་བ་ཡིན་པས་སོ། །གལ་ཏེ་འཁྲུལ་བ་ཡིན་ཀྱང་ཡང་དག་པའི་ཀུན་རྫོབ་ཀྱིས་འབྲས་བུ་ཐོབ་པའི་དོན་བྱེད་ནུས་པས་དང་དུ་བླང་བྱ་ཡིན་ནོ་ཞེ་ན། དེ་ལྟར་ན་སྨིག་རྒྱུས་ཀྱང་སྐོམ་པ་སེལ་བའི་དོན་བྱེད་ནུས་པར་ཐལ། དོན་ལ་འཁྲུལ་པར་མཉམ་པའི་ཕྱིར། རྟགས་ཁས་བླངས། འོ་ན་གོ་ཡིས། ཁྱོད་ཀྱིས་དོན་དམ་པའི་བདེན་པ་ཤེས་བྱའི་གཤིས་རང་བཞིན་མེད་པར་འདོད་པས་ན་སྟོང་པ་བྱང་ཆུབ་ཀྱི་ལྟ་བར་སོང་བ་དེ་ཀུན་རྫོབ་འཁྲུལ་པ་ལ་བརྟེན་པས་ཆད་ལྟ་དེ་ལས་བཟློག་ཏུ་བཏུབ་བཞིག་གམ་ཅི་ཞིག་ཡིན། དཔེར་ན་ཆུ་བརྒལ་བའི་མི་གྲུ་ལ་ཞུགས་པ་རྣམས་ཀྱིས་གྲུའི་ཐག་པ་ལ་ལག་པས་ཟིན་པས་ན། གྲུ་ཞིག་པས་མི་འཇིགས་སོ་ཞེས་ཟེར་བ་ལྟར་འདིར་ཡང་ཀུན་བརྟགས་འཁྲུལ་པ་ལ་བརྟེན་པས་ཆད་ལྟས་མི་འཇིགས་པར་འདོད་པ་ནི་དེ་ཇི་ལྟ་བ་བཞིན་ནོ། །གལ་ཏེ་སྔར་ཡོད་ཕྱིས་མེད་ཆད་ལྟ་ཡིན་ལ། ཡེ་ནས་སྟོང་པས་ཆད་པ་མི་འགྱུར་རོ་ཞེ་ན། གདོད་ནས་དངོས་པོ་ཡོད་པར་མ་གྲུབ་པ་དེ་དོན་དུ་བདེན་པར་འདོད་པ་ཉིད་སྟོང་པ་ཕྱང་ཆད་མིན་ན་གཞན་གྱི་གཏན་ཚིགས་ཅིས་ཞེས་ཅི་ཡིས་ཕྱང་ཆད་པ་ཡིན་ཏེ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །གཉིས་པ་འབྲེལ་བས་བལྟས་ཏེ་སྒྲུབ་པ་གསང་སྔགས་སྡེ་ལྔའི་ཐེག་པ་བཤད་པ་ལ་དམིགས་པའི་ཁྱད་པར་གྱིས་བསྒྱུར་ཏེ་སྒྲུབ་པ་དང་། ཐབས་ཤེས་ཀྱི་ཁྱད་པར་གྱིས་དབང་དུ་བྱས་ཏེ་སྒྲུབ་པ་གཉིས་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་དང་གསུམ་ལས། དང་པོ་ནི། འབྲེལ་སྒྲུབ་ཕྱི་གསུམ་ཞེས་པས་བསྟན་ཏེ། འབྲེལ་བས་སྒྲུབ་པ་ལྔ་ལ་བསྒྱུར་ཏེ་སྒྲུབ་པ་ནི། གསང་སྔགས་ཕྱི་པ་རྣམ་པ་གསུམ་མོ། །གཉིས་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དང་གསུམ་ལས། དང་པོ་ནི། དང་པོ་ལ། ཀུན་རྫོབ་སོགས་རྐང་པ་ཕྱེད་ལྔས་བསྟན་ཏེ། དེ་དག་གི་དང་པོ་ཀྲི་ཡ་པའི་འདོད་པ་ལ། ཀུན་རྫོབ་ཏུ་མཐོ་འཇམ་རྩུབ་པ་ལ་སོགས་པའི་སྣང་བ་རྣམས་དེ་བཞིན་གཤེགས་པ་དང་པད་མ་དང་རྡོ་རྗེའི་རིགས་གསུམ་གྱི་ལྷ་ཡི་དལ་ཡིན་ལ་ཡེ་ཤེས་པ་དང་དམ་ཚིག་པ་ཐ་དད་བཟང་ངན་རྗེ་བོ་དང་འབངས་ཀྱི་ཚུལ་འདྲ་ཞིང་། སྤྱོད་པ་དང་རྫས་གཙང་མས་འབྲས་བུ་གྲུབ་ལ། དོན་དམ་དུ་སྤྲོས་པའི་མཐའ་བཞིའི་དྲི་མ་དག་པ་ཡི་ཆོས་ཉིད་དུ་འདོད་དོ། །དེ་ཡང་དོན་དམ་དག་པར་བདེན་པ་ལ་སྤྱོད་པ་ཁྲུས་དང་གཙང་སྦྲ་བྱ་དགོས་པས་ལྟ་སྤྱོད་ཡ་ཆ་ནི་འཁྲུལ་པ་ཡིན་ནོ། །གཉིས་པ་ནི། ཁྱེ་བེལ་འདོད་པས་སོགས་ཚིགས་བཅད་གཅིག་གི་བསྟན་ཏེ། ཁྱེ་བེལ་ལྟར་ལྟ་སྤྱོད་མ་ངེས་པའི་ཨུ་པ་ཡའི་འདོད་པ་ནི་གོང་འོག་གཉིས་ཀ་ལྟར་བཞེད་པས་དོན་དམ་པར་སྟོང་པ་ཉིད་དུ་ལྟ་ལ། ཀུན་རྫོབ་ཏུ་སྣང་བ་རྣམས་ཡུལ་དང་ཡུལ་ཅན་ནམ་བྱ་བྱེད་གང་རུང་བསྡུས་པའི་རིགས་བཞི་ལྷའི་དལ་ཏེ་ཡེ་ཤེས་པ་དང་དམ་ཚིག་པ་དཔོན་གཡོག་གི་ཚུལ་དུ་ཐ་དད་བཟང་ངན་དུ་ལྟ་ཞིང་། ཀྲི་ཡ་པ་ལྟར་ལས་དང་བྱ་བ་སྤྱོད་ཅིང་། ཡོ་ག་པ་ལྟར་ལྟ་བ་དང་ཏིང་ངེ་འཛིན་ཏེ་གཉིས་ཀྱིས་མཐུ་ལས་འབྲས་བུ་སྒྲུབ་པའོ། །དེ་ཡང་སྔ་མ་ཀྲི་ཡ་པ་དང་ཕྱི་མ་ཡོ་ག་པ་གཉིས་ཀྱི་ལྟ་སྤྱོད་ལ་སྐྱོན་བརྗོད་པའི་རྗེས་སུ་འདི་ལའང་གནོད་དོ། །གསུམ་པ་ནི། རྣལ་འབྱོར་པ་ནི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། རྣལ་འབྱོར་པ་ཡི་ལྟ་བ་ནི་ཀུན་རྫོབ་ཏུ་སྣང་བའི་རྣམ་པ་འདི་དག་རིགས་ལྔ་ལྷའི་དལ་དུ་གསལ་ན་ཡེ་ཤེས་པ་དང་དམ་ཚིག་པ་གྲོགས་པོའི་ཚུལ་དུ་ཐ་དད་དང་བཟང་ངན་མཉམ་པར་ལྟ་ལ། དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོར་སྟོང་པ་ཉིད་ཕྱོགས་རིས་བྲལ་བར་རྟོགས་ནས་བསམ་གཏན་གྱི་ཡན་ལག་གཞི་སྟོང་པ། གདན་ཟླ་བ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ཀྱི་མངོན་པར་བྱང་ཆུབ་པ་ལྔ་དང་། དབང་བྱིན་རླབས་ཏིང་ངེ་འཛིན་དང་མཚད་པའི་ཆོ་འཕྲུལ་བཞི་སྟེ་དགུ་དང་ལྡན་པའི་སྒོ་ནས་ལྷ་བསྒོམས་པས་འབྲས་བུ་སྟུག་པོ་བཀོད་པའི་སངས་རྒྱས་ཐོབ་པར་འདོད་པའོ། །དེ་ཡང་དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱོགས་རིས་མེད་པ་ཡིན་ན་ཡང་ཀུན་རྫོབ་ཏུ་དགོངས་རྒྱུད་ཐ་དད་གྱུར་ལ་རིགས་ལྔ་ཕྱོགས་རིས་དང་བཅས་པ་ཡིན་ནམ་ཅི་ལྟར་འདོད། དེས་ན་བདེན་གཉིས་རེས་འཇོག་གི་བསམ་གཏན་གྱིས་འབྲས་བུ་གཅིག་ཏུ་སྒྲུབ་པར་འདོད་པ་ནི་དཔེར་ན་ཚ་རེག་དང་གྲང་རེག་གི་ནུས་པ་གཅིག་ཏུ་བསྡུས་ནས་གཙོ་སྲེག་ཕྱོགས་གཅིག་ཏུ་སྒྲུབ་པར་འདོད་པའི་བླུན་པོ་འདྲ་བའོ། །གསུམ་པ་ནི། ཕྱི་ནས་དོན་གྲུབ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། རང་གི་སེམས་ལས་ཕྱི་རོལ་ནས་ཡེ་ཤེས་པ་ལ་བསྒྲུབ་བྱའི་དོན་གྱི་དངོས་གྲུབ་ལེན་ཏེ་ནང་གི་ཆོས་ཉིད་དུ་འདོད་པ་མིན་པས། སྤྱོད་པ་དམ་རྫས་ལ་མི་སྤྱོད་ཅིང་དམ་ཚིག་མཉམ་པར་མི་སྲུང་བ་ལ་སོགས་པས་ནང་པ་མིན་པ་དེ་ཙམ་ལ་གསང་སྔགས་ཕྱི་པར་འདོད་པ་ཡིན་ནོ། །གཉིས་པ་ཐབས་ཤེས་ཀྱི་ཁྱད་པར་གྱིས་དབང་དུ་བྱས་ཏེ་སྒྲུབ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ནང་གཉིས་ཞེས་པས་བསྟན་ཏེ། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་རྣམ་གྲངས་གཉིས་ཀྱིས་བསྟན་པ་ལས། ཞེས་པའོ། །གཉིས་པ་ལ། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་གཉིས་ལས། དང་པོ་ནི། རྣལ་འབྱོར་ཆེན་པོ་སོགས་རྐང་པ་ཕྱེད་དང་བཅས་པའི་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་གསང་སྔགས་ནང་གི་རྒྱུད་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པ་དག་གི་བཞེད་པ་ནི། ལྟ་བས་སྣང་སྟོང་ཟུང་འཇུག་གི་དོན་དེ་གསལ་བར་རྟོགས་ན་སྒོམ་པ་ཆོ་ག་ལྔ་དང་སྔགས་ཀྱི་ཡན་ལག་ལྔས་ལྷ་བསྐྱེད་པའི་ཐབས་ཀྱི་རྣལ་འབྱོར་ལ་རྩོལ་བ་གཙོར་ཞེས་གཙོ་བོར་བྱས་ཏེ་བསྒོམས་པས་བརྟན་པ་ན། ཤེས་རབ་རྫོགས་པའི་རིམ་པ་མི་རྟོག་པའི་དོན་ལ་ངང་གིས་འཇུག་པ་ཡིན་ནོ། །དེ་ཡང་ལྟ་བ་དབྱེར་མེད་དུ་འདོད་པ་དང་བཅས་པར་གྱུར་ལ། སྒོམ་པ་བསྐྱེད་རྫོགས་ཀྱི་རྩོལ་བ་ཅན་དུ་གྱུར་པ་ཡིན་ན། གནས་ལུགས་ཕྱོགས་མེད་ཀྱི་ངང་དུ་གནས་པར་འདོད་ཀྱང་དེའི་དོན་དང་འགལ་བ་ཁོ་ནའོ། །གཉིས་པ་ནི། རྗེས་སུ་རྣལ་འབྱོར་སོགས་ཚིག་བཅད་གཉིས་རྐང་གཅིག་གིས་བསྟན་ཏེ། དེ་ནས་གསང་ཆེན་རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་པ་རྣམས་ཀྱི་འདོད་བ་ནི། ཡུལ་དུ་སྣང་བ་ཐམས་ཅད་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་ཆོས་ཀྱི་དབྱིངས་སུ་གནས་ལ། ཡུལ་ཅན་རིག་པ་ཀུན་ཏུ་བཟང་པོ་རང་བཞིན་འོད་གསལ་གྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་དེ་གཉིས་གདོད་མ་ནས་དབྱེར་མེད་ཆེན་པོར་འདུ་བ་དང་འབྲལ་བ་མེད་པའི་སྲས་རྩ་བ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ངེས་ཏེ། མ་ཧཱའི་གཉིས་མེད་དུ་འཛིན་པ་ལས་གྲོལ་ནས་བདེ་བ་ཆེན་པོའི་སྐུ་རུ་འདོད་ལ། དེ་ལྟར་རྟོགས་ནས་རྒྱུ་ནི་སྣང་བ་རྣམས་དབྱིངས་སུ་བསྒོམ་པ་ལས་འབྲས་བུ་ནི་དྲན་རྟོག་ཐམས་ཅད་ཡེ་ཤེས་ཉིད་དུ་འཆར་བར་འགྱུར་ཞིང་། སྤྱོད་པ་དང་དམ་ཚིག་ལ་སོགས་པའི་རྐྱེན་ལ་རག་ལས་པར་འདོད་པའོ། །དེ་ཡང་ལྟ་བ་བདེ་ཆེན་གྱི་ཕྱོགས་རིས་དང་བཅུས་ཤིང་སྒོམ་པ་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཅན་ཏེ། དེས་ན་བདེ་ཆེན་ཀྱང་ཚིག་བརྗོད་ཙམ་ལས་མཚན་ཉིད་པ་དངོས་སུ་རྟོགས་པ་དང་བྲལ་བས་ཤིན་ཏུ་མཐར་ཕྱིན་ཏེ་རྩོལ་བ་མེད་པར་མ་བཅོས་པའི་དོན་ལ་རྣལ་མར་འབྱོར་པ་ནི་མིན་ནོ། །གསུམ་པ་དོན་བསྡུ་བ་ནི། རྡོ་རྗེ་གླིང་ཕུག་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། ཀློང་རབ་འབྱམས་རྒྱལ་པོ་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མར་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་ལྟ་ལ་ཕྱོགས་སུ་ཞེན། །ཀུན་རིག་ཤེས་པ་མ་སྐྱེས་པས། །ཡུལ་མེད་གཅིག་པ་རིས་སུ་གཅོད། །རང་བྱུང་ཕྱོགས་མེད་མ་ཤར་བས། །མུན་པའི་ཀློང་ན་ཚོད་ཀྱིས་འཇལ། །ཞེས་གསུངས་པ་ལྟར་ཐེག་པའི་རིམ་པ་བརྒྱད་པོ་དེ་དག་ཀྱང་སྙིང་པོ་རྣལ་མའི་ཐེག་པ་འདི་ལ་བསྒྲུན་ན། དཔེར་ན་རྡོ་རྗེ་གླིང་ཕུག་གི་རྐེད་པ་ན། སྙིང་པོ་མེད་པས་ཆུ་ཤིང་གི་རྩ་བ་ན་གནས་པའི་མ་ཧེ་མོ་དེ་ཞོ་སྐྱེལ་དུ་འོང་ཡང་དེའི་མར་བཅུད་ལ་སྙིང་པོ་སྣུམ་པ་ཙམ་ལས་མེད་པ་ལྟར་དུ་རང་ས་ཐོབ་ཀྱང་མཐར་ཕྱིན་པར་ནུས་པ་མ་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་སེམས་ཀྱིས་བརྟགས། །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བགྲོད་པས་བགྲོད་མེད་བསླད། །ཅེས་སོ། །དེའི་ཚུལ་ནི་ལྟ་བའི་ཀློང་ལས། ཆོས་ཀུན་ཕྱོགས་གྲོལ་ཀུན་གསལ་རང་གྲོལ་ཀྱང་། །མ་རྟོགས་ཡུལ་མིན་རྐྱེན་བྲལ་རང་བཟུང་བས། །ཐ་དད་སྣང་ཞིང་ཉོན་མོངས་ལས་ཀྱིས་དཀྲུགས། །ཞེན་དྲུག་འཁོར་ལོ་སྡུག་བསྔལ་དྲྭ་བར་ཚུད། །སྤང་འགེགས་སྤྱོད་སྒྱུར་རྩོལ་སྒྲུབ་རྒྱུ་འབྲས་ཀྱིས། །སྡུག་བསྔལ་རྩོལ་བའི་ནད་ཀྱིས་འཁོར་བ་ལས། །ཞེས་སོ། །དེས་ན་སྙིང་པོ་རྣལ་མའི་དོན་དེ་ཇི་བཞིན་དུ་མ་རྟོགས་པའི་དབང་གིས་འཁྲུལ་པའི་ཕྱོགས་སུ་བཞག་པ་ཡིན་ཏེ། སེང་གེ་རྩལ་རྫོགས་ལས། གསང་སྔགས་གཅིག་ལ་ཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡི་ངོ་བོ་ཡིས། །རང་སྣང་ཡེ་ཤེས་དོན་མ་རྟོགས། །ཞེས་དང་། ཐལ་འགྱུར་ལས། རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ཅིང་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་སོ། །འདིའི་རིམ་པ་དགུ་ལ་འཇིག་རྟེན་པའི་ཐེག་པའམ་ཡང་ན་ཨ་ཏི་ཡོ་ག་ཐུན་མོང་གི་སྐོར་ལའང་གསུངས་སོ། །འོན་ཀྱང་ངེས་དོན་གྱི་མདོ་དང་རྒྱུད་སྡེའི་ཟབ་དོན་དངོས་སུ་རྟོགས་ན་འདིའི་དོན་ལ་ཤུགས་ཀྱིས་འཇུག་པ་ཡིན་པས་མཐར་ཐུག་གི་དོན་ལ་དགོངས་པའི་གནད་གཅིག་འབབ་པ་ཁོ་ནའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། གནས་ལུགས་ཇི་བཞིན་དུ་མ་རྟོགས་པར་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པའི་རྣམ་གྲངས་བསྟན་པའི་ལེའུ་སྟེ་སྐབས་གཉིས་པ་ལེགས་པར་བཤད་པའོ། །གསུམ་པ་དེ་ལྟར་གནས་པའི་དོན་ཉིད་ལྟ་བས་མངོན་སུམ་དུ་རྟོགས་ཏེ་གཏེར་ཆེན་རང་ལ་གཏད་ཚུལ་ལ། དཔེ་དང་བཅས་ཏེ་ཆོས་ཉིད་རྟོགས་པའི་ལྟ་བ་རང་ངོ་སྤྲོད་ཚུལ་མདོར་བསྟན། དེའི་རང་བཞིན་མན་ངག་ཚད་མའི་བརྡ་ཐབས་ལ་བརྟེན་ནས་རྒྱས་པར་བཤད། དེ་ལྟར་རང་མཚན་མཐོང་བས་ལྟ་བའི་གདེངས་ཚད་ངོས་བཟུང་། རྟོགས་པ་དེ་ཉིད་གཞན་ལས་འཕགས་པའི་ངེས་གསང་གི་ཁྱད་པར་བསྟན་པ་དང་བཞི་ལས། དང་པོ་ནི། རྒྱལ་པོ་གསལ་རྒྱལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དཔེར་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དུ་གྲགས་པའི་ངང་རྒྱུད་བཟང་ཞིང་ངེས་པ་དེ་ལ་རང་གི་བསོད་ནམས་ཀྱི་མཐུས་པ་ཡབ་རྩིབས་ཀྱིས་འཕུར་ཚངས་བྱིན་ཞེས་བྱ་བས་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་གཏད་པ་ལྟར་དུ། བཀའ་དྲིན་ཅན་གྱི་བླ་མ་དམ་པས་སེམས་ཀྱི་ཆོས་ཉིད་ལ་ཡོན་ཏན་མི་ཟད་པའི་རང་གི་གཏེར་གནས་པ་དེ་ལེགས་པར་རྙེད་ནས་སྐལ་ལྡན་ལ་གཏད་པར་མཛད་པ་ནི་གང་ཞེ་ན། ལེའུ་དང་པོར་བཤད་པའི་ཤེས་བྱ་རེ་ཞིག་བརྒྱད་ལ་ནི། ཞེས་པས་ཤེས་བྱའི་རྣམ་གྲངས་ཚོགས་བརྒྱད་དུ་སྣང་བ་དེ་ལ། ཆོས་ཉིད་རྟོགས་པའི་དོན་ལ་མི་སླུ་བས་ཚད་མ་གསུམ་གྱི་དང་པོས་ཞེས་བྱ་བྲལ་རྫོགས་པའི་ལུང་གིས་ཡིད་ཆེས་པར་བྱས་ནས། དེ་ལྟར་གཏན་ཚིགས་གསུམ་གྱིས་གཞིགས་ཏེ་དཔེས་མཚོན་པ་དང་རྣམ་གྲངས་གསུམ་གྱིས་སྤྱིའི་རྣམ་པ་རྟོགས་པར་བྱས་ནས་དྲོད་དང་ལྡན་པར་གྱུར་པ་ན། བླ་མ་མཆོག་གིས་གསལ་བྱེད་རིན་ཆེན་སྣང་བའི་གདམས་ངག་སྙན་ཁུང་བརྒྱུད་པས་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་བསྟན་ཏེ་བརྡ་དོན་བཀྲོལ་བ་ཡིན་ནོ། །གཉིས་པ་ལ། ཚད་མ་གསུམ་གྱིས་མཚོན་ཚུལ་སྤྱིར་བཤད། རིན་ཆེན་བརྒྱུད་པས་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། ལུང་ཚད་མ། གཏན་ཚིགས་ཚད་མ། མཐུན་དཔེ་ཚད་མ། དེ་གསུམ་གྱིས་དོན་རྟོགས་ཚུལ་བཤད་པ་དང་བཞི་ལས། དང་པོ་ལ། སྐལ་དམན་རྣམས་ཐབས་ཆེན་བརྒྱུད་པའི་ལུང་གིས་ཇི་ལྟར་མཚམས་པར་དྲང་ཚུལ། སྐལ་ལྡན་ལ་བྱ་བྲལ་རྫོགས་པའི་ལུང་གིས་རང་མཚན་ངེས་པར་སྟོན་ཚུལ་གཉིས་ལས། དང་པོ་ནི། སྐལ་ཞན་དད་ཅན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ཡང་གདུལ་བྱ་བློ་དང་སྐལ་བ་ཞན་ཅིང་དད་པ་ཅན་གྱི་སློབ་བུ་དེ་ལ་ཐབས་ཆེན་བརྒྱུད་པའི་ལུང་ཐེག་བ་བརྒྱད་པོ་བློ་དང་གང་འཚམ་པར་བསྟན་པས་བརྒྱུད་ནས་དྲང་བ་ནི། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་མི་མཐུན་པར་དོན་གཞན་ལ་དགོངས་པས་བརྒྱུད་ནས་འདྲེན་པའི་བཀའ་ལུང་གི་ཚིག་སྣ་ཚོགས་སུ་སྟོན་པ་སྟེ། དཔེར་བྱིས་པ་གཡང་ས་ལས་འདྲེན་པའི་ཕྱིར་དུ་སྟག་འོང་ནོར་བུ་སྦྱིན་ཟེར་བ་དང་འདྲ་བའོ། །འདིར་དྲང་ངེས་ཀྱི་ཁྱད་པར་ནི། བརྗོད་བྱ་གནས་ལུགས་སེམས་ཀྱི་དེ་ཁོ་ན་ཉིད་ལ་བརྒྱུད་ནས་འཇུག་པ་དྲང་དོན། དངོས་སུ་འཇུག་པ་ངེས་དོན་ཡིན་གསུངས། གཉིས་པ་ནི། སྐལ་ལྡན་བྱ་བྲལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གདུལ་བྱ་ཨ་ཏིའི་སྐལ་བ་དང་ལྡན་པའི་བློ་མཆོག་མངའ་བ་དེ་ལ་བྱ་བྲལ་རྫོགས་པར་སྟོན་པའི་ལུང་ཟབ་མོས་བདེན་ཅིང་ངེས་པའི་དོན་མཚོན་ནས་དངོས་སུ་དྲང་བར་བྱེད་པའི་ལུང་ནི་རྣམ་པ་གསུམ་ཡིན་ཏེ། གོལ་ས་ཤན་འབྱེད་པར་བྱེད་པ་བྲམ་ཟེའི་གཞུང་དང་། རང་གཞུང་ལ་ཟློ་བ་རྒྱལ་པོའི་རྒྱུད་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་དང་གསུམ་གྱི་ཚིག་གིས་ཡིད་ཆེས་པར་བྱ་བ་སྟེ། རིན་པོ་ཆེ་རྒྱན་ལས། བྲམ་ཟེ་རྩ་བའི་རྒྱུ་དྲུག་ལ། །གོལ་བའི་གཞི་དང་གོལ་བ་དངོས། །དངོས་འཛིན་སུན་དབྱུང་རང་གཞུང་དང་། །སྤྱིའི་རྒྱུད་དུ་བསྟན་པའོ། །དེ་ཡང་བཀྲུ་བྱ་གདོང་པ་ལ། །བཀྲུ་རྒྱུ་དྲི་མ་ངོས་འཛིན་ནི། །འཁར་གསིལ་འཁྲུད་པ་བུམ་ཆུ་ཡིས། །རིགས་གཙང་མདངས་གསལ་བྱེད་པ་ཡིན། །ཡན་ལག་རྒྱུད་སྡེ་བཅུ་གསུམ་དྲུག །ཤན་གྱི་ཆོས་སུ་འབྱུང་བ་ཡིན། །རྒྱལ་པོ་རྩ་བའི་རྒྱུད་ལྔ་ལ། །ལ་ཟླའི་ས་དང་བཟླ་རྒྱུ་བྱེད། །བཟླ་བའི་ཐབས་དང་ཡོན་ཏན་ནི། །མངའ་རུ་བསྡུ་མ་བསྡུ་རྒྱུ་དང་། །བསྡུ་བྱེད་བསྡུ་ཐབས་ཡོན་ཏན་དག །མངའ་རིས་མགོ་ནག་རྒྱལ་པོ་ཉིད། །ཞི་བའམ་དྲག་པོས་ལོངས་སྤྱོད་པའོ། །གཞི་དང་སྣང་གྲགས་བྱང་ཆུབ་སེམས། །ལུང་རིགས་མན་ངག་རང་གྲོལ་བས། །བདེ་བ་ཆེན་པོར་གསལ་བ་ཡིན། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མངའ་བའི་རྩལ་དུ་བྱུང་བ་ཡིན། །ཡན་ལག་ཉི་ཤུ་རྩ་ལྔ་ལ། །ཞིང་དང་སྐུ་དང་ཐུགས་གསུམ་ལས། །ཡུལ་དང་ལུས་དང་ཡིད་བྱུང་བས། །སྟོན་བྱེད་ངག་ཏུ་རྒྱུད་གསུམ་བྱུང་། །ཡོན་ཏན་ཆ་ལས་བཅུ་བདུན་ལྔ། །བརྒྱ་རྩ་ལྔ་རུ་ཤར་བ་ཡིན། ། མན་ངག་རྩ་བའི་རྒྱུད་ལྔ་ལ། །གནས་ལུགས་འཁྲུལ་ཚུལ་བསྟན་པའི་ཐབས། །གོམས་པར་བྱ་ཐབས་སྤྱིར་འབྲས་བུ། །གཙོ་རུ་གང་སྣོན་རྣམས་ལྔར་ཕྱེ། །ཡན་ལག་བཅུ་གཉིས་ལྔར་བྱུང་བ། །ལུས་དང་ཡན་ལག་ཚུལ་ཡིན་ནོ། །ཞེས་སོ། །གཉིས་པ་གཏན་ཚིགས་ཚད་མ་ལ། །རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་གསུམ་གྱིས་ཐིག་ལེ་ཉག་གཅིག་ཏུ་སྒྲུབ་པ་དང་། དབྱིངས་ཡེ་ཟུང་དུ་འཇུག་པའི་གཏན་ཚིགས་མཆོག་གིས་གཟུང་འཛིན་རང་གྲོལ་དུ་སྒྲུབ་པ་གཉིས་ལས། དང་པོ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། ངང་དང་རང་བཞིན་བདག་ཉིད་ཆེ། །ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཟང་ཐལ་དུ་དངོས་སུ་སྟོན་པའི་ཚད་མའི་རིགས་པ་མཐར་ཐུག་པ་ནི། རང་རིག་པ་ངང་གིས་སྐྱེ་བ་མེད་པར་གསལ་བ་དང་། རང་བཞིན་རིག་པ་འགག་མེད་དུ་ཅིར་ཡང་སྣང་བ་དང་། བདག་ཉིད་ཆེའམ་ཆེན་པོ་སྣང་སྟོང་ཐ་དད་མེད་པར་གཏན་ལ་འབེབས་པ་དང་གསུམ་སྟེ། ཡེ་ཤེས་གསང་བ་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། །ངང་ནི་རིག་པ་གསལ་བ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་བ་བྱང་ཆུབ་སེམས་སུ་ཤེས། །ཞེས་སོ། །གཉིས་པ་ལ། རང་གསལ་ངང་གི་གཏན་ཚིགས། ཀུན་སྣང་རང་བཞིན་གྱི་གཏན་ཚིགས། གཉིས་མེད་བདག་ཉིད་ཆེན་པོའི་གཏན་ཚིགས་གསུམ་ལས། དང་པོ་ནི། མ་གཡོས་མཚོན་པ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྣ་ཚོགས་སུ་སྣང་ཡང་གནས་ལུགས་ལས་མ་གཡོས་པར་མཚོན་པ་ནི་རང་གི་གཏན་ཚིགས་ཉིད་ཡིན་ཏེ། དེ་ལ་མུ་མཐའ་ཅིར་ཡང་སྣང་བས་དོན་ཆོས་ཉིད་ཅིར་ཡང་གྲུབ་པ་མིན་ཏེ། དེས་ན་མུ་མཐའི་ཕྱོགས་གཅིག་ཏུ་གྲུབ་པ་མིན་པས་མུ་མཐའ་ཕྱོགས་གཅིག་ཏུ་སྣང་བ་ཡང་མ་ངེས་པའི་ཕྱིར་རིག་པ་མཐས་མ་བསྒྲིབས་གསལ་བའོ། །དེ་ཉིད་དབང་གི་ཀློང་ལས་རྒྱུད་དྲུག་རྟོག་པ་ཐམས་ཅད་དང་། མྱ་ངན་འདས་པ་རྒྱལ་བའི་ཐུགས། །མ་ལུས་བདེ་ཆེན་རིག་པའི་ངང་། །ཇི་བཞིན་མ་བཅོས་ངང་དུ་གསལ། །ཀུན་རྫོགས་སྤྲོས་པ་མེད་པའི་ངང་། །གཅིག་འདུས་མ་ལུས་ཀུན་གྱི་བདག །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་བྲལ་བའི་རང་རིག་ཉིད། །རྩོལ་དང་བྲལ་བས་རྒྱུན་མི་འཆད། །རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་ཉིད་གསལ། །གནས་འགྱུར་རྒྱལ་བའི་ལུང་ཆེན་ཡིན། །ཞེས་པའི་དོན་ནོ། །གཉིས་པ་ནི། མ་ནོར་བཅོས་མེད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཉིད་མ་ནོར་བར་བཅོས་སུ་མེད་པ་རང་བཞིན་གྱི་གཏན་ཚིགས་ནི། ཕྱི་ཡུལ་དུ་གྲུབ་པ་མིན་ལ་ནང་རིག་པར་ཡང་རྒྱ་མ་ཆད་དེ། དེས་ན་ཡུལ་ཤེས་གཉིས་ནང་ནས་སེམས་ལས་སྐྱེ་བ་མིན་ཏེ་རང་སྣང་ཉིད་ཡིན་པའི་ཕྱིར། དེ་ལ་མཐར་སྣང་གི་གཟུང་འཛིན་མི་དམིགས་པར་ངོ་བོ་ཡེ་ཤེས་ཉིད་རྒྱུ་རྐྱེན་མེད་པར་རང་སྣང་བ་ཡིན་པས་ཕྱི་གཟུང་བའི་ཡུལ་མི་སྤོང་ནང་འཛིན་པའི་སེམས་མི་འགེགས་ཏེ་རིག་པའི་ཡེ་ཤེས་ཉིད་རྒྱུ་རྐྱེན་ལ་རག་མ་ལས་པར་ཅིར་ཡང་སྣང་ཞིང་ངེས་མེད་དུ་གསལ་བའོ། །དེས་ན་ཡེ་ཤེས་གསང་བ་ལས། །སྣང་བ་བརྟགས་པར་ཞེན་མོད་ཀྱང་། །མ་བཅོས་སྣང་བ་བརྟགས་པ་མིན། །རོལ་པ་སྒྱུ་མ་ལྷུན་གྲུབ་སྟེ། །རྩོལ་མེད་སྒྱུ་མ་བདེ་མཆོག་ཡིན། །མི་འགྱུར་རྡོ་རྗེ་བཙན་པོ་ཡིན། །མ་བཅོས་ལྷུན་གྲུབ་ཆེན་པོ་ལ། །ངེས་པ་མེད་པས་གསང་བར་བཤད། །ཅེས་པའི་དོན་ནོ། །གསུམ་པ་ནི། བདག་ཉིད་ཆེན་པོ་སོགས་ཚིགས་བཅད་གཅིག་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡེ་བབ་རང་རྫོགས་ཀྱི་བདག་ཉིད་ཆེན་པོ་སྣང་སྟོང་དབྱེར་མེད་ཀྱི་གཏན་ཚིགས་ནི། སྣང་བ་བདེ་བ་ཆེན་པོ་རྩོལ་བ་མེད་པ་དང་། ཡུལ་མེད་ཅིང་རང་རིག་པ་ངོས་གཟུང་ལས་འདས་པའི་སྟོང་ཉིད་དམ་པ་གཉིས་གདོད་ནས་ཐ་དད་མེད་པར་རྟོགས་ཏེ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ལ་དེ་ལས་གཞན་དུ་སྣང་བ་དང་བཟང་ངན་གྱི་རྟོག་པ་ཐམས་ཅད་དང་བྲལ་བས་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པའི་གཏིང་གསལ་བྱ་བ་དང་བྲལ་བའི་ཟང་ཐལ་གཅིག་ཏུ་གནས་པ་ཉིད་ཅེས་ཐ་སྙད་ཙམ་དུ་བཏགས་ཤིང་མཚོན་པར་མཛད་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །གང་ལྟར་གནས་ཀྱང་ཆོས་ཉིད་དོ། །ཞེས་གསུངས་ཏེ། རང་བཞིན་ངང་དུ་ཕེབས། ངང་བདག་ཉིད་ཆེན་པོར་གསལ་བའི་ཕྱིར་ན། གསང་བ་སྒྲ་རྒྱུད་ལས། །གཞན་ཡང་རབ་ཏུ་བཤད་བྱ་བ། །སྐུ་ཡི་མཚན་ཉིད་རབ་ཤེས་པས། །འཁྲུལ་པ་ཐམས་ཅད་དུས་གཅིག་འགགས། །སྐུ་ཡི་རང་བཞིན་ཡོངས་ཤེས་པས། །གསལ་དང་སྟོང་པའི་སོ་མཚམས་ཟིན། །ངོ་བོ་ཤེས་པས་སྟོང་པར་དག །ངང་ཤེས་པས་ནི་མི་རྟོག་སྐྱེ། །བདག་ཉིད་ཆེན་པོ་ཤེས་པ་ཡིས། །ཁམས་གསུམ་འཁོར་བའི་རྩ་བ་གཅོད། །དེ་དག་གིས་ནི་རང་གྲོལ་གདེངས། །བྱས་པ་མེད་པར་ཐོབ་པར་ངེས། །ཞེས་རིག་པའི་ཡེ་ཤེས་སྐུ་རུ་ཤར་བའི་མཚན་ཉིད་ལ་རང་བཞིན་སྐྱེ་མེད་མཐའ་གྲོལ་གྱི་ངོ་བོ་ཕྱོགས་མེད་རང་གྲོལ་ཉིད་དུ་རྒྱུད་རང་བརྟན་པར་གནས་པས་བདག་ཉིད་ཆེན་པོར་གྱུར་པ་མེད་པའི་དོན་ཏོ། །གཉིས་པ་དབྱིངས་ཡེ་ཟུང་དུ་འཇུག་པའི་གཏན་ཚིགས་མཆོག་གིས་གཟུང་འཛིན་རང་གྲོལ་དུ་སྒྲུབ་པ་ནི། ཡུལ་སྣང་རླབས་ལྟར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དབྱིངས་དང་ཡེ་ཤེས་ཀྱི་གཏན་ཚིགས་ནི། ཡུལ་དུ་སྣང་བ་རྣམས་ནི་ཆུ་ཉིད་རླབས་སུ་སྣང་བ་ལྟར་རང་སྣང་གི་ཡུལ་དབྱིངས་ཉིད་རྣམ་པར་དག་པ་ནི་རྒྱུ་ཡིན་ཏེ། དེ་ལས་ཡུལ་ཅན་རིག་པ་མི་རྟོག་པའི་ཡེ་ཤེས་ཉིད་འབྲས་བུར་ཤར་བས། དབྱིངས་ཞེས་རྒྱུ་དང་ཡེ་ཤེས་ཞེས་འབྲས་བུ་གཉིས་མཚན་ཉིད་མི་གཉིས་ཏེ་གཅིག་ཏུ་འདུས་པས་གཟུང་འཛིན་གྱི་མཐའ་ལས་རང་གྲོལ་བའི་བདེ་བ་ཆེན་པོ་ལ། གཟུང་འཛིན་མ་སྤངས་ཐིག་ལེ་ཉག་གཅིག་མ་བསྒྲུབས་པར་གཏན་ཚིགས་བརྟེན་ཏེ་བལྟས་པས་དོན་ཆོས་ཉིད་མཇལ་བར་འགྱུར་ཏེ། སྔ་མ་ལས། དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་དག་པའི་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །གཅིག་ཏུ་འདུས་པས་གཟུང་འཛིན་མེད། །ཅེས་སོ། །གསུམ་པ་མཐུན་དཔེ་ཚད་མ་ལ། །ཆོས་ཉིད་དང་མི་མཐུན་པར་འཁྲུལ་པ་སྣང་ཚུལ་གྱི་དཔེ་དང་། ཆོས་ཉིད་དང་མཐུན་པར་རང་སྣང་ཕྱོགས་མེད་ཀྱི་དཔེ་བཤད་པ་གཉིས་ལས། དང་པོ་ནི། དཔེར་ན་ཐག་པ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་དོན་དང་མི་མཐུན་པའི་དཔེ་ནི། དཔེར་ན་ཆོས་ཅན་བློ་འཁྲུལ་བ་ལ་ཐག་པ་སྦྲུལ་དུ་སྣང་བ་ཡང་། གཏན་ཚིགས་ཐག་པའི་མཚན་ཉིད་སྦྲུལ་མིན་པས། སྦྲུལ་འཛིན་དུ་སྐྱེས་པའི་ཤེས་པ་བདེན་པ་མིན་ཏེ། ཞེས་དམ་བཅའ་བ་ལྟར་འདིར་ཀྱང་དེ་བཞིན་དུ་སྐྱེ་ལུགས་གསུམ་དུ་སྣང་ཡང་བདེན་པ་མིན་ནོ། །དེ་ཡང་འདི་ལྟར། བློ་འཁྲུལ་པ་ལ་སྐྱེ་ལུགས་གསུམ་དུ་སྣང་བ་ཆོས་ཅན། དེར་འཛིན་གྱི་ཤེས་པ་བདེན་པ་མིན་ཏེ། དོན་ཆོས་ཉིད་ཀྱི་མཚན་ཉིད་སྐྱེ་ལུགས་གསུམ་དུ་མི་གནས་པའི་ཕྱིར། དཔེར་ན་ཐག་པ་སྦྲུལ་དུ་འཛིན་པ་བཞིན་ནོ། །ཞེས་འགོད་དོ། །གཉིས་པ་ནི། མཐུན་པ་ནམ་མཁའ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡོན་ཏན་གྱི་ལྡོག་ཆ་རེ་རེས་གནས་ལུགས་དང་མཐུན་པ་ཡི་དཔེ་ནི། ནམ་མཁའ་དང་རྒྱ་མཚོ་དང་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལ་སོགས་པ་རྣམས་ཏེ། རིན་པོ་ཆེ་རྒྱན་ལས། ནམ་མཁའ་རྒྱ་མཚོ་རིན་པོ་ཆེ། །སྨན་དུག་འབྱུང་བ་ཉི་མ་དང་། །གསེར་བཞིན་ཕྱོགས་མེད་རྒྱ་ཆེ་ཟབ། །མི་རྟོག་རེ་སྐོང་རྐྱེན་གྱིས་སྣང་། །རྩལ་སྣང་གསལ་རྐྱེན་མ་རག་བརྟན། །ཡོན་ཏན་ཆ་རེས་ཀུན་ཀྱང་མཐུན། །ཞེས་སོ། །དཔེ་དེ་དག་ཀྱང་དོན་ཆོས་ཉིད་ཀུན་མཉམ་གདལ་ཁྱབ་ཆེན་པོའི་སྤྱིའི་ཕྱོགས་ཀྱི་ལྡོག་ཆ་འགས་ཏེ་ཆ་འགའ་རེས་ཀུན་ཀྱང་མཐུན་པ་ཡིན་ལ། འདི་དག་ལས་གཞན་ཡང་མུ་ཏིག་ཕྲེང་བ་ལས། དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོངས་པས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེས་སྒོང་འདྲ། །སྣང་བ་སྣ་ཚོགས་ཟ་འོག་གུར། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་བཞིན། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །རང་བྱུང་གྲོལ་བས་ནམ་མཁའ་བཞིན། །ཐམས་ཅད་བརྟེན་པས་ས་གཞི་ལྟར། །ཡུལ་རྣམ་ཀུན་ལ་ཁྱད་པར་འཕགས། །ཞེས་གསུངས་པ་སོགས་དཔེ་མང་དུ་འབྱུང་བ་བཞིན་ནོ། །བཞི་པ་དེ་གསུམ་གྱིས་དོན་རྟོགས་ཚུལ་ནི། ཀུན་ཀྱང་སྤྱི་ལ་རྟོགས་པས་གནས། །ཞེས་པས་བསྟན་ཏེ། དེ་ལྟར་ལུང་དང་གཏན་ཚིགས་དཔེ་ཡི་ཚད་མ་གསུམ་པོ་ཀུན་ཀྱང་དོན་ཆོས་ཉིད་རང་བཞིན་གྱི་སྣང་བའི་སྤྱི་ཡི་རྣམ་པ་ཙམ་ལ་རྟོགས་པར་བྱེད་པས་ཤེས་བྱེད་ཀྱི་ཐབས་དམ་པ་ཉིད་དུ་གནས་པ་ཡིན་ནོ། །གཉིས་པ་རིན་ཆེན་བརྒྱུད་པས་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཆུ་བོ་བཞིན་རྫོགས་ཀྱི་བླ་མས་སྐལ་ལྡན་ལ་ཆོས་ཉིད་རང་གི་མཚན་ཉིད་དངོས་སུ་སྟོན་ཚུལ་མདོར་བསྟན། དེ་ཉིད་མཚན་ཐབས་ཀྱི་བརྡ་དོན་ཟབ་གསང་ངོ་སྤྲོད་ཀྱི་མན་ངག་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རང་གི་མཚན་ཉིད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ནས་ཆོས་ཉིད་རང་གི་མཚན་ཉིད་རང་རིག་པར་རྟོགས་པས་རིན་ཆེན་བརྒྱུད་པའི་གསལ་བྱེད་ཀྱི་ངེས་པས་མངོན་སུམ་པར་ཤེས་པ་ཡི་ཐབས་མཆོག་བླ་ན་མེད་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། ལྟ་བའི་ཀློང་ལས། ལུང་དང་བླ་མའི་མན་ངག་རིག་པའི་ཉམས། །བློ་དང་འཚམ་ཚད་རྒྱུད་དྲང་ཐབས་ལུང་གིས། །དེས་མཚོན་བྱ་བྲལ་རྫོགས་ལུང་ཉི་ཁྲི་བ། །དེས་མཚོན་མཁའ་ཁྱབ་བྱང་ཆུབ་སེམས་ལུང་གིས། །སྐལ་ལྡན་སྣོད་སྐྱོན་བྲལ་ན་གཏན་ལ་ཕེབས། །སྟོན་པའི་རིགས་སུ་ངེས་ན་ངེས་ཤེས་འཆར། །དེ་ལ་ཡིད་ཆེས་དམིགས་ནས་གདམས་པས་དགྲོལ། །དབང་ཐོབ་ལུང་མཁྱེན་གདམས་པའི་རིག་པ་ཤར། །རང་གཤིས་སྒྲོ་སྐུར་བྲལ་གྲུབ་བླ་མ་ལ། །སྐལ་ལྡན་སྐྱོན་བྲལ་རྒྱལ་སྲས་སློབ་མ་དེས། །དད་མོས་གུས་པས་ཞུས་ཏེ་ཐུགས་རྗེས་གནང་། །ཡི་གེ་དཀྱུས་དང་སྙན་རྒྱུད་རང་གྲོལ་བས། །ངེས་པར་ཡིད་ཆེས་གདེང་དུ་ཕེབས་པར་བྱ། །རིག་ཉམས་སྒྲོ་སྐུར་བསལ་ལ་ངེས་དོན་གནས། །སྣང་གྲགས་བྱང་ཆུབ་སེམས་སུ་ལྷུན་གྲུབ་པ། །རིགས་པ་བཞི་ཡིས་སྒྲོ་སྐུར་ཐེ་ཚོམ་བསལ། །བསྲེགས་བཅད་བརྡར་བས་ས་གསེར་ངེས་བརྟགས་ལྟར། །ཆོས་ཉིད་བྱ་བྱེད་ལྟོར་ཤར་འཐད་པས་སྒྲུབས། །ཞེས་དང་། རིན་པོ་ཆེ་ཕྲེང་བ་ལས། ཐུན་མོང་ཁྱད་པར་དབང་རྫོགས་ཤིང་། །ལུང་གསུམ་ཚིག་གི་བརྒྱུད་པ་ཅན། །རང་གྲོལ་མན་ངག་བར་མ་ཆད། །མངོན་སུམ་གྲུབ་པས་ཡིད་ཆེས་པའི། །བླ་མ་རིན་ཆེན་སྲོག་གི་གཟུངས། །ཞེས་སོགས་གསུངས་པ་ལྟར་དབང་རྒྱུད་མན་ངག་གྲུབ་པའི་ཆུ་བོ་བཞིའི་རྒྱུན་མ་ཆད་པའི་བླ་མ་དམ་པ་དེས། རྒྱལ་བའི་གདུང་འཚོ བ་བའི་ཐུགས་སྲས་ཨ་ཏིའི་སྐལ་བ་དང་ལྡན་པའི་སློབ་མ་བློ་གྲོས་འཆང་བ་ལ། ཀུན་གཞིའི་ཆོས་ཉིད་བག་ཆགས་རྣམ་པར་བྱང་བར་གནས་བྱ་དེ་ཉིད་ཚོགས་བདུན་དང་ལྷན་ཅིག་ཏུ་ལྡན་པས་བག་ཆགས་དང་གཅིག་ཏུ་བསྲེས་པ་ཡི་སྦྱོར་བ་དོན་གྱི་ཀུན་གཞི་ལ། རྟོགས་པའི་གདེངས་ཆེན་པོ་ཐུག་ཕྲད་གསུམ་གྱིས་ཐིག་ལེ་ཉག་གཅིག་ཏུ་བསྟན་ཏེ་བརྡ་སྤྲོད་པ་ཡིན་ནོ། །གཉིས་པ་ནི། ལྟ་བའི་ཀློང་གི་སྔར་གཉིས་པར་དྲངས་པའི་འཕྲོ་ལས། མ་འདྲེས་འཁོར་བའི་ཆོས་ལ་རབ་གྲོལ་ཞིང་། །རྫོགས་པས་འདས་མཐའ་མི་གནས་དགྲོལ་བྱའི་ཕྱིར། །དད་ཙམ་གང་ཟག་རྗེས་འབྲང་ལུང་ཙམ་མིན། །ཆོས་ཀྱི་རྗེས་སུ་ཚད་མ་རྣམ་གསུམ་གྱིས། །མ་བཅོས་ཡེ་གནས་ཡུལ་མེད་རང་གསལ་དུ། །རྟོགས་ཐབས་ལྟ་བར་ཀུན་འདུས་དེ་བསྟན་བྱའོ། །ཞེས་གསུངས་པ་ལྟར། མངོན་སུམ་སྔ་མ་གསུམ་གྱིས་མ་འདྲེས་སྐུ་གསུམ་རང་སྣང་གི་དགོངས་པར་སྟོན་པ་དང་། རྣལ་འབྱོར་མངོན་སུམ་གྱིས་ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པར་སྟོན་པ་གཉིས་ལས། དང་པོ་ནི། ཡེ་ཤེས་གསང་བ་ལས། རྨད་བྱུང་གཞལ་ཡས་སྤྲོས་བྲལ་ནི། །འབར་བའི་ཡེ་ཤེས་བདེ་གཤེགས་གསུམ། །ཐུག་ཕྲད་ཉིད་དུ་བཞག་པ་སྟེ། །བླ་མའི་ཞལ་ནས་ཤེས་པར་བྱ། །ཞེས་དང་། རིན་པོ་ཆེ་འོད་ལས། པདྨ་གསུམ་གྱི་དཀྱིལ་འཁོར་ནས། །བདེ་གཤེགས་གསུམ་གྱི་སྐུར་ལྡན་པ། །རྣམ་གྲོལ་འབྲས་བུ་རང་བཞག་ཡིན། །གཞི་ནས་མ་གཡོས་རང་བཞིན་གྲུབ། །ཅེས་སོགས་གསུངས་པ་ལ་བརྟེན་ནས་བཤད་ན། དབང་པོའི་མངོན་སུམ་དུ་སྤྲུལ་སྐུ་ཐུག་ཕྲད་ཀྱིས་རྣམ་པ་སྒྱུ་མ་ལྷུན་གྲུབ་ཏུ་ངོ་སྤྲད་པ། ཡིད་ཀྱི་མངོན་སུམ་དུ་ཆོས་སྐུ་ཐུག་ཕྲད་ཀྱིས་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཏུ་ངོ་སྤྲད་པ། རང་རིག་མངོན་སུམ་དུ་ལོངས་སྐུ་ཐུག་ཕྲད་ཀྱིས་མཚན་ཉིད་རང་རིག་ལྷུན་གྲུབ་ཏུ་ངོ་སྤྲད་པ་དང་གསུམ་ལས། དང་པོ་ནི། མཁར་ཆེན་སྒོ་བརྒྱད་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། སྔར་བཤད་པ་ལྟར་མཁར་ཆེན་པོ་གཅིག་ལ་སྒོ་བརྒྱད་ཡོད་པ་ལས། མིག་ལ་སོགས་པའི་དབང་པོ་ལྔ་ཡི་སྒོ་རྣམས་ཀྱི་ཕྱི་ནང་དབང་པོ་ཡུལ་སྟོན་གྱི་བུ་མོ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ནི་འདོད་པའི་ཡོན་ཏན་སྡུག་སྙན་ཞིམ་བྲོ་འཇམ་པ་ལྔ་བསྣམས་ནས་ཆ་ལུགས་མཛེས་མས་དེ་ལ་སྟོབ་པར་བྱེད་ལ། སྒོ་དེའི་ནང་ན་སྒོ་སྲུང་རྣམ་ཤེས་ལྔ་པོ་ལ། རེ་རེ་ལའང་བུ་སེམས་ལས་བྱུང་བ་བཞི་བཞི་ཡོད་པ་ལས་བུ་ཕུ་བོ་ནི་རྟོགས་པའི་གདེངས་ཆེན་པོ་མངའ་བའི་རྒྱལ་པོ་མ་འཁྲུལ་བར་ཚུགས་ན་གནས་པ་ཡིན་པས། སྣང་ལ་འཛིན་པ་མེད་པས་སྒྱུ་མ་མ་བཙལ་བས་ལྷུན་གྲུབ་ཀྱི་ཡུལ་ལ་རོལ་བའོ། །བུ་གཉིས་པ་ནི་བྲམ་ཟེ་ལྟར་ལྟོག་པ་རྩིང་བ་ཅན་ཏེ་གཙང་སྨེ་དང་རེ་དོགས་ཀྱི་ཡུལ་ལ་རོལ་ལོ། །བུ་གསུམ་པ་ནི་རིག་བྱེད་བཟོ་མཁན་ལྟར་དཔྱོད་པས་ཤེས་པ་ཞིབ་པ་སྟེ་ཉེས་ལེགས་དང་མཛེས་སྡུག་གི་ཡུལ་ལ་རོལ་ལོ། །བུ་བཞི་པ་ནི་ཞལ་ཆེ་གཅོད་མཁན་ལྟར་ཐ་སྙད་འདོགས་ཏེ། ཞལ་ཆེ་གཅོད་པ་ཚོང་དུས་ཀྱི་ཡུལ་ལ་རོལ་བར་བྱེད་དོ། །དེ་ལ་རྟོགས་པའི་རང་ས་བཟུང་བའི་མན་ངག་གི་ཐབས་ཤེས་ན། མ་འཁྲུལ་བར་གནས་པའི་ཕུ་བོས་ནུ་བོ་གསུམ་པོ་དབང་དུ་བྱས་ནས་བསྒྲལ་དུ་བཏུབ་སྟེ་ཇི་ལྟར་བཏུབ་ན། ང་ནི་ཚུགས་ན་གནས་པའི་རྒྱལ་པོ་ཡིན་ན། ནུ་བོ་ཁྱེད་གསུམ་དག་ཀྱང་ཇི་ལྟར་དེ་བཞིན་དུ་ཕ་རྣམ་པ་སྒྱུ་མར་གཅིག་པ་ཡིན་པས། ལས་ཐབས་རྟོག་དཔྱོད་ཐ་སྙད་འདོགས་པ་གསུམ་ལ་མ་གནས་ཤིག་དང་ང་བཞིན་དུ་འགྱུར་རོ། །དེས་སྒོ་གཏན་མཚན་མར་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་ཡུལ་ལྔའི་སྣང་བ་མཐར་འཛིན་དང་བཅས་པ་ཕྱགས་ནས་རང་སྣང་བ་བདེ་བས་དབུལ་བའི་དྲི་མ་སེལ་བྱེད་བཞི་ཆའི་ནོར་བུ་ཆུ་དྭངས་སྤྲུལ་སྐུ་མངོན་སུམ་གྱིས་བླངས་ནས་ལོངས་སྤྱོད་དེ་དཀྱིལ་འཁོར་ལྔ་ཡེ་ཤེས་བཟོ་ལས་བྱས་པ་སྟག་གི་རྒྱལ་མཚན་ཉིད་གསལ་བར་བཙུགས་སོ། །དེའི་ཚེ་སྒོ་ལྔའི་ཡུལ་ལྔ་རྣམས་རྒྱལ་པོའི་ཞེས་རྒྱལ་པོ་ཆེན་པོ་སྣང་ལ་མི་རྟོགས་པའི་མངའ་རུ་བཞེས་ཏེ། དེ་ལས་གཞན་པའི་འབངས་མེད་པས་རྒྱལ་པོའི་ཐ་སྙད་ཀྱང་རང་སར་གྲོལ་ནས་ཡུལ་ལྔའི་འཁྲུལ་སྣང་ལོག་པས་ཡེ་ཤེས་ཀྱི་རང་འོད་ངོས་བཟུང་མེད་པར་རོལ་པ་སྒྱུ་མ་བདེ་མཆོག་ཏུ་གསལ་བ་ཡིན་ཏེ། ཡེ་ཤེས་གསང་བ་ལས། བཞི་ཆའི་རིག་པ་རང་གསལ་དེ། དུས་གསུམ་བདེ་གཤེགས་སྙིང་པོ་ཡིན། །གསུམ་ལྡན་འཁོར་བའི་རང་བཞིན་ནོ། །དུས་ཚོད་བླ་མའི་ཞལ་ལས་ཤེས། །གཞན་དུའང་དེ་བཞིན་ཁོ་ན་ཡིན། །ཞེས་དང་། ལྟ་བའི་ཀློང་ལས། སྣང་ལ་མི་རྟོག་དོན་ལ་མ་འཁྲུལ་བར། །སྒོ་ལྔས་ཡུལ་ལྔ་རྣམ་པ་སྒྱུ་མར་བཅད། །སྡུག་བསྔལ་རྩོལ་སྒྲུབ་བཅས་ཚེ་ངེས་ཤེས་འཆར། །སྤྲུལ་སྐུ་མ་བཙལ་གནས་པར་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། དབང་པོ་པདྨ་རྒྱལ་པོའི་ཐུགས། །འགྲོ་བ་ཀུན་ལ་རང་བཞིན་གནས། །མཐོང་བ་ལོག་པ་གཞན་འདོད་ཀྱང་། །སྤྲུལ་སྐུ་དང་པོ་གཞན་ལས་མིན། །ཀུན་བཟང་རྒྱལ་བའི་དགོངས་པ་ཉིད། །སྣང་བའི་ཚུལ་གྱིས་གཟུང་བྱས་ལ། །དྲན་པའི་ཚུལ་གྱི་ཉམས་སུ་བླངས། །འཕེན་པ་དང་པོའི་དུས་ནའོ། །རིན་ཆེན་གསུམ་གྱི་བརྟག་པ་ལས། །ཐབས་ཀྱི་བྱེ་བྲག་ཤེས་གྱུར་ན། །ཐོག་མའི་པདྨ་ཇི་བཞིན་ནོ། །དཀྱིལ་འཁོར་ལྔ་ཡི་ཡེ་ཤེས་འཕྲོ། །དེ་ནས་རྒྱལ་བའི་གྲལ་དུ་གནས། །ཐུགས་རྗེ་ཀུན་ལྡན་རྙོག་པས་བསླད། །དྭངས་མ་དུས་གསུམ་འགྱུར་བ་མེད། །ཅེས་སོ། །དཀྱིལ་འཁོར་ལྔ་ནི། ཡེ་ཤེས་གསང་བ་ལས། དབང་པོ་ཡུལ་ལ་གང་སྣང་བ། །ཡེ་ཤེས་འོད་དུ་ཀུན་ལ་གནས། །བཀྲ་གསལ་གཟུགས་ཀྱི་དཀྱིལ་འཁོར་ལ། །འོད་གསལ་རང་བྱུང་ངོ་མཚར་ཆེ། །བརྗོད་བྲལ་སྒྲ་ཡི་དཀྱིལ་འཁོར་ལ། །རྣ་བའི་ཡེ་ཤེས་རང་བཞིན་གསལ། །རང་བཞིན་སྣ་ཚོགས་དྲི་དག་ལ། །ཡེ་ཤེས་གསལ་བ་རང་བྱུང་སེམས། །མུ་ཁ་རོ་ཡི་དཀྱིལ་འཁོར་ལ། །ལྕེ་ཡི་ཡེ་ཤེས་ངོ་མཚར་ཆེ། །གསལ་བ་རེག་བྱའི་རང་བཞིན་ལ། །ཤེས་རབ་ལུས་ཀྱི་རང་བྱུང་གནས། །ཞེས་སོ། །དེ་ལྟར་རྟོགས་པའི་དོན་ལ་སེལ་མེད་པ་དེས་ན་རང་སྣང་ཐིག་ལེ་ཉག་གཅིག་ཏུ་གྲོལ་བས་རང་གདངས་སྒྱུ་མ་ལྷུན་གྲུབ་རིས་མེད་མཉམ་པ་ཆེན་པོར་ངང་གཅིག་གོ། །དེ་བས་ན་ཐིག་ལེ་ཉག་གཅིག་ཅེས་པའི་ངེས་ཚིག་ཀྱང་། ཡེ་ཤེས་གསང་བ་རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། ཐིག་ལེ་མི་འགྱུར་རང་སེམས་སྐྱེ་མེད་ཡིན། །ལེ་ནི་གང་ལ་ཁྱབ་མཉམ་པ་ཉིད་དུ་གསལ། །ཉག་ནི་ཕྲ་བས་སྐལ་མེད་སྤྱོད་ཡུལ་མིན། །ཅིག་ནི་རང་བྱུང་ཡེ་ཤེས་རང་སྣང་ངོ་། །ཞེས་དང་བྱང་ཆུབ་སེམས་ཡིད་སྐྱོབས་ཀྱི་དངོས་པོ་གནས་ལུགས་ཀྱི་ཡི་གེ་ལས། གསང་སྔགས་གནས་ལུགས་ཐིག་ལེ་ཉག་གཅིག་སྟེ། །ཀུན་བྲལ་ཀུན་དངོས་ཅི་སྤངས་ཅི་མ་སྤངས། །ཐིག་ནི་མི་གཡོ་མི་འགྱུར་མ་ནོར་དྲང་པོར་སྤྲོས་དང་བྲལ། །ལེ་ནི་ཀུན་དངོས་ཁྱབ་བདལ་ཅིར་ཡང་ཤར། །ཉག་ནི་ཟབ་ཅིང་ཕྲ་སྟེ་བརྟགས་པར་དཀའ། །གཅིག་ནི་ཅི་སྨྲས་ཅི་དྲན་ཡུལ་སེམས་བདག་གི་དབྱིངས། །ཞེས་དང་། ཀུན་བྲལ་ཕྱོགས་རིས་བདག་གཞན་རྒྱུ་འབྲས་སྤྲོས་པ་བྲལ། །ཀུན་དངོས་རང་ཉིད་མ་རིག་ཅིར་ཡང་ཤར། །ཅི་སྤངས་རང་རིག་རང་རྟོགས་ཐམས་ཅད་རང་དུ་བརླག །ཅི་མ་སྤངས་པ་སྣང་སྲིད་མ་བཅོས་རང་སར་གྲོལ། །ཞེས་གསུངས་པས་ཆོས་ཉིད་མཉམ་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཀློང་དུ་ཤེས་པར་བྱ་ཡི་མངོན་སུམ་ཕྱོགས་གཅིག་པར་གཟུང་བར་མི་བྱའོ། །གཉིས་པ་ནི། གཅིག་ནི་ཕྱི་ནང་སོགས་ཚིགས་བཅད་ལྔས་བསྟན་ཏེ། སྤྲོས་པ་སྣ་ཚོགས་སུ་གཅོད་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ནི་ཕྱི་སྒོ་ལྔ་དང་ནང་ཉོན་ཡིད་གཉིས་ཀྱི་བར་སྒོ་ཡིད་ཀྱི་དབང་པོའི་ཕྱི་མཚམས་ན། མ་འོངས་ལུང་སྟོན་པ་དང་འདས་པ་གླེང་སློང་གི་བུ་མོ་སྐད་ཚངས་པའི་དབྱངས་ལྟར་སྙན་ལ་གཏམ་རྒྱུད་ཚངས་པ་ཆེན་པོ་ལྟར་མཁས་པ་གཉིས་ཀྱིས་ཡིད་འཕྲོག་ནས་བྱ་བ་མང་པོས་དོན་མེད་རྣམ་གཡེང་ལ་ཤོར་བའོ། །སྒོའི་ནང་ན་སྒོ་སྲུང་ཡིད་ཀྱི་རྣམ་པར་ཤེས་པ་བྱ་བ་མང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་བུ་གསུམ་ཡོད་པ་ལས་བུ་ཆེན་པོ་ནི་སྔར་བྱས་པ་ཐམས་ཅད་དོན་མེད་དུ་གྱུར་པ་ཞེས་བྱ། བུ་ཆུང་བ་ནི་ཕྱིས་བྱེད་པ་ཐམས་ཅད་ཟིན་པ་མེད་པ་ཞེས་བྱ་བ། བུ་བར་བ་ནི་རྟོགས་པའི་གདེངས་ཆེན་པོ་དང་ལྡན་ཞིང་རྩོད་པ་མི་བྱེད་པས་འཛངས་པ་བར་ན་ཡོད་པས་གཟུ་བོར་གནས་པ་ཞེས་བྱའོ། །དེ་ལ་བུ་ཆེན་པོ་ནི་དོན་མེད་ཐང་ཆད་ཀྱི་ཡུལ་ལ་རོལ་ལོ། །བུ་ཆུང་བ་ནི་ཟིན་མེད་སྒྱིད་ལུག་གི་ཡུལ་ལ་རོལ་ཞིང་། བུ་བར་པ་ནི་མཐའ་བྲལ་འོད་གསལ་གྱི་དགོན་པར་རོལ་བ་ལས། བུ་ཆེ་ཆུང་གཉིས་བུ་མོ་གཉིས་ཀྱི་གཏམ་རྒྱུད་དག་ལ་མ་མཐུན་ཏེ་རྩོད་པ་བྱེད་དོ། །དེ་ཡང་མ་བཅོས་རང་གྲོལ་དུ་འཆར་བའི་མན་ངག་གི་ཐབས་ཤེས་ན་བུ་བར་པས་གོང་འོག་གཉིས་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། ངས་ནི་གཏམ་རྒྱུད་ལ་བསམ་པ་མེད་དེ། བྱ་བ་མང་ལ་ཟིན་པ་ཉུང་། དོན་ཆུང་ལ་ཉེས་པ་མང་བས་སོ། །དེས་ན་སྡུག་བསྔལ་གྱི་རྒྱུ་བྱ་བ་སྣ་ཚོགས་ཞོག་ལ་འོད་གསལ་གྱི་དགོན་པར་འདོད་དང་། བུ་ཁྱེད་གཉིས་ཀྱང་བར་པ་ང་བཞིན་དུ་བདེ་བ་འདོད་པ་ལ་གཅིག་པར་འདུག་པས་སོ། །ཞེས་པས་དྲངས་ཏེ་འཛངས་པས་ཞེས་འཛངས་པ་ཞི་དལ་ཅན་གྱིས་རི་རྒོད་ཀླུངས་སུ་ཕབ་པར་བྱས་ཏེ་ངེས་སྒོ་གཏན་སྤྲོས་པ་སྣ་ཚོགས་སུ་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་སྤྲོས་པའི་ཡུལ་སྣང་ཕྱོགས་འཛིན་དང་བཅས་པ་ཕྱག་ནས་རང་བཞིན་གཉུག་མའི་དོན་གྱིས་དབུལ་བའི་དྲི་མ་སེལ་བྱེད་རྩོལ་བྲལ་གྱི་ནོར་བུ་བཀྲ་ཤིས་ཆོས་སྐུ་ཐུག་ཕྲད་ཀྱིས་བླངས་ཏེ་ལོངས་སྤྱད་ནས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་རི་རབ་ལྟ་བུའི་འབྱུང་ཆེན་གཏོས་ཀྱི་རྒྱལ་མཚན་བཙུགས་སོ། །དེ་ལྟར་ཆེ་ཆུང་རྩོད་པ་མེད་པས་བར་བ་གཟུ་བོའི་ཐ་སྙད་ཀྱང་རང་སར་གྲོལ་ཏེ་སྤྲོས་པའི་རྟོག་འཛིན་དང་བརྡ་དོན་དུ་ཞེན་པའི་བློ་དང་བྲལ་བས་གཉུག་མའི་རིག་པ་རང་སོ་ན་གསལ་བ་ཡིན་ཏེ། ཡེ་ཤེས་གསང་བ་ལས། རྩོལ་བྲལ་ཟིན་དང་མ་བཟུང་བར། །གསང་བའི་འཁོར་ལོ་ཡེ་ཤེས་གཏེར། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །རིག་པའི་བསྟན་པ་སྒྲོགས་པའི་བདག །ཅེས་དང་། ལྟ་བའི་ཀློང་ལས། ཡིད་ཀྱི་ཡེ་ཤེས་ཟིན་དང་མ་བཟུང་བར། །སྤྲོས་པའི་རང་བཞིན་སྤྲོས་བྲལ་ཉིད་དུ་ཟིན། །བསམ་གྱིས་མི་ཁྱབ་དུས་སུ་ངེས་ཤེས་འཆར། །ཆོས་སྐུ་མ་བཙལ་གནས་པར་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། གསང་བའི་པདྨ་སྔགས་ཀྱི་སེམས། །དཔྱོད་པ་བྲལ་བའི་དུས་ན་ཤེས། །བཏང་བཞག་རང་བཞིན་བྱ་བ་བྲལ། །འཁོར་བ་རྣམ་པར་མི་སེམས་ཏེ། །མྱ་ངན་འདས་པའི་རྒྱུ་བའང་བྲལ། །རྫོགས་པའི་དགོངས་པ་བྱ་མེད་ལ། །དུས་གསུམ་མ་ཡེངས་སྲོག་ཏུ་སེམས། །བླང་དོར་མི་མངའ་ལྟ་བ་མེད་། །རང་བཞིན་རྒྱལ་བའི་ལྟ་བ་ཡིན། །མི་རྩོལ་དབུ་མ་དྲང་པོའི་ལམ། །གང་གིས་མ་བཅོས་ཐུགས་ཀྱི་ལམ། །ཞེས་སོ། །གསུམ་པ་ནི། གཅིག་ནི་ནང་བསྟན་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བག་ཆགས་ཀྱི་ཤེས་པའི་རྒྱུད་ལ་ངར་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་གཅིག་ནི་ཁ་ནང་དུ་ཀུན་གཞི་ལ་བསྟན་པའི་སྒོ་དང་མཚུངས་པར་ལྡན་པའི་འགྲམ་ན། སྲིད་པོ་སྟོབས་ཆེན་ཉོན་ཡིད་ལས་བྱུང་བའི་བུ་སྤུན་དུག་ལྔ་ནི་རྣོ་ཞིང་འཛུགས་པས་རང་ལ་རང་གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས། རང་ཉིད་ལ་ཤེད་ཆེར་སྐྱེད་ཅིང་ནུས་པའི་མཐུ་སྟོབས་དང་ལྡན་པར་བྱེད་ལ། སྒོ་དེའི་ནང་ན་སྒོ་སྲུང་སྡིག་ཅན་སྤྱི་ལ་རང་དུ་དམིགས་པ་བྱ་བ་དེ་ལ་བུ་ཉོན་མོངས་པ་ལྔ་དང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །དེ་རྣམས་འདུས་པའི་ཐ་ཆུང་མཐར་ཐུག་ཐ་མ་ནི་རྟོགས་པའི་གདེངས་ཆེན་པོ་མངའ་བའི་དཔའ་བོ་ཉོན་མོངས་པའི་གཡུལ་ངོ་འཇོམས་པར་བྱེད་པ་ཞེས་བྱ་བ་གནས་ལ། དེ་དག་གི་ཡང་ཕུ་བོ་རྣམས་ནི་དངོས་དང་བརྒྱུད་པའི་ཚུལ་གྱིས་ན་རག་དམྱལ་བའི་ཡུལ་ན་ཡོད་ཅིང་། ཐ་ཆུང་རང་རིག་ནི་དགོས་པ་འདོད་རྒུར་འབྱུང་བས་བདེ་བ་ཆེན་པོ་རིན་ཆེན་གྱི་གླིང་ན་ཡོད་པ་ལ། ཡུལ་མེད་འཛིན་བྲལ་དུ་གསལ་བའི་མན་ངག་གི་ཐབས་ཤེས་ན་བུ་ཆུང་བས་གཅེན་པོ་རྣམས་ཐབས་ཀྱིས་དབང་དུ་བྱས་ཏེ་བསྒྲལ་དུ་བཏུབ་པ་ནི། འུ་ཅག་ཀུན་ཀྱང་དཔའ་བོར་མཐར་ཐུག་པ་ཡིན་པས། ཐ་ཆུང་ང་ཉིད་ལ་ཉོན་མོངས་པ་ཀུན་གྱི་སྟོབས་ཐམས་ཅད་རྫོགས་པར་གནས་ན། ཁྱེད་ཅག་གིས་ཤེད་ཆེར་སྐྱེད་ཅིང་ནུས་པའི་སྟོབས་ཤུགས་དང་རྣོ་མཚོན་ཀུན་གྱིས་རང་ལ་རང་གིས་འཇོམས་པར་བྱས་ནས་མ་བརླག་གམ། དེ་བས་ན་ཡུལ་ངན་པ་ན་རག་གི་རྟེན་དེ་བོར་ལ། བདེ་ཆེན་རིན་ཆེན་གྱི་གླིང་དུ་འདོང་ངོ་། །ཞེས་བྱས་ཏེ། དེས་སྒོ་གཏན་ང་བདག་ཏུ་འཛིན་པ་བཅག་སྟེ་འཁོར་ས་རིགས་དྲུག་གི་བདག་གཞན་དུ་སྣང་བ་དམིགས་འཛིན་དང་བཅས་པ་ཕྱགས་ནས་རྩོལ་བྲལ་གྱི་བདེ་བས་དབུལ་བ་དང་རྩོལ་བའི་ནད་དང་ཕྱོགས་ལྷུང་གི་བཀྲ་མི་ཤིས་པ་ཐམས་ཅད་སེལ་བྱེད་རང་རིག་པའི་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལོངས་སྐུ་ཐུག་ཕྲད་ཀྱིས་བླངས་ནས་ལོངས་སྤྱད་དེ། རང་བྱུང་རིག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུར་མི་ནུབ་པའི་རྒྱལ་མཚན་ལེགས་པར་བཙུགས་སོ། །དེའི་ཚེ་ན་ཐམས་ཅད་དཔའ་བོ་ཆེན་པོར་གྱུར་ཏེ་མི་མཐུན་པ་མེད་པས་དཔའ་བོའི་ཐ་སྙད་ཀྱང་རང་སར་གྲོལ་ཏེ་བརྡ་གྲོལ་རང་བྱུང་རང་ཤར་དུ་རྟོགས་པས་རང་རིག་བདེ་བ་ཆེན་པོར་ཡེ་གསལ་ཕྱོགས་མེད་ཀྱི་ངང་དུ་གདལ་ཁྱབ་ཆེན་པོར་གནས་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཤེས་རབ་གསང་བའི་དཀྱིལ་འཁོར་ནི། །དགུ་རུམ་སྦས་པ་དག་ཡིན་ཡང་། །གསལ་བྱེད་སྒྲོན་མ་དེ་ཡིས་མཐོང་། །ཡེ་གསལ་ཆེན་པོ་ཕྱོགས་མེད་གདལ། །ཕྱི་ནང་མེད་པར་ཀུན་ལ་གསལ། །ཞེས་དང་། ལྟ་བའི་ཀློང་ལས། །རང་རིག་མངོན་སུམ་ངར་འཛིན་ཉོན་མོངས་ཆེ། །སིངས་ཀྱིས་རིག་ལ་གང་དུའང་མི་རྟོག་པར། །རང་རིག་བདེ་ཆེན་ཤར་དུས་ངེས་ཤེས་འཆར། །ལོངས་སྐུ་ལྷུན་གྱིས་གནས་པ་འཐད་པས་གྲུབ། །ཅེས་དང་། རིན་པོ་ཆེ་འོད་ལས། སྙིང་གི་པདྨ་རིན་པོ་ཆེ། །འོད་གསལ་རིག་པའི་དཀྱིལ་འཁོར་ལྔར། །ཆགས་པ་ལ་སོགས་ཉོན་མོངས་ལྔ། །མཐར་ཐུག་ཐ་མའི་དུས་ན་མཐོང་། །གང་སྐྱེས་དུས་ན་ཡུལ་མི་དཔྱད། །མི་དགག་ངོ་བོ་ཉིད་ལ་བཞག །ཅེས་སོ། །གཉིས་པ་རྣལ་འབྱོར་མངོན་སུམ་གྱིས་ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པར་སྟོན་པ་ནི། གཅིག་ལ་གསུམ་བྱུང་སོགས་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བསྟན་ཏེ། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས། འཁོར་བ་རྣམས་ཀྱི་ཐོག་མ་ནི། །མི་འབྱེད་བྱས་མེད་རང་བཞིན་ལས། །དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་དད་སྣང་། །ཞེས་སོགས་གསུངས་པ་ལྟར། འཁྲུལ་གཞི་རང་ངོ་མ་ཤེས་པའི་ཐིག་ལེ་ཉག་གཅིག་ལ་སྐྱེ་ལུགས་གསུམ་དུ་བྱུང་ནས་རྣམ་པར་ཤེས་པ་ཚོགས་བདུན་གྱིས་རྒྱུད་དཀྲུགས་པས་གཞི་དོན་དྭངས་པའི་རྒྱ་མཚོ་ལྟ་བུར་གནས་པ་དེ་ཉིད་བག་ཆགས་ཀྱི་རྙོག་པས་བསླད་དེ་སྦྱོར་བ་དོན་གྱི་ཀུན་གཞིར་སྨིན་པའི་དབང་གིས་འཁྲུལ་བའི་འཁོར་ལོར་འཕྱན་པ་ལ། ཡེ་ཤེས་གསང་བ་ལས། བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །གདོད་ནས་རྩོལ་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཉི་མའི་སྙིང་པོར་ཤར། །རང་གསལ་མུན་པ་ཡེ་ནས་དག །ཅེས་དང་། ལྟ་བའི་ཀློང་ལས། རང་རིག་སྟོང་ཉིད་སྤྲུལ་པའི་རྣམ་པ་ཅན། །ངང་ལ་གནས་པས་བག་ཆགས་རྙོག་གཞི་དྭངས། །རྣལ་འབྱོར་ཤིན་ཏུ་རྫོགས་གསལ་སྐུ་གསུམ་དང་། །རྟོག་པ་རང་གྲོལ་ཡེ་ཤེས་མ་འཁྲུལ་འཐད། །ཅེས་དང་། རིན་པོ་ཆེ་འོད་ལས། གསང་བའི་པདྨ་ཆོས་ཀྱི་སྐུ། །མ་བཅོས་རང་གསལ་གཟུང་འཛིན་བྲལ། །རྫོགས་པའི་ལོངས་སྤྱོད་བདེ་བའི་སྐུ། །སྤྲུལ་སྐུ་གང་ལའང་ངོས་གཟུང་མེད། །དབྱེར་མེད་རིག་པ་གཅིག་ལ་གནས། །ཞེས་དང་། རྟོགས་པས་གཞན་ནས་མ་འོངས་ཏེ། །རང་བྱུང་སྙིང་པོ་ཐོག་མ་མེད། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ཉིད། །རྒྱལ་བའི་སྐུ་དང་རང་བཞིན་ལྡན། །ཞེས་གསུངས་པ་ལྟར། སྤྲུལ་སྐུ་དབང་པོའི་མངོན་སུམ་ནོར་བུ་ཆུ་དྭངས་ལྟ་བུ་དང་། ཆོས་སྐུ་ཡིད་ཀྱི་མངོན་སུམ་ནོར་བུ་བཀྲ་ཤིས་ལྟ་བུ་དང་། ལོངས་སྐུ་རང་རིག་མངོན་སུམ་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་དང་གསུམ་གྱིས་རིམ་པ་བཞིན་དུ་རྒྱ་མཚོ་ཆེན་པོའི་རྙོགས་པ་སངས་འོ་མའི་ངོ་བོར་བྱས་བདུད་རྩི་དྭངས་གསལ་འཁྱིལ་བའི་ཀློང་དུ་གྱུར་པ་ལྟར། རྣམ་ཤེས་ཚོགས་བདུན་ལ་ཐུག་ཕྲད་གསུམ་གྱིས་རྟོགས་པའི་ངོ་བོ་ཉིད་དེ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་ཤིན་ཏུ་རྫོགས་པར་ཀུན་གསལ་རྣལ་འབྱོར་མངོན་སུམ་གྱིས་མཐའ་གྲོལ་ཟང་ཐལ་དུ་མཐོང་བས། བག་ཆགས་ཀྱི་རྟེན་གཞི་སྦྱོར་བ་དོན་གྱི་ཀུན་གཞི་རང་སར་གྲོལ་ཏེ་སྐུ་གསུམ་དབྱེར་མེད་ཡོངས་རྫོགས་ངོ་བོ་ཉིད་ཀྱི་སྐུ་རུ་ཤར་ནས་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ལ། ཐ་སྙད་དུ་མ་བཅོས་པ་དང་ལྷུན་གྱིས་གྲུབ་པ་དང་རིག་པ་རང་གསལ་པ་ཞེས་སུ་བཏགས་པའང་དགོས་པས་ཞེས་གནས་ལུགས་ཀྱི་ངོ་བོ་མཚོན་པའི་ཕྱིར་དགོས་དབང་གིས་བཏགས་པ་ཡིན་གྱི་དོན་ཐུན་མོང་མིན་པར་གནས་པར་ཡིན་པས་སྒྲ་ཇི་བཞིན་པ་མིན་ཏེ། ཐལ་འགྱུར་ལས། གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱར་མེད་རྩོལ་བྲལ་འབྲས་བུར་དྲིལ། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ལ། དེ་ལྟར་སོ་སོའི་མཚོན་ཚུལ་མ་འདྲེས་ན་ཡང་ངོ་བོ་དབྱེར་མེད་དུ་གྲོལ་བས་མཐའ་བྲལ་ཡོངས་རྫོགས་ཀྱི་གནས་ལུགས་མཐོང་སྟེ། དེ་ལས་ཡར་གཤེགས་ཀྱང་དགུང་ལ་ཤུལ་མི་མངའ་བའི་རྩེ་མོར་གྱུར་ཏེ་མཐར་ཕྱིན་པ་ཡིན་པས། དེ་ཉིད་ལས། གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གིས། །འཇུག་དང་ཤེས་དང་གོམས་པ་ལས། །ངོ་ཤེས་པ་ལས་རང་ངོ་སྟེ། །ཡིད་ཆེས་པ་ཡི་ཐུག་པའོ། །ཐག་ཆད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱི་ངེས་པ་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་གི་གདགས་གཞི་ལས། །སྒྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། དོན་ཡང་བཏགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་ཡང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད། །གདུལ་བྱའི་ཡུལ་ནི་སྣ་ཚོགས་པས། །འདུལ་བྱེད་སྐུ་ཡང་དེ་བཞིན་ནོ། །རིགས་དང་དབང་པོའི་རྣམ་འཕྲུལ་ལས། །འཁོར་འདས་རྟོག་པ་ཐ་དད་དེ། །དེ་ཉིད་སོ་སོའི་ཡུལ་བཞག་ན། །མ་བཅོས་དོན་གྱི་དགོངས་པའོ། །ཞེས་དང་། འཁོར་བའི་ལམ་རྒྱུད་གཅད་འདོད་ན། །བྱ་བ་བྲལ་བར་རྫོགས་པས་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་དངོས་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པའི་ཚིག་གི་གཞི། །དངོས་བྲལ་སྟོང་པ་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུངས་ལྟ་བའི་དོན། །འདི་ཤེས་འཁོར་བའི་ལམ་འགག་གོ། །ཞེས་སོ། །དེ་ལྟར་འཁྲུལ་པ་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་གནས་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་ངོ་ཤེས་ཤིང་མ་ནོར་བར་རྟོགས་པས་དེ་ལས་གཞན་པའི་སེལ་མེད་པ་ནི་དཔེར་ན་རིན་ཆེན་གྱི་གླིང་ན་ས་རྡོའི་སེལ་མེད་པ་བཞིན་ནོ། །དེ་ལྟར་ཡང་ཡེ་ཤེས་གསང་སྒྲོན་ལས། སེམས་རྟོགས་མེད་ཅིང་ཡེ་ཤེས་གསལ། །གནས་ལུགས་ངང་ལས་མ་གཡོས་པས། །དཔེར་ན་གསེར་གླིང་ཕྱིན་པ་འདྲ། །དགོངས་པ་རྡོ་རྗེ་འཆང་དང་མཉམ། །ཞེས་དང་། ཡིན་པ་གསུམ་གྱིས་ཐག་བཅད་དེ། །སྐུ་གསུང་ཐུགས་ལ་ཡིད་ཆེས་སྐྱེ། །རིན་པོ་ཆེ་ཡི་གསེར་གླིང་དུ། །ཕྱིན་པས་ཐམས་ཅད་གསེར་དུ་སྣང་། །འཁོར་འདས་བཟང་ངན་མེད་པར་ཤེས། །ཅེ་སྤྱང་ཨེ་ནའི་མིག་བཞིན་དུ། །གཉིས་སུ་མེད་པར་ཐག་ཆོད་དོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་དང་། གསང་བ་སྒྲ་རྒྱུད་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །ཞེས་དང་། ཡང་ནི་རྫོགས་པ་ཆེན་པོ་ཡི། །གནད་ཤེས་པ་ལས་ཡེ་ཤེས་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཀུན་ཏུ་རྟོག་པས་སྤྲོས་དང་བྲལ། །ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་བའི་རང་བཞིན་ནོ། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེས་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་པ་ལས། །སངས་རྒྱས་རྣམས་ཀྱི་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོགས་ཚད་མེད་དོ། །གསུམ་པ་དེ་ལྟར་རང་མཚན་མཐོང་བས་ལྟ་བའི་གདིངས་ཚད་ངོས་བཟུང་བ་ལས། ལྟ་བས་མངོན་སུམ་རང་ཐོག་ཏུ་ཕེབ་པའི་རྟགས་ཚད་དང་། དེ་ལས་རྟོགས་པ་གདེངས་སུ་གྱུར་པའི་རྟགས་ཚད་གཉིས་ལས། དང་པོ་ནི། རང་མཚན་མངོན་སུམ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཆོས་ཉིད་རང་གི་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་མངོན་སུམ་བཞི་རྫོགས་ཀྱི་ཟང་ཐལ་དུ་རང་རིག་པའི་ཡེ་ཤེས་ཀྱིས་རང་གསལ་མ་བཅོས་པར་རྟོགས་ན་ཕ་བླ་མ་ལ་བཀའ་དྲིན་གཟོ་བས་དད་མོས་གུས་པ་དང་བཅས་ཏེ་བརྩེ་བ་ཆེ་ཞིང་། མཆེད་གྲོགས་དམ་ལྡན་ཀུན་ལ་རྡོ་རྗེའི་སྤུན་དུ་མཐོང་ནས་གདུང་སེམས་ཆེ་ལ། མ་རྟོགས་པའི་འགྲོ་བ་འཁྲུལ་བར་ཞེན་པ་རྣམས་ལ་སྙིང་བརྩེ་དང་བཅས་པས་ཕན་པའི་སེམས་དང་ལྡན་པ་དང་། བསྲུང་བྱ་དམ་ཚིག་ལ་བརྟན་པར་གནས་ཏེ་ཀུན་ཏུ་རྫོགས་པས་མི་འབྲལ་བར་རུབ་ཅིང་རྟོགས་པའི་དོན་ལ་རྟེན་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱེད་དེ། དེས་ན་ཕྱི་ནང་གི་དངོས་པོ་གང་ལའང་ཞེན་པ་མི་བརྟན་པར་དགྲ་གཉེན་ལ་སོགས་པའི་ཕྱོགས་རིས་ཀྱི་གཏད་འཛིན་ཆུང་བ་དང་། ནང་ན་རྟོགས་པའི་གདེང་དང་ལྡན་པས་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཏུ་དོགས་པ་མེད་ཅིང་། ཐེག་པའི་རིམ་པ་གང་གིས་ཀྱང་དོན་གྱི་གནས་ལུགས་མཚོན་པར་བྱེད་པའི་ཚིག་རྣམས་ལ་ཡིན་མིན་གྱི་ཡངས་དོག་གི་ཁྱད་པར་མེད་ལ། གང་ལྟར་སྤྱད་ཀྱང་མི་འཆིང་བས་སྤྱོད་ལམ་ཡོངས་ལ་གྲུབ་མཐའ་ལ་སོགས་པ་གང་གིའང་ཕྱོགས་འཛིན་ཆུང་བ་སོགས་ཀྱིས་རྟོགས་པའི་ཚད་དང་ལྡན་པར་འགྱུར་རོ། །གཉིས་པ་ནི། ངེས་པར་གདེངས་སུ་སོགས་རྐང་པ་ལྔས་བསྟན་ཏེ། དེ་ལྟ་བུའི་གནས་ལུགས་ཟབ་མོ་ངེས་པར་རྟོགས་ཏེ་གོམས་པས་གདེངས་སུ་གྱུར་པ་ན། ལས་ཀྱི་སྐྱེ་རྐྱང་ཆོག་པས་ངན་འགྲོ་གསུམ་གྱི་སྡུག་བསྔལ་ལས་གྲོལ་ནས་ཕྱོགས་མེད་ཀྱི་དོན་རྟོགས་པས་ཐེག་པ་དམན་པ་ལས་ཁྱད་པར་དུ་འཕགས་ཤིང་། ཅི་སྤྱོད་དོན་ལས་མི་ཉམས་པས་རྒྱལ་བ་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་ཐོབ་ཅིང་། ཐུན་མོང་ཐ་མལ་གྱི་སྡིག་པའི་རྣམ་སྨིན་སྡུག་བསྔལ་གྱི་ཟུག་རྔུ་མེད་ལ། ཡོན་ཏན་གྱི་གྲངས་མཐའ་ཡས་ཡང་ཚད་མེད་འབྱུང་བས་རྒྱལ་བས་ཀྱང་བརྗོད་པ་ལས་འདས་པ་ཡིན་ཏེ། ཐལ་འགྱུར་ལས། འདིར་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དུ་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལ་གྲོལ། །འདོད་ཡོན་རྣམས་ནི་རང་རྫོགས་ཏེ། །སྣ་ཚོགས་འགྱུར་བ་སོ་སོའི་གནས། །གཅིག་ཤེས་པ་ཡིས་གྲོལ་བར་གནས། །དེས་ན་ཆོས་ཉིད་རྟོགས་པ་སྟེ། །ཆ་ཤས་ཉིད་དང་བྲལ་བའོ། །ཞེས་དང་། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཆར་རང་གྲོལ་བས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོངས་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་སོ། །བཞི་པ་རྟོགས་པ་དེ་ཉིད་གཞན་ལས་འཕགས་པའི་ངེས་གསང་གི་ཁྱད་པར་བསྟན་པ་ལ། ཐེག་པ་གཞན་གྱི་རང་ས་ཐོབ་ཀྱང་མཐར་ཕྱིན་མི་ནུས་པའི་ཚུལ། དོན་འདི་རྟོགས་ན་སྙིང་པོའི་བྱང་ཆུབ་ལ་སྦྱོར་བས་ཆོས་ཉིད་རང་མཚན་མཐོང་བའི་ཁྱད་ཆོས་ལྡན་ཚུལ། དེའི་ཕྱིར་ན་སྐལ་བཟང་དམ་པས་རང་གཏེར་ལོང་ལ་འགལ་རྐྱེན་སྤོངས་ཤིག་པར་གདམས་པ་དང་གསུམ་ལས། དང་པོ་ནི། འདི་མེད་དོན་ལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེའི་ཕྱིར་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་ལྟ་བའི་ངེས་གསང་འདི་ཉིད་ཇི་བཞིན་དུ་རྟོགས་པ་མེད་ན་ཐེག་པ་འོག་མ་པ་དག་གིས་རང་སའི་དོན་ལ་རྩོལ་བ་ཆེན་པོས་ཇི་ལྟར་འབད་ཅིང་བཙལ་བར་བྱས་ཀྱང་མཐར་ཐུག་གི་འབྲས་བུའི་ས་ལ་གནས་པ་མིན་ཏེ། འབྲས་བུ་གོང་མར་སྐྱེ་ཞིང་རང་འབྲས་འཇིག་པ་དང་བཅས་པས་ན་འཁོར་བའི་ཕྱོགས་སུ་གྱུར་པར་རྒྱུད་ལས་བཤད་དེ། ཡེ་ཤེས་གསང་བ་ལས། གསུམ་ལ་ངོས་བཟུང་མི་མངའ་སྟེ། །བརྒྱད་ཀྱིས་རང་འདོད་གཉིས་ཀྱིས་ལོག །གཅིག་གིས་མ་རིག་ཁས་མི་ལེན། །དྲུག་གིས་ལྔ་ཡི་འབྲས་བུ་མྱོང་། །དེས་ན་ཡེ་ཤེས་གསང་བ་ཡིན། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། གང་དག་དག་པའི་འཁོར་ལོ་ལ། །སྦྱོར་འདོད་རྒྱུར་རྩོལ་གང་ཞིག་ན། །མཐུན་པ་ཉིད་ན་མི་མཐུན་པ། །ཐུག་པ་མེད་དེ་གང་ལ་འཐད། །ཅེས་སོ། །དེ་ཡི་ཕྱིར་དེ་དག་གི་རྟོགས་དོན་གང་ཡིན་པ་དེ་ཉིད་དཔེར་བྱས་ན། ནོར་བུ་འཆིང་བུ་རྒྱལ་མཚན་གྱི་རྩེར་ཞེས་རྩེ་མོར་འདོགས་ནས་བཀུར་སྟི་བྱས་ཀྱང་དགོས་འདོད་གྲུབ་པ་མི་འབྱུང་བ་དང་འདྲ་སྟེ། རང་སའི་འདོད་པ་དོན་དུ་གཉེར་བ་ཙམ་ལས་མཐར་མི་ཕྱིན་པར་དམར་ཐག་ལས་པ་ནི་ལེའུ་གཉིས་པར་བཤད་པའི་མ་ཧེའི་ཞོའི་བཅུད་ལ་སྙིང་པོ་རང་ས་སྣུམ་པར་བཤད་པ་དེ་བཞིན་ཙམ་དུ་ངེས་པར་གནས་པས་སོ། །གཉིས་པ་ནི ། དེ་བས་འདི་རྟོགས་སོགས་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟན་ཏེ། དེ་ལྟར་ཐེག་པ་གཞན་གྱིས་མཐར་མི་ཕྱིན་པའི་སྐྱོན་ཡོད་པ་དེ་བས་ན་རྣལ་མའི་དོན་ཟབ་མོ་འདི་ཉིད་མ་ནོར་བར་རྟོགས་ན་ཤེས་སྒྲུབ་ཀྱི་དོན་མ་ལུས་པ་ཀུན་མཐར་ཐུག་པར་རྫོགས་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཡེ་ཤེས་གསང་བའི་དོན་རྟོགས་ན། །མི་གཡོ་སེམས་ཀྱི་དཀྱིལ་འཁོར་ནས། །ཐེག་པ་ཀུན་གྱི་འབྲས་བུར་འཆར། །དེས་ན་ཀུན་གྲོལ་དགོངས་པའི་ཐུགས། །ཞེས་གསུངས་པས་དཔེར་ན་རྒྱ་མཚོ་ཆེན་པོ་དང་གསེར་གྱི་འོག་གཞི་ས་ཡི་དཀྱིལ་འཁོར་གྱི་སྟེང་ན་ཀུན་གྱི་བཀོད་པ་རྫོགས་པ་དང་འདྲ་ལ། དེ་ལྟ་བུའི་དོན་གྱི་ངོ་བོ་དེ་ཡང་ཕྱོགས་ཀུན་ནས་མཐུན་པར་མཚོན་པའི་དཔེ་ལས་འདས་པ་ནི་དཔེར་ན་དམུས་ལོང་ལ་མར་གྱི་རང་མདོག་མཚོན་དུ་མི་བཏུབ་པ་དང་འདྲའོ། །མུ་མཐའི་ཕྱོགས་སུ་འདི་ལྟ་བུ་ཁོ་ན་ཡིན་ཞེས་ཚིག་ཏུ་བརྗོད་པའི་ཐ་སྙད་དང་བྲལ་བ་ནི། ཁམས་གསུམ་གྱི་དང་པོའི་ཞེས་དང་པོ་འདོད་པའི་ཁམས་ཀྱི་ལས་རྣམས་ཀྱི་མཐའ་ཉམས་སུ་མྱོང་ཚུལ་སྣ་ཚོགས་པས་གཅིག་ཏུ་མ་ངེས་པ་དང་འདྲ་ལ། ཆོས་ཐམས་ཅད་མ་ནོར་བར་ཆོས་ཉིད་རང་སྣང་གི་ཀློང་དུ་རྫོགས་པ་ནི་ཆུ་ཡི་རླབས་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་བཞིན་དུ་ཡིན་ཞིང་། རྟོགས་པའི་ལྟ་བ་གསལ་ན་ཆེ་བའི་ཡོན་ཏན་རྣམས་ཤུགས་ལ་འཆར་བ་ནི། ནོར་བུའི་མཆོག་ཆེན་དབང་གི་རྒྱལ་པོ་ཉིད་མཆོད་ཅིང་བསྙེན་བཀུར་བྱས་པ་དང་འདྲ་བ་ཡིན་པས་རྟོགས་དོན་ཕུལ་དུ་བྱུང་ཞིང་བླ་ན་མེད་པ་དམ་པའོ། །གསུམ་པ་ནི། དེས་ན་སྐལ་ལྡན་སོགས་རྐང་པ་གཅིག་ལྷག་པས་ཚིགས་བཅད་ཀྱིས་བསྟན་ཏེ། བཤད་མ་ཐག་པ་དེ་ལྟ་བུའི་སྐྱོན་ཡོན་གྱི་ཁྱད་པར་ཡོད་པ་དེས་ན་བློ་མཆོག་སྐལ་བ་དང་ལྡན་པ་དག་གིས་རང་ལ་ཡོད་པའི་དགོས་འདོད་ཀུན་འབྱུང་གི་གཏེར་ཆེན་པོ་རྨད་དུ་བྱུང་བ་འདི་ཉིད་བློ་གྲོས་གསལ་ཞིང་དད་བརྩོན་དང་གུས་པས་ལོངས་ལ་ཚུལ་བཞིན་དུ་སྤྱོད་ཅིག །ཅེས་བསྐུལ་བར་མཛད་པ་སྟེ། རིན་པོ་ཆེ་སྤྲུངས་པ་ལས། ང་ནི་སྒྲ་ཚད་རང་རིག་ལ། །ཡོན་ཏན་རིན་ཆེན་གཏེར་ཆེན་འཆང་། །འདི་ནི་བཅངས་པ་ཙམ་གྱིས་ཀྱང་། །ཟད་པ་མེད་པའི་ལོངས་སྤྱོད་ཐོབ། །ཟད་མེད་འདི་ལ་གང་གནས་པ། །ནུབ་པ་མེད་པའི་གཏེར་ཆེན་རྙེད། །གཏེར་འདི་གང་གིས་རྙེད་པའི་མི། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་ལས། །བདེན་གོམས་རྣལ་འབྱོར་སྐལ་ལྡན་པ། །སུས་མ་རྙེད་པའི་དོན་རྙེད་དེ། །འདི་ལ་རིན་ཐང་དཔག་ཏུ་མེད། །དཔག་མེད་ནོར་དང་འཕྲད་པའི་མིས། །སུས་མ་མཐོང་བའི་སྣང་བ་མཐོང་། །འདི་མཐོང་རང་རིག་ལྟད་རེ་ཆེ། །དེ་ལྟར་སེམས་ལ་ལྟད་ཆེ་བ། །ཆོས་ཅན་དུམ་བུ་ཕྱགས་མས་བཏབ། །ཆོས་ཅན་དུམ་བུར་སུས་ཆོད་པ། །འདིས་ནི་རང་རིག་སྤར་གྱི་ཟིན། །འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་དང་། རང་རིག་སྐལ་མཉམ་སྟོང་ཉིད་གྲོགས། །འདི་ལ་གོམས་པའི་སྐལ་བ་ཅན། །རྟོག་པ་མེད་པའི་སྐུ་གཟུགས་ཏེ། །ང་ཡི་ཐུགས་རྗེའི་འོད་ལ་ཞུགས། །འདི་དང་ང་ཉིད་སྐལ་བ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ཞེས་སོ། །དེ་ལྟར་བཤད་པ་ལས་གཞན་དུ་མ་དད་པ་དང་ལེ་ལོ་དང་ཡིད་གཉིས་སམ་ཐེ་ཚོམ་རྣམས་ཀྱིས་དགོས་པའི་དོན་གྲུབ་པ་ནི་འཇིག་རྟེན་གྱི་ཁམས་ན་འགའ་ཙམ་ཡང་མཐོང་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚ་རེག་དང་གྲང་རེག་ཐང་ཅིག་འདྲེས་པར་སྤྱོད་པས་འབྲས་བུ་བཙོ་བསྲེག་གི་ལས་གྲུབ་པ་འགའ་ཙམ་ཡང་མཐོང་ངམ་ཅི། ཞེས་མཐོང་དུ་མེད་པ་དེ་ལྟ་བུ་ཡིན་པའི་ཕྱིར་ན་དེ་དག་སྤོངས་ཤིག་པར་གདམས་པའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། རྟོགས་པ་ལྟ་བའི་ཐབས་དང་ངོ་བོ་ལ་སོགས་པའི་དོན་གསལ་བར་བསྟན་པའི་ལེའུ་སྟེ་སྐབས་གསུམ་པ་ལེགས་པར་བཤད་པའོ། །བཞི་པ་དེ་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱིས་རྟོགས་དོན་མཐར་དབྱུང་ཚུལ་བཤད་པ་ལ། ཐབས་མཆོག་ལམ་གྱི་ཁྱད་གཞི་འོག་མའི་མུ་མཐའི་ཕྱོགས་ཆ་ལས་གྲོལ་ཚུལ་དང་བཅས་ཏེ་མདོར་བསྟན། དེ་ཡི་ཁྱད་ཆོས་གསལ་བར་སྟོན་པའི་ཐུན་མིན་ལམ་གྱི་མཚན་ཉིད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བཤད་པའི་བསོད་ནམས་སོགས་ཚིགས་གཅད་དང་གཅིག་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ལེའུ་གསུམ་པར་བཤད་པའི་རྒྱལ་པོ་གསལ་རྒྱལ་ལ་རང་གི་བསོད་ནམས་ཀྱི་དབང་ལས་ཕ་ཡིས་གཏེར་ཆེན་པོ་གཏད་པ་ལྟར་དུ། རང་གནས་གྱི་གཏེར་མཆོག་དམ་པ་མཐོང་ནས་ལྟ་བ་རྟོགས་པའི་དོན་ལ་འདྲིས་ཤིང་གོམས་པས་འབྲས་བུ་མཐར་དབྱུང་བའི་ཐབས་ནི་འདི་ལྟར། ཐེག་པ་འོག་མ་པ་དག་གི་རྟོགས་པའི་དོན་མུ་བཞི་ཕྱོགས་ལྷུང་གི་འདོད་པ་དང་བཅས་པ་ནི། ཡོངས་གཅོད་བསྒྲུབ་བྱའི་ལྟ་བ་དེ་ཉིད་དེ་མ་ཡིན་པ་གཞན་ལས་ལྡོག་པའི་ས་ཡི་རྣམ་གཅོད་ཅན་ཡིན་ལ། དེར་དམིགས་པ་གཏད་ནས་དེ་ལས་མ་ཡེངས་པར་གོམས་པ་བརྟན་པའི་རྒྱུ་ལས་རང་ལ་སྔར་མེད་ཀྱི་འབྲས་བུ་ཕྱིས་དུས་སུ་འབྱུང་བར་འདོད་པ་ལས་གྲོལ་བའི་ཁྱད་པར་མཆོག་དང་ལྡན་པ་ཡིན་ནོ། །དེ་ཉིད་བསྟན་པ་གང་ཞིག་ཡིན་ཞེ་ན། གཉིས་པ་ལ། སེམས་ཉིད་སྒྲུབ་པའི་དོན་ལམ་ཐུག་ཕྲད་གསུམ་གྱིས་རྟོགས་པའི་ངང་ལ་གནས་ཏེ་གདེངས་ཆེན་ཐོབ་ཚུལ། དེ་ཡི་ཆ་རྐྱེན་ངེས་དོན་སྙིང་པོ་ཐབས་མཆོག་དམ་པ་གསལ་བར་བཤད་པ་གཉིས་ལས། དང་པོ་ལ། ལམ་མཆོག་ངེས་པར་མཚོན་པའི་མཐུན་དཔེ་དང་། དོན་ལམ་བྱང་ཆུབ་སེམས་ཀྱི་དངོས་གཞི་བསྟན་གཉིས་ལས། དང་པོ་ནི། རྡོ་རྗེ་གླིང་ཕུག་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གནས་མཆོག་རྡོ་རྗེ་གླིང་ཕུག་གི་གོང་ན་གཞན་མེད་པས་རྩེ་མོ་ན་ཤིང་གི་རྒྱལ་པོ་ཙ་ནའི་ཞེས་ཙ་ན་ཀའི་སྡོང་པོའི་རྩའི་ཞེས་རྩ་བའི་དྲུང་ན་ས་ལ་གནས་པ་ལ་དབང་ཆེ་བར་འཛིན་པའི་སེང་གེ་མོ་དེ་ཉིད། འདོད་ཆགས་རང་གྲོལ་མཚོན་པས་སྟོབས་ཆེ་ཞིང་། གཏི་མུག་རང་གྲོལ་མཚོན་པས་ངར་སྐད་དྲག་ལ་ཞེ་སྡང་རང་གྲོལ་མཚོན་པས་ཁྲོ་གཉེར་དང་ལྡན་པ་དེ་ཐབས་ཀྱིས་བསྟེན་ནས་གསེར་གྱི་ཟོ་བར་འོ་མའི་ཞེས་འོ་མ་བཞོས་ཏེ་ཐོགས་མེད་དུ་སྣུམ་པའི་སྙིང་པོའི་བཅུད་དུ་གྱུར་པ་དེ་ཉིད་ལེན་པ་ལྟར་དུ་ཞེས་པའོ། །གཉིས་པ་ནི། རྟོགས་པའི་ཐིག་ལེ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ལྟ་བས་ཡང་དག་པར་རྟོགས་པའི་དོན་ཆོས་ཉིད་ཐིག་ལེ་ཉག་གཅིག་ཡིན་པས་ཚོགས་བདུན་པོ་རྣམས་ཐིག་ལེ་ཉག་གཅིག་ཏུ་ཐུག་ཕྲད་གསུམ་གྱིས་དགྲོལ་ནས་དོན་དང་མི་མཐུན་པའི་རྣམ་རྟོག་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཀར་ནས་དག་པ་ཡིན་ལ། དེ་ལྟར་རྟོགས་པས་ཆེད་དུ་མ་གཏད་ཀྱང་དོན་གྱི་ངང་དེར་དུས་ནམ་ཡང་འབྲལ་བའང་མེད་པས་ན། དམིགས་པ་གཏད་ནས་བསྒོམ་དུ་མེད་ཀྱང་རྟག་ཏུ་མི་འབྲལ་བ་ནི་སྒོམ་པའི་གཟེར་ཆེན་པོ་ཡིན་ཏེ། དགོངས་པའི་ཀློང་ལས། ཡེ་ནས་གནས་པ་རིག་པར་ཤར། །དེ་ཡི་སོ་ལ་མ་ཡོངས་པར། །སྙིང་པོ་རྣལ་མ་དོན་གྱི་རྒྱུད། །རྟོགས་པའི་ཀློང་དུ་གནས་པ་ཙམ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྟོགས་པའི་ངང་དུ་དྲན་པ་རྐྱེན་གྱི་མན་ངག་གིས་ཡེ་ནས་ཡིན་པའི་དོན་དེ་མ་ནོར་བར་རྟོགས་པའི་སོ་ལས་མ་འདས་པ་ཙམ་ལ་སྒོམ་ཞེས་བྱ་སྟེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། དེ་དོན་རྟོགས་སོ་མ་འདས་པར། །མ་རྨོངས་དྲན་པའི་འདུ་བྱེད་སེམས། །སྙིང་པོ་རང་གྲོལ་འདུས་མ་བྱས། །དུས་གསུམ་ཤེས་བྱ་མ་ལུས་པ། །སྐད་ཅིག་མི་གནས་རྒྱུན་དང་བཅས། །མ་ཆད་དུམ་བུར་མ་རེད་པ། །ངང་དུ་གནས་ན་དོན་མཐར་སོན། །ཆུ་རྒྱུན་གནས་འདྲར་མ་གཏད་སྡོད། །ཅེས་དང་། ངེས་དོན་འདུས་པ་ལས། ཡང་ཏིའི་དོན་ལམ་ཆེན་པོ་ནི། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །དྲན་པ་ཙམ་གྱིས་ཆོས་སྐུར་རྫོགས། །དེ་ཙམ་ཉིད་ན་ཡེ་ཤེས་ཐུགས། །ཞེས་སོ། །དེའི་ཕྱིར་དཔེར་ན་གསེར་ཉིད་ལ་གསེར་འགྱུར་གྱི་རྩི་མི་བརྟེན་པ་ལྟར་དུ་ཡེ་ནས་སངས་རྒྱས་པར་གནས་པ་ལ་རྩོལ་བའི་ཐབས་ཀྱིས་མི་སྒྲུབ་པར། མངོན་སུམ་པར་སངས་རྒྱས་པའི་ཆེ་བ། དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་སྟེ་སྔ་མ་བཞིས་བརྡ་དོན་སྤྲོད་དེ། ལྔ་ཡི་ཐ་མས་ཞེས་ཐ་མ་སངས་རྒྱས་མེད་པའི་ཆེ་བས་བརྡ་དོན་ལ་ངེས་པར་འཛིན་པར་དགྲོལ་བར་བྱས་པས། བརྡ་བྲལ་རང་གྲོལ་དུ་རྟོགས་པའི་གདེངས་ཆེན་པོ་དང་ལྡན་པའི་སྐྱེས་བུའི་ལྟ་བ་ལ་ཞེ་འདོད་གང་ཡང་མེད་པ་ནི་དཔེར་ན་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡེང་བ་ལ་རྗེས་མེད་པ་ལྟ་བུའོ། །དེ་ལྟར་ཡང་ཡེ་ཤེས་གསང་སྒྲོན་ལས། བསྟན་པ་ཡོངས་སུ་རྫོགས་བྱེད་པ། །ལས་སིམ་ཁོང་ཀློད་གཉུག་མའི་ངང་། །བྱང་སེམས་བདེ་བ་ཆེ་དང་འཕྲད། །མཁའ་ལྟར་མཐའ་དབུས་སེམས་ལ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོ་ལས། འདི་ནི་ཐེག་པ་ཀུན་གྱི་རྒྱལ། །བཏང་ངོ་བཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པ་མེད། །ཕྲོད་པ་རྡུལ་ཙམ་མི་བསྐྱེད་དོ། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོར་བར་མི་དོགས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་སོ། །གཉིས་པ་ལ། རྟོགས་དོན་ལ་འདྲིས་གོམས་བྱེད་པའི་ཐབས་ཀྱི་ཆ་རྐྱེན་ཕུལ་དུ་བྱུང་བ་དང་། དོན་ལམ་གྱི་ངོ་བོའི་ཆ་རྐྱེན་རང་སྣང་ཀློང་དགུའི་དགོངས་པ་བླ་མེད་ཆེན་པོར་བསྟན་པ་གཉིས་ལས། དང་པོ་ལ། རང་ལ་གྱིས་རྟོགས་གོམས་བྱེད་པའི་ཐབས་མཆོག་དངོས་ཀྱི་དོན་དང་། དེ་ལ་དངོས་བརྒྱུད་ནས་འཇུག་པའི་ཐབས་སྒོ་མང་བའི་ཁྱད་པར་གཉིས་ལས། དང་པོ་ལ། རིམ་པ་དང་བཅས་ཏེ་འདྲིས་གོམས་བྱེད་པའི་ལམ་གྱི་རྣམ་པ་བསྟན། དེ་ལྟར་ལམ་ལ་གོམས་པའི་རྟགས་ཚད་འཆར་ཚུལ་གསལ་བཤད། སྒོམ་མ་སྒོམ་གྱི་སྐྱོན་ཡོན་རྣམ་པར་དབྱེ་སྟེ་ཕྲང་བསལ་བ་གསུམ་ལས། དང་པོ་ལ། ཉམས་རིམ་བཞི་པོ་ཇི་ལྟར་སྐྱེ་ཚུལ་ངོས་བཟུང་། དེ་ཡི་གོལ་ས་གཅོད་ཕྱིར་ཐུག་ཕྲད་གསུམ་གྱིས་གནད་ལ་དབབ། རྟོགས་ཉམས་དོན་ལ་སྦྱོར་བའི་ངེས་པ་དངོས་ཀྱི་དམིགས་བཟུང་། དོན་གྱི་གདེངས་ཆེན་ལྡན་ན་རྟོག་གྲོལ་ཆིག་ཆོད་ཡིན་པའི་ཁྱད་ཆོས་བསྟན། དེ་ལས་གཞན་པས་བརྩོན་ཏེ་གོམས་ན་མཐར་ཕྱིན་པའི་ངེས་པ་བསྟན་པ་དང་ལྔ་ལས། དང་པོ་ནི། དེ་ཡང་བློ་གྲོས་སོགས་རྐང་པ་ལྔས་བསྟན་ཏེ། དེ་ལྟ་བུའི་ལྟ་བ་རྟོགས་པ་དེ་ལ་ཡང་། ཡེ་ཤེས་རྫོགས་པ་ལས། རིགས་རྒྱུད་དབང་པོ་ཆིག་ཆོད་དམ། །སྦྱང་བའི་འཕྲོ་ཅན་གང་ཡང་རུང་། །ཞེས་གསུངས་པ་ལྟར་བློ་གྲོས་རྩལ་ཆེ་ཆུང་གི་བྱེ་བྲག་ཡོད་པ་ཡིན་པས། རང་བཞིན་གྱི་རིགས་ཁམས་ཤེས་པའི་རྒྱུད་ཀྱི་ངོ་བོ་དབང་པོ་ཆིག་ཆོད་དང་མ་ལྡན་པས་རྟོགས་པའི་གདེངས་ཆེན་པོས་གྲོལ་བ་ཚད་ལ་མ་ཕེབས་ན། ཏེང་ངེ་འཛིན་གྱི་ངང་ལ་གོམས་དགོས་པས། ཉམས་ཀྱི་རིམ་པ་ཡང་དང་པོ་གནས་པར་བྱ་བ་དང་གཉིས་པ་མི་གཡོ་བ་དང་། གསུམ་པ་མཉམ་པ་ཉིད་རྣམས་རིམ་པར་སྦྱར་ནས། ཐ་མ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཉམས་ལ་གནས་ན་སངས་རྒྱས་ཀྱི་དགོངས་པ་ཟག་པ་མེད་པའི་བདེ་བ་ཆེ་སྟེ་ཆེན་པོར་འཆར་བས་གྲོལ་བ་ཚད་ལ་ཕེབས་པ་འབྱུང་སྟེ། སྒོམ་པའི་ཀློང་ལས། དེ་ལྟར་གནས་ན་དང་པོ་གནས་པ་ཙམ། །སྐལ་ལྡན་བློ་ཞན་རྟགས་ཚད་གོམས་བྱེད་ཚེ། །མི་སྡོད་རྟོག་མང་རྐྱེན་བྲལ་ཅུང་ཟད་གནས། །སྤྲིན་བར་ཉི་འདྲ་ཡིད་ཆེས་རེ་དོགས་མེད། །དད་པས་བློ་ལྡོག་ཆགས་ཆུང་སྙིང་རྗེ་ཆེ། །སྣང་བས་གཡང་སར་མི་ལྟུང་འབྲེལ་བས་ཕྲད། །ཟིལ་གནོན་སྟོབས་ཆུང་སྲིད་པ་བརྒལ་མ་ནུས། །སྔར་གནས་སྟོབས་ཀྱིས་སྐྱོན་བྲལ་ཕྲད་པར་གནས། །རྒྱ་མཚོའི་གཏིང་འདྲ་རྟགས་བཟང་རབ་ཏུ་འཕེལ། །བློ་ཞན་བརྟག་པ་མཐར་ཟུང་བག་ལ་ཉལ། །མ་བྲལ་ཟག་བཅས་གོམས་སྟོབས་མཐར་ཕྱིན་འགྱུར། །མཚན་ཉིད་དབྱེར་མེད་ངོ་བོར་སོན་མཛད་པ། །ངོས་བཟུང་མི་གནས་རྩོལ་འདས་དོན་མཐར་ཕྱིན། །རྟགས་མཚན་ཡོངས་རྫོགས་འཕོ་འདས་བགྲོད་མེད་གནས། །རྗེས་ཐོབ་ཆུང་མངའ་ཚུལ་བཟང་རྩོལ་བ་ཅན། །རང་སེམས་ཆོས་སྐུ་ཞལ་འཇལ་མཐར་ཕྱིན་པ། །མཚོན་དུ་མེད་པ་ཉིན་མཚན་མཐར་དབུས་འདས། །རྩོལ་མེད་བྱིན་རླབས་ཡུལ་གྱིས་ཅིར་ཡང་འཆར། །སྐྱེད་དུ་བྱར་མེད་ཕྱོགས་བྲལ་རང་གསལ་གདགས། །རིམ་པ་ཇི་བཞིན་མ་ལུས་ཚང་བ་ཡང་། །དུས་ལ་ངེས་མེད་བརྩོན་སྟོབས་རིག་པའི་རྩལ། །འགའ་ཞིག་ལ་ལར་གནས་ནས་མཐར་ཕྱིན་ཡོད། །བདག་འདྲ་ངེས་པར་འབྱུང་ན་ཆིག་ཆོད་ཡིན། །ཞེས་བཀའ་སྩལ་ཏོ། །གཉིས་པ་ནི། གནས་ཐབས་སྤྲུལ་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་བཞིན་དུ་ཏིང་ངེ་འཛིན་ལ་བློ་གནས་པའི་ཐབས་ལ་ཡང་སྤྲུལ་པ་རང་གསལ་རོལ་པའི་སྐུ་ལ་རྣམ་པའི་སྣང་ཚུལ་བསམ་ཡས་པ་ཡོད་པས། སྒོ་ལྔ་ཡུལ་མཚན་མར་འཛིན་པ་ལ་ཁྱད་པར་བཞི་དང་ལྡན་པ་ལས་དང་པོས་ཞེས་དང་པོ་བཞི་ཆ་རང་གསལ་གྱིས་རྟོག་དཔྱོད་ཐ་སྙད་འདོགས་པ་གསུམ་བསྒྲལ་ཏེ་ཡུལ་ལྔར་སྣང་བ་ཙམ་མི་དགག་པར་དེ་ལ་ཞེན་པར་མི་བྱ་བའོ། །དེ་ཡང་དབུགས་ཕྱུང་བས་ངལ་གསོ་བ་ལེགས་པའི་རྟོགས་པ་ཙམ་ལས་སྤྲོས་བྲལ་དང་རང་རིག་གི་དམར་ཐག་མ་ཆོད་པར་ཡོད་དོ། །རྟོགས་མ་རྟོགས་ཀྱི་འཁོར་འདས་ཀྱི་ཕྱོགས་རྒྱལ་བར་བྱེད་པས་དཔའ་བོ་ཉོན་མོངས་པ་རྣོ་འཛུག་གི་མཚོན་ཆ་ཐོགས་པ་དེས་འཁོར་བར་འཛིན་པའི་ལྕགས་ཀྱུ་དུག་ཆེན་པོ་ལྔ་པོ་དེ། བདག་གི་བ་མ་སྤང་པར་ལོངས་སྤྱོད་པས་མཐར་ཐུག་པའི་དུས་ན་རང་ལ་རང་གཉེན་པོར་བཟློག་སྟེ་ང་བདག་དང་གཟུང་འཛིན་མི་སྤང་བར་རང་རིག་ཏུ་ཤེས་པས་རང་གྲོལ་དུ་ལ་བཟླ་བ་ནི་དཔེར་ན་བདུད་ཀྱི་དཔུང་གི་དགྲ་ཆོམས་ནས་དགྲ་ཉིད་གཉེན་དུ་འཛུགས་པ་དང་འདྲ་བ་ཡིན་ནོ། །སྨྲ་བ་གཏམ་རྒྱུད་མཁན་གྱི་བུ་མོ་གཉིས་ཐབས་ཀྱིས་མི་གནས་པར་བྱས་ཏེ་སྤྲོས་བྲལ་དུ་སྦྱར་བ་ནི། བྱ་བ་མང་ལ་ཟིན་པ་ཉུང་བས་བྱ་བ་ཞོག་ཅིག་ཅེས་པས་ཞོར་ལ་ཤེ་གཅད་དེ། འཛངས་པ་བར་པས་ཡུལ་སྤྲོས་བྲལ་དུ་བཅད་པའི་ངག་དོན། ངས་ནི་གཏམ་རྒྱུད་བསམ་པ་མེད། ཅེས་སོགས་བསླབ་པ་ལྟར་མཉན་པས་སྔ་ཕྱིའི་རྟོག་པ་སྣ་ཚོགས་ཀྱི་གྲས་ཐག་དུས་དེར་རྒྱུན་བ་ཆད་ལ། ཡིད་ཀྱི་ཡུལ་དུ་ཆོས་ཁམས་སྣ་ཚོགས་སུ་སྣང་བ་རྣམས་མི་གནས་པར་རིག་པའི་རང་སར་ཐབས་དམ་པ་དེས་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་རྟོགས་དོན་མ་འདྲེས་ཡོངས་རྫོགས་ཆེན་པོའི་ངང་ལ་གནས་པའི་ངོ་བོ་ནི། ཡེ་ཤེས་རྫོགས་པ་ལས། རྩོལ་བྲལ་རིག་པའི་ཡེ་ཤེས་ལ། །ཡེངས་པ་མེད་པར་རང་བཞིན་བཞག །དབང་པོའི་ངོ་ལ་སྣང་བ་ལ། །མི་རྟོག་རང་བཞིན་རིག་པར་གསལ། །ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད། །གང་ལ་མི་འཛིན་རང་བྱུང་སེམས། །མཚན་མའི་སྤྲོས་པར་འགྱུར་བ་ན། །བརྡ་སྒོ་འཇུག་པའི་མན་ངག་སྦྱིན། །ཏིང་འཛིན་འཁོར་ལོས་སྒྲོ་སྐུར་གཅོད། །ཡེ་ཤེས་འཁོར་ལོ་མཐའ་དབུས་མེད། །རང་རིག་འཁོར་ལོ་གཟུང་འཛིན་བྲལ། །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །ཞེས་དང་། རང་རིག་སྟོང་ཉིད་རྣམ་བཅས་པས། །བདེ་ཆེན་ལྷུན་གྲུབ་རང་རིག་གསལ། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །གང་ཡང་ཡིན་ནོ་རྣམ་ཀུན་གཅེས། །ཡེ་ཤེས་རང་ཤར་མ་བསྒྲུབས་གསལ། །ཞེས་དང་། རྡོ་རྗེ་ལྟ་བུར་དབྱེར་མེད་པའི། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུང་རྫོགས་པའི་བདེ་བ་ཆེ། །བསམ་མེད་བཞག་མེད་ཉིད་ཀྱིས་གོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཆོས་ཉིད་ཡུལ་གྱི་སྣང་བ་ལ། །བསམ་པའི་དངོས་པོ་ཇི་སྙེད་པ། །འཁྲུལ་དང་མ་རིག་རྒྱུ་ཡིན་པས། །བསམ་པ་མེད་པའི་རིག་པ་ལ། །དོན་གྱི་དེ་ཉིད་བཟློག་པར་བྱ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། འཇུག་སླ་བཏང་དཀའ་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། བཤད་པ་དེ་ལྟར་གོམས་པར་བྱས་པས་ཏིང་ངེ་འཛིན་ལ་འཇུག་པར་སླ་ལ་བཏང་བར་དཀའ་ཞིང་རྟོགས་པ་རང་གི་ངོ་བོ་བདེ་ལ་གསལ་ཏེ་མི་རྟོག་པར་གནས་པར་འགྱུར་ལ། ཉམས་སྐྱེ་ཚུལ་གྱི་དོན་གྱི་རྣམ་གྲངས་ནི། པྲ་ཁྲིད་ཉམས་རིམ་བཞི་པར་རེ་རེ་ལའང་ངོ་བོ་དཔེ་རྟགས་འབྲས་བུ་བཞི་བཞིར་གསལ་བར་བསྟན་པས་དེར་ཤེས་པར་བྱ་ལ། དེ་ལྟར་གོམས་པས་འཁྲུལ་བའི་རྐྱེན་ཤུགས་ཀྱི་རྣམ་ཤེས་ཚོགས་བདུན་སྐྱེ་ལུགས་གསུམ་དུ་ཤར་བ་གང་དེ་སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་གྲོལ་བར་བྱས་ཏེ་དོན་གྱི་གནས་ལུགས་སུ་འཇུག་པར་བྱ་སྟེ། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོ་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་སོ། །འདི་ལ་ཉམས་རིམ་དང་པོ་གཉིས་སུ་བདུད་དང་ཆ་དབྱེ་བ་ཤིན་ཏུ་གཅེས་པར་གསུངས་པས། མདོ་དང་སེམས་ཕྱོགས་སྤྱི་ལ་གྲགས་པ་རྣམས་བསམ་གཏན་ཉམས་སྒྲོན་དང་ཁྲིད་ཡིག་སོགས་ན་གསལ་ཡང་། བཀའ་སྲོལ་འདི་ཉིད་ལ་གྲགས་པ་རྣམས་ཀྱང་བརྒྱུད་པའི་རང་ལུགས་འཛིན་པ་དག་གིས་ཤེས་པར་བྱ་སྟེ། ཡེ་ཤེས་གསལ་སྒྲོན་ལས། བདུད་དང་ཆོས་སུ་དབྱེ་བ་ལ། །རྣམ་པ་བཅོ་བརྒྱད་འདི་བཤད་དོ། །གཟུགས་ནི་ཕུང་པོའི་བདུད་ཡིན་ཏེ། །བུ་སོགས་ལྷ་ཡི་བདུད་དུ་སྤྲུལ། །དེ་ལ་འཛིན་པ་ཉོན་མོངས་བདུད། །འཁྲུལ་པའི་སེམས་ནི་འཆི་བདག་བདུད། །དགོས་པའི་ནོར་ཡང་བར་ཆོད་བདུད། །གནོད་སྦྱིན་ལྷ་ཡང་དེ་དང་འདྲ། ། སྟོང་པ་ཕྱང་ཆད་ལྷ་བའི་བདུད། །ཧད་པོ་བོགས་མེད་སྒོམ་པའི་བདུད། །རྟོགས་མེད་རང་ག་སྤྱོད་པའི་བདུད། །ཐོབ་བྱ་འདོད་པ་འབྲས་བུའི་བདུད། །ཕྲ་མོས་ཆོག་ཤེས་ཐོས་པའི་བདུད། །རྩ་རླུང་འཁྲུག་པ་རླུང་གི་བདུད། །གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །མི་ཐུབ་དམ་བཅའ་སྡོམ་པའི་བདུད། །འདུ་འཛི་ལོངས་སྤྱོད་གཡེང་བའི་བདུད། །ལས་ངན་འབྲེལ་བ་གྲོགས་ཀྱི་བདུད། །ཐེ་ཚོམ་སྐྱེས་ན་ཉམས་ཀྱི་བདུད། །ཐབས་ཀྱིས་མ་ཟིན་ཤེས་རབ་བདུད། །བར་ཆད་བགེགས་རྣམས་སེམས་ཤེས་པས། །བདུད་ཀྱི་གེགས་སེལ་ཉམས་ལ་ཕན། །ཞེས་དང་། རང་སེམས་མ་རྟོགས་བདུད་དུ་ཤར། །ཡོད་པ་ངོ་ཤེས་སྐྱབས་ཡིན་པས། །དེ་མཚོན་ངོ་སྤྲོད་འདི་ལྟར་བྱ། །སྣང་བ་སེམས་སུ་ཤེས་པར་གྱིས། །སེམས་ཀྱི་རང་བཞིན་སྟོང་པ་ཡིན། །སྟོང་པ་འཛིན་མེད་བསམ་དུ་མེད། །བསམ་མེད་མཐའ་བྲལ་ཆོས་སྐུ་ཡིན། །ཟིན་པ་རྩོལ་བའི་ནད་དང་བྲལ། །ལྷུན་གྱིས་གནས་པར་རྟོགས་པ་ན། །དེ་དང་མ་བྲལ་རྣལ་འབྱོར་རྒྱན། །གཞན་བཙལ་འཇིགས་པའི་སྐྱབས་མི་རྙེད། །རང་བྱུང་ཡེ་ཤེས་སྐྱེལ་མ་འདྲ། །རང་སེམས་ཆོས་ཀྱི་སྐུར་རྟོགས་པས། །འཇིགས་པ་ཡི་ནི་ནད་དང་བྲལ། །ཞེས་སྤྱིར་བསྟན་པ། བྱེ་བྲག་ཏུ་གཞུང་འདི་ཉིད་ལས་གསུངས་པ་ལྟར་ན། རིན་པོ་ཆེ་རྒྱན་ལས། རྒོད་པ་ཤེས་པ་སྐྱེ་བ་གསུམ། །མཚན་མར་འཛིན་པ་ཡུལ་གྱི་བདུད། །སྔ་ཕྱི་རྗེས་གཅོད་སྤྲོས་པའི་བདུད། །ང་བདག་འཛིན་པ་ནང་གི་བདུད། །ཤེས་ཀྱང་མི་གནས་གཡེང་བའི་བདུད། །དངོས་གྲུབ་རྣལ་མའི་བར་དུ་གཅོད། །ཅེས་རྣམ་ཤེས་ཚོགས་བརྒྱད་ཀྱི་སྐྱེ་བ་གསུམ་དང་བག་ཆགས་ཀྱི་རྟེན་ལ་གནས་པའི་ཆ་ནས་བཞག་པ་ཡིན་ཏེ། རྒྱས་པར་བསྟན་ན། རིན་པོ་ཆེ་ཕྲེང་བ་ལས། དེ་ལ་བར་ཆད་རྩ་བ་སེམས། །མ་ཤེས་པ་དང་མ་གོམས་ལས། །རྣམ་བཞིའི་ཚུལ་དུ་ཤར་བ་ཡིན། །ནང་ལྟར་ཤར་བ་འཛིན་པའི་བདུད། །ཉོན་མོངས་ལོངས་སྤྱོད་མ་རྫོགས་པས། །གཅོད་བྱེད་རྗེས་སུ་འབྲངས་ནས་ནི། །རང་སྨྲ་རང་ལན་རང་གིས་འདེབས། །རང་གྲོལ་ཆེན་པོའི་བར་དུ་གཅོད། །ཕྱི་ལྟར་ཤར་བ་ཡུལ་གྱི་བདུད། །བརྩེ་ལྔ་སྤྲུལ་པར་མ་ཤར་བས། །གཅོད་བྱེད་རྗེས་སུ་འབྲངས་ནས་ནི། །དང་པོ་སྣང་བའི་འགྲང་བྱ་བྱེད། །རྗེས་འཇུག་ཐ་མ་རྐུན་བུར་བྱུང་། །སྣང་བ་རང་གྲོལ་བར་དུ་གཅོད། །རྗེས་འཇུག་རང་རྗེས་བར་གྱི་བདུད། །སྤྲོས་པ་ཆོས་སྐུར་མ་ཆོད་པས། །ཕྱི་ནང་བར་གསུམ་ཕྱི་བཞིན་འབྲང་། །རང་བཞིན་གཉུག་མའི་བར་དུ་གཅོད། །ཤེས་པ་མི་གནས་ལྡིང་བའི་བདུད། །བརྩེ་གདུང་བྲལ་བས་དམ་མི་གནས། །ཁ་ལ་ཁྱེར་ཏེ་སྤྱི་ལ་གནས། །བག་ཆག་བརྟེན་ལ་དེ་ཞེན་པས། །མི་འཕགས་འཕྲུལ་འཁོར་དྲྭ་བར་གནས། །ཀུན་གྲོལ་ཆེན་པོའི་བར་དུ་གཅོད། །ཅེས་གསུངས་ཏེ། ཉོན་མོངས་པ་དུག་ལྔ་ལོངས་སྤྱོད་རྫོགས་སྐུ་རང་རིག་བདེ་ཆེན་དུ་མ་རྫོགས་པས་ནང་གི་བདུད་དུ་ཤར་བ་ཀུན་གཞི་ལ་ང་བདག་ཏུ་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་གཟུང་འཛིན་རང་གྲོལ་མཚན་ཉིད་རང་རིག་ཆེན་པོའི་བར་དུ་གཅོད་པ་ཡིན་ཞིང་། ཡུལ་ལྔ་སྤྲུལ་པའི་སྐུ་མཆོག་སྣང་ལ་རང་བཞིན་མེད་པར་མ་ཤར་བས་ཕྱི་ཡི་བདུད་དུ་གྱུར་པ་ཡུལ་ལ་མཚན་མར་འཛིན་པའི་སྒོ་ལྔའི་རྣམ་ཤེས་ཀྱིས་སྣང་བ་རང་གྲོལ་རྣམ་པ་སྒྱུ་མ་ལྷུན་གྲུབ་ཀྱི་བར་དུ་གཅོད་ལ། ཡིད་ཆེས་ཀྱི་སྤྲོས་པ་སྣ་ཚོགས་སྤྲོས་བྲལ་ཆོས་ཀྱི་སྐུ་རུ་མ་ཆད་པས་བར་གྱི་བདུད་དུ་ཤར་བ་ཕྱི་ནང་གཉིས་ཀའི་རྗེས་སུའང་འཇུག་ཅིང་རང་རིགས་སྔ་མའི་རྗེས་སུ་འབྲང་བའི་ཡིད་ཀྱི་ཀུན་ཏུ་རྟོག་པས་རང་བཞིན་སྤྲོས་བྲལ་ཆེན་པོ་གཉུག་མ་མ་བཅོས་པའི་བར་དུ་གཅོད་དོ། །དེ་དག་སྐུ་གསུམ་དུ་ངོ་ཤེས་ཀྱང་རྟོགས་པའི་ངང་དུ་མ་གོམས་པས་ཀུན་གཞི་བག་ཆགས་ཀྱི་རྟེན་ལ་ཚོགས་བདུན་གྱི་བག་ཆགས་དེ་དག་ཞེན་པས་འཁྲུལ་འཁོར་དུ་འཆིང་བ་ལྡིངས་བའི་བདུད་ཀྱིས་གཞི་ལམ་གྱི་ཉེས་པ་ཀུན་ལས་གྲོལ་བའི་ཡོངས་རྫོགས་བྱང་ཆུབ་སྙིང་པོའི་བར་དུ་གཅོད་པའི་ཕྱིར་རོ། །དེ་རྣམས་དགྲོལ་བའི་ཐབས་ནི། དེ་ཉིད་ལས། དེ་དག་གྲོལ་བར་བྱ་བ་ཡང་། །ཤེས་པ་སྐྱེ་བ་གསུམ་ཡིན་ལ། །དེ་ཡི་གནས་ལུགས་ལྷུན་གྲུབ་གསུམ། །ཐུག་ཕྲད་གསུམ་ལ་ངེས་བཅད་ལ། །སོ་མ་ལྷུག་པ་རང་དང་གཞག །དེ་ཡིས་དེ་ཉིད་དེར་གྲོལ་འགྱུར། །ཆུ་དང་འཁྱག་པ་ཇི་བཞིན་དུ། །དེ་ལ་ནན་ཏན་གནས་པ་གཅེས། །ཞེས་གསུངས་སོ། །བཞི་པ་ནི། གདིངས་ཆེན་ཚད་ལྡན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། རིགས་རྒྱུད་དབང་པོ་ཆིག་ཆོད་དུ་གྱུར་པས་རྟོགས་པའི་གདེངས་ཆེན་པོ་ཚད་དང་ལྡན་ཏེ་རྟོགས་གྲོལ་དུས་མཉམ་དུ་ཤར་ནས་དགོངས་དོན་ནར་སོན་པའི་གང་ཟག་དམ་པ་ལ། ཆེ་ལོང་དུས་གསུམ་དང་ཞིབ་པར་དགུ་ཕྲུག་ཏུ་དབྱེ་བའི་རྣམ་གྲངས་གསུམ་པོ་མཉམ་པ་ཆེན་པོ་གཅིག་གི་ངང་དུ་རྫོགས་ཏེ་ཆེ་ལོང་དང་ཞིབ་མོའི་བྱེ་བྲག་གིས་དུས་ནམ་ཡང་རྟོགས་པ་རང་གི་སོ་ལས་མི་འདའ་བར་བརྟན་པ་ཐོབ་ན། སེམས་གནས་པའི་ཐབས་དང་ཏིང་ངེ་འཛིན་གྱི་སྐྱོན་བཅོས་པའི་ཚུལ་རྣམས་ཆེད་དུ་ཅི་ལ་ཆེ་སྟེ། སེམས་བསམ་གཏན་ལ་གནས་པས་ལྷག་ཅིང་། ལུས་རྡོ་རྗེའི་སྐྱིལ་དཀྲུང་དང་ངག་རྡོ་རྗེའི་བཟླས་པ་ཡིས་ལྷག་པའི་རྟགས་གསུམ་དང་ལྡན་པའི་ལྷའི་བུ་ཀུན་དགའ་སྙིང་པོ་དེ་ཉིད་རྟོགས་གོམས་ཆིག་ཆོད་དུ་གྲོལ་བ་བཞིན་དུ་སྐད་ཅིག་གཅིག་གིས་བྱང་ཆུབ་པར་འགྱུར་ལ། སྤྲུལ་སྐུ་ལས་ཡང་སྤྲུལ་དུ་བྱོན་པའི་གསང་བདག་གི་ཐུགས་ཀྱི་སྲས་མཆོག་དགའ་རབ་རྡོ་རྗེ་ངས་ཀྱང་སྐུ་གསུམ་གྱི་དགོངས་པའི་ཐུགས་ཀྱི་གསང་བཅུད་མཐར་ཐུག་རྗོགས་པར་འཐུངས་པས་མ་ཧེའི་ཞོའི་བཅུད་ཀྱང་རྡོ་རྗེར་རྡོ་རྗེའི་བཅུད་དུ་ཆགས་པར་གྱུར་པ་ཡིན་ཏེ། བཤད་རྒྱུད་ངེས་དོན་མདོ་བཅུ་ལས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པའི་གང་ཟག་སྐལ་ལྡན་གྱིས། །ཇི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་མན་ངག་ཡིན། །ཞེས་དང་། དབང་གི་ཀློང་ལས། རིན་ཆེན་གཏེར་གྱི་སྙིང་པོ་འདི། །ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་བདག་པོར་བཀའི་བསྒོ་བ། །གསང་མཛོད་རྡོ་རྗེ་སེམས་དཔའ་ནི། །སུམ་ཅུ་རྩ་གསུམ་བུམ་ཐོག་སྟེང་། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་འབར་བ་བཞག །གསང་བ་གཏེར་འཛིན་བདག་པོར་གྲགས། །དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་ཝ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་གསང་བདག་གིས། །འཁོར་ལོ་འབར་བའི་ལྟེ་བར་བཞག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ནས། །དུས་མཐའ་ཉིད་ཀྱིས་ས་ལ་བཀོད། །འཛམ་གླིང་འཇིང་དུ་རྒྱལ་ཐེབས་བྱས། །སེམས་རྒྱུད་རིག་པའི་ཐོར་ཅོག་ཅན། །རྒྱལ་གྱི་རིགས་ཅན་དྲྭ་མའི་ཡུལ། །རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། །ཕུག་ཏུ་གསལ་བའི་གནས་རབ་བཅས། །ལུང་གསུམ་བརྒྱུད་པའི་རྩ་བའི་དོན། །དགུ་རུམ་སྦས་པའི་མན་ངག་འདི། །སེམས་ལ་བླན་ཅིང་བདེ་ལ་བཀོད། །ཡིད་ལ་གནག་ཅིང་ལུས་ལ་བཅངས། །བཀའ་ཡི་བདེ་ཆེན་མ་མཐོང་ན། །ཕྱི་ནང་བརྒྱུད་པའི་ལུང་ལ་བརྟེན། །ལུས་ངག་སེམས་ཀྱིས་བྱ་བཙལ་གྱིས། །བརྐམ་ཆགས་འདོད་པའི་ཆུ་བོ་སྐྱེད། །བདེ་ཆེན་སྲོག་དང་བྲལ་མཐོང་ནས། །གསལ་རབ་གནས་སུ་དབུགས་ཆེན་ཕྱུང་། །ཞེས་སོགས་གསུངས་པ་བཞིན་ཏེ། རྡོ་རྗེ་ནི། བཙལ་བ་མེད་ཅིང་འདུས་མ་བྱས། །སྐྱེ་འཇིག་དང་བྲལ་མི་ཕྱེད་པ། །མཐའ་ཀུན་འཇོམས་པར་བྱེད་པ་ཡི། །ཆོས་ལྔའི་ཕྱིར་ན་རྡོ་རྗེར་བརྗོད། །ཅེས་པའི་དོན་ནོ། །ལྔ་པ་ནི། གཞན་དུ་ཡིན་དོན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟ་བུའི་བློ་ཆེ་བ་དེ་ལ་གཞན་དུ་བློ་ཆུང་བ་དག་གིས་ཇི་ལྟར་ཡིན་པའི་དོན་གྱི་སྙིང་པོ་ཉིད་ངེས་པར་མཐོང་ན་ཡང་། འཁྲུལ་པ་ལ་ཐོག་མ་མེད་པ་ནས་གོམས་པར་གྱུར་པའི་བག་ཆགས་སྟུག་པོས་བསྒྲིབས་པས་ན། ལྟ་བ་མཐོང་བའི་དོན་དེ་བློ་ལ་ཡང་ཡང་འདྲིས་པར་བྱས་པས་བག་ཆགས་ཀྱི་རྙོག་གཞི་སྦྱོར་བ་དོན་གྱི་ཀུན་གཞི་སངས་པས། གཞི་གཉུག་མ་དོན་གྱི་ཀུན་གཞི་ལ་རྣམ་སྟུན་བྱང་བའི་ཡོན་ཏན་ཐམས་ཅད་ཡེ་ནས་གནས་པ་ཉིད་མངོན་གྱུར་དུ་རྫོགས་ཏེ་སྣང་ཞིང་གསལ་བར་འགྱུར་བའི་ཕྱིར་བརྩོན་པ་དང་ལྡན་པས་སྒོམ་དགོས་ཏེ། ཡེ་རྫོགས་པ་ལས། མངོན་སུམ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་། །རང་དབང་སེམས་ལ་མི་གནས་ན། །སེམས་ཉིད་བདེ་བར་སྤྱོད་མི་ནུས། །འཛིན་སེམས་དག་གི་ལྕགས་བཀྲོལ་ཀྱང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །ཡེ་ཤེས་འཁོར་ལོ་རང་དབང་ན། །ཇི་ལྟར་གནས་ཀྱང་བྱ་བཙལ་མེད། །རིག་པ་མཐའ་མེད་དཀྱིལ་འཁོར་ལ། །ལུས་ཀྱིས་བཙལ་མེད་ཆོས་སྐུར་གསལ། །རང་སྣང་རིག་པའི་འོད་གསལ་ལ། །ངག་གིས་བཙལ་མེད་རིག་པའི་གསུང་། །མི་འགྱུར་ཀུན་བཟང་ཡེ་ཤེས་ལ། །ཐུགས་ཀྱིས་བཙལ་མེད་བསམ་དང་བྲལ། །ཞེས་དང་། བསམ་དང་བྲལ་བའི་ཆོས་ཉིད་ལ། །ཡེ་ཤེས་འཁོར་ལོ་རང་བཞག་སྟེ། །དུས་གསུམ་འགྱུར་བ་མེད་པར་གནས། །རྟོག་པའི་དངོས་པོ་གང་སྣང་ཡང་། །རང་བྱུང་རིག་པའི་འཁོར་ལོས་གཅོད། །རིག་པ་རྒྱ་མཚོའི་ཀློང་ལྟར་ཟབ། །ཅེས་དང་། བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །འབར་བའི་ཏིང་འཛིན་ངོ་མཚར་ཆེ། །ཞེས་དང་། ཡེ་ཤེས་གསང་སྒྲོན་ལས། རང་སེམས་དག་པ་ཆོས་ཉིད་ལ། །མ་བཙལ་ལྷུན་གྱིས་གྲུབ་པ་སྟེ། །གང་ལྟར་བསྒོམས་ཀྱང་ཐིག་ལེའི་ངང་། །དཔེར་ན་ཏིལ་གྱི་མར་མེ་བཞིན། །ཕྱི་ནང་གསལ་བའི་རིག་པའི་མདངས། །རང་སེམས་རྟོགས་པས་སངས་རྒྱས་པ། །འོག་མའི་ལམ་ལྔ་ས་མི་བགྲོད། །གསང་སྔགས་ཐབས་ལམ་སྐད་ཅིག་གིས། །སྒྲིབ་པའི་ཕུང་པོ་གསལ་བར་བྱེད། །དགའ་བདེ་སྡུག་བསྔལ་བྱུང་ཚེ་ན། །བཏང་སྙོམས་ཆེན་པོའི་ངང་བཞག་པས། །ངེས་དོན་བདུད་རྩིའི་སྨན་ཆེན་འདིས། །ཉོན་མོངས་ནད་རྣམས་ཞི་བར་མཛད། །ཅེས་སོ། །གཉིས་པ་དེ་ལྟར་ལམ་ལ་གོམས་པས་ཉམས་ཀྱི་རྟགས་ཚད་འཆར་ཚུལ་གསལ་བར་བཤད་པ་ལ། དྲོད་དང་རྟགས་ཚད་ཀྱི་མཚན་ཉིད་བསྟན་པ་དངོས་དང་། ལམ་གྱི་དོན་གནད་རིག་པ་རང་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་ནི། དེ་ལྟར་རྙོག་མེད་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་བག་ཆགས་ཀྱི་རྙོག་པ་མེད་པའི་ངང་དུ་འདྲིས་པར་བྱས་ན། ངར་འཛིན་པ་དང་ཕྱོགས་ཆ་དང་ཞན་པ་གསུམ་ནུབ་ཅིང་། བླང་དོར་གྱི་སྤྱོད་པ་དང་། རྩིང་ཆོས་ཀྱི་སྤྱོད་པ་དང་། ཁེངས་དྲེགས་ཀྱི་སྤྱོད་པ་གསུམ་དང་བྲལ་ལ། རྟོགས་པའི་གདེངས་དང་ལྡན་པར་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་སྣང་བའི་ངང་དུ་གོམས་འདྲིས་བྱས་པས། ཐ་སྙད་རྣམས་ལ་བརྗེད་ངེས་བྱུང་ནས་གྲོལ་དུ་ཉེ་བ་དང་། ཕྱི་ནང་གི་དངོས་པོ་ལ་ཆགས་པ་ཆུང་ཞིང་། འཁྲུལ་པའི་སྣང་བ་ལ་ཡ་མཚན་སྐྱེ་ནས་སེམས་ཅན་ལ་ཐུགས་བརྩེ་བས་འཁོར་བ་མི་སྤེལ་བར་ཕན་སེམས་ཆེ་ཞེས་ཆེན་པོ་དང་ལྡན་ཏེ། དེ་ལྟར་ཕྱི་ལུས་ལ་སྣང་བ་དང་། ནང་དབུགས་ལ་སྣང་ནས་རང་གི་མྱོང་བའི་དྲོད་དང་། གཞན་ལའང་སྣང་བའི་རྟགས་དང་བཅས་པ་འཆར་བས་ཉམས་ཀྱི་རིམ་པ་རྣམས་རྫོགས་པར་འགྱུར་བར་གསང་སྔགས་རྒྱ་མཚོའི་ཡང་བཅུད་མཆོག་ཏུ་གཅེས་པའི་ཆོས་མཛོད་མི་ཟད་པར་འཛིན་པས་གཏེར་གྱི་བདག་པོ་ཉིད་ཀྱིས་རྒྱུད་དུ་གསུངས་པ་ཡིན་ཏེ། ཡེ་ཤེས་རྫོགས་པ་ལས། མཁའ་མཉམ་ཡེ་ཤེས་རང་བྱུང་ལ། །དུས་གསུམ་འདའ་བ་མེད་པར་གནས། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་། །ཞེས་དང་། ཡེ་ཤེས་གསང་བ་ལས། མཐོང་བ་སྣ་ཚོགས་རིག་པའི་ཉམས། །དང་པོ་གནས་པའི་ཏིང་ངེ་འཛིན། །ཆུ་དྲག་འབབ་པའི་དཔེ་ཡིས་བསྟན། །མྱུར་དང་དལ་བས་འབབ་ཆུ་འདྲ། །གཉིས་པ་ལ་ནི་མི་གཡོ་བ། །རྒྱ་མཚོའི་གཏིང་བཞིན་མི་གཡོའོ། །གསུམ་པ་བཞི་པ་འབྲས་བུའི་ཉམས། །མཉམ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ། །སྣང་བ་རྣམ་རྟོག་ཅིར་མི་བསྟན། །དྲན་པ་ཀུན་སྤངས་ཡེ་ཤེས་ཉིད། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པར་བཞག་པ་ཡིན། །ཞེས་སོགས་ཀྱིས་བསྟན་ཏེ་རྒྱས་པར་བསམ་གཏན་ཉམས་ཀྱི་སྒྲོན་མ་ལས་ཤེས་པ་བྱ་ལ། ཇི་ལྟར་གོམ་པའི་ཚུལ་ཡང་། དེ་ཉིད་ལས། ཉམས་བླངས་གོམས་པས་མཐར་འགྱུར་ཏེ། །ཇི་ལྟར་བསམ་པས་བཟུང་བའི་བློ། །མ་ལུས་པར་ནི་ཟད་གྱུར་ནས། །མི་རྟོག་ཡེ་ཤེས་གསལ་མཐར་ཕྱིན། །འགྱུར་མེད་སེམས་ཀྱི་གཡུང་དྲུང་ལ། །ཡེ་ཤེས་རང་གསལ་གྱི་ནར་བཞག །དྲན་པའི་རྐྱེན་གྱིས་མ་ཤོར་ཏེ། །དེ་ཉིད་ཚོད་དུ་ལྷུག་པར་ཞོག །ཅེས་དང་། ཐལ་འགྱུར་ལས། གནད་ལས་བྱུང་བའི་མངོན་སུམ་ཉིད། །གོམས་པའི་སྟོབས་ཀྱིས་འཁྲུལ་པ་འཇིག །རང་བཞིན་དག་པས་གཡེངས་པ་མེད། །རྒྱུན་དུ་གནས་པས་འབྲལ་བ་མེད། །རང་སྣང་ཡིན་པས་རྣམ་རྟོག་ཟད། །རླུང་ཟད་ཡེ་ཤེས་ཉིད་ལ་སྤྱོད། །འདི་དང་འབྲལ་བ་མེད་པ་ཡིས། །འགྲོ་དྲུག་ལམ་གྱི་རྒྱུན་གཅོད་དོ། །ཞེས་སོ། །དེར་མ་ཟད་དང་པོའི་ལས་ཅན་རྣམས་ཀྱིས་ཤེས་རབ་གསུམ་དང་ལམ་ལྔ་ལ་རིམ་པ་ལྟར་བརྟེན་པའི་ཚུལ་ཡང་། ཡེ་ཤེས་གསལ་སྒྲོན་ལ། དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་གཅོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་བྱ། །ཐ་མ་སྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་གཞོམ། །ཚོགས་ལམ་བླ་མ་མཚོན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་པར་བསྐྱལ་བར་བྱ། །ང་ནི་ཐབས་ཀྱི་ས་མཁན་ཏེ། །ཐར་ལམ་ཚོལ་བ་ལམ་འདིར་ཤོག །ཅེས་སོ། །གཉིས་པ་ནི། གནས་ལུགས་མིང་ལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་ཡང་ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྫོགས་པའི་སེམས་བསྐྱེད་བཟུང་། །སྤྲོས་པའི་སེམས་ལྡན་དོན་ལ་སྦྱོར། །རང་བཞག་རིག་པ་མ་ཡིན་པ། །བརྡ་སྒོ་རྟོག་པའི་རྗེས་མ་འབྲང་། །བདེ་ཆེན་གསང་བའི་འཁོར་ལོ་ལ། །གཉིས་སུ་མེད་པའི་རང་བཞིན་པས། །ཆོས་ཅན་ཆོས་ཉིད་གང་ཡང་མིན། །འདོད་པའི་བློ་ཡིས་གང་སྦྱོར་བ། །དམན་པའི་སེམས་ལ་བསྟན་པར་ཟད། །ཅེས་གསུངས་པ་ལྟར། གནས་ལུགས་བརྗོད་མེད་ཆེན་པོ་མིང་གིས་མཚོན་པ་ལ་མི་གནས་པའི་ཕྱིར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་མཚོན་པར་ནི། །རྡོ་རྗེ་སེམས་དཔས་ཡོངས་མ་གསུངས། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། མེ་ལོང་དྭངས་པའི་བརྙན་མར་ལྟག །རྡོ་རྗེ་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་དོན་དུ་མཐོང་། །ཞེས་གསུངས་ཤིང་། གཉིས་མེད་ཇི་བཞིན་པའི་ངོ་བོ་མ་འདྲེས་ཀུན་རྫོགས་སུ་རྟོགས་པའི་དོན་ནི་དེ་མ་ཡིན་པའི་ལྡོག་པ་ལས་གྲོལ་བའི་ཕྱིར། སྔ་མ་ལས། ཡེ་ཤེས་རྫོགས་པའི་རང་བཞིན་ནི། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་རྟོག་པ་འདི། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །ཞེས་དང་། དབང་གི་ཀློང་ལས། ཕྱི་རོལ་ནང་ན་གནས་པ་ཡི། །དོན་རྣམས་མ་ལུས་ལྡན་པར་བྱ། །ཐམས་ཅད་སྤང་བའི་གཞི་མེད་དེ། །དེ་ཉིད་དོན་དེ་ཡིན་ཕྱིར་རོ། །ཞེས་བཀའ་སྩལ་བར་མཛད་པས་ན། །ཀུན་གྲོལ་ཆེན་པོའི་དགོངས་པའི་ངོ་བོ་ཉིད་རང་གིས་རང་ལ་དྲིས་ནས་ཤེས་རབ་ཀྱི་སྤྱན་གྱིས་ངེས་པར་བྱ་དགོས་ཏེ། ནམ་མཁའ་ཆེ་ལས། ལྷུན་གྱིས་གྲུབ་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ཉིད་གཞན་ལས་འབྱུང་མི་འགྱུར། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། རང་སེམས་སྟོན་པར་མ་ཤེས་ན། །རང་བྱུང་མཐོང་བར་ཡང་མི་འགྱུར། །དེས་ན་ཡེ་ཤེས་རྫོགས་པའི་དོན། །རང་རིག་བདེ་བས་ཤེས་པར་གྱིས། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་ཐབས་ཀྱི་རྒྱལ་པོ་ལས། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བཙལ་བྲལ་བའི་ངང་དུ་དྲིས། །ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པར་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་བསྟན། །ཞེས་སོ། །དེས་ན་གོ་རིམ་བཞིན་དུ་བརྡ་དོན་བརྒྱུད་པའི་བླ་མ་དྲན་པས་ཇི་ཞིག་མཚོན་པའི་ཚིག་ཏུ་སྨྲ་སྟེ་བརྗོད་དུ་མེད་ལ། གང་ཡང་མཉམ་པ་ཡིན་པ་ལ་དེ་ལས་གཞན་དུ་ཇི་སྐད་བརྗོད་པ་དང་དོན་ལ་མི་འགལ་བར་མཚུངས་པ་ཡིན་པས། རང་ལ་རང་གིས་ཤོད་ཅིག་བུ་མཆོག་རྣམས། ཞེས་གདམས་པའོ། །གསུམ་པ་སྒོམ་མ་སྒོམ་གྱི་སྐྱོན་ཡོན་རྣམ་པར་དབྱེ་སྟེ་ཕྲང་བསལ་བ་ལ། རྟོགས་གོམས་ལ་གནས་པའི་ཕན་ཡོན་བསྟན་ཏེ་སྤྲོ་བ་སྐྱེད། དེ་ལྟར་མ་གནས་པའི་ཉེས་སྐྱོན་བསྟན་ནས་སྒོམ་དགོས་པར་གདམས་པ་གཉིས་ལས། དང་པོ་ནི། དེ་ལྟར་ལེ་ལོ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་དོན་ཆེན་ཟབ་མོའི་ངེས་གསང་ལ་མི་བརྩོན་པའི་ལེ་ལོ་དང་འཇིག་རྟེན་གྱི་གཡེང་བ་མཐའ་དག་སྤངས་ནས་དམིགས་པའི་ཡུལ་དུ་མ་གཏད་པའི་ངང་ནས་རྟོག་པའི་དོན་ལ་རྟག་ཏུ་གནས་པར་འགྱུར་ན། བསྐལ་པ་གྲངས་མེད་མང་པོ་ནས་བསགས་པ་ཡི། སྡིག་པ་དང་སྒྲིབ་པའི་མུན་ནག་ཏུ་འཕྱན་པའི་བག་ཆགས་ཀྱི་རྙོགས་མ་ཐམས་ཅད་སངས་ཏེ། དོན་གྱི་གནས་ཚུལ་རྣམ་པར་བྱང་བའི་རྒྱ་མཚོ་ཆེན་པོ་དེ་ཉིད་དྭངས་པ་ལས། ཡིད་ལ་བསམ་པ་བཞིན་དུ་འདོད་རྒུ་ཚད་མེད་པ་སྦྱིན་པར་བྱེད་པས་ཡོན་ཏན་མི་ཟད་པའི་གཏེར་མཆོག་རང་ཉིད་ལ་མངོན་གྱུར་དུ་འཆར་བར་འགྱུར་བས་བདག་ཉིད་བདེ་བ་ཆེན་པོར་གྲོལ་ནས། གདུལ་བྱའི་འགྲོ་བ་སྐལ་ལྡན་ལམ་མཆོག་འདི་ཡི་དོན་ལ་མོས་པ་རྣམས་ཀྱི་བདེ་བས་དབུལ་བ་སེལ་བ་ཡང་ཞར་ལ་འཆར་བར་འགྱུར་བ་ནི་དཔེར་ན་འབྲས་འཁར་མ་ལོ་འབྲས་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་ལྟ་བུར་ངེས་ཏེ། མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་མིང་དུ་ཡོད་མ་ཡིན། །སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །སྐྱོན་གྱི་མཐའ་ཉིད་རབ་རྟོགས་ན། །ཡོན་ཏན་ཆེན་པོ་བཙལ་མི་དགོས། །འཁྲུལ་པ་ཉིད་ཀྱི་དོན་རྟོགས་ན། །འཁྲུལ་མེད་རིག་པ་བཙལ་མི་དགོས། །འབྱུང་ལྔ་ཉིད་ཀྱི་དོན་རྟོགས་ན། །ཆེན་པོ་ལྔ་ཉིད་བབས་ཀྱིས་གྲུབ། །མ་རིག་ཉིད་ཀྱི་རྩད་ཆོད་ན། །རིག་པའི་སྐུ་ཉིད་མ་བསྒྲུབ་འགྲུབ། །སེམས་ཅན་ཉིད་ཀྱི་དོན་ཤེས་ན། །སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད། །སྣ་ཚོགས་སྣང་བའི་དོན་རྟོགས་ན། །རང་རིག་འོད་སྣང་མ་བཙལ་རྙེད། །རྟོག་པ་ཉིད་ཀྱི་རྗེས་ཆོད་ན། །འཁྲུལ་པ་དེ་ཉིད་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་ན། །ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས། །ཆོས་ཉིད་ཨ་ཡི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །འོད་གསལ་རིག་པ་གདེངས་ལྡན་ལ། །མཚོན་པའི་ལམ་གྱིས་བརྒྱུད་དང་བྲལ། །རང་བྱུང་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་བདག །ཅེས་དང་། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གསལ་བའི་ཉི་མ་ཤར། །བསམ་སྦྱོར་བློ་ཡི་དྲི་མ་དག །འདོད་འཇུག་རིམ་རྩོལ་ཀུན་དང་བྲལ། །བསམ་མེད་རང་བཞག་སྤྱོད་པར་གནས། །སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཉི་མའི་ཟེར་ཤར་ནས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིམ་པ་རང་ཤར་ནས། །ཡེ་ཤེས་གསལ་བས་འགྲོ་དོན་མཛད། །ཡེ་ཤེས་རང་བྱུང་འདྲེན་སྐུར་ཤར། །སྣ་ཚོགས་སྤྲུལ་སྐུ་རིན་ཆེན་སྤྲོས། །གང་དག་དམན་པའི་འཁོར་དག་ལ། །བློ་དང་མཐུན་པའི་བསྟན་པ་བཀོད། །ཅེས་སོ། །གཉིས་པ་ནི། གཞན་དུ་སྐྱོན་ཀྱང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཡོན་ཏན་ལས་གཞན་དུ་མ་བསྒོམས་པའི་སྐྱོན་ཀྱང་ཡོན་ཏན་དེ་ལས་བཟློག་པ་དང་མཚུངས་ཏེ་གོང་དང་སྦྱར་ལ། དེ་བཞིན་དུ་ཞེན་པ་དྲུག་གི་སྡུག་བསྔལ་དང་ཐེག་པ་བརྒྱད་ཀྱི་རྩོལ་བའི་ནད་ཀྱིས་གདུང་ཞིང་། དཔེར་བཀོད་ན་སྟོན་ཐོག་ལོ་ལེགས་པའི་འབྲས་བུ་ནས་སྲན་གྲོ་འབྲས་ཏིལ་ཉུང་བ་དྲུག་པོ་རྩལ་རྫོགས་པར་སྨིན་ཀྱང་མ་བསྡུས་པའི་དཔེ་ལྟར། རྟོགས་ནས་མ་གོམས་པའི་དོན་འདིར་ཡང་དེ་དང་འདྲ་བར་སྦྱར་ལ་གཞན་ཡང་རྒྱལ་པོ་ཆེན་པོ་ལ་སྲས་མཚན་ཉིད་དང་ལྡན་པ་གཅིག་ཡོད་པ་ཡིན་ན་དེ་ཉིད་རང་དང་མི་མཐུན་པའི་སྲིན་པོས་བཟུང་ནས་དབང་དུ་མ་གྱུར་ན། རང་གི་རྒྱལ་བུ་ཡིན་ངོས་སུ་མཐོང་ཡང་རྒྱལ་པོའི་གདུང་རྒྱུད་མི་ཟིན་པའི་དཔེ་དང་ཡང་འདྲ་བ་ཡིན་པས་ན། སྒོམ་པའི་ཀློང་ལས། ཇི་ལྟར་རྟོགས་པའི་དོན་ལ་བརྩོན། །བཀའ་གཞུང་རྒྱ་མཚོར་མཁས་གསལ་ཡང་། །གོམས་པའི་ཟིལ་གནོན་རྒྱན་བྲལ་ན། །མཚན་མའི་ཆུ་ཀླུང་སྒྲོལ་མ་ཡིན། །ངོས་འཛིན་འཁྲུལ་པའི་ལྕགས་གྲོལ་ཀྱང་། །འཛིན་པའི་བག་ཆགས་འཐུག་པོ་ཡིས། །གོམས་པའི་ལྕགས་སྒྲོག་བཅིངས་པ་འདྲ། །ཁྱུང་དང་སེང་གེའི་གཤོག་རྒྱངས་རྩལ། །མངལ་དང་སྒོང་ངས་བསྒྲིབས་དང་མཚུངས། །ངེས་པར་གདེངས་སུ་མ་གྱུར་ན། །ཐོས་ཟིན་གོ་ཞིང་རྟོགས་བྱས་ཀྱང་། །མོས་པའི་རྣལ་འབྱོར་འཁོར་བའི་རྒྱུ། །འདུན་པ་དྲག་པོས་མོས་བྱས་ན། །འབྲེལ་བས་མཇལ་བའི་གཟུངས་ཐག་ཙམ། །བསྐལ་པར་སྦྱངས་ཀྱང་མཐར་མ་ཕྱིན། །སྙིང་པོ་རྣལ་མའི་སྣོད་ལྡན་པའོ། །ཞེས་གསུངས། སྐྱོན་དེ་ལྟར་ཡོད་པ་དེས་ན་རྟོགས་པའི་ངང་ལ་མ་ཡེངས་པར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོ་གོམས་པར་བྱེད་པ་ནི་ཤིན་ཏུ་གཅེས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་ནས་དང་། །ཚིག་དང་བཅས་པའི་ལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་འཆིང་བ་དང་། །རྟོག་དང་བཅས་ཏེ་ལྟུང་བར་འགྱུར། །ཞེས་དང་། མ་གོལ་གནས་པའི་བསྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པས། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་བར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེང་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱོངས་པ་ལོག་ཆའི་ལམ་སོང་དང་། །འཛིན་ཆ་ནང་དུ་རྒྱུན་བདེ་བར། །ཆ་ལུགས་གསལ་བའི་འཛིན་ཆ་དང་། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྟུང་ན། །མ་གོལ་གནས་པའི་བསྒོམ་པའོ། །ཞེས་གསུངས་ཏེ་འདི་ཉིད་གནད་ཆེ་བས་ཅུང་ཟད་བཀྲོལ་ན། མ་གོལ་བར་གནས་པའི་བསྒོམ་པ་ནི། ཚོགས་དྲུག་གི་དབང་པོའི་སྒོ་རྣམས་རང་གསལ་བ་ལ། འདིར་བསྟན་པའི་ཡིད་གཉིས་ལ་འདུ་ལ། ཞིབ་པར་དབྱེ་ན་གསང་བ་སྙིང་ཏིག་གི་གཞུང་ལས་ཡིད་དྲུག་ཏུ་གསུངས་པ་ལྟར་ཡིད་ཀྱི་བྱུང་ཚོར་གྱི་རྟོག་པ་མ་འགྱུས་པས་ན། སྟོང་ཉིད་བསམ་ངོ་དང་བྲལ་བའི་སྒོམ་ལ། ཕྱི་རོལ་སྣང་གྲགས་ཀྱི་ཆོས་རྣམས་འགག་མེད་དུ་ཤེས་པ་ཉིད་ལ་དེར་དཔྱོད་པའི་ཡིད་རྟོག་རླུང་ལ་བརྟེན་ནས་ཕྱིར་ལ་ཤོར་བ་མེད་པ་ཉིད་ཀྱི་རིག་དང་དེ་མཐའ་བྲལ་ཡོངས་རྫོགས་སུ་སྐྱོང་བ་ན། རིས་ཅན་གྱི་དམིགས་པ་གཏད་པ་ཕྱོགས་རེ་ལ་གསལ་བ་ལས། གཞན་དུ་དེ་ལྟར་མ་ཡིན་ན། རྟག་པར་རང་ཤེས་ལ་འཇུག་པའི་སྒོམ་པ་ཞེས་བྱ་སྟེ། དོན་གྱིས་ཁམས་གསུམ་དུ་འཇུག་པའི་སྒོམ་པ་ཡིན་པས་དེ་ལྟར་མ་ཡིན་པར་གསལ་བ་རང་ངོ་ལ་གསལ་ལ་རྟོག་པ་ཕྱོགས་སུ་མ་ལྷུང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སེམས་གུད་དུ་བཅད་པའི་དུས་ན་ཕྱི་མི་སྟོང་ལ་ནང་སྟོང་པར་སོང་ན་རྣམ་པ་ཁ་འཁྱལ་བའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་སོང་བར་འདི་དུས་སྟོང་ཉིད་ངོས་བཟུང་དང་བྲལ་བར་ཤེས་ན་སྒོམ་གཤའ་མ་ཡིན་ནོ། །ཡང་བསྒོམ་པའི་དུས་ལུས་ངག་གི་བདེ་བ་ཁྱད་པར་ཅན་སྐྱེས་ཏེ་དེ་ལ་སེམས་རྒྱུན་དུ་ཆགས་ན་ཞེན་པ་མཐའ་ཡས་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་ཡིན་པར། བདེ་བ་རང་ལུགས་སུ་འབྱུང་ལ་སེམས་ཉིད་རང་ངོ་ན་གསལ་ཡང་དེ་ལ་ངོས་བཟུང་མ་རྙེད་པ་ནི་སྒོམ་གཤའ་མ་མ་ཡིན་ནོ། །ཡང་བསྒོམས་པས་ཤེས་པ་བཏང་སྙོམས་སུ་ལྟེང་གིས་སོང་ནས་དེ་ལས་བོགས་སྐྱེད་མེད་པ་ནི་བདེ་ཆེན་སྐྱེ་མེད་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་སོང་བར། ཕྱི་ནང་བཞིན་གྱིས་གསལ་ལ། ནང་རང་བཞིན་མ་བཅོས་པར་མཉམ་བཞག་ལ་ལྟེང་གིས་སོང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སྒོམ་པས་ཕྱི་ནང་གི་དྲན་རིག་མ་འགགས་པར་གསལ་བ་ལ། ཤེས་པའི་འཕྲོ་མ་ཆད་པར་དེ་ཉིད་ཀྱི་སྟེང་དུ་རང་སོར་བཞག་པ་ནི། སྒོ་ལྔའི་ཡུལ་རྐྱེན་མ་བཅོས་པའི་སྒོམ་ཞེས་བྱ་སྟེ། དེ་ཉིད་དུ་ངལ་གསོ་མི་བྱེད་པར། དྲན་རིག་མ་འགགས་ཀྱང་དེ་ལས་འཛིན་བྱེད་ཀྱི་ཤེས་པ་ཕྱིར་མ་ཤོར་བར། ནང་རིག་པ་རང་ངོ་ན་གསལ་བ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སྒོམ་པའི་དུས་ན། སེམས་ཀྱི་སྦྱངས་པ་ལོག་ཆའི་སྒོམ་པ་སེམས་མཐའ་ཡས་པར་ཁྱེར་ནས་ཤེས་པ་ཉམས་ཐོག་ཏུ་མི་ཕེབས་པ་ནི་སེམས་རྟོགས་པ་སྣ་ཚོགས་པའི་ཕྱིར་ཤོར་བ་སྟེ་ལམ་གྱི་སྣང་ཆ་ལོག་པའི་སྒོམ་པ་ཞེས་བྱ་བ་ཡིན་པས། དེ་ལྟར་མ་སོང་བར། སེམས་སྟོང་པ་རང་བཞིན་མེད་པར་སྦྱངས་པས་སེམས་ཉིད་རང་བཞིན་འོད་གསལ་བ་ནང་དུ་སྟོང་པ་ངོས་བཟུང་དང་བྲལ་བ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སེམས་ཀྱི་འཛིན་པའི་ཆ་གང་དེ་ནང་དུ་རྒྱུན་དུ་བདེ་ཡང་། ཤེས་པ་གསལ་ཙམ་ལས་ཕྱི་སྣང་བའི་གནོད་པ་མ་སྤོང་བ་ནི་ཡུལ་སེམས་ནང་དུ་ལོག་པའི་སྒོམ་པ་ཞེས་བྱ་སྟེ། དེ་ཉིད་དུ་མ་སོང་བར་ནང་དུ་བདེ་བར་ཤར་ལ་ཕྱིར་གསལ་བར་ཉམས་སུ་མྱོང་ན་སྒོམ་གཤའ་མ་ཡིན་ནོ། །ཡང་སྟོང་པ་ཉིད་དུ་སྒོམ་པའི་དུས་ན་ཡི་དམ་ལྷ་ཡི་ཆ་ལུགས་གསལ་བའི་རྣམ་པ་སེམས་ཀྱིས་འཛིན་པའི་ཆར་གསལ་ན་མཚན་མ་རང་རྒྱུད་ལ་བློས་ལྟ་བའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟ་མ་སོང་བར་ནང་དུ་སེམས་ཉིད་སྟོང་པར་གསལ་བས་འགྱུར་བ་རང་ཆོད། ཕྱིར་སྣང་བ་སྟོང་པར་གསལ་བས་དངོས་པོ་རང་དག་པ་ནི་སྒོམ་གཤའ་མ་ཡིན་ནོ། །ཡང་སྟོང་ཉིད་ངོས་བཟུང་དང་བྲལ་བར་མ་ཤེས་པས། རླུང་གི་ཁ་དོག་བསྒོམ་པ་དང་། ཡིག་འབྲུ་ལ་སློབ་པ་དང་། དེའི་རྣམ་པ་སྒྱུར་བར་བྱེད་པ་རྣམས་སུ་སྒོམ་པ་ནི་སྟོང་ཉིད་དངོས་པོ་ལ་མཐར་ལྷུང་པའི་སྒོམ་པ་ཞེས་བྱ་སྟེ། དེ་ལྟར་མ་ཡིན་པར་ནང་རྟོག་པའི་སྤྲོས་པར་རང་ཆོད་ནས་གསལ་བར་ཉམས་སུ་མྱོང་། ཕྱི་མཚན་མའི་སྤྲོས་པ་རང་ཆོད་ནས་སྟོང་པར་ཉམས་སུ་མྱོང་བ་ནི་སྒོམ་གཤའ་མ་ཡིན་ནོ། །དེ་ལྟར་དགུ་པོ་རྣམས་ཀྱི་མི་མཐུན་པའི་ཕྱོགས་སུ་མ་ལྷུང་བར་རིག་པ་ལྷུན་གྲུབ་རིན་པོ་ཆེ་གསང་བའི་དབྱིངས་རང་གསལ་ཆེན་པོ་སྤྲོས་པ་མ་ལུས་པ་ཀུན་རྣམ་པར་དག་པའི་ངང་ལ་གནས་ན་མ་གོལ་བར་གནས་པའི་བསྒོམ་པ་ཞེས་བྱའོ། །དེ་ལྟར་འགྲེལ་རིན་ཆེན་སྒྲོན་མ་ལས་གསུངས་པའི་གནས་བསྡུས་པའོ། །དེ་བས་མཐའ་བྲལ་གཏིང་གསལ་ཆེན་པོ་རང་རིག་སྐྱེ་བ་མེད་པའི་ངང་དུ་མི་གཡོ་བར་གནས་པ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་རྟོགས་ནས་ནོར་འཁྲུལ་དང་བྲལ་བར་ཡང་དག་པའི་སྒོམ་པ་ཡིན་ཏེ། ཡེ་ཤེས་གསལ་སྒྲོན་ལས། འཛིན་མེད་རང་གསལ་རྟེན་མི་འཆའ། །ཟང་ཐལ་རིག་པ་རྗེན་པར་བཞག །བརྟན་པ་བོགས་དབྱུང་ལ་བཟླ་བས། །རང་སེམས་དག་པ་ཆོས་སྐུ་ཡིན། །རང་བྱུང་ཡེ་ཤེས་མཐའ་ལས་འདས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །རིག་པ་ཡུལ་གྱི་མི་གནོད་པ། །དཔེར་ན་དངུལ་ཆུ་འབོ་བ་འདྲ། །ཞེས་དང་། སྒོམ་པའི་ཀློང་ལས། རྣམ་པ་རང་བཞིན་མཚན་ཉིད་རྣམས། །བདེ་བ་ཆེན་པོར་ལྷུན་གྲུབ་པ། །ལུང་དང་མན་ངག་རིག་ཉམས་ཀྱིས། །རྟོགས་པའི་ངང་དུ་གོམས་བྱེད་པས། །དེ་ཡང་ཡེ་ནས་གནས་པ་ལས། །མ་རྟོགས་ལོག་བརྟགས་ངེས་ཤེས་པའང་། །འཁྲུལ་པའི་ངན་ཤུགས་སྟོབས་དྲག་པས། །གཤིས་ཀྱི་ངང་དུ་མ་གོམས་ན། །ངོ་ཤེས་ཙམ་གྱིས་མཐར་མ་ཕྱིན། །རྟོགས་ནས་ངང་དུ་གནས་པ་དེ། །མཁྱེན་པའི་བསམ་པ་ཀློང་དུ་གྱུར། །བསམ་གཏན་ཆེན་པོ་རྩོལ་བྲལ་ཡིན། །ཡེངས་པའི་དོགས་མེད་ཀློང་ཆེན་པོར། །འབྲལ་མེད་དོན་གྱི་གཟུངས་ཆེན་ལྡན། །ཡེ་ཤེས་ངང་གནས་ཏིང་འཛིན་མཆོག །ཚོགས་བརྒྱད་རྦ་རླབས་རང་ཞི་སྟེ། །བདེ་ཆེན་ངང་གནས་མ་སྤངས་ལྷག །ཡུལ་མེད་ཤེས་རབ་སྤྱན་གྱིས་གཟིགས། །དབྱེར་མེད་རིག་པ་གཅིག་གི་ངང་། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་སོ། །དེ་ལྟར་སྒྲོ་འདོགས་གཅོད་པ་ནི་ཤིན་ཏུ་གཅེས་ཏེ། །ཀུན་མཁྱེན་དམ་པ་རིན་པོ་ཆེས། །ཏིང་འཛིན་མངོན་དུ་མ་གྱུར་ན། །བག་ལ་ཉལ་བའི་མདུད་པ་ཡིས། །ལྷུན་གྲུབ་མངོན་དུ་མི་འགྱུར་བས། །བསམ་གཏན་སྒྲོ་འདོགས་གཅོད་པ་གཅེས། །ཞེས་གསུངས་སོ། །གཉིས་པ་དེ་ལ་དངོས་བརྒྱུད་ནས་འཇུག་པའི་ཐབས་སྒོ་མང་བའི་ཁྱད་པར་བསྟན་པ་ལ། བློ་ཆེ་བ་ལ་རིན་ཆེན་བརྒྱུད་པའི་ཐབས་ཀྱི་དངོས་སུ་སྟོན་ཚུལ། བློ་ཆུང་བ་ལ་བརྒྱུད་ནས་འཇུག་པའི་ཐབས་ཀྱི་རྣམ་གྲངས་སྟོན་ཚུལ། དེ་དག་ཀྱང་མཐར་ཐུག་དོན་ལམ་ལ་འཛུད་པའི་ཁྱད་པར་འཕགས་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། ཐབས་རྒྱལ་བརྒྱུད་པའི་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཡེ་ཤེས་གསང་བ་ལས། བསྐལ་པ་གྲངས་མེད་སྔོན་རོལ་ནས། །རྫོགས་ཆེན་དོན་ལ་སྦྱངས་སྦྱངས་པ། །ཡེ་ཤེས་གསང་བའི་སྣོད་དུ་བསྔགས། །སྒོ་ངའི་ནང་གི་ཁྱུང་ཕྲུག་ལྟར། །འཁོར་བ་ཉིད་དུ་ཡེ་སངས་རྒྱས། །སྒོང་ཆག་མཁའ་ལ་འཕུར་བ་ལྟར། །རྟོགས་པས་མ་བཅོས་བླ་མའི་ས། །རྒྱ་མཚོའི་བཅུད་འདུས་བདུད་རྩི་བཞིན། །བཀའ་ཡི་བཅུད་འདུས་རྫོགས་ཆེན་འདི། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཞེས་གསུངས་པ་ལྟར་མཚན་ཉིད་རྫོགས་པའི་སྐལ་བཟང་དམ་པ་བློ་ལྡན་དབང་པོ་གསལ་བ་ལ་ཐབས་ཀུན་གྱི་རྒྱལ་པོ་སྙན་ཁུང་བརྒྱུད་པའི་གདམས་ངག་རིན་ཆེན་འབར་བ་གསལ་བར་བྱེད་པའི་སྙིང་པོའི་ཡང་བཅུད་ཆེན་པོའི་བརྡ་དོན་བཀྲོལ་བ་འདི་ཉིད་ཀྱིས། དཔེར་ན་རྒྱལ་བུ་མཚན་ལྡན་རྒྱལ་སར་བཏོན་པས་རྒྱལ་པོ་ཆེན་པོར་མངོན་སུམ་དུ་གྲུབ་པར་ཞེས་གྲུབ་པ་ལྟ་བུར་སྦྱར་ནས་བསྟན་པ་ཡིན་ཏེ། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྫོགས་པ་བདེ་བ་ཆེན། །མཐའ་ཡས་འགྲོ་བ་ཀུན་ལ་ལྡན། །རིག་པ་དབྱེར་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པར་གསོལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། །རྒྱུ་འབྲས་གཉིས་མེད་འགྱུར་བ་བྲལ། །རྣམ་བྱང་ཤེས་པ་རང་གནས་པ། །བྱེད་པ་ཉིད་ཀྱིས་མཐོང་བར་གྱིས། །ཞེས་དང་། ཡེ་ཤེས་རྫོགས་པ་ལུང་གིས་ནི། །ཐམས་ཅད་ཡེ་ཤེས་ངོ་བོར་གསལ། །ཞེན་པའི་སྒྲོ་སྐུར་མ་ལུས་པ། །ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །རང་གསལ་རིག་པའི་སྣང་བ་ལ། །གང་ལྡན་གསལ་བའི་རིག་པས་མཐོང་། །ཞེས་དང་། རིན་པོ་ཆེ་འོད་ལས། རྡོ་རྗེའི་བཀའ་ནི་རྟོགས་པའི་ལམ། །བྱེད་པའི་སྒྲ་ལ་གཉེར་བའི་སེམས། །ཚུལ་བཟང་རྩོལ་ལ་གང་གནས་པ། །བྱེད་པའི་དོན་དང་འཕྲད་གྱུར་ནས། །བྱ་བའི་རང་བཞིན་ཤེས་པར་བྱ། །རྒྱལ་བའི་དགོངས་པ་ཉིད་རིག་པ། །གསུམ་གྱི་བྱེད་པའི་འོད་ཀྱིས་མཐོང་། །གསུམ་གྱིས་འོད་གསལ་གཞི་ཡི་ལམ། །བྱེད་དང་བྲལ་བ་ཉིད་ལ་གནས། །ཞེས་སོགས་ཤིན་ཏུ་མང་ངོ་། །དེ་ལྟ་བུ་གདམས་ངག་གི་རྒྱལ་པོ་གསལ་བྱེད་རིན་ཆེན་འབར་བ་འདི་ནི། ཐབས་གཞན་ལ་རག་ལས་པ་མེད་དེ། ཡེ་ཤེས་གསང་བ་ལས། མ་ལུས་འདུས་པའི་སྙིང་པོའི་དོན། །རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ། །བདེན་བཞི་རྟོགས་པའི་རྒྱུ་དང་བྲལ། །ཞེས་པ་ནས། མཚོན་མེད་སེམས་ཀྱི་ངོ་བོ་ལ། །ཤེས་རབ་ཐབས་ཀྱིས་མཚོན་དུ་མེད། །རྒྱུ་འབྲས་བྲལ་བའི་རིག་པ་ལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བྲལ། །ཞེས་སོགས་རྒྱས་པར་བསྟན་པ་བཞིན་དུ། རྩོལ་བ་དང་བཅས་པའི་ཐེག་རིམ་བརྒྱད་ཀྱི་ཐབས་ལ་མི་ལྟོས་པའི་ཚུལ། སྒོམ་པའི་ཀློང་ལས། སྐྱོན་རྣམས་མ་སྤངས་ཡོན་ཏན་རྫོགས། །དོན་གྲུབ་དགྲ་བཅོམ་པ་ལས་གྲོལ། །རྟེན་འབྲེལ་མ་བཀག་སྐྱེ་འགག་གྲོལ། །ཡིད་བཞིན་བདེ་བའི་ས་ལས་གྲོལ། །མ་སྦྱངས་མ་བསགས་གནས་པས་གྲོལ། །ལྷུན་རྫོགས་མདོ་སྡེའི་ས་ལས་གྲོལ། །བྱ་བའི་ལས་གྲོལ་ཡོན་ཏན་རྫོགས། །གཉིས་ལ་མ་བརྟེན་ངང་དུ་རྫོགས། །ཡན་ལག་དགུ་ཡིས་གོམས་ལས་གྲོལ། །གཉིས་ལྟ་གྲོལ་ནས་ཡོན་ཏན་ཤར། །བླ་དོར་རྣམ་རྟོག་བདེ་ཆེན་གནས། །ཕྱི་ནང་མི་མངའ་སྤྲོ་བསྡུ་མེད། །ཐམས་ཅད་དེ་བཞིན་ཉིད་སངས་རྒྱས། །ཐུབ་པའི་བསམ་གཏན་ལས་གྲོལ་བའོ། །བསྐྱེད་ལས་རྫོགས་པར་བཙལ་བ་བྲལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་མི་བྱེད། །ཆོ་ག་སྔགས་དང་ཡོ་བྱད་རྣམས། །བཙལ་བས་མ་ཡིན་ཡེ་གྲོལ་བའོ། །རྫོགས་ཚུལ་དཀྱིལ་འཁོར་གཙོར་བྱེད་མིན། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བྲལ། །བརྟུལ་ཞུགས་གྲངས་ལ་རག་མ་ལས། །ཕྱོགས་མེད་བདེ་ཆེན་ཡེ་རྫོགས་མཇལ། །ཆེ་བའི་ཆེ་བ་ཟབ་མོ་ཡིས། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བའང་སྒྲོལ། །ཞེས་དང་། རིན་པོ་ཆེ་འོད་ལས། འཁོར་ལོའམ་རིག་མའི་བདེ་བ་ཡིས། །རང་གནས་རིག་པ་ཚོལ་བ་ཉིད། །རྣམ་རྟོག་ཡིན་ཏེ་དོན་ལ་མིན། །ཆགས་པའི་འདུ་ཤེས་དྲང་བའི་དོན། །ངེས་པར་སྤྲོས་བྲལ་རང་བྱུང་སེམས། །ཆགས་པའི་ལམ་གྱིས་ཤེས་མི་འགྱུར། །བླང་དོར་མེད་པའི་བརྟུལ་ཞུགས་ཀྱང་། །ངེས་པར་བརྟགས་ན་བླང་དོར་ཉིད། །རང་རིག་བསམ་བྲལ་བཞག་པ་དེ། །དོན་ལ་དངོས་འཛིན་ཞེན་པར་གནས། །ཞེས་དང་། རྣལ་འབྱོར་རྫོགས་པ་བཅོས་མེད་ལ། །འདོད་སྤྱོད་ཐིག་ལེ་སྤྲོ་བསྡུ་མེད། །ཡེ་ནས་རྫོགས་པ་རྣམ་དག་ལ། །བསམ་གཏན་ཡན་ལག་ཀུན་དང་ལྡན། །རླུང་གིས་འཇུག་པ་རང་བཞིན་ནི། །ཡེ་ཤེས་བརྩལ་མེད་བདེ་བ་ལ། །དགའ་བ་བཞི་ཡི་ཡན་ལག་གནས། །གསང་སྤྱོད་ཐབས་ལ་མ་བརྟན་ཡང་། །རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས། །བརྡ་སྤྲོད་ཚིག་ལ་གནས་གྱུར་ཀྱང་། །ཐིག་ལེ་རང་བྱུང་ཉིད་ལས་འཆར། །ཞེས་དང་། སྒྱུ་མའི་རོ་ལ་མ་ཆགས་པས། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རང་གསལ་འདི། །དངོས་མེད་ཤེས་རབ་ཐབས་ཀྱིས་འགྲུབ། །སྣང་གསལ་འཁོར་ལོ་རིག་པ་འདི། །ངོ་བོ་མ་གྲུབ་མེ་ཤེལ་འདྲ། །དངོས་མེད་ཡེ་ཤེས་མཐོང་བས་གྲོལ། །གཟུགས་སོགས་སྣང་བ་བརྟགས་པ་ཡིན། །དངོས་པོ་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པའི་ཉི་ཤར་བས། །མཐའ་ཡི་མུན་པ་ངང་གི་དག །སྒྲུབ་མེད་རང་བྱུང་བསྒྲུབས་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་གྲུབ། །ཅེས་སོ། །གཉིས་པ་ནི། དྲན་རྟོག་རླུང་གིས་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། འོན་ཀྱང་རིག་པ་དྲན་རྟོག་གི་རླུང་གིས་གཡེངས་ནས་རྣམ་པར་རྟོག་པས་འཕྱར་ཏེ་བློ་མི་གནས་ན། གཡོ་བ་འཛིན་པ་རླུང་གི་མན་ངག་རླུང་གཟུང་བ་ལ་སོགས་པའི་ཐབས་རྣམས་སྦྱིན་ཏེ། ལུས་དང་སེམས་ཀློང་ལ་ཡེ་ཤེས་ཀྱི་རླུང་གི་གཟེར་ཆེན་པོ་གདབ་པས། ཞོར་ལ་འབྱུང་བ་ཐུན་མོང་གི་དངོས་གྲུབ་ཚེ་རིང་བ་ལ་སོགས་པ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་རྫོགས་པར་འགྱུར་ལ། ཡང་གདུལ་བྱ་ཁམས་གསུམ་གྱི་དང་པོའི་ཞེས་དང་པོ་འདོད་པའི་ཁམས་ཀྱི་མི་རྣམས་ནི་འདོད་ཆགས་ཀྱི་ཤས་དྲག་པ་ཡིན་པས། ཆགས་པ་ལ་བརྟེན་ཏེ་མཚན་མའི་སྤྲོས་པ་ལ་འཆེལ་ནས་དེར་ཞེན་གྱི་དབང་གིས་བློ་མི་གནས་པ་ལ། བདེ་བ་ཐིག་ལེའི་མན་ངག་འོག་སྒོ་ཁམས་གསུམ་རོལ་པའི་ཐབས་སྤྱོད་རྣམས་བསྟན་ནས་མཐར་འདི་ལ་གཟུད་པར་བྱ་བ་སོགས་གང་ལ་གང་འོས་སུ་བྱ་བ་ཡིན་ནོ། །དེས་ན་ཐབས་སྣ་ཚོགས་ཀྱིས་དྲངས་ཚུལ་དམ་ཚིག་གི་ཀློང་ལས་གསུངས་ནས། མཇུག་ཏུ། དེ་ལྟར་བཏང་སྙོམས་མི་གཞག་ནུས་ཚད་དྲངས། །ཅིས་ཀྱང་རང་རྒྱུད་དྲེགས་པའི་མཚོན་རྣོ་ན། །རེ་ཞིག་གདུལ་བྱ་མ་ཡིན་ཕྱིས་སྨོན་ལ། །གཅན་གཟན་རྒྱལ་པོའི་ཚུལ་དུ་སྔར་ཚུལ་བླངས། །ཞེས་གདམས་པར་མཛད་དོ། །གསུམ་པ་ནི། མདོར་ན་གང་སྐྱེས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། མདོར་ན་ཐབས་ཀྱི་རིམ་པ་གང་ལ་བརྟེན་ནས་རྟོགས་པ་སྐྱེས་ཀྱང་། དབང་གི་ཀློང་ལས། སེམས་ཀྱི་རྣམ་གྲངས་གང་དང་གང་། །དེ་དང་དེ་ཡི་རྗེས་མཐུན་པར། །རྡོ་རྗེ་ཟམ་པ་མ་ཆད་པའི། །བླ་མ་རིན་ཆེན་སྲོག་གྱུར་དེས། །དེ་དེའི་སྒོ་ནས་གཏེར་ཁ་དབྱེ། །དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན། །དབྱིག་གི་རྫས་དང་འཕྲད་པ་ཡིན། །དཔེར་ན་ལྷ་ཡི་ནོར་བུ་ལ། །མཎྜལ་རྩེགས་པའི་སྒོ་བཞི་ཡོད། །གང་ཕྱེའང་དེ་ཉིད་ཐོབ་པར་འགྱུར། །འདི་ནི་རྒྱལ་ཐབས་རིན་ཆེན་ཏེ། །རྩོལ་དང་བྲལ་བའི་དངོས་གྲུབ་ཡིན། །ཞེས་གསུངས་པ་ལྟར་རྣལ་མ་དོན་གྱི་སྙིང་པོ་འདི་ཉིད་མ་ནོར་བར་རྟོགས་ཏེ་རང་ལ་གནས་པ་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་དཔེར་ན་བརྡ་དང་བྲལ་བའི་རྒྱལ་བུ་དའུ་རྒྱལ་སར་དབང་བསྐུར་བ་དང་འདྲ་བར་རྟོགས་པར་བྱ་སྟེ། དེ་ཉིད་ལས། བརྡ་དོན་བྲལ་བའི་རྒྱལ་བུ་བཞིན། །ནོར་བུའི་ས་ནས་བརྡ་བཀྲོལ་ཏེ། །འཁོར་ལོ་བཞི་ལ་དབང་བྱེད་ཅིང་། །སྟོབས་བརྒྱད་མཐུ་ཡི་དག་པོར་བསྐུར། །དེ་བཞིན་སྐལ་ལྡན་རིགས་ཀྱི་བུ། །རང་སྣང་བརྡ་དོན་གྲོལ་ཐོབ་ནས། །རང་བཞིན་མཚན་ཉིད་མ་བཅོས་པ། །མངོན་སུམ་བསྟན་པའི་མན་ངག་སྦྱིན། །ཞེས་སོ། །གཉིས་པ་དོན་ལམ་གྱི་ངོ་བོའི་ཆ་རྐྱེན་རང་སྣང་ཀློང་དགུའི་དགོངས་པ་བླ་མེད་ཆེན་པོར་བཤད་པ་ལ། རང་སྣང་ཀློང་དགུ་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་དང་། དེ་ཉིད་དཔེ་ཡིས་མཚོན་ཏེ་ཚད་མའི་ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། དེ་ཡང་དང་པོ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟ་བུའི་རྟོགས་པ་དེ་ཡང་དང་པོ་རྒྱལ་ཐབས་སྤྱི་བླུགས་ཚངས་པ་ཆེན་པོའི་དབང་བསྐུར་བ་ལས་རིག་པ་རང་ངོ་ཤེས་ཤིང་རང་དབང་དུ་འདུ་བ་ཡིན་ཏེ། རང་ཤར་ལས། དཔེར་ན་རྒྱལ་རིགས་སྤྱི་བོ་ནས། །དབང་བསྐུར་བརྟན་པ་ཐོབ་པ་བཞིན། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གཞི་སྣང་རྒྱ་ཡི་བཏབ་བའི་ཕྱིར། །དེ་ཕྱིར་རྒྱལ་ཐབས་ཞེས་བྱར་གྲངས། །ཞེས་དང་། དབང་གི་ཀློང་ལས། རྒྱ་ཕུག་འཁོར་ལོ་བརྩེགས་པའི་ཁང་། །དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །གསེར་གྱི་བྲག་ཕུག་ཡུ་བ་ཅན། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རིན་ཆེན་འབར་བ་གསལ་བྱེད་ཀྱིས། །ཕྱོགས་མཚམས་རྒྱས་པའི་གུར་ཕུབ་སྟེ། །ཡི་གེ་མེད་པའི་འབྲུ་གསུམ་བསྟིམས། །རྣ་བརྒྱུད་ལུང་གི་གཏེར་ཆེན་བཀྲོལ། །ཕྱོགས་མཚམས་རྒྱས་པའི་འཁོར་ལོ་བསྐོར། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །རྒྱུ་བ་མེད་པའི་རིག་པ་བསྐྱེད། །རང་བཞིན་གསལ་བའི་འོད་ལ་བཞུགས། །ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། །སྤྱི་བླུགས་ཚངས་པའི་དབང་བསྐུར་ཏེ། །བདེ་ཆེན་ས་ལ་བཀོད་པའོ། །ཞེས་སོ། །དེའི་རྟེན་གཞི་ལ་ནི་དཀྱིལ་འཁོར་དང་དམ་ཚིག་གཉིས་དང་ངེས་པར་ལྡན་པ་དགོས་ཏེ། སྔ་མ་ལས། དེ་ནས་རང་བྱུང་དཀྱིལ་འཁོར་འདི། །ཇི་བཞིན་མངོན་སུམ་ཁོ་ན་བས། །འདི་ལ་དེ་བཞིན་ནན་ཏན་བྱ། །བཀྲ་གསལ་གཟུགས་དང་བརྗོད་བྲལ་སྒྲ། །དངོས་བྲལ་རང་བཞིན་མེད་པའི་དྲི། །མུ་ཁེའི་ཐིག་ལེ་དབྱིངས་ཀྱི་ངང་། །སྣ་ཚོགས་དབྱིངས་ཉིད་བདག་གའི་ཀློང་། །ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག །བདེ་བ་ཆེན་པོ་གཅིག་གི་ངང་། །ཡེ་ཤེས་མུ་མཐའ་མེད་པར་འཇུག །འདི་ནི་རང་བཞིན་དཀྱིལ་འཁོར་ཡིན། །ཞེས་དང་། དཀྱིལ་འཁོར་གྱི་ཀློང་ལས། དེ་ནི་སྙིང་པོའི་དོན་ཉིད་དེ། །འབྱུང་འཇུག་མེད་པའི་ངང་གནས་པས། །ངོ་བོས་འབྲེལ་ཕྱིར་ངེས་པར་ལོངས། །ཀུན་ནས་བཟླུམས་ཕྱིར་དཀྱིལ་འཁོར་རོ། །དེ་ལ་གཙོ་བོ་དབུས་གནས་དང་། །མཐའ་ན་འཁོར་གནས་བཟང་ངན་མེད། །སྙིང་པོ་སྤྲོས་བྲལ་དབུས་གནས་དང་། །སྤྲོས་པའི་ཆོས་ཀྱི་མཐའ་བསྐོར་བྲལ། །འཁོར་འདས་ཕྱི་ནང་ཆོས་ཐམས་ཅད། །རང་བཞིན་མཚན་ཉིད་རྣམ་པར་དག །མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ། །བདེ་ཆེན་ངང་དུ་མཉམ་པས་གདེངས། །ཞེས་དང་། དམ་ཚིག་གི་ཀློང་ལས། བྱང་སེམས་ལྷུན་གནས་དམ་པའི་ངང་། །རྩོལ་བྲལ་གནས་ལ་ཉམས་པ་ཡི། །འཇིགས་དོགས་གདོད་ནས་མི་གནས་ཏེ། །ཀ་དག་ཡོན་ཏན་ལྷུན་གནས་གདེངས། །དེས་ན་བསྲུང་བྱ་ཕྱོགས་རིས་གྲངས། །རྣམ་པར་དབྱེ་བ་བཟང་ངན་དང་། །མཚམས་བཟུང་མི་གནས་བདེ་བ་ཆེ། །རྩོལ་བྲལ་ངེས་པའི་སྲོག་གིས་གནས། །ཞེས་དང་། རྩོལ་བྲལ་རིག་པའི་དམ་ཚིག་ནི། །གཅིག་ཅེས་འདི་ཞེས་གྲངས་བཏབ་བར། །གནས་པ་མིན་ལ་གནས་སྐབས་སུ། །དགོས་པས་མེད་པ་ཕྱལ་བ་དང་། །གཅིག་བུ་ལྷུན་གྲུབ་རྣམ་པ་བཞི། །ཕྱོགས་དང་གྲངས་ཀྱིས་བསྲུང་བྱ་དང་། །བྲལ་བས་མེད་པའི་དམ་ཚིག་ཡིན། །ཡིན་མིན་ཡོད་མེད་བདེན་རྫུན་གྱི། །འཛིན་པ་བྲལ་བས་ཕྱལ་བ་ཡིན། །འཁོར་འདས་བདག་གཞན་བཟང་ངན་དུ། །དབྱེར་མེད་གཅིག་པུའི་དམ་ཚིག་ཡིན། །ངང་གནས་ཉམས་པ་ལས་གྲོལ་བས། །བཙལ་མེད་ལྷུན་རྫོགས་ཡེ་གྲུབ་པའོ། །ཞེས་དང་། དེ་ཡི་ངང་ལ་རྟག་གནས་ན། །ཐུན་མོང་ཡོན་ཏན་ཆ་ལ་རྫོགས། །རིན་ཆེན་ཞོར་ལ་ཕྲན་བུ་ལྟར། །ཁྱད་པར་བདེ་ཆེན་ལྷུན་གྱིས་གནས། །སྡུག་བསྔལ་རྩོལ་བའི་ནད་ལས་གྲོལ། །དོན་ཀུན་མ་བཙལ་ལྷུན་གྱིས་གྲུབ། །ཕྱོགས་རིས་མི་མངའ་ཀུན་ཏུ་ཁྱབ། །རྒྱུན་མ་ཆད་པར་ཐམས་ཅད་གྲོལ། །དེ་བཟློག་སྐྱོན་ཡང་རྗེས་མཐུན་ཏེ། །འདི་བྲལ་རྣལ་འབྱོར་སྤུན་པ་ལ། ཇི་ལྟར་འབད་རྩོལ་བརྩོན་བྱས་ཀྱང་། །འཁོར་བའི་འབྲས་བུ་ཉིད་འགྱུར་ཏེ། །རང་གཤིས་གནད་དུ་མ་བྱིན་པས། །འདུས་བྱས་སླར་འཇིག་ཐུགཔ་་མེད། །རྩོལ་བས་ཐང་ཆད་སྡུག་བསྔལ་ལ། །བདེ་ཆེན་སྙིང་པོ་སྲོག་དང་བྲལ། །ཞེས་སོ། །དེ་བཞིན་དུ་དེའི་དོན་ཀུན་མཛད་པའི་རྐྱེན་གྱི་རིམ་པ་ལའང་ཕྲིན་ལས་རྣམས་དང་ལྡན་པར་རྟོགས་རིག་མ་འགགས་པའི་ངང་དུ་རྫོགས་པ་དགོས་ཏེ། ཕྲིན་ལས་ཀྱི་ཀློང་ལས། ཐུགས་རྗེས་འདུལ་དང་རང་བཞིན་གྲུབ། །རྣམ་པ་གཉིས་སུ་བཤད་པ་ནི། །གདེངས་ལ་གནས་ནས་མཛད་པ་བཞིས། །གང་འདུལ་ཐུགས་རྗེས་སྐྱོབ་པ་དང་། །མཛད་པ་རྩོལ་བ་ལས་གྲོལ་བར། །དོན་གྱིས་ལས་བཞིར་ལྷུན་གྲུབ་པའོ། །ཞེས་དང་ཕྱི་མ་ལས། རིན་པོ་ཆེ་རྒྱན་ལས། རང་བཞིན་ལྷུན་གྲུབ་ཕྲིན་ལས་ནི། །ཡེ་ཤེས་རང་སྣང་ངང་གནས་པས། །ཕྱི་ནང་རྣམ་རྟོག་ངང་གིས་ཞི། །ཡེ་ཤེས་མཐའ་དབུས་མེད་པར་རྒྱས། །འཁོར་འདས་བྱང་སེམས་དབང་དུ་འདུས། །ཕྱི་ནང་རྣམ་རྟོག་ཚར་བཅད་བསྒྲལ། །རང་བཞིན་ཡེ་ནས་མ་བཅོས་པའོ། །ཞེས་གསུངས་སོ། །དེ་དང་མཚུངས་པར་རྟོགས་པ་དོན་གྱི་ལྟ་བ་ཡང་། དེ་ཉིད་ལས། དེ་དག་ལྡན་པས་དབང་བསྐུར་ནས། །ཐོབ་ཚད་འཁོར་འདས་རང་དབང་འདུས། །རང་གྲོལ་ཤར་བའི་ལྟ་བ་སྟེ། །ཞེས་གསུངས་པ་ལྟར། རྣམ་རྟོག་རང་གྲོལ་དུ་ཤར་བ་ནི་གསང་མཆོག་རྒྱལ་པོའི་ལྟ་བ་མ་ནོར་བར་རྟོགས་པ་སྟེ། དབང་ཐོབ་པའི་ཚད་འཁོར་འདས་རང་དབང་དུ་འདུས་པ་ལ་སོགས་པ་ཀུན་ཀྱང་ལྟ་བའི་ངང་ལ་རྫོགས་པ་ཡིན་ཏེ། ལྟ་བའི་ཀློང་ལས། བྱང་སེམས་ཀུན་མཁྱེན་ཡེ་ཤེས་དེས། །ཀུན་མཁྱེན་ཡུལ་མེད་རང་གསལ་བ། །དགོས་པ་ཅིར་བརྟགས་དེར་མི་རྟོག །མ་འདྲེས་ཡོངས་རྫོགས་རང་གྲོལ་བའོ། །དེ་ཡང་རྟོག་པ་ཡེ་ཤེས་སུ། །འདུས་པས་ལྟ་བའི་དབང་དུ་རྟོགས། །རྟོགས་པས་དོན་གྱི་སྙིང་པོ་ལོངས། །ལྟ་བའི་དཀྱིལ་འཁོར་རྟོགས་པ་ཡིན། །ངང་ལ་གནས་པས་འདའ་མེད་གནས། །ལྟ་བའི་དམ་ཚིག་ཡེ་བསྲུངས་ཡིན། །ཕྱོགས་འཛིན་ཞི་ལ་ཡེ་ཤེས་རྒྱས། །དོན་འདུས་དངོས་མཚན་ཚར་གཅོད་ལས། །ཡུལ་མེད་ཡེ་གསལ་ཀུན་མཁྱེན་པ། །བལྟར་མེད་ལྟ་བ་ཡེ་བལྟས་མཐོང་། །རྟོགས་ནས་ངང་ལས་འདའ་མ་མྱོང་། །ལྟ་བའི་སྒོམ་པ་ཡེངས་བྲལ་བའོ། །མཁྱེན་པའི་ཡེ་ཤེས་འགག་མེད་རོལ། །ལྟ་བའི་སྤྱོད་པ་རང་རྫོགས་ཡིན། །རྟོགས་པའི་ངང་གནས་མཐར་ཕྱིན་པ། །ལྟ་བའི་ས་ལམ་རང་གནས་པའོ། །ཡིན་དོན་རྟོགས་ལས་སྐྱེས་དབྱུང་མེད། །ལྟ་བའི་འབྲས་བུ་ཡེ་སངས་རྒྱས། །ཀུན་ལ་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རྟོགས་པའི་དོན་དེ་བཞག །ཐབས་གསུམ་གྱིས་ཉམས་སུ་བླངས་ཤིང་གོམས་པར་བྱས་པས་འབྲས་བུ་མཐར་ཕྱིན་པར་འགྱུར་བ་ཡིན་ཏེ། སྒོམ་པའི་ཀློང་ལས། ཐུན་མོང་མིན་པར་བརྡ་སྤྲད་ནས། །ཕྱོགས་མེད་རང་གྲོལ་ངང་གནས་པས། །མ་གཏད་ངང་དུ་མ་ཡེངས་གསལ། །བསྒོམ་མེད་སྒོམ་པའི་གཟེར་ཆེན་ཡིན། །གདོད་ནས་སྙིང་པོ་རྣལ་མ་ཉིད། །ཡེངས་དང་བྲལ་བའི་དོགས་པ་མེད། །འདི་ནི་ཤིན་ཏུ་རྣལ་མར་འབྱོར། །བཙལ་བ་བྲལ་བའི་ཐབས་ཆེན་ཡིན། །ཐོག་མར་རང་རིག་རྣལ་འབྱོར་པས། །རྟོགས་པ་ཕྱོགས་བྲལ་ངེས་པའི་སོར། །མ་བཅོས་ལྷུན་གྱིས་བདེར་གནས་ཏེ། །མ་ཡེངས་གནས་ཙམ་དེ་ཉིད་སྒོམ། །བྱིང་རྒོད་འཕྲོ་ཐིམ་ཅིར་གཡོས་ཀྱང་། །ཐོག་མའི་དོན་དང་རྟོགས་པའི་གནད། །དེས་ན་སྤང་དག་སྦྱང་བསྒྱུར་མིན། །དེ་ཉིད་ཚོད་དུ་རང་ཏང་གནས། །གཅོད་བྱེད་འཛིན་བྱེད་རྗེས་འབྲང་བ། །སྒྱུ་མ་རང་རིག་སྟོང་ཉིད་པས། །སྤྲུལ་རྫོགས་ཆོས་སྐུར་ལྷུན་གྱིས་གྲུབ། །དེས་ན་མ་བཙལ་ལྷུག་པར་ཞོག །མ་ཤོར་མ་བཅོས་བཙལ་མེད་པ། །བརྗོད་པ་གསུམ་པ་དབྱེར་མེད་པས། །ཐ་དད་རྗེས་སུ་སེམས་མི་སྤྲོ། །ཐིག་ལེ་རང་གསལ་ཉག་གཅིག་གོ། །ཞེས་སོ། །དེའི་བོགས་འདོན་ལྟ་བུར་གནང་བ་དང་བཀག་པ་མེད་པའི་སྤྱོད་པ་སྤྱད་དེ་ལ་བཟླ་བ་ནི་ལྟ་སྒོམ་གྱི་གྲོགས་སུ་མེད་ཐབས་མེད་པ་ཉིད་དེ། སྤྱོད་པའི་ཀློང་ལས། བྱང་སེམས་ངང་གནས་སྐྱེས་ཆེན་ལ། །ཐམས་ཅད་ཡེ་ཤེས་ཐུགས་རྗེར་རོལ། །རྣམ་པ་སྒྱུ་མར་ལྷུན་གྲུབ་པས། །བླང་དོར་བསམ་བྲལ་གདེངས་ཆེན་ལྡན། །དེས་ན་གནང་བཀག་སྤྱད་པ་ལ། །སོགས་པའི་རྗེས་སུ་སེམས་མི་འབྲང་། །གང་ལྟར་གནས་པས་དེ་ལྟར་བདེ། །བླང་དང་དོར་བའི་ཡིད་བྲལ་གཟུངས། །འགྲོ་བས་གང་སྒྲུབ་དེར་བརྩོན་པས། །འདོད་པའི་དོན་ལ་མྱུར་གནས་ལྟར། །དོན་གྲུབ་ངང་གནས་སྐྱེས་ཆེན་གྱིས། །སྙིང་པོར་གནས་ཤིང་དོན་ཀུན་གྲུབ། །ཅེས་དང་། བདག་ཉིད་མཁྱེན་གོམས་ངང་མ་གཡོས། །གཞན་དོན་མ་བཙལ་ལྷུན་གྲུབ་པ། །བྱང་ཆུབ་ཆེན་པོའི་དོན་མཐར་ཕྱིན། །སྤྱོད་པ་ལྷུན་གྲུབ་དེ་ཕན་ཡོན། །དེ་ཡི་དོན་བྲལ་རྣལ་འབྱོར་ནི། །རྟོགས་པ་ཡར་བསྙགས་འཕངས་བསྟོད་ཀྱང་། །བུས་པའི་ཐེག་པར་གནས་པ་སྟེ། །སྨོན་ལམ་མོས་པ་དེ་དོན་མིན། །ཞེས་སོ། །དེ་བཞིན་དུ་ས་ལ་སྦྱངས་དང་ལམ་ལ་བགྲོད་དུ་མེད་པའི་ས་ལམ་ནི་ཡོན་ཏན་མཆོག་གི་གཏེར་དམ་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་བཅོས་རང་སྣང་བླ་མའི་ས། །སྦྱངས་པས་མ་ཡིན་ཡེ་ནས་གྲུབ། །རང་བྱུང་རྣམ་དག་ཀུན་བཟང་ས། །དབྱེར་མེད་ཆེ་མཆོག་ཆོས་ཀྱི་ས། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། རང་བྱུང་ཁྱད་པར་ལམ་ཆེན་ནི། །བླང་དོར་གཉིས་མེད་རིག་པའི་ངང་། །ཡེ་ཤེས་དབུ་མ་མཐའ་བྲལ་ལ། །བགྲོད་པའི་ལམ་མེད་ཡེ་སངས་རྒྱས། །ཞེས་དང་། ས་ལམ་གྱི་ཀློང་ལས། མ་བཅོས་བླ་མར་གནས་རྫོགས་པའི། །ས་ལམ་ཞེས་སུ་གསུངས་པ་ཡང་། །གནས་ཤིང་བརྟེན་པས་བྱང་ཆུབ་སེམས། །འཇུག་ཅིང་ཕྱིན་པས་ཡེ་ཤེས་ལམ། །ཞེས་སོ། །དེ་ལྟར་གོམས་པས་གཞི་ལམ་དང་ཞོར་སྣང་གི་སྐྱོན་རྣམས་བྲལ་ནས་སེམས་ཉིད་རང་རིག་པ་རང་སྣང་བའི་ངང་དུ་གསལ་བར་རྟོགས་པ་མཐར་ཕྱིན་ཀྱང་སེམས་ལས་ལོགས་ནས་འབྲས་བུ་ཐོབ་པ་དང་སྒྲིབ་པ་སྤངས་སུ་མེད་པ་ནི་འབྲས་བུའི་ཀློང་ཆེན་པོ་སེལ་མེད་པ་ཉིད་དེ། རིན་པོ་ཆེ་རྒྱན་ལས། ངོ་བོ་སེམས་ཉིད་གསལ་མཐར་ཕྱིན། །གཞི་ལམ་ཞོར་སྣང་སྐྱོན་བྲལ་ཡིན། །གནས་ལུགས་རང་སྣང་གདགས་གཞི་ཅན། །ཐ་སྙད་རང་གྲོལ་མངོན་ཤར་བས། །མཚོན་ཆོས་ཀུན་གྲོལ་ཀུན་གྱི་གཞི། །རང་སྣང་ཉིད་དུ་མཐར་སོན་ཡིན། །རྒྱུ་ལས་རྐྱེན་གྱིས་བསྒྱུར་མིན་ལ། །མཐར་ཕྱིན་བསྐྱེད་དུ་བྱར་མེད་པས། །སྨིན་པའི་འབྲས་བུར་བརྡར་བཏགས་པ། །མཐུན་པའི་མིང་དུ་ངེས་པ་ཡིན། །ཞེས་དང་། འབྲས་བུའི་ཀློང་ལས། དེ་ཀུན་རང་རིག་ཡེ་ཤེས་ཉིད། །རང་མཁྱེན་པས་ན་སྟོང་གསལ་དེས། །གཞི་རྟེན་ཀུན་གསལ་སྤྲོས་པ་གཅོད། །མཚུངས་མེད་བདེ་ཆེན་མཚན་ལྡན་ཆད། །དེ་ཉིད་གདུལ་བྱ་སྐལ་ལྡན་ལ། །བྱིན་རླབས་རང་མཚན་ཚངས་པའི་གསུང་། །སྒྲོ་སྐུར་བྲལ་བར་བསྟན་པ་ནི། །མ་རྟོགས་ལོག་རྟོག་ཐེ་ཚོམ་བྲལ། །སྐུ་དང་ཡེ་ཤེས་རྫོགས་པ་ཆེ། །རྣམ་པས་བྱང་ཆུབ་སྙིང་པོར་གནས། །ཞེས་སོ། །དེ་ལྟར་མིང་གིས་ཀློང་དགུ་རུ་བཏགས་ཏེ་བསྟན་པ་ཀུན་ཀྱང་དོན་གྱི་ངོ་བོ་རང་སྣང་ཐིག་ལེ་ནག་གཅིག་ཏུ་ཡོངས་སུ་རྫོགས་པར་རྟོགས་པ་ནི་རང་རིག་སྙིང་པོའི་རིན་པོ་ཆེ་རང་འབར་འོད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་སྣང་བ་དམ་པ་ཉིད་ཡིན་ཏེ། ཡེ་ཤེས་གསང་བ་ལས། མ་ལུས་འདུས་པའི་ལུས་པོ་ཆེ། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ལྷག་མ་མེད་པར་ཡོངས་སུ་རྫོགས། །རིག་པའི་འཁོར་ལོ་འབུམ་ཕྲག་ཡས། །ཞེས་དང་། རང་བཞག་འོད་གསལ་རིག་པ་ལ། །མ་ལུས་དགོངས་པ་ཐམས་ཅད་འདུས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རང་བཞག་དགོངས་པ་གཅིག་ལས་མེད། །ཅེས་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་དང་། གསང་བ་སྒྲ་རྒྱུད་ལས། དགོངས་པ་གཅིག་ལས་གཡོས་པས་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལ། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་ཡུལ་སྟོང་པས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་བྱེད། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་དང་། གཞན་ཡང་འདོད་སེམས་ལྟ་བ་བཤད། །ཀུན་བརྒྱབ་གཅིག་ཀྱང་མ་ཆོད་པས། །གཅིག་བརྒྱབ་ཐམས་ཅད་གསད་པར་བྱ། །མི་བརྒྱ་ལྕགས་སྒྲོག་གཅིག་མ་ཐར། །གཅིག་གཟུང་བས་ནི་ཐམས་ཅད་ཐར། །ཐར་བས་གོང་དུ་གྲོལ་ལམ་ཟད། །འཇུག་པ་ལས་ཀྱི་རྒྱུ་འགགས་སོ། །ཞེས་སོགས་ཤིན་ཏུ་མང་ངོ་། །དེ་ལྟར་མ་འདྲེས་མཐའ་བྲལ་རང་གསལ། ཡོངས་རྫོགས་དབྱེར་མེད་མཉམ་གྲོལ་གྱི་དགོངས་པ་གསང་བ་ཆེན་པོ་འདི་ནི་དོན་ལམ་གྱི་ངོ་བོའི་ཆ་རྐྱེན་མེད་དུ་མི་རུང་བའི་མན་ངག་བླ་ན་མེད་པ་ཡིན་ཏེ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས། ཚོགས་བརྒྱད་ཡེ་ནས་གནས་ཇི་བཞིན། །དམ་པས་ཀློང་དགུ་སེམས་ལ་ཐོབ། །ཅེས་གདམས་སོ། །གཉིས་པ་ནི། དཔེར་ན་རིག་གནས་སོགས་རྐང་པ་གསུམ་གྱིས་བསྟན་ཏེ། དཔེར་ན་བཟོ་གསོ་བ་སྒྲ་གཏན་ཚིགས་ནང་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་པོ་ཡོངས་སུ་རྫོགས་པའི་གང་ཟག་མཁས་པ་ལ། བཟོ་བོ་དང་སྨན་པ་ལ་སོགས་པའི་མིང་གང་དུ་བཏགས་ཀྱང་ཡོན་ཏན་གྱི་ལྡོག་ཆ་སོ་སོ་ནས་བརྩིས་པས་ཀུན་ཀྱང་བདེན་པར་ལྡན་པ་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་ཀྱི་དགོངས་པ་འདི་ཡང་སྦྱར་ཏེ་རྟོགས་དགོས་པར། གསང་སྔགས་རིན་པོ་ཆེའི་མཛོད་ཁང་གི་བདག་པོ་གཏེར་ཆེན་མི་ཟད་པའི་སྙིང་པོ་འཛིན་པའི་སྟོན་མཆོག་རྡོ་རྗེ་འཆང་ཆེན་རིགས་ཀྱི་བདག་པོས་ཡེ་ཤེས་གསང་བའི་རྒྱུད་སོགས་ལས་གསུངས་ཏེ། དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་ཉམས་སུ་བླངས། །མ་བསྒྲུབས་འབྲས་བུ་ལྷུན་གྱིས་གྲུབ། །ལྟ་བ་སེམས་ལ་བླང་དོར་མེད། །མཐའ་དབུས་མེད་པའི་སྙིང་པོ་ལེན། །ཡེ་ཤེས་མ་འགགས་གསལ་བར་སྣང་། །གནང་བཀག་མེད་པ་སྤྱོད་པའི་རྒྱན། །མི་བསམ་མ་ཡེངས་དགོངས་པའི་ཀློང་། །རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་། །བགྲོད་མེད་མཐར་ཕྱིན་སེམས་ཀྱི་ལམ། །བཅོས་མེད་དམ་ཚིག་གདོད་ནས་དག །རང་སྣང་འབྲས་བུ་ལྷུན་གྲུབ་ཀློང་། །ཞེས་པ་ལ་སོགས་པ་དང་ཀློང་དགུ་བམ་པོ་ཉི་ཁྲི་ལས་ཤིན་ཏུ་སྤྲོས་ཏེ་རྒྱས་པར་གསུངས་སོ། །དེ་དག་གི་དོན་གྱི་གནས་ནི་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། རྒྱས་པར་ཀློང་དགུ་སོ་སོའི་སྐབས་དང་། འབྲིང་རིན་པོ་ཆེའི་རྒྱན་དང་། ཉུང་བསྡུས་བདུད་རྩི་ཆུ་རྒྱུན་ལས་གསུངས་པ་རྣམས་ལ་བློ་གྲོས་ཀྱི་འཇུག་པ་གསལ་བར་བྱས་ཏེ་རྣལ་མ་སྙིང་པོའི་ངེས་དོན་ལ་འཇུག་པར་བྱའོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། རྟོགས་པའི་དོན་འདྲིས་ཤིང་གོམས་པའི་ཐབས་ཀྱིས་འབྲས་བུ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་སྐབས་བཞི་པ་ཉིད་ལེགས་པར་བཤད་པའོ།། །།ལྔ་པ་དེ་ལྟར་མངོན་དུ་གྱུར་ཏེ་འབྲས་བུ་ལྷུན་གྱིས་གྲུབ་ནས་ངང་ལ་རྫོགས་ཚུལ་བཤད་པ་ལ། ངོ་བོ་སྐུ་ཡི་བཞུགས་ཚུལ། དགོངས་པ་ཡེ་ཤེས་ཀྱི་རང་བཞིན། ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་པ་དང་གསུམ་ལས། དང་པོ་ནི། ཙ་ནའི་འབྲས་ལྟར་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དཔེར་ན་ཤིང་མཆོག་ཙ་ནའི་ཞེས་ཙ་ན་ཀའི་འབྲས་བུ་ལ་ཕྱི་ནང་དང་སྒྲིབ་བྱེད་མེད་པ་ལྟར་དུ་རྒྱུ་རྐྱེན་དང་དབྱེར་བ་མེད་པར་རང་རིག་པ་སྐྱེ་འགགས་གནས་གསུམ་དང་བྲལ་བར་རང་གསལ་བ་ཡི་འབྲས་བུ་ཉིད་རང་གི་ངོ་བོས་མ་ནོར་བར་འཁོར་འདས་ཀྱི་ཆོས་ཀུན་ལ་ཁྱབ་གདལ་དུ་གྱུར་པ་ཅན་གྱི་གནས་ལུགས་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེ་ཉིད་ཇི་ལྟར་གནས་པའི་དོན་བཞིན་དུ་དཔལ་ལྡན་བླ་མའི་སྐུ་དྲིན་གྱིས་མ་བཅོས་རང་གྲོལ་དུ་ངོ་ཤེས་ཏེ་རང་ཉིད་ལམ་གྱིས་མཐར་ཕྱིན་པའི་ཡེ་ཤེས་རང་བྱུང་དུ་གསལ་བ་ནི་ཆོས་ཀྱི་སྐུ་ཡིན་ཞིང་། ཡེ་ཤེས་ཆེན་པོ་དེས་འཁོར་འདས་ཀྱི་བདེ་བ་ཐམས་ཅད་རང་རིག་བདེ་བ་ཆེན་པོར་མངོན་སུམ་དུ་མཛད་དེ་ཆགས་པ་མེད་པར་ལོངས་སྤྱོད་པས་ན་ཉིད་ལོངས་སྐུ་དང་། དེ་ཉིད་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ངོ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་སྣང་བ་ནི་གཞན་ལོངས་སྐུ་ཏེ། འདི་གཉིས་ཡང་གསང་སྙིང་ཐིག་གི་གཞུང་ལས་རང་སྣང་དང་གཞན་སྣང་གི་ལོངས་སྐུ་བཤད་པ་དང་དོན་དུ་གཅིག་གོ། །དེ་ཡི་རྣམ་འཕྲུལ་འགྲོ་བ་རིགས་དྲུག་དང་སྲིད་པ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ངོ་ལ་དག་མ་དག་སྣ་ཚོགས་སུ་སྣང་ནས་འཁྲུལ་པ་རིམ་བཞིན་དུ་སྦྱོང་བར་མཛད་པ་ནི་སྤྲུལ་པའི་སྐུ་སྟེ། འབྲས་བུའི་ཀློང་ལས། ངོ་བོ་ཉིད་གནས་ཡེ་ཤེས་ཤར་ཆོས་སྐུ། །དེ་ཡི་འོད་ཤར་རིགས་ལྔ་སྤྲུལ་པར་བཅས། །ཞེས་དང་། ལྷུན་གནས་བདེ་ཆེན་གདལ་བའི་སྐུ། །ཆོས་སྐུ་སྤྲོས་པ་ཀུན་ལས་གྲོལ། །རང་རིག་བདེ་ཆེན་ལོངས་སྤྱོད་རྫོགས། །འོད་ཟེར་ཐུགས་རྗེའི་རྣམ་པར་འཕྲུལ། །དབྱེར་མེད་ངང་དུ་རྫོགས་པ་ལས། །ས་གནས་དག་པས་དེ་བདག་བྱས། །མཚན་དཔེས་བརྒྱན་པའི་སྐུས་འདུལ་མཛད། །འགྲོ་དྲུག་རྒྱུད་དག་མ་དག་ལ། །བདག་པོ་དེ་ཉིད་དག་པ་དང་། །མ་དག་སྤྲུལ་པ་རྒྱ་ཆེར་ཤར། །བསམ་མི་ཁྱབ་པས་འདུལ་བར་མཛད། །ཅེས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ཆོས་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་དུ་གནས་པ་ནི་ངོ་བོ་ཡིན་ལ། དེ་ཉིད་གནས་ལུགས་ཇི་ལྟ་བར་མངོན་དུ་མཛད་པའི་ཕྱིར་རང་སྣང་རིག་པའི་མངོན་སུམ་དུ་སྐུ་བཞི་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་པས་ངོ་བོ་ལ་དབྱེར་མེད་ཆེན་པོར་མཉམ་པ་ཉིད་དོ། །དེ་ལྟར་ཡང་སྔ་མ་ལས། ངོ་བོ་མཚན་མའི་སྐུ་ལས་འདས། །ཀུན་གྱི་གཞི་རྩ་སྙིང་པོའི་སྐུ། །བདེ་ཆེན་ངོས་མེད་ཉི་འོད་ཤར། །ཡེ་ཤེས་མཆོག་སྐུ་མེད་ལས་འདས། །ཡོད་པའང་ཡོད་མེད་ལས་འདས་སོ། །ཞེས་སོ། །གཉིས་པ་ནི། རང་གསལ་མི་རྟོག་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྒྲིབ་བྱེད་མེད་པར་རང་གསལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད། སྣང་བའི་ཡུལ་དུ་མེད་པར་ཆོས་ཉིད་ཀྱི་ངང་དུ་མཁྱེན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཡེ་ཤེས་གསང་བ་ལས། བྱང་ཆུབ་སེམས་འདི་ཀུན་ཏུ་བཟང་། །མ་ལུས་འདུས་པའི་སྙིང་པོའི་མཆོག །ཐེག་པ་མཁའ་འདྲ་ལྟ་བའི་ཀློང་། །རྒྱ་ཆེ་ཡངས་པ་བདེ་བ་ཆེ། །ཀུན་འདུས་ཡེ་ཤེས་དག་པའི་འོད། །ཕྱོགས་མཚམས་ཀུན་ཏུ་གསལ་བར་འགྲོ། །ཡེ་ཤེས་མེ་ལོང་ཐམས་ཅད་གསལ། །མ་བཅོས་གཟུགས་བརྙན་སྣང་བས་ན། །ཡེ་ཤེས་མེ་ལོང་དག་ཏུ་བཤད། །ཅེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་འདིར་བཟང་ངན་དང་ཆེ་ཆུང་མེད་པར་མཉམ་པའི་སྟོང་གསལ་དུ་མཁྱེན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རང་རིག་ཡེ་ཤེས་འོད་གསལ་ལ། །མཐོ་དམན་རློམ་སེམས་ཆེ་ཆུང་མེད། །བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་བྱང་ཆུབ་སེམས་སུ་མཉམ། །མཉམ་པའི་རང་གསལ་ཕྱོགས་བཅུར་བརྡས། །འོད་གསལ་རིག་པ་མཉམ་པར་བཤད་། །ཅེས་སོ། །དེ་བཞིན་དུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་མཚོན་ཚུལ་ནས་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པར་མཁྱེན་པས་རྒྱལ་བའི་ཐུགས་ཀུན་གྱི་བདག་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གཉིས་མེད་རིག་པ་ཀར་དག་ལ། །ཡེ་ཤེས་རོལ་པ་མ་འདྲེས་གསལ། །ཀུན་བཟང་ཆོས་ཉིད་སྤྲོས་མེད་ལ། །རོལ་པའི་འཁོར་ལོ་བསམ་མི་ཁྱབ། །འདུ་ཞིང་འཕྲོ་བ་རྒྱ་མཚོ་བཞིན། །འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་སོ། །དེ་བཞིན་དུ་རྩོལ་བས་མ་བྱས་པར་བདག་གཞན་གྱི་དོན་དུ་བྱ་བ་ཀུན་རྫོགས་པར་སྒྲུབ་པས་ཐུགས་རྗེའི་རྣམ་པ་རང་ཤར་བའི་མཁྱེན་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །མི་མདའ་ཕྱག་རྒྱ་ཆེན་པོ་ལ། །རང་བྱུང་མཛད་པ་ཅིར་ཡང་འགྱུར། །ལྷུན་གྲུབ་མཛད་པ་ཕྱོགས་རིས་མེད། །ཀུན་གྱི་སྙིང་པོ་རང་བྱུང་ལ། །ཐུགས་རྗེ་ལྷུན་གྲུབ་ཤར་གྱུར་ནས། །གདུལ་བྱའི་བྱ་བ་ཀུན་མཛད་གསལ། །དེས་ན་བྱ་བ་ནན་ཏན་ནོ། །ཞེས་སོ། །དགོངས་པ་དེ་དག་ཀུན་ཀྱང་མུ་མཐའི་ཕྱོགས་རིས་ཐམས་ཅད་རང་སར་གྲོལ་ནས་གསལ་ཁྱབ་དབྱིངས་ཀྱི་ཐིག་ལེར་ལྷུན་གྱིས་རྫོགས་པས་ཀུན་འདུས་ཆོས་ཉིད་དབྱིངས་ཀྱི་ངོ་བོར་མ་བཅོས་འོད་གསལ་དུ་མཁྱེན་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། བཅོས་མེད་དབྱིངས་ཀྱི་རང་བཞིན་ལ། །འཛིན་རྟོག་ཞེན་པའི་ཆོས་མེད་པས། །མི་འགྱུར་ཡེ་ཤེས་རང་བྱུང་ལ། །བདེན་པར་མི་འཛིན་རྫུན་པའང་མིན། །འཛིན་མེད་རིག་པ་གཉིས་བྲལ་ལ། །གང་ཡང་མི་སྣང་ཀུན་ཏུ་བཟང་། །ཆོས་ཉིད་སེམས་ལ་དངོས་མེད་གསལ། །སྟོང་པ་ཀུན་མཁྱེན་ཡེ་ཤེས་ཐུགས། །དངོས་མེད་ཀུན་ལྡན་སྟོང་ཆེན་པོ། །འཛིན་མེད་རིག་པ་འོད་གསལ་བས། །སྟོང་ཉིད་ཡེ་ཤེས་དག་ཏུ་བཤད། །ཅེས་སོ། །དེ་ལྟར་ཡེ་ཤེས་ལྔ་པོ་ཡུལ་མེད་རང་གསལ་རང་རིག་གདོད་མའི་མགོན་པོ་བྱང་སེམས་ཐིག་ལེ་ཉག་གཅིག་གི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཞེས་མིང་དུ་གདགས་པའི་གཞི་ཅན་ཉིད་ཡིན་ཏེ། སྔ་མ་ལས། རང་གསལ་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །ཆོས་ཉིད་ཀ་དག་འོད་གསལ་སེམས། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །མ་འགགས་རང་རིག་རྒྱུ་མེད་གསལ། །རང་བྱུང་ཡེ་ཤེས་འགྱུར་མེད་སེམས། །འོད་གསལ་བསམ་གྱིས་མི་ཁྱབ་པར། །ཀུན་བཟང་རོལ་པ་མཐའ་དབུས་མེད། །མི་རྩོལ་མཐའ་བྲལ་དབུ་མའི་སེམས། །མཚོན་འདས་རང་རིག་ཞེན་རྟོག་མེད། །གཉིས་མེད་རང་རིག་ཡུལ་དང་བྲལ། །ཞེས་དང་། རང་བྱུང་ཡེ་ཤེས་ཉག་གཅིག་ལ། །ཡོན་ཏན་ཆ་རེས་དུ་མར་བགྲངས། །རང་རིག་ཉིད་ལ་ཡུལ་མེད་པས། །ཡུལ་གྱིས་བསྐྱེད་པའི་ཡེ་ཤེས་མིན། །རང་བྱུང་ཉིད་ལ་རྒྱུ་མེད་པས། །རྒྱུ་ཡིས་བསྐྱེད་པའི་ཡེ་ཤེས་མིན། །ལྷུན་གྲུབ་ཉིད་ལ་རྩོལ་མེད་པས། །རྩོལ་བས་བསྐྱེད་པའི་ཡེ་ཤེས་མིན། །ཞེས་སོ། །གསུམ་ནི། ཐམས་ཅད་རྫོགས་པས་སོགས་ཚིགས་སུ་བཅད་པ་བྱེད་དང་གསུམ་གྱིས་བསྟན་ཏེ། དེ་ཡང་ཚོགས་བརྒྱད་ཡུལ་དང་བཅས་པ་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པས་ཉན་ཐོས་ལྟར་སྤངས་པ་དང་རང་རྒྱལ་ལྟར་བཀག་པ་དང་བྱང་སེམས་ལྟར་སྦྱངས་པ་རྣམས་དང་བྲལ་ཏེ་མངོན་སུམ་སངས་རྒྱས་པར་རྟོགས་ཏེ། སྤང་འགེགས་སྦྱོང་བའི་རྩོལ་བ་མེད་པས་བདེ་བ་ཆེན་པོ་དེ་ཉིད་ཤིན་ཏུ་རྣལ་འབྱོར་ལ་རྫོགས་པས་ན་མཚན་ཉིད་སྡེ་གསུམ་ལས་འཕགས་པའི་ཁྱད་པར་གྱི་ཆེ་བ་བླ་ན་མེད་པ་སྟེ། སྔ་མ་ལས། མངོན་པར་སངས་རྒྱས་ཆེ་བ་ལ། །ཡེ་ཤེས་ཐིག་ལེ་ཀུན་ཏུ་གསལ། །ཞེས་སོ། །རྒྱུ་རྐྱེན་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་སྤྲོས་བྲལ་གྱི་ངང་དུ་རོ་གཅིག་པ་ཡིན་པས་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་ཀྱི་མཚན་ཉིད་དང་བྲལ་བས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་རྟོགས་ཏེ་རྒྱུ་འབྲས་ཀྱི་རྩོལ་བ་མེད་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་ཡོངས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་ལས་འཕགས་པའི་རྫོགས་པ་ཆེན་པོའི་ཆེ་བ་རྨད་དུ་བྱུང་བ་སྟེ། རྣམ་གསུམ་ཀུན་བཟང་ཐིག་ལེ་ཉིད། །ཆོས་ཉིད་དབྱིངས་སུ་སངས་རྒྱས་ཆེ། །ཞེས་སོ། །དེ་བཞིན་དུ་སྣང་སྟོང་གཉིས་སུ་དབྱེ་བ་མེད་པས་གཉིས་ཀྱི་ཐ་སྙད་འདོགས་པའི་གཞི་མེད་ལ། ཕྱོགས་རིས་ལས་གྲོལ་བས་གཉིས་སུ་མེད་པའང་མིན་ཏེ། གཉིས་དང་གཉིས་མེད་ཀྱི་སྤྲོས་པ་དེ་ཉིད་དང་བྲལ་བས་བདག་ཉིད་ཆེན་པོ་སངས་རྒྱས་པར་རྟོགས་ཏེ། ཚུལ་ངན་གྱི་རྩོལ་བ་མེད་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་ལས་འཕགས་པའི་ཆེ་བ་ཟླ་དང་བྲལ་ཏེ། རྩོལ་བྲལ་ལྷུན་གྲུབ་ཐིག་ལེ་ནི། །བདག་ཉིད་ཆེ་བའི་སངས་རྒྱས་ཡིན། །ཞེས་སོ། །བླང་བ་དང་དོར་བ་འདི་ཡིན་དང་འདི་མིན་གྱི་ཕྱོགས་ཆ་ཐམས་ཅད་དང་བྲལ་བས་དོར་བ་དེ་ཉིད་བླང་བྱ་དེ་ཁོ་ན་ཡིན་པས་སངས་རྒྱས་ཏེ་བླང་དོར་གྱི་རྩོལ་བ་མེད་པར་རྟོགས་པས་བདེ་བ་ཆེན་པོ་ཉིད་དེ། གང་ལས་ཆེ་ན་སེམས་དཔའ་ཡི་རྣལ་འབྱོར་སྔགས་ཕྱི་པ་ལས་འཕགས་པའི་ཆེ་བ་ཕུལ་དུ་བྱུང་བ་སྟེ། ཀུན་བཟང་ཐིག་ལེ་བྱང་ཆུབ་སེམས། །ཐམས་ཅད་ཡིན་པའི་ཆེ་བ་ཉིད། །ཅེས་སོ། །དེ་དག་ཐམས་ཅད་ཀྱང་དགོས་པའི་དབང་གིས་མིང་དུ་བཏགས་པ་ཙམ་སྟེ་དགོངས་གཞི་རྨོངས་པ་ལ་དོན་མཚོན་པ་ཅན་ཡིན་པའི་ཕྱིར་ན། སངས་རྒྱས་ཞེས་བླ་དགས་སུ་བཏགས་པའི་ཐ་སྙད་རང་གྲོལ་བ་ཙམ་དུ་རྟོགས་པ་ནི་སངས་རྒྱས་མེད་པའི་ཆེ་བ་རང་བྱུང་གི་ཡེ་ཤེས་ཉི་མ་བྱེ་བའི་རང་འོད་སྒྲིབ་མེད་དུ་བརྡལ་ཡང་བྱ་བྱེད་ཡེ་ནས་གྲོལ་བས་རྩེ་མོའི་ཡང་ཏོག་ཏུ་ཕེབས་ཏེ་ཐ་སྙད་ཀུན་ལས་འདས་པ་སྟེ། སྔ་མ་ལས། མཐའ་བྲལ་འོད་གསལ་ཆེན་པོ་ནི། །སངས་རྒྱས་མེད་པའི་ཆེ་བར་བཤད། །ཅེས་དང་། ལ་ཤན་ལྟ་བའི་མེ་ལོང་ལས། །རང་བྱུང་ཡེ་ཤེས་མངོན་བྱས་པའི། །ཉི་མ་བྱེ་བའི་འོད་བརྡལ་ཡང་། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་མ་རྒྱས་པར་བྱ་བྱེད་པའི། །ཆོས་ནི་རྡུལ་ཙམ་ཡོད་མིན་པས། །སངས་རྒྱས་མེད་པའི་ཆེ་བར་གསུངས། །ཞེས་སོ། །ལེའུའི་མཚན་ནི། རིན་པོ་ཆེ་གཏེར་གཏད་པ་ལས། ངོ་བོ་སྐུ། དགོངས་པ་ཡེ་ཤེས། ཁྱད་པར་དུ་འཕགས་པའི་ཆེ་བ་རྣམས་བསྟན་པའི་ལེའུ་སྟེ་སྐབས་ལྔ་པ་ཉིད་རྣམ་པར་བཤད་པའོ།། །།རྩ་བའི་གསུམ་པ་འབྱུང་བའི་དུས་བསྟན་ཏེ་གཏད་རྒྱ་མཛད་པ་ལ། འབྱུང་དུས་ལ་བབ་ཚུལ་ངོས་བཟུང་བ། མན་ངག་གི་རྒྱལ་པོའི་བཀའ་གཏད་མཛད་པ་གཉིས་ལས། དང་པོ་ནི། རང་གནས་གཏེར་ཆེན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རང་ལ་ཡེ་ནས་གནས་པའི་གཏེར་ཆེན་པོ་རང་གིས་མ་ནོར་བར་རྙེད་པའི་ཐབས་མཆོག་དམ་པ་འདི་ནི། རང་གནས་ཀྱི་གཏེར་དེ་ཡང་གདོད་མ་ནས་རང་དང་མ་བྲལ་བར་གནས་པ་ཡིན་ཀྱང་རང་ངོ་རང་གིས་མ་ཤེས་པས་དབུལ་བར་གྱུར་པ་ལ། རང་ངོ་ཇི་བཞིན་དུ་ཤེས་པར་བྱེད་པའི་ཐབས་ཀྱི་རྒྱལ་པོ་མཚུངས་པ་མེད་པའི་རྩེ་མོ་སྟེ། ཡེ་ཤེས་རྫོགས་པ་ལས། རིམ་འཇུག་བློ་ཡི་ཐེག་པ་རྣམས། །འདྲེན་པའི་སྐུ་ཡིས་དྲང་དོན་བསྟན། །ངེས་པའི་ཐེག་གཅིག་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་རྣམ་པ་ཀུན། །ཡེ་ཤེས་རིག་པའི་མཁས་ལ་རྫོགས། །ཞེས་གསུངས་པ་བཞིན་དུ་ཤཱཀྱའི་རིགས་ཐམས་ཅད་སྒྱུ་རྩལ་སྣ་ཚོགས་པའི་སྟོབས་ཀྱིས་ཐུབ་པར་མཛད་པའི་སྟོན་པ་ཤཱཀྱའི་དབང་པོས་དགོངས་པས་ཞེས་དྲང་དོན་དགོངས་པ་ཅན་གྱིས་དྲངས་ཏེ་ཐེག་པ་སྣ་ཚོགས་ཀྱི་དོན་རྣམས་རྫོགས་པའི་རྗེས་སུ། ཇི་སྐད་དུ། བརྒྱུད་པའི་ལུང་བྱང་ལས། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། །ལས་ཀྱི་ཚེ་ཐུང་བཀའ་དོན་ཏོན། །བསྟན་སྙིགས་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན། །དེ་ཚེ་རིག་པ་རྣམ་སྟོང་ཤར། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་རྒྱུད་དྲག་པར་བྱུང་བ་དང་། དད་པ་དང་མོས་པའི་མཐུ་ཞེན་པ་དང་། ལས་ངན་པའི་སྟོབས་ཀྱིས་ཚེ་ཐུང་བ་དང་། ངེས་པའི་བཀའ་ཡི་དོན་ལ་རྟོན་པ་དང་། བསྟན་པའི་སྙིགས་མ་ལ་བབ་པ་དང་། གྲུབ་མཐའ་ངན་པས་བསྒྱུར་བ་དང་དྲུག་ནི་འབྱུང་བའི་དུས་གསུངས་ཏེ། རིན་པོ་ཆེ་རྒྱན་ལས། འབྱུང་བའི་དུས་དྲུག་གསུངས་པ་ལས། །བསྟན་པའི་སྙིགས་མ་གྲུབ་མཐའ་ངན། །ལོག་རྟོག་མང་དུས་བྲམ་ཟེའོ། །དད་མེད་བཀའ་ཡི་དོན་ལ་རྟོན། །ཉོན་མོངས་རྒྱུད་དྲག་རྒྱལ་པོས་བསྡུས། །མན་ངག་སྤྱིར་གཅེས་ཚེ་འཐུང་བས། །དྲོན་ཚོགས་ཆུང་བར་བསྟན་པ་ཡིན། །ཀུན་ལ་ཐམས་ཅད་འཇུག་པའོ། །ཞེས་སོ། །དེ་ཡང་ཉོན་མོངས་པའི་རྒྱུད་དྲག་པས་བྱམས་པ་ལ་སོགས་པའི་གཉེན་པོས་ཞེས་གཉེན་པོས་ཕྱོགས་གཅིག་ཏུ་གྱུར་པས་མི་ནོན་ཅིང་། མོས་པའི་མཐུ་དམན་པས་སྒྲུབ་པ་ལ་བརྩོན་འགྲུས་ཞན་པ་ཅན་གྱིས་རིགས་དང་ལྡན་པ་དེ་དག་ཡང་སྤྲུལ་ཐུགས་སྲས་ཆེན་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་མཐོང་བའམ་གཟིགས་ནས། སྤྱིར་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་བསྡུས་ཤིང་། དེ་དག་གི་དགོངས་འགྲེལ་དང་གསལ་བྱེད་ཀྱི་གདམས་པ་མང་པོས་ཀུན་ནས་རྒྱས་པར་མཛད་ལ། བྱེ་བྲག་ཏུ་རྩོལ་བ་དང་བྲལ་བར་རང་རིག་བདེ་བ་ཆེན་པོ་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཀུན་གྱི་མཐར་ཐུག་པ། མན་ངག་འཕྲུལ་གྱི་མེ་ལོང་གི་རྩ་བ་འདི་ཉིད་ཀྱང་བཀའ་སྩལ་བར་མཛད་པ་ཡིན་ནོ། །གཉིས་པ་ནི། སྐུ་གསུམ་དགོངས་པ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཐམས་ཅད་ཐེག་པ་ཀུན་གྱི་མཐར་ཐུག་པའི་སྙིང་པོ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་མཁྱེན་པའི་དགོངས་པ་དང་ཐུགས་ཀྱི་གསང་བཅུད་ཕྱུང་བའི་བདུད་རྩིའི་ཉིང་ཁུ་དེ་ཉིད་འཐུངས་པས་བྱང་ཆུབ་ཆེན་པོའི་ཆུ་ཡིས་ཐུགས་རྒྱུད་བརླན་ཞིང་། གཞན་ཕན་གྱིས་སྨོན་ལམ་བཏབ་པའི་ནུས་མཐུ་དྲག་པོས་བླ་ན་མེད་པའི་བྱང་ཆུབ་ཀྱི་མྱུ་གུ་རྒྱས་ཏེ་སྨིན་པར་གྱུར་པ་ན། ཐུགས་རྗེས་གཟུང་བའི་ཡུལ་ངན་པ་འགྲོ་བ་རིགས་དྲུག་ལ་སེམས་གཏིང་ནས་འཕྲོགས་པའི་བརྩེ་བས་དགོངས་ཏེ། སྟོན་པ་རང་ཉིད་དང་རིགས་རྒྱུད་མཐུན་པ་འགའ་ཙམ་བྱུང་བ་ལ་ཐུགས་རྗེའི་འོད་ཟེར་སྤྲོས་ནས་རྣམ་གྲོལ་མཆོག་གི་ལམ་ལ་འཇུག་པའི་ཐབས་ཀྱི་གདམས་པ་སྟོན་པའི་ཐུགས་ཀྱི་བསམ་པ་མཆོག་ཏུ་གྱུར་པ་བསྐྱེད་ནས་གསུངས་པར་མཛད་པ་སྟེ། སྒོམ་པའི་ཀློང་ལས། འགྲོ་རྣམས་སྐྱེ་བཞིའི་སྡུག་བསྔལ་དྲྭ་བར་རྟག་ཏུ་འཇུག་པ་ཆུ་རྒྱུན་དེ། འབྱུང་བའི་རྒྱུ་ནི་མ་རིག་བདག་ལྟ་ཉོན་མོངས་ལས་ཀྱི་འཁོར་ལོ་སྟེ། བདེ་བ་འཇོམས་པའི་དགྲ་ལས་རྒྱལ་མཛད་སྐུ་གསུམ་བརྒྱུད་པའི་བཀའ་ལ་བརྟེན། གདམས་པ་འདི་ཡིས་ཡིད་ཀྱི་མུན་པ་བསལ་ནས་ཡེ་ཤེས་རྒྱལ་མཚན་ཚུགས། འཇམ་དབྱངས་བྱིན་བརླབས་བུ་དང་བདག་དང་རིགས་མཐུན་སྐལ་ལྡན་མོས་འཇུག་རྣམས། འདི་ལ་ནན་ཏན་ཆེར་གྱི་དད་བརྩོན་དམ་ཚིག་ཡོད་སེམས་ལ་ཐུམས། ཞེས་གསུངས་པ་ལྟར་བཀའ་ལུང་ཐམས་ཅད་ཀྱི་སྙིང་པོ་རིན་ཆེན་སྣང་བའི་མན་ངག་དམ་པ་འདི་ཉིད་ཐ་སྙད་ཀྱི་རྣམ་གྲངས་སྤྲོས་ཏེ་རྒྱས་པར་ཟེར་བའི་བརྗོད་པ་མང་པོ་སྤངས་ཏེ་དོན་གྱི་གནད་རྣམས་འདུས་པར་ཚིག་ཚོགས་ཉུང་དུར་དྲིལ་ནས། ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ་ཉིད་ཀྱི་ཐུགས་སྲས་མཆོག་གི་བུ་ལ་བཀའ་འདི་གཏད་པ་ཡིན་པས། ཁྱེད་ཀྱིས་རང་དང་རིགས་མཐུན་པའི་སྐལ་བ་དང་ལྡན་པ་འགའ་དང་འགའ་ཙམ་བྱུང་བ་རྣམ་ལ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཡི་དགོངས་པ་གསང་བ་ཆེན་པོ་དེ་ཉིད་རང་གྲོལ་བའི་གདམས་ངག་གིས་སྐབས་ཕྱེ་ལ་བརྡ་སྤྲད་དེ། བརྡ་དོན་ཐམས་ཅད་ཕྱོགས་རིས་ལས་གྲོལ་བ་རྒྱས་གདབ་ཅིང་། རྣམ་རྟོག་གི་སྤྲོས་པ་རྣམས་ཐིག་ལེས་ཞེས་ཐིག་ལེ་དྲུག་གི་གཅད་པ་དང་། ཆེ་བ་ལྔས་ཁྱད་པར་དུ་དཔགས་པར་བསྟན་ཏེ་དགྲོལ་བར་མཛད་པ་ལ་རེམས་ཤིང་། དེ་ལྟར་རང་ལ་གནས་པའི་གཏེར་ཆེན་པོ་རང་ཉིད་ལ་མངོན་སུམ་དུ་གཏད་པར་བྱེད་དོ་རིགས་ཀྱི་བུ་མཆོག་ཀྱེ་ཞེས་བོས་ནས་ལེགས་པར་ཆོངས་ཤིག་ཅེས་བཀའ་སྩལ་ཏེ། བྲམ་ཟེར་སྙིང་པོ་གྲུབ་པ་པཎ་ཆེན་འཇམ་དཔལ་བཤེས་གཉེན་ལ་གཏད་རྒྱ་མཛད་པའོ། །དེ་ལྟར་གསུངས་པ་རྣམས་ཀྱི་དོན་ཅུང་ཟད་སྤྲོས་ཏེ་བཤད་ན། འབྲས་བུའི་ཀློང་ལས། ཤིན་ཏུ་རྣལ་མའི་ཡེ་ཤེས་ལ། །སེམས་མེད་གནས་པའི་རང་བཞིན་ནི། །སྤྲོས་པ་ཀུན་བྲལ་དེ་མཁྱེན་པའི། །ཡེ་ཤེས་མཚན་ཉིད་རང་རིག་གསལ། །དེ་འོད་རྣམ་པ་ཅི་ཡང་ཤར། །དབྱེར་མེད་ཀུན་བྲལ་ཇི་མ་སྤངས། །རང་བཞིན་ཅིས་ཀྱང་སྟོང་པས་ཡོད་པའི་མཐའ་ལས་འདས། །དེ་མཁྱེན་ཐམས་ཅད་རྫོགས་པས་མེད་པའི་མཐའ་ལས་འདས། །མཚན་ཉིད་ཐ་དད་བྲལ་བས་གཉིས་ཀྱི་མཐའ་ལས་འདས། །གཉིས་མེད་ངོས་བྲལ་རོལ་བས་དེར་འཛིན་ངང་ལས་འདས། །ཀུན་བྲལ་ཇི་མ་སྤངས་པས་ཀུན་མཁྱེན་སྟོང་ཉིད་རྫོགས། །ཡེ་ཤེས་ཡོད་མེད་མཐའ་ལས་འདས་པར་བཞུགས། །ཀུན་མཁྱེན་གསལ་བས་ཡེ་ཤེས་ལྷག་ཆད་མེད། །སྤྲོས་དངབྲལ་བས་ཆོས་དབྱིངས་ལྷག་ཆད་མེད། །ངོ་བོ་མ་འདྲེས་བདེན་གཉིས་ལྷག་ཆད་མེད། །རང་བཞིན་དབྱེར་མེད་མཉམ་ཉིད་ལྷག་ཆད་མེད། །ཐམས་ཅད་ལྷུན་གྲུབ་རོལ་པ་ལྷག་ཆད་མེད། །རྒྱ་མ་ཆད་པས་ཀ་དག་ལྷག་ཆད་མེད། །དེ་ལྟར་མཁྱེན་ལ་ངེས་མེད་རོལ་པར་ཤར། །མ་བཅོས་ལྷུན་གནས་ཡེ་ཤེས་བདེ་ཆེན་ཡིན། །ལྷག་མ་མེད་པར་རྫོགས་པ་ཆེན་པོ་ཡིན། །རང་གྲོལ་རྒྱས་གདབ་སྤྲོས་བཅད་ཁྱད་པར་འཕགས། །ཞེས་གསུངས་པས། དང་པོ་རང་གྲོལ་ཆེན་པོའི་མན་ངག་གིས་སྐབས་འབྱེད་པ་ལ་རྒྱས་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་སྐབས་ཉི་ཤུ་རྩ་བདུན་གྱིས་བསྟན་པ་ལྟར་ཤེས་དགོས་ཀྱང་། མདོར་བསྡུ་ན་གོང་དུ་གསལ་བར་བསྟན་པའི་བརྡ་དོན་བཞིན་དུ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས། མཚན་མ་སྤྲོས་པ་གཟུང་འཛིན་ལ། །གཉེན་པོས་མི་དགག་ཐུག་ཕྲད་མོད། །སྤྲུལ་རྫོགས་ཆོས་སྐུ་མ་འདྲེས་གསལ། །བཙལ་བས་བསྣམ་མེད་ལྷུན་གནས་ཉིད། །ཅེས་གསུངས་པ་ལྟར་སྒོ་ལྔའི་རྣམ་པར་ཤེས་པས་ཡུལ་ལྔ་ལ་མཚན་མར་རྟོག་སྟེ་རང་ཡུལ་སོ་སོར་གཅོད་པ་དང་། ཉོན་ཡིད་ཀྱིས་ཀུན་གཞི་ལ་དམིགས་ཏེ་ངར་འཛིན་པས་གཟུང་འཛིན་གྱི་བདག་ཉིད་ཅན་དང་། ཡིད་ཀྱི་རྣམ་ཤེས་ནི་དེ་གཉིས་དང་རང་རིགས་སྔ་མའི་རྗེས་སུ་ངར་འཇུག་ལ་ཁྱད་པར་དུ་དེ་དག་དང་སྔ་ཕྱིའི་མིང་ལ་རྟོག་སྟེ་སྤྲོས་པ་སྣ་ཚོགས་པར་ཀུན་ནས་འབྲང་བར་བྱས་པས་གཉུག་མ་དོན་གྱི་ཀུན་གཞི་འཁྲུལ་པའི་བག་ཆགས་ཀྱི་བསླད་དེ་གནས་པ་ལ། མན་ངག་འདི་ཡིས་སྒོ་ལྔའི་མཚན་མའི་ཡུལ་སྣང་དེ་ཉིད་རྣམ་པ་སྒྱུ་མ་ལྷུན་གྲུབ་ཏུ་ངོ་སྤྲོད་པས་ཐུགས་རྗེ་སྤྲུལ་པའི་རྣམ་པར་རོལ་ཏེ་སྤྲུལ་སྐུ་ཐུགས་ཕྲད་དུ་རང་སྣང་བར་རྟོགས་ནས་རང་གདངས་འོད་གསལ་དུ་གྲོལ་ཞིང་། དེ་ཉིད་རང་གསལ་དུ་མཁྱེན་པའི་རིག་ཆ་དེ་ཉིད་མཚན་ཉིད་རང་རིག་ལྷུན་གྲུབ་ཏུ་ངོ་སྤྲད་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཀུན་ལ་ཆགས་མེད་བདེ་བ་ཆེན་པོར་ལོངས་སྤྱོད་ཅིང་དོན་གྱི་ངང་ལ་ཐུག་ཕྲད་དུ་རྫོགས་པའི་སྐུར་གྲོལ་ལ། སྔ་ཕྱི་ཀུན་ཏུ་རྟོག་ཅིང་རང་རིགས་སྔ་མ་དང་ཕྱི་ནང་ཀུན་གྱི་རྗེས་སུ་མིང་ལ་བརྟེན་ནས་འབྲང་བའི་ཡིད་ཀྱི་སྤྲོས་བྲལ་ལྷུན་གྲུབ་ཏུ་ངོ་སྤྲད་པས་མཐའ་དབུས་གང་ལའང་མི་གནས་པར་ཞེན་བསམ་རྣམ་པར་དག་པ་ཉིད་དམིགས་མེད་ཆོས་ཀྱི་སྐུར་ཐུག་ཕྲད་དུ་རང་གྲོལ་བས་མཐོང་བས། མཚོན་ཚུལ་ནས་སྐུ་གསུམ་དུ་མ་འདྲེས་ཀྱང་ངོ་བོ་ཡོངས་རྫོགས་དབྱེར་མེད་དུ་ལྷུན་གྱིས་གྲུབ་པས་གསལ་སྟོང་རིག་པའི་ཡེ་ཤེས་ཀུན་བཟང་ཐིག་ལེ་ཉག་གཅིག་ལྷུན་གནས་བདེ་བ་ཆེན་པོ་ཡུལ་མེད་རང་གསལ་དུ་མཐོང་བའི་ངང་དེར། སོ་སོ་སྐྱེ་བོ་ལྟར་རང་རྟོག་གིས་མ་བསླད། མུ་སྟེགས་ལྟར་ཉིད་རྐྱེན་གྱིས་མ་བཅོས། ཉན་ཐོས་ལྟར་གཉེན་པོས་མ་སྤངས། རང་རྒྱལ་ལྟར་རྒྱུ་ནས་མ་བགག །བྱང་སེམས་ལྟར་ཆོས་ཉིད་དུ་མ་སྦྱངས། སྔགས་ཕྱི་པ་ལྟར་ལྷ་རུ་མ་བསྒྱུར། མ་ཧཱ་ལྟར་རྩོལ་བས་མ་བརྩལ། ཨ་ནུ་ལྟར་རྒྱུ་ཡིས་མ་བསྐྱེད་པར་ཤེས་པ་གསུམ་ལྷུན་གྲུབ་གསུམ་གྱི་ངོ་བོ་ཉིད་དུ་རང་གྲོལ་བར་རྟོགས་པ་ནི། རང་གྲོལ་ཆེན་པོའི་གདམས་ངག་གིས་སྐབས་ཕྱེ་བའི་དོན་མཆོག་རབ་ཏུ་གསང་བ་ཡིན་ཏེ། སྔ་མ་ལས། ཡུལ་ལ་མཚན་མར་རྟོག་དང་ངར་འཛིན་ཅན། །རྗེས་སུ་མིང་ལ་སྤྲོས་པར་འབྲང་བར་བསླད། །དེ་ཉིད་སྤྲུལ་པར་རོལ་བས་དེ་མཁྱེན་པའི། །ཡེ་ཤེས་ཀུན་ལ་བདེ་བར་ལོངས་སྤྱོད་རྫོགས། །དེ་ཉིད་རྣམ་དག་དམིགས་མེད་ཆོས་སྐུར་གྲོལ། །སྐུ་གསུམ་ལྷུན་གྲུབ་ཀུན་བཟང་ཉག་གཅིག་པོ། །མ་བསླད་མ་བཅོས་མ་སྤངས་མ་བཀག་ཅིང་། །མ་སྦྱངས་མ་བསྒྱུར་མ་བརྩལ་མ་བསྐྱེད་གྲོལ། །ཞེས་སོ། །དེ་ལྟར་འགག་མེད་རང་གྲོལ་གྱི་ཐིག་ལེ་ཆེན་པོའི་ངོ་བོ་ནི། མུ་ཏིག་ཕྲེང་བ་ལས། གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བརྟག་མེད་པས། །འཁྲུལ་བར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བརྟགས་པས། །དྲི་མ་འཁྲུལ་བའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བློ་བཏགས་འཁྲུལ་པ་མི་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གི་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཡུལ་དང་དབང་པོ་གཉིས་མེད་པས། །གཟུང་འཛིན་འཁྲུལ་བ་མེད་པའོ། །ཞེས་དང་། གསལ་བ་མངོན་གནས་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བར་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་འཚར། །མ་བཙལ་བཞག་པ་རྒྱུན་རེ་རིང་། །མ་བཀོད་རང་བྱུང་བརྡལ་རེ་ཆེ། །སྣང་སྲིད་གཞིར་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་ཆེ་ཆེ། །ཡེ་རྟོགས་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲི་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤངས་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་གསུངས་པ་ལྟར་མཐའ་བྲལ་ཡོངས་སུ་རྫོགས་པའི་གཞི་སྣང་ཟང་ཐལ་ཆེན་པོའི་ཀློང་དུ་ཤེས་པར་བྱ་ཞིང་། དེ་ཡང་རིན་པོ་ཆེ་སྤུངས་པ་ལས། འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ལ། །མ་བཙལ་རང་གི་རང་རྙེད་པས། །སྔོན་ནས་ད་ཡི་རང་བཞིན་ནོ། །ཞེས་དང་། སྔ་མ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་ས་ཡི ན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་བཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་ཆས་ཡིན་ཕྱིར་དབྱིངས་རྫོགས་པའོ། །ཞེས་གསུངས་པ་ལྟར་གཞི་གྲོལ་གདོད་མའི་ཆོས་ཉིད་གཉིས་མེད་འོད་གསལ་ཆེན་པོ་རིན་པོ་ཆེ་གསང་བའི་དབྱིངས་སུ་ལ་ཟླ་བར་བྱའོ། །དེ་ལྟར་ལེགས་པར་རྟོགས་ན་སྐབས་ཀྱི་མན་ངག་འདིའི་དགོངས་དོན་ཇི་བཞིན་དུ་ལྷོངས་ཏེ་གཉུག་མའི་བཙན་ས་ཟིན་པར་འགྱུར་རོ། །གཉིས་པ་ཐམས་ཅད་ཕྱོགས་གྲོལ་དུ་རྒྱས་གདབ་པའི་ཕྱག་རྒྱ་ནི། རྒྱས་པར་ནམ་མཁའ་ཆེ་འཆད་པའི་སྐབས་སུ་ངེས་དོན་མདོ་བཅུ་ལས། མཚན་མའི་ཡུལ་ལ་མི་གནས་ཏེ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཞེས་སོགས་ཡེ་ཤེས་རྐྱེན་པོའི་ཕྱག་རྒྱ་ཉི་ཤུ་རྩ་ལྔ་དང་རང་ལུགས་ཀྱིས་གཅོད་དུ་འཕྲུལ་གྱི་གཟེར་བུ་དམ་པ་ཕྱག་རྒྱ་ལྔར་བསྟན་པ་བཞིན་ཤེས་དགོས་ཀྱང་། མདོར་བསྡུ་ན། དེ་ལྟར་གདམས་ངག་གིས་སྐབས་ཕྱེ་བ་ཡང་གཞན་སེལ་དང་དོན་གཉེན་གྱི་དགོས་ཆེད་གཉིས་ཡོད་པའི་ཕྱིར་བརྡར་བརྟགས་ནས་བསྟན་པར་ཟད་ཀྱི། གཤིས་ཀྱི་ངོ་བོས་མཚོན་བརྗོད་ལས་འདས་པའི་དེ་ཁོ་ན་ཉིད་ནི། ཡིན་མིན་དང་ཡོད་མེད་ཀྱིས་མཚོན་པ་ལས་འདས་པའི་མཐའ་གྲོལ་ཡོངས་རྫོགས་ཐིག་ལེ་ཉག་གཅིག་ཏུ་བཞུགས་པ་ལས། ཡིན་དོན་གྱི་ཆོས་ཉིད་མུ་མཐའ་ལས་འདས་པའི་སྙིང་པོར་ངེས་པ་དེ་ལ་ལྷུན་གྲུབ་གསུམ་གྱི་ཚིག་གི་སྒྲར་བྱུང་བས། ལོག་པ་སྡེ་གསུམ་ལྟ་བུ་ལ་ལ་ནི་ཕྱོགས་གཅིག་པར་གོལ་ཞིང་། གཞན་ཞན་དྲུག་ལྟ་བུར་ནི་དོན་ལ་སྒྲིབ་པར་འགྱུར་ལ། དེ་བཞིན་དུ་རྩོལ་བ་བརྒྱད་ཀྱང་འབྲས་བུ་ལ་ཞེན་པས་གནས་ལུགས་ཕྱོགས་མེད་ཀྱི་དོན་ལས་རྣམ་པར་འཁྱམས་པ་ལྟར་འགྱུར་བས། དེ་དག་ཐམས་ཅད་དགོས་དབང་གི་ཐ་སྙད་དུ་བརྟགས་པ་ཙམ་སྟེ་དོན་ལ་ཞེ་འདོད་དང་བྲལ་བའི་ངང་དུ་རྒྱས་གདབ་པའི་ཕྱག་རྒྱ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཉིད་ལས། དེ་ཡང་དགོས་ཆེད་གཉིས་ཕྱིར་བརྡར་བཏགས་ཀྱི། །ཡིན་མིན་གཅིག་ལ་ཡིན་གསུམ་བྱུང་བས། །ལ་ལ་གོལ་ལ་གཞན་བསྒྲིབས་འབྲས་བུ་འཁྱམས། །བརྟགས་པ་ཙམ་སྟེ་འདོད་བྲལ་དང་རྒྱས་གདབ། །ཅེས་སོ། །དེའང་མིང་དོན་དཔེ་གསུམ་གྱི་ཚུལ་ཤེས་པར་བྱ་སྟེ། ངེས་དོན་མདོ་བཅུ་ལས། ཕྱག་རྒྱ་འདི་ཡི་རང་བཞིན་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །མིང་དང་རང་བཞིན་དཔེ་གསུམ་སྟེ། །མིང་ནི་ཕྱག་རྒྱར་བཤད་པ་ཡིན། །རང་བཞིན་འགྱུར་བ་མེད་པ་སྟེ། །རྡོ་རྗེའི་སེམས་ལ་འགྱུར་བ་མེད། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའི་དཔེ་ལ་མཚོན་དུ་མེད། །ཅེས་གསུངས་སོ། །གསུམ་པ་རྣམ་རྟོག་གི་སྤྲོས་པ་ཐིག་ལེས་གཅད་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་དེ་བསྟན་པ་སྟེ། ཡེ་ཤེས་གསང་བ་ལས། མ་འཕྲོས་ཟླ་བའི་དཀྱིལ་འཁོར་ལྟར། །མི་གཡོ་སེམས་ཉིད་མ་འཕྲོས་པ། །ཐིག་ལེ་སྤྲོས་བྲལ་ཡེ་སངས་རྒྱས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ཆེ། །ཞེས་དང་། མདོ་བཅུ་ལས། ཐིག་ལེ་ཐིག་ལེ་ཞེས་བྱ་བ། །སྤྲོས་པ་མེད་པའི་དོན་ཡིན་ཏེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ལ་སྤྲོས་པ་གཅོད་ཚུལ་གྱིས། གཤིས་དང་ངོ་བོ་དང་ཡོན་ཏན་གྱི་ལྡོག་ཆ་ནས་དབྱེ་བས་རྣམ་གྲངས་དྲུག་ཏུ་གསུངས་ཏེ། རྒྱས་པར་ནམ་མཁའ་ཆེའི་སྐབས་དོན་རྣམས་ལས་འབྱུང་བ་ལྟར་སོ་སོའི་ཁྱད་གཞི་དང་ཁྱད་པར་གྱི་རང་གནད་ལ་བརྟེན་ཏེ་ཤེས་དགོས་ཀྱང་། མདོར་བསྡུ་ན། འབྲས་བུའི་ཀློང་ལས། མ་བཅོས་པ་ལས་ཡོན་ཏན་མཐའ་དག་རྫོགས། །ཤར་ཚད་དོན་དང་བཅས་ཏེ་ཡེ་ནས་དག །དེ་མཁྱེན་རང་གསལ་དེ་ལ་ཕྱོགས་རིས་གྲོལ། མ་བཙལ་གདོད་ནས་རྫོགས་པའི་བླ་དྭགས་ཡིན། །གསུམ་གྱིས་གཤིས་བསྟན་གཅིག་གིས་ངོ་བོ་བསྟན། །གཉིས་ཀྱིས་ཡོན་ཏན་ཁྱད་པར་དམ་པ་བསྟན། །ཞེས་གསུངས་པས་དྲུག་སྟེ། ཡིན་མིན་དང་ཞེ་འདོད་ཀྱི་སྤྲོས་པ་གཅོད་པ་ཆོས་ཉིད་ཀྱི་ཐིག་ལེ་དང་། རེ་ལྟོས་དང་ཆད་སྟོང་གི་སྤྲོས་པ་གཅོད་པ་དབྱིངས་ཀྱི་ཐིག་ལེ་དང་། དངོས་མཚན་དང་རྒྱུ་འབྲས་ཀྱི་སྤྲོས་པ་གཅོད་པ་དབྱིངས་རྣམ་པར་དག་པའི་ཐེག་ལེ་དང་། མ་རིག་པ་དང་གྲུབ་མཐའི་ཕྱོགས་རིས་ཀྱི་སྤྲོས་པ་གཅོད་པ་ཡེ་ཤེས་ཆེན་པོའི་ཐིག་ལེ་དང་། བཟང་ངན་དང་བླང་དོར་གྱི་སྤྲོས་པ་གཅོད་པ་ཀུན་ཏུ་བཟང་པོའི་ཐིག་ལེ་དང་། འབད་རྩོལ་དང་སྐྱེད་སྒྲུབ་ཀྱི་སྤྲོས་པ་གཅོད་པ་ལྷུན་གྱིས་གྲུབ་པའི་ཐིག་ལེ་རྣམས་སོ། །དེ་ལ་དང་པོ་ནི། སྤྱིར་ཆོས་ཞེས་བྱ་བ་ནི་འཛིན་པའི་དོན་ཏེ། ཆོས་རྣམས་ཀྱི་རང་དང་སྤྱི་ཡི་མཚན་ཉིད་འཛིན་པས་ཆོས་དང་། རྣམ་དཀར་གྱི་སྤྱོད་པས་ངན་འགྲོར་ལྷུང་བ་ལས་འཛིན་པས་ཆོས་དང་། སྣང་གྲགས་མྱང་རིས་རྣམས་ནི་རིགས་པས་ཐ་སྙད་བདེན་པའི་དོན་འཛིན་པས་ཆོས་དང་། ཆོས་ཅན་གྱི་ངོ་བོས་ནི་ཁྱད་པར་གྱི་རང་རྣམ་འཛིན་པས་ཆོས་ཞེས་བྱ་སྟེ། ཆོས་བཞི་པོ་དེ་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི། ལྟ་བའི་ཀློང་ལས། མཚན་ཉིད་འཛིན་ཞིང་ངོ་བོས་ཁྱད་པར་འཛིན། །སྣང་མྱོང་རིགས་པའི་ཆོས་ལས་དཀར་སྤྱོད་ཀྱིས། །ལྟུང་བ་ལས་འཛིན་དེ་དག་གནས་ལུགས་ཉིད། །རང་བཞིན་སྤྲོས་པ་ཀུན་བྲལ་ཉིད་ངེས་ཏེ། །དེ་མཁྱེན་མཚན་ཉིད་རང་རིག་ཡེ་ཤེས་ཉིད། །དེ་ཡི་རྣམ་པ་ཐུགས་རྗེའི་སྤྲུལ་པར་ཤར། །སྒྱུ་མ་རྩལ་འཛིན་རྡོ་རྗེ་བཙན་པོ་མཆོག །གདོད་ནས་འདུ་འབྲལ་མེད་པར་རྫོགས་པ་ཆེ། །དེ་བཞིན་མུ་བཞི་མཐའ་བརྒྱད་འཁོར་འདས་ཆོས། །ཅིར་ཡང་འཆར་བར་མི་རིགས་དེ་ཡི་ཕྱིར། །ཆོས་ཀྱི་ཆོས་ཉིད་གནས་ལུགས་དེར་རིགས་པའོ། །ཞེས་གསུངས་པ་ལྟར་མཚན་ཉིད་རང་གསལ། རྣམ་པར་ལྷུན་གྲུབ། རང་བཞིན་ངོས་གཟུང་མེད་པའི་དོན་གྱི་ངང་ལས་མི་འདའ་བས་ན། དེས་མཚོན་པ་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས་བྱ་སྟེ། དེས་ན་མཚན་མར་འཛིན་པ་དང་། རྒྱུ་འབྲས་སུ་འཛིན་པ་དང་། གནས་སྐབས་ཀྱི་རིགས་པ་བདེན་པར་འཛིན་པ་དང་། ངོ་བོ་ཆོས་ཅན་དང་ཁྱད་པར་གྱི་ཆོས་སུ་འཛིན་པ་རྣམས་ཀྱི་མཚན་ཉིད་ལ་ཡིན་མིན་དང་ཞེ་འདོད་ཀྱིས་དམིགས་པ་དང་འཛིན་པའི་སྤྲོས་པ་ཐམས་ཅད་གཅོད་པས་ཐིག་ལེར་བཞག་སྟེ། ཆོས་བཞིར་པོ་རང་རེའི་རང་བཞིན་ལྷུན་གྲུབ་གསུམ་ལས་གཞན་དུ་མི་འགྱུར་སྤྲོས་པ་ཡེ་ནས་མེད་པས་ན་བཞི་པོ་དེ་དག་དོར་བ་མིན་གྱི་རང་རང་གི་ངང་ཚུལ་གདོད་ནས་མ་བཅོས་པར་དེ་དེ་ལྟ་བུའི་རང་བཞིན་དུ་གནས་པའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། རང་མཚན་ལྟུང་བ་རིགས་པས་ངོ་བོ་ཡིས། །ཁྱད་པར་འཛིན་པས་ཆོས་རྣམས་དེ་ཡི་གནས་ལུགས་ནི། །རང་གསལ་ལྷུན་གྲུབ་ངོས་མེད་ལས་མི་འདའ། །དེས་མཚོན་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས། །དེས་ན་མཚན་མ་རྒྱུ་འབྲས་གནས་སྐབས་རིགས། །ཆོས་ཅན་ཆོས་ཀྱི་འདོད་པའི་སྤྲོས་པ་གཅོད། །རང་རེའི་རང་བཞིན་མི་འགྱུར་སྤྲོས་པ་མེད། དེ་དག་དོར་མིན་ངང་ཚུལ་དེ་དེ་ལྟའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ཆོས་ཉིད་ཐིག་ལེ་ནི། །མ་བཅོས་པ་ཡི་བྱང་ཆུབ་སེམས། །རང་བཞིན་གནས་པའི་ཐིག་ལེར་བཤད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་ངང་ཚུལ་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཀློང་ཆེན་པོ་དེ་ནི་སངས་རྒྱས་ཀྱི་འབྲས་བུའི་ཆོས་རྣམས་ཀྱིས་ཡོན་ཏན་ཀུན་དང་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སམ་རྣམ་གྲངས་ཀྱི་བསྟན་པ་རྒྱ་མཚོའི་འབྱུང་གནས་དང་ཆོས་ཀུན་གྱི་ངོ་བོར་གྱུར་པའི་ཆོས་ཉིད་ཀྱི་དངོས་གཞིར་གནས་ཤིང་ཡེ་ནས་ཐམས་ཅད་སྡུད་པའི་དབྱིངས་སུ་རྫོགས་པས་ཆད་པ་ཉི་ཚེ་བའི་སྤྲོས་པ་ལས་ཀྱང་འདས་པ་སྟེ། དེས་ན་ཆོས་ཉིད་ཀྱི་ངང་དེ་འཁོར་འདས་ཀྱི་ཆོས་ཀུན་འབྱེད་པ་དང་སྡུད་པའི་རྒྱུའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གསལ་ཏེ་སྟོང་པ་ཉི་ཚེ་བའི་སྤྲོས་པ་ཐམས་ཅད་གཅོད་པས་ཐིག་ལེ་ཆེན་པོར་ཡེ་ནས་མཐའ་དབུས་མེད་པར་རྫོགས་པའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། དེ་ལྟར་ངང་ཚུལ་རྣམ་པར་དག་པ་ཉིད། བསྟན་པ་རྒྱ་མཚོའི་འབྱུང་གནས་གཞིར་གནས་རྫོགས། །ཆད་པ་ཉི་ཚེའི་སྤྲོས་པའང་འདས་པ་སྟེ། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་རྫོགས་པའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་དབྱིངས་ཀྱི་ཐིག་ལེ་ནི། །ཐམས་ཅད་སྡུད་པའི་བྱང་ཆུབ་སེམས། །འབྱེད་པར་བྱེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །གསུམ་པ་ནི། དེ་ལྟར་ཆོས་ཉིད་ཀྱི་ངང་དུ་ཀུན་གྱི་འབྱུང་གནས་སུ་གྱུར་པའི་ཆོས་ཀྱི་དབྱིངས་ཉིད་གཞིར་གནས་སུ་རྫོགས་པ་དེ་ཡི་ཚེ་ཉིད་ནའང་ཡོན་ཏན་ཇི་ལྟར་ཤར་ཞིང་དེའི་དགོས་པ་དང་བཅས་པ་གང་ཡང་དོན་དུ་འབྱུང་ས་དང་འབྱུང་ཚུལ་དང་འབྱུང་བ་པོའི་དབྱིངས་ཞེས་བྱ་བའི་ཕྱོགས་རིས་དང་ཀུན་བཏགས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ནས་ཆོས་ཀྱི་དབྱིངས་མཐའ་དབུས་དང་ཕྱི་ནང་མེད་པར་ངོས་བཟུང་མཐའ་དག་དང་བྲལ་བར་རང་གི་ངང་དུ་སེལ་མེད་པར་དག་པས་དབྱིངས་ཞེས་ཆད་སྟོང་གི་སྤྲོས་པ་གཅོད་པའི་དགོས་དབང་གིས་བཏགས་ཀྱི། རང་གི་ངོ་བོ་ཡེ་ནས་ཕྱོགས་རིས་ཐམས་ཅད་གཉིས་མེད་ཀྱི་ཀློང་དུ་དག་པར་གནས་པས། གཟུང་འཛིན་ཕྲ་རགས་ལ་སོགས་པའི་སྤྲོས་པ་ཡོད་དོ་ཅོག་ཀུན་རྣམ་པར་བཅད་པའི་ངང་ཡིན་པས་དབྱིངས་རྣམ་པར་དག་པའི་ཐིག་ལེ་ཞེས་བྱ་སྟེ། འབྲས་ཀློང་ལས། དེ་ཚེ་ཉིད་ན་འབྱུང་ས་འབྱུང་ཚུལ་འབྱུང་། །ཕྱོགས་རིས་ཀུན་བརྟགས་རྣམ་པར་རང་དག་པས། །དབྱིངས་ཞེས་དགོས་པས་བཏགས་ཀྱི་ཡེ་དག་པས། །སྤྲོས་པའོ་ཅོག་ཀྱང་རྣམ་པར་བཅོད་པའི་ངང་། །ཞེས་དང་། མོད་བཅུ་ལས། དབྱིངས་ཉིད་རྣམ་དག་ཐིག་ལེ་ནི། །གཟུང་འཛིན་དག་པའི་བྱང་ཆུབ་སེམས། །སྤྲོས་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདི་གསུམ་གྱིས་གཤིས་ཀྱི་གནས་ཚུལ་གྱི་ངོས་ནས་བསྟན་པའོ། །བཞི་པ་ནི། དེ་ལྟ་བུའི་གཤིས་ཀྱི་གནས་ལུགས་དེ་དག་མ་འདྲེས་སྒྲིབ་མེད་དུ་མཁྱེན་པ་ནི། རང་རིག་པའི་རང་འོད་རང་གསལ་དུ་ཤར་བའི་རང་བྱུང་གི་ཡེ་ཤེས་ཡིན་ནས་ཉན་ཐོས་ལྟར་སྤང་བ་དང་རང་རྒྱལ་ལྟར་དགག་པ་དང་། བྱང་སེམས་ལྟར་སྦྱོང་བ་དང་གསང་སྔགས་ལྟར་རྩོལ་བ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཡེ་ནས་ཡུལ་མེད་རང་གསལ་གྱི་ངང་དུ་གྲོལ་བས། གཤིས་ལ་ཕྱོགས་རིས་མེད་པར་གནས་པའི་དོན་དེ་ཉིད་སྒྲིབ་གཡོགས་དང་བྲལ་བར་མཁྱེན་པའི་ཡེ་ཤེས་འགག་པ་མེད་པ་ཡིན་པས་རྩོལ་བརྒྱད་ཀྱི་ཡེ་ཤེས་ལས་ཁྱད་པར་དུ་གྱུར་པ་ཅན་དུ་རང་ཤར་བ་ནི། ཀུན་གསལ་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན་ཏེ། འབྲས་བུའི་ཀློང་ལས། དེ་མཁྱེན་རང་རིག་འོད་གསལ་ཡེ་ཤེས་པས། །སྤང་དགག་སྦྱོང་རྩོལ་སྤྲོས་པ་ཡེ་གསལ་གྲོལ། །ཕྱོགས་རིས་མེད་པར་མཁྱེན་པས་ཁྱད་པར་ཅན། །རང་ཤར་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན། །ཞེས་དང་། མདོ་བཅུ་ལས། ཡེ་ཤེས་ཆེན་པོའི་ཐིག་ལེ་ནི། །མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །འགག་པ་མེད་པའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་སྒྲིབ་མེད་ཟང་ཐལ་དུ་གསལ་བའི་ཆ་ནས་བསྟན་པའོ། །ལྔ་པ་ནི། དེ་ལྟར་ཡེ་ཤེས་ལ་ཕྱོགས་རིས་མེད་པས་དགག་སྒྲུབ་བླང་དོར་མཐའ་དག་དང་བྲལ་ཏེ་ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་ལྷུན་གནས་བདེ་བ་ཆེན་པོ་ཡིན་པས་ཡོད་པ་དངོས་པོར་འདོད་ལ་དང་མེད་ལ་སྟོང་པར་འདོད་པ་དང་གཉིས་དང་གཉིས་མེད་དུ་འདོད་པ་དང་ཀུན་ཡིན་ལྷུན་གྲུབ་ཏུ་འདོད་པ་དང་གང་ཡང་མིན་པ་ཀ་དག་ཏུ་འདོད་པ་ལ་སོགས་པ་མུ་བཞི་མཐའ་དྲུག་གི་ཞེ་འདོད་ཀྱི་སྤྲོས་པ་ཐམས་ཅད་བཅད་པས། དབྱེར་མེད་བདེ་བ་ཆེན་པོར་ཀུན་འདུས་ཤིང་ཤོངས་བས་མཉམ་ཉིད་ཡངས་པ་ཆེན་པོའི་དགོངས་ཀློང་དམ་པ་ནི་ཀུན་ཏུ་བཟང་པོའི་ཐིག་ལེ་ཡིན་ཏེ། འབྲས་ཀློང་ལས། དེ་ལ་ཕྱོགས་རིས་དགག་སྒྲུབ་བླང་དོར་བྲལ། །ཐམས་ཅད་ཡེ་ནས་བྱང་སེམས་བདེ་ཆེན་པས། །ཡོད་མེད་ཡིན་མིན་འདོད་པའི་སྤྲོས་པ་བཅད། །བདེ་ཆེན་ཡངས་པ་ཆེན་པོའི་ཐིག་ལེའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ཀུན་བཟང་ཐིག་ལེ་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །མཉམ་པ་ཆེན་པོའི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་ངོ་བོའི་ཡོན་ཏན་བསྟན་པའོ། །དྲུག་པ་ནི། དེ་ལྟར་ཀུན་མཉམ་ཡ ངས་པ་ཆེན་པོ་དེ་ཡི་རོལ་པའི་རྒྱན་དུ་ཆོས་ཐམས་ཅད་རྫོགས་ཏེ་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་ལྟར་དུ་ཡུལ་གྱི་རྣམ་པ་ཀུན་ཀྱང་དེའི་རོལ་པར་ལྷུན་གྱིས་གྲུབ་ནས་རིགས་ཀྱི་ཁྱད་པར་དུ་མ་རང་ཤར་དུ་གསལ་བ་ཡིན་པས། ཉན་རང་ལྟར་སྤོང་འགེགས་དང་བྱང་སེམས་ལྟར་སྦྱོང་བ་དང་སྔགས་ཕྱི་པ་རྣམ་གསུམ་ལྟར་སྒྱུར་བ་དང་ནང་པ་སྡེ་གཉིས་ལྟར་རྩོལ་སྒྲུབ་ལས་གྲོལ་བས་ཅིར་སྣང་ཅིར་སྲིད་ཅིར་འགྱུར་ཀྱང་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་ཏེ་གང་དུའང་མ་གཡོས་པར་ཆོས་ཀུན་ལྷག་མ་མེད་པར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཞེས་བྱ་སྟེ། འབྲས་བུའི་ཀློང་ལས། དེ་ཡི་རོལ་པ་རྒྱན་རྫོགས་སྒྱུ་མ་ལྟར། །རྣམ་པ་ལྷུན་གྲུབ་རིགས་ཀྱི་ཁྱད་པར་ཤར། །སྤོང་འགེགས་སྦྱོང་སྒྱུར་རྩོལ་སྒྲུབ་ལས་གྲོལ་བས། །ལྷུན་གནས་བདེ་ཆེན་རྫོགས་པའི་ཐིག་ལེའོ། །ཞེས་དང་། མདོ་བཅུ་ལས། སྤྲོས་མེད་ལྷུན་གནས་ཐིག་ལེ་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །མ་གཡོས་པ་ཡི་ཐིག་ལེར་སྡུད། །བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། །ཞེས་སོ། །འདིས་ནི་གཤིས་ཀྱི་ཡོན་ཏན་བསྟན་པའོ། །དེ་ལྟར་ཐིག་ལེ་དྲུག་པོ་ཡང་། ཆོས་ཉིད་དང་། དབྱིངས་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་གསུམ་ལྟ་བ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་དགོངས་པ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་སྤྱོད་པ་དང་། ལྷུན་གྱིས་གྲུབ་པའི་ཐིག་ལེ་རང་བཞིན་བསྟན་པའི་སྒོ་ནས་བཞག་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། རང་རིག་ཡེ་ཤེས་ཐིག་ལེ་དྲུག །ལྟ་སྤྱོད་དགོངས་པའི་རང་བཞིན་ནོ། །ཞེས་གསུངས་སོ། །བཞི་པ་ཆེ་བ་ལྔས་ཁྱད་པར་དཔགས་ཏེ་བསྟན་པ་ནི། སྔར་གོང་དུའང་བསྟན་མོད། ཆ་ཤས་ནས་གསལ་བར་བྱ་བའི་ཕྱིར་སླར་ཡང་བཤད་ན། འབྲས་བུའི་ཀློང་ལས། མངོན་སུམ་སྣང་བའི་རང་བཞིན་ཡེ་སངས་རྒྱས། །དེ་ཡི་མཚན་ཉིད་ཆོས་དབྱིངས་མུ་མཐའ་གྲོལ། །དེ་མཁྱེན་ཡེ་ཤེས་མཐའ་དབུས་ཀུན་ཁྱབ་རྒྱས། །དེ་ཉིད་དེ་ཡིན་དེ་མཚོན་ངེས་པའི་ཚིག །དགོས་པས་སྤྲད་ཀྱི་སྒྲ་ལ་དོན་མི་གཞག །ཅེས་གསུངས་པས། རྒྱས་པར་ནམ་མཁའ་ཆེའི་མཚན་དོན་གྱི་ཆེ་བ་ལ་བརྟེན་ནས་ཐིག་ལེ་དྲུག་དང་དེ་དག་གི་བརྡ་གསང་དགྲོལ་བའི་ཁོག་དོན་ལ་སྦྱར་ཏེ་སྐབས་ཀྱི་ཟབ་གནད་བསྡུ་བའི་མངོན་རྟོགས་ཀྱི་ཚུལ་དུ་ཤེས་དགོས་ཀྱང་། མདོར་བསྡུ་ན། ཡིད་སྐྱོབ་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་སྟེ། །རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་འཕགས་ཏེ་ཆེ། །ཞེས་གསུངས་པ་ལྟར་ལྔ་སྟེ། སྤང་གར་ཡང་མ་སྤངས་པར་མངོན་སུམ་དུ་སངས་རྒྱས་པའི་ཆེ་བ། རག་གར་ཡང་མ་ལས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། གནས་ཅི་ལ་ཡང་མི་གནས་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ། ལྟོས་ཅིར་ཡང་མི་ལྟོས་པར་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཏེ་ཐ་སྙད་རང་གྲོལ་དུ་ཤར་བས་སངས་རྒྱས་མེད་པའི་ཆེ་བ་རྣམས་སོ། །དང་པོ་ནི། གང་ཆེ་བ་དང་། གང་ལས་ཆེ་བ་དང་། གང་གིས་ཆེ་བ་དང་། ཇི་ལྟར་ཆེ་བ་དང་ལྡན་པས་ཁྱད་པར་འཕགས་སྙམ་ན། གང་ཆེ་ན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རང་གཞུང་ནི་མངོན་སུམ་པར་སངས་རྒྱས་པས་ཆེ་བ་རྨད་དུ་བྱུང་བ་དང་ལྡན་ནོ། །གང་ལས་ཆེ་ན། ཞེན་པ་དྲུག་གིས་གཞི་མེད་ལ་བདག་དང་རང་སྣང་ལ་ཡུལ་དུ་བཟུང་ཞིང་། མུ་སྟེགས་ཀྱིས་རྟག་ཆད་དུ་ལྟ་ལ། ཉན་ཐོས་ཀྱིས་སྤོང་བ་དང་། རང་རྒྱལ་གྱིས་འགེགས་པ་དང་། བྱང་སེམས་ཀྱིས་སྦྱོང་བ་རྣམས་ལས་ཆེས་འཕགས་པའོ། །གང་གིས་ཆེ་ན། ལྟ་བའི་ཀློང་ལས། དོན་གཅོད་རིག་པའི་ཡེ་ཤེས་ཀྱིས། །འཁོར་འདས་སྣང་གྲགས་མྱོང་རིག་པའི། །ཚོགས་བརྒྱད་ཡུལ་དང་བཅས་པ་འདི། །གསལ་སྟོང་སྤྲུལ་པར་མ་འདྲེས་གསལ། །ཞེས་གསུངས་པ་ལྟར་སྤྱིར་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་དང་། ཁྱད་པར་ཚོགས་བརྒྱད་སྐྱེ་བ་གསུམ་པོ་ཡུལ་དང་བཅས་པ་ཉིད་མཚན་ཉིད་རང་རིག་དང་། རང་བཞིན་སྤྲོས་བྲལ་དང་། རྣམ་པ་སྒྱུ་མར་མངོན་སུམ་དུ་མ་འདྲེས་ཡོངས་རྫོགས་སུ་ལྷུན་གྱིས་གྲུབ་པར་རྟོགས་པས་ཆེ་བའོ། །ཇི་ལྟར་ཆེ་ན། དེ་ལྟར་རྟོགས་པའི་ངང་དེར་གནས་བྱ་གནས་བྱེད་ཀྱི་དམིགས་པ་མེད་པར་མ་གཏད་པར་གནས་ན་བག་ཆགས་ཐམས་ཅད་ཀྱི་གཞི་རྟེན་ཀུན་གཞི་ཆ་དང་བཅས་པ་རང་གྲོལ་དུ་ཤར་བས། དངོས་པོ་དང་མཚན་མ་དང་མ་རིག་པའི་མུན་པ་ཐམས་ཅད་སངས་ཏེ་ཡེ་ཤེས་ཕྱོགས་རིས་མེད་པར་རྒྱས་པས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་ཅིང་མཐར་འཛིན་ཀུན་དང་བྲལ་ཏེ་མངོན་གྱུར་དུ་སངས་རྒྱས་པར་ལྷུན་གྱིས་གནས་པ་ནི་མཚན་ཉིད་སྡེ་གསུམ་མན་ཆད་ཀྱི་དམན་པའི་ཐེག་པ་མཐའ་དག་ཟིལ་གྱིས་གནོན་པའི་གཉེན་པོར་གྱུར་པ་ཡིན་པས་ཆེ་བ་དེ་ལྟ་བུ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྫོགས་ཆེན་རང་གཟུང་མངོན་པར་སངས་རྒྱས་ཆེ། །སྤོང་འགེགས་སྦྱོར་ལས་ཚོགས་བརྒྱད་ཡུལ་དང་བཅས། །རང་རིག་སྤྲོས་བྲལ་སྒྱུ་མར་ལྷུན་གྲུབ་པས། །དེར་གནས་བག་ཆགས་རྟེན་གྲོལ་དངོས་མཚན་དང་། །མ་རིག་མུན་སངས་ཡེ་ཤེས་ཕྱོགས་མེད་རྒྱས། །དམན་པའི་ཐེག་པ་ཟིལ་གནོན་གཉེན་པོས་ཆེ། །ཞེས་དང་། ཀློང་ཆེན་རབ་འབྱམས་ལས། གང་ལ་མི་གནས་ནམ་མཁའ་འདྲ། །མངོན་སུམ་ས་རུ་ཡེ་སངས་རྒྱས། ། ཞེས་སོ། །གཉིས་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོ་ནི་རག་གར་ཡང་མ་ལས་པར་བདག་ཉིད་ཆེན་པོ་ཐོག་མཐའ་མེད་པར་འབྲས་བུ་ཡེ་རྫོགས་ཀྱི་རིག་པ་ཇི་བཞིན་དུ་རྟོགས་པས་མ་ཧཱ་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། རྣལ་འབྱོར་ཆེན་པོ་ལ་སོགས་པ་ལྷ་དང་ཆོ་གའི་ཡན་ལག་སོགས་ཀྱིས་རྩོལ་སྒྲུབ་ཀྱི་གཞན་དབང་ལ་ལྟོས་ཤིང་རག་ལས་པར་འཇུག་པའི་ཐབས་ཀྱིས་འབྲས་བུ་ཐོབ་པར་འདོད་པ་དེ་ཉིད་ཟིལ་གྱིས་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། དེ་ལྟར་མངོན་སུམ་དུ་སངས་རྒྱས་པར་རྟོགས་པ་དེ་ཉིད་བདག་ཉིད་ཆེན་པོར་རང་ཉིད་ཡེ་ནས་དབང་ཐོབ་ཟིན་ཏེ་མཐའ་དབུས་མེད་པར་ཀུན་ལ་ཁྱབ་པར་མཐོང་བས་ཆེས་འཕགས་པའོ། །ཇི་ལྟར་ཆེ་ན། མ་ཧཱ་མན་ཆད་ཀྱི་འོག་མའི་ཐེག་པས་ཚུལ་ངན་པའི་རྩོལ་བ་ཐམས་ཅད་སངས་ཏེ་རང་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་ངོ་བོ་དུས་གསུམ་དུ་འདུ་འབྲལ་མེད་པར་དགོངས་པ་རྩོལ་བྲལ་བདེ་བ་ཆེན་པོའི་ངང་ལ་རྣམ་རོལ་གྱི་སྒྱུ་འཕྲུལ་ཀུན་ཀྱང་ལྷུན་རྫོགས་སུ་ཤར་བས་རང་རྩལ་གྱི་མངའ་དབང་དུ་སྒྱུར་བའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྣལ་འབྱོར་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི། །གཞན་དབང་ལ་ལྟོས་ཟིལ་གནོན་གཉེན་པོར་ཡང་། །བདག་ཉིད་ཆེན་པོར་རང་ཉིད་ཡེ་དབང་པས། །ཚུལ་ངན་རྩོལ་སངས་རང་རིག་ཕྱོགས་མེད་རྒྱས། །ཞེས་དང་། ཀློང་ཆེན་ལས། ཆོ་འཕྲུལ་འབྱུང་བས་ནམ་མཁའ་འདྲ། །བདག་ཉིད་ཆེན་པོར་ཡེ་སངས་རྒྱས། །ཞེས་སོ། །གསུམ་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོ་ནི། རྒྱུ་འབྲས་ཀྱི་ཕྱོགས་རིས་ཅི་ལ་ཡང་མི་གནས་པར་ཆོས་དབྱིངས་གདལ་ཁྱབ་ཆེན་པོར་ཡེ་ནས་དབྱིངས་རིག་རོ་མཉམ་དུ་གནས་པར་རྟོགས་པས་ཨ་ནུ་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། རྗེས་སུ་འཇུག་པ་ཨ་ནུ་ཡོ་ག་པས་རྒྱུ་ནི་དག་པའི་དབྱིངས་དང་འབྲས་བུ་ཡེ་ཤེས་ཆེན་པོར་བཞེད་པ་ལ་སོགས་པའི་རྒྱུ་འབྲས་ཀྱི་མཚན་ཉིད་དུ་འདོད་པའི་ཕྱོགས་ཐམས་ཅད་ཡང་དག་པར་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། རྒྱུ་རྐྱེན་འབྲས་བུ་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་ཏེ་ཀློང་ཡངས་ཡེ་བརྡལ་ཆེན་པོ་གཏིང་མཐའ་བྲལ་བའི་ཀློང་ཆེན་དུ་གསལ་བར་མཐོང་བས་ཆེས་འཕགས་པའོ། །ཇི་ལྟར་ཆེ་ན། རྒྱུ་ཡིས་མ་བསྐྱེད་རང་གི་ངོ་བོས་ཅིར་ཡང་མི་གནས་གཉན་པོས་འགག་པ་མིན་པས་དེ་ལྟར་འདོད་པའི་ཕྱོགས་རིས་ཐམས་ཅད་སངས་ལ། མུ་མཐའི་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་མཁྱེན་ཏེ་རྒྱུ་འབྲས་ཀྱི་མཚན་མ་ཟིལ་གྱིས་གནོན་པའི་ཡེ་ཤེས་སྒྲིབ་མེད་དུ་རྒྱས་པས་ཆོས་དབྱིངས་རང་གསལ་གྱིས་ཀློང་ལ་ཕྱི་ནང་མེད་པར་མཚན་ཉིད་ཀུན་གྲོལ་གྱི་རིག་པ་ཕྱོགས་བྲལ་བདེ་བ་ཆེན་པོ་ལྷུན་གནས་ཀྱི་དབྱིངས་སུ་འཁྱིལ་བའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། རྗེས་འཇུག་ལ་སོགས་རྒྱུ་འབྲས་གཉེན་པོར་ཡང་། །རྒྱུ་རྐྱེན་འབྲས་བུ་ཆོས་དབྱིངས་རོ་གཅིག་པས། །མ་བསྐྱེད་མི་གནས་འགག་མིན་དེ་འདོད་སངས། །ཀུན་མཁྱེན་མཚན་མ་ཟིལ་གནོན་ཡེ་ཤེས་རྒྱས། །ཞེས་དང་། ཀློང་ཆེན་ལས། མཚན་ཉིད་མེད་པས་ནམ་མཁའ་འདྲ། །ཆོས་ཀྱི་དབྱིངས་སུ་ཡེ་སངས་རྒྱས། །ཞེས་སོ། །བཞི་པ་ནི། རྫོགས་པ་ཆེན་པོ་ནི། གཉིས་སུ་དབྱེ་བའི་ཕྱོགས་ཆ་ལ་ལྟོས་པའི་མཐའ་སྣང་ཀུན་དང་བྲལ་ཏེ་ཅིར་སྣང་ཅིར་སྲིད་ཅིར་འགྱུར་ཡང་གཉིས་མེད་མཉམ་ཉིད་ཡངས་པར་ཀུན་རྫོགས་སུ་རྟོགས་པས་ཡོ་ག་ཨ་ཏིར་ལ་བཟླ་བའི་ཆེ་བ་དང་ལྡན་ནོ། །གང་ལས་ཆེ་ན། སེམས་དཔའི་རྣལ་འབྱོར་ཡོ་ག་ཕྱི་པ་ལ་སོགས་པ་ཡིན་མིན་དང་བླང་དོར་ཅན་དུ་འདོད་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་པའི་གཉེན་པོར་ཡང་ཆེའོ། །གང་གིས་ཆེ་ན། འཁོར་བ་དང་འདས་པ། ཡུལ་དང་ཡུལ་ཅན། བླང་བྱ་དང་དོར་བྱ། འདི་ཡིན་དང་འདི་མིན། ཀུན་རྫོབ་དང་དོན་དམ་ལ་སོགས་པ་གཉིས་ཆོས་ཐམས་ཅན་ཡེ་ནས་ཆོས་ཉིད་དེ་ཁོ་ན་ཉིད་དེ་ཡིན་པར་རྟོགས་པས་གཉིས་མེད་མཉམ་ཉིད་ཆེན་པོ་མཁའ་ལྟར་ཕྱོགས་རིས་མེད་པ་ཀུན་ཏུ་མཉམ་པར་མཐོང་བས་ཆེས་འཕགས་པའོ། །གང་ལྟར་ཆེ་ན། ཡིན་པ་བླང་བར་བྱ་བ་དང་མིན་པར་དོར་བྱར་འཛིན་པ་ལ་སོགས་པའི་ཕྱོགས་རིས་ཐམས་ཅད་སངས་ཏེ་གཉིས་མེད་ཡེ་ཤེས་མཉམ་ཉིད་རང་གསལ་དུ་རྒྱས་པས་མཉམ་རྫོགས་གཉིས་བྲལ་ལྷུན་མཉམ་བདེ་བ་ཆེན་པོར་ཀུན་ནས་ཟླུམ་པའི་ཆེ་བ་དང་ལྡན་ཏེ། འབྲས་བུའི་ཀློང་ལས། སེམས་དཔའི་རྣལ་འབྱོར་ལ་སོགས་བླང་དོར་ཅན། །ཟིལ་གནོན་གཉེན་པོར་ཐམས་ཅད་དོན་ཡིན་པས། །ཡིན་མིན་ཕྱོགས་སངས་མཉམ་ཉིད་རང་གསལ་རྒྱས། །ཞེས་དང་། ཀློང་ཆེན་ལས། གཉིས་སུ་མེད་པས་ནམ་མཁའ་འདྲ། །དེ་ཡིན་པ་རུ་ཡེ་སངས་རྒྱས། །ཞེས་སོ། །ལྔ་པ་ནི། གང་ཆེ་ན། རྫོགས་པ་ཆེན་པོའི་རྟོགས་པ་དོན་གྱི་ངོ་བོ་ཇི་བཞིན་པའི་ཐོག་ཏུ་ཕེབས་པ་ནི། རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོ་གསང་བ་སྒྲ་ཡི་རྒྱུད་ལས། དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལས། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོགས་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་མིན། །རང་བཞིན་ཡེ་གདངས་མ་གཡོས་པས། །ཆོས་ཀུན་མཉམ་པར་རོག་ཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །དེ་ཡི་གནད་ནི་ཡུལ་ཡིན་ཏེ། །ཡུལ་དང་སྟོང་པ་རིག་རྩལ་མཉམ། །ཐ་དད་རྟོག་པས་ཤེས་པ་མིན། །ཞེས་དང་། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་བྱས་མི་འབྱེད་མཉམ་པ་ལས། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མ་གྲགས་སོ། །ཞེས་དང་། མཐའ་གྲོལ་འགག་པ་མེད་པ་ལས། །ཡོངས་སུ་རྫོགས་པའི་གཏིང་གསལ་གནས། །ཆེན་པོ་ཡིན་པས་གོང་ན་མེད། །རང་བཞིན་གཡོས་པ་མེད་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་སེམས་ཉིད་ཀློང་ཆེན་ཡངས་པར་དབྱིངས་སྣང་ལྷུན་གྱིས་གྲུབ་པའི་རང་བྱུང་གི་ཡེ་ཤེས་མཐའ་བྲལ་ཡོངས་རྫོགས་ཀྱི་ངོ་བོར་སངས་རྒྱས་པ་དང་མ་རྒྱས་པའི་ཐ་སྙད་ཐམས་ཅད་དང་བྲལ་ཏེ་ཆོས་ཀུན་ཡེ་ནས་སྐྱེ་འགག་དང་འབྱུང་འཇུག་ལས་འདས་པའི་ངང་དུ་སངས་རྒྱས་པར་རྟོགས་ཏེ་ཐེ་ཚོམ་དང་སྒྲོ་སྐུར་གྱི་ཕྱོགས་རིས་གང་ཡང་མེད་པར་སངས་རྒྱས་ཀྱི་དགོངས་པ་ལྷུན་གནས་བདེ་བ་ཆེན་པོ་ཀུན་རྫོགས་སྒྲིབ་མེད་དུ་གསལ་བར་མངོན་དུ་གྱུར་པའི་ཆེ་བ་བླ་ན་མེད་པ་དང་ལྡན་ནོ། །གང་ལས་ཆེ་ན། ཨ་ཏི་ཡོ་ག་རང་གིས་རྒྱུད་ལུང་མན་ངག་གི་དོན་གྱི་ཁྱད་པར་དང་བརྡ་ཚིག་གིས་མཚོན་ཚུལ་རྣམས་ལ་ཞེན་པ་དང་ཡིད་དཔྱོད་ཀྱི་ཆ་ཅན་དུ་ཤོར་བའི་འཛིན་རྟོག་མཐའ་དག་ལས་ཆེས་འཕགས་པའོ། །གང་གིས་ཆེ་ན། རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གནས་པའི་མཐའ་བྲལ་འོད་གསལ་བདེ་བ་ཆེན་པོ་དོན་དམ་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་གསལ་དུ་རྟོགས་ཏེ་དེའི་ངང་ལ་སྐུ་དང་ཡེ་ཤེས་མ་འདྲེས་གཉིས་མེད་དུ་མཉམ་པར་རྫོགས་ཤིང་རྣམ་པས་བྱང་ཆུབ་ཀྱི་སྙིང་པོར་ངེས་པས་ཆེས་ཁྱད་པར་དུ་འཕགས་པའོ། །ཇི་ལྟར་ཆེ་ན། རྩོལ་བ་དང་རྒྱུ་འབྲས་དང་བླང་དོར་གྱི་ཕྱོགས་ཆ་གསུམ་པོ་ཀུན་དང་། དེར་མ་ཟད་ཨ་ཏིའི་རྒྱུད་ལུང་མན་ངག་གི་དམིགས་རྣམས་ཀྱི་ཚིག་དོན་དུ་སྣང་བའི་རིགས་གསུམ་གྱི་བློ་ཡུལ་དང་བསམ་རྟོག་ཐམས་ཅད་མ་བཅོས་རང་གྲོལ་གྱི་ངང་དུ་ཀུན་ནས་མཉམ་པར་ལ་བཟླས་པས། བལྟ་བྱ་ལྟ་བྱེད་མེད་པར་རང་རིག་ཡེ་གསལ་ཆེན་པོ་ཀུན་བྲལ་ཇི་མ་སྤངས་པར་ཡེ་ནས་རྫོགས་པ་ཆེན་པོ་རྒྱལ་བའི་དགོངས་པ་འདུས་མ་བྱས་པ་མཐའ་གྲོལ་འགག་མེད་དུ་ཡོངས་སུ་རྫོགས་པར་ཁྱད་ཆོས་དྲུག་དང་ལྡན་པའི་ཐིག་ལེ་ཉག་གཅིག་ལ། སྔར་སངས་མ་རྒྱས་པ་ཞིག་ཕྱིས་སངས་རྒྱ་བར་བྱེད་པའི་བྱ་བྱེད་དང་ཕྱོགས་རིས་ཐསམ་ཅད་སངས་ཏེ་དགོངས་པ་ཕྱོགས་བྲལ་བདེ་བ་ཆེན་པོ་ཡེ་ཤེས་ནམ་མཁའི་མཐའ་ལྟར་རྒྱས་པར་གྱུར་པའོ། །དེ་ཡང་བླ་དྭགས་ཐམས་ཅད་དང་བྲལ་བ་ཡིན་ཀྱང་གཞན་སེལ་དང་དོན་གཉེར་གྱི་དགོས་པ་གཉིས་ཀྱི་ཕྱིར་བརྡར་བཏགས་པ་ཡིན་པས། གཞན་སེལ་ནི་སངས་རྒྱས་དངོས་པོ་དང་མཚན་མར་འདོད་པ་དང་ཉི་ཚེ་བའི་སྟོང་པར་འདོད་པའི་ཕྱོགས་རིས་ལས་གྲོལ་བའི་ཆེད་དུ་བཀའ་སྩལ་ཞིང་། དོན་གཉེར་ནི་འབྲས་བུའི་དོན་གྱི་རང་བཞིན་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་ལ་རྨོངས་པའི་བློ་རིགས་ཅན་ལ་དེ་ཉིད་ཇི་བཞིན་པར་མཚོན་པའི་དགོས་པ་ཡོད་པའི་ཕྱིར་བཀའ་སྩལ་ནས་བརྡ་དོན་སྤྲད་པ་ཡིན་གྱི། དེ་ཡང་ཚིག་ཏུ་བཏགས་པ་ཙམ་ལ་ངེས་པའི་དོན་དུ་འདོད་པ་དེ་ཟིལ་གྱིས་གནོན་པའི་གཉེན་པོར་གྱུར་པས། ཁྱད་པར་གྱི་ཆེ་བ་སངས་རྒྱས་མེད་པར་བླ་དྭགས་རང་གྲོལ་གྱི་དགོངས་པ་ཕུལ་བྱུང་བླ་མེད་ཆེན་པོ་དང་ལྡན་པ་ཁོ་ནའོ། །དེ་སྐད་དུའང་འབྲས་བུའི་ཀློང་ལས། ལྷུན་གནས་བདེ་ཆེན་དོན་དམ་ཡེ་ཤེས་འཕགས། །ཕྱོགས་གསུམ་ལ་བཟླས་དྲང་གསལ་ཡེ་སངས་རྒྱས། །དངོས་མཚན་ཉི་ཚེའི་སྟོང་པ་ལས་གྲོལ་ཞིང་། །དོན་ཉིད་རྨོངས་ལ་མཚོན་ཕྱིར་བརྡ་སྤྲད་ཀྱི། །དེ་ཡང་ཚིག་ཙམ་ངེས་འདོད་ཟིལ་གནོན་ཆེའོ། །ཞེས་དང་། ཀློང་ཆེན་ལས། གང་ལའང་ལྟོས་པ་མེད་པ་དང་། །ཅི་ལའང་ཕན་དང་གནོད་པ་མེད། །ཐམས་ཅད་མཉམ་པས་ནམ་མཁའ་འདྲ། །ཐམས་ཅད་ནས་ནི་ཐམས་ཅད་དུ། །སངས་རྒྱས་མེད་པའི་སངས་རྒྱས་ཏེ། །སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་རྣམས་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་སོ། །དེ་ཡང་དང་པོ་མངོན་སུམ་པར་སངས་རྒྱས་པས་ཤེས་བྱའི་དོན་གྱི་རང་བཞིན་བསྟན་ཞིང་། དེ་ནས་བདག་ཉིད་ཆེན་པོ་དང་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པ་གཉིས་ཀྱིས་གཉིས་མེད་མཚོན་བྲལ་གྱི་མཚན་ཉིད་བསྟན་ལ། ཐམས་ཅད་དེ་ཉིད་ཡིན་པར་སངས་རྒྱས་པ་གཅིག་གིས་དབྱེར་མེད་ཕྱོགས་གྲོལ་གྱི་ངེས་ཚིག་བསྟན་ཏེ་ཐ་མས་སངས་རྒྱས་མེད་པའི་ཆེ་བས་དེ་དག་གི་བརྡ་དོན་གྱི་ངེས་པར་འཛིན་པ་མཐའ་དག་དགྲོལ་ཏེ་རྒྱས་གདབ་པ་ཡིན་པས། དེ་ལྟ་བུའི་ཆེ་བ་ལྔས་ཁྱད་པར་དུ་འཕགས་པ་དེས་ན་མཚན་མེད་འོད་གསལ་རྫོགས་པ་ཆེན་པོ་ནི་ཐེག་པ་ཀུན་གྱི་རྩེ་མོར་གྱུར་པའི་ཆེ་བ་ཕུན་སུམ་ཚོགས་པ་དང་། ལྡན་པར་ཤེས་པར་བྱ་སྟེ། འབྲས་བུའི་ཀློང་ལས། དང་པོས་ཤེས་བྱའི་རང་བཞིན་གཉིས་མཚན་ཉིད། །གཅིག་གིས་ངེས་ཚིག་ཐ་མས་རྒྱས་བཏབ་པ། །ཆེ་ལྔས་ཁྱད་འཕགས་དེས་ན་རྫོགས་པ་ཆེ། །ཞེས་གསུངས་སོ། །དེ་ལྟར་མན་ངག་གི་རྒྱལ་པོ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་བཀའ་ལུང་དྲི་མ་མེད་པ་འདི་ནི་གནད་ཆེན་པོའི་ངེས་གསང་གི་བཅུད་མཆོག་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ལྟ་བའི་ཀློང་ལས། བདག་ནི་མ་རིག་གནས་ནས་དབྱུང་བ་ལ། །རྟོགས་པ་རིན་ཆེན་གདེངས་མེད་ཐབས་འགའ་ཡང་། །རྙེད་པར་མ་གྱུར་དུས་བབ་དབང་པོས་བསྐུལ། །སྐུ་གསུམ་ཆུ་རྒྱུན་བབས་པས་མ་རིག་པའི། །དྲི་མ་དག་ནས་ཡེ་ཤེས་ཀུན་མཁྱེན་གསལ། །འཁྲུལ་པ་གཞན་མཐོང་སྙིང་རྗེས་རྟོགས་ཐབས་བཀོད། །འདི་ལ་བརྟེན་ནས་ཐམས་ཅད་མིག་རྙེད་ཤོག །ཅེས་དང་། འབྲས་བུའི་ཀློང་ལས། དེ་བཞིན་རང་ལ་གནས་པས་ཚུལ་ངན་རྩོལ་མིན་བསླད་འཁྱམས་ལས་གྲོལ་ཕྱིར། གདེངས་ཆེན་གནས་ཏེ་ཞེན་མཐའ་ཀུན་གྲོལ་ངེས་པར་དམར་ཐག་ཀུན་གསལ་བའི། སྙིང་པོའི་དོན་སྟོན་སྒྲོན་མ་འདི་ལ་སྐལ་ལྡན་འགའ་གནས་སྲིད་ན་གཏེར་དུ་ལོང་། དེ་ལྟ་མིན་ན་བརྒྱུད་པའི་སྟེགས་བུ་ཚུལ་གཞན་སྤང་མིན་ཤུགས་ཀྱིས་འཇུག །ཅེས་དང་། སྒོམ་པའི་ཀློང་ལས། འདི་ནི་དངོས་གྲུབ་དམ་པའི་བཅུད། །འཁོར་འདས་མཚན་ཉིད་འཛིན་པའོ་ཅོག །གདོད་ནས་མ་བཅོས་བྱང་ཆུབ་སེམས། །བདེ་གཤེགས་དུས་གསུམ་རྒྱལ་བ་ཡི། །ཐུགས་དགོངས་མཁྱེན་པའི་ཡེ་ཤེས་ཏེ། །མ་ནོར་དོན་ལ་རིག་པས་འབྱོར། །ཡང་རབ་སྐྱེས་བུའི་སྤྱོད་ཡུལ་ཉིད། །འདུས་བྱས་མིན་པས་འཕོ་འགྱུར་བྲལ། །མཚུངས་པ་མེད་པའི་གསལ་མཁྱེན་ཡིན། །གདོད་ནས་གནས་པས་བསྐྱེད་པ་མེད། །སྒྲོ་སྐུར་བྲལ་བའི་ངེས་དོན་ཉིད། །སྐལ་ལྡན་རྣམས་ལ་བཞག་པ་ཡིན། །ཨེ་མ་ཧོ། སྐལ་ལྡན་སྐྱེས་བུ་རྣམས། མ་འོངས་དུས་ན་འབྱུང་བ་དང་། །རྒྱལ་བའི་བཀའ་ལུང་ཟབ་མོ་ལ། །བརྒྱུད་པའི་བརྡ་སྤྲོད་གཉེར་ལྡན་པས། །གཞི་དོན་བདེན་པར་གནས་པ་ཡི། །ཡོན་ཏན་ཟེར་མཐོང་ང་རྒྱལ་ལ། །མཐོང་བའི་དགོས་པ་འགའ་ཡིས་རྐྱེན། །བྱ་མེད་ཆོས་ལ་བློ་གཏད་ནས། །དད་ལྡན་སྐལ་ལྡན་བློ་བརླབས་པས། །དངོས་གྲུབ་ཆུ་རྒྱུན་མ་བཅད་པར། །རིན་ཆེན་བརྒྱུད་པ་མཚོན་པའི་ཚིག །འདི་ལ་བརྟེན་ལ་ཚད་ལ་ཕོབ། །འདི་དང་བྲལ་ན་སྐྱེ་བོ་ཉིད། །འཕགས་པའི་གནས་ལས་འགྱངས་པར་ངེས། །དེས་ན་སྐལ་ལྡན་རིན་ཆེན་རྟེན། །དགོས་པ་ཕྲ་མོར་མ་སྤྱད་པར། །འདི་ཡིས་གྲུབ་པའི་གྲོགས་མཆོག་མཛོད། །ཅེས་གདམས་པར་མཛད་དོ། །དེ་ལྟར་བཀའ་རྫོགས་པ་ཆེན་པོའི་སྙན་བརྒྱུད་ཀྱི་གདམས་ངག་འདི་དང་འཕྲད་པའི་སྐལ་ལྡན་བློ་གྲོས་གསལ་བ་རྣམས་ཀྱིས་ཤན་འབྱེད་ཀྱི་གནམ་ཐིག་མ་ནོར་བ་དང་ལྡན་པའི་ཚད་མའི་ལུང་རིགས་ལ་བརྟེན་ནས་ཁེ་ཉན་མ་འཆོལ་བར་དོན་གྱི་གསང་བཅུད་ལེན་པ་ལ་གནས་པས་ངང་པའི་རྒྱལ་པོའི་སྒྱུ་རྩལ་གྱི་ཚུལ་ལ་མཁས་པར་བྱ་བ་ནི་ཤིན་ཏུ་གཅེས་ཏེ། ཡེ་ཤེས་གསང་བ་ལས། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣ་བརྒྱུད་རིག་པ་སྔགས་ཀྱི་དོན། འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། །གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་དོན་གོ་ནས། །རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེ་ཡང་གསང་བ་དམ་པ་འདིས། །སྐལ་ལྡན་གདུལ་བྱའི་ངོ་དག་ཏུ། །རིག་པའི་སྒྲོན་མ་བྱེད་པར་འགྱུར། །དེ་ནས་ཐུགས་རྗེའི་སྐལ་མེད་པས། །གསང་བ་དམ་པ་ནུབ་པར་འགྱུར། །གསང་བའི་ཐེག་པ་དམ་པ་འདི། །གཞན་གྱིས་ནུབ་པར་མི་འགྱུར་ཏེ། །དྲི་མེད་བདུད་རྩི་རྟོགས་དཀའ་ལ། །རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར། །སྒྲ་བཞིན་དཔྱད་ནས་སྨྲ་བ་དག །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པའི་བརྟགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །བརྟགས་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདེངས་མེད་པར། །རང་ལྟ་ཡ་རབས་མཐོ་འདོད་པ། །བབ་ཅོལ་འདོད་ལྔ་སྤྱད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་དག །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེའི་ཁབ་ཏུ་ལྷུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །མགྱོགས་འགྲོ་སོ་མཚམས་འདས་དང་འདྲ། །ཞེས་པ་ལ་སོགས་པ་བཀའ་ལུང་གི་ཚིག་ལས་མཐོང་བས་སོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་ཉིད་མའི་སྙིང་པོ་ལས། ཀྱེ་ཧོ་དཔལ་ལྡན་རིགས་ཀྱི་བུ། །མཁས་པས་དོན་ལས་མི་འཁྱར་བྱའི། །ཐ་སྙད་ཚིག་རྗེས་མ་འབྲང་ཞིག །དོན་མེད་ཚིག་སྙན་འབྲང་མིན་གྱི། །དོན་མཚོན་ཚིག་ལ་མ་དགག་ཅིག །རྟོགས་དོན་གནས་སམ་གནས་རྟོགས་བྱའི། ཞི་གནས་ཉམས་ལ་མ་ཞེན་ཅིག །མ་རྟོགས་ཉམས་ཞེན་གཏད་སྤང་གི། །དངོས་གྲུབ་ཆུ་རྒྱུན་མ་གཅད་ཅིག །དོན་འགྱུར་ལྷག་སྤྱོད་བཙུན་བར་བྱའི། །བཙུན་དྲེགས་གཞན་བརྙད་མ་བྱེད་ཅིག །རང་དོན་འཇུར་བུས་བསྔམ་སྤང་གི། །དཀར་ནག་རྒྱུ་འབྲས་མ་ཟློག་ཅིག །མཐའ་བཞིར་ཕྱོགས་ལྷུང་གྲོལ་བར་བྱ། །རྟོགས་ཐབས་མུ་བཞི་མ་དག་གཅིག །མུ་བཞི་ལྡེའུ་མིག་རང་གྲོལ་བྱའི། །འགྲོས་བདེ་ཁ་འབྱམས་མ་སྨྲ་ཞིག །ངེས་པར་གདེངས་སུ་ཐེབས་པར་བྱ། །ཤེས་ཚུལ་རང་བསླུ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་དལ་རྟེན་ལ་སྙིང་པོ་ལེན་པ་ནི་རང་གཞན་ཀུན་ལ་དོན་ཆེན་པོའི་དཔལ་དང་ལྡན་པ་ནོར་འཁྲུལ་མེད་པའི་གདམས་ངག་གི་གནད་ཀྱིས་རྟོགས་དོན་ལ་འཇུག་པའི་བཅུད་འདུས་ཀྱི་སྙིང་པོ་ཉིད་དུ་ཤེས་ནས་ཟབ་མོའི་དོན་ལ་རྟོན་པར་བྱའོ། །གསུམ་པ་ཞུགས་པ་རྫོགས་པ་མཇུག་གི་དོན་ལ་མཛད་བྱང་དང་། བསྒྱུར་བྱང་གཉིས་ལས། དང་པོ་ནི། རིན་པོ་ཆེ་གཏེར་སོགས་ཀྱིས་བསྟན་ཏེ། མན་ངག་འཕྲུལ་གྱི་མེ་ལོང་གི་རྩ་བ་རིན་པོ་ཆེ་གཏད་པ་མདོར་བསྡུས་ཏེ་བསྟན་པ་རྒྱལ་བ་སྐུ་གསུམ་གྱི་བྱིན་རླབས་ལས་ཤར་བའི་སྤྲུལ་པའི་སྐུ་མཆོག་ལས་སླར་ཡང་ཐུགས་རྗེའི་ཡང་སྤྲུལ་དུ་བྱོན་པའི་གསང་ཆེན་བདག་པོའི་ཐུགས་སྲས་མཚན་དཔེ་རྫོགས་པའི་སློབ་དཔོན་ཆེན་པོ་གསང་བདག་དགའ་རབ་དཔའ་བོ་དགྱེས་མཛད་བཞད་པ་རྡོ་རྗེའི་ཞལ་སྔ་ནས་བཀའ་སྩལ་བར་མཛད་པའི་སྡེ་གསུམ་ཀློང་དགུ་མཐའ་དག་གི་ཡང་བཅུད་ཐུགས་ཀྱི་དགོངས་པའི་ཡང་སྙིང་དུ་གནས་པའི་བསྟན་པ་རིན་པོ་ཆེའི་བཙས་དམ་པ་གདམས་ངག་ཐམས་ཅད་ཀྱི་རྒྱལ་པོ་ཉིད་ཡོངས་སུ་རྫོགས་ས྄ོཧ྅྅྅། ཞེས་ལྷག་མ་མེད་པར་མཐར་ཕྱིན་པའི་དོན་ཏོ། །གཉིས་པ་ནི། རྒྱ་གར་གྱི་སོགས་ཀྱིས་བསྟན་ཏེ། རྒྱ་གར་འཕགས་པའི་ཡུལ་གྱི་མཁན་པོ་ཆེན་པོ་པཎྜི་ཏའི་རྒྱལ་པོ་ཤྲཱི་སེངྷ་པྲ་བྷ་ཏ་ཞེས་གྲགས་པ་བོད་སྐད་དུ་དཔལ་སེང་གེའི་འོད་ཅན་དང། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པའི་དགེ་སློང་བཻ་རོ་ཙ་ན་ཞེས་བྱ་བ་སྐུ་ཆུང་ངུའི་དུས་ཀྱི་མཚན་ག་འཇག་སྡང་དམ་སྐད་གསར་བཅད་དུ་གན་ཇག་ཐང་ཏ་ཞེས་གྲགས་པ་དཔལ་རྣམ་པར་སྣང་མཛད་ཀྱི་ཞལ་གཟིགས་པས་སྤྲུལ་པའི་སྐྱེས་བུ་དེས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བཀའ་འདི་གཏད་པའི་སྐུ་དྲིན་ལས། གངས་དཀར་གྱི་ཕྲེང་བས་ཡོངས་སུ་བསྐོར་བའི་བདེ་ཁམས་དམ་པའི་ཆོས་ཀྱི་ཡུལ་ལྗོངས་འདིར་ཡང་རྒྱལ་བསྟན་ཡོངས་སུ་རྫོགས་པའི་སྒྲོན་མེའི་ཞིང་གི་བསོད་ནམས་ཀྱི་དཔལ་དང་ལྡན་ཏེ་དགེ་ཞིང་བཀྲ་ཤིས་པའི་སྣང་བས་ཀུན་ཏུ་ཁྱབ་པར་གྱུར་པའོ། །དེ་དག་གི་སྒོ་ནས་མན་ངག་གི་རྒྱལ་པོ་གཏེར་གཏད་པ་ཉིད་སྤྱི་དོན་ལྔའི་ཚུལ་གྱིས་ལེགས་པར་བཤད་ཟིན་ཏོ། །དེའང་གཅིག་ཤེས་ཀུན་རྟོགས་ཀྱི་སྐབས་ལ། དམ་པ་སྔ་མས་དཔེ་གཉིས་དང་དོན་རྫོགས་ཆེན་སྤྱི་ལ་སྦྱར་བ་ལས། གཡུ་ལྗང་རི་ཁྲོད་ཀྱི་རྣལ་འབྱོར་པ་གྲགས་པ་དཔལ་བཟང་གིས། དཔེ་སྔར་བཞིན་ལ། དོན། ཆོས་རྣམས་རང་བཞིན་མཐོང་འདོད་ན། སོགས་ཀུན་བྱེད་རྒྱལ་པོ་ལ་སྦྱར་ཏེ་བསྟན་ཀྱང་། ཕྲན་ཆུང་ཁོ་བོ་ནི། སྤྱིར་ཐམས་ཅད་གལ་ཆེ་ཞིང་ཁྱད་པར་དུའང་མན་ངག་འདི་ཉིད་ཀུན་གྱི་སྲོག་བཅུད་དུ་གྱུར་ཏེ་ཆོས་སྐུའི་རང་ངོ་ཤེས་ཤིང་ཡེ་ཤེས་ཀྱི་རང་ས་ཟིན་ནས་དགོངས་པ་འགྱུར་མེད་ལ་གནས་པས་དྭངས་མའི་འབྱུང་བ་ལ་རྟེན་ཏེ་རང་སྣང་སྐུ་གསུམ་གྱི་དཀྱིལ་འཁོར་དུ་རྟོགས་པ་མཐར་ཕྱིན་པར་བྱེད་པའི་གདམས་ངག་མཐའ་དག་གི་སྙིང་པོ་འདུས་པའི་མན་ངག་གི་རྩ་བ་བླ་ན་མེད་པ་ཡིན་པས་ན་ཐམས་ཅད་སྦྱར་ནས་འདི་སྐད་དུ། ཆོས་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུངས། །ལྟད་མོ་སྣ་ཚོགས་ལྟ་འདོད་ན། །རི་བོ་ཆེན་པོའི་རྩེ་ནས་ལྟོས། །ཆོས་རྣམས་ཐམས་ཅད་ཐོས་འདོད་ན། །རྫོགས་ཆེན་ཐེག་པའི་ཡང་རྩེ་ཉོན། །ཀུན་གྱི་རང་བཞིན་མཐོང་འདོད་ན། །བྱང་སེམས་ཀུན་བྱེད་རྒྱལ་པོ་ལྟོས། །ཡོངས་རྫོགས་རང་གཏེར་རྙེད་འདོད་ན། །གཏེར་གཏད་མན་ངག་བཅུད་མཆོག་ལོང་། །ཞེས་སྨྲའོ། །སླར་སྨྲས་པ། རྨད་བྱུང་ཐེག་མཆོག་རྒྱལ་པོའི་དགོངས་པའི་མཐིལ། །སྐུ་གསུང་ཐུགས་བཅུད་ཚད་མའི་བཀའ་ཡི་ལུང་། །སྙན་རྒྱུད་འཕྲུལ་ཚིག་མན་ངག་སྙིང་པོའི་དོན། །བརྒྱུད་པའི་གསུང་སྒྲོས་ལ་བརྟེན་གསལ་བར་བཀྲོལ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་སེམས་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་གོམས་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པའི་ཐོས་བསམ་པ། །གཟུར་གནས་གཞན་གྱིས་མཐོང་ནའང་དོན་ཡོད་འགྱུར། །དེ་སླད་མཆོག་གཟིགས་དམ་པའི་སྐྱེས་བུ་བཞིན། །ཟབ་དོན་རྟོགས་ཏེ་རང་དབང་འབྱོར་མིན་ཀྱང་། །སྐྱབས་མཆོག་པཎ་གྲུབ་བླ་མའི་བཀའ་དྲིན་གྱིས། མུན་པའི་བློ་ལ་སྣང་བའི་ཟེར་ཙམ་ཤར། །ཁྱད་པར་ཡང་སྤྲུལ་ཐུགས་སྲས་དཔའ་བོ་ཡིས། །ཚིག་སྡེབས་ལེགས་པས་ཕྱི་རབས་རིགས་ཅན་ལ། །འཕྲུལ་གྱི་ཡི་གེ་བཙས་སུ་བཞག་པའི་དོན། །ཅུང་ཟད་དེས་ཕྱིར་བརྒྱུད་པའི་བརྡ་ཡང་འཕྲོས། །དེ་ཕྱིར་འདི་ལ་ལེགས་པར་བཤད་པའི་ཆ། །གང་མཆིས་དམ་པ་གོང་མའི་བྱིན་རླབས་དང་། །བླ་མའི་དྲིན་ཕྱིར་རང་བཟོ་ཚིག་གཅིག་མེད། །རབ་དཀར་ལེགས་བྱས་འབྱུང་ལ་ཐེ་ཚོམ་བྲལ། །ཀྱེ་ལགས་སྐལ་ལྡན་བློ་གྲོས་གསལ་བ་རྣམས། །མན་ངག་གསང་བཅུད་འདི་འདྲར་འཕྲད་དཀའ་བས། །མགོ་ལ་མེ་འབར་གསད་ལས་རིངས་ཚུལ་དུ། །སྙིང་པོའི་ཟབ་དོན་ལེན་ལ་འཇུག་པར་འཚལ། །དུས་ཀྱི་སྙིགས་མ་མུན་གནག་བཞིན་དུ་བདོ། །ཚེ་ལ་འགལ་རྐྱེན་རླུང་གསེབ་མར་མེ་འགྲན། །ཆོས་མིན་འཚེ་བ་ཆར་སྤྲིན་འཁྲིགས་འདྲ་བའི། །ཚུལ་འདིར་དགོངས་ལ་སྙིང་པོའི་དོན་མཆོག་ལོང་། །བདག་ཀྱང་དེང་ནས་བྱང་ཆུབ་མཆོག་གི་བར། །མན་ངག་འདི་དང་ནམ་ཡང་མི་འབྲལ་ཞིང་། །ཆུང་ནས་བཤེས་གཉེན་དམ་པས་རྗེས་བཟུང་སྡེ། །རང་གཏེར་ཇི་བཞིན་མངོན་དུ་འགྱུར་བར་ཤོག །ཨ་ཏི་ཡོ་ག་སེམས་ཀློང་མན་ངག་སྡེ། །སྤྱི་ཏི་ཡང་ཏིའི་བཀའ་དང་དགོངས་འགྲེལ་གནད། །ཀུན་བཟང་རྡོར་སེམས་དགའ་རབ་དཔའ་བོ་ཡི། །ཐུགས་དགོངས་ཟབ་མོ་མ་ནོར་རྙེད་པར་ཤོག །ཐེག་མཆོག་རྒྱལ་པོའི་བསྟན་དོན་ཇི་ལྟ་བར། །རིག་འཛིན་བརྒྱུད་པའི་རིང་ལུགས་ཚད་མ་ལྟར། །དམ་པ་ཡབ་སྲས་ཀུན་མཁྱེན་སྔ་ཕྱི་དང་། །མི་ཕམ་ཆོས་རྗེའི་དགོངས་མཛོད་རྟོགས་པར་ཤོག །སྐུ་གསུམ་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །པན་ཆེན་བླ་མ་ཆོས་ཀྱི་རྒྱ་མཚོ་དང་། །གྲུབ་བརྒྱའི་སྤྱི་དཔལ་བྱམས་པ་ཆོས་འཛིན་རྗེའི། །དགོངས་དོན་འཁྲུལ་མེད་རྒྱུད་ལ་སྐྱེ་བར་ཤོག །མདོར་ན་སྙན་རྒྱུད་སྟོན་པའི་བླ་མ་རྣམས། །འབྲལ་མེད་འཁོར་ལོའི་མགོན་དུ་རང་བཞུགས་ནས། །མཚན་མེད་འོད་གསལ་མཐའ་བྲལ་ཡོངས་རྫོགས་ཀྱི། །རང་རིག་གཉུག་མའི་རང་གཞན་མཐོང་བར་ཤོག །ལེགས་གསུང་བཀའ་ལ་རྟོགས་གོམས་སྐྱེད་པའི་ཕྱིར། །མན་ངག་ཚད་མའི་ལམ་བཟང་གསལ་བྱས་པས། ཚེ་འདིར་ཁྱད་ཆོས་དྲུག་ལྡན་གདོད་མའི་སར། །མངོན་བྱང་ཆུབ་སྟེ་དོན་གཉིས་ལྷུན་གྲུབ་ཤོག །དགེ་བ་དེ་ཡིས་འབྲེལ་ཐོབ་ཡིད་ཅན་ཀུན། །རྒྱལ་བ་དགྱེས་པའི་ཐབས་ལ་ངེས་བརྟེན་ནས། །རྣམ་གྲོལ་རྫོགས་པའི་སངས་རྒྱས་མགོན་བྱས་ཏེ། །ཁམས་གསུམ་འཁོར་བ་དོང་སྤྲུགས་དཔའ་ཐོབ་ཤོག །གཞན་ཡང་དཀར་དམར་ཟབ་དང་སྲུ་གོས་གྱོན། །ཁལ་རྟ་ཞོན་པའི་འགྲོ་བ་གཙོར་གྱུར་པའི། །མ་ལུས་སེམས་ཅན་ཀུན་གྱི་རྨོངས་པའི་ཡིད། །བསལ་ནས་ཀུན་མཁྱེན་ཡེ་ཤེས་རྒྱས་པར་ཤོག །རང་སྣང་འོད་གསལ་འདུས་མ་བྱས་པའི་མཁར། ལུང་རྟོགས་བསྟན་པའི་འོད་སྟོང་གསལ་བཀྲ་བས། །བླ་མེད་འབྲས་བུའི་དཔལ་འབྱོར་རབ་འཕེལ་ཏེ། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་རིན་པོ་ཆེ་གཏེར་གཏད་ཀྱི་འགྲེལ་བ་འདི་ཡང་སྐྱབས་རྗེ་བཀའ་དྲིན་མཚུངས་མེད་གདོད་མའི་མགོན་པོ་གསང་བའི་མངའ་བདག་གྲུབ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡི་གནང་བ་ཐོབ་ཅིང་། ཆོས་རྗེ་མཁན་ཆེན་རིན་པོ་ཆེ་ཐུབ་བསྟན་ལེགས་བཤད་དུལ་བའི་སྡེའི་ཞལ་ནས་སེམས་ཕྱོགས་ལའང་གསལ་བྱེད་ཀྱི་ཡི་གེ་རེ་ཅིས་ཀྱང་གྱིས་ཤིག་ཅེས་གསུང་བསྐུལ་མཛད་པ་བཞིན་རང་ཡང་མན་ངག་ཟབ་མོ་ལ་བློ་གྲོས་རྒྱས་པའི་འབྲེལ་འཇོག་ཏུ་བྲི་འདུན་སྐྱེས་ནས་གསེར་ཁང་རི་ཁྲོད་བདུད་འདུལ་ཕྲིན་ལས་ཀུན་ཁྱབ་གླིང་དུ་འཆད་ཐབས་ལྔའི་སྤྱི་ཁོག་ཙམ་བྲིས་ཤིང་། དེ་རྗེས་ལྟ་བདེ་བའི་ཕྱིར་རྨུགས་སངས་ཆོས་དགོན་མི་འགྱུར་བཀྲ་ཤིས་འོད་འབར་གྱི་ཡང་དབེན་དགོན་སྟོད་ལྷུན་གྲུབ་དགའ་ཚལ་གྱི་མཆོད་སྡོང་བྱིན་རླབས་འོད་སྣང་གི་ཉེ་འཁོར་དུ་སེ་སྟོན་འབྱུང་ལྡན་གྱི་ཕྱག་མཆན་ལ་བརྟེན་ནས་གཞུང་དངོས་ཙམ་ཉུང་ངུ་ཞིག་བྲིས་པ་ལས། སླར་ཡང་རིགས་བདག་མ་ཧཱ་པཎྜི་ཏ་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་ཡང་སྤྲུལ་བྱམས་ཆེན་ཆོས་ཀྱི་ཉི་མའི་མདུན་ནས་ནམ་མཁའ་ཆེ་དང་འདི་ཉིད་ལ་བྱིན་རླབས་ཀྱི་བཀའ་ཁྲིད་ཞུས་ཚེ་འགྲེལ་པ་དགོས་པའི་ཞལ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་སོན་པ་དང་སྔ་ཕྱིར་དམ་པ་འགའ་ཡིས་ཀྱང་བསྐུལ་བའི་ཕྱིར། སྤྲང་འཁྱམས་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས་ཀྱིས་བྲོ་བརྡུང་གསང་སྔགས་ཆོས་གླིང་གི་ཡང་བདེན། གཡུ་ཕུད་བྲག་དཀར་རྩེ་མཐོའི་རི་དོགས། ས་འཛིན་སྨན་ཤིང་འཁྲིགས་པའི་སྤང་མཐོངས། བཀྲ་ཤིས་དགེ་ལེགས་རྒྱས་པའི་བསྟི་གནས། ལྷ་བྱ་སྐད་སྙན་སྒྲོགས་པའི་དགའ་ཚལ། གཙུགས་ལག་ནོར་བུའི་བརྒྱན་པའི་ཁང་བཟང་། ཐེག་མཆོག་འོད་གསལ་མཛོད་ཀྱི་བཤགས་ཆུང་དུ་བར་མཚམས་སུ་ཇི་ལྟར་རིགས་པ་བསྣན་ཅིང་མཇུག་གི་སྐབས་དོན་མན་ཆད་རྫོགས་པར་བྱས་ཏེ་མཐར་ཕྱིན་པར་བགྱིས་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་སྔ་འགྱུར་མདོ་སྒྱུ་སེམས་གསུམ་འོད་གསལ་རྡོ་རྗེ་སྙིང་པོ་དང་བཅས་པའི་བསྟན་པ་རིན་པོ་ཆེ་རྣམས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀཱ་ལྱཱ་ཎཱཾ་བྷ་བ་ཏུ། དགེའོ།། །།སླར་སྨྲས་པ། ཡེ་གྲོལ་ཀ་དག་ཟང་ཐལ་ཀུན་ཏུ་བཟང་། །ཡོངས་གྲོལ་གཉུག་མ་རྡོ་རྗེ་སེམས་དཔའ་ཆེ། །ལྷུན་གྲུབ་རོལ་རྩལ་མ་འགགས་དགའ་རབ་རྗེ། །དབྱེར་མེད་རིག་སྟོང་དོན་གྱི་བླ་མར་འདུད། །དགོས་འདོད་ནོར་བུ་རྒྱ་མཚོའི་ཀློང་བཞིན་དུ། །སེམས་ཀྱི་རིན་ཆེན་རྡོ་རྗེའི་གཏེར་ཆེན་པོ། །ཀུན་བཟང་རྡོར་སེམས་དགའ་རབ་ཐུགས་ཀྱི་བཏུད། །ཤྲཱི་སེངྷས་ཆིངས་ལྔའི་བརྡ་ཡིས་བཀྲོལ། །དཔེ་དོན་རྟགས་ཀྱི་སྤྲས་པའི་མན་ངག་རྣམས། །དགོངས་བརྒྱུད་ཕར་ཟོག་ཐོབ་པའི་སྐལ་ལྡན་པ། །ཤར་གྲོལ་རིས་མེད་རང་བྱུང་བརྡས་བསྟན་པ། །ཀུན་ལ་ཡོད་ཀྱང་ཀུན་གྱི་སྤྱོད་ཡུལ་མིན། །རང་སྦས་གབ་པ་གསང་བའི་དོན་འཆོལ་ན། །མ་གྲོལ་གྲོལ་བའི་གནད་གསང་རྟོགས་དཀའི་ཕྱིར། །འཕྲུལ་གྱི་མེ་ལོང་གསལ་བའི་ལྡེ་མིག་འདི། །པཎ་གྲུབ་བརྒྱུད་པའི་ལུང་རིགས་མན་ངག་བཞིན། །དགའ་རབ་ཞལ་མཐོང་གཉུག་མའི་དེ་ཉིད་མཁྱེན། །རྩོལ་མེད་བརྩེ་བའི་ཁོ་ལག་རས་རྒྱས་ཤིང་། །གཟི་ལྡན་བློ་གྲོས་ཉི་མའི་རང་རྩལ་གྱིས། །རང་བཞག་ཀློང་ནས་རང་གྲོལ་ཚིག་གིས་བཀྲོལ། །རྒྱུད་ཀྱི་དོན་བཀྲོལ་ལུང་གི་མདོ་བཟུང་ནས། །མན་ངག་སྙིང་བྱུང་དགོངས་པའི་ལ་བཟླ་བ། །གནས་ལུགས་དོན་བསྟན་རིག་པ་གནད་པ་ཕབ། །ཚིག་གི་བརྡ་བཀྲོལ་བྱང་སེམས་མངོན་དུ་བསྟན། །སྐྱེས་བུའི་ལུས་ལ་གཅེས་པའི་སྲོག་བཞིན་དུ། །སྡེ་གསུམ་ཀློང་དགུའི་གནད་སྟོན་གཞུང་ལུགས་འདི། །མི་ཉམས་ཕྱོགས་དུས་ཀུན་ཏུ་སྤེལ་བའི་ཕྱིར། །སཱུརྱའི་མཚན་ཅན་བླ་མས་སྤར་དུ་བཞེངས། །དབུལ་པོའི་གཏེར་དང་སེམས་ཉིད་སངས་རྒྱས་རྣམས། །ཡེ་ནས་གནས་ཀྱང་མ་ཤེས་ལོག་པར་འཁྱམས། །དེང་འདིར་འདིའི་མཐུས་རང་གནས་གཉུག་མའི་ཁམས། །ཡེ་གྲོལ་ཆོས་ཟད་ཀུན་ཁྱབ་ཐིག་ལེ་ཆེ། །གཟི་བྱིན་ཉི་མ་འབུམ་ལས་ཆེས་ལྷག་པ། །འགྲོ་བའི་ཡིད་མཁར་རབ་ཏུ་བརྟན་གྱུར་ནས། །ས་འཛིན་སྤོ་ལ་དགེ་ལེགས་གྲུ་ཆར་གྱིས། །པད་དཀར་ཆུན་འཕྱངས་ཀུན་གནས་བལྟར་གྱུར་ཅིག །ཅེས་སྤར་འདི་རྨུགས་སངས་གསང་སྔགས་གླིང་དུ་བཞུགས་པ་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །མདྒ་ལཾ། ཤུབྷཾ།། །།


previousརིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་འབྱེད་པའི་འོད་ཀྱི་ལྡེའུ་མིག །མཁྱེན་བརྩེའི་བློ་གྲོས།next