Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གཅིག་པ།


   
   
   
   
   
   
བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག །ལྷ་རྗེ་བློ་གྲོས་བཟང་པོ།
   


 
previousབྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག །ལྷ་རྗེ་བློ་གྲོས་བཟང་པོ།next

བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག །ལྷ་རྗེ་བློ་གྲོས་བཟང་པོ།

བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག་བཞུགས་སོ། །ན་མོ་མཧཱ་གུ་རུ་བཛྲ་དྷརི་དྷརྨྨ་རཱ་ཛཱ་ཡ། ཡོངས་རྫོགས་བཤེས་གཉེན་འདུས་པའི་དབུས་ན་མཁས། །ཉེས་ལྟུང་དྲི་བྲལ་འདུལ་འཛིན་ཁྲོད་ན་བཙུན། །ཡང་དག་རྟོགས་པས་གྲུབ་པའི་ནང་ན་བཟང་། །བསྟན་པའི་སྲོག་ཤིང་བླ་ཆེན་ཆོས་རྗེ་མཁྱེན། །ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་ལས། །སེམས་ཀྱིས་གསང་འདི་རིག་པར་མ་གྱུར་ན། །ཇི་ལྟར་འབད་ཀྱང་དོན་མེད་ངལ་བར་ཟད། །དེ་ཕྱིར་ཟབ་མོའི་གཏམ་གྱིས་སྐབས་དབྱེའོ། །འདིར་ཡང་དག་པའི་གནས་ལུགས་རྟོགས་པར་འདོད་པས་ནི། །གཞི་ལམ་འབྲས་བུའི་དོན་ཁོང་དུ་ཆུད་དགོས་ལ། །དང་པོ་གཞི་ནི་རང་གི་སེམས་སྟོང་པ་ཡིན་མིན་ཡོད་མེད་གང་དུ་ཡང་མ་གྲུབ་པ། གཞན་ལས་མ་བྱུང་བས་རང་བྱུང་། ཏིལ་ལ་མར་བཞིན་དུ་འཁོར་འདས་ཐམས་ཅད་ལ་ཁྱབ་པ། འདིའོ་ཞེས་བརྗོད་དུ་མི་ནུས་པ། འཁོར་བ་མ་ཡིན། མྱང་འདས་མ་ཡིན། ཆོས་གང་ཡང་མ་ཡིན་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་ན་ཀུན་གཞི་བྱ་བ་ཡིན་ཏེ། སློབ་དཔོན་འཕགས་པས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས། དེ་ཉིད་སངས་རྒྱས་རྣམས་ཀྱིས་རང་ངོ་རིག་པས་རིག་ཐོག་དེར་གྲོལ་བས་གྲོལ་གཞི་ཡིན་ལ། སེམས་ཅན་རྣམས་ཀྱི་རང་ངོ་མ་ཤེས་པར་གཞན་དུ་གཟུང་བས་བཟུང་འཛིན་གྱིས་འཕྲུལ་སྣང་འདི་དག་ཤར་བས་འཁྲུལ་གཞི་ཡང་ཡིན་ཏེ་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་རྒྱུད་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡང་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །དེ་ཉིད་རིག་ན་སངས་རྒྱས་ཏེ། །མ་རིག་སེམས་ཅན་འཁོར་བར་འཁྱམས། །ཤེས་གསུངས་སོ། །དེ་ལྟ་བུའི་སེམས་ཀུན་གྱི་གཞི་དེ་ཉིད་མ་རིག་པ་རིག་པར་བྱ་བའི་ཐབས་ལམ་ལྟ་བསྒོམ་སྤྱོད་པ་གསུམ་ཡིན་ཏེ། ལྟ་བའི་ངོ་བོ་ནི་སེམས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་དེ་ཉིད་ཡིན་ཏེ། དེ་ཡང་སྟོང་པ་ཉིད་ཀྱིས་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་སྐྱེ་བ་མེད་པ། སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་སྟོང་པ་དེའི་གདངས་ལས་འཁོར་འདས་ཀྱིས་ཆོས་ཐམས་ཅད་སྤྲིན་དང་ན་བུན་ལྟར་གཞི་ལ་མེད་བཞིན་དུ་སྣང་བར་ནུས་པས་འགག་པ་མེད་པ། དེ་ལྟར་གནང་ཡང་སྟོང་པ་ཉིད་ལས་མ་འདས་པས་གནས་པ་མེད་པ། དབྱིབས་དང་ཁ་དོག་དང་དངོས་པོ་དང་མཚན་མ་ཐམས་ཅད་དུ་མ་གྲུབ་པ། འདི་ཉིད་དོ་ཞེས་ངོས་བཟུང་དུ་མེད་པ། དཔེར་ན་བར་སྣང་གི་སེར་བུ་ལྟར་ཡོད་པའི་དངོས་པོར་མ་གྲུབ་ཀྱང་མེད་པ་མ་ཡིན་ཏེ་སིར་རི་རི་སྣང་བ། གར་ཡང་མི་གནས། གང་དུ་ཡང་སོང་བ་མེད་པའི་བུན་ནེ་བ་འདི་ལྟ་བུ་སྟེ། གཟུ གས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་ལས་འདས་པ། ཁམས་དང་སྐྱེ་མཆེད། ཐམས་ཅད་ལས་གྲོལ་བ། ཕྱི་བཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་མེད་པ། བདག་གཞན་དང་སྲོག་དང་བྱེད་པ་པོ་ལ་སོགས་པ་རྟོག་པ་ཐམས་ཅད་མེད་པ། གཟུགས་ནས་རྣམ་མཁྱེན་གྱིས་བར་ལ་སོགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན། གང་དུ་ཡང་མ་གྲུབ་པས་ངོ་བོ་མེད་པ། གར་ཡང་སྣང་བས་ངོས་བཟུང་མེད་པ། དེ་ལྟ་བུར་ཡེ་གདོད་མ་ནས་གནས་པས་མེད་པ་མ་ཡིན། དངོས་པོ་དང་མཚན་མར་མ་གྲུབ་པས་ཡོད་པ་མ་ཡིན། ཡོད་མེད་གཉིས་སུ་མ་གྲུབ་པས་གཉིས་ཀ་ལ་ཡིན་པའང་མ་ཡིན་ཏེ། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་ལས་འཁོར་བ་མེད་པས་མྱ་ངན་འདས་པའང་མེད། ཡོད་པ་མ་གྲུབ་པས་ན་མེད་པའང་མེད། གཉིས་ག་མིན་པས་གཉིས་ག་མིན་པའང་མིན། ཅེས་གསུངས་ཤིང་། དཔལ་འདུས་པ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུངས་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱིས་རང་བཞིན་ནོ། །ཞེས་པ་དང་། དབུ་མ་རིན་ཆེན་འཕྲེང་བ་ལས། །སྐྱེ་བ་རྒྱུ་དང་བཅས་མཐོང་ན། །ཅི་ཡི་ཕྱིར་ན་མེད་པར་བརྗོད། །རྒྱུ་དང་བཅས་པའང་འགག་མཐོང་ན། །ཅི་ཡི་ཕྱིར་ན་ཡོད་པར་བརྗོད། །ཅེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཡོད་དང་མེད་པ་འདི་དག་མཐའ་ཡིན་ལ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ལྟར་མཐའ་བཞི་རྣམ་པར་སྤངས་པ་ཡིས། །མཁས་པ་དབུས་ལའང་གནས་པར་མི་བྱའོ། །ཞེས་གསུངས་ཤིང་། ལངྐར་གཤེགས་པ་ལས་ཀྱང་། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས། ཤཱ་རིའི་བུས་སྨྲས་པ། འཕགས་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་རྣམས་སྐྱེས་བའམ། འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ་ཁོ་བོ་ནི་མ་སྐྱེས་པ་ཡང་སྐྱེ་བར་མི་འདོད། སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ། །ཞེས་གསུངས་སོ། །དེང་སང་དགེ་བའི་བཤེས་བསྙེན་འགའ་ཞིག་ལྟ་བའི་གནས་ལུགས་ཅི་ཡང་མེད་པ་ལ་བཞེད་པ་ནི་འཕགས་པ་ཀླུ་བསྒྲུབ་ཀྱིས་བཀག་སྟེ། རྩོད་བཟློག་ལས། འདིར་ནི་ཡོད་ཉིད་འགོག་འདོད་ཀྱིས། །མེད་ཉིད་བསྒྲུབ་པ་མ་ཡིན་ནོ། །ཞེས་དང་། དབུ་མ་རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བར་རྟག་པར་འཛིན། །མེད་ཅེས་བྱ་བར་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་སོ། །དེ་ལ་ཅང་མེད་དུ་འདོད་པ་ནི་མུ་སྟེགས་རྒྱང་འཕེན་པའི་ཆད་བལྟ་དང་མཚུངས་པས་ངན་འགྲོར་འགྲོ་བར་གསུངས་སོ། །སློབ་དཔོན་འཕགས་པས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་དང་། གང་ལ་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་མི་རུང་པར་གསུངས། །ཞེས་པ་དང་། འཕགས་པ་དཀོན་མཆོག་རྩེགས་པ་ལས། འོད་བསྲུངས་གང་ཟག་ཏུ་བལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཅི་མེད་པར་གསུངས་པ་རྣམས་ཀྱི་དགོངས་དོན་གང་ཞེ་ན། དེ་ནི་གང་ཟག་བདག་ཏུ་ལྟ་བ་རྣམས་ཀྱིས་དངོས་པོར་འཛིན་པ་བཟློག་པའི་སླད་དུ་གསུངས་པ་ཡིན་ལ། རི་བོང་གིས་རྭ་ལྟར་ཅང་མེད་དུ་འདོད་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང་། །བདག་ཏུ་བལྟ་བ་ཚོལ་རྣམས་ཀྱིས། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །ཞེས་དང་། འཇམ་པའི་དབྱངས་ཀྱིས། ཐུབ་པས་སྟོང་ཉིད་སྔགས་པ་ནི། དངོས་པོར་འཛིན་པ་བཟློག་ཕྱིར་ཡིན། །སེང་གེ་གངས་ལ་མི་སྐྲགས་ཏེ། །མེ་ཆེར་མཐོང་ན་སྐྲག་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་། །ཆོས་གཞན་དག་ལ་མི་སྐྲག་སྟེ། །སྟོང་པ་ཉིད་ལ་སྐྲག་ཅེས་གསུངས། །ཞེས་སོ། །དེ་ལྟར་སྟོང་པ་ཉིད་ཁང་སྟོང་མིས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པ་ཉིད་དང་། ཅི་ཡང་མེད་པ་ཆད་ལྟའི་སྟོང་པ་ཉིད་དང་། དངོས་མེད་ཙམ་གྱིས་སྟོང་པ་ཉིད་དང་། བེམ་པོའི་སྟོང་པ་ཉིད་དང་། རྒྱས་འདེབས་ཀྱིས་སྟོང་པ་ཉིད་ལ་སོགས་པའི་ཡང་དག་པའི་ལམ་མ་ཡིན་ཏེ། འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་ཤ་རིའི་བུས་སྨྲས་པ། འཕགས་པ་རབ་འབྱོར་ཅི་སེམས་མེད་པ་ཉིད་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ། སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་དང་། རྒྱུ་འཕྲུལ་དྲྭ་བ་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། ཅེས་སོགས་ཀྱིས་གསལ་བ་ཡིན་ནོ། །ཡང་ཁ་གཅིག་རྒྱལ་སྲས་འབྲོམ་གྱིས། ཁོ་བོའི་དབུ་མའི་ལྟ་བ་ཅི་ཡང་མ་ཡིན་པ་བྱ་བ་ཡིན་ཞེས་གསུངས་པ་དེ་མེད་དགག་ཡིན་ཏེ། ཚད་མ་རྣམ་ངེས་སུ་ཆོས་ཀྱིས་གྲགས་པས། མེད་པར་དགག་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ་གསུངས་པ་དག་འདོད་དེ། ཡང་དག་པའི་དོན་རྟོག་གེའི་ཡུལ་ལས་འདས་པ་དེའི་དོན་ཅུང་ཟད་མ་དགོངས་པ་འདྲའོ། །མདོར་ན་སེམས་ཡོད་མེད་ཡིན་མིན་གང་དུ་ཡང་མ་གྲུབ་པས། ངོས་བཟུངས་དང་ཁས་ལེན་དང་དམ་བཅའ་བ་མེད་པ་གང་དུ་ཡང་མི་འཛིན་པ་དེ་འདིའི་བལྟ་བ་ཡིན་ཏེ། དྲི་མེད་འོད་ལས། ཡོད་མེད་མེད་མིན་ཡོད་མེད་མིན། གཉིས་ཁའི་བདག་ཉིད་མིན་པའང་མིན། མཐའ་བཞི་ལས་ནི་རྣམ་གྲོལ་བ། དེ་ཉིད་དབུ་མ་པ་ཡིས་རིགས། ཞེས་པ་དང་། སློབ་དཔོན་འཕགས་པས། གལ་ཏེ་དངོས་གང་དམ་བཅའ་ཡོད། དེ་ན་ང་ལ་སྐྱོན་དེ་ཡོད། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་གསུངས་སོ། །འོ་ན་ཆོས་མངོན་པ་ལས། ཁས་མི་ལེན་པའི་བལྟ་བ་དང་། ངན་གཡོའི་ལྟ་བ་དང་། ཞེས་བཤད་པས་མི་འཐད་དོ་སྙམ་ན། འདིར་གང་དུ་ཡང་ཁས་ལེན་རྒྱུ་མེད་པས་ཏེ། བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་འདི་ཀུན་རྫོབ་ཡིན་ཕྱིར་རོ། །ཞེས་དང་། དེ་ནི་ཐེག་པ་གསུམ་པོ་རང་རང་གི་སྒོར་བཞུགས་ནས་དེ་དང་དེའི་ལྟ་བ་ཁས་མི་ལེན་པ་རྣམ་དག་གོ། །རྫོགས་ཆེན་ལས། ཆོས་ཉིད་སྤྱིའི་ངོ་བོར་ཡང་མ་གྲུབ་པ་དེ་ཉིད། སེམས་ཅན་ཤེས་རབ་ཆུང་པས་མེད་པར་གོ །ཞེས་གསུངས་ལ། སློབ་དཔོན་ཞི་བའི་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡིས་མདུན་ན་མི་གནས་པས། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་དག་གིས་ནི་ཐེག་པ་ཆེན་པོའི་མདོ་བརྒྱུད་མན་ངག་རྣམས་ཀྱི་ལྟ་བའི་དགོངས་དོན་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །སྤྱི་དོན་གཉིས་པ་བསྒོམ་པའི་ཚུལ་བཤད་པ་ནི། གོང་དུ་བ སྟན་པའི་ལྟ་བའི་གནས་ལུགས་དེ་ཉིད་རྟོགས་ནས་མངོན་དུ་འགྱུར་བར་བྱ་བའི་ཐབས་ཡིན་ཏེ། ཇོ་བོ་ཆེན་པོ་རྗེས། སྟོང་ཉིད་རྟོག་པས་གྲོལ་འགྱུར་གྱིས། བསྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་སོ། །དེ་ལ་གང་ཟག་དབང་པོ་འབྲིང་མན་ཆད་ཀྱིས་ཐོགས་མར་ཞི་གནས་ལ་བསླབ་སྟེ། སམྤུཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཅེས་པ་དང་། ཇོ་བོ་ཆེན་པོ་རྗེས། ཐ་མལ་རྣམ་རྟོག་མ་རྟོགས་པ། སྲིད་དག་སྡུག་བསྔལ་གཞན་མེད་པ། དེ་ལྟར་འདི་ནི་མངོན་དགག་འདི། ཞེས་དང་། བྲམ་ཟེ་ཆེན་པོས། མིག་མི་འཛུམ་པར་ལྟ་དང་མི་བསལ་དང་། །རླུང་འགོག་པ་ནི་བླ་མ་དམ་པའི་ལུང་། །ཞེས་དང་། སློབ་དཔོན་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་སྤོངས་བ་ཤེས་བྱས་ནས། །ཐོག་མར་ཞི་གནས་རྩལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་གཞོལ། །ཞེས་པས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངས་ཇི་སྲིད་མཉམ་པར་བཞག་རིན་ལ་རྣམ་པར་རྟོག་པ་ཞི་བ་ཅིག་བྱའོ་སྙམ་དུ་དམ་བཅའ། རྣམ་རྟོག་གང་ཤར་གྱིས་རྗེས་སུ་མ་འབྲང་པར་སེམས་བློད་ནས་མ་ཡེངས་པར་བཞག་པས་རེ་ཞིག་ནས་ཞི་གནས་ཀྱིས་ཉམས་སྐྱེ་བོ། ཚུལ་འདི་ལ་ཕྱག་ཆེན་པས། དང་པོ་རྟོག་པ་བཀག་ནས་བསྒོམ། ཞེས་གསུངས། དེ་ནས་ལྷག་མཐོང་ལ་བསླབས་པར་བྱ་སྟེ། དེ་ལ་ལྷག་མཐོང་ཞེས་བྱ་བ་ནི་རྟོགས་པ་མི་དགེགས་པར་གང་ཤར་བ་དེ་ངོ་ཤེས་ཙམ་གྱི་ངང་ལ་འཇོག་པ་ཡིན་ལ། འདི་ལས་ལྷག་པའི་བསྒོམ་ཞིག་ལོགས་སུ་མེད་དོ། །དེ་ལ་མདོ་དགོངས་པ་ངེས་འགྲེལ་ལས། གསོལ་པ། བཅོམ་ལྡན་འདས་དུ་ཞིག་གི་ཞི་གནས་ཀྱིས་དམིགས་པ་ལགས། བཀའ་བསྩལ་པ། གཅིག་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །གསོལ་པ། བཅོམ་ལྡན་འདས་དུ་ཞིག་གིས་ལྷག་མཐོང་གི་དམིགས་པ་ལགས། བཀའ་བསྩལ་པ། གཅིག་སྟེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །ཞེས་གསུངས་སོ། །འདི་ལྟར་རྣམ་པར་རྟོག་པ་གང་ཤར་བ་དེ་རང་ལ་ཆེ་རེ་བལྟས་པས་རང་གྲོལ་དུ་སྟོང་ཕྱམ་གྱི་འགྲོ་ལ། བལྟ་ནས་བལྟ་བརྒྱུ་མེད་ཀྱིས་དེ་ངོ་ཤེས་ཙམ་བྱས་ནས་འཇོག་པ་ཡིན་དེས་དཔེ་རྐུན་མ་ངོ་ཤེས་ན་མ་སྐྲད་པར་རང་ལོག་འགྲོ་བ་ལྟར་རོ། །ཡང་སྟོང་ཕྱམ་པ་དང་། བདེ་བ་དང་། གསལ་བ་དང་། རྟོག་མེད་ལ་སོགས་པ་ཡོང་དུ་རེ་བའང་མི་བྱ་སྟེ་གང་བྱུང་གིས་ཐོག་ཏུ་བཞག །བྱུང་ནའང་དེ་ཁ་ངོ་ཤེས་ཙམ་དུ་སློད་ནས་འཇོག་པ་ཡིན་གྱིས། བསྒོམ་དུ་ཅི་ཡང་མེད་ལ། བསྒོམ་དུ་མེད་པའི་ངང་ལ་མ་ཡེངས་ཙམ་དུ་འཇོག་པ་འདི་ལ་དྲན་པའམ། ཤེས་བཞིན་ཞེས་བྱ་སྟེ་རྒྱུན་དུ་མ་བྲལ་བར་བྱའོ། །དེ་ལྟར་ཡང་སློབ་དཔོན་ཤྲི་སིང་ཧས། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། མི་བསྒོམ་དོན་དང་མི་འབྲལ་བ། ཞེས་བཤད་དོ། །དེ་ལྟར་རྣམ་རྟོག་གང་ཤར་ལ་བཟོ་བཅོས་མ་བྱས་པར་བཞག་པས་ན་རང་ཐོག་ཏུ་གྲོལ། གྲོལ་ཐོག་ནས་ཤར། དེ་གཉིས་དབྱེར་མི་ཕྱེད་པ་ནི་ཤར་གྲོལ་དུས་མཉམ་ཤེས་བྱ་སྟེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགག་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་དང་། མཁས་གྲུབ་བློ་གྲོས་རབས་ཡངས་གྱིས། །སེམས་ལ་སེམས་ཀྱིས་ཚུར་ལྟས་པས། །སྐྱེ་འགག་གནས་གསུམ་སྤྲོས་དང་བྲལ། །ཁ་དོག་དབྱིབས་འདས་མཚན་མས་སྟོང་། །ངོས་གཟུངས་ཀུན་དང་བྲལ་བ་ཡིས། །སྟོང་པ་ཉིད་དུ་ཐག་ཆོད་ལ། །འཛིན་མེད་ངང་ལ་ཡེངས་མེད་ཞོག །བཞག་ཚེ་གནས་ན་གནས་མཁན་བལྟོས། །འགྱུ་བ་ཤར་ན་འགྱུ་མཁན་བལྟོས། །བལྟས་ཚེ་ངོས་བཟུང་མེད་པས་ན། །གནས་འགྱུ་ཐམས་ཅད་སྟོང་པར་གཅིག །སྟོང་པའི་ངང་ནས་གནས་འགྱུ་འཆར། །འཆར་བྱ་འཆར་བྱེད་གཉིས་མེད་ཤེས། །དེ་ལ་ཤར་གྲོལ་དུས་མཉམ་ཟེར། །དེ་ལ་རང་ཤར་རང་གྲོལ་ཟེར། །དེ་ལ་ཡེ་དག་ཡེ་གྲོལ་ཟེར། །དེ་ལ་ཆོས་སྐུའི་ཡོ་ལང་ཟེར། །དེ་ལ་ཡེང་མེད་རྒྱུན་དུ་ཞོག །ཅེས་གསུངས་སོ། །འོ་ན་ཚོགས་དྲུག་གི་ཡུལ་དུ་སྣང་བ་འདི་དག་ལམ་དུ་ཇི་ལྟར་མཁྱེར་ཞེས་ན། མིག་གི་ཡུལ་དུ་གཟུགས་སུ་སྣང་བ་ཕྱི་རོལ་གྱི་ས་བརྡོ་རི་བྲག་རྩི་ཤིང་ནགས་ཚལ་ཁང་ཁྱིམ་ལ་སོགས་པ་དང་། མི་དང་དུད་འགྲོ་ལ་སོགས་པ་ནང་བཅུད་ཀྱིས་སེམས་ཅན་དང། དཀར་དམར་མཐིང་ག་ལ་སོགས་པའི་ཁ་དོག་དང་། དགྲ་དང་གཉེན་ལ་སོགས་པ་མདོར་ན་མིག་གི་གང་མཐོང་བའི་རྟོག་པ། རྡོ་རྗེ་གུར་ལས། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྐྱེས་པའི་དངོས། །རིན་ཆེན་སེམས་འདི་བརྗོད་ཉིད་དེ། །ཆོས་དབྱིངས་མཆོག་ཏུ་ཞི་བའོ། །གཟུགས་དང་ཚོར་བ་འདུ་ཤེས་དངོས། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །ཐམས་ཅད་སེམས་འདིའི་ངོ་བོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཡིད་བཞིན་ནོར་བུ་ཆེན་པོ་ནི། །འདོད་དོན་འབྲས་བུས་རྩོལ་བ་བཞིན། །དབེན་ཞིང་དགའ་བའི་སེམས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་འབྲས་རབ་སྟེར། །ཅེས་སོ། །འདི་ནི་མཛེས་པའོ། །འདི་ནི་མི་མཛེས་པའོ། །སའོ། །རྡོའོ། །དགྲའོ། །གཉེན་ནོ། །སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཤར་བ་དེ་རང་གི་ཐོག་ཏུ་ལྷོད་དེ་བསློད་པས་རང་གྲོལ་ཏུ་འགྲོ་སྟེ། རྒྱལ་པོ་འཆར་བྱེད་ཀྱིས་མདོ་ལས། དངོས་འདི་སྤངས་ནས་སྟོང་ཉིད་མི་རྩམ་གྱིས། སྣང་པ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། ཞེས་པ་དང་། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡིས། ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། ། སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག །ཅེས་པ་སྟེ། གཟུགས་སྣང་སྟོང་དབྱེར་མེད་དུ་གྲོལ་བའོ། །དེ་བཞིན་སྣ་བའི་ཡུལ་དུ་ཆུ་སྒྲ་དང་རླུང་ལ་སོགས་པ་འབྱུང་པའི་སྒྲ་དང་། རོལ་མོའི་སྒྲ་དང་། གླུ་དང་། རྒོད་པ་དང་། ངུ་བ་དང་། སྙན་པ་དང་མི་སྙན་པ་ལ་སོགས་པའི་གཏམ་སོགས་གང་ཐོས་པ་དེ་ཉིད་ལ་བཟོ་མེད་དུ་བཞག་པས་སྒྲ་གྲགས་སྟོང་དུ་གྲོལ་བ་སྟེ། ཨོ་རྒྱན་ཆེན་པོས། འདི་ལྟར་སྣང་བའི་ཡུལ་དུ་གྲགས་པ་ཡིས། །སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན། །གྲགས་སྟོང་བསམ་སྣོ་བྲལ་བའི་ངང་ལ་ཞོག །ཅེས་སོ། །དེ་བཞིན་དུ་སྣའི་ཡུལ་དུ་སྤོས་ལ་སོགས་པའི་ཞིམ་པའི་དྲི་དང་། གཤང་ལྕི་ལ་སོགས་པ་སྨྲེ་བའི་དྲི་སོགས་གང་ཚོར་ཡང་འཛིན་མེད་དུ་དེ་ཁའི་ཐོག་ཏུ་བཞག་པས་དྲི་ཚོར་སྟོང་དུ་གྲོལ་བའོ། །ལྕེའི་ཡུལ་དུ་ཁ་ཟས་རོ་དྲུག་གི་རྣམ་པ་གང་མྱངས་ཡང་དེ་ལ་འཛིན་མེད་དུ་ངང་ལ་བཞག་པས་རོ་མྱོང་སྟོང་དུ་གྲོལ་བའོ། །ལུས་ཀྱིས་ཡུལ་དུ་དར་ཟབ་ལ་སོགས་པ་རེག་བྱ་འཇམ་པ་དང་། རེ་བ་དང་ཚེར་མ་ལ་སོགས་པ་རྩུབ་པ་དང་། གྲང་བ་དང་དྲོ་བ་ལ་སོགས་པ་གང་བྱུང་ཀྱང་། དེ་ཀ་ལ་གཟོ་མེད་དུ་བཞག་པས་རེག་སྟོང་དུ་གྲོལ་བའོ། །ཡིད་ཀྱིས་ཡུལ་དུ་བསྐྱིད་སྡུག་ལེགས་ཉེས་བྱ་བ་ཆེ་ཆུང་གི་རྟོག་པ་གང་ཤར་་བ་དེ་ཀའི་ངོ་བོ་ལ་བཅོས་བསླད་མེད་པར་བཞག་པས་རྣམ་པར་རྟོག་པ་རང་གྲོལ་བ་སྟེ། ཨོ་རྒྱན་ཆེན་པོས། འདི་ལྟར་ཡིད་ཀྱིས་ཡུལ་དུ་འགྱུ་བ་ཡིས། ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། སྔོན་བསུ་རྗེས་སྤྱོད་བློ་ཡིས་བཅོས་མི་བཞུགས། འགྱུ་བ་རང་སར་དག་པས་ཆོས་སྐུར་གྲོལ། ཞེས་གསུངས་ཏེ། དམ་པ་པོ་དང་བསྒོམ་སྨོན་གྱིས་ལོ་རྒྱུས་ལྟ་བུའོ། །དེ་ལྟར་གང་ཤར་གྱི་ཐོག་ཏུ་གཟོ་བཅོས་མི་བྱ་བར་རང་གི་ངོ་བོ་ལ་ལྟས་ནས་འཇོག་པ་ཡིན་གྱིས། རྡོ་རྗེ་ཕྲེང་བ་ལས། དབང་པོ་རྣམས་ནི་ཡུལ་རྣམས་ལ། །འཇུག་ཅིང་རྟག་ཏུ་གང་གནས་པ། །བདག་མེད་ཆོས་ལ་ཡང་དག་གནས། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པ་དང་། སམྦུ་ཊི་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང་། སྒྲ་ནི་རྒྱས་པར་ཉན་པ་དང་། སྣ་ཚོགས་རོ་ནི་ཟ་བ་དང་། སྨྲ་བ་དང་ནི་རྒོད་པ་དང་། །ལས་དེ་རྣམས་ནི་བྱེད་པ་ན། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་སོ། །འདི་ནི་དབང་པོ་རྒྱ་ཡན་གྱིས། །གདམ་ངག་བྱ་བ་དཔེར་ན་སྐྱེས་བུ་ཐ་མལ་བ་དང་འདྲ་སྟེ། ལམ་པའི་རྣལ་འབྱོར་པ་དང་གཉིས་ངོ་ཤེས་མ་ཤེས་ཀྱི་ཁྱད་ལས་མེད་པས། རྗེ་བཙུན་ཆེན་པོས། དབང་པོ་རྒྱ་ཡན་གྱི་གདམས་ངག་དང་སྒོ་གསུམ་ཐ་མལ་དུ་ཤོར་བ་གཉིས། འདྲ་ནི་འདྲ་སྟེ་ནོར་པ་ཡོད། །ཅེས་གསུངས་ཤིང་། བསམ་པ་རྣམ་པར་དག་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། དགེ་སློང་རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན་གྱིས་ཉམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་ཐབ་ཀྱི་མེ་བསད་ན་དཀར་ཁུང་གི་དུ་བ་ཆད་པ་ལྟར། སེམས་སྟོང་པར་ཤེས་བཞིན་རིག་པས་གཟུགས་སྣང་སྟོང་སྒྲ་གྲགས་སྟོང་དྲི་ཚོར་སྟོང་རོ་མྱོང་སྟོང་རེག་བྱ་རེག་སྟོང་གིས་ཉམས་འབྱུང་སྟེ། ནམ་མཁའ་མ་སྒྲིབས་ན་གསལ། ཆུ་མ་མྱོགས་ན་དངས་སོ། སེམས་མ་བཅོས་ན་བདེའོ། །སེམས་ངོ་ཤེས་པའི་དགེ་སློང་གང་། ཇི་ལྟར་སྤྱད་ཀྱང་བསྒོམ་པའི་ངང་། སྙུག་མའི་དོན་ལ་གནས་པ་ཡིན། །ཅེས་པ་དང་། རྫོགས་པ་ཆེན་པོ་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་ཞེན་རྟོགས་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་དང་། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་རྟོག་པ་གང་ཤར་རང་བབས་སུ་བཞག་པ་དེ་རྣམ་རྟོག་ལྟར་སྣང་མོད་ཀྱང་སྟོང་ཉིད་འབའ་ཞིག་ཡིན་ཏེ། རྟོག་པའི་གནད་ཚང་རིག་པའི་རྒྱུ་མཚན་གྱིས། རྣམ་རྟོག་ལྟར་སྣང་དེས་འཆིང་ནུས་པ་མ་ཡིན་ཏེ། གུང་ཐང་པ་ལྷ་དབང་བློ་གྲོས། ཇི་ལྟར་ཐག་པ་མེས་ཚིག་ཐལ་བ་དེ། །ཐག་པའི་གཟུགས་སུ་གནང་ཡང་འཆིང་མི་ནུས། །དེ་བཞིན་གཞི་རྩ་སྤྱད་པའི་སེམས་ཉིད་འདི། །ཉོན་མོངས་དུག་ལྔར་ཤར་ཡང་འཆིང་མི་ནུས། །ཞེས་སོ། །དེ་བས་ན་མ་རིག་པའི་སྐྱེ་བོ་རྣམས་ནི་རྣམ་པར་རྟོག་པས་འཆིང་མོད་ཀྱིས། རྣམ་རྟོག་གིས་རང་བཞིན་རིག་པ་དག་ནི་རྣམ་རྟོག་དེས་ཀས་གྲོལ་བས་ན། བདེ་མཆོག་ཉུང་ངུའི་རྒྱུད་ལས། གང་གིས་བློན་པོ་འཆིང་འགྱུར་བ། །དེས་ནི་མཁས་པ་ཡོངས་སུ་གྲོལ། །ཞེས་པ་སྟེ། ཆུ་ལས་རྦ་རླབས་འཁྲུག་ཀྱང་། རྦ་བརླབས་དེ་ཀ་ཆུ་ཡིན་པ་ལྟར་སེམས་ལས་སྣ་ཚོགས་སུ་ཤར་ཡང་། ཤར་བ་དེ་ཀ་སེམས་ཡིན་པས་དེའི་རང་བཞིན་ཤེས་པ་དེ་ཁོ་ནས་ཆོག་སྟེ། དམ་པ་ཀུན་དགས། ངོ་བོ་སྟོང་སྟེ་ཡུལ་དུ་བཟུང་བས་འཁྲུལ། །བྱེད་མཁན་མཚན་ཉིད་བལྟོས་གཅིག་དིང་རི་བ། །ཞེས་པ་དང་། རྗེ་བཙུན་མི་ཊ་ཛོ་གིས། རྣམ་རྟོག་སྟོང་པ་མིན་ན་རྟོག་མེད་སྒོམ་དགོས་པ་ལ། རྣམ་རྟོག་ཁོ་རང་སྟོང་པར་འདུག་པས་རྟོག་མེད་གུད་ནས་རྩལ་མི་དགོས། ཐག་ཉེ་བ་བཞག་ནས་རིང་བ་བསྐོར་ནས་ཅི་བྱ། ཞེས་དང་། སྣང་མཁན་ངོས་ཟིན་ན་སྣང་པ་སྐྱོན་མིན་ཏེ། སླར་སྣང་པ་དེ་ཉིད་ཡེ་ཤེས་ཀྱིས་རོལ་པར་འཆར་བས་སྣང་བ་ལ་སྟོང་པས་རྒྱས་ཐེབས་པ་ཡིན། ཅེས་གསུངས་པས། རྣམ་རྟོག་དང་སྣང་བ་སེམས་གསུམ་དབྱེར་མེད་པའི་སྟོང་པ་ཡིན་པ་ལ། ཡིན་ཐོག་དེ་རང་དུ་བཞག་པས་ཆོག་པ་ཉམས་ལེན་ཤིན་ཏུ་བསླ་བ་ལགས། འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཉིད་ངལ་གསོ་ལས། གང་སྐྱེས་སྙུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་དུ་དག །རྣལ་འབྱོར་དབང་ཕྱུག་ཉིད་དུ་དག །ཅེས་དང་། བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིས་བདག་མ་བཅིང་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་གར་ནི། །ཀྱེ་ཧོ་དུབ་པ་ངལ་གསོས་ཤིག །ཅེས་གསུངས་སོ། །འདིར་ཁ་གཅིག་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཐམས་ཅད་སྟོང་པ་ཉིད་དུ་བློས་བཅོས་ནས་བསྒོམ་པའི་ལུགས་ཡོད་པར་གྲགས་ལ། དེ་ཇོ་བོའི་ལུགས་ཡིན་ཟེར། ཇོ་བོའི་གསུང་རབས་རྣམས་སུ་ནི་དེ་ལྟར་མི་སྣང་ལ། ཇོ་བོས་གསེར་གླིང་རྒྱལ་པོ་བླ་མ་སྐྱོངས་ལ་གནང་བའི་མན་ངག་ལས། ཇི་སྲིད་དུ་མཚན་མའི་རྣམ་པར་རྟོག་པའི་དགྲ་མ་ལངས་ཀྱིས་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གསུངས་པ་ནི་ཞི་གནས་ཀྱི་སྐབས་ཡིན་ལ། ལྷག་མཐོང་ནི། དེ་ཉིད་ལས། བར་སྐབས་དེར་ཅི་ལ་ཡང་མི་རྟོག །ཅིར་ཡང་མི་འཛིན་ཞེས་སོགས་གསུངས་པས། ལུགས་དེ་ལྟ་བུར་སྟོང་པར་བསྒོམ་པ་མ་གསུངས་ཞིང་། མེད་པར་བསྒོམ་པ་ནི་བཅོས་མ་རྣམ་རྟོག་རང་རྒྱུད་པ་ཡིན་ཏེ། ཡེ་ཤེས་གསང་བ་ལས། ཐོགས་མ་མེད་ནས་ད་ལྟའི་བར། །འཁོར་བར་འཁྱམས་པ་གང་ཡིན་པ། །གཤིས་ལས་འཁྲུལ་ནས་བཅོས་པས་ལན། །ཅེས་གསུངས་ཤིང་། སེམས་ཀྱི་རང་བཞིན་ནམ་གནས་ལུགས་འགག་མེད་དུ་གནས་པ་ཡིན་པས། རྣམ་པར་རྟོག་པ་དཀག་པས་མིི་ཁེགས་ཏེ་གར་ཡང་འཆར། འགོག་པ་ལ་སྙོམས་པར་ཞུགས་པ་དག་དང་། བསམ་གཏན་བཞི་པའི་ལྷ་ལ་སོགས་པ་དག་ཀྱང་ཏིང་ངེ་འཛིན་དེ་ལས་སད་པ་ན་སླར་འཁོར་བར་ལྟུང་། རྗེ་དྭགས་པོ་རིན་པོ་ཆེས་ཀྱང་། བསྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་གཅིག་འདོད། །རྣམ་རྟོག་ནི་བཀག་པས་མི་ཁེགས། །བསྒོམ་ཆེན་པ་འོ་རྒྱལ་ཏེ་འཆི། །ཞེས་གསུངས་ཤིང་། རྣམ་རྟོག་བཀག་པས་སྟོང་པ་བསྒོམ་པ་འདི་ནི་རྡོ་རྗེ་འཆང་གིས་བཀག་སྟེ། །སམྦུ་ཊི་ལས། སྟོང་པ་སྒོམ་པར་མི་བྱ་ཞིང་། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤང་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་ནི་ཡང་དག་སྤངས། །ཞེས་གསུངས་ལ། ཕྱི་རོལ་གྱི་དངོས་པོ་དང་། ནང་གི་འཛིན་པ་གང་ཡིན་པ་དག་ཀྱང་གདོད་མ་ནས་སྟོང་ཞིང་བདག་མེད་པ་ཡིན་པ་ལ་སྟོང་པའོ་སྙམ་དུ་བསྒོམ་མི་དགོས་ཏེ། རང་གིས་རང་ལ་ང་ཡིན་སྙམ་དུ་བསྒོམ་མི་དགོས་པ་བཞིན་ནོ། །དེ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ནས་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་གནས་པ་དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རིགས་རྩལ་ལས་གཞན་པའི་སྤངས་བླངས་གང་ཡང་མེད་དེ། འཕགས་པ་དཀོན་མཆོག་རྩེགས་པ་ལས། འོད་བསྲུང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན། དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་ཡང་དག་པར་རྟོགས་ཞེས་བྱའོ། །ཞེས་སོ། །དེས་ནི་རྟོགས་མེད་ཀྱི་དོན་མཐོང་བ་མེད་པའི་ཚུལ་གྱི་མཐོང་བར་འགྱུར་ཏེ། ཇོ་བོ་ཆེན་པོ་རྗེས། རྟོག་མེད་ཚུལ་གྱིས་མཐོང་བས་ན། སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། མ་མཐོང་བ་ཉིད་དེ་མཐོང་བར། ཤིན་ཏུ་ཟབ་པའི་མདོ་ལས་གསུངས། ཞེས་གསུངས་སོ། །དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་མ་བཅོས་པར་རང་བབས་སུ་བཞག་པ་འདི་ཁོ་ན་ལས་གཞན་དུ་མེད་དེ། འཕགས་པ་བརྒྱད་སྟོང་པ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སུའི་ཀྱང་བསྒོམ་ཀྱང་བསྒོམ་པར་བགྱི་བ་མ་ལགས། སུ་ཡང་མི་བསྒོམ། སུ་ཡང་བསྒོམ་པར་མི་འགྱུར། གང་ལ་ཡང་བསྒོམ་པར་བགྱི་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པའོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཆོས་ཐམས་ཅད་མི་བསྒོམ་པ་ལགས་སོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་མ་ཆགས་པ་བསྒོམ་པ་ལགས་སོ། །ཞེས་པ་དང་། སམྦུ་ཊི་ལས། བསྒོམ་མེད་བསྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་བསྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ཡི་དེ་ཉིད་བསྒོམ་པར་བརྗོད། །ཅེས་དང་། རྡོ་རྗེ་སྙིང་འབྲེལ་ལས། གང་དུ་ཡིད་ཀྱི་མ་བསྒོམ་ན། །འགྲོ་བ་ཐམས་ཅད་བསྒོམ་འགྱུར་ཏེ། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་སོ། །འོ་ན་དྲན་པ་རྟེན་པ་དེ་ཀ་བསྒོམས་ཡིན་ནོ་ཅེ་ན། དྲན་པ་ཞེས་པ་གང་ཤར་ལ་མ་བཅོས་པར་བཞག་པ་ཡིན་ལ། དེ་ལ་བསྒོམ་མི་བསྒོམ་གཉིས་ཀའི་ཐ་སྙད་མེད་དོ། །པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་ཀྱང་། མི་རྟག་སྟོང་པ་སོགས་སུ་ཞེན་ནའང་མཚན་འཛིན་གཞི་ཤེས་བྱ་སྟེ་བྱང་སེམས་ཀྱི་སྤངས་བྱར་གསུངས། ཞེས་པས། གང་དུ་ཡང་འཛིན་པ་མེད་པར་བཞག་པ་ནི་གནད་ཀྱི་དམ་པའོ། །ཡང་ཁ་གཅིག །སངས་རྒྱས་ཀྱིས་དགོངས་པ་ནི་སེམས་ཅན་གྱིས་བློའི་ཡུལ་ལས་འདས་པས་ད་ལྟ་སོ་སོ་སྐྱེ་བོས་བསྒོམ་པར་མི་ནུས་སོ་ཞེས་ཟེར། དེ་ལྟར་ན་ཏིང་ངེ་འཛིན་བསྒོམ་པ་ཐམས་ཅད་དོན་མེད་དུ་འགྱུར་ཞིང་། གཡག་སྡེ་པཎ་ཆེན་གྱིས་ཀྱང་། དོན་དམ་བློའི་སྤྱོད་ཡུལ་མིན་ཅེས་པ། རྟོག་པ་ལ་བློར་བཞེད་པ་ཡིན། རིག་ཙམ་ལ་བློར་བྱས་ན་དོན་དམ་དེའི་སྤྱོད་ཡུལ་མ་ཡིན་པར་བྱས་ན་ཆོས་ཉིད་རྟོག་བྱ་མ་ཡིན་པ་དང་། རྟོག་མི་སྲིད་པའི་སྐྱོན་ཡོད། ཅེས་གསུངས་ལ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། ཡང་དག་བདེན་པ་དེ་བཞིན་ཉིད། མ་ནོར་མ་བཅོས་མ་རྩལ་བ། མ་སྐྱེས་མ་འགག་མི་དམིགས་པ། སྙིང་པོ་བྱང་ཆུབ་སེམས་ཀྱི་ངང་། །འཁོར་བའི་སྐྱོན་གྱིས་མ་གོས་ཤིང་། །ཡོན་ཏན་གྱིས་ཀྱང་མ་རེག་པ། །རྣལ་མ་རང་བྱུང་མཚན་ཉིད་བྲལ། །བརྗོད་མེད་བསམ་འདས་ཆོས་ཀྱིས་སྐུ། །བྱང་ཆུབ་ཆེན་པོ་དེ་ཉིད་དེ། །བསྒྲུབ་ཏུ་མེད་དེ་མཐོང་དུ་མེད། །རྩལ་དུ་མེད་དེ་རྟོག་ཏུ་ཡོད། །གྲུབ་ཏུ་མེད་དེ་སྣང་དུ་ཡོད། །གནས་ལུགས་དོན་གྱིས་རྟ་མགྲིན་ཡིན། །ཅེས་གསུངས་ཤིང་། ལུང་གི་ཡིད་ཆེས་བསྐྱེད་པའི་རིམ་པ་གཞན་ཡང་། མཚན་མོ་བཟང་པོའི་མདོ་ལས། འདས་ལ་རྗེས་སུ་འགྲོ་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །ད་ལྟར་བྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་ལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུལ་པ། །དེ་ལྟར་མཁས་པས་སྤེལ་བར་བྱ། །ཤེས་དང་། ཡང་། དེ་ལྟར་སྐྱེས་པའི་རྒྱུན་རྣམས་ནི། །མཁས་པས་ཡོངས་སུ་བསྐྱངས་པར་བྱེད། །ཅེས་པ་དང་། དེ་ཉིད་རབ་ཏུ་མི་གནས་པས། རྒྱུད་ལས། ངོ་མཚར་རྡོ་རྗེ་སངས་རྒྱས་མཆོག །སེམས་ནི་སྐྱེ་མེད་དེ་ཤེས་ནས། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་གར་བཞག་ན་བདེ་བ་ཆེ། །ཞེས་པ་དང་། ཡང་། ཐ་མལ་ཤེས་པ་རང་བཞིན་འབྲས་བུ་མཆོག །མ་བཅོས་བཞག་ན་སྐུ་གསུམ་འབྲས་བུ་ཐོབ། །རང་གར་བསློད་ན་མཐར་ཕྱིན་ཡེ་ཤེས་ཡིན། །སེམས་ཉིད་མ་བཅོས་རྡོ་རྗེ་ཀུན་གྱི་ངང་། །རྣམ་མར་བཞག་པའི་དོན་དེ་མཚོན་དུ་མེད། །འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱིས་ཡུམ། །ཞེས་པ་དང་། དཔལ་ཤ་བ་རིས། མ་བཅོས་མ་བཅོས་བློ་མ་བཅོས། །བློ་ཡི་བཅོས་པའི་ཆོས་རྣམས་ནི། །རི་བས་ལྕི་ཞིང་མཚོ་བས་ཟབ། །ཅེས་དང་། རྗེ་རྒོད་ཚང་པས། མ་བཅོས་པར་བཞག་པ་རང་གི་འོང་སྟེ། །ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྲུལ་པ་འདི་མ་བཅོས་པར་འཇོག་མ་ཤེས་པ་རང་གིས་ལན། ཞེས་གསུངས་སོ། །དེ་ལྟར་གང་བསྒོམ་དུ་མེད་ཀྱང་ཡེངས་སུ་མེད་པའི་ཉམས་ལེན་བརྩོན་པར་མ་བྱས་ན་གོ་ཡུལ་དང་ཁ་ལྟ་ལ་སོང་ནས་མི་ཕན་ཏེ། དཔལ་ཤ་ར་བས། གང་ལའང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་དུ་དྲན་པས་བསྒོམ་པར་བྱ། །ཞེས་པ་དང་། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱི་བ་གང་གིས་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་བ་དེ་ཡང་བགྱི་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རྟོག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཤེས་ན་ཤེས་རབ་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། ཟས་དང་བསྐོམ་དག་བྱིན་བྱས་ཀྱང་། རང་ཉིད་བསྐྲེས་པས་ཤི་བ་ལྟར། །ཆོས་ལ་མ་བསྒོམ་དེ་དང་འདྲ། །ཞེས་དང་། ཡང་། ཇི་ལྟར་ཡོངས་སུ་མ་བསྒོམ་པར། ཆོས་ཉིད་མཐོང་པར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་མཐུང་བསྐོམ་པ་ཇི་ལྟར་སེལ། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། བསྒོམ་རྒྱུ་བརྡུལ་ཙམ་མེད་པ་ལ། །ཡེངས་རྒྱུ་སྐད་གཅིག་མེད་པ་འདི། །ལྷ་ཡི་རྒྱལ་པོ་ཡིན་པར་འདོད། །དཀྱིལ་འཁོར་ཀུན་གྱི་མཆོག་གྱུར་པ། །རང་རིག་ཡེ་ཤེས་མེ་བོ་ཆེ། །ཐམས་ཅད་འདི་ལ་གནས་པ་སྟེ། །མཆོད་དང་གཏོར་མ་ལ་སོགས་པ། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་ཤེས་གྱུར་ན། །ཐམས་ཅད་འདི་ལ་གནས་པར་ཤེས། །ཞེས་སོ། །དེ་ལྟར་རྣམ་རྟོག་གཟོ་མེད་དུ་བཞག་པས་རྟོག་པ་ཐམས་ཅད་རང་གྲོལ། དང་གསལ་སྤྲོས་པ་མེད་པ་ཡེ་ཤེས་བརྟེན་པར་འཆར་ཏེ། དེ་ངང་ལས་གནས་པ་ནི་མཉམ་བཞག་ཞེས་བྱའོ། །ཐུན་མཚམས་དང་འགྲོ་འཆག་ཉལ་འདུག་ཐམས་ཅད་དྲན་པས་སྐྱོང་བ་ལ་རྗེས་ཐོབ་ཞེས་ཟེར། མཉམ་རྗེས་འབྲེས་ནས་རྨི་ལམ་དུ་ཡང་བསྒོམ་དང་མི་འབྲལ་བ་ནི་འོད་གསལ་འཁོར་ཡུག་གམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཙ་ན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཀྱང་རང་ཤུགས་ལ་འོང་ལ། རྣལ་འབྱོར་བཞིའི་ཉམས་ཡང་རིམ་གྱིས་འཆར་རོ། །རྣལ་འབྱོར་བཞི་པོ་འདི་ཁ་གཅིག་ཉམས་ཡིན་པར་བཞེད། ཁ་གཅིག་རྟོག་པར་བཞེད་ཅིང་། རྣལ་འབྱོར་བཞི་སུམ་ཅུ་གཉིས་སུ་ཕྱེ་བ་དང་། རྗེ་རང་བྱུང་རྡོ་རྗེས་ནི། ཉམས་ཀྱི་རྣལ་འབྱོར་བཞི་དང་། རྟོག་པའི་རྣལ་འབྱོར་བཞིར་ཕྱེ་ལ་འདིར་ནི་རོ་གཅིག་མན་ཆད་ཉམས་དང་། བསྒོམ་མེད་ནི་རྟོག་པར་འདོད་དོ། །དེ་ཡང་ཉམས་འགྱུར་བ་ཅན་ཡིན་པས་རོ་གཅིག་བསྒོམ་མེད་དུ་འགྱུར་དགོས་ལ། རྟོག་པ་ནི་མི་འགྱུར་བ་ཡིན་པས། བསྒོམ་མེད་ནས་འགྱུར་བ་མེད་པས་སོ། །འདི་དང་རྫོགས་ཆེན་པས་ཉམས་རིམ་བཞིན་མཐུན་པ་ཡིན་ཏེ། དང་པོ་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བས་རྩེ་གཅིག་ཏུ་ཐུན་ཐུབ ། གཡོ་བའི་ཉམས་ཏིང་ངེ་འཛིན་ལ་བྱིངས་རྒོད་སོགས་རྐྱེན་གྱིས་མི་གནོད་པས་ལོ་ཟླར་གནས་པ ། མཉམ་པ་ཉིད་ཀྱི་ཉམས་མཉམ་གཞག་ལ་འཁོར་འདས་ལ་རོ་མཉམ་པས་རྗེས་ཤེས་ལ་། ཆོས་བརྒྱད་སྒྱུ་མ་ལྟར་ཁོངས་སུ་ཆུད་ནས་འཇིག་པ་བྲལ་བ། ལྷུན་གྱིས་གྲུབ་པའི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་པ་རྣམས་དང་དོན་གཅིག་གོ། །འདི་དག་རྒྱས་པར་ནི་ཡི་གེ་མང་པོར་འགྲོ་བས་མ་སྤྲོས་སོ། །གོལ་ས་དང་སྐྱོན་ཡོན་གྱིས་གནས་གལ་ཆེ་བ་རྣམས་ནི་སྙིང་ཏིག་གི་མཁའ་འགྲོས་ཞུས་ལན་དུ་རྒྱས་པར་གསུངས་པས་དེར་ལྟའོ། །མདོར་བསྡུ་ན། རྗེ་དམ་པས། མི་བསྒོམ་པར་རེག་པ་རང་ལུགས་སུ་ཞོག །མི་བསྒོམ་པས་བསྒོམ་མི་ཤེས་མི་སྲིད། སེམས་ཉིད་རྟོག་མེད་དུ་རིག་པ་བསྒོམ་ཡིན་པས་མི་ཡོང་མི་སྲིད། བསྒོམ་ཉམས་ཀྱི་འདོད་པ་མེད་པས་གོལ་མི་སྲིད། ཅེས་པ་དང་། རྒྱལ་བ་རྒོད་ཚངས་པས། རྟོག་པ་ཐམས་ཅད་དངོས་པོར་ཡང་མི་འཛིན། སྟོང་པར་ཡང་མི་བསྒོམ་པར་འཛིན་མེད་མ་བཅོས་པའི་ངང་དུ་རང་སོར་བཞག་པས་འཆོར་ས་དང་གོལ་ས་བྱ་བ་ཅི་ཡང་མི་ཡོང་། ཞེས་གསུངས་པ་ལ་འདུས་སོ། །དེ་ལྟར་ཉམས་སུ་ལེན་པ་གལ་ཆེ་ཏེ། རྗེ་དམ་པས། བསྒྲུབ་པ་ལ་གཙོ་བོར་མ་བྱས་ན་མཁས་བཙུན་དུ་བརློམ་ཡང་རྟགས་ཀྱི་འཁྲུལ་པ་མི་སེལ། སེམས་ལ་ཏིང་འཛིན་མ་སྐྱེས་ན་གོ་རྟོགས་བཟང་ཡང་རིག་པ་ལས་སུ་མི་རུང་། རིག་པ་ལས་སུ་མ་རུང་ན་མི་ཚེ་ཆོས་ལ་བསྐྱལ་ཡང་ནམ་ཞིག་ཐ་མལ་དུ་འཆི། འཆི་དུས་ཐ་མལ་དུ་ཤི་ན་མན་ངག་ཟབ་མོ་ཡོད་ཀྱང་བར་དོར་རྐྱེན་ངན་དུ་འགྲོ། ཞེས་གསུངས་ལ། ཉམས་ལ་ཆགས་ན་ཡང་འཆིངས་ཏེ། རྗེ་དམ་པས། ཉམས་ནི་བསམ་གཏན་ཞེས་བྱ་བར་གནས་གོང་མར་འཆིང་པར་བྱེད་པའི་ཏིང་ངེ་འཛིན་ཡིན་ལ། རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་འཁོར་བ་གཞི་མེད་དུ་གྲོལ་བར་བྱའོ། །ཞེས་གསུངས་ཤིང་། ཧྲིལ་གྱིས་གྲིལ་ན། རྗེ་སྒམ་པོ་པས། རྣམ་རྟོག་སྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །བསྒོམ་ཆེན་བསྒོམ་གྱིས་མ་བཅིངས་ན། །གཞན་གྱིས་བཅིངས་པར་མི་ནུས་པས། །གོ་བའི་ལྟ་བ་རྒྱབ་ཏུ་བོར། །བསྒོམ་པའི་ཉམས་མྱོང་སྨང་ནས་བཤིག །ཅེས་པ་ལྟར་ཉམས་སུ་བླངས་པར་བྱ། ད་ནི་ཞར་བྱུང་དུ་མཁས་གྲུབ་གོང་མ་དག་གི་གསུངས་བསྒྲོས་ཐོར་བུ་བརྗོད་པར་བྱ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་བཀའ་ལས། སེམས་ཀྱི་གནས་ལུགས་མ་བཅོས་མཐའ་བཞི་བྲལ། །གང་དུའང་མ་འཛིན་ཡེངས་མེད་རྩེ་གཅིག་ལྟོས། །བདེ་བསྡུག་ལ་སོགས་རྟོགས་པའི་འཆར་སྒོ་རྣམས། །ཆུ་བོའི་བརླབས་བཞིན་དབྱེར་མེད་ངང་དུ་མཉམ། །སྣ་ཚོགས་སྣང་ཡང་ཆུ་ནང་བཟའ་སྐར་བཞིན། །ཤར་དང་མ་ཤར་རོ་གཅིག་རྟོགས་པར་གྱིས། །དེ་ལྟར་རྟོགས་ན་བསྒོམ་དུ་མེད་པའི་དོན། །རྒྱུན་དུ་གོམས་པ་བསྒོམ་པ་ཆེན་པོ་ཡིན། ཅེས་གསུངས་ཤིང་། རྗེ་དམ་པས། སེམས་ཉིད་ངོ་སྤྲོད་པའི་རྟོགས་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱིས་ཤེས་པ་སྐྱེས་ལ་འགག་པ། འགག་པ་མ་སྐྱེས་པ་ཧྲིག་གེ་བ་འདི་རང་ཡིན་ནོ། །ཞེས་དང་། ཡང་། མཉམ་བཞག་གི་བསྒོམ་ནི་མ་བཅོས་པ་ཡིན་ལ། བསྒོམ་རྒྱུ་ནི་ཡེ་རང་ནས་མེད། ལྟ་སྟང་མ་ཤོར་ཙམ་བྱས་ནས་ནི། བསྒོམ་དང་འདི་མི་བསྒོམ་མེད་པར་རང་ལུགས་སུ་བཞག་གོ། །རྗེས་ཀྱིས་བསྒོམ་ནི་མ་བཅོས་པ་ལ་ངོས་བཟུངས་ཏེ། ལུས་ངག་ཡིད་གསུམ་ཆེད་དུ་བརྗོད་པ་ཡེངས་པ་དང་དགའ་མི་དགའི་རྟོགས་པ་ཐམས་ཅད་ངོས་གཟུངས་གསུངས་ཀྱང་། རིག་པ་དྲི་མ་མེད་པའི་སྒོམ་པ་ལ། བསྒོམ་གྱིས་ཞེན་པ་བོར་ལ་ཐོང་། མཁན་པོ་བསྐྱུར་བ་ནི་མ་ཡེངས་པར་སྒྲིམས་པའི་སྙིང་པོ་ལིང་གིས་བསྐྱུར་བ་ཡིན། གསུངས། ཡང་གཏོལ་སྐྱེས་ཀྱིས་ཤེས་པ་ངོས་གཟུངས་དང་། དྲན་པ་རང་དངས་ལ་འགྲོ་ཡིས་གསུངས། རྗེ་སྒམ་པོ་པས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པ་ལུང་དང་རིག་པའི་སྒོ་ནས་སྣང་ལ་རང་བཞིན་མེད་པ་གཏན་ལ་ཕབ་ནས་བསྒོམ་པ་ཡིན། མོས་པ་སྟོང་ཉིད་དུ་བྱེད་པ་ཡིན་ཏེ། དེ་དབུ་མ་པའི་སྒོམ་ལུགས་ཡིན། དེ་རང་ཡང་བསྒོམ་བྱ་བསྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློར་འཇུག །དེ་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཞིག་རྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་མཛད་དེ་སངས་རྒྱས་མི་ནུས། བཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་བསྒོམ་པ་ཡིན། བླ་མ་མི་ལའི་ལུགས་ལ། མི་དགེ་བ་བཅུ་བསྒོམ་པས། ངན་སོང་དུ་འཁྱམ། དགེ་བཅུ་བསྒོམ་པས་ལྷ་མིར་འཁྱམ། ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་བསྒོམ་པས་ལྷ་ཚེ་རིང་པོར་སྐྱེ། དྲན་པས་ཟིན་པས་རྣམ་རྟོག་ནི་ཡོན་ཏན། མ་ཟིན་པ་ལ་སྐྱོན་དུ་ལྟ་ན་དེ་ཡང་གཉིས་འཛིན་གྱིས་སྐྱོན། རྟོགས་མེད་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད། རྣམ་རྟོག་ལ་སོགས་པའི་སྐྱོན་ཐམས་ཅད་སྤོང་བར་འདོད་ན་དེ་ཡང་གཉིས་འཛིན་གྱི་སྐྱོན། སྟོང་པར་བསྒོམ་ཀྱང་བློ་མི་སྟོང་པར་བསྒོམ་ཀྱང་བློ། ཡོད་མེད་དུ་བསྒོམ་ཀྱང་བློ། མདོར་ན་བསྒོམ་ཚད་བློ་དང་གཉིས་འཛིན་ལས་གྲོལ་བ་མེད་གསུངས། རྣམ་རྟོག་བྱུང་ན་ཇི་ལྟར་བགྱི་ཞུས་པས། དེ་ཁ་ན་གཙུག་ཏུ་བཞག་པས་ཆོག །ཁོ་རང་མེད་དུ་འགྲོ་ཡིས། སྤང་མི་དགོས་གསུངས། ཕ་རོལ་ཏུ་ཕྱིན་པ་སྤོང་བའི་ལམ་ས་ཡིན་པས་མི་སྡུག་པ་ལ་སོགས་པ་གཉེན་པོས་ཉོན་མོངས་པ་ངོ་ཐུག་ཏུ་སྤོང་བ་ཡིན། གསང་སྔགས་ནི་གཞི་བསྒྱུར་བའི་ལམ་ཡིན་པས་དུག་ལྔ་རྣམ་རྟོག་ཏུ་འཁྱེར་བ་ཡིན། དུག་ལྔ་དང་རྣམ་རྟོག་ལ་དགག་བསྒྲུབ་གང་ཡང་མ་བྱས་པར། དེ་ཁར་ཙུག་སྐྱེར་གཙུག་པ་རང་གི་རང་ཞིར་འགྲོ་བ་ཡིན་ནོ་གསུངས་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན་རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱིས་ཡེ་ཤེས་བྱས་པ་ཡིན་པས་དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་བཅུག་པས་ཆོག །དགག་སྒྲུབ་མེད་པར་མ་བཅོས་པ་འདི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། །རང་ཅག་གི་སངས་རྒྱས་ངོ་ཤེས་པ་དང་མ་ཤེས་པ་ཡང་འདི་ཀ་ཡིན་ནོ། །སངས་རྒྱས་ལ་ཡང་འདི་ཀ་ལས་ལྷག་པ་མེད། ཚེས་གཅིག་གི་ཟླ་བ་དང་། ཉའི་ཟླ་བ་ལ་ཟླ་བ་ཙམ་དུ་ཁྱད་པར་མེད། དེ་བཞིན་དུ་མ་བཅོས་པར་བཞག་པས་གཉིས་མེད་ཀྱི་ཡེ་ཤེས་རྣལ་འབྱོར་པས་དེ་རིང་རྟོགས་པ་དང་། སངས་རྒྱས་ཀྱིས་ཐུགས་ཡེ་ཤེས་གཉིས་ལ་གཉིས་མེད་ཙམ་དུ་ཁྱད་པར་མེད། གཉིས་འཛིན་གྱི་རྣམ་རྟོག་རྦད་ཀྱིས་ཆད་ཙ་ན་སངས་རྒྱས་ཡིན་གསུངས། ཡང་། མ་བཅོས་པ་ལ་ལོ་གཅིག་བསྒོམ་པ་རང་གི་མངོན་པར་ཤེས་པ་འོང་སྟེ་གསུང་སྐད། གཞན་དག་མི་རྟོག་པ་དུ མ་གཅིག་ལ་མཉམ་བཞག་བྱས་ནས་རྗེས་རྨི་ལམ་སྒྱུ་མ་ལྟར་བསྒོམ་པ་ཡིན། རྗེ་བཙུན་གྱི་ལུགས་ཀྱི་དུག་ལྔ་དང་རྣམ་རྟོག་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས་གོམ་ཙ་ན་ཐུན་མཚམས་མེད་པར་ཐམས་ཅད་དུ་མཉམ་བཞག་འབའ་ཞིག་ཏུ་འཁྱེར་བ་ཡིན་གསུངས། དཔལ་ཕྱག་ན་རྡོ་རྗེ་ལ་ལྷོ་ཕྱོགས་དཔལ་གྱི་རི་བོར་ཏིལློ་པས་ཞུས་པ་མ་བཅོས་པར་ཞེས་གསུངས། དེར་མར་ལ་བྱོན་པས་མ་བཅོས་པའི་དོན་མ་གོ་ནས། ཡང་ཞུར་ཕྱིན་པས་མཁའ་འགྲོ་མ་ཤྲི་དྷ་ར་དང་ཕྲད་ནས། རང་གི་སེམས་ལ་མ་བལྟ་མ་བསྒོམ་ཐ་མལ་པར་ཞོག །མ་བཅོས་པ་འདི་ཡིན་གསུངས། ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་མ་བཅོས་པ་སྙུག་མའི་དོན་ཉིན་ཞག་ཕྲུག་རེའི་ནང་དུ་ཡང་ཡང་སྐྱེ་ཡང་ངོ་མ་ཤེས་པས་ལུང་མ་བསྟན་དུ་སོང་ནས་རང་གཞན་གྱིས་དོན་མ་གྲུབ་གསུངས། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཞལ་ནས། ཆོས་ཉིད་མ་བཅོས་པ་ལ་ཕོགས་གཅིག་དྲན་པས་ཆོག །རྟག་ཏུ་སྟུར་རེ་བྱ་མི་དགོས། དྲན་པ་དེ་ནས་བོར་ཡང་བོར་དུ་མི་བཏུབ་པ་འོང་གིས། རྟོག་མེད་དུ་འདུག་རུང་། རྣམ་རྟོག་ཏུ་འདུག་རུང་འཇིག་རྟེན་པའི་རྣམ་རྟོག་མིན། སྟོང་ཉིད་འབའ་ཞིག་ཡིན་གསུངས། ཁོང་བཀའ་དྲིན་ཆེ། ཁོང་དང་མ་འཕྲད་ཙ་ན་ང་མ་བཅོས་པ་རང་བསྒོམ་པ་ཡིན། དེ་རང་དུ་ཤེས་པས་འཐུམས་ནས་རྟོག་མེད་དར་རེ་ལས་མ་བྱུང་། དེས་ན་འཇིག་རྟེན་པའི་རང་ཁ་མར་སོང་། ཁོང་གི་དེ་དགག་བསྒྲུབ་མེད་པའི་གཉིས་མེད་རང་གྲོལ་དེ་གོའོ། །གསུངས། ཡང་རྗེ་སྙི་བསྒོམ་ལ། སེམས་རང་བཞིན་མེད་པ་བསྒོམ་པ་དེ་རང་བློར་མི་འགྲོའམ་ཞུས་པས། སེམས་རང་བཞིན་མེད་པས་ཆུ་ལ་ཆུ་ཐིམ་མོ། རྟག་ཏུ་བསྒོམ་མི་དགོས་ཏེ་ཕོགས་ཅིག་དྲན་པས་ཆོག་གསུངས། བསློད་ནས་འཇོག་པ་དེ་རང་བློར་མི་འགྲོའམ་ཞུས་པས། རང་ཤུགས་ཀྱི་རྟོག་མེད་དེ་སེམས་གནས་པ་ཤ་མ་ཡིན། རྩ་རླུང་ལ་སོགས་པས་རྟོག་མེད་དུམ་རེ་བ་དེ་སེམས་བཙན་བཟུང་གི་སེམས་འཛིན་བྱ་བ་ཡིན། སེམས་གནས་པ་ཤ་མ་མིན་ནོ། །སེམས་ཁོ་རང་རྟོགས་མེད་དུ་བདེའམ། མིག་བཙུམ་པ་བདེའམ། ཕྱེ་བ་བདེའམ། ཉལ་བ་ལ་སོགས་པའི་སྤྱོད་ལམ་གང་བདེར་བཞག་གོ །དགག་བསྒྲུབ་སྩོལ་བ་གང་ཡང་མི་བྱ་བར་མི་རྟོགས་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འདུག་ཀྱང་རུང་། མ་བཅོས་པར་བཞག་པ་རང་གི་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་ཤར་བར་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན་སེམས་ཁོ་རང་གི་ངོ་བོའོ། །གཤིས་སམ་འདུག་ཚུལ་ཤེས་པ་ཡིན། དེ་ལྟར་གོ་ན་བསྒོམ་བྱ་མི་དགོས། བོར་བའམ་བཞག་ཏུ་མི་བཏུབ་པར་བསྒོམ་དབང་མེད་དུ་སྐྱེ་བ་ཡིན་གསུངས། སེམས་ཀྱི་ངོ་བོ་ཤེས་པ་ཇི་ལྟ་བུ་ལགས་ཞུས་པས། མ་བཅོས་པ་ལ་མ་བཅོས་པར་ཤེས་པ་དེ་ཀ་ངོ་བོ་ཤེས་པ་ཡིན་གསུངས། མ་བཅོས་པར་བཞག་པས་དགག་སྒྲུབ་ཀྱི་བྱ་རྒྱུ་དང་བྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་རང་འཆར་བ་དེ་ནི་མི་རྟོག་པ་ཡིན། ལྐུགས་མ་བུ་རམ་མུར་བའམ་གཞོན་ནུ་མ་འདོད་ཆགས་ཀྱི་བདེ་བ་མྱོང་བ་ལྟར་སྨྲ་རུ་མེད་པ་གཉིས་མེད་ཀྱི། ཡེ་ཤེས་གསལ་བ་དེ་ནི་གསལ་བ་ཡིན་ནོ། །མི་རྟོག་པ་དང་གསལ་བ་བྱུང་ཙ་ན་གཉིས་འཛིན་གྱི་བྱ་རྒྱུ་ཐམས་ཅད་འགགས་ནས་འགྲོ། དེ་ཙ་ན་སེམས་བདེ། སེམས་བདེ་བས་ལུས་བདེ། དེ་ལྟར་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱིས་ཕན་ཡོན་མཐོང་ཆོས་ཚེ་འདི་ལ་འབྱུང་ངོ་། །འཇིག་རྟེན་པའི་རྣམ་རྟོག་རང་ག་མ་དང་། རྣལ་འབྱོར་པས་ངོ་ཤེས་པས་རྣམ་རྟོག་གཉིས་ཀྱི་ཁྱད་ངོ་ཤེས་མ་ཤེས་ལ། བསྒོམ་ནས་ཤེས་ན་རྟོག་པར་འགྱུར་མ་བསྒོམ་པར་ཤེས་ན་རང་གྲོལ་དུ་མི་འགྱུར་རམ་བྱས་ན་བརྟུགས་ནས་འགྲོ་བའི་རྒད་པོ་དེ་འདྲ་ངའི་རྩར་བྱུང་གསུངས། པཎ་ཆེན་ཤཱཀྱ་ཤྲིས་ཀྱང་། ཅིར་སྣང་རང་སོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། འགྱུ་བའི་རྩད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། ཐུན་མཚམས་དྲན་པས་བཟུང་ན་མཉམ་རྗེས་རོ་གཅིག་འགྲུབ། ཅེས་དང་། ཁྲོ་བུ་ལོ་ཙཱ་བས། ཉོན་མོངས་བཀག་པས་མ་ཁེགས་ཚེ། གདམས་ངག་རྒྱལ་པོ་སོར་བཞག་བྱུང་། ངང་ལ་བཞག་པས་དབྱིངས་སུ་ཡལ། བླང་དོར་བྱ་བའི་མིང་ཡང་མེད། ཅེས་དང་། རྒྱལ་བ་ཡང་དགོན་པས་ཡེ་བསྒོམ་ལ་བློ་ཡིས་མ་བསྒོམ་མཛོད། རང་བབས་ལ་གཟོ་ཡིས་མ་བཅོས་མཛོད། བསྒོམ་བསྟིང་གསལ་ལ་རྐྱེན་གྱི་སྒྱུར་དུ་མེད་ཀྱིས། བློ་རྟོགས་པ་ལ་སྐྱོན་དུ་མ་བལྟ་བར། མི་རྟོག་པར་ཆེད་དུ་མ་བསྒོམ་པར། སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། བསྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་པ་གཅིག་འོང་གི་སེམས་ངོས་བཟུང་མེད་པ་སྟོང་པའི་དབྱིངས། འགག་མེད་དུ་གསལ་བ་རིག་པའི་སྒོ། བློ་བྲལ་གྱི་གསལ་སྟོང་རྗེན་པ་འདི་ལ་རང་སོར་བཞག་གིན་ངང་ལ་ལྟོས་དང་། བསྒོམ་ལྷག་མཐོང་གི་རང་ངོ་མཐོང་བ་གཅིག་འོང་གི། མ་ཡེངས་པའི་དྲན་པ་སོ་མ་ཤོར། མ་བསྒོམ་པའི་གནས་ལུགས་གཟོ་མ་བྱས། བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། རྟག་ཆད་ཀྱི་མ་སླད་ཁ་ཡན་དུ་སྐྱོང་དང་། བསྒོམ་སྤྲོས་བྲལ་གྱི་མ་བུ་འཕྲད་པ་གཅིག་འོང་གི། བློ་རྟོགས་པ་འགྱུ་བ་གནས་ལུགས་ཀྱིས་སྒོ། རང་ངོ་ཤེས་པ་ཉམས་ལེན་གྱི་གནད། ཅེས་དང་། ཡང་། རྟོག་པ་འཕྲོ་བ་དེ་ཚུར་དཀུག་ནས་བསྒོམ་ལ་འཇོག་པ་ནི་མིན། རྟོག་པ་རལ་མེ་བ་དེ་ཀའི་ངོ་བོ་ལ་ལྟ་བ་ཡིན་ནོ། །རྟོག་པ་དང་བསྒོམ་གཉིས་ལ་ངོ་ཤེས་མ་ཤེས་མིན་པ་ཁྱད་མེད་དོ། །གནས་པའི་དུས་དང་འགྱུ་བའི་དུས་གཉིས་ལ་སེམས་ཀྱི་ངོ་བོ་གཅིག་ལས་འདུག་གོ་ལྟོས་དང་། ཞེས་གསུངས་སོ། །གྲུབ་ཆེན་ཨུ་རྒྱན་པས། མ་བཅོས་པའི་ཤེས་པ་ངོས་འཛིན་པ་ལ་མ་བཅོས་པར་འཇོག་པ་འདི་ཀ་ཟབ་པ་ཡིན་གསུངས། བཟུང་དྲན་གྱིས་དུས་སུ་མིག་གིས་གཟུགས་མཐོང་པས་རང་ངོ་ཤེས་པའི་གསལ་ལེ་ཧྲིག་གེ་བ་དེ་རང་ལ་མཉམ་པར་བཞག་པ་རང་གིས་དུས་སུ་ཡང་། གཟུགས་ཀྱི་བྱེད་པ་ལས་འཕྲོས་པའི་འཆར་སྒོ་མང་དག་གཅིག །དྲོན་པའི་ཁྲོད་ནས་འགྱུ་བའི་གྲོགས་ཁོ་རང་གི་བྱེད་ཀྱི་ཡོད་དེ་ཁོ་རང་གིས་མི་ཚོར། རང་གི་གདོང་པ་རང་གིས་མི་མཐོང་བ་དང་འདྲ། སྒྲ་དང་དྲི་ལ་སོགས་པ་ལའང་འགྲེའོ། །དེ་ཐམས་ཅད་ཀྱི་རྒྱུ་མཚན་སེམས་དང་དྲན་པ་ལ་འདྲེས་པར་ཡུལ་ཡུལ་ཅན་དུ་བཟུང་ནས་ཡོད་པས་ལན། རང་གསལ་གྱིས་དྲན་པའི་དུས་སུ་ཚོགས་དྲུག་གིས་སྣང་པ་ཐམས་ཅད་རང་རང་སོ་སོར་བལྟ་བྱ་བལྟ་བྱེད་དང་བྲལ་བའི་ཤེས་བྱ་ཤེས་བྱེད་ཀྱིས་གཉིས་འཛིན་མེད་པ་རང་རིག་ཅིང་རང་གསལ་བ་གཅིག་འོང་། གཟུང་བྲན་དེ་རྩོལ་མེད་ཀྱིས་དྲན་པར་འཕོ་བའི་ཐབས་ལའང་གཟུང་དྲན་ལ་བརྩོན་འགྲུས་བསྐྱེད་པ་ཁོ་ན་ཟབ། ཅེས་དང་།བཟུང་དྲན་གྱིས་དྲན་པ་བརྟན་པོ་ཡོད་ན འང་དུས་དེར་ལམ་དུ་སོང་བ་ཡིན། ལམ་དུ་འགྲོ་བ་སྐྱོན་མེད་གཅིག་ལ་གང་ཤར་རང་རིག་རང་གསལ་དུ་འཆར་དགོས་པས་བརྩོལ་མེད་ཀྱི་དྲན་པ་དགོས། གཟུང་དྲན་ལ་ཡུལ་ཡུལ་ཅན་གྱིས་དྲན་པ་ལས་མེད་གསུངས། ཡང་ཐ་མལ་ཤེས་པ་རང་ག་འདི། མ་བསྒོམ་ཆོས་ཀྱིས་སྐུ་རུ་ཤར། སངས་རྒྱས་རང་གི་སེམས་ལས་སྙེད། འཁོར་འདས་རེ་དོགས་སུ་དགའ་གྱིས། ཞེས་གསུངས། མཆིམས་ནམ་མཁའ་གྲགས་ཀྱིས། བསྒོམ་ཞེས་བྱས་ཀྱང་བསྒོམ་རྒྱུ་བརྡུལ་ཙམ་མེད། བསྒོམ་མེད་བྱས་ཀྱང་ཡེངས་སུ་སྐད་གཅིག་མེད། དོན་མཐོང་བ་ལ་བསྒོམ་དུ་བསྒོམ་མཁན་མེད། །བློ་རྟོག་ཅན་ལ་ཡེངས་སུ་སྐད་གཅིག་མེད། །བསྒོམ་མེད་ཡེངས་མེད་རྣལ་འབྱོར་བསྒོམས་པ་ཡིན། །རྟོགས་ལྡན་སེམས་ལ་འཆོས་རྒྱུ་ཅི་ཡང་མེད། །ཅེས་དང་། སྣང་བ་མི་སྤོང་སྟོང་པ་མི་བསྒོམ་ཤིང་། །རྣམ་རྟོག་མི་འགེགས་རྟོག་མེད་མི་བསྒོམ་མོ། །གལ་ཏེ་དེ་ལྟར་སྒོམས་ན་ཡང་པ་ཡིན། །བློ་ལ་དྲན་སྣང་མཚན་མ་ཅི་ཤར་ཡང་། །དྲན་སྣང་དེ་ཁ་ཆོས་ཉིད་ཡིན་པའི་ཕྱིར། །ཅེར་གྱི་བལྟས་པས་རང་སར་གྲོལ་བར་འགྱུར། །དེ་ལ་གཉེན་པོས་བཅོས་བསྒྱུར་བྱ་མི་དགོས། །ཞེས་དང་། གཡག་སྡེ་པཎ་ཆེན་གྱིས། འཁྲུལ་པ་རང་སོར་འཇོག་པའི་བསྒོམ། །སྤངས་གཉེན་གཉིས་མེད་རང་གྲོལ་ཏེ། །འཁྲུལ་པ་དག་པས་ཡེ་ཤེས་ལགས། །ཞེས་དང་། འདི་ཡིན་མེད་པ་ཆོས་ཀྱི་དབྱིངས། །འདི་བསྒོམ་མེད་པ་ལམ་གྱིས་གནད། །བྱ་བྱེད་བྲལ་བ་གཉུག་མའི་སེམས། །ལྷུན་གྱིས་གྲུབ་པའི་འོད་གསལ་ལགས། །ཞེས་དང་། སེམས་འཛིན་པ་བས་ཀྱང་སྟོང་པ་ཟབ། །སེམས་བཟུང་བ་ཡོད་ན་གང་འགྲོར་ཐོང་། །དོན་བསྒོམ་པ་ཡོད་ན་བསློད་ལས་ཞོག །དེ་གསུང་རབ་ཀུན་གྱི་སྙིང་པོར་འདུག །དཔལ་ལྡན་བླ་མ་རྣམས་ཀྱིས་ཕྱག་བཞེས་ལགས། །བསྒོམ་མ་ཡེངས་པས་ཀྱང་ཡེང་པ་ཟབ། །བསྒོམ་ཡེངས་མེད་ཡོད་ན་ཡེངས་ལ་བོར། །ཉམས་གདམ་པ་བས་ཀྱང་གང་བྱུང་ཟབ། །ཉམས་གདམས་པ་ཞོག་ལ་གང་བྱུང་གྱིས། །རླུང་འཛིན་པ་བས་ཀྱང་རྒྱ་ཡན་ཟབ། །རླུང་བཟུང་བ་ཡོད་ན་ཡན་དུ་ཆུག །ལུས་འཁྲུལ་འཁོར་བས་ཀྱང་བདེ་བ་ཟབ། །ལུས་འཁྲུལ་འཁོར་ཡོད་ན་ཤིག་ལ་ཐོང་། །གཟེར་འཕོ་འཆུག་མེད་ན་ཐེབས་པ་ཡིན། །བློ་ཕྱོགས་ཞེན་མེད་ན་དབུ་མ་ཡིན། །ཞེས་དང་། མ་ཡེངས་ཏིང་འཛིན་ཡེངས་སུ་བཅུག་ན་འཆར། །མི་རྟོགས་ཏིང་འཛིན་རྟོགས་པའི་དཀྱིལ་འཁོར་དང་། །བློ་བུར་ཉོན་མོངས་གཉུགས་མའི་ཡེ་ཤེས་ཡིན། །བསྒོམས་ན་བློ་ཡིན་ཡེངས་ན་འཁྲུལ་པ་སྟེ། །བློ་ཉིད་བློ་འདས་འཁྲུལ་པ་ཡེ་ཤེས་སོ། །ཇི་ལྟར་བསྒོམས་ཀྱང་བསྒོམ་གྱིས་མ་གོས་ཤིང་། །གང་ལྟར་བྱས་ཀྱང་བྱེད་པ་ཀུན་དང་བྲལ། །གཉིས་སུ་བཟུང་བ་ཡང་གཉིས་འཛིན་མ་མཆིས་ཤིང་། །མང་པོར་སྣང་ཡང་གཅིག་གི་ངང་ཚུལ་ཅན། །གཅིག་བློ་དེ་ནི་བསམ་པའི་ཡུལ་ལས་འདས། །ཇི་ལྟར་བསམ་ཀྱང་གཟོ་མེད་རང་གྲོལ་ཡིན། །ཞེས་སོ། །སྣུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས། །སེམས་དང་ཆེས་ནི་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོགས་པ་དེ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡོངས་པ་ནི་ཆོས་ཀྱིས་སྐུ། །ཞེས་པ་དང་། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པར། །དོན་དམ་ངང་ལས་བདེ་བར་གནས་པ་ནི། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ལྟར་མདོ་རྒྱུད་བསྟན་བཅོས་རྣམས་དང་། གྲུབ་ཆེན་རྣམས་ཀྱིས་མགུར་ན་མང་དུ་ཡོད་དེ་འདིར་ཐོར་བུ་ལས་བྲི་བར་མ་ནུས་ལ། རེ་རེས་ཀྱང་ངོ་འཕྲོད་ཤིང་ངེས་ཤེས་རྙེད་པའི་དགོས་པ་ཡོད་དེ། །ལྕེ་བསྒོམ་ཆེན་པོ་ཤེས་རབ་རྡོ་རྗེས། ཆོས་ཀྱི་རྟོགས་པར་བྱ་རྒྱུ་སེམས་ལས་མེད་ཀྱང་། ངོ་སྤྲོད་གདམས་ངག་མེད་ན་རྟོགས་པར་དཀའ་བས། གྲུབ་ཐོབ་རྣམས་ཀྱི་གསུང་ལ་ནན་ཏན་བསྐྱེད་ཅིག །ཅེས་པ་སྟེ། དེ་ལྟ་བུའི་དོན་དང་མི་ལྡན་ན། སློབ་དཔོན་ཞི་བ་ལྷས། སེམས་ཀྱི་གསང་འདི་མ་རིག་ན། །བདེ་འདོད་སྡུག་བསྔལ་བྲལ་འདོད་ན། །བདེ་བ་འདོད་པ་ཙམ་གྱི་ལས། །དེ་ནི་ངལ་བ་ཁོ་ནར་ཟད་ཅེས་དང་། གཡག་སྡེ་པཎ་ཆེན་གྱིས། སྣང་སྟོང་སེམས་ཀྱི་འདུག་ཚུལ་མ་ཤེས་ན། འཕྲལ་སྣང་རིག་པ་རྣོ་ཡང་ལོག་ཤེས་ཡིན། ཅེས་གསུངས་པ་ལྟར་རོ། །དེ་བས་ན་སྙིང་པོའི་ལམ་འདིར་འབད་པ་གལ་ཆེ་སྟེ། ཇོ་བོ་ཆེན་པོ་རྗེས་བདེན་གཉིས་ལས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །གང་ལ་གཅེས་པ་དེ་ནི་ལེན་པར་བྱ། །ཞེས་པ་དང་། རྒྱལ་བ་ཡང་དགོན་པས། མི་སྙིང་ཅན་ཀུན་རང་ལ་ཕྱི་ཐག་སྲིངས། །རང་མི་སླུ་ན་སྙིང་ནས་ཆོས་གཅིག་གྱིས། །ཞེས་གསུངས་པ་ལྟར་འབུང་དགོས་སོ། །ལམ་བསྒོམ་པའི་ཚུལ་གསལ་བར་བསྟན་ཟིན་ཏོ། །ད་ནི་སྤྱོད་པ་སྟོན་ཏེ། སེང་གེ་ལྟ་བུའི་སྤྱོད་པ་དང་། བུང་བ་ལྟ་བུའི་སྤྱོད་པ་ལ་སོགས་པ་མང་དུ་གསུངས་ཀྱང་། སྤྱོད་པའི་ངོ་བོ་ཆོས་ཀྱི་གྲོགས་སུ་འགྲོ་བ་ཞིག་དགོས་པ་ཡིན། དེ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་དག་ལ་ནི་སྤྱོད་པ་བླང་དོར་དང་བྲལ་བ་ཡིན་ལ། གསར་བུ་བ་དག་གིས་ཀྱང་སྤྱོད་ལམ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་དྲན་པ་དང་མ་བྲལ་ཙམ་བྱའོ། །དེ་ལྟར་མི་ལྡན་ན་བསྒོམ་སྐྱེ་དུས་མི་ཡོང་སྟེ་དམ་པས་ཉ་མ་དགེ་འདུན་བསྐྱིད་ལ་གསུངས་པ་བཞིན་ནོ། །མཚན་མོ་རྨི་ལམ་གཟུངས་བའི་ཐབས་ལ་རྩལ་སྦྱངས་ཏེ། ཚེའི་ཕྱེད་གཉིད་ལ་འགྲོ། ཉིན་མོའི་ང་ཚེ་འདིའི་བྱ་བྲེལ་གྱིས་གཡེངས་པས་ཁྱེར་བས་ན་གནད་ཆེ་ས་ཡིན། དེ་ལྟར་ཉིན་མཚན་ཀུན་ཏུ་ཅི་བྱེད་སྒོམ་དང་མ་བྲལ་བར་བྱ་སྟེ་མི་ཚེ་སྟོང་ཟད་ལ་མི་བཏང་། དྲན་པ་དང་མ་བྲལ་བའི་སྤྱོད་པ་འདི་ནི་མཉམ་བཞག་ལས་མྱུར་བ་ཆེས་ཟབ་སྟེ། བླ་མ་ཞང་རིན་པོ་ཆེས། མཉམ་བཞག་དུས་ཀྱིས་མཉམ་བཞག་སྟེ། མཉམ་བཞག་མ་ཡིན་རྗེས་ཐོབ་ཡིན། །རྗེས་ཐོབ་དུས་ཀྱི་རྗེས་ཐོབ་དེ། །རྗེས་ཐོབ་མ་ཡིན་མཉམ་བཞག་ཡིན། །ཅེས་གསུངས་སོ། །ཞར་ལ་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ལའང་འཛེམས་དགོས་ཏེ། ཨོ་རྒྱན་ཆེན་པོས་ཀྱང་། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ། རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། ཅེས་གསུངས་པ་ཡིན། ཐུན་མགོར་སྐྱབས་འགྲོ་དང་སེམས་བསྐྱེད་རྒྱ་ཆེན་པོ་བྱ་ཞིང་། ཐུན་མཚམས་སུ་བདག་གིས་དགེ་རྩ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །འདི་དང་མི་ལྡན་ན་ལྟ་བ་མཐོ་བས་མི་ཕན་ཏེ། ཐེག་པ་དམན་པའི་ལམ་དུ་གོལ། འདུས་བྱས་ཀྱི་དགེ་བ་ཁྱད་དུ་མི་བསད། བླ་མ་ཅི་གསུང་གི་བཀའ་མི་བཅག །ལུས་ལོངས་སྤྱོད་ཐམས་ཅད་བླ་མ་ལ་འབུལ་ཞིང་མོས་གུས་འཆི་མ་འཁྲུག་པ་མ་བྱུང་བར་དུ་བྱས་ནས་གསོལ་བ་གདབ། གསང་སྔགས་པ་ལམ་ཟབ་མོ་བླ་མའི་ལམ་བྱ་བ་ཉམས་མྱོང་དང་རྟོག་པ་དང་ཡོན་ཏན་ཐམས་ཅད་བླ་མའི་བྱིན་བརླབས་ལ་བརྟེན་ནས་འབྱུང་པས་གནད་ཤིན་ཏུ་ཟབ་པ་ཡིན། ཆོས་དང་མི་མཐུན་པའི་གྲོགས་དང་མི་འགྲོགས་ཡོན་ཏན་སྐྱེ་དུས་རང་མཐོང་མི་བྱ་བར་ཀུན་ལ་དག་སྣང་སྦྱངས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་སུ་གྱུར་པ་ན། གང་ཡིན་ཡང་ཞུམ་པ་མེད་པར་རྩོན་པས་དང་དུ་བླངས། དམ་ཚིག་དང་སྡོམ་པ་སྣ་གཅིག་དང་མ་ཉམས་པར་བསྲུང་། གལ་ཏེ་ཉམས་ན་གཤགས་པ་དང་ཕྱིར་བཅོས་ལ་སོགས་པས་སོར་ཆུད་པར་བྱའོ། །མདོར་ན་རྣམ་པ་ཐམས་ཅད་དུ། ཐ་མལ་ཤེས་པ་སོར་བཞག་ལ། ངོ་ཤེས་བྱེད་པ་མ་གཏོགས་པ། བསྒོམ་རྒྱུ་གཞན་མེད་བསྒོམ་ཆེན་ཚོ། ཞེས་རྗེ་སྒམ་པོ་པས་གསུངས་པ་ལྟར་སྤྱོད་དོ། །དེ་ལྟར་ཡང་ནི་གུ་མ་སྔོན་འགྲོ་ལ་གཙོ་བོར་བྱེད། མཻ་ཏྲི་པ་དངོས་གཞི་ལ་གཙོ་བོར་བྱེད། སུ་ཁ་སིདྷི་རྗེས་ལ་གཙོ་བོར་བྱེད། ཅེས་གྲགས་པ་ལས། ལམ་འདི་སྐྱོང་བའི་གང་ཟག་དེ་ཡང་རྗེས་ལ་གཙོ་བོར་བྱེད་པ་ཟབ་པ་ཡིན་ནོ། །སྤྱོད་པའི་ཚུལ་བསྟན་ཟིན་ཏོ། །ད་ནི་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་བཤད་པར་བྱ་སྟེ། རང་གི་སེམས་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པ་དེ་ཉིད། གུར་ལས། རྣམ་རྟོག་བདེན་པ་མ་ཡིན་པས་རིན་ཆེན་སེམས་ནི་དྲི་མར་བྱས། ཇི་ལྟར་ནམ་མཁའ་འཇིག་མེད་བཞིན། དག་པའི་སེམས་ནི་དག་པར་འགྱུར། རིན་ཆེན་སེམས་ནི་རབ་བསྐུལ་བས། །ཇི་ལྟར་ནམ་མཁའ་དེ་བཞིན་སེམས། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམ་པས་ནི་སངས་རྒྱའོ། །ཞེས་སོ། །འཁྲུལ་པ་བློ་བུར་བས་སྒྲིབ་པས་བག་ཆགས་ཐམས་ཅད་མ་སྤངས་དབྱིངས་སུ་དག་ནས་མངོན་དུ་གྱུར་པ་དེ་ལ་ཆོས་སྐུ་དག་པ་གཉིས་ལྡན་ཞེས་བྱ། རྡོ་རྗེ་ཟམ་པ་དག་བློའི་མཐའ་ཟབ་ཅིང་ཆ་ཕྲ་བ་ཡང་མི་གནས་པ་དབྱེར་མི་ཕྱེད་པའི་དུས་ཞེས་པ་དང་། རྫོགས་ཆེན་པ་གཞན་དག་ནི་འབྲས་བུ་བཞི་ལ་རྫོགས་པ་ཞེས་འདོད་དེ། གང་ལྟར་ཡང་རུང་། སེམས་རང་བཞིན་གྱིས་དག་པ་ལ་དྲི་མ་བློ་བུར་བས་སྒྲིབ་པའི་འཁྲུལ་པའི་སྣང་ས་མ་སྤངས་གནས་སུ་དག་པས་དེ་ལ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱའོ། །འདི་ལ་རྗེ་བཙུན་ཆེན་པོས། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། མཐའ་ཡས་ཚོགས་ནི་གནས་འགྱུར་ཡིན། དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་བ། འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན་ཅེས་གསུངས་སོ། །སྐུ་འདི་ནི་རྣམ་པར་རྟོག་པ་ཐམས་ཅད་བྲལ་བ་སྟོང་གསལ་བདེ་བ་ཆེན་པོའི་ངང་ལ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་ཤིང་སྣང་བ་ཡིན་ལ། དེ་ཉིད་གཞན་གྱིས་མི་མཐོང་ཡང་། རང་ཉམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་སྣང་བ་ཡིན་ཏེ། སྐུ་གསུམ་གྱི་མདོ་ལས། རིགས་ཀྱི་བུ། སངས་རྒྱས་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་གང་ལ་སྣང་ངོ་། །ཞེས་སོ། །ཁ་གཅིག་ཆོས་སྐུ་ཞལ་ཕྱག་མེད་པ་ནམ་མཁའ་ལྟ་བུའི་སྟོང་པ་ལ་བཞེད་ཀྱང་། གསེར་འོད་དམ་པའི་མདོ་ལས། འཁོར་བར་རྣམ་པར་རྟོག་པ་ཟད་པ་ཡང་རྣམ་པར་དག་པ་སྟེ། སངས་རྒྱས་རྣམས་ཀྱིས་ཡང་དག་པའི་སྐུ་དེ་ནི་མེད་པ་མ་ཡིན་ནོ། །ཞེས་པ་དང་། དབུ་མ་འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོགས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་དུ། འདི་ནི་སྤྲོས་དང་བྲལ་བ་སྣང་པ་ཡིན། ཞེས་དང་། ཡང་དེ་ཉིད་ལས། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས། ཤེས་བྱ་སྐྱེ་བ་མེད་པ་ལ་སྐྱེ་བ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞེས་པས་གསལ་བ་ཡིན་ལ། རྫོགས་ཆེན་པས། ཐོགས་མའི་སངས་རྒྱས་ཀུན་ཏུ་བཟང་། །མཚན་དང་དཔེ་བྱད་ལྡན་པ་ཡོད། ཞེས་པ་དག་ཚུལ་མཚུངས་པ་ཡིན་ནོ། །དེ་ལྟར་མཚན་མ་དང་སྤྲོས་པ་ཅི་ཡང་མི་མངའ་བ་དབྱིངས་ཀྱིས་སྐུ་དེའི་ངང་ལས། གདུལ་བྱའི་ངོ་ལ་སྣང་བའི་སྐུ་མཆེད་པ་ནི། འགྲོ་དོན་མཛད་པའི་རྟོག་པ་མེད་ཀྱང་། སྔོན་གྱིས་སྨོན་ལམ་གྱི་མཐུ་དང་། རང་བཞིན་གྱི་ཡོན་ཏན་གྱི་སྟོབས་ཀྱི་རྒྱུ་ལས། གདུལ་བྱའི་རྐྱེན་དང་འཕྲད་པ་ན། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུར། སྣང་བ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྒྱུ་མ་ཆུ་དང་ཟླ་བ་ལྟ་བུ་ནི་མདོ་སྡེ་བརྒྱན་ལས་ཀྱང་། ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། ཅེས་གསུངས་ལ། དེ་ལྟར་ཡང་རྟོག་པ་མེད་པ་དེའི་ངང་ལས་འགྲོ་བའི་དོན་གང་ལ་གང་འདུལ་དུ་མཛད་པ་ནི། དཔེར་ན་ནོར་བུ་དང་དཔག་བསམ་ཤིང་དང་བུམ་པ་བཟང་པོ་ལ་སོགས་པ་ལ་གཞན་གྱི་རེ་བ་བསྐོང་མཉམ་པའི་རྟོག་པ་མེད་ཀྱང་། རང་བཞིན་གྱི་གྲུབ་པས་ནུས་མཐུ་འགྲོ་བའི་རེ་བ་སྐོངས་པ་ལྟར་ཡིན་ཏེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། ཇི་ལྟར་རེ་བ་ཡོངས་སྐོང་བ། དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། དབང་གི་རྒྱལ་བའི་སྐུ་སྣང་ངོ་། །ཞེས་པ་དང་། དཔལ་ཤ་བ་རས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། སྨོན་ལམ་དབང་གིས་རེ་བ་ཡོངས་སྐོངས་བ། དེ་ནི་འཇིག་རྟེན་ཐ་སྙད་ཀུན་རྫོབ་ཏེ། དམ་པའི་དོན་དུ་འགའ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་ལྡན། དཔེ་བྱད་བརྒྱད་བཅུའི་བདག་ཉིད་དེ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་གསུངས་པ་ཉིད་དོ། །སྐུ་དེས་བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ཀྱི་དོན་མཛད་པ་ཡིན་ཏེ། སྐུ་གསུམ་གྱི་མདོ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་གང་ལ་སྣང་པའོ། །ཞེས་གསུངས་སོ། །སྤྲུལ་པའི་སྐུ་ནི་ཆོས་ཀྱི་སྐུ་ཅིར་ཡང་མི་འཛིན་པའི་ངང་ནས་སེམས་ཅན་གྱི་སྣང་ངོར་གང་ལ་གང་འདུལ་དུ་སྣང་བར་མཛད་པ་ནི་རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། སྐྱེ་བ་མངོན་པར་སྐྱེ་བ་དང་། ཞེས་སོགས་གསུངས་ཤིང་། མངོན་རྟོགས་རྒྱན་ལས་གཟོ་དང་སྐྱེ་བ་བྱང་ཆུབ་ཆེ། ཞེས་སོགས་དབྱེ་བ་གསུངས། ངོ་བོ་ནི་དེ་ཉིད་ལས། གང་གིས་སྲིད་པ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ན། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། ཅེས་པ་ཉིད་དོ། །དཔེར་མཚོན་ན། གཟོས་འདུལ་བ་ལ་བྱི་ཤྭ་ཀརྨྨ་ལྟ་བུ་དང་། སྐྱེ་པས་འདུལ་བ་ལ་སེམས་ཅན་གྱི་གནས་རིགས་སྣ་ཚོགས་པ། སྐྱེ་བ་བཞེས་པ་སྐྱེས་རབ་ལས་བཤད་པ་ལྟ་བུ་དང་། བྱང་ཆུབ་ཆེན་པོ་ཤཱཀྱ་ཐུབ་པ་དང་། ཐུབ་པ་དྲུག་ལ་སོགས་པར་སྤྲུལ་ནས་གང་ལ་གང་འདུལ་དུ་འགྲོ་བའི་དོན་མཛད་དོ། །སྐུ་དེས་ནི་འགྲོ་བ་རང་རྒྱུད་པ་དག་གི་དོན་མཛད་པ་སྟེ། སྐུ་གསུམ་གྱི་མདོ་ལས། རིགས་ཀྱི་བུ། སངས་རྒྱས་སྤྲུལ་པའི་སྐུ་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་ངོ་གང་ལ་སྣང་ངོ་། །ཞེས་གསུངས་སོ། །འདིར་རྙིང་མ་དག་སྤྲུལ་སྐུ་ཐུབ་པ་དྲུག་ཅེས་བཞེད་པ་ལ། དཔལ་འཛིན་གྱི་རྩོད་པ་ན། འོ་ན་ཐུབ་པ་གཞན་ལྔ་ཡི། མཛད་པ་བཅུ་གཉིས་གང་དུ་སྤྱད། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། ཞེས་སོགས་རྒོལ་བ་ནི་རང་ཉིད་ཐོས་པ་ཆུང་པར་ཟད་དེ། ཇི་སྐད་དུ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་ཕྱེ་སྟེ་ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་དབང་གིས་སྟོན་ཅིང་། ཁ་གཅིག་ལ་ནི་ཉན་ཐོས་ཀྱིས་ཐེག་པའི་ཚུལ། ཁ་གཅིག་ལ་ནི་ཉོས་ཀྱི་ཐེག་པའི་ཚུལ། ཁ་གཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་གཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་གཅིག་ལ་ནི་ལྷར་སྐྱེ་བ་བྱ་བ་དང་། ཁ་གཅིག་ལ་ནི་མིར་སྐྱེ་བར་བྱ་བ་དང་། ཇི་ཙམ་དུ་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས་སོ། །དེ་ལ་སེམས་ཅན་ལ་སངས་རྒྱས་ཀྱི་འདུལ་བར་བྱ་བ་དག་གི་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉོས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ཀྱི་བྱང་ཆུབ་སེམས་པའི་གཟུགས་སུ་མཐོང་། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ་མཐོང་། ལ་ལས་ནི་ཚང་པའི་གཟུགས་སུ་མཐོང་། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ་མཐོང་། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ་མཐོང་། ལ་ལས་ནི་ལྟོ་འཕྱེ་ཆེན་པོའི་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་སུ་སྣང་པར་མཐོང་ངོ་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་འཕྲོ་བའི་རོར་ཅིག་པ་ལགས་སོ། །ཞེས་པ་དང་། རྡོ་རྗེ་གུར་ལས་ཀྱང་། གང་དུ་སྣང་ནས་ཀྱང་སེམས་ཅན་གྱིས་དོན་མཛད་དོ། །ཆང་ཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སེང་གེར་སྣང་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། སེམས་ཅན་སོ་སོ་རང་རང་གི་མོས་པ་དང་མཐུན་པར། ལྷ་ལ་བརྒྱ་བྱིན་དང་། ལྷ་མ་ཡིན་ལ་ཐགས་བཟང་རིགས་དང་། མི་ལ་ཤཱཀྱ་ཐུབ་པ་དང་། བྱོལ་སོང་ལ་སེང་གེ་རབ་བརྟན་དང་། ཡི་དྭགས་ལ་ནམ་མཁའ་མཛོད་དམ་ཁ་འབར་མ། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་བར་དུ་སྣང་ནས་བརྡའ་དང་ཐབས་མཁས་པས་སྤྱོད་ལམ་སྣ་ཚོགས་པ་དག་གིས་རིམ་གྱི་ཆོས་ཀྱི་སྣོད་རུང་དུ་མཛད་པ་གོང་གི་ལུང་གི་བསྒྲུབས་ཟིན་ཏོ། །དེ་ལྟར་སྐུ་གཅིག་ཏུ་འདོད་པ་དང་། དེ་བཞིན་དུ་གཉིས་པ་དང་། བཞིར་འདོད་པ་དང་། སྐུ་ལྔར་བཤད་པ་དང་། འདོད་པ་མང་ཡང་། དེ་དག་ཀྱང་སྐུ་གསུམ་དུ་མི་འདུ་བ་མེད་པས་ན་ཅུང་ཟད་ཙམ་གཅིག་བཤད་པ་ཡིན་ནོ། །རྒྱས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །དེ་ལྟ་བུར་སེམས་ཀྱིས་ལམ་ལ་གོམས་པར་བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་པར་བྱེད་པ་ཡིན་ཏེ། གཡག་སྡེ་པཎ་ཆེན་གྱིས། རྣམ་རྟོག་འདུལ་ཕྱིར་འདུལ་བ་ཡིན། ཏིང་འཛིན་མཆོག་འདི་མདོ་སྡེ་ཡིན། །ཇི་བཞིན་རྟོགས་པ་མངོན་པ་སྟེ། །རྣམ་རྟོག་གཅོད་ཕྱིར་གཅོད་ཡིན་ལ། །སྡུག་བསྔལ་ཞི་ཕྱིར་ཞི་བྱེད་ཡིན། །འཛིན་པ་སྦྱོང་བས་བློ་སྦྱོངས་ཡིན། །མཐར་འཛིན་ཞི་བས་དབུ་མའི་ལམ། །རང་གྲོལ་ཀུན་ཁྱབ་ཕྱག་རྒྱ་ཆེ། །ངང་ལ་རྫོགས་པས་རྫོགས་ཆེན་ཡིན། །ཅེས་གསུངས་སོ། །ཤེས་རབ་ཞན་པས་རྨོངས་པ་བདག་ལྟ་བུས། ངེས་དོན་བསྟན་ལ་དབབ་པར་མི་ནུས་ཤིང་། ལྟ་བའི་གདེང་དང་བསྒོམ་པའི་ཉམས་མྱོང་མེད། །སྦྱངས་པའི་ཤེས་རྒྱ་ཆེན་པོའང་མ་མཆིས་ཀྱང་། རྡོ་རྗེ་འཆང་དངོས་བླ་ཆེན་ཆོས་ཀྱི་རྗེའི། །ཐུགས་རྗེའི་བྱིན་རླབས་སྙིང་ལ་ཅུང་ཟད་བབས། །དེ་ཕྱིར་བླ་མ་ཤཱཀྱ་བཟང་པོ་ཡིས། །གཞི་ལམ་འབྲས་བུའི་རྣམ་དབྱེ་དགོས་སོ་ཅེས། །ནན་གྱི་བསྐུལ་བའི་ངོ་རུ་བྲིས་པ་འདི། །ལེགས་པར་རྟགས་ལ་ཉམས་སུ་བླངས་པར་མཛོད། །གང་དག་འདི་ལ་ནོངས་པ་ཅི་མཆིས་པ། །དེ་ཉིད་གཟིགས་པའི་སྐྱེས་ཆེན་རྣམས་ལ་གཤགས། །བོད་འགྱུར་བཀའ་དང་བསྟན་བཅོས་གྲངས་མང་ཞིང་། །གདམས་ངག་སོ་སོར་ཟབ་པའང་བསམ་ལས་འདས། །ཚུལ་བཞིན་ཉམས་སུ་ལེན་པའི་གང་ཟག་ཉུང་། །དེ་ཕྱིར་བདག་འདྲའི་བརྩོམ་པས་ཅི་ཞིག་བྱ། །དེ་ལྟར་ན་ཡང་འདིར་འབད་དགེ་བ་གང་། །རྟོགས་བྲལ་མ་བཅོས་རང་བབས་དེ་བཞིན་ཉིད། །བདེ་གཤེགས་དགོངས་དོན་རྟོགས་པའི་བློ་གྲོས་ཀྱིས། །འགྲོ་རྣམས་ཀུན་ཏུ་བཟང་པོའི་སར་འགོད་ཤོག །བྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་གསལ་བ་ཞེས་བྱ་བ། ཀཿཐོག་བླ་མ་ཤཱཀྱ་བཟང་པོས་ནན་ཏན་དུ་སྐུལ་བའི་ངོར། ལྷ་རྗེ་བློ་གྲོས་བཟང་པོའི་གཙང་རོང་གི་རི་ཁྲོད་དུ་བྲིས་པའོ། །འདི་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་བློ་བྲལ་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་འཆར་བར་གྱུར་ཅིག །དགེའོ། །མངྒལཾ། །ཤུབྷཾ། །ཤུབྷཾ། བྷ་ཝནྟུ།


previousབྱང་ཆུབ་སེམས་ཀྱི་དོན་བསྒོམ་པའི་ཡི་གེ་གཞི་ལམ་འབྲས་བུའི་དོན་བསམ་པ་ཞེས་བྱ་བ་བལྟ་བསྒོམ་སྤྱོད་པའི་མན་ངག །ལྷ་རྗེ་བློ་གྲོས་བཟང་པོ།next