Nitartha Digital Library
Tibetan
 
previousསྦས་པའི་རྒུམ་ཆུང་གི་ཚིག་འགྲེལ། ནམ་མཁའི་ནོར་བུ། no next

སྦས་པའི་རྒུམ་ཆུང་གི་ཚིག་འགྲེལ། ནམ་མཁའི་ནོར་བུ།

སྦས་པའི་རྒུམ་ཆུང་གི་ཚིག་འགྲེལ། བདུད་བཞི་བཅོམ། ཞེས་ཉོན་མོངས་པའི་བདུན་བཅོམ་པས། འདོད་ཆགས་དང་། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག །བཅས་པའི་བག་ཆགས་དང་ཡོངས་སུ་བྲལ་བ། ཕུང་པོའི་བདུད་བཅོམ་པས། གདོས་བཅས་ཤ་ཁྲག་གི་ཕུང་པོ་གནས་འགྱུར་ཏེ་འཇའ་ལུས་འོད་ཕུང་མཚན་དཔེའི་དཀྱིལ་འཁོར་དུ་འགྱུར་བ། ལྷའི་བུའི་བདུད་བཅོམ་པས། ཆོས་ཉིད་ལ་མཉམ་པར་བཞག་པ་དང་། ཀུན་ཏུ་རྟོག་པའི་རྗེས་ཐོབ་གཉིས་སུ་མེད་པ་མཉམ་རྗེས་རིས་མེད་དུ་འགྱུར་བ། འཆི་བདག་གི་བདུད་བཅོམ་པས། སྐྱེ་འཆི་ལས་ཡོངས་སུ་འདས་ཏེ་ཟག་མེད་རྡོ་རྗེའི་སྐུ་མཆོག་བརྙེས་པའོ། །ཉིད་བྱང་ཆུབ། ཅེས་ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་དང་སེམས་ཅན་གཉིས་སུ་མ་གྲུབ་ནའང་། དེའི་རང་གདངས་མ་འགགས་པའི་རྩལ་སྣ་ཚོགས་སུ་ཤར་བ་དེ་ཉིད་རང་དུ་རིག་པས་རང་བྱང་ཆུབ་པ་སྟེ། དུས་ཀུན་ཏུ་འཁྲུལ་མ་མྱོང་བའི་ཡེ་ཤེས་ཀྱི་རོལ་པ་ཟང་ཐལ་བཟང་པོའི་ངང་ཉིད་དུ་ལ་འདས་པར་ཀུན་ཏུ་བཟང་པོའམ་ཐོག་མའི་སངས་རྒྱས་སུ་གྲགས་ཤིང་། ཡེ་གཞི་དེ་རང་མ་རིག་པ་ལས་སེམས་ཅན་དུ་འཁྲུལ་པ་སྟེ། རང་སྣང་འཁྲུལ་པས་གཞན་དུ་བཟུང་བ་ནི་ཇི་ལྟར་དྷ་ཏུ་ར་ཟོས་པས་སྣང་བ་སྣ་ཚོགས་སུ་སྣང་བ་དང་འདྲ་བ་ཡིན། ཡེ་གཞི་གཅིག་ལས་གཉིས་སུ་འབྱུང་བ་ནི་དཔེ་དུག་དང་མཚུངས་པ་སྟེ། དུག་དེ་ཤེས་ན་སྨན་དུ་འགྱུར་ཞིང་ནད་སེལ་བར་བྱེད་ལ། མ་ཤེས་ན་ཚེའི་དུས་བྱེད་པའི་དུག་ཡིན་པ་ལྟར། ཡེ་གཞི་དེ་ཀ་རིག་ན་སངས་རྒྱས་ཡིན་ལ། མ་རིག་ན་སེམས་ཅན་ཏེ་ཡེ་གཞི་གཅིག་ལས་སངས་རྒྱས་དང་སེམས་ཅན་དུས་མཉམ་དུ་བྱུང་ཞིང་། ཀུན་ཏུ་བཟང་པོས་འཁོར་བའི་མིང་ཙམ་ཡང་མ་གྲགས་པར་རང་ཐོག་ཏུ་རང་ངོ་ཤེས་པས་གྲོལ་བ་དང་། དེའི་གོང་དུ་སངས་རྒྱས་གཞན་མ་བྱུང་བས་ཐོག་མའི་སངས་རྒྱས་སམ། དང་པོའི་སངས་རྒྱས་ཞེས་སུ་གྲགས་པ། འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་ཏུ་ཉིད་བྱང་ཆུབ་པ་ཡིན། ཚོགས་གཉིས་ལ་མ་བསྟེན་པའི་སངས་རྒྱས་མི་སྲིད་པའང་མི་བསམ་སྟེ། དེ་ནི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ལ། དེའི་གོང་དུ་སངས་རྒྱས་དང་སེམས་ཅན་གྱི་ཐ་སྙད་ཙམ་ཡང་མེད་ན་ཚོགས་གཉིས་ཞེས་བྱ་བ་ཞིག་ག་ལ་ཡོད། དེ་འདྲའི་གྲོལ་བ་ཐོབ་པ་དེ་ནི་ཡེ་གཞིའི་གནས་ལུགས་ཇི་ལྟར་ཡིན་པ་ལ་ཡིན་པར་རྟོགས་པའི་དོན་གྱིས་ཉིད་བྱང་ཆུབ་པ་ལས། ཚོགས་གཉིས་ཀྱི་མཐུས་ཉིད་བྱང་ཆུབ་པ་ཞིག་མ་ཡིན། ཚོགས་གཉིས་བསགས་པ་དེ་ནི་སྒྲིབ་པ་གཉིས་སྦྱང་བའི་ཆེད་དུ་ཡིན་ལ། སྒྲིབ་པ་གཉིས་ནི་གཉིས་འཛིན་གྱི་བག་ཆགས་བརྟས་པ་ལས་འབྱུང་དགོས་པའི་ཚུལ་རྣམས་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལེའུ་དགུ་པ་ལས་གསལ་བར་གསུངས་པ་དེ་ཡིན། བསྐྱེད་རྫོགས། ཞེས་སྦྱང་བྱ་གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་པོ་དེ་དག་སྦྱོང་བྱེད་སྐུ་གསུམ་གྱི་ལམ་ཁྱེར་བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་གསང་སྔགས་བླ་མེད་ཀྱི་སྒྱུར་ལམ་བསྐྱེད་པའི་རིམ་པ་དང་། བསྐྱེད་རིམ་གྱི་མྱོང་བ་ཐོན་པའི་གང་ཟག་གིས་རང་གི་ལུས་རྡོ་རྗེའི་ཕུང་པོའི་རྩ་རླུང་ཐིག་ལེ་རྣམས་ལ་གནད་དུ་བསྣུན་ཏེ་བསྒོམས་པའི་སྟོབས་ཀྱིས་ལས་རླུང་དབུ་མའི་དབྱིངས་སུ་ཞུགས་གནས་ཐིམ་གསུམ་བྱེད་པའི་ཐབས་བླ་མ་མེད་པའི་སྒྱུར་ལམ་རྫོགས་པའི་རིམ་པ་འདི་གཉིས་ལ་རིམ་པ་གཉིས་ཞེས་སུ་གྲགས་པ་ཡིན། ལམ་རིམ་པ་གཉིས་སུ་ངེས་པའི་ཤེས་བྱེད་ཀྱང་། སྡུག་བསྔལ་གྱི་བདེན་པ་ཇི་སྙེད་པ་ཐམས་ཅད་སྐྱེ་ཤི་གཉིས་སུ་འདུ་ཞིང་། དེའང་སྐྱེ་བའི་རྩ་བ་ཅན་ཡིན་པས། སྐྱེ་བའི་རིམ་པ་སྦྱོང་བྱེད་དུ་བསྐྱེད་པའི་རིམ་པ་དང་། འཆི་བའི་རིམ་པ་སྦྱོང་བྱེད་དུ་རྫོགས་པའི་རིམ་པ་སྟེ་ལམ་རིམ་པ་གཉིས་སུ་ངེས་པའི་ཁོངས་སུ་གསང་སྔགས་ཀྱི་གཞུང་མ་ལུས་པ་འདུ་ཞིང་། སྐྱེ་བའི་རིམ་པའང་སྐྱེ་གནས་རྣམ་པ་བཞིར་འདུས་པ་ལྟར། དེ་དང་བསྟུན་པའི་བསྐྱེད་རིམ་བསྡུས་འབྲིང་རྒྱས་པ་དང་། རྒྱས་པ་ཆེན་པོའི་བསྐྱེད་རིམ་དང་བཞི་ཡོད་པའི་སྐོར་གསལ་ཞིང་རྒྱས་པ་ནི་རིག་འཛིན་འཇིགས་མེད་གླིང་པའམ། མཁྱེན་བརྩེའི་འོད་ཟེར་གྱིས་མཛད་པ་བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་གཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་དང་། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་གིས་མཛད་པ་བསྐྱེད་རིམ་ལྷའི་ཁྲིད་ཀྱི་དཀའ་གནད་ཅུང་ཟད་བཤད་པ་ལས་གསལ་བར་བཤད་ཡོད། བཅོམ་ལྡན་འདས། ཞེས་ལེགས་སྦྱར་དུ་བྷ་ག་ཝན་གྱི་སྒྲ་ལས་དྲངས་པ་སྟེ། དེའི་ཚིག་འགྲེལ་དུ་བདུད་བཞིའི་བཅོམ་པ་དང་། རང་དོན་དུ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་ལོངས་སྤྲུལ་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱས་པས་ལྡན་པ་དང་། སྲིད་པ་དང་ཞི་བ་གཉིས་ཀའི་མཐའ་ལ་མི་གནས་ཤིང་། མྱ་ངན་ལས་ཡོངས་སུ་འདས་པས་འདས་པ་ཞེས་བྱ། འདུ་འབྲལ་མེད་པ། ཞེས་ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཀུན་ཏུ་བཟང་པོའི་རང་བཞིན་དེ་ལ། ལེགས་པའི་ཆ་འདུ་བ་དང་། ཉེས་པའི་ཆ་འབྲལ་དགོས་པ་ཅི་ཞིག་ཀྱང་མེད་པ་ནི། འཕགས་པ་ཐོགས་མེད་ཞབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་འགྲེལ་པ་སློབ་དཔོན་སེངྒེ་བཟང་པོས་མཛད་པ་ལས་གསལ་བར་བསྟན་པས་མཚོན། ཡེ་གདོད་མ་ནས་ཕུན་སུམ་ཚོགས་པའི་ལེགས་ཚོགས་ཇི་སྙེད་པ་ཐམས་ཅད་མ་བསྒྲུབས་རང་བྱུང་ལྷུན་གྱིས་གྲུབ་པ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་རང་ཆས་སུ་བཞུགས་ཤིང་། ཉི་དཀྱིལ་དང་འོད་ཟེར་འདུ་འབྲལ་མེད་པ་བཞིན་ནོ། །ཀུན་ཏུ་བཟང་པོ། ཞེས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ནི་ཀུན་ཏུ་བཟང་པོ་ལྔར་འདུས་པ་སྟེ། ༡༽སྟོན་པ་ཀུན་ཏུ་བཟང་པོ་ནི། སངས་རྒྱས་ཐམས་ཅད་འོག་མིན་ཏུ་ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུར་བཞུགས་བཞིན་ཏུ་སྤྲུལ་པ་གདུལ་བྱའི་གནས་རིས་ཀུན་ཏུ་འཕྲོ་བས་འགྲོ་བའི་དོན་མཛད་པ། ༢༽གཞི་ཀུན་ཏུ་བཟང་པོ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ། དེ་ལ་ནི་རང་བཞིན་ཀུན་ཏུ་བཟང་པོ་ཞེས་ཀྱང་བྱ། ༣༽རྒྱན་ཀུན་ཏུ་བཟང་པོ་ནི། ཆོས་ཐམས་ཅད་ཀྱི་སྣང་བ་ཆོས་ཅན་གྱི་རོལ་པར་རང་ཤར་བ་སྟེ། སྒྱུ་མའི་རང་བཞིན་དུ་རྣམ་པར་དག་པ། ༤༽རིག་པ་ཀུན་ཏུ་བཟང་པོ་ནི། རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ། ༥༽རྟོགས་པ་ཀུན་ཏུ་བཟང་པོ་ནི། གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་རྟོགས་པས་ཐར་པ་དམ་པའི་མིག་རྙེད་པ་སྟེ། དེ་ལ་ནི་ལམ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན། དེ་བས་ན་ཀུན་ཏུ་བཟང་པོ་ཞེས་སུ་གྲགས་ཤིང་། སྒྲ་དོན་གྱི་དབང་དུ་བྱས་ན། དུས་ཀུན་ཏུ་ནམ་ཡང་འཁྲུལ་པས་གོས་མ་མྱོང་བས་བཟང་པོའི་སྒྲས་བསྙད་པ་ཡིན་ནོ། །ཇི་བཞིན་བའི་ཀློང་། ཞེས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་བསམ་གཏན་མིག་སྒྲོན་ལས་འདི་སྐད་ཅེས་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཇི་བཞིན་པར་ལྟ་བ་ནི། ཁྱད་པར་དུའང་མ་ནོར་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཁོ་ན་མ་བཅོས་མ་བསླད་པ་ཉིད་པས་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའོ། །དེའི་མཚན་གྱི་རྣམ་གྲངས་ནི་ཡོན་ཏན་གྱི་ཆ་ལས་སྣང་བ་གྲངས་ལས་འདས་སོ། །དེ་ཁོ་ན་ཉིད་ལ་དམིགས་འཛིན་མེད་པས་གཟའ་གཏད་དང་བྲལ་བ་ཞེས་བྱ་བ་ཡང་གྲགས། དེ་ལ་འབྲས་བུ་རིལ་རྫོགས་པས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་ཡང་གྲགས། དེ་ཁོ་ནར་སྡུག་བསྔལ་མིང་མེད་པས་བདེ་བ་ཆེན་པོ་ཞེས་བྱ་བར་ཡང་གྲགས། གཞན་པའི་ཆོས་མེད་པས་བདག་ཉིད་ཆེན་པོར་ཡང་གྲགས། ཟླ་དང་སྤྲོས་པ་མེད་པས། ཐིག་ལེ་ཆེན་པོར་གྲགས། དེ་ཉིད་དུ་ཐམས་ཅད་དུ་གསལ་བར་གསལ་བས་རང་འབྱུང་ཡེ་ཤེས་སུ་ཡང་གྲགས། འབྲས་བུ་ལ་རེ་བ་མེད་པས་མི་རྩོལ་བའི་ཕྱིར་བྱ་རྩོལ་བྲལ་བ་ཞེས་བྱ་བར་ཡང་གྲགས་ཏེ། དེ་དག་རྟགས་ཐ་དད་ཀྱང་ངོ་བོ་ལ་ཐ་དད་མེད་པས། གཅིག་ཀྱང་ཐམས་ཅད་ཡིན་ལ། ཐམས་ཅད་གཅིག་པས། གཞི་ཇི་བཞིན་བའི་མཚན་གྱི་རྣམ་གྲངས་སོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱའོ། །དེ་ཚུལ་ཇི་བཞིན་ཞེ་ན། ཡེ་གཟའ་གཏད་དང་བྲལ་བ་ལ་གཟའ་གཏད་དང་བྲལ་བའང་མེད། ཡེ་བདག་ཉིད་ཆེན་པོ་དེར་ལྟ་བའང་མེད། ཡེ་ལྷུན་གྱིས་གྲུབ་པ་ལ་ལྷུན་གྱིས་གྲུབ་པར་ལྟ་བའང་མེད། ཡེ་གཉིས་སུ་མེད་པ་ལ་གཉིས་སུ་མེད་པར་ལྟ་བའང་མེད། ཡེ་བྱ་རྩོལ་དང་བྲལ་བ་ལ་བྱ་རྩོལ་དང་བྲལ་བར་ལྟ་བའང་མེད། ཡེ་བདེ་བ་ཆེན་པོར་བདེ་བ་ཆེན་པོར་ལྟ་བའང་མེད། ཡེ་ཐིག་ལེ་ཆེན་པོར་ལྟ་བ་ལ་ཐིག་ལེ་ཆེན་པོར་ལྟ་བའང་མེད། ཡེ་རང་འབྱུང་ཡེ་ཤེས་ལ་རང་འབྱུང་ཡེ་ཤེས་སུ་ལྟ་བའང་མེད་པའི་ཕྱིར། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་པའི་ཆོས་ལ་དེ་ཉིད་དུའང་མི་ལྟའོ། །ཞེས་པས་གསལ་བའི་ཇི་བཞིན་བའི་ཀློང་ཆེན་པོ་དེ་ཉིད་མངོན་དུ་གྱུར་ཅིང་དེ་ཉིད་ཀྱི་ཀློང་དུ་བཞུགས་པའི་དོན་ཡིན། སྐབས་འདིར་ཇི་བཞིན་བ་ཞེས་དང་། ཇི་བཞིན་པ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་སུ་ཡོད་འདུག་པ་དེ་ནི་གནའ་བོའི་དཔེ་རྙིང་རྣམས་སུ་ཇི་བཞིན་བ་ཞེས་པ་ཁོ་ནར་སྣང་ལ། དེང་དུས་ཀྱི་ལུགས་སུ་ནི་ཇི་བཞིན་པ་ཞེས་འབྱུང་བས་འགལ་བ་གང་ཡང་མེད། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས། ཞེས་ཀུན་གཞི་དབྱིངས་སུ་ནུབ་ཅིང་གཏི་མུག་གནས་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་བསྒོམས་པས་ཆོས་དབྱིངས་ཡེ་ཤེས་ལ་སྒྲིབ་པ་བསལ་ནས་སྣང་ཞིང་། ཆོས་ཉིད་སྤྲོས་པ་ཞི་བའི་ངོ་བོ་མཁྱེན་པའོ། །ཇི་ཙམ། ཞེས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཀློང་ཆེན་པོར་ཇི་ཙམ་དུ་བཞུགས་པ་དེ་སྙེད་དུ་ཀུན་ཏུ་རྟོག་པའི་འཆིང་བ་ལས་ཡོངས་སུ་གྲོལ་བའོ། །རྟོག་མྱེད། ཅེས་གཉིད་ཀྱི་སྐབས་དང་། བརྒྱལ་བ་དང་། ཧད་དེ་བར་ལུས་པ་དང་། གཡེང་བས་འབྱམས་ཏེ་དྲན་རིག་དང་བྲལ་ཞིང་། རྟོག་པ་མེད་པ་དེ་དག་གི་གནས་སྐབས་རྣམས་ལ་རྟོག་མེད་ཀྱི་ཐ་སྙད་འཇུག་མོད། སྐབས་འདིར་བསྟན་གྱི་རྟོག་མེད་ནི། སུ་ཞིག་བསམ་གཏན་ལ་བློ་རྩེ་གཅིག་པས་གནས་པའི་སྐབས་དེར་བཟང་ངན་གྱི་རྟོག་པ་ཅི་ཞིག་ཀྱང་མི་འཆར་བར་རྟོག་མེད་དུ་གནས་ཤིང་། དེའང་ཇི་ལྟར་རྡུལ་སོགས་རྙོགས་མའི་ཆུས་ཁེངས་པའི་བུམ་པ་དེ་འགུལ་སྐྱོད་ཀྱིས་མ་བསླད་པར་རང་བབས་སུ་ལྷན་ནེར་བཞག་པས། རྙོགས་པ་དང་དྭངས་མའི་ཆུ་རིམ་གྱིས་ཁ་ཞབས་ཕྱེད་ཅིང་། རང་བབས་ཀྱི་ངང་ཚུལ་རྗེན་པར་འཆར་བ་དང་ཚུལ་མཐུན་པའི་བསམ་གཏན་ཀུན་རྟོག་གི་གཞན་དབང་དུ་མ་གྱུར་པ་དེ་ལ་ཟེར་བ་ཡིན། སྒོམ་ཆེན་པས་སེམས་རྟོག་མེད་དུ་ཟིན་པའི་ཆ་དེ་དང་། རྣལ་འབྱོར་པས་རིག་པ་རྟོག་མེད་དུ་རྗེན་པར་ངོས་ཟིན་པ་གཉིས་རྟོག་མེད་ཙམ་དུ་འདྲ་ནའང་། སེམས་རྟོག་མེད་ནི་ལུས་གནད་ལ་སོགས་པ་གཞིག་ན་ཞིག་པར་འགྱུར་ཞིང་། རྗེན་ལའང་མ་བུད་པ་ཞིག་ཡིན་ལ། རིག་པ་རྟོག་མེད་ནི་གནས་ཚུལ་དེ་ལས་བཟློག་པའི་ཁྱད་ཤིན་ཏུ་ཆེ་བར་ཡོད་པའི་ཚུལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས་གསལ་བར་གསུངས་ཡོད་པ་དེ་བཞིན་དུ་ཤེས་སོ། །ཀུན་ཏུ་བཟང་མོ། ཞེས་ཡོངས་གྲགས་སུ། སྣང་བ་ཡབ་ལ་སྟོང་པ་ཡུམ་སྟེ། ཡབ་ཡུམ་གཉིས་ཀྱིས་སྣང་སྟོང་གཉིས་མཚོན་པའི་དབང་གིས། ཐབས་ཀྱི་ཆ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། བདེ་གཤེགས་རིགས་ལྔ་སོགས་སྣང་བ་ཡབ་ཀྱིས་མཚོན་པ་དང་། ཤེས་རབ་ཀྱི་ཆ་ཐམས་ཅད་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོ་དང་། བདེ་གཤེགས་ཡུམ་ཆེན་ལྔ་སོགས་སྟོང་པ་ཡུམ་གྱི་མཚོན་པ་ཡིན། ཆེ་བ་རྣམ་ལྔ། ཞེས་སྦས་པའི་རྒུམ་ཆུང་གི་རྩ་བའི་གཞུང་འདིའི་དགོངས་པ་དོན་རྣམ་པ་ལྔར་བཀྲལ་བ་དེ་ཉིད་ཀྱིས་ཆེ་བ་རྣམ་པ་ལྔ་སྟེ། ༡༽ཀུན་ཏུ་བཟང་པོའི་རང་བཞིན་ལ་ཕྱག་འཚལ་བར་བསྟན་པས་ཆེ་བ། ༢༽བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པས་ཆེ་བ། ༣༽བྱང་ཆུབ་ཀྱི་སེམས་ཀྱི་དཔེ་མི་དམིགས་པར་བསྟན་པས་ཆེ་བ། ༤༽ཀུན་གཞི་མཁའ་དབྱིངས་རྣམ་པར་དག་པར་བསྟན་པས་ཆེ་བ། ༥༽བྱང་ཆུབ་སེམས་ཀྱི་གོལ་ས་དང་སྒྲིབ་པ་བསྟན་པས་ཆེ་བའོ། །མྱེ་ལོང་ལྟ་བུའི་ཡེ་ཤེས། ཞེས་ཀུན་གཞིའི་རྣམ་ཤེས་ནུབ་ཅིང་ཞེ་སྡང་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དཔེར་ན་མེ་ལོང་གི་ངོགས་སུ་གང་བསྟན་པའི་རྐྱེན་དེ་གསལ་པོར་འཆར་བ་ལྟར། རིག་པ་དྲི་མེད་ལ་ཡེ་ཤེས་དག་པའི་སྣང་བ་ཡོངས་སུ་གསལ་ཞིང་། ཆོས་ཀྱི་ཚིག་དོན་འཛིན་པ་དང་། ཆོས་རྣམས་ཀྱི་རང་བཞིན་འོད་གསལ་བར་ངང་གིས་མཁྱེན་པ་ཡིན། བློ་ཡི་ཡུལ་དུ་སྣང་། ཞེས་ཟག་བཅས་དང་ཟག་མེད་ཀྱི་ཆོས་གང་ཞིག་བློའི་ཡུལ་དུ་བྱས་པ་ལྟ་བུ་ཞིག་མིན་ནའང་། རྟོག་མེད་དེ་རང་བློའི་ཡུལ་དུ་བྱེད་པ་ནི་མིང་མེད་ཅེས་པ་དེ་རང་མིང་དུ་སོང་བ་དང་འདྲ་བས། བློ་ཡི་ཡུལ་དུ་སྣང་ཞེས་གསུངས་པ་ཡིན། དཔེ་འདིར་བློ་ཡི་ཡུལ་དུ་སྣང་ཡིན། ཞེས་ཚིག་རྐང་གཅིག་བྱེད་པ་ལ་ཚིག་གཅིག་མ་ཚང་བ་དེ་ནི་བྱེད་ཚིག་སྣང་བ་ཞེས་པའི་ཚིག་མཐའ་ཆད་པ་ཞིག་ཡིན་པ་ནི་ཤེས་པར་སླའོ། །གཉིས་སུ་མྱེད་པའི་བྱང་ཆུབ་ཀྱི་སེམས། ཞེས་གཉིས་སུ་མེད་པའི་དོན་ནི། ཡོད་པ་དང་མེད་པ་གཉིས་མེད། རྟག་པ་དང་ཆད་པ་གཉིས་མེད། གཅིག་དང་དུ་མ་གཉིས་མེད། སྐྱེས་པ་དང་མ་སྐྱེས་པ་གཉིས་མེད། ཉིན་མོ་དང་མཚན་མོ་གཉིས་མེད། སངས་རྒྱས་དང་སེམས་ཅན་གཉིས་མེད། རྒྱུ་དང་འབྲས་བུ་གཉིས་མེད། སྒོ་དང་ཕུགས་གཉིས་མེད། རྩོལ་བ་དང་མི་རྩོལ་བ་གཉིས་མེད། ཐོབ་པ་དང་མ་ཐོབ་པ་གཉིས་མེད། རྟོགས་པ་དང་མ་རྟོགས་པ་གཉིས་མེད། བསྒོམ་པ་དང་མི་བསྒོམ་པ་གཉིས་མེད། བྱུང་ཚོར་ལྡང་བ་དང་མི་ལྡང་བ་གཉིས་མེད། མཉམ་པར་བཞག་པ་དང་མ་བཞག་པ་གཉིས་མེད། གྲགས་པ་དང་མ་གྲགས་པ་གཉིས་མེད། བཟང་བ་དང་ངན་པ་གཉིས་མེད། འཁོར་བ་དང་མྱང་འདས་གཉིས་མེད། འགགས་པ་དང་མི་འགགས་པ་གཉིས་མེད། གནས་པ་དང་མི་གནས་པ་གཉིས་མེད། འགྲོ་བ་དང་འོང་བ་གཉིས་མེད། ཕྱི་དང་ནང་གཉིས་མེད། ཕྱོགས་རིས་གཉིས་མེད། བདག་གཞན་གཉིས་མེད། ཆེ་ཆུང་གཉིས་མེད། མཐོ་དམན་གཉིས་མེད། སྤྱོད་པ་དང་མི་སྤྱོད་པ་གཉིས་མེད། ཡིན་མིན་གཉིས་མེད། ཐོག་མཐའ་གཉིས་མེད། མཐའ་དབུས་གཉིས་མེད། འཕེལ་འགྲིབ་གཉིས་མེད། གྲོལ་མ་གྲོལ་གཉིས་མེད། བརྗོད་མ་བརྗོད་གཉིས་མེད། སྣང་མི་སྣང་གཉིས་མེད། མང་ཉུང་གཉིས་མེད། ཞི་མ་ཞི་གཉིས་མེད། གསལ་མི་གསལ་གཉིས་མེད། ཁྱབ་མ་ཁྱབ་གཉིས་མེད། དམིགས་མི་དམིགས་གཉིས་མེད། དག་མ་དག་གཉིས་མེད། རྟེན་བརྟེན་ཅན་གཉིས་མེད། སློབ་མི་སློབ་གཉིས་མེད། དགེ་སྡིག་གཉིས་མེད། མཐོ་རིས་ངན་སོང་གཉིས་མེད། ལོག་མ་ལོག་གཉིས་མེད། རྒྱུ་རྐྱེན་གཉིས་མེད། འབྲས་བུ་ཚོལ་མ་ཚོལ་གཉིས་མེད། སངས་རྒྱས་ཀྱི་ས་ནོན་མ་ནོན་གཉིས་མེད། བསྲུང་མི་བསྲུང་གཉིས་མེད། སྙིང་རྗེ་མི་རྗེ་གཉིས་མེད། བྱམས་མི་བྱམས་གཉིས་མེད། གྲུབ་མ་གྲུབ་གཉིས་མེད། དགའ་མི་དགའ་གཉིས་མེད། བཏང་སྙོམས་བྱས་མ་བྱས་གཉིས་མེད། གོལ་མ་གོལ་གཉིས་མེད། ལྟུང་མ་ལྟུང་གཉིས་མེད། སྒྲིབ་མ་སྒྲིབ་གཉིས་མེད། ལེན་མི་ལེན་གཉིས་མེད། ལྟ་བ་དང་ལྟ་བྱེད་གཉིས་མེད། གཏན་ཚིགས་ཀྱིས་གཞལ་བ་དང་མི་འཇལ་བ་གཉིས་མེད། བདེན་པ་གཉིས་མེད་སོགས་ཏེ་བསམ་གཏན་མིག་སྒྲོན་ལས་ཞིབ་རྒྱས་བསྟན་པའི་གཉིས་མེད་ཀྱི་བདག་ཉིད་ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་དམ་པ་དེ་ལ་ཟེར་བ་ཡིན། མཉམ་པ་ཉིད་ཀྱི་ཡེ་ཤེས། ཞེས་ཉོན་མོངས་པའི་ཡིད་ནུབ་ཅིང་ང་རྒྱལ་གནས་སུ་དག་པ་མཉམ་ཉིད་ཡེ་ཤེས་ཏེ། ཆོས་ཀུན་མཉམ་པའི་ངོ་བོར་ཕྱོགས་གང་དུའང་མ་ལྷུང་ཞིང་། མཉམ་པའི་རྒྱུ་འཁོར་འདས་གཉིས་དང་། མཉམ་པའི་རྐྱེན་སྣང་བ་དང་། སྟོང་པ་དང་། གཉིས་སུ་མེད་པར་རྟོག་པ་གསུམ་རྣམས། མཉམ་དུས་མཐར་ཕྱིན་འབྲས་བུའི་དུས་སུ་མངོན་དུ་གྱུར་པས། མཉམ་པའི་ཚད་ཟད་སར་སྐྱོལ་ཞིང་། ཐམས་ཅད་མཉམ་པ་ཉིད་རོ་གཅིག་པར་མཁྱེན་པའོ། །མྱི་རྟོག་ཟབ་མོ། ཞེས་མདོ་ལུགས་སུ་ཞི་གནས་རྩེ་གཅིག་པའི་ངང་རྣམ་རྟོག་ཡུལ་ཐོག་ཏུ་མི་འཕྲོ་བར་གནས་པ་དེ་ལ་མི་རྟོག་པ་ཞེས་སུ་གྲགས་ལ། སྔགས་ལུགས་སུ་ཀུན་རྟོག་གཉིས་འཛིན་གྱི་གཞན་དབང་དུ་མི་འགྱུར་བ་སྣང་སྟོང་དབྱེར་མེད་ཆེན་པོའི་ངང་མི་རྟོག་པར་གནས་པ་དེ་ལ་མི་རྟོག་པ་ཞེས་སུ་གྲགས་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐབས་འདིར་སེམས་གནས་པའང་། འགྱུ་ཞིང་འཕྲོ་བ་གང་ཞིག་ཡིན་ཡང་རུང་། དོན་དུ་རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་ལམ། རོལ་པའམ། རྒྱན་ཙམ་ལས་གཞན་དུ་མེད་པས། གནས་པའམ་འགྱུ་བ་གང་གི་སྐབས་ཡིན་ཀྱང་རུང་། ད་ལྟའི་ཤེས་པ་སྐད་ཅིག་མ་གསལ་ཙམ་རིག་ཙམ་པའི་ངང་ཉིད་ཆེན་པོ་དེ་གའི་གཤིས་ཐོག་ཏུ་གནས་པ་ལ་མི་རྟོག་ཟབ་མོ་ཞེས་བྱ་བ་ཡིན། དེའི་ཚུལ་བསམ་གཏན་མིག་སྒྲོན་ལས་ཀྱང་འདི་སྐད་ཅེས་གསུངས་ཏེ། མི་རྟོག་པ་ནི་འཇིག་རྟེན་པའི་མི་རྟོག་པ་དང་། འཇིག་རྟེན་ལས་འདས་པའི་མི་རྟོག་པ་དང་། བླ་མའི་མི་རྟོག་པའོ། །དེ་ལ་འཇིག་རྟེན་པའི་མི་རྟོག་པ་ནི། བསམ་གཏན་བཞི་དང་སྙོམས་པར་འཇུག་བཞི་པའོ། །འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་འགོག་པ་དང་། རང་རྒྱལ་ཞི་བའི་ཏིང་ངེ་འཛིན་ཏེ། དེ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ཀྱང་བྱའོ། །བླ་མའི་མི་རྟོག་པ་ནི་ཐེག་པ་ཆེན་པོ་སྟེ། དེ་ལ་དོན་རབ་འབྱེད་པའི་བསམ་གཏན་ལྷག་མཐོང་སྟེ། སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་ལས་བྱུང་བའོ། །དེ་བཞིན་ཉིད་དམིགས་ཀྱི་བསམ་གཏན་ནི་མཚན་མ་མེད་པའི་ཞི་གནས་སོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའོ། །དེ་དག་ལའང་མོས་པ་ལས་བྱུང་བའི་མི་དམིགས་པ་དང་། ཤིན་ཏུ་མི་དམིགས་པ་དང་། རྗེས་སུ་མི་དམིགས་པར་བཤད་དེ་གོ་སླ་བས་མ་སྦྱར་རོ། །ཡང་མི་རྟོག་པ་ལ། སྣང་ལ་མི་རྟོག་པ་དང་། མི་སྣང་ལ་མི་རྟོག་པ་གཉིས་ལས། སྣང་ལ་མི་རྟོག་པ་ནི་གཉིས་ཏེ། མཚན་མར་སྣང་ལ་མི་རྟོག་པ་ནི། དང་པོ་ངོ་བོར་སྣང་ལ་མི་རྟོག་པའོ། །མིག་སོགས་ཀྱི་དབང་པོ་ཡུལ་ལ་རྟེན་འབྲེལ་གཞན་དབང་ལ་དམིགས་པའི་ཤེས་པ་རྟོག་མེད་ཀྱི་འཛིན་པ་དང་བྲལ་བ་རྣམས་སོ། །ངོ་བོར་སྣང་ལ་མི་རྟོག་པ་ཡང་གསུམ་སྟེ། ཡོད་པའི་ངོ་བོར་སྣང་ལ་མི་རྟོག་པ་ནི། རྣལ་འབྱོར་སྤྱོད་པའི་གཞན་གྱི་དབང་རྟེན་འབྲེལ་ལས་བྱུང་བ་སྒྱུ་མ་ཙམ་པས་རང་རྒྱུད་པའི་རྟོག་པ་མེད་ཡིད་ལ་བྱེད་པའི་ཤེས་པ་དང་། མུ་སྟེགས་ཅན་དག་གི་བདག་ཏུ་ཡིད་ལ་བྱེད་པའི་ཤེས་པ་གཞན་མེད་པར་ཡིད་ཀྱང་དེ་ལ་དམིགས་པ་མེད་པའོ། །སྟོང་པའི་ངོ་བོར་སྣང་ལ་མི་རྟོག་པ་ནི། རྣལ་འབྱོར་སྤྱོད་པའི་ཡོངས་སུ་གྲུབ་པ་བསྒོམ་པའོ། །དབུ་མའི་ལམ་སྒོམ་པའི་ཤེས་པ་ལྷག་མཐོང་སྟེ། དེ་ལ་གོང་གི་མི་དམིགས་པ་ཚང་ངོ་། །དེ་ལས་ཁྱད་དུ་གཉིས་སུ་མེད་པའི་མི་རྟོག་པ་མ་ཧཱ་ཡོ་གའོ། །ལྷུན་གྱིས་གྲུབ་པའི་མི་རྟོག་པ་ཆེན་པོ་ཨ་ཏི་ཡོ་གའོ་ཞེས་སོ། །བདེ་བ་ཆེན་པོ། ཞེས་ལས་དང་། ཉོན་མོངས་པ་དང་། སྡུག་བསྔལ་གྱིས་བསྡུས་པའི་ཆོས་ཀུན་བརྟགས་ན་མེད་ལ། བཞག་ན་ཅིར་ཡང་འབྱུང་ཞིང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཀློང་དག་པ། ཟུག་རྔུ་མ་སྤངས་བདེ་བ་ཆེན་པོ་རང་ཤར་བ་ལ་བདེ་བ་ཆེན་པོ་ཞེས་བྱ་བ་དེའི་ཐ་སྙད་ཀྱི་བརྗོད་པ་མ་འགགས་ཀྱང་བརྗོད་དུ་ཅང་མེད་པ། བློས་ཀྱང་བདེ་བ་ཆེན་པོ་ཞེས་གཟུང་དུ་ཡེ་བྲལ་བ་ནི་འདི་ལྟར་སྣང་བ་ཙམ་ཉིད་དེ། གཞན་ནས་བཙལ་དུ་མེད་ཅིང་། དེ་ལྟ་བུའི་དོན་གྱི་གནད་ཆུད་པས་རང་རིག་པ་བདེ་བ་ཆེན་པོར་གསལ་བ་ནི། ངན་སོང་འཁོར་བ་ཉིད་བདེ་བ་ཆེན་པོར་གསལ་བས་སྤྱོད་ཡུལ་མ་བཀོལ་དག་པའི་ཚུལ་བསམ་གཏན་མིག་སྒྲོན་ལས་གསལ། སོ་སོར་རྟོག་པའ། ཞེས་སོ་སོར་རྟོག་པའི་ཡེ་ཤེས་ཞེས་པའི་དོན་ཏེ། དེ་ནི་ཡིད་ཤེས་ནུབ་ཅིང་འདོད་ཆགས་གནས་སུ་དག་པས། བྱ་བྱེད་བྲལ་བའི་རིག་པར་རྟོགས་པ་སྟེ། དབང་པོའི་རིགས་གང་ལ་གང་སྣང་བ་དེའི་ཆོས་རིམ་པ་སོ་སོར་གསལ་ཞིང་ཤེས་བྱ་ཐོགས་མེད་དུ་མཁྱེན་པའོ། །མྱི་རྟོག་པ་ཆེན་པོ། ཞེས་གོང་དུ་མྱི་རྟོག་ཟབ་མོ་ཞེས་བྱ་བ་དེ་དང་དོན་གཅིག་པ་ཡིན། བྱ་བ་ནན་ཏན། ཞེས་བྱ་བ་ནན་ཏན་གྱི་ཡེ་ཤེས་སམ། བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པའི་དོན་ཏེ། དེ་ནི་སྒོ་ལྔའི་རྣམ་ཤེས་ནུབ་ཅིང་ཕྲག་དོག་གནས་སུ་དག་པས། ཅིར་ཡང་རིག་པའི་ངང་ཉིད་དུ་རྫོགས་ཏེ། འབད་རྩོལ་རང་འགགས་ནས། ཆོས་ཀུན་རང་གཞག་རང་གྲོལ་ཤེས་བྱ་ཐོགས་མེད་དུ་མཁྱེན་པའོ། །ཇི་བཞིན་བ་ཡི་ཆོས། ཞེས་གོང་དུ་ཇི་བཞིན་བའི་ཀློང་ཞེས་བྱ་བའི་ཡིན་ལུགས་ཆེན་པོ་དེའི་ངང་ཉིད་དུ་ཤར་བའི་རྩལ་གྱི་ཆོས་ཇི་ལྟར་ཤེལ་སྒང་ལས་སྣ་ཚོགས་པའི་འཇའ་འོད་འགགས་མེད་དུ་འཕྲོ་ཞིང་ཀུན་ཏུ་སྣང་ནའང་། རྩལ་གྱི་ཆོས་དག་མ་དག་གང་ཞིག་སྣང་བ་དེ་ནི་ཡོངས་སུ་དག་པའི་ཤེལ་སྒང་དེའི་རྒྱན་ནམ་ཡོན་ཏན་དུ་ཤར་བ་ལས། དེས་རང་བཞིན་ལ་ཕན་གནོད་གང་ཡང་མེད་པ་དེས་མཚོན་པའི་ཆོས་རྣམས་ལ་བྱ་བ་ཡིན། རིག་པའི་རྒྱལ་པོ། ཞེས་གཞིའི་གནས་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་བཅས་གཞིར་གནས་ཀྱི་ཡེ་ཤེས་སུམ་ལྡན་དུ་བཞུགས་པའི་གནས་ལུགས་ཟབ་མོ་དེ་ཉིད་ཇི་བཞིན་པར་རིག་ཅིང་རྟོགས་པ་སྟེ། དེ་ནི་གནས་ལུགས་དང་། རྟོགས་པ། རྣལ་འབྱོར། གདམས་ངག་དང་། མན་ངག་སོགས་ཀུན་གྱི་མཆོག་གམ། བླ་ན་མེད་པའམ། རྒྱལ་པོ་ཡིན་པས་རིག་པའི་རྒྱལ་པོ་ཞེས་སུ་གྲགས་པ་ཡིན། སྟོང་པ་ཆེན་པོའི་དོན། ཞེས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དེ་ལ་སྟོང་པ་ཆེན་པོ་ཞེས་བྱ་ལ། དེའི་ཚུལ་ཇི་ལྟར་ཡིན་ལུགས་གསལ་བར་བསྙད་པའི་དོན་ནོ། །ལུང་། ཞེས་སངས་རྒྱས་དང་བྱང་སེམས་སོགས་སྐྱེས་མཆོག་དམ་པ་རྣམས་ཀྱིས་གསུངས་པའི་ཚིག་བསླུ་བ་མེད་པ་དེ་དག་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གྱི་ཆོས་རྣམས་ལ་ངེས་ཤེས་རྙེད་པའི་བདེན་དཔངས་སུ་དྲངས་པ་དེ་རིགས་ལ་ལུང་ཞེས་བྱ་བའི་སྐབས་དང་། སྟོན་པ་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་ཅི་རིགས་དང་། གཞན་ཡང་རྗེས་འཇུག་མཁས་པས་མཛད་པའི་བསྟན་བཅོས། དྲང་སྲོང་རིགས་སྔགས་གྲུབ་པ་རྣམས་ཀྱིས་བསྟན་པའི་སྔགས་དང་། ལས་སྣ་ཚོགས་པའི་གཞུང་ཅིའང་རུང་བ་དེ་དག་ལ་འཇུག་ཏུ་རུང་བ་དང་། ཞུགས་པས་ངེས་པར་གྲུབ་པའི་བཟླས་ལུང་སྟེ། གཞུང་གང་ཡང་རུང་བ་དེའི་སྒྲ་ཚིག་དག་པར་རྣ་བའི་དབང་པོར་ཐོས་ངེས་སུ་བརྗོད་ཅིང་ངག་ནུས་རིམ་པར་བརྒྱུད་པས་ནུས་ལྡན་དུ་བསྒྲུབ་པ་དེ་ལ་ལུང་ཞེས་བྱ་བའི་སྐབས་དང་། ནང་རྒྱུད་སྡེ་གསུམ་དུ་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། ཡན་ལག་གི་རྒྱུད་ཅིའང་རུང་བ་དེ་དག་ལས་སྙིང་པོའི་གནད་ཐོར་བུར་བླངས་པ་དེ་རིགས་ལ་ལུང་ཞེས་བྱ་བའི་སྐབས་ཏེ་རྣམ་པ་གསུམ་ཡོད་པ་ལས། སྐབས་འདིར་བསྟན་གྱི་ལུང་ནི་ཕྱི་མ་འདི་ཉིད་ཡིན་ལ། ཀརྨ་པ་རང་བྱུང་རྡོ་རྗེ་མཆོག་གིས་མཛད་པའི་གཞུང་རྒྱ་མཚོ་མཐའ་ཡས་ལས་ཀྱང་། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་ནང་ནས། ལུང་ཁྱད་པར་དུ་འཕགས་པ་སྣ་ཚོགས་བཏུས་ནས། ལུང་གི་སྒྲ་དོན་མང་པོ་གཏན་ལ་འབེབས་པ་སྟེ། ལུང་ཞེས་པའི་དོན་དེ་ག་ཡིན་ཅིང་། དོན་དེ་ལ་དགོངས་ནས། མདོ་དགོངས་པ་འདུས་པ་ལའང་ལུང་བཅུ་གཉིས་པ་སྟེ། དེ་ལས་འཕྲོས་པ་སུམ་ཅུ་རྩ་དྲུག་གིས་གཏན་ལ་འབེབས་པ་བཏུས་པའི་རྒྱུད་དུ་གྲགས་ཤིང་དཔལ་དུས་ཀྱི་འཁོར་ལོའང་། ཐོག་མའི་སངས་རྒྱས་ཀྱི་ལུང་ལས་བཏུས་ནས་གསུངས་པས། བཏུས་པའི་རྒྱུད་ཨ་ནུ་ཡོ་གར་གཏོགས་པར་འདོད་པའང་ཡོད། ཅེས་གསལ་བར་བསྟན་པས་ཤེས་ཐུབ། མན་ངག །ཐུན་མོང་མ་ཡིན་པའི་ངག་ཅེས་བྱ་བའི་དོན་ཏེ། དེ་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་གདམས་པ་ཉམས་སུ་ལེན་པའི་ཚེ་ཁྱད་པར་ཅན་གྱི་མྱོང་བ་ཅི་དང་ཅི་བྱུང་བ་དེ་དག་ཕྱི་རབས་གདུལ་བྱ་རྣམས་ཀྱི་དོན་དུ་ཐུན་མོང་མ་ཡིན་པར་གསང་བའི་སྒོ་ནས་སྙན་དུ་བརྒྱུད་པའི་ངག་གམ། སྙན་དུ་བརྒྱུད་པའི་ངག་འགའ་ཞིག་ཡི་གེར་བཀོད་པ་དེ་དག་ལ་མན་ངག་ཏུ་གྲགས་སོ། །སྡེ་སྣོད། ཅེས་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་ཐུན་མོང་ཐེག་པར་གྲགས་ཆེ་བའི་སྡེ་སྣོད་གསུམ་མམ། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། རིག་འཛིན་སྔགས་ཀྱི་སྡེ་སྣོད་དེ་བླ་མེད་ཐེག་པར་གྲགས་ཆེ་བའི་སྡེ་སྣོད་གསུམ་བཅས་གཙོ་ཆེའི་སྒོ་ནས་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཡོད་ཅིང་། དེ་གཉིས་ཀྱང་འགལ་བ་མེད་དེ། མངོན་པའི་དོན་མཐར་ཐུག་པ་ནི་རིག་པ་འཛིན་པའི་གཞུང་རྣམས་ནས་ལེགས་པར་བསྟན་པའི་དེ་ཁོ་ན་ཉིད་དེ་ཀ་ཡིན་ལ། རིག་འཛིན་སྔགས་ཀྱི་སྡེ་སྣོད་ཀྱི་བསྟན་བྱ་གཙོ་བོའང་མངོན་པ་ཉིད་ལས་མ་འདས་པས་དེ་གཉིས་གཅིག་ཏུ་བྱས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས། ཞེས་ཐུན་མོང་ཐེག་པའི་དབང་དུ་བྱས་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཡོད། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ། ལམ་དུ་འགྲོ་བར་འདོད་པ་ལྟ་བུ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། ལམ་དུ་དངོས་སུ་ཞུགས་པ་ལྟ་བུ་ཕར་ཕྱིར་དྲུག་ལ་དངོས་སུ་སློབ་པ་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཡོད། དོན་དམ་བྱང་ཆུབ་ཀྱི་སེམས་ནི། ཚོགས་སྦྱོར་གྱི་ལམ་དུ་སེམས་བསྐྱེད་པ་ལ་བརྟེན་ནས་བློ་སྦྱངས་པས། མཐར་མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་དེ་ཡིན། རྫོགས་པ་ཆེན་པོའི་སྐབས་འདིར། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་ཡོངས་སུ་བྲལ་བ་དེ་ལ་ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཞེས་པའམ། ཚིག་བསྡུས་པའི་དབང་གིས་བྱང་ཆུབ་ཀྱི་སེམས་ཞེས་དང་། བྱང་སེམས་དང་བྱང་ཆུབ་དང་། སྐབས་འགར་སེམས་ཞེས་པའི་ཚིག་གཅིག་པུ་འབྱུང་བའི་སྐབས་ཀྱང་ཡོད། འོན་ཀྱང་དེ་སྐབས་ཀྱི་བརྗོད་བྱའི་དོན་དང་། དེ་དང་འབྲེལ་བ་ཁྱད་ཆོས་ཀྱི་ཚིག་ཚོགས་ཅི་རིགས་པས་ངེས་ཤེས་ཐུབ་པར་བརྟེན། སྐབས་འདིར་བསྟན་གྱི་སེམས་དང་། ཀུན་ཏུ་རྟོག་པའི་སེམས་ནོར་བའི་སྐབས་མི་ཡོང་། བྱང་ཆུབ་ཀྱི་སེམས་དེ་ལ་མཚན་གྱི་རྣམ་གྲངས་གཞན་ནི། ཐོག་མའི་སངས་རྒྱས། ཀུན་ཏུ་བཟང་པོ། ལྷུན་གྲུབ་ཆེན་པོ། རྫོགས་པ་ཆེན་པོ། ཐིག་ལེ་ཆེན་པོ། རང་བྱུང་ཡེ་ཤེས་ཆོས་ཀྱི་དབྱིངས་སོགས་མང་དུ་སྣང་མོད། དོན་དུ་ཡེ་གདོད་མ་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཅི་ཞིག་གིས་ཀྱང་གོས་མ་མྱོང་བས། སྤང་བྱའི་དྲི་མ་དང་ཡོངས་སུ་བྲལ་ལ་ཀ་ནས་དག་པས་བྱང་བ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱང་མ་བསྒྲུབས་ཡེ་ནས་ལྷུན་གྱིས་རྫོགས་ཤིང་། རྟོགས་བྱའི་ཆོས་ཀུན་བསླབ་རྩོལ་ལ་ལྟོས་མ་དགོས་པར་ཇི་ལྟར་ཉི་མའི་རང་བཞིན་འོད་ཟེར་དང་། མེ་ལོང་གི་རང་བཞིན་གསལ་ལ་དག་པ་དང་འདྲ་བ་ཆོས་ཀུན་ཡོངས་སུ་ཆུབ་པ་དང་། དེའང་ཀུན་རྫོབ་འཁོར་འདས་ཀྱི་ཆོས་སུ་ཤར་བའི་སེམས་དང་སེམས་བྱུང་ཀུན་གྱི་འཆར་གཞི་སེམས་ཉིད་དམ། སེམས་ཀྱི་དེ་བཞིན་ཉིད་ཡིན་པས་སེམས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་རྫོགས་ཆེན་ཨ་ཏི་ཡོ་ག་སེམས་ཀློང་མན་ངག་གི་སྡེ་ཚང་མའི་རྒྱུད་ལུང་མན་ངག་གི་གཞུང་རྣམས་སུ་ཡོངས་སུ་གྲགས་པ་དེ་ཀ་ཡིན། ཡུལ་ལ་འཕྲོ་བའམ། ཡུལ་ཀུན་ཏུ་རྟོག་པའི་སེམས་དེ་ནི་རིག་བྱེད་རྩལ་ལམ། རོལ་པའི་སེམས་ཡིན་གྱིས། དེ་ལ་བྱང་ཆུབ་ཀྱི་སེམས་ཟེར་བ་མིན། བྱང་ཆུབ་ཀྱི་སེམས་ནི་དངོས་པོ་དང་། མཚན་མའི་ཆོས་ཀུན་ལས་འདས་པ། སྟོང་གསལ་སྤྲོས་པ་དང་བྲལ་བ། འདི་དང་འདིའོ་ཞེས་དམིགས་སུ་མེད་པ། དཔེ་ནམ་མཁའ་དང་འདྲ་ནའང་། ཁ་དོག་དང་། དབྱིབས་དང་། ངོས་གཟུང་འོས་པ་ཅི་ཞིག་ཀྱང་མེད་པས་དཔེར་བཞག་པའི་ཆོས་ཀྱང་མེད་ལ། དཔེ་དེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་དག་པ་ཉིད་གང་དུའང་གྲུབ་པ་མེད་མོད། ནམ་མཁའི་ངང་དུ་སྣོད་བཅུད་ཀུན་འདུས་པ་ལྟར། བྱང་ཆུབ་ཀྱི་སེམས་དེའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཞིང་། བྱང་ཆུབ་སེམས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་སྣང་སྲིད་ཀྱི་ཆོས་ཀུན་འགགས་མེད་དུ་འཆར་བའི་གཞིར་གནས་པས། སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་ཅིའང་མི་མངའ་བ་ནི་ཇི་ལྟར་གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་། མེ་ལོང་གི་རང་བཞིན་ལ་འཕོ་འགྱུར་ཅིའང་མི་བྱེད་པ་དང་འདྲ་བ་ཡིན། གོལ་ས། ཞེས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་ལ་སོ་སོར་རང་གིས་རིག་པའི་ལྟ་བ་མི་གསལ་བ་མེད་ཅིང་། རིག་པའི་ཡེ་ཤེས་ལ་ཆོས་ཀུན་གསལ་བས་ཆད་པར་ལྟ་བུའི་གོལ་ས་ལས་གྲོལ་བ་དང་། ཡོད་མེད་དང་མཚན་མའི་རྗེས་སུ་མི་འབྲང་བས་གཡེང་བའི་གོལ་ས་ལས་གྲོལ་བ་དང་། ཚོགས་དྲུག་རང་གྲོལ་དུ་བཞག་པས་རྣམ་པར་རྟོག་པའི་བྱུང་ཚོར་འགེགས་ཤིང་ཞི་བར་བྱེད་པའི་ཉན་ཐོས་ཀྱི་གོལ་ལམ་ལས་གྲོལ་བ་དང་། གཉིས་སུ་མེད་པའི་ངང་དེར་གང་གིས་གང་ལ་ཆགས་པ་མྱེད་པས། ཞི་བའི་རོ་ལ་ཆགས་ནས་མྱ་ངན་ལས་འདས་པའི་མཐའ་ཞི་བ་ཕྱོགས་གཅིག་པ་རང་རྒྱལ་གྱི་གོལ་ལམ་ལས་གྲོལ་བ་དང་། ཡེ་ཤེས་ཆེན་པོའི་ངང་ལ་མི་རྟོག་སྟོང་པར་བྱར་མེད་པས། བདེན་པ་གཉིས་སུ་ལྟ་བའི་བྱང་སེམས་ཐེག་པའི་གོལ་ལམ་ལས་གྲོལ་བའོ། །དེ་ཡང་བསམ་གཏན་མིག་སྒྲོན་ལས་ཡེ་ནས་མུ་མཐའ་མེད་པའི་དོན་ལ་ཀུན་རྫོབ་སྒྱུ་མ་ཙམ་དུ་ལྟ་ལ། དོན་དམ་པར་མ་སྐྱེས་པ་ལྟ་ན་མདོ་སྡེར་གོལ་བའོ། །ཞེས་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལུས་ངག་ཡིད་གསུམ་སྐྱོན་ཅི་ཡང་སྟོང་པ་ཉིད་ཡིན་པས་ལུས་སྟོང་ཞིང་དབེན་པ་ངག་དང་ཡིད་ཀྱང་སྟོང་ཞིང་དབེན་པས། དགོན་པ་གསུམ་ལ་གནས་པ་དེས་གྲུབ་པར་ལྟ་ན་སྟོན་མུན་དུ་གོལ་བའོ། །ཞེས་དང་། འདིར་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་ཀློང་ལ་ངོ་བོར་བཟུང་དུ་མེད་བཞིན་དུ། བྱང་ཆུབ་སེམས་དཔའ་རྫོགས་པའི་རིམ་པའི་གོལ་ས་འོད་དང་ཐིག་ལེའི་རང་བཞིན་རྟག་པ་ཅན་དུ་བཟུང་ནས་བསྒོམ་པས་ལུས་འདར་བ་བདེ་བ་སྐྱེ་བར་འདོད་ན་ལ་སོགས་པ་བྱུང་ན་སྔགས་སུ་གོལ་བའོ། །ཞེས་དང་། རྣམ་གཅིག་ཏུ་བསྐྱེད་པའི་རིམ་པས་གོལ་བ་ཕུང་པོ་ཁམས་སྐྱེ་མཆེད་ལྷར་བསྒོམས་ཏེ་རྟོག་པ་ཀུན་བཏགས་ལོག་ཅེས་དང་པོ་བྱུང་ནས། ཡང་དག་ཞེན་པ་འཇུག་དེ་ལ་ཡང་མི་གནས་པར་བྱེད་པ་ནི་སྔགས་ཀྱི་མཚན་མར་གོལ་བའོ། །ཞེས་དང་། སྔགས་ཀྱི་དེ་བཞིན་ཉིད་དུ་གོལ་བ་ནི། མ་ཧཱ་ཡོ་ག་པ་ནི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་དུས་གསུམ་མཉམ་པ་ཆེན་པོ། དེ་བཞིན་ཉིད་ལ་བློ་འཇུག་པ་དང་། བསྒོམ་པ་དང་དང་ལྡན་པ་ཡོད་ན་བདག་ཉིད་ཆེན་པོ་བྱ་བ་མེད་པར་མ་ཤེས་སོ། །ཞེས་དང་། ཨ་ནུ་ཡོ་གར་གོལ་བ་ནི། མ་ཧཱ་ཡོ་ག་ནི་ཅི་ཡང་ཆེད་དུ་བྱེད། དེ་ལས་ཁྱད་པར་འཕགས་པར་གསལ་བའི་ཨ་ནུ་ཡོ་ག་ཡང་། བཏང་སྙོམས་སུ་འཇོག་ཅིང་། ཆེད་དུ་བྱ་བ་མེད་པ་སྐད་ཟེར་ཡང་། གོང་མ་ལས་ལྟོས་ན། ཡབ་ཡུམ་འབྱེད་པ་དང་། ཁ་དོག་གྲངས་ཀྱི་རྩོལ་བ་དང་། དོན་བརྟགས་དང་། སྒོ་ཕུགས་འབྱེད་ལ། མི་དམིགས་པའི་ངང་སྐད་ཅིག་མས་ལྷ་གྲངས་མེད་དུ་བསྐྱེད་ཅིང་དོན་བྱེད་པ་ཉིད་ལ་མཐོང་སྟེ་གོལ་ལོ། །ཞེས་པས་གསལ། བསོད་ནམས། ཞེས་བསོད་ནམས་ཀྱི་ཚོགས། ལུས་ཀྱི་སྒོ་ནས་ཕྱག་འཚལ་དང་། ངག་གི་སྒོ་ནས་ཁ་ཏོན་བཟླས་བརྗོད་བྱེད་པ་དང་། ཡིད་ཀྱི་སྒོ་ནས་དད་ཅིང་དང་བ་འདྲེན་པའམ། མཐོལ་བཤགས་བྱེད་པ་སོགས་མདོར་ན་སྒོ་གསུམ་གྱི་བྱེད་རྩོལ་མི་འདྲ་བ་དུ་མ་ལ་བརྟེན་ནས་བསོད་ནམས་དགེ་བའི་ཚོགས་རྒྱ་ཆེན་པོ་བསགས་ཏེ་ཡེ་ཤེས་ཀྱི་ཚོགས་དམ་པ་ལ་འཇུག་པའི་ཆ་རྐྱེན་ཡང་དག་པར་བསྒྲུབ་པའོ། །ཡེ་ཤེས། ཞེས་ཡེ་ཤེས་ཀྱི་ཚོགས། མདོ་སྔགས་ཀྱི་ལུགས་གང་ཞིག་ཡིན་ཀྱང་རུང་། ལམ་གྱི་ཆ་རྐྱེན་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། རིམ་གྱིས་སེམས་གནས་ཀྱི་རིམ་པ་ཅི་རིགས་པར་འཇུག་ཅིང་། ཞི་གནས་དང་། ལྷག་མཐོང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྒྲུབས་ཏེ་བླ་ན་མེད་པའི་བྱང་ཆུབ་དམ་པ་མངོན་དུ་འགྱུར་བ་ཡིན། སྩོགས་པ། ཞེས་བརྡ་རྙིང་མའི་ལུགས་ཤིག་སྟེ། དེང་དུས་ཀྱི་དབང་དུ་བྱས་ན། སོགས་པ་དང་། ལ་སོགས་པ་ཞེས་པ་དང་དོན་གཅིག་ཡིན། ཏིང་འཛིན། ཞེས་སློབ་དཔོན་ཀུན་བཟང་རྡོ་རྗེ་མཆོག་གིས་མཛད་པ་སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམ་ངག་གཞུང་བཤད་ཆེ་བ་ཞེས་པ་ལས་འདི་སྐད་དུ་གསུངས་ཏེ། ཏིང་ངེ་འཛིན་ལ་ཡང་སྒྲོས་རྣམ་པ་བཞི་སྟེ། ༡༽འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན། ༢༽ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན། ༣༽གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན། ༤༽རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་དང་བཞིའོ། །༡༽འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ནི། མུ་སྟེགས་རྟག་པ་པོ་ཡོད་པར་ལྟ་བའམ། ཆད་པ་པོ་མེད་པར་འཛིན་པའམ། གསང་སྔགས་ཟུང་འཇུག་བདེན་པར་འཛིན་པའམ། ཕྱག་རྒྱ་ཆེན་པོ་པ་སྣང་སྟོང་དབྱེར་མེད་དུ་འདོད་པའམ། ཕ་རོལ་ཏུ་ཕྱིན་པ་དབྱེར་མེད་བརྗོད་དུ་མེད་པར་འདོད་པ་སྟེ། དེ་རྣམས་ནི་ཐེག་པ་གོང་མའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་ལ་ཕྱོགས་སུ་འཛིན་པའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་ཡོད་པ་མ་ཡིན་པས་འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ནོ། །༢༽ཏིང་འཛིན་དེ་ཐམས་ཅད་ཀྱང་རང་གི་སེམས་སུ་མ་སྤངས་པ་ཡོངས་སུ་རྫོགས་པའི་སེམས་ཉིད་དེའང་གསལ་བ་མི་རྟོག་པ་བདེ་བ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་རྟོགས་པས། འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ཡང་མ་སྤངས་ལ་ཡེ་ནས་ལྷུན་གྱིས་གྲུབ་པ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་མི་ཕྱེད་བྱ་བའི་ཁྱབ་པ། དབྱེར་མི་ཕྱེད་བྱ་བར་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ཁྱབ་པ་དང་བྲལ་བའི་ཏིང་ངེ་འཛིན་ནོ། །༣༽མཐའ་དང་བྲལ་བའི་དོན་མ་བྱས་ན་མ་བཅོས་པའི་གཉུག་མ་དེ་ལ་དོན་ཐམས་ཅད་ལྷུན་གྱིས་གྲུབ་པས་ན་གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནོ། །༤༽དོན་དེ་ལ་བློའི་རྣམ་པར་གང་ཡང་མི་གནས་ཏེ། རང་བཞིན་གྱིས་རྣམ་པར་དག་པས་ན་རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནོ། །རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་ནི་བསམ་པའི་བློའམ་བརྗོད་པའི་ཚིག་དང་བྲལ་བའི་དོན་ཟབ་མོ་དེ་ལ་མི་འགྱུར་བས་ན་ཏིང་ངེ་འཛིན་གྱི་མཆོག་གོ། །བག་ཆགས་སྦྱོང་བ། ཞེས་སྤྱིར་ན་བག་ཆགས་ཞེས་པ་ནི་ལས་དང་ཉོན་མོངས་པའི་རྗེས་ཤུལ་ལུས་པ་དཔེར་ན་དྲི་བཟང་གི་སྣོད་དུ་དྲི་བཟང་མེད་ནའང་། དེའི་ཤུལ་ལམ་བག་ཡུན་རིང་དུ་ཆགས་པ་ལྟ་བུ་ཞིག་ལ་ཟེར་བ་ཡིན། སྐབས་འདིར་ཏིང་ངེ་འཛིན་གྱི་བག་ཆགས་སྦྱང་དགོས་པ་སྟེ། ཕྱི་རྒྱུད་སྡེ་གསུམ་སྐབས་ལྷའི་མངོན་ཞེན་གྱི་བག་ཆགས་དང་། ནང་རྒྱུད་སྡེ་གསུམ་གྱི་སྐབས་ཏིང་འཛིན་བདེ་བའི་རོ་ལ་ཞེན་པའི་བག་ཆགས་ནས་ཤེས་སྒྲིབ་ཕྲ་མོའི་བར་རྣམས་སྤྱོང་བའོ། །བསམ་གཏན། ཞེས་བསམ་མནོ་རྩེ་གཅིག་པ་དམིགས་པའི་རྟེན་མཚན་བཅས་སམ་མཚན་མེད་གང་ཡང་རུང་བར་གཏད་པ་ན་ཀུན་རྟོག་གིས་མ་གཡོས་པའམ། གཡོ་མ་ནུས་པ་བརྟན་པར་གནས་པའི་ཞི་གནས་ཏེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ཚན་དུ་གྱུར་པའི་བསམ་གཏན་དང་གཅིག་པ་ཡིན། བདེ་རོ་བདེ་བའ། ཞེས་བསམ་གཏན་དུ་མཉམ་པར་གནས་པའི་སྐབས་མྱོང་ཞིང་ཚོར་བའི་བདེ་བའི་རོ་སྨྲ་བསམ་བརྗོད་པ་ལས་འདས་ནའང་། ཇི་ལྟར་ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ལྟར་ཟད་མི་ཤེས་པའི་བདེ་བ་ཁྱད་པར་ཅན་མྱོང་བའོ། །གཟུང་འཛིན་གྱི་མཐའ། ཞེས་ཕྱིར་སྣང་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་དེ་དག་ཕྱི་ནང་གང་དུའང་མེད་ཀྱང་། ཡུལ་གྱི་བག་ཆགས་ཀྱིས་ཕྱི་རོལ་ཏུ་ཡོད་པ་ལྟར་སྣང་བ་སེམས་ལ་ཤར་ནས། དེ་དག་ལ་དོན་དུ་མངོན་པར་ཞེན་ཏེ་དགག་སྒྲུབ་ཏུ་འཛིན་པའི་ཡུལ་བྱེད་པ་ལ་གཟུང་བ་ཞེས་བྱ་ཞིང་། ཞེན་ཡུལ་དེ་ལ་འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །ཞེས་སོགས་ཕྱི་རོལ་ཏུ་རྟོག་པ་དེ་ལ་གཟུང་བའི་རྟོག་པ་ཞེས་བྱ་བ་ཡིན། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས་ཀུན་གཞིའི་རྣམ་པར་ཤེས་པ་དང་། དེ་ལས་མཆེད་པ་མིག་གི་རྣམ་པར་ཤེས་པ་སོགས་ལྔ་དང་། དབང་པོས་ཡུལ་རིག་པའི་རྗེས་སུ་ཡིད་ཀྱི་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པ་བརྒྱད་ཡོད་པ་དེ་དག་ལ་འཛིན་པའི་སེམས་སམ་འཛིན་པ་ཞེས་བྱ་ལ། དེ་རྣམས་ལ་རྟོག་པ་དེ་ལ་ནི་འཛིན་པའི་རྟོག་པ་ཞེས་བྱ་བ་ཡིན། འཛིན་པ་ཞེས་བྱ་བའི་རྒྱུ་མཚན་ཡང་། ཀུན་གཞི་བག་ཆགས་ཀྱི་ས་པ་དེ་ནི་ངོ་བོ་མ་རིག་པ། རྣམ་པ་སྣང་ཡུལ་གང་དང་ཡང་མ་འབྲེལ་བའི་རྟོག་མེད་ཙམ་དུ་གནས་པས་གཟུགས་མེད་པའི་བག་ཆགས་འཛིན་པ་ཡིན་ལ། དེའི་ངང་ལས་གསལ་དྭངས་རིག་པའི་ཆ་ཙམ་ཤར་ཞིང་ཡུལ་དང་མ་འབྲེལ་བ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེས་ནི་གཟུགས་ཀྱི་བག་ཆགས་འཛིན་ཅིང་། དེ་ལས་མཆེད་པ་སྒོ་ལྔའི་རྣམ་ཤེས་རྟོག་མེད་དག་གིས་ཀྱང་གཟུགས་ཀྱིས་པའི་ཏིང་ངེ་འཛིན་གྱི་བག་ཆགས་འཛིན་པ་ཡིན། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་ཤེས་པ་གཉིས་ཀྱིས་ནི་འདོད་པའི་བག་ཆགས་འཛིན་པ་སྟེ། ཚོགས་བརྒྱད་པོ་དེ་དག་གིས་རང་རང་གི་ཡུལ་རྟོག་པ་མེད་པ་དང་། རྟོག་པ་དང་བཅས་པས་འཛིན་པ་ཡིན་པའི་ཕྱིར་ན་འཛིན་པ་ཞེས་སུ་གྲགས་པ་ཡིན། འཛིན་པའི་ཕུར་པ། ཞེས་བསམ་གཏན་མིག་སྒྲོན་ལས། དེ་ལ་ལུས་ཀྱི་བཞག་ཐབས་ནི། བསྐྱེད་པའི་རྣལ་འབྱོར་མན་ཆད་ལྷང་ལུས་བཅོས་ལ་བཞག་པ་མེད་དེ། ལུས་འཛིན་པའི་འདུ་ཤེས་དང་བྲལ་བའི་ཕྱིར། ལུས་པ་འདུག་ཐབས་ངེས་པར་བཞག་པ་མེད་དོ། །འོ་ན་འོག་མའི་སྐྱིལ་མོ་ཀྲུང་ལ་སོགས་པ་དགག་གམ་ཞེ་ན། ལུས་སུ་མ་དམིགས་ཕན་ཆད་དགག་ཏུ་མེད་དེ། ཆེད་དུ་དང་དུ་ལེན་པ་མེད་ན། སྐྱིལ་མོ་ལ་སོགས་པ་གན་རྐྱལ་ཁ་སྦུབ་གང་དུ་འགྲེ་ཡང་འགལ་༼བ་༽མེད་དོ། །རྣལ་འབྱོར་ཉིད་གང་བདེ་བར་བྱ་སྟེ། སྙོམས་ལས་ཀྱིས་ནི་བྱ་བ་མ་ཡིན་ནོ། །དེའི་ཡིད་ཆེས་པར་བྱ་བའི་རྒྱབ་གནོན་དུ། རྒུམ་ཆུང་ལས། ལུས་སེམས་མ་སྐྱེས་གཞི་མེད་པས། །ཁ་ལྟར་བཅོས་པའི་ཁ་ན་མེད། །ཅེས་པ་དང་། ཡང་། སྒྱུ་མ་བཞིན་དུ་ལུས་ཤེས་ན། །དྲང་འདུག་སྐྱིལ་ཀྲུང་འཆའ་བའང་མེད། །སྤྱོད་ལམ་གསུམ་གྱིས་གནས་པ་གང་། །ཆེད་དུ་བྱ་མེད་བྱེད་པའང་མེད། །ཅེས་འབྱུང་། རྣལ་འབྱོར་གྲུབ་པའི་ལུང་ལས། གང་ལ་གནས་གཞི་རྟེན་མེད་པས། །གནས་དེར་ལུས་བཅོས་ཁ་ན་མེད། །ཡང་། བསམ་གཏན་ལུས་དབེན་བཅོས་མི་བྱ། །དེ་ལ་དེ་དབེན་མ་བཅོས་པ། །དེ་ཉིད་ཡེ་ནས་༼ཡེ་ཤེས༽དབེན་པའི་གནས། །འདི་ནི་རྣལ་འབྱོར་མཆོག་གི་ཡུལ། །ཞེས་འབྱུང་བ་དང་། མཐའ་ཡས་ཞིང་ཁམས་བདག་ལུས་ཕྱིར། །རྣམ་པའི་ལུས་ངན་མ་སྤངས་བྲལ། །ལུས་སུ་དབེན་པའང་དབེན་པའི་ཕྱིར། །སྐྱིལ་ཀྲུང་དྲང་པོར་འདུག་པའང་མེད། །ཅེས་པའི་དོན་གྱིས། ལུས་བྱིང་བཞག་ཐབས་བྱ་བ་མེད་པས། བྱས་པ་མི་འགོག་པར་བཞེད་དོ། །འོ་ན་བཅོས་པའི་སྐྱོན་ཇི་ལྟ་བུ་ཞེ་ན། གང་ལུས་འཆོས་པ་ལ་ནི་ད་རུང་ལུས་སུ་འཛིན་པ་ཡོད་དེ། འཛིན་པས་ནམ་དུ་ཡང་དོན་མཐོང་བར་མི་འགྱུར་རོ། །དེས་ན་རྒུམ་ཆུང་ལས། ཚད་མར་ལུས་སེམས་འཆོས་བྱེད་པ། །འཛིན་པའི་ཕུར་པ་དེ་ལ་ཡོད། །ཅེས་འབྱུང་། གྲུབ་པའི་ལུང་ལས། ཞེན་པས་སྤྱོད་ལམ་བཅོས་༼ སྤྱོད༽ བྱེད་པ། །དེ་ནི་ལུས་བཅོས་༼སྤྱོད༽ བསླད་པ་ཡིན། །ཞེས་འབྱུང་སྟེ་གོལ་ལོ། །ཞེས་དང་། ཡང་བསམ་གཏན་མིག་སྒྲོན་ལས། དེ་ལྟ་བུ་མི་ཤེས་པར་སྒོ་གསུམ་ཆེད་དུ་འཆོས་ཤིང་རྩོལ་བ་ནི། འཛིན་པའི་ཕུར་པ་དང་སྒྲིབ་པ་ཡིན། ཞེས་དང་། བཅོས་སུ་མེད་པ་ལ་བཅོས་པ་ཉིད་རྟོག་པའི་འཛིན་པ་དང་ཕུར་པའོ། །ཞེས་པས་ཤེས་སོ། །བྱ་བཙལ་དང་བྲལ་བ། ཞེས་ཚིག་འདི་ནི་རྫོགས་ཆེན་གྱི་རྒྱུད་ལུང་རྣམས་སུ་ཤིན་ཏུ་གྲགས་ཆེ་བ་ཞིག་སྟེ། དཔེ་འགར་བྱ་བཙལ་ཞེས་རྙེད་དུ་རེ་བས་འཚོལ་བའི་བྱ་བ་བྱེད་པའི་དོན་དང་། འགའ་ཤས་སུ་བྱ་རྩོལ་ཞེས་འབད་བརྩོན་ཆེན་པོས་རྩོལ་སྒྲུབ་བྱེད་པའི་དོན་ཏེ་ཚིག་གི་བརྗོད་སྟངས་མི་འདྲ་བ་གཉིས་སུ་སྣང་ནའང་དོན་ལ་ཁྱད་པར་ཅང་མེད། གང་ལྟར་ཡང་། ལྷུན་གྱིས་གྲུབ་པའི་གནས་ལུགས་ཡེ་གདོད་མ་ནས་མ་བསྒྲུབས་པར་ལྷུན་གྱིས་གྲུབ་པའི་རང་བཞིན་དེ་ནི་དཔེར་ན་མེ་ལོང་གི་མཚན་ཉིད་གསལ་ལ་དག་པ་རང་ཆས་སུ་ཡོད་པ་དང་། སྒྲོན་མེའི་མཚན་ཉིད་འོད་ཀྱི་སྣང་བ་རང་ཆས་སུ་ཡོད་ཅིང་། མཚན་ཉིད་དེ་དག་དང་མི་ལྡན་པར་མེ་ལོང་དང་སྒྲོན་མེ་མ་ཡིན་པ་ལྟར། ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་མ་རྫོགས་པའམ། ལྷུན་གྱིས་མ་གྲུབ་པའི་ཆོས་འགའ་ཡང་མེད་པས། ད་གཟོད་སེམས་པ་འདུ་བྱེད་དང་བཅས་པས་དམིགས་བསམ་མཚན་མའི་སྒོ་ནས་བྱ་བ་དང་། སྔར་མེད་པའི་ཡོན་ཏན་ཅི་ཞིག་ཀྱང་བཙལ་དུ་མེད་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་བསྟན་པ་ཡིན། དྲང་སྲོང་། ཞེས་སྤྱིར་སྟངས་སུ་སྒོ་གསུམ་ལ་གཡོ་སྒྱུ་སོགས་མེད་པ་བདེན་ཞིང་དྲང་བའམ་སྲོང་བ་ཞིག་ལ་ཟེར་བ་ཡིན། འོན་ཡང་སྐབས་འགར་རིག་བྱེད་ཀློག་པའི་རི་ཥིའམ་དྲང་སྲོང་དང་། སྟོན་པ་སངས་རྒྱས་ལ་དྲང་སྲོང་ཆེན་པོ་ཞེས་པའི་མཚན་གྱི་བསྙད་པ་ལྟ་བུ་འགའ་རེའང་སྣང་། རབ་ཏུ་འབྱུང་བ། ཞེས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་གཞི་སྟེགས་སོ་སོར་ཐར་པ་རིགས་བརྒྱད་བསྙེན་གནས་དགེ་བསྙེན་ཕ་མ་དང་དགེ་ཚུལ་ཕ་མ་དགེ་སློབ་མ་དགེ་སློང་ཕ་མ་ཀྱི་སྡོམ་པ་གང་རུང་ལ་གནས་པའོ། །དཀའ་ཐུབ། ཅེས་ཕྱི་རོལ་པ་རྣམས་ཀྱི་མེ་ལྔ་སོགས་ལ་བསྟེན་པ་དང་། ནང་པ་རྣམས་ཀྱིས་གསོ་སྦྱོང་གི་སྡོམ་པར་བརྟེན་ནས་ཕྱི་དྲོའི་ཁ་ཟས་བསྙུང་བ་དང་། ངག་གི་སྨྲ་བརྗོད་བསྙུང་བ་དང་། ཡིད་ཀྱི་མི་དགེ་བའི་དྲན་རྟོག་བསྙུང་བ་དང་། ཡིད་ཀྱི་མི་དགེ་བའི་དྲན་རྟོག་བསྙུང་བ་དང་། རྟག་ཏུ་སྦྱོང་བའི་ཡོན་ཏན་བཅུ་གཉིས་ལ་བསྟེན་ཅིང་། ཐོས་བསམ་སྒོམ་གསུམ་གྱི་སྐབས་གསུམ་པོར་སྒོ་གསུམ་གང་ལ་གང་འོས་པའི་དཀའ་སྤྱད་ཧུར་ཐག་གིས་བྱེད་པ་ནི། བོད་ཡུལ་དུ་ཡོངས་གྲགས་རྗེ་བཙུན་མི་ལ་རས་པའི་དཀའ་ཐུབ་ཀྱི་ལོ་རྒྱུས་ལྟ་བུ་རྣམས་ལ་ཟེར་བ་ཡིན། ལུས་རྟོག །ཅེས་ཡན་ལག་དང་ཉིང་ལག་དུ་མ་ལྷན་ཅིག་ཏུ་ཚོགས་པའི་ཕུང་པོ་དེ་ལ་ལུས་ཞེས་བྱ་ལ། དེའང་འབྲལ་ཞིང་ལུས་པའི་རྒྱུ་མཚན་གྱིས་ལུས་ཀྱི་ཐ་སྙད་བྱས་པ་ཡིན། ལྷ་མི་སོགས་སོ་སོའི་ལུས་སྣ་ཚོགས་སུ་སྣང་བས་བདག་གི་ལུས་ཞེས་མངོན་པར་རྟོག་ཅིང་ཞེན་ཏེ། ཐ་ན་རྨི་ལམ་དུའང་མེ་ཆུ་གཡང་ས་དགྲ་གཅན་སོགས་མཐོང་བའི་ཚེ་རང་ལུས་ལ་གནོད་པར་དོགས་ནས་འབྲོས་པ་དང་། སྡུག་བསྔལ་སྣ་ཚོགས་མྱོང་བར་མཐོང་བ་དེ་དག་ནི་ལུས་སུ་རྟོག་པའི་མངོན་ཞེན་ལས་བྱུང་ཞིང་། དེ་ནི་གཉིས་སྣང་འཁོར་བའི་རྩ་བ་བདག་ཏུ་འཛིན་པ་སྟེ། དབྱེ་ན་གང་ཟག་གི་བདག་དང་། ཆོས་ཀྱི་བདག་གཉིས་སུ་ཡོད་པ་ཡིན། མངོན་པར་ཞེན་པ། ཞེས་དབང་པོ་ཚོགས་དྲུག་ཡུལ་ལ་མངོན་པར་ཞེན་པའི་མཐུས་ཀུན་ནས་ཉོན་མོངས་པའི་ལས་སྣ་ཚོགས་བསྐྱེད་ཅིང་། ལས་དུ་མ་བསགས་པའི་མཐུས་འཁོར་བ་མཐའ་མེད་དུ་འཁྱམས་པར་འགྱུར་བ་ཡིན་སྟབས། སྣང་ཡུལ་ལ་མངོན་པར་ཞེན་པ་ནི་ཁམས་གསུམ་དུ་འཁོར་བའི་རྩ་བ་དང་། སྒོ་གསུམ་གྱི་ཀུན་སྤྱོད་ཐམས་ཅད་ཀྱི་ནང་ནས་ནུས་པ་ཆེ་ཤོས་དང་། སྔོན་བྱོན་དམ་པ་རྣམས་ཀྱིས་མངོན་ཞེན་ལས་གྲོལ་བ་གདམས་པའི་ཡང་སྙིང་དུ་གསུངས་པ་དེ་འདྲའི་གཞི་རྩ་གལ་ཆེན་པོ་ཞིག་ཡིན་པ་སྟེ། གྲུབ་ཆེན་ཏེལློ་པ་དང་། ཕ་དམ་པ་སངས་རྒྱས་དུས་རབས་༡༡རྣམས་ཀྱིས་གསུངས་པའི་ཞལ་གདམས་རྣམས་སུ། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེས་པའི་ཚིག་རྐང་འདི་ཡོངས་གྲགས་ཡིན་པ་དང་། ས་སྐྱའི་བཀའ་འབུམ་ལས་ཀྱང་། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ། འཕགས་པ་འཇམ་པའི་དབྱངས་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་པས། དུས་གཅིག་གི་ཚེ་འོད་ཚོགས་ཀྱི་དབུས་སུ་རིན་པོ་ཆེའི་ཁྲི་ཞིག་གི་སྟེང་ན་རྗེ་བཙུན་འཇམ་དབྱངས་དམར་སེར་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བཟང་པོའི་སྟབས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའ་གཉིས་གཡས་གཡོན་དུ་གནས་པ་མངོན་སུམ་གཟིགས་ཏེ་གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པའི་དོན་ལ་དཔྱད་པས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་དགོངས་ཏེ། ཆོས་ཐམས་ཅད་ལ་ངེས་ཤེས་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ཞེས་གསུངས་པས་མཚོན་རིས་སུ་མ་ཆད་པའི་ཆོས་དང་གདམས་པ་ཐམས་ཅད་ཀྱི་གནད་ཀ་ནི་ཞེན་པ་དང་བྲལ་བར་བསྟན་ཏོ། །རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ། ཞེས་རྒྱུ་དང་འབྲས་བུའི་མཚན་ཉིད་ནི། ཐེག་པ་ཆེ་ཆུང་གང་ཞིག་ཡིན་ཀྱང་རུང་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དུ་མཐུན་པར་བཤད་དེ། དེ་ཡང་། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་ཀུན་བྱེད་པོས་མ་བྱས་པ་དང་། རང་བཞིན་ལས་མ་བྱུང་བ་དང་། རྒྱུ་མེད་པ་ལས་མ་བྱུང་བ་དང་། དུས་ཀྱིས་བསྒྱུར་བ་ཙམ་ཞིག་མ་ཡིན་པར། རྒྱུ་རྐྱེན་རྟེན་འབྲེལ་གྱི་མཚན་ཉིད་ལས་གྲུབ་ཅིང་། རྒྱུ་འབྲས་ལས་ལྟོས་པ་སྟེ། རྒྱུ་འབྲས་བུ་ལ་ལྟོས་པ་དང་། འབྲས་བུ་རྒྱུ་ལ་ལྟོས་པ། རྒྱུ་རྐྱེན་ལྷན་ཅིག་ཏུ་ཚོགས་ན་འབྲས་བུ་སྐྱེ་ལ། མ་ཚོགས་ན་འབྲས་བུ་སྐྱེ་བར་མི་འགྱུར་བས་རང་གྲུབ་མ་ཡིན། དེས་ན་འཇིག་རྟེན་ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་ཆོས་ཐམས་ཅད་ལས་འདས་པ་ན། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྱུར་བར་བཞེད་ལ། རྫོགས་པ་ཆེན་པོའི་སྐབས་འདིར་ནི། ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ལྷུན་གྱིས་མ་གྲུབ་པའི་ཆོས་ཅི་ཞིག་ཀྱང་མེད་པས། རྒྱུ་འབྲས་ཀྱིས་བསྙད་པའི་ཆོས་ཀུན་ཀྱང་དེའི་ངང་དུ་རྫོགས་ཤིང་། རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ་སྟེ། ཇི་ལྟར་མེ་ལོང་དུ་གཟུགས་བརྙན་མཛེས་མི་མཛེས་ཅི་རིགས་པ་འཆར་ནའང་། གསལ་དག་མེ་ལོང་གི་ངང་ཉིད་དེ་རང་ལས་མི་འདའ་བ་ལྟར། བྱང་ཆུབ་སེམས་ཀྱི་ཀློང་ཆེན་པོ་དེར་འཁོར་འདས་ཀྱིས་བསྡུས་པའི་དག་མ་དག་ཅི་རིགས་པ་ཞིག་འཆར་ནའང་། དོན་དུ་བྱང་ཆུབ་ཆེན་པོའི་རྩལ་དང་རོལ་པར་ཤར་བ་ཙམ་ལས་གཞན་མ་ཡིན་ལ། ཤར་གྲོལ་གཉིས་མེད་མཉམ་པ་ཆེན་པོའི་ངང་ཉིད་དུ་གནས་པའི་ཚེ་ན་རྒྱུ་འབྲས་ཀྱི་ཆོས་ལས་ཡོངས་སུ་འདས་ཤིང་། རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ་ཇི་ལྟར་མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་སུ་འཆར་བ་དེ་དག་མེ་ལོང་གི་ཁྱད་ཆོས་སམ་ཡོན་ཏན་དུ་ཤར་བ་ཡིན་པ་ལས། གཟུགས་བརྙན་བཟང་ངན་གྱིས་མེ་ལོང་ལ་བདེ་སྡུག་གི་ཚོར་བ་ཅི་ཞིག་ཀྱང་འབྱིན་མི་ནུས་པ་དང་འདྲ་བ་ཡིན། རེ་ཞིག་ཀུན་རྫོགས་ཀྱི་ཆོས་བླ་དྭགས་སུ་གནས་པ་ན། ཇི་ལྟར་བྱིས་པས་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལ་གཟུགས་བརྙན་དུ་མ་ཤེས་ཤིང་། བདེན་པར་ཞེན་པའི་སྒོ་ནས་སྤང་ལེན་གྱི་བྱེད་རྩོལ་ལ་ཞུགས་ཏེ་བདེ་སྡུག་གི་ཚོར་བ་ཅི་རིགས་པ་ཉམས་སུ་མྱོང་བས་མཚོན་རྒྱུ་འབྲས་གཉིས་སུ་བཟུང་བ་དང་། དགེ་སྡིག་བླང་དོར་གྱི་གནས་ལ་ཚུལ་བཞིན་དུ་འཇུག་དགོས་པ་འདི་ཡིན། དེ་ལྟར་ནའང་། ཇི་ལྟར་མེ་ལོང་གི་རང་བཞིན་ལ་འཕོ་འགྱུར་མི་མངའ་བ་ལྟར། བྱང་ཆུབ་ཆེན་པོ་དོན་དམ་གཤིས་ཀྱི་གནས་ལུགས་ལ་རྒྱུ་འབྲས་ཀྱིས་འཕོ་འགྱུར་ཅིའང་བྱེད་དུ་མེད་པས་ན་རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ་ཞེས་པའི་བརྡས་བསྙད་པ་ཡིན། ལས་མེད་མཁའ། ཞེས་ནམ་མཁའི་རང་བཞིན་ནི་ཀུན་ལ་ཁྱབ་པ་ཞིག་ཡིན་ནའང་། འདི་དང་འདིའོ་ཞེས་མཚན་མར་བཟུང་དུ་འོས་པ་ཅི་ཞིག་ཀྱང་མི་མངའ་བ་ལྟར། གཞི་གཤིས་ཀྱི་གནས་ལུགས་བྱང་ཆུབ་ཆེན་པོ་དེ་ནི་ནམ་མཁའ་ལྟར་ཀུན་ཏུ་ཁྱབ་ནའང་། བྱེད་རྩོལ་གྱིས་ལེགས་པའི་ཆ་དང་དུ་ལེན་པའམ། ཉེས་པའི་ཆ་སྤང་བ་དང་། མེད་པ་གསར་དུ་བསྒྲུབ་པ་དང་། ཡོད་པ་གང་ཞིག་ལེགས་སུ་གཏང་བའམ། འཕེལ་རྒྱས་བྱེད་པ་སོགས་ཀྱི་བྱེད་ལས་ཅི་ཞིག་དང་ཡང་མ་འབྲེལ་བ་སྟེ། བྱེད་རྩོལ་གང་གིས་ཀྱང་འཕོ་འགྱུར་བྱེད་དུ་མེད་པ་ཞིག་ཡིན། སྐབས་འདིར་ནམ་མཁའ་ཞེས་དཔེར་བསྟན་པ་དེའང་ཀུན་ཏུ་ཁྱབ་པ་དང་། དངོས་མཚན་དུ་མ་གྲུབ་པ་སྟོང་པའི་ཆ་ནས་མཁའ་ཞེས་ཡེ་གཞིའི་གནས་ལུགས་ཀྱི་ཆ་ཤས་ཙམ་མཚོན་པའི་དཔེར་བཀོད་པ་ལས། གཤིས་ཀྱི་གནས་ལུགས་ཡོངས་རྫོགས་མཚོན་པའི་དཔེ་ནི་ཤེས་བྱ་ལ་མི་སྲིད་པས། རྫོགས་པ་ཆེན་པོ་དཔེ་ལས་འདས་པ་ཞེས་སུ་གྲགས་པ་དེ་ག་ཡིན། བཅོས་སུ་མེད། ཅེས་ལམ་ཉམས་སུ་ལེན་པའི་སྐབས་ཀྱི་གདམས་པ་རྣམས་སུ་མ་བཅོས་པ་ཞེས་གསུངས་པ་དང་། འདིར་བཅོས་སུ་མེད་ཅེས་གསུངས་པ་དེ་དག་དོན་གཅིག་པ་ཡིན། འོན་ཀྱང་བཅོས་སུ་མེད་ཅེས་པའི་ཚིག་དེ་དག་གིས་ནི་གཞི་གཤིས་ཀྱི་གནས་ལུགས་སྙིང་པོ་བྱང་ཆུབ་ཀྱི་སེམས། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་ཀྱི་ཡེ་ཤེས་སུམ་ལྡན་དུ་བཞུགས་པ་དེ་ཉིད་ཇི་ལྟར་ཡིན་པ་ལ་ཡིན་པར་ཤེས་ནས་གྲོལ་བར་འགྱུར་དགོས་པ་ལས། མེད་པ་ལ་ཡོད་པར་སྒྲོ་འདོགས་པའམ། གསར་དུ་བསྐྱེད་པའམ། ལེགས་སུ་བཅོས་པ་སོགས་དམིགས་བསམ་བྱེད་རྩོལ་གང་ཞིག་གིས་ཀྱང་བཅོས་སུ་མེད་པ་ཞིག་ཡིན་སྟབས། ཡེ་གཞིའི་གནས་ལུགས་བཅོས་སུ་མེད་པར་བསྟན་ལ། མ་བཅོས་པ་ཞེས་པའི་ཚིག་དེ་དག་གིས་ནི་ལམ་དུས་སུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་བློའི་འདུ་བྱེད་ཀྱིས་མ་བཅོས་པ། གསལ་ཙམ། རིག་ཙམ་པ་དེ་ཀའི་ངང་དུ་འཇོག་དགོས་པར་བསྟན། ཚིག་འགྲོས་དེ་གཉིས་ཀྱིས་གཞི་གཤིས་ཀྱི་ཡིན་ལུགས་བསྟན་པ་དང་། ཏིང་ངེ་འཛིན་ལ་འཇོག་སྟངས་བསྟན་པའི་ཁྱད་ཤིན་ཏུ་ཕྲ་བ་ཞིག་ལས་དོན་ལ་མི་འདྲ་བ་འགའ་ཡང་མེད་དོ། །བདལ་བ་ཆེན་པོ། ཞེས་དཔེ་རྙིང་འགའ་ཤས་སུ་བརྡལ་བ་ཞེས་པའམ་གདལ་བ་ཞེས་ཀྱང་གསལ་བ་དེ་དག་གི་དོན་ནི་ཀུན་ལ་ཁྱབ་པའམ། ཡོངས་ལ་ཁྱབ་པ་སྟེ། ནམ་རྒྱུན་དུ་ཁྱབ་བརྡལ་ལམ། ཁྱབ་གདལ་ཞེས་པ་དང་དོན་གཅིག་པ་ཡིན། དེ་ཡང་སྐྱེ་འགྲོ་ཀུན་གྱིས་རྒྱུ་ཉོན་མོངས་པ་ལྔའམ་ལྷན་ཅིག་པ་དང་དྲུག་བསགས་པ་ལས། འབྲས་བུ་འགྲོ་བ་རིགས་དྲུག་གི་ལས་སྣང་འབྱུང་ཞིང་། ལས་ཀྱི་འབྲས་བུ་སྨིན་ནས་ཁམས་གསུམ་འཁོར་བར་མཐའ་མེད་དུ་འཁོར་ཞིང་འཁྱམས་པ་དེ་ལ་མ་དག་པའི་སྣང་བ་ཞེས་བྱ། ལས་སྣང་དེ་སྦྱངས་པའམ་བསྒྱུར་བ་ན་དག་པའི་སྣང་བ་འཆར་ཞིང་། དག་མ་དག་གི་སྣང་བ་དེ་ཀུན་ནི། ཇི་ལྟར་གསལ་ཞིང་དག་པའི་མེ་ལོང་གི་ངོགས་སུ་རྟེན་འབྲེལ་བཟང་ངན་གྱི་སྣང་བ་སྣ་ཚོགས་སུ་འཆར་རུང་བ་ལྟར། གཞི་གནས་ཀྱི་ཡེ་ཤེས་སུམ་ལྡན་བྱང་ཆུབ་ཀྱི་སེམས་དམ་པ་དེའི་ཀློང་དུ་གཉིས་སྣང་གི་ཆོས་ཅིར་ཡང་འཆར་དུ་རུང་བ་སྟེ། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་མ་ལུས་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་རྫོགས་ཤིང་། བྱང་ཆུབ་ཀྱི་སེམས་ལས་འདས་པའི་ཆོས་ཅི་ཞིག་ཀྱང་མེད་ལ། དེ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཁྱབ་པ་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཅི་ཞིག་ཀྱང་མེད་པས། བདལ་བ་ཆེན་པོ་ཞེས་བྱ་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པར་བདལ་བའི་བདལ་བ་ཆེན་པོ་ཞེས་པ་དེའང་བྱང་ཆུབ་ཀྱི་སེམས་ཀྱིས་བྱེད་པ་པོ་ལྟར་ཆོས་ཀུན་བཀོད་པའམ། འདུ་བྱེད་གང་ཡང་རུང་བས་དམིགས་མཚན་ཅན་དུ་བསྐྲུན་པའི་དོན་ནི་མིན་ལ། འཁོར་འདས་གཉིས་སྣང་གི་ཆོས་མ་ལུས་པ་བྱང་ཆུབ་སེམས་ཀྱི་རྩལ་དང་རོལ་པ་ལས་འགགས་མེད་ཀྱི་སྣང་ཆར་ཤར་བ་དཔེར་ན། མེ་ལོང་དྭངས་པའི་ངོགསསུ་རྟེན་འབྲེལ་གྱི་ཆོས་ཅི་རིགས་འཆར་ཆོག་པ་དང་འདྲ་བ་ཡིན། རྟོགས་པའི་ཡེ་ཤེས། ཞེས་རང་རིག་པའི་གནས་ལུགས་རྗེན་གཅེར་བུད་དེ་གཤིས་རྣལ་མའི་གནས་ལུགས་བྱ་བཙལ་དང་བྲལ་བ་དེ་ཉིད་མངོན་དུ་བྱེད་པའམ་རྟོགས་པ་ན། འཁོར་འདས་ཀྱི་ཆོས་ཀུན་རང་རིག་པའི་གདངས་དང་། རོལ་པ་དང་། རྩལ་དུ་ཤར་བ་ལས་མ་འདས་ཤིང་། ཀུན་ཀྱང་ཡེ་ནས་ཇི་ལྟར་ཡིན་པའི་གནས་ལུགས་ཡོངས་སུ་རྟོགས་པས་ཡེ་ཤེས་དམ་པ་ལ་མངའ་དབང་བསྒྱུར་བ་ཡིན། དེ་ཡང་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་དུ་བཞུགས་པའི་གནས་ལུགས་དེ་ཉིད་གཤིས་རང་ཐོག་ཏུ་ཇི་ལྟར་བར་རྟོགས་ཤིང་། ལམ་དུས་སུ་གནས་པ་དང་། འགྱུ་བ་དང་། རིག་པ་གསུམ་ལས། མི་རྟོག་པ་དང་། གསལ་བ་དང་། བདེ་བ་གསུམ་པོ་ཉམས་སུ་མྱོང་བ་དང་། ནམ་ཞིག་ན་དེ་ཀུན་མཉམ་རྗེས་རིས་མེད་ཀྱི་ཏིང་འཛིན་ཆེན་པོའི་ཁོར་ཡུག་ཏུ་ཡོངས་སུ་བཟླུམས་པས། འབྲས་དུས་སུ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་རྣམས་མངོན་དུ་གྱུར་ཏེ། ཇི་ལྟར་མཁའ་ཀློང་དུ་ཉི་མ་འཆར་བ་ན་མཐའ་ཡས་པའི་འོད་ཟེར་གྱི་ཕུང་པོ་དུས་གཅིག་ཏུ་འཕྲོ་བ་ལྟར། ཇི་ལྟ་བ་དང་། ཇི་སྙེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་མཚོན་མཐའ་ཡས་པའི་ལྷུན་གྲུབ་ཀྱི་ཡེ་ཤེས་ཡོན་ཏན་གྱི་ཚོགས་རྣམས་འགོགས་མེད་དུ་མངོན་པར་གསལ་བ་ཡིན། རྩོལ་བ་དང་བྲལ་བ། ཞེས་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ནི། ལུས་ཀྱི་བྱེད་ཆིངས། ངག་གི་བཟླས་བརྗོད། ཡིད་ཀྱི་དམིགས་བསམ་ལ་སོགས་པའི་རྩོལ་བ་ཐམས་ཅད་ལས་ཡོངས་སུ་འདས་པའམ་བྲལ་བ་ཞིག་སྟེ། རྫོགས་ཆེན་སེམས་སྡེའི་ལུགས་སུ་བྱས་ན། བསམ་གཏན་གྱི་རིམ་པ་བཞིའི་སྒོ་ནས་བྱ་རྩོལ་དང་བྲལ་བ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་གཞོལ་བ་དང་། རྫོགས་ཆེན་ཀློང་སྡེའི་ལུགས་སུ་བྱས་ན། བརྡ་བཞིའི་རྣལ་འབྱོར་གྱི་རིམ་པས་བྱ་རྩོལ་དང་བྲལ་བ་དབྱེར་མེད་པའི་ཏིང་ངེ་འཛིན་ལ་གཞོལ་བ་དང་། རྫོགས་ཆེན་མན་ངག་སྡེའི་ལུགས་སུ་བྱས་ན། ཅོག་བཞག་རྣམ་པ་བཞིའི་སྒོ་ནས་རིག་པའི་རང་ངོ་བསྐྱང་ཞིང་སེམས་ལས་འདས་པའི་ཡེ་ཤེས་དམ་པ་དེ་ཉིད་མངོན་དུ་བྱེད་པས་ན་བྱ་རྩོལ་དང་བྲལ་བར་བཤད་དོ། །ནམ་མཁར་འགྱུར་བའི་གཞི་མ་ཡིན། ཞེས་ནམ་མཁའ་ནི་ཡེ་གཞི་སྙིང་པོ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་ཞིག་ཏེ། དེས་ནི་སྟོང་ཞིང་ཀུན་ལ་ཁྱབ་པའི་བདག་ཉིད་དུ་བསྟན་པ་ཡིན། ནམ་མཁའ་འགྱུར་བ་ཞེས་པ་ནི་སྣང་སེམས་འདྲེས་པའི་དོན་ཏེ། སྣ་ཚོགས་སུ་སྣང་བའི་ཆོས་ཀུན་བྱང་ཆུབ་སེམས་ཀྱི་རྩལ་དང་རོལ་པ་ལས་མ་འདས་ནའང་། གློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བ་དེས། ཡང་དག་པའི་གནས་ལུགས་ཉི་མའི་སྙིང་པོ་དང་འདྲ་བ་དེ་ཡོངས་སུ་བསྒྲིབས་ནས། གཉིས་སྣང་གི་འཁྲུལ་རྟོག་སྣ་ཚོགས་པའི་འདུ་བྱེད་ཀྱིས་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པ་དེའི་རང་མཚང་རྗེན་པར་རིག་ནས། ཀུན་ཁྱབ་བདལ་བ་ཆེན་པོ་ནམ་མཁའ་དང་འདྲ་བ་དེའི་ངང་ཉིད་དུ་གཉིས་དབྱེར་མེད་པར་འགྱུར་བ་དེའི་གཞིའམ་རྩ་བ་ནི་རྟོགས་པའི་ཡེ་ཤེས་ཟབ་མོ་དེ་ཁོ་ན་ཉིད་ཡིན་པར་བསྟན། ཡང་ན། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ནི་ཡེ་ནས་ནམ་མཁའ་ལྟར་ཀུན་ཁྱབ་སྟོང་པའི་རང་བཞིན་དུ་གནས་པ་དེ་ལྟར་ན། ད་གཟོད་ནམ་མཁའི་རང་བཞིན་དུ་འགྱུར་བའི་གཞིའམ། བསྒྲུབ་བྱའི་གཞི་གང་ཞིག་ཀྱང་མ་ཡིན་པ་སྟེ། རང་བཞིན་ནམ་མཁར་གནས་པ་ལ། །ནམ་མཁར་འགྱུར་བའི་གཞི་མ་ཡིན། །ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་ཡིན་པ་སྒྲུབ་པའི་སྒྲ་དང་། མ་ཡིན་པ་དགག་པའི་སྒྲ་སྟེ། ཚིག་འགྲོས་ཀྱི་དབང་དུ་བྱས་ན། སྔ་མས་གཞི་མ་སྟེ་གཞི་རྩ་ཡིན་པ་དང་། ཕྱི་མས་མ་ཡིན་ཏེ་ནམ་མཁའི་རང་བཞིན་དུ་འགྱུར་བའི་གཞི་རྩ་གང་ཞིག་ཀྱང་མ་ཡིན་པ་བཅས་དོན་གཉིས་དུས་གཅིག་ཏུ་བསྟན། ཀུན་གཞི་ཆོས་ཉིད། ཅེས་ཐུན་མོང་ཐེག་པའི་ལུགས་སུ། ཀུན་གཞི་ནི་བག་ཆགས་ཀྱི་གཞི་ཡུལ་གྱི་དོན་ཙམ་རིག་པ་སྟེ། སྐད་ཅིག་མ་དུ་མ་མཐུད་པའི་རྒྱུན་བརྟན་པ་ཞིག་ལ་ངོས་འཛིན་པ་ཡིན། དེ་ལ་དབྱེ་ན། རྣམ་སྨིན་དང་། ས་བོན་གྱི་ཆ་སྟེ། འབྲས་བུ་དང་། རྒྱུའི་ངོ་བོར་གྱུར་པ་གཉིས་ཡོད། ངོ་བོ་ནི་སྒྲིབ་ལ་ལུང་མ་བསྟན་པ་དང་། འཁོར་རིག་སོགས་ཀུན་འགྲོ་ལྔ། དམིགས་པ་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ་ཞིག་ཡིན། དེས་ན་ཚོགས་བདུན་འཁོར་བཅས་རང་གི་རྒྱུན་ལས་མི་སྐྱེ་སྟེ། རིགས་འདྲ་ཕྱི་མ་གྲུབ་པའི་བག་ཆགས་ཀུན་གཞི་ལ་བགོས་ཏེ་བུམ་པའི་གྲིབ་མ་ལྟར་ཀུན་གཞིའི་སྐད་ཅིག་རེ་རེ་ལ་སྐྱེ་བ་ཡིན། འདིས་འཁོར་བའི་འདུ་བྱེད་དང་། འདུས་བྱས་ཀྱི་དགེ་མི་དགེ་ལུང་མ་བསྟན་རྣམ་ཤེས་དང་བཅས་པའི་རྟེན་བྱེད་པས། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་བ་ཡིན། སྐབས་འདིར་བསྟན་གྱི་ཀུན་གཞི་ཆོས་ཉིད་ནི། ཁམས་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་གི་མྱང་འདས་འདུས་མ་བྱས་པའི་ཡོན་ཏན་དང་ངོ་བོ་ཉིད་ཀྱིས་མི་འབྲལ་བས་དོན་གྱི་ཀུན་གཞི་ཞེས་སུ་གྲགས་པ་དེ་དང་དོན་གཅིག་པ་ཡིན། སེམས་ཉིད་ནམ་མཁའ་བྱང་ཆུབ་དབྱིངས། ཞེས་སེམས་ནི་ཀུན་ཏུ་རྟོག་པ་གཉིས་འཛིན་གྱི་གཞིའམ་རྩ་བར་གྱུར་པ་དེ་ཉིད་ཡིན་ལ། དེ་ནི་དཔེར་ན་མེ་ལོང་དུ་མཛེས་མི་མཛེས་ཀྱི་གཟུགས་བརྙན་སྣ་ཚོགས་པ་འཆར་བའི་གཟུགས་བརྙན་དང་འདྲ་ལ། སེམས་ཀྱི་ངོ་བོ་ཉིད་འདི་ཞེས་ངོས་བཟུང་དུ་མེད་པ། མ་བརྟགས་མ་དཔྱད་པར་ཀུན་རྟོག་སྣ་ཚོགས་པ་བདེན་བདེན་དང་། ཡོད་ཡོད་འདྲ་བའི་ཟོལ་གྱིས་འགགས་མེད་དུ་འཕྲོ་ལ། བརྟགས་ཤིང་དཔྱད་པ་ན་ཅིའང་རྙེད་དུ་མེད་པའི་སྙིང་པོ་ཀ་དག་སྟོང་པ་ཉིད་ནམ་མཁའི་དབྱིངས་དང་འདྲ་བ་ཡིན། ཐུན་མོང་ཐེག་པའི་ལུགས་སུ་ཆེས་གྲགས་པའི་སེམས་ཉིད་ཅེས་བྱ་བ་དེ་ལ། གསང་བ་སྔགས་ཀྱི་ལུགས་སུ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་དབྱིངས། རྣམ་ཀུན་མཆོག་ལྡན་སོགས་ཀྱི་ཐ་སྙད་མི་འདྲ་བ་དུ་མར་གྲགས་ཤིང་། ཨ་ཏི་ཡོ་གའི་སྐབས་འདིར་རྫོགས་པ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། ཐིག་ལེ་ཆེན་པོ། ཁྱབ་བརྡལ་ཆེན་པོ། རང་བྱུང་ཡེ་ཤེས་སོགས་སུ་གྲགས་པ་ཡིན། དེ་ལྟ་བུའི་བྱང་ཆུབ་ཀྱིས་སེམས་དེའི་དབྱིངས་ནི། ཡེ་གཞི་གཤིས་ཀྱི་ཀློང་ཆེན་པོ་ཇི་ལྟར་ཡིན་པ་དེའི་ངང་ཉིད་ལ་ཐ་སྙད་དེ་སྐད་དུ་གྲགས་པ་ཙམ་མོ། །བཙལ་སེམས་དང་བྲལ་བ། ཞེས་ཇི་བཞིན་བའི་ཆོས་ཞེས་བྱ་བ་ལ་ཇི་བཞིན་བ་ཞིག་ཏུ་དམིགས་ནས་བཙལ་བ་དང་། དེ་ཁོ་ན་ཅེས་པ་ལ་དེ་ཁོ་ན་ཉིད་ཅིག་ཏུ་དམིགས་ནས་བཙལ་བ་དང་། གཟའ་གཏད་མེད་པ་ལ་གཟའ་གཏད་དང་བྲལ་བའི་ཆོས་ཤིག་ཏུ་དམིགས་ནས་བཙལ་བ་དང་། ལྷུན་གྱིས་གྲུབ་པར་ལྷུན་གྱིས་གྲུབ་པའི་ཆོས་ཤིག་ཏུ་དམིགས་ནས་བཙལ་བ་སོགས། བཙལ་སེམས་དང་བཅས་པ་དེ་ནི་རེ་དོག་གི་མཐའ་ལས་མ་འདས་པས། བཙལ་སེམས་དང་བྲལ་བ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་དམ་པ་མངོན་དུ་འགྱུར་བའི་གཞིའམ་རྩ་བ་ཡིན་པར་བསྟན། བྱང་ཆུབ་སྒྲུབ་པའི་གཞི་མ་ཡིན། བཙལ་སེམས་དང་ཡོངས་སུ་བྲལ་བས་སྙིང་པོ་བྱང་ཆུབ་སེམས་ཀྱི་དབྱིངས་ཆེན་པོ་ཇི་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ཉིད་དུ་གནས་པ་དེ་ནི་བྱང་ཆུབ་ཆེན་པོ་མངོན་དུ་སྒྲུབ་པའི་གཞི་མའམ་རྩ་བ་ཞིག་ཏེ། གཞི་རྩ་དེ་དང་བྲལ་བ་ནི་ཇི་ལྟར་དབུལ་པོའི་སྔས་སྟེགས་ཕ་ལམ་གྱིས་བྱས་ཏེ་མི་ཚེ་ཧྲིལ་པོར་བསྐྱེལ་ནའང་། རང་གི་སྔས་སུ་ཕ་ལམ་ཡོད་པར་མ་ཤེས་པའི་རྐྱེན་གྱིས་དབུལ་ཕོངས་ཀྱི་སྡུག་བསྔལ་ཡུན་རིང་དུ་མྱོང་བའི་མཐའ་བཀྲེས་ཤིང་སྐོམ་པས་ཉེས་ཏེ་ཚེ་འཕོས་པའི་དཔེ་དང་འདྲ་བ་ཡིན། ཡང་ན། སེམས་ཀྱི་དེ་ཁོ་ན་ཉིད་ནམ་མཁའ་དང་འདྲ་བ་དེ་ནི་ཡེ་གདོད་མ་ནས་བྱང་ཆུབ་ཆེན་པོའི་དབྱིངས་ཡིན་པ་ལས། སྔོན་མེད་ཀྱི་བྱང་ཆུབ་གསར་དུ་སྒྲུབ་པའི་གཞི་ཅི་ཞིག་མ་ཡིན་པ་སྟེ། སེམས་ཉིད་ནམ་མཁའ་བྱང་ཆུབ་དབྱིངས། །བྱང་ཆུབ་སྒྲུབ་པའི་གཞི་མ་ཡིན། །ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་ནི་ཡིན་པ་སྒྲུབ་སྒྲ་དང་། མ་ཡིན་པ་དགག་སྒྲའི་དོན་གཉིས་ཆ་དུས་གཅིག་ཏུ་བསྟན་པར་ཤེས་སོ། །གཞི་རྩ་མྱེད་པའི་སེམས་ཉིད། ཅེས་སེམས་ནི་རྣམ་པར་རྟོག་པ་སྣ་ཚོགས་སྐྱེད་མཁན་འདི་ཡིན་ལ། རྣམ་རྟོག་ལས་གཞན་དུ་སེམས་ཞེས་བྱ་བ་ངོས་འཛིན་དུ་རུང་བ་ཅི་ཞིག་ཀྱང་མ་མཆིས། རྣམ་རྟོག་གི་རང་ངོར་བལྟས་ཙ་ན། འདི་ཉིད་གང་ནས་སྐྱེས་པ་དང་། གང་ན་གནས་པ། གང་དུ་ཕྱིན་པའི་གཞིའམ་རྩ་བ་འདི་ཡིན་ཞེས་ངོས་བཟུང་ཐུབ་པ་འགའ་ཡང་མེད་པས། གཞི་རྩ་མྱེད་པ་ཞེས་བྱ་བ་ཡིན། དེ་ལྟར་ངོས་འཛིན་དུ་མེད་ཅིང་། གང་ཞིག་རྙེད་པ་དེ་ནི་སྟོང་ཞིང་བདག་མེད་པ་ཙམ་ལས་གཞན་མེད་ནའང་། ཀུན་རྟོག་ནི་མ་རྙེད་པ་དེ་ཀའི་ངང་ནས་འགགས་མེད་དུ་ཡང་ཡང་ཤར་བ་སྟེ། དེ་ལྟ་བུའི་ངོ་བོ་སྟོང་ལ་རང་བཞིན་གསལ་བ། ཐུགས་རྗེ་འགགས་པ་མེད་པ་ཞིག་མངོན་སུམ་མྱོང་བས་གྲུབ་པའི་བདག་ཉིད་འདི་ལ་སྙིང་པོ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཅེས་པའམ། དེའི་ཚིག་སྣ་བསྡུས་པའི་ཚུལ་གྱིས་སེམས་ཉིད་ཅེས་སུ་གྲགས་པ་ཡིན། མྱེ་འཕོ་ཆུ་གསོད་པ། ཞེས་འདི་ནི་ཡང་དག་པའི་གནས་ལ་རྨོངས་པའི་དཔེ་ཞིག་ཏེ། སུ་ཞིག་གིས་མེ་དང་ཆུ་དགྲ་རུ་ཤེས་ཤིང་། དེའི་ཚུལ་ལ་མཁས་པར་རློམས་ནའང་། དངོས་པོའི་རང་གཤིས་ཀྱི་གནས་ཚུལ་མེས་ཆུ་གསོད་པའམ། ཆུས་མེ་གསོད་པའི་ངེས་ཤེས་ཇི་བཞིན་མ་རྙེད་ཅིང་། མེ་གསད་པའི་ཕྱིར་དུ་ཆུ་འཁྱེར་ནས། ཆུ་དེ་མེའི་སྟེང་དུ་འཕོ་ནས་མེ་གསད་དགོས་རྒྱུ་ཡིན་པ་ལ། མེ་འཕོ་ཞིང་ཆུ་གསོད་པའི་བྱ་བ་ལ་ཞུགས་པ་ལྟ་བུ་ཡུན་རིང་གི་ངལ་བ་ཅི་འདྲ་བ་ཞིག་བྱས་ནའང་། དགོས་དོན་འགྲུབ་པའི་དུས་མེད་པར་མཚོན་པ་དང་། ཡང་ན། མེས་ཆུ་གསོད་པའི་ངེས་ཤེས་ཀྱི་བློ་གྲོས་ཙམ་ཡོད་ནའང་། རྟག་ཏུ་གཡེང་བས་གཞན་དབང་དུ་གྱུར་ཏེ། ནམ་ཞིག་མེ་གསད་དགོས་པའི་དུས་ལ་བབས་པ་ན། མེ་འཕོ་སྟེ་ཆུ་གསོད་པའི་བྱ་བ་བྱེད་པ་ལྟ་བུ་གོ་དོན་གཉིས་དང་ལྡན་པ་ཡིན། རི་དྭགས་སྨྲིག་རྒྱུ་སྙོག་པ། ཞེས་མྱ་ངམ་གྱིས་གདུང་བའི་ཐང་ཆེན་དུ་གནས་པའི་རི་དྭགས་རྣམས་ཀྱིས་ཆུ་བཏུང་བར་འདོད་དེ་ཆུ་བཙལ་དུ་འགྲོ་བའི་ཚེ། རྒྱང་རིང་ནས་སྨྲིག་རྒྱུ་མཐོང་བ་དེ་ཆུར་འཁྲུལ་ཏེ་ངལ་བ་ཆེན་པོས་ཡུན་རིང་དུ་བགྲོད་ནའང་། རི་དྭགས་རྣམས་ཕར་ཕར་ཕྱིན་པ་ན་སྨྲིག་རྒྱུའང་ཕར་ཕར་ཕྱིན་ཏེ་སླེབས་པའི་སྐབས་མི་འབྱུང་། དེ་ལྟར་ནའང་འཁྲུལ་རྟོག་ལ་ཡིད་ཆེས་ཆེ་ཞིང་། སྐོམ་པའི་སྡུག་བསྔལ་གྱིས་ཆུ་ལ་རེ་ཆེ་བས་ངལ་བ་ཁྱད་དུ་བསད་དེ་སྨྲིག་རྒྱུའི་རྗེས་སུ་སྙེགས་པ་ལྟར། དུས་རིང་དུ་སྒོ་གསུམ་ངལ་བ་ཆེན་པོས་རྩོལ་སྒྲུབ་ཅི་འདྲ་ཞིག་བྱས་ནའང་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ་ལས་གཞན་གང་ཞིག་ཀྱང་རྙེད་དུ་མེད་པར་བསྟན་པ་ཡིན། སྐྱེ་དང་བྲལ་བའི་བྱང་ཆུབ། ཞེས་སྐྱེ་བ་དང་། གནས་པ་དང་། འགག་པ་གསུམ་ནི་དུས་གསུམ་གྱི་ཆ་ལ་ལྟ་བའི་ཚུལ་ཞིག་ཡིན་ལ། དེའང་ཐོག་མར་མ་སྐྱེས་པར་གནས་པ་དང་། འགག་པ་འབྱུང་མི་སྲིད་པས། ཀུན་གྱི་ཐོག་མར་སྐྱེ་བ་བསྟན་པ་ཡིན། དེ་བས་ན་ཡེ་གདོད་མ་ནས་སྐྱེ་བ་དང་བྲལ་བའམ་སྐྱེ་མ་མྱོང་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཏེ། ནམ་རྒྱུན་དུ་སྐྱེ་མེད་ཅེས་པའི་ཐ་སྙད་ཡོངས་སུ་གྲགས་པ་དེ་དང་དོན་གཅིག་ཅིང་། སྐྱེ་མེད་དུ་རྟོགས་པས་འགག་མེད་དང་། གནས་མེད་ཡིན་པའང་རང་ཤུགས་སུ་རྟོགས་ཐུབ་པ་ཡིན། བྱང་ཆུབ་རྒྱུ་འབྲས། ཞེས་ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་རྒྱུ་དང་འབྲས་བུར་གྲུབ་པ་ཅི་ཞིག་ཀྱང་མ་མཆིས་པས་རྫོགས་པ་ཆེན་པོ་རྒྱུ་འབྲས་ལས་འདས་པ་ཞེས་སུ་གྲགས་ལ། ཀུན་རྫོབ་རྒྱུ་འབྲས་སུ་བསྙད་པ་དེ་དག་ཀྱང་སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་དུ་ཤར་བ་ཙམ་ལས་གཞན་མ་ཡིན་ཚུལ་གོང་དུ་ཚིག་འགྲེལ་རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ་ཞེས་པའི་སྐབས་སུ་གསལ་བར་བཤད་པ་ལྟར་ཡིན། དགེ་སྡིག །ཅེས་སྡིག་པ་ནི་མི་དགེ་བ་བཅུ་སྟེ། ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམས་པ་གསུམ་དང་། ངག་གི་སྒོ་ནས་རྫུ་སྨྲ་བ། ཕྲ་མ་འབྱེད་པ། ཚིག་རྩུབ་བརྗོད་པ། ངག་བཀྱལ་བ་བཞི་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་སྐྱེ་བ། གནོད་སེམས་བྱེད་པ། ལོག་པར་ལྟ་བ་གསུམ་བཅས་བཅུ་པོ་འདི་དག་ཡིན། དེ་དག་ལ་ཇི་མི་སྙམ་པས་འཆོལ་ཉོག་ཏུ་སྤྱད་པས་བདེན་དོན་མཐོང་བར་གེགས་བྱེད་ཅིང་མཐོང་དུ་མི་སྟེར་བའི་སྡིག་པར་འགྱུར་ཞིང་། དགེ་བ་ནི་ལེགས་པའི་ཕྱོགས་སུ་འདྲེན་པས་དགེ་བ་སྟེ། གོང་གསལ་ལས་ལམ་བཅུ་པོ་དེ་དག་ལས་བཟློག་ཅིང་དྲན་ཤེས་ཀྱིས་ཡོངས་སུ་འཚོ་བ་ལ་དགེ་བ་བཅུ་ཞེས་བྱ་བ་ཡིན། མཐོ་རིས། ཞེས་འགྲོ་བ་རིགས་དྲུག་ཏུ་དབྱེ་བའི་ཚེ། དབང་པོའི་ཁྱད་པར་གྱིས་མཐོ་བའི་གནས་རིས་ལྷ་དང་། ལྷ་མ་ཡིན་དང་། མིའི་འཇིག་རྟེན་གསུམ་དང་། དེ་དག་ལས་དབང་པོའི་ཁྱད་པར་གྱིས་དམན་པ་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་འཇིག་རྟེན་གསུམ་ལ་ངན་སོང་གསུམ་དུ་གྲགས་པ་ལྟར། མཐོ་བ་ནི་བསོད་ནམས་དགེ་བའི་ཚོགས་ལས་བྱུང་བའི་ལས་དང་། སྐལ་བ། དབང་པོའི་བྱེ་བྲག་རྣམས་ངན་སོང་གི་གནས་ལ་ལྟོས་ན་ཆེས་མཐོ་བའི་གནས་རིས་སུ་སོང་བས་ན་མཐོ་རིས་ཞེས་སུ་གྲགས་པ་ཡིན། ཐར་པའ། ཞེས་གནས་སྐབས་སུ་འཁོར་བའི་སྡུག་བསྔལ་ཇི་སྙེད་པ་རྣམས་དང་། ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་ལས་ཐར་བའི་ཐར་པ་ཞིག་དང་། མཐར་ཐུག་ཏུ་སྲིད་པ་དང་། ཞི་བའི་མཐའ་གང་ལའང་མི་གནས་པའི་ཐར་པ་དམ་པ་བྱང་ཆུབ་ཆེན་པོ་མངོན་དུ་འགྱུར་བ་སྟེ། མྱ་ངན་ལས་ཡོངས་སུ་འདས་པ་ཞེས་སུ་གྲགས་པ་བཅས་ཐར་པའི་གཙོ་བོ་རིགས་གཉིས་ཡོད་པ་ཡིན། ཡོངས་ཀྱི་མྱེད། ཅེས་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུ་འབྲས་སུ་གྲུབ་པ་འགའ་ཡང་མེད་ཅིང་། དེ་ལ་དགེ་བ་དང་། མི་དགེ་བ། མཐོ་རིས་དང་། ངན་སོང་། ཐར་པ་དང་། འཁོར་བ་ཞེས་བྱ་དངོས་མཚན་དུ་གྲུབ་པ་འགའ་ཡང་མེད་པ་ལྟ་ཅི། མིང་ཙམ་དུའང་མ་གྲུབ་པས་ཡོངས་ཀྱིས་མེད་ཅེས་བྱ་བ་ཡིན། དེ་ནི་ཨ་ཏི་ཡོ་གའི་སྐབས་ཙམ་དུ་མ་ཟད། ཤེས་རབ་སྙིང་པོ་ལས་ཀྱང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཞེས་གསུངས་པས་ཀྱང་ཤེས་ཐུབ་པ་ཡིན། དེ་ལྟར་ན་ཆད་པར་ལྟ་བར་མི་འགྱུར་རམ་སྙམ་དུའང་མི་བསམ་སྟེ། སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུ་འབྲས་སུ་གྲུབ་པ་འགའ་ཡང་མྱེད་པར་བཤད་པ་ལས། བྱང་ཆུབ་ཀྱི་སེམས་ལ་རྩལ་དང་རོལ་པ་མེད་ཅེས་བཤད་པ་མ་ཡིན། དཔེར་ན་མེ་ལོང་ཞེས་པ་དེ་ཉིད་གཟུགས་བརྙན་མ་ཡིན་ཞེས་བཤད་པ་ལས། མེ་ལོང་དུ་གཟུགས་བརྙན་མེད་ཅེས་པའམ། མེ་ལོང་ལ་གཟུགས་བརྙན་འཆར་ནུས་གསལ་དག་རྙོགས་པ་མེད་པའི་ཡོན་ཏན་མེད་ཅེས་བཤད་པ་མ་ཡིན་པ་དང་འདྲའོ། །ལྡེ་མིག །ཅེས་ལྡེའུ་མིག་ཅེས་ཀྱང་བྱ་བ་འདི་ནི་སྒོ་ལྕགས་འབྱེད་བྱེད་ཅིག་ཡིན་ལ། སྒོ་ལྕགས་འབྱེད་པར་མེད་དུ་མི་རུང་བ་ནི་ལྡེ་མིག་ཡིན་པ་དང་། དེ་མེད་ན་ཁང་པའི་ནང་དུ་ཡོད་པའི་བང་མཛོད་སོགས་མངོན་སུམ་དུ་མཐོང་བའི་སྐབས་མི་ཡོང་བས། ལྡེ་མིག་ལ་དགོས་པ་ཁྱད་ཅན་ཞིག་ཡོད་ངེས་པ་ལྟར། ཨ་ཏི་ཡོ་གའི་རྒྱུད་ལུང་མན་ངག་གི་སྐོར་རྒྱ་ཆེ་ཞིང་གྲངས་མང་བ་དེ་ཀུན་ལ་བལྟ་བའི་གོ་སྐབས་འབྱེད་བྱེད་ལྡེ་མིག་དང་འདྲ་བའི་མན་ངག་བླ་ན་མེད་པ་ཞིག་ཡིན་པར་བསྟན། མན་ངག་བླ་ན་མེད་པ། ཞེས་བཟོ་འཕྲུལ་གྱི་འཁོར་ལོའི་གནད་ཀ་གསལ་བར་ཤེས་ཤིང་། དེའི་གནད་དུ་གཅུན་ཤེས་ན་འཕྲུལ་འཁོར་གྱི་བྱེད་ལས་ཇི་བཞིན་འབྱུང་བ་ལྟར། རྫོགས་པ་ཆེན་པོའི་རྒྱུད་དང་། ལུང་དང་། གདམས་པ་རྒྱ་ཆེ་ཞིང་གྲངས་མང་བ་དེ་ཀུན་གྱི་རྩ་གནད་གཅིག་ཏུ་འདུས་པའི་མན་ངག་ཨ་ཏི་ཡོ་གའི་དགོངས་པ་བླ་ན་མེད་པ་དེ་ཉིད་འདིར་ཉུང་ངུའི་ཚིག་གིས་མཚོན་པར་བསྟན། སྦས་པའི་རྒུམ་ཆུང་། གསང་བའི་གདན་ཉེ་བར་བསྡུས་པའི་དཔེ་ཞིག་ཏེ། ཇི་ལྟར་བྱ་རོག་གི་འབྲུ་རིགས་ཉུང་ཙམ་ཞིག་རྒུམ་བུར་བཏུས་ཏེ། སླད་ནས་ལོངས་སུ་སྤྱོད་པའི་ཆེད་དུ། ཁོ་རང་གི་ཡིད་ཁར་བབས་པའི་ས་གནས་གང་རུང་ཞིག་ཏུ་སྦས་ནས་བཞག་པ་ལྟར། རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་བཀའ་བསྟན་རྒྱ་ཆེན་པོ་རྒྱལ་པོའི་བང་མཛོད་དམ། སྟོན་ཁའི་འབྲུ་ཞིང་དང་འདྲ་བ་དེ་དག་ལས་ཕྱི་རབས་གདུལ་བྱའི་ཆེད་དུ་སྙིང་པོའི་དོན་བསྡུས་པའི་ཚིག་ཚོགས་ཉུང་ངུ་བྱ་རོག་གི་རྒུམ་བུ་ལྟར། རྒྱས་སྤྲོས་དང་བྲལ་བའི་དཔེ་ཆུང་ངུ་ཞིག་གི་དོན་ཡིན། སངས་རྒྱས་སྦས་པ། ཞེས་ལེགས་སྦྱར་དུ་བུདྡྷ་གུཔྟ་ཞེས་སུ་གྲགས་ཤིང་། དཔེ་རྙིང་མང་ཞིག་ཏུ་ནི་འབུ་ཏ་ཀུཀ་ཏ་ཞེས་པར་སྣང་བ་དེ་ནི་ཕལ་ཆེར་དེ་སྐབས་སུ་མཚན་གྱི་སྒྲ་ཇི་བཞིན་གྲགས་པ་དེ་ཉིད་ཐད་ཀར་ཡི་གེར་བཀོད་པའི་ལུགས་ཤིག་ཡིན་པ་སྨོས་མ་དགོས། མཚན་གྱི་སྒྲ་དེའང་ཕལ་ཆེར་ཨོ་རྒྱན་གྱི་སྒྲ་གདངས་ལས་དྲངས་པ་ཞིག་ཡིན་སྲིད་པའང་ཨ་ཏི་ཡོ་གའི་རྒྱུད་ལུང་ཕལ་མོ་ཆེ་ཨོ་རྒྱན་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་ཚུལ་བཻ་རོའི་རྒྱུད་འབུམ་ལས་གསལ་བ་དེ་དག་གིས་ཤེས་ཐུབ། སྦས་པའི་རྒུམ་ཆུང་གི་དཔེ་འདི་དང་། བསམ་གཏན་མིག་སྒྲོན་གྱི་ཕྱི་མོའི་དཔེ་རྣམས་སུ་འབུ་ཏ་ཀུཀ་ཏ་ཞེས་མཚན་གྱི་སྒྲ་ཐད་ཀར་བཀོད་པ་གསལ་བར་སྣང་བ་འདིས་ཀྱང་གཞུང་འདི་དག་གི་ཕྱི་མོའི་དཔེ་ནི་ཤིན་ཏུ་རྙིང་མ་ཞིག་ཡིན་པ་གསལ་བར་བསྟན་པ་ཡིན། ཨ་ཏི་ཡོ་ག །ཞེས་བོད་སྐད་དུ། གདོད་མའི་རྣལ་འབྱོར་རམ། སྐབས་འགར་ཡོངས་སུ་རྣལ་འབྱོར་ཞེས་ཀྱང་གྲགས་པ་སྟེ། མཚན་འདི་ནི་ལྷུན་གྲུབ་རྫོགས་པ་ཆེན་པོའི་མཚན་ཐུན་མོང་མ་ཡིན་པ་ཞིག་ཡིན། སྔགས་རྙིང་མའི་ལུགས་སུ་ཐེག་པ་རིམ་པ་དགུ་རུ་གྲགས་པ་སྟེ། འཇིག་རྟེན་ལྷ་མིའི་ཐེག་པ་དང་། ཉན་རང་གི་ཐེག་པ། བྱང་སེམས་ཐེག་པ་སྟེ་རྒྱུའི་ཐེག་པ་གསུམ་དང་། ཀྲྀ་ཡ་དང་། ཨུ་བྷ་ཡ། ཡོ་ག་སྟེ་སྔགས་ཕྱི་པའི་ཐེག་པ་གསུམ་དང་། མ་ཧཱ་ཡོ་གའམ་རྣལ་འབྱོར་ཆེན་པོ་དང་། ཨ་ནུ་ཡོ་གའམ་ཤིན་ཏུ་རྣལ་འབྱོར་དང་། ཨ་ཏི་ཡོ་གའམ་ཡོངས་སུ་རྣལ་འབྱོར་ཏེ་སྔགས་ནང་པའམ་རྣལ་འབྱོར་བླ་ན་མེད་པ་གསུམ་བཅས་ཐེག་པ་རིམ་པ་དགུ་རུ་ཕྱེ་སྲོལ་ཡོད། རྣལ་འབྱོར་བླ་ན་མེད་པར་གྲགས་པའི་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དེ་གཉིས་ནི་སྒྱུར་ལམ་གྱི་གཙོ་བོ་དག་ཡིན་ལ། དེ་དག་ཀྱང་གཙོ་ཆེའི་དབང་དུ་བྱས་ན་མ་ཧཱ་ཡོ་ག་ནི་སྒྱུར་ལམ་རིམ་གྱིས་པ་སྟེ། དེའི་མཐར་ཐུག་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དང་། ཨ་ནུ་ཡོ་ག་ནི་སྒྱུར་ལམ་རིམ་གྱིས་མ་ཡིན་པ་སྟེ། དེའི་མཐར་ཐུག་ལ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཡིན། ཨ་ནུ་ཡོ་གའི་མཐར་ཐུག་ལ་རྫོགས་ཆེན་དུ་གྲགས་པའི་རྒྱུ་མཚན་ནི། ལུགས་དེར་ཐོག་མ་ཉིད་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་ཤེས་ཤིང་། གདོད་ནས་རྣམ་པར་དག་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཇི་ལྟར་ཡིན་པ་ལ་ཡིན་པར་ཤེས་པས་སྐད་ཅིག་ཉིད་དུ་གསལ་འདེབས་པའི་སྒྱུར་ལམ་རིམ་གྱིས་མ་ཡིན་པས་ལམ་ཉམས་སུ་ལེན་ཞིང་། དེ་ལ་བརྟེན་ནས་ལྷུན་གྲུབ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གཞོལ་བ་ཡིན། དེ་ལྟར་ནའང་དེའི་མཐར་ཐུག་རྫོགས་པ་ཆེན་པོ་ཡིན་གྱིས། ཐེག་པ་དངོས་ནི་ཨ་ནུ་ཡོ་ག་སྒྱུར་ལམ་གྱི་ཐེག་པ་ཞིག་ཡིན་པ་ལས་ཨ་ཏི་ཡོ་གའི་ཐེག་པ་མ་ཡིན། དེའི་རྒྱུ་མཚན་གྱིས་ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་ཞེས་བྱ་བའི་ཐེག་རིམ་མི་འདྲ་བ་གཉིས་སུ་བྱུང་བ་དང་། སྒྱུར་ལམ་དང་། རང་གྲོལ་གྱི་ཐེག་པ་གཉིས་ཀྱི་ཁྱད་པར་ཡང་གཞི་རྩ་དེ་ནས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་ལུང་། ཞེས་ཡེ་གཞི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་གཞི་ལམ་འབྲས་བུའི་གནས་སྐབས་སོ་སོའི་ཡིན་ལུགས་ཇི་བཞིན་བསྟན་པའི་རྒྱུད་དང་། རྒྱུད་ཀྱི་རྩ་གནད་གལ་ཆེའི་གྲངས་ཐོར་བུར་བཏུས་ཤིང་ལྷན་ཅིག་ཏུ་བསྡེབས་པའི་ལུང་རྒྱས་པ་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བུ་དང་། བསྡུས་པ་རྫོགས་ཆེན་སེམས་སྡེ་སྔ་འགྱུར་ལྔའི་གྲངས་སོགས་མང་དུ་བཞུགས་པ་དེ་རྣམས་ལ་སེམས་ཀྱི་ལུང་ཞེས་སུ་གྲགས་པ་ཡིན། བློ་ཡང་རབ། ཅེས་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་གདམས་པ་ཟབ་མོ་འདི་ནི་གདུལ་བྱ་བློ་ཡང་རབ་རྣམས་ཀྱི་དོན་དུ་བྱོན་པར་ཡོངས་སུ་གྲགས་ཤིང་། དེའི་དོན་ནི། རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ། གནས་ལུགས་ཀྱི་དོན་རྟོགས་ནས་ཉམས་སུ་ལེན་དགོས་ཀྱིས། དམིགས་པ་སེམས་ཀྱི་འདུ་བྱེད་ཀྱིས་ལྷ་བསྒོམ་པ་དང་། སྔགས་བཟླ་བ། གཞན་ཡང་བདེ་གཤེགས་ལ་མཆོད་བསྟོད་འབུལ་བ། ཕྱག་སྐོར་ལ་འབད་པ་སོགས་ཀྱི་དགེ་སྦྱོར་ཅི་འདྲ་ཞིག་བགྱིས་ནའང་། དེ་དག་རྫོགས་པ་ཆེན་པོའི་ལམ་སྟེགས་དགེ་བའི་ཚོགས་ཙམ་ལས་ཨ་ཏི་ཡོ་གའམ་རྫོགས་པ་ཆེན་པོའི་ཉམས་ལེན་དུ་མི་འགྱུར་ཞིང་། དགེ་བའི་ཚོགས་བསགས་པ་ཙམ་གྱིས་སྙིང་པོ་བྱུང་ཆུབ་སེམས་ཀྱི་གནས་ལུགས་དམ་པ་དེ་མངོན་དུ་འགྱུར་བ་ཤིན་ཏུ་ནས་ཀྱང་དཀའ་བ་ཡིན། གནས་ལུགས་ཀྱི་དོན་རྟོགས་པར་དབང་པོ་མཆོག་ལྡན་ཞིག་ངེས་པར་དུ་ཡིན་དགོས། དབང་པོ་མཆོག་ལྡན་ནམ་བློ་ཡང་རབ་ཅེས་པ་དེ་གྲུབ་པ་ཐོབ་པའམ། ས་ཐོབ་པའི་སེམས་དཔའ་ཞིག་ཡིན་དགོས་པའི་ངེས་པ་མེད་ཅིང་། གྲུབ་པ་ཐོབ་པ་ལ་ལམ་གྱི་དགོས་པའང་མེད་པ་ཡིན། བློ་ཡང་རབ་ཀྱི་དོན་ནི། གདུལ་བྱ་སུའང་རུང་བ་དེའི་རྒྱུད་ལ་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་དབང་པོ་རྣམས་ཡོངས་སུ་ཚང་བའམ། འགའ་ཞིག་མ་ཚང་བ་དེ་དག་ཀྱང་དྲན་དང་ཤེས་བཞིན་གྱི་སྒོ་ནས་ཚང་བར་བསྒྲུབ་ཤེས་ཤིང་ནུས་པ་དེ་འདྲ་བ་ཞིག་ལ་གོ་དགོས་པ་ཡིན། སྒོ་གཙིགས། ཞེས་གཞུང་འདིས་བསྟན་བྱའི་དོན་ཇི་སྙེད་ཅིག་ཡོད་པ་དེ་ཀུན་གྱི་སྡོམ་ཚིག་གི་དོན་ཏེ། སྒོ་ཞེས་པ་ནི་བཤད་བྱའི་སྒོ་མི་འདྲ་བའི་རིགས་ཇི་སྙེད་ཡོད་པ་དེ་རྣམས་ཡིན་ལ། གཙིགས་ཞེས་པ་ནི་བརྡ་རྙིང་པར་གཙིགས་སུ་ཆེ་སྟེ་གལ་ཆེ་བའམ། གནད་ཆེ་བའི་དོན་ལ་འཇུག་ཅིང་། འདིར་བསྟན་གྱི་དོན་སྙིང་ནི་གནད་ཆེའི་རིགས་ལྷན་དུ་སྡོམ་པ་ཕལ་ཆེར་དེང་དུས་ཀྱི་ཐ་སྙད་དུ་གྲགས་ཆེ་བ་ས་བཅད་ཅེས་པ་དང་འདྲ་བར་སེམས། ཡེ་ཤེས་དྲུག །ཅེས་ཡོངས་གྲགས་སུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ཡེ་ཤེས་ལྔར་བཤད་ཅིང་། སྐབས་འདིར་ཡེ་ཤེས་ལྔའི་ཁྱད་གཞི་རང་བྱུང་གི་ཡེ་ཤེས་ནི་ཇི་ལྟར་འོད་ཟེར་གང་ལས་འཕྲོ་བའི་གཞི་ཉི་མའི་སྙིང་པོ་དང་འདྲ་བ་དེ་ཉིད་ཇི་བཞིན་དུ་རྟོགས་པའི་ཚེ་རྟོགས་པའི་ཡེ་ཤེས་ཞེས་བྱ་ལ། དེ་ཉིད་ཀྱི་ཁྱད་ཆོས་ཡེ་ཤེས་རྣམ་པ་ལྔ་དང་བཅས་པར་ཡེ་ཤེས་དྲུག་གི་བརྡས་བསྙད་པ་ཡིན། ཆེ་བ་རྣམ་པ་ལྔ། ཞེས་གཞུང་འདིའི་བསྟན་དོན་ཆེ་བ་རྣམ་པ་ལྔ་སྟེ། ༡༽ཀུན་ཏུ་བཟང་པོའི་རང་བཞིན་ཆེ་བ། ༢༽བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ཆེ་བ། ༣༽བྱང་ཆུབ་སེམས་ཀྱི་དཔེ་མི་དམིགས་པའི་ཆེ་བ། ༤༽ཀུན་གཞི་མཁའ་དབྱིངས་རྣམ་པར་དག་པའི་ཆེ་བ། ༥༽བྱང་ཆུབ་ཀྱི་སེམས་གོལ་སྒྲིབ་དང་བྲལ་བའི་ཆེ་བའོ། །དེ་ཁོ་ན་ནི་ཡིན་པ་རྣམ་གསུམ། ཞེས༡༽་སེམས་ཉིད་ཀྱི་རང་བཞིན་ནམ་མཁའ་ལྟར་འགྱུར་མེད་ཡིན་པ་ནི། རང་བཞིན་ནམ་མཁར་གནས་པ་ལ། །ནམ་མཁར་འགྱུར་བའི་གཞི་མ་ཡིན། །ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་པ་དང་། ༢༽སེམས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་ཡིན་པ་ནི། སེམས་ཉིད་ནམ་མཁའ་བྱང་ཆུབ་དབྱིངས། །བྱང་ཆུབ་སྒྲུབ་པའི་གཞི་མ་ཡིན། །ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་པ་དང་། ༣༽སེམས་ཉིད་ལ་གཞི་རྩ་མེད་པས་ནམ་མཁའ་དང་འདྲ་བ་ཡིན་པ་ནི། གཞི་རྩ་མྱེད་པའི་སེམས་ཉིད་ལ། །བཙལ་བས་མྱི་རྙེད་ནམ་མཁའ་འདྲ། །ཞེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་པ་ཡིན། ནམ་མཁའི་ཐིག་ལེ། ཞེས་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའམ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཁྱབ་པའི་ཆོས་འགའ་ཡང་མེད་པས། ཀུན་ལ་ཁྱབ་ཅིང་དངོས་མཚན་དུ་མ་གྲུབ་པའི་སྟོང་པ་ནམ་མཁའ་ལྟ་བུ་དང་། སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཞེས་གང་གིས་ཀྱང་མཚོན་དུ་མེད་ཅིང་། དེའང་གཟུང་འཛིན་གཉིས་རྟོག་གི་སྤྲོས་པའི་གྲ་ཟུར་ལས་ཡོངས་སུ་འདས་པའི་ཐིག་ལེ་དཔེ་མཁའ་དབྱིངས་སྟོང་པའི་ཀློང་དུ་འོད་ཀྱི་ཐིག་ལེ་ཤར་བས་མཚོན་པ་སྟེ། རྫོགས་ཆེན་གྱི་སྟོན་པ་ཆེན་པོ་དགའ་རབ་རྡོ་རྗེ་སྐུ་བལྟམས་པའི་ཚེ་ཞལ་ཏོན་དུ་མཛད་པར་གྲགས་པ་མན་ངག་ལུང་གི་རྩ་བ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་དགོངས་པའང་། ཆོས་ཉིད་ཀྱི་ཐིག་ལེ། དབྱིངས་ཀྱི་ཐིག་ལེ། དབྱིངས་རྣམ་པར་དག་པའི་ཐིག་ལེ། ཡེ་ཤེས་ཆེན་པོའི་ཐིག་ལེ། ཀུན་ཏུ་བཟང་པོའི་ཐིག་ལེ། ལྷུན་གྱིས་གྲུབ་པའི་ཐིག་ལེ་བཅས་ཐིག་ལེ་དྲུག་གིས་བསྟན་ཅིང་། བསམ་གཏན་མིག་སྒྲོན་ལས་ཀྱང་ཐིག་ལེ་དྲུག་གི་སྐོར་གསལ་བར་བསྟན་ཡོད། དབྱིངས་རྣམ་པར་དག་པ། ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་དེ་ལ་དབྱིངས་ཞེས་པའི་བརྡས་བསྙད་ཅིང་། དེ་ནི་དཔེར་ན་སྣོད་བཅུད་ཐམས་ཅད་ཀྱི་གཞི་ལ་མཁའ་དབྱིངས་ཞེས་བྱ་བ་དང་འདྲ་བ་ཡིན། ཡོངས་གྲགས་སུ། གཟུང་ཡུལ་སྟོང་པར་གཏན་ལ་ཕེབས་ཏེ་གང་ཟག་གི་བདག་མེད་པ་མངོན་དུ་འགྱུར་བ་དང་། འཛིན་པ་རང་བཞིན་མ་གྲུབ་པ་གཏན་ལ་ཕེབས་པས་ཆོས་ཀྱི་བདག་མེད་པ་མངོན་དུ་འགྱུར་བ་སྟེ། བདག་མེད་གཉིས་སྟོང་གི་ཆོས་དབྱིངས་ཆེན་པོ་ནི་ཐུན་མོང་ཐེག་པའི་ལུགས་སུ་གྲགས་ཆེ་ཞིང་། ཆོས་ཀུན་གྱི་གདོད་མའི་གཤིས་ཀྱི་གནས་ལུགས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་ལས་ཟུང་འཇུག་རྡོ་རྗེའི་སྐུར་བཞེངས་པའི་ཚུལ་འདི་ནི་སྔགས་ཀྱི་ལུགས་སུ་གྲགས་ནའང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐབས་སུ་གཟུང་འཛིན་གཉིས་རྟོག་གིས་ཕྱེས་པའི་ཆ་དེ་གནས་ལུགས་གཅིག་ཏུ་བཟླུམས་ཤིང་། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྣང་ཙམ་དུ་གཏན་ལ་ཕེབས་ཏེ་རྟོགས་པ་མངོན་དུ་བྱེད་ཅིང་། ལུས་རྡུལ་ཕྲན་དུ་དེངས་ཏེ་ཕུང་པོ་ལྷག་མེད་དུ་སངས་རྒྱས་པ་ཞིག་གམ། གདོད་མ་གཞིའི་གནས་ལུགས་ཡེ་ཤེས་སུམ་ལྡན་གྱི་བདག་ཉིད་ནང་གི་དབྱིངས་དེ་ཉིད་ཕྱི་དབྱིངས་ཀྱི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མར་ཤར་བ་དེར་གནད་དུ་བསྣུན་པས། དབྱིངས་སྣང་གཅིག་ཏུ་བཟླུམས་ཤིང་འཇའ་ལུས་འོད་ཀྱི་སྐུར་གྲོལ་བ་བཅས་གྲོལ་བའི་ཚུལ་ཁྱད་པར་ཅན་གཉིས་དང་འབྲེལ་བའི་དབྱིངས་ཀྱི་གོ་ཚུལ་ལའང་མི་འདྲ་བའི་ཁྱད་ཆེ་བར་ཡོད་པའོ།། ༈ །།ཆོས་ཀྱི་འཕྲུལ་པར་བཞེངས་པའི་དགེ་བ་ཡིས། །མ་རྣམས་ཚེ་འདིར་བདེ་སྐྱིད་དཔལ་ལ་རོལ། །འཆི་ཁར་ནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ཕྱི་མ་དག་པའི་ཞིང་དུ་འཚང་རྒྱ་ཤོག །བཀའ་དང་བསྟན་བཅོས་གཞུང་ལུགས་མན་ངག་བཅུད། །བཀའ་མར་འདུས་པས་རིན་ཆེན་གཏེར་བཞིན་ཏེ། །བཀའ་བཞིན་བསྒྲུབས་ནུས་ཀུན་བཟང་སར་ཕྱིན་པར། །བཀའ་ཡི་སྡུད་པོ་བྱང་ཆུབ་རྒྱ་མཚོས་སྨོན། །ཞེས་སྔ་འགྱུར་བཀའ་མའི་གཞུང་ཕྱི་མོ་དང་རྒྱབ་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྩིས་འཕྲུལ་གྱི་པར་གཞི་བཞེངས་སྐབས་ངེས་པ་དོན་གྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་བླ་མ་མུན་སེལ་གྱི་གུས་སློབ་ཐ་མའི་ཡང་ཐ་ཆོས་རྫོགས་ཆེན་དུ་སོང་ཡང་གང་ཟག་རྫོགས་ཆེན་དུ་མ་སོང་བས། རང་རྒྱུད་ཉོན་མོངས་པའི་ཕུང་པོས་ནོན་ནའང་ཆ་ལུགས་ལྷ་ཆོས་ལྟར་བཅོས་པའི་སྙོམ་ལས་པ་བྱང་ཆུབ་རྒྱ་མཚོས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆོས་རྒྱལ་ནམ་མཁའི་ནོར་བུའི་ཚིག་འབྲེལ་བཞིན་ལེགས་སྒྲིག་བྱས་ནས་སྤེལ་བ་དགེའོ། །


previousསྦས་པའི་རྒུམ་ཆུང་གི་ཚིག་འགྲེལ། ནམ་མཁའི་ནོར་བུ། no next