Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
དཀྱིལ་འཁོར་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

དཀྱིལ་འཁོར་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

མ ཎྜ ལ སྱ དྷཱ ཏུ ཏི སྨ། །
དཀྱིལ་འཁོར་གྱི་ཀློང་བཞུགས། །
རྒྱ་གར་སྐད་དུ། སརྦ་དྷརྨ་མཎྜ་ལ་བྱཱ་ཀ་ར་ཎ་ནཱ་མ། བོད་སྐད་དུ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡེ་རྫོགས་གཞི་ལ་སོགས་པ་དཀྱིལ་འཁོར་བདུན་དུ་སྒྲོ་སྐུར་མེད་པར་ལུང་བསྟན་པ་ཞེས་བྱ་བ། ༈ །ལེགས་པའི་བདག་ཉིད་པས་དཔལ་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དུས་གདོད་མ་ནས་བྱང་ཆུབ་སྙིང་པོའི་དལ་དུ་གནས་པ་ལ། །དེ་ཉིད་མ་རིག་ཅིང་བདག་གཞན་དུ་ཁ༽འཁྲུལ་རྟེན་འབྲེལ་བཅུ་ག ཉིས་སུ་འཁོར་རྣམ་ཀ༽པར་རྟོག་པས་སྣོད་བཅུད་དུ་རིགས་དྲུག་ཏུ་ག༽འཁྱམས། །གཏན་ཚིགས་དཔེ་ལུང་གིས་བརྒྱུད་པ་དང་མན་ངག་གིས་དངོས་སུ་རྒྱལ་བའི་ཐུགས་རྗེས་སྤྲད། །བས་ངེས་དོན་གྱི་སྙིང་པོ་རང་ལ་ཤར་བས་འདུད། ༈ །བཅོས་མའམ་རྣལ་མའི་སྒོ་ནས་དོན་གྱི་དབང་བསྐུར་བར་བྱེད་ལ། །དེ་ཡི་རྟེན་དུ་དཀྱིལ་འཁོར་ཡེ་ནས་རང་ལ་གནས་སོ། །མཚོན་བྱེད་རྟགས་སུ་བཀོད་པས་དོན་རང་ལ་གནས་པ་མཚོན། །པའི་ཐབས་བཀའ་ཀློང་དགུ་བམ་པོ་ཉི་ཁྲི་ལ་བརྟེན་ཏེ་དེ་དག་དོན་བསྡུས་ལ་ཚིག་ཏུ་དགོད་དོ། ༈ །ཆོས་ཀུན་གྱི་ངོ་བོ་རང་བཞིན་བྱང་རྣམ་པ་ཆུབ་སེམས། །མཚན་ཉིད་དོན་གྱི་སྙིང་པོ་མ་བཅོས་པའི་དལ་རང་གསལ་བའི། །ལྷུན་གྲུབ་གསུམ་དབྱེར་མེད་པར་ཡེ་ནས་དོན་གྱིས་འཁོར་འདས་ཀུན་རྫོགས་པས། །ཀུན་ནས་བཟླུམས་པར་གནས་པའི་དལ་ཞེས་བྱ་བ་ཡིན་ནོ། ༈ །འགྲོ་འདུས་རྡོ་རྗེ་དབྱིངས་ཀྱི་དལ་ཉིད་ལ། །ཕྱི་ནང་གསང་བར་གསུམ་དུ་རྒྱུད་ལས་གསུངས་པ་སྟེ། ༈ །ཕྱི་ཡི་དལ་འབྱུང་བ་འགྲོ་བ་ཀུན་ལ་རང་བཞིན་གྱིས་གནས་པ་ནི། །རང་རིག་པའི་ཡོན་ཏན་ལྷུན་གྱིས་གྲུབ་པས་མ་འགགས་པ་ལས། །དེའི་གཟུགས་བརྙན་དོན་མཚོན་པ་ཅིར་ཡང་ཤར། །དངོས་པོ་ཀུན་འབྱུང་ཡང་ཀུན་བྱང་ཆུབ་སྙིང་པོར་རྫོགས་དེས་ན་ཆོས་ཀུན་དེ་ཉིད་ཏུ་གྲོལ། །བརྒྱུད་ནས་མཚོན་པས་ལྷག་པའི་ལས་སོ་སོ་ལ་སྦྱོར་བ་ནི། །ཚོན་ལྔ་རེ་རེ་ཡང་ལྔ་ལྔ་ཉི་ཤུ་རྩ་ལྔ་ཡིས། །ཐེག་པ་སོ་སོའི་བཀའ་བཞིན་དུ་དགོད་པ་ལྷག་པ་གཟུགས་བརྙན་གྱི་དལ་དགོད། །པ་ཡང་རྡོ་རྗེ་དབྱིངས་ཀྱི་ལྷ་བཅུ་ཕྲག་གསུམ་དང་བདུན་ནི་རིགས་ལྔ། ཡུལ་བཞི། བསྐལ་བཟང་གི་སེམས་དཔའ་ཆེན་པོ་བཅུ་དྲུག །མཆོད་པའི་ལྷ་མོ་བརྒྱད། སྒོ་བ་བཞི་ལས་བཞི་བླངས་པ་ནི། །འོག་མིན་གྱི་ལོངས་སྤྱོད་རྫོགས་པའི་དལ་འདྲ་བའི་ཚུལ། །དུ་སྟེ་མཚོན་པའི་བརྡ་ཡིས་སྦྱར་བ་སྔགས་ཕྱི་ནང་གི་དལ་གང་ཡང་རུང་བ། །ཐུན་མོང་དང་ཁྱད་པར་འཇུག་པའི་རྟེན། །དལ་གཙོ་བོ་དབུས་སུ་བཀོད་ཅིང་འཁོར་མཐའ་ནས་བསྐོར་བར་བསྟན་པའོ། ༈ །ནང་ལུས་ལ་གནས་པའི་སྣོད་རྩ་བཅུད་ཐིག་ལེ་རྣམས། །རླུང་གི་ནུས་པས་སོ་སོར་བཞག་པ་ཡང་། ༈ །ཕྱི་ལྟེ་བ་སྤྲུལ་པ་རྩ་འདབ་དྲུག་ཅུའམ་རྩ་བཞི། ཐིག་ལེ་ཡི་གེའི་དབྱིབས་ཀྱང་དེ་དང་མཉམ་པར་ལྡན། །ནང་ན་བཞི་བར་ན་བརྒྱད་ཀྱི་ཤི་ར་རྩ་ལྡན། །དེ་དག་གི་དབུས་ན་ཐུང་ངུའི་ཨ་གནས་པ། །དེ་ལུས་ཟུངས་བཅུད་ཀྱི་རླུང་དང་འབྲེལ་ཅིང་བདེ་བ་སྐྱེད་པའི་རྟེན་གཞིར་གནས་སོ། ༈ །སྙིང་ག་ཆོས་ཀྱི་འཁོར་ལོ་དག་ལ་རྩ་བརྒྱད་དེ། །ཆོས་ཉིད་ཀྱི་གསུམ་ཡོན་ཏན་དང་ཡེ་ཤེས་ཀྱི་རེ་རེ་དང་། །རང་རྒྱུད་ཀྱི་རྩ་གསུམ་པོ་དག་ལ་འགྲོ་བ་རིགས་དྲུག་གི་༼ཆོས་༽སུ་ཏྲི། ༼ཡེ་༽ཨ་ནྲྀ། ༼རང་༽པྲེ་དུ། །ས་བོན་དྲུག་དང་༼ཆོས་༽ༀ་སྐུ། ༼རང་༽ཨཱཿགསུངས། ༼ཡེ་༽ཧཱུྃ་ཐུགས། །དབུས་ན་འཁོར་འདས་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའི་སྙིང་པོ་ཧཱུྃ། །ཡོན་ཏན་གྱི་གཅིག་ནི་བློ་རྨུགས་གཉིད་དང་བག་ཆགས་ཀྱི་རྟེན། །དབུས་དངས་མ་ལྔ་འདུས་ནི་སྲོག་འཛིན་དོན་གྱི་རླུང་སྟེ་སྙིང་གི་དྭངས་མའི་དྭངས་མ་ཨ་ཐུང་ལ་བརྟེན་ནས་མི་རྒྱུ་བ་སྲོག་དབང་དང་མཉམ་དུ་གནས། ཚེའི་དུས་བྱེད་ཙམ་ན་དྭངས་མ་དང་བཅས་ནས་རྒྱུ་བ་དེ་རྣམ་པར་ཤེས་པ་རྟེན། །ཡིན་པས་ཆོས་སྐུ། ༈ །གསལ་ལ་མི་རྟོག་གནས་པའི་གཞི་ཡིན་པས་ཆོས་སྐུ་དང་སྦྱར་རོ། ༈ །མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་ལྔ་ཕྲག་གཉིས་དང་དྲུག་ཡོད། །དེའི་རྩ་མདུད་འཁྱིལ་པ་གསུང་གི་ས་བོན་ཨྃ་དང་རྩ་འདབ་ལ་དབྱངས་ཡིག་བཅུ་དྲུག་དང་བཅས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ཡི་རྟེན་གྱི་རྩར་འབྲེལ་ཏེ་དེའི་རང་བཞིན་འོད་གསལ་གནས་པའི་རྟེན་ནམ་སྙིང་པོར་བསྡུས་པས་ལོངས་སྤྱོད་དུ་སྦྱར་རོ། ༈ །ཀླད་པ་བདེ་ཆེན་རྩ་འདབ་བཅུ་ཕྲག་གསུམ་དང་གཉིས་ཏེ་སོ་གཉིས་སྒྲ་ཡིག་སོ་གཉིས་དང་ལྡན། །དབུས་ན་རྩ་མདུད་སྤྱིའུ་ཚུགས་བདེ་བ་སྐྱེད་པས་མ་ཡིག་སྟེ་ཧྃ་མགོ་ཐུར་དུ་བསྟན་པས་མཚོན་པ། །ལུས་བདེ་བས་ཁྱབ་པའི་བཅུད་ཐིག་ལེ་ཅན་གྱིས་ལུས་ཀུན་བདེ་བ་སྐྱེད། །པས་བདེ་ཆེན་ནོ། །སྐུ་སྙིང་ག་ཆོས། མགྲིན་པ་ལོངས། ལྟེ་བ་སྤྲུལ་པའི་གསུམ་རྩ་དབུ་མས་འབྲེལ་པའི་གཞི་མའོ། ༈ །ལྟེ་བའི་སོར་བཞིའི་འོག་གསང་བའི་མཚམས་ནས་མེ་ཡི་གཞི། །གྲུ་གསུམ་དཀྱིལ་ན་གཏུམ་མོའམ་དྲག་མོའི་གཟུགས། །དེའི་ཁ་དོག་དམར་སེར་རྃ་ཡིག་ངད་ཚ་བ། །སྨིག་སྲེག་འབར་འཕྲོའི་ལས་བྱེད་པ་ཡིན། ༈ །སྒྲོམ་མདོ་མནམ་ཁ་རླུང་གི་གཞི་ནི། །གཞུའི་དབྱིབས་ཏེ་ལ་ཟླ་གམ་ཡང་ན་འོག་རླུང་དྭངས་སྙིགས་འབྱེད་པ་དང་འོག་རླུང་འཆིང་བ་སྟེ་སྡོམ་བའི་རྭ། །རླུང་གི་པ་དན་དང་བཅས་པ་ནི་བདེ་བ་བསྐུལ་བའི་རྐྱེན་གྱིས། །བདེ་བ་གསལ་དབུགས་ཕྱིར་འདེད་ནང་དུ་སྡུད་ཅིང་བཤང་གཅི་འཐོར་བ་ཡིན། ༈ །རྩ་བའི་འཁོར་ལོ་བཞི་ལ་མེ་རླུང་གི་རྐྱེན་གཉིས་ཀྱིས། །བསྐུལ་ཞིང་ལུས་ཀྱི་བཅུད་སྨིན་པར་བྱེད་པ། །ནང་ན་ཕུང་པོ་ཡེ་གནས་གྲུབ། །པས་ནང་གི་དལ་ཏེ་སྟེང་སྒོ་ཡེ་ཤེས་དགུག་པའི་སྐལ་བ་དང་ལྡན་པ་འཇུག་པའི་རྟེན་དུ་རུང་བའོ། །གསང་བའི་དལ་ནི་དབང་པོ་རྡོ་རྗེའི་ཡུལ་པདྨ་དང་། །རྣམ་པར་ཤེས་པ་སྟེ་འོག་སྒོ་ཁམས་གསུམ་རོལ་པ་ལས། །འདོད་ཆགས་ཅན་ལ་ལྷུན་གནས་ཀྱི་དོན་མཚོན་པ་ནི། །སྣ་ཚོགས་མདུད་པ་ཟླུམ་པོ་སྒོ་གྲུ་བཞི། སྐྱེ་གནས་ཟླ་གམ། ཕྱི་ཁྱམས་གྲུ་གསུམ་སྟེ་ལས་བཞི་དབྱིབས་དང་ལྡན་པའི་པདྨ་དེ། །དུང་ཅན། བ་གླང་ཅན། པདྨ་ཅན། རི་མོ་ཅན། རིགས་བཞིའི་དྷེ་ཝ་ལྷ་མོ་ཡུམ་མཚན་ལྡན་ལ། །བརྡབ། དྲུད། རྩེ་བ། གཞིབ་པ་ལ་སོགས་པ་རོལ་པའི་ཀ་ར་ན་ཡི་བསྟན་བཅོས་ཀྱིས་བརྒྱན། །རྒན་པོ་བྱིས་པ་མ་ནིང་དགེ་སློང་མིན་ཡུལ་གྱི་རྟེན་ལ་གསང་བ་དང་བརྡ་ཡི་ངག་གིས་མིང་། །གསང་བ་སྟེ་དེས་སྙིང་པོའི་དལ་གྱི་དོན་ལ་གནས་པར་ནུས་སོ། ༈ །གཉིས་པ་རང་བཞིན་རྣམ་པར་དག་པའི་དལ་ནི། །ཐམས་ཅད་ལ་རྒྱས་འདེབས་པས་ཕྱག་རྒྱ་ཆེན་པོ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་སྟེ། །དེ་ལ་འཁོར་མཐའ་དང་གཙོ་བོ་དབུས་ན་གནས་པ་མེད་པ་ཡངས་པའི་རང་བཞིན་ལ། ༈ །རྣམ་ཤེས་ཚོགས་དྲུག་དང་དེའི་ཡུལ་དྲུག་ནི་མ་བཅོས་པ་ཡེ་ཤེས་ཀྱི་རོལ་པར་ཤར་བ་ནི། །ཁ་དོག་བཀྲ་ཞིང་དབྱིབས་གསལ་བའི་གཟུགས་༡དང་བརྗོད་པ་དང་བྲལ་བ་ཉིད་ཟིན་མ་ཟིན་གཉིས་ཀའི་སྒྲ་༡རང་སྣང་། །དངོས་པོ་བྲལ་ཏེ་རང་བཞིན་མེད་པ་ཉིད་ཞིམ་པ་དང་མི་ཞིམ་པ་དང་དེ་ལས་གཞན་པའི་དྲི། །མུ་ཁ་རོ་དྲུག་མ་བཅོས་པའི་ཐིག་ལེ་དབྱིངས་ལས་ཤར་ཀྱང་དེ་ཉིད་ཀྱི་ངང་༡། །རེག་བྱ་སྣ་ཚོགས་ཐིག་ལེ་ལས་ཤར་བས་དབྱིངས་ཉིད་འདུས་པ་བྷ་གའི་ཀློང་༡། །དྲན་རིག་སྣ་ཚོགས་དེ་ཉིད་ལས་ཤར་ཅིང་དེ་ཉིད་ལ་ཀུན་འདུས་༡༡པའི་ཆོས་སོ། །བདེ་༡༡ ཆེན་༡༡དཀྱིལ་འཁོར་ཏེ་གྲངས་ནི་རྩ་བ་དྲུག་གོ། ༈ །མ་བཅོས་པ་ཇི་བཞིན་མངོན་སུམ་དུ་ཤར་བ་ཁོ་ན་བས། །དྲུག་ཏུ་སྣང་ཡང་བདེ་བ་ཆེན་དེ་དག་པོ་ཕྱོགས་རིས་མེད་པ་གཅིག་གི་ངང་། །དེ་དག་ཏུ་ཞུགས་ཤིང་རྟོགས་ན་ཡེ་ཤེས་མུ་མཐའ་མེད་པར་འཇུག །བསྐྱེད་པའམ་བྲིས་པ་མིན་པས་འདི་ནི་རང་བཞིན་གྱིས་མ་བཅོས་པའི་དཀྱིལ་འཁོར་ཡིན། །ཀྱང་མ་རྟོགས་ན་མི་གྲོལ་བས་རྣ་བརྒྱུད་ཀྱི་མན་ངག་འདི་ལ་དེ་བཞིན་ནན་ཏན་བྱའོ། ༈ །རང་བཞིན་རྣམ་དག་དེ་ནི་མཎྜའི་སྒྲས་སྙིང་པོ་འམ་ཉིང་ཁུའམ་དཀྱིལ་ལྟ་བུའི་དོན་ཉིད་དེ། །དོན་ལ་འབྱུང་འཇུག་མེད་པའི་ངང་ལ་གནས་པས། །ངོ་བོ་ཉིད་ཀྱིས་འབྲེལ་ཕྱིར་སྙིང་པོ་དེ་ངེས་པར་ལོངས་ཏེ་ལའི་སྒྲ་ནི་ལེན་ཅིང་འཛིན་པ་ལ་འཇུག །ཆོས་ཐམས་ཅད་ཀུན་ནས་བྱང་ཆུབ་སེམས་སུ་བཟླུམས་པའི་ཕྱིར་ན་དཀྱིལ་འཁོར་རོ། ༈ །དོན་དེ་ལ་གཙོ་བོ་བཟང་པོ་དབུས་ན་གནས་པ་དང་། །མཐའ་ན་འཁོར་ངན་པ་གནས་པའི་བཟང་ངན་མེད་ལ། །སྙིང་པོ་སྤྲོས་བྲལ་དབུས་གནས་པའི་དཀྱིལ་དང་། །སྤྲོས་པའི་ཆོས་ཀྱིས་མཐའ་ནས་བསྐོར་བ་དང་བྲལ་བ་ནི་སྲོག་གོ། ༈ །འཁོར་བ་དང་འདས་པ་དང་ཕྱི་སྣོད་དང་ནང་བཅུད་ལ་སོགས་པ་ཆོས་ཐམས་ཅད། །རང་བཞིན་སྤྲོས་བྲལ་མཚན་ཉིད་རང་རིག་རྣམ་པ་སྒྱུ་མར་གདོད་ནས་དག །པས་དེ་གསུམ་མཚོན་ཚུལ་ནས་མ་འདྲེས་ལ་ངོ་བོ་ཐ་དད་མེད་པར་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པའི། །བདེ་བ་ཆེན་པོའི་ངང་དུ་དེ་དག་ཐམས་ཅད་མཉམ་པས་གདེང་ངོ་། ༈ །འགྲོ་འདུལ་རྡོ་རྗེ་དབྱིངས་ཀྱི་དལ་ལ་ཕྱི་གཟུགས་བརྙན་ནང་རྩ་གནས་གསང་བ་ཡུམ་གྱི་མཁའ། །རང་རང་གི་ངེས་པའི་ཚིག་ནི་དེ་དག་ཐུན་མོང་དུ། །ཐབས་སྣ་ཚོགས་ཀྱིས་བརྒྱུད་ནས་སྟོན་པའི་ལུང་རྣམས་སུ། དུ་གསུངས། །པ་དེས་ནི་དལ་དེ་ཡི་བྱ་བའི་ཐབས་ཀྱི་ཡན་ལག་བཅུ་རྫོགས། ༈ །རྡོ་རྗེ་ལས་རིམ་ལས། ས་གཞི་སྙོམས་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། །ཞེས་པས་རང་བཞིན་རྣམ་དག་དཀྱིལ་འཁོར་གྱི། །ཡན་ལག་བཅུ་ངེས་པར་རྫོགས་པར་བསྟན་པ་ཡང་གང་ཞེ་ན། །ཡང་། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་སྦྱིན་བསྲུང་དང་གཟུང་བར་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་པས། ༈ ཆོས་ཐམས་ཅད་ཡེ་ནས་ཆོས་ཉིད་མཉམ་པ་ཉིད་ཀྱིས་གཞི་ཆེན་པོ་དེ་ལ། །སྤྱིར་ནི་འཁོར་འདས་ཐམས་ཅད་བཟང་ངན་བླང་དོར་མེད་པར་མཉམ། ༈ །རང་མཚན་ནི། ཤེས་པའི་རྒྱུད་སྣང་བ་དང་མྱོང་བ་དང་རིག་པས་གསུམ་བྱང་ཆུབ་སེམས་སུ་གྲོལ། །ཆོས་ཐམས་ཅད་རང་དབང་དུ་གནས་པས་གདོད་ནས་ཡོན་ཏན་ཐོབ་པས་བསླང་བ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གཞན་མེད་པར་གྲོལ་བས་ཕྱོགས་མེད་ཀྱི་རང་དབང་དུ་འདུས། །པ་ནི་དབང་དུ་བྱ་བ། ཕྱོགས་འཛིན་གྱི་རྟོག་པ་རྣམ་པར་དག་པ་ནི་སྦྱང་བའོ། །ཆེ་བའི་ཡོན་ཏན་ཀུན་གྱི་དངོས་གཞིའི་བདག་ཉིད་བྱིན་གྱིས་བརླབ་པའོ། །འཁྲུལ་པའི་མཚན་མ་གྲོལ་བར་རང་ལ་ལྷུན་གྲུབ་ཏུ་གནས་པས་ཕྱི་ནང་དོན་གྱི་བར་ཆོད་དང་བྲལ་བ་ནི་བསྲུང་བའོ། །ཕྱོགས་རིས་མེད་པའི་བདེ་བ་དང་དུས་གསུམ་དུ་མི་འབྲལ་བའི་གཟུངས་སུ་ཡེ་ནས་གནས་པ་ནི་གཟུང་བའོ། ༈ །ཆོས་དབྱིངས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཉིད་ནམ་མཁའི་མཐའ་དང་མཉམ་པའི། །དོན་ལ་དུས་གསུམ་དུ་འགྱུར་བ་མེད་ཅིང་ཕྱོགས་སུ་མ་ལྷུངས་པས་དྲང་པོར་གནས་པ་ནི་ཚད་དོ། ༈ །ནམ་མཁའ་རང་བཞིན་སྤྲོས་པ་དང་བྲལ་བའི་ངང་དུ་བརྟན་པ་ནི་གནས་ཐིགས་གཞི་ཡེ་ཤེས་ཀྱི་རང་འོད་རྣམ་པ་སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག་ས་ཐིག །བར་ཐིག་ནི་མཚན་ཉིད་རང་རིག་ཡེ་ཤེས་ལ། །ཅིར་ཡང་མ་གྲུབ་པས་སྒྲོ་འདོགས་དང་༡ཐམས་ཅད་དུ་འཆར་བས་སྐུར་འདེབས་དང་བྲལ་༡༡བས་ལྷུན་གྲུབ་གསུམ་དུ་དྲང་པོར་ངེས་པས་ཐིག་གོ། ༈ །སྣང་སྲིད་ཐམས་ཅད་རང་བྱུང་གི་ཡེ་ཤེས་མཚོན་པར་བྱེད་པའི་ཐབས་སུ་མུ་མཐའ་ཅིར་ཡང་གསལ་བ་ནི་ཚོན་ནོ། ༈ །སྤྲོས་པ་ཐམས་ཅད་དང་བྲལ་བས་ཟླུམ་པོ་ཆོས་ཀུན་ཁྱབ་པས་གྲུ་བཞི་རྣམ་རྟོག་རང་དབང་དུ་འདུས་པས་ཟླ་གམ། །མུ་མཐའི་ཕྱོགས་རིས་ལྷུན་གྲུབ་ཕྱོགས་མེད་དུ་འཇོམས་པར་མཛད་པ་གྲུ་གསུམ་དང་བཞི་རུ་མཛེས། །ཡུལ་མེད་རང་གསལ་དེ་རྟོགས་བས་སྐུ་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་པས་བཀྲ་གསལ་ཆེ། །སྟེ་རང་བཞིན་རྣམ་དག་གི་དཀྱིལ་འཁོར་ཆེན་པོར་བྲིས་པའོ། ༈ །སྣང་བ་གཟུགས་གྲག་པ་སྒྲ་ཚོར་བ་དྲི་མྱོང་བ་རོ་རེག་པ་རེག་བྱ་རྣམས་ནི། །རྣམ་ཤེས་རྟེན་པས་སྐུ་ཡི་དཀྱིལ་འཁོར་དགོད་པ་ཡིན། །ཟིན་མ་ཟིན་གཉིས་ཀ་ལས་བྱུང་བའི་སྒྲ་སྐད་རབ་འབྲིང་ནི་དོན་མཚོན་ཅིང་བརྡ་སྤྲོད་པ་གསུང་གི་དལ་ཡིན། །ཤེས་བྱ་ཀུན་འདུས་པའི་ཕྱོགས་མེད་ནི་བདེ་བ་ཆེན་པོ་ཡིན་པས་ཐུགས་ཀྱི་དཀྱིལ་འཁོར་ཏེ་རྣམ་པ་དགོད་པའོ། ༈ །ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས། །སུ་གནས་པ་ལ་ལྷ་ཡེ་ཤེས་པ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པར་གྲུབ་པ་ནི་རབ་ཏུ་གནས། །པ་ལ་འཁོར་འདས་མ་ལུས་པའི་མངའ་ཐང་ཐིག་ལེ་ཆེན་པོའི་ཀློང་དུ་འུབ་པས་ཕུལ་བ་ཡིན། །རྟོགས་པའི་ཡེ་ཤེས་རང་གསལ་བའི་རྃ་ཡིག་གི་མེས། །མུན་པ་མ་རིག་པ་དང་འཁྲུལ་པའི་རྣམ་རྟོག་གི་བུད་ཤིང་བསྲེགས། །དངོས་པོ་དང་སྟོང་པའི་བསྲེག་རྫས་དང་ཡམ་ཤིང་གིས། །སྟོང་པ་ཉིད་ཀྱི་བདེ་ཁ༽བ་ཆེན་པོའི་མཆོད་པས་ཀ༽མེ་ལྷ་ནི་ག༽མཉེས་པ་ནི་སྦྱིན་སྲེག་གོ། ༈ །རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་པར་གསོལ། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་བྱ། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་ད་ལ་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །ཅེས་པས་ཆེ་བའི་ཡོན་ཏན་གྱི་མངའ་དབང་རྫོགས་ཏེ་རྒྱལ་བ་དང་དབྱེར་མེད་དུ་གྱུར་པས་བདག་ཉིད་ཞུགས། །པ་སྟེ་དབང་ཕྱུག་འཇུག་པའོ། །ཕྱོགས་མེད་ཀྱི་དོན་གྱིས་གང་དང་མི་འགལ་བ་ནི་བཟོད་པར་གསོལ་བ་ཆེན་པོའོ། །རིག་པ་ཉིད་ཡེ་ནས་འཁྲུལ་པ་རྣམ་པར་དག་པ་ནི་ཡེ་ཤེས་ཆེན་པོའི་ཁྲུས་སོ། །བག་ཆགས་སྣ་ཚོགས་ཀྱི་མིག་དར་རང་ཀ་མར་ཆགས་པས་གཡོགས། །ཐོས་བསམ་ཤེས་རབ་གཉིས་ཀྱིས་དོན་ལ་འཇུག་པའི་སྒོར་དྲངས་ཏེ། །ལྷུན་གནས་ཀྱི་དོན་ལ་རྟོགས་གོམས་ཀྱིས་གནས་པར་སྤྲོ་བ་བསྐྱེད་དམ་མི་བསྐྱེད་དྲི་བའོ། །བུ་ཡིས་འཇུག་ཅིང་སྤྲོ་པར་ཁས་བླངས་པ་ནི་ལན། །ཐ་མལ་པའི་སྒོ་གསུམ་བྱང་སེམས་ཀྱི་ངང་དུ་སྟོབ། །པ་ནི་ལུས་དབུལ་བ་རྣམ་རྟོག་རང་བྱུང་ཡེ་ཤེས་ཀྱི་ངང་དུ་བསྒྲལ། །བ་ནི་བགེགས་བསྐྲད་པ་རང་རིག་སྐྱེ་བ་མེད་པ་ནི་ངང་གི་ལྷ། །ཡིན་པས་ཡེ་བསྐྱེད་དོ། །སྒོ་གསུམ་མཉམ་གྲོལ་རྟོགས་པའི་དོན་ལས་མི་འདའ་བའི་དམ་ཚིག་སྦྱིན་ཅིང་དབོག་པའོ། །གནས་ལུགས་ཀྱི་དོན་རིག་པའི་ངང་དུ་རྒྱུན་ཆགས་པ་ནི་ཆུ་ནན་དུ་གནས་སོ། །མཁྱེན་པའི་ཡེ་ཤེས་ཡུལ་མེད་རང་གསལ་གྱི་ངང་དུ་བསྒྲགས། །གཞི་དད་པ་གྲོགས་བརྩོན་འགྲུས་བརྩེ་གདུང་དམ་ཚིག་དང་ལྡན་པ་ནི་རིན་ཆེན་དོར་བ། །ཆུ་བོ་བཞི་རྫོགས་བླ་མས་ཡུལ་མེད་རང་གསལ་མངོན་དུ་ཕབ་པ་ནི་ལྷ་དབབ་པ་སྟེ་ནན་ཏན་དུ་གནས། །ཤེས་བྱ་ཀུན་མཁྱེན་ཡུལ་མེད་རང་གསལ་དུ་ཤེས་པའི་ཤེས་རབ་ནི་མིག་ཕྱེ་བ། །བྱང་ཆུབ་སྙིང་པོས་འི་བཅུད་ལོངས་པས་མཎྜལ་མཐོང་བ་ནི་དལ་བསྟན་པའོ། །སྐྱོན་ཡོན་ཐམས་ཅད་བྲལ་བས་ཡོན་གྱི་མཆོག་གིས་མཉེས་པར་ཕུལ་བའོ། ༈ །དལ་དུ་འཇུག་པའི་ཡན་ལག་བཅོ་བརྒྱད་དང་བཀོད་པ་དལ་གྱི་ཆོ་གའི་ཡན་ལག་བཅུ་པོ་དག །ཨ་ཏིའི་ཐབས་ཆེན་གཅིག་གིས་ཡོན་ཏན་ཐམས་ཅད་རྫོགས་པར་གནས་པ། །དེས་ན་ལྷག་མ་མེད་པར་རང་ལ་གནས་པས་ནི་རྫོགས་པ་ཆེ་ཞེའོ། ༈ །རྣལ་འབྱོར་རྟོགས་གོམས་ཀྱི་ཉམས་ལ་བདེ་བར་གནས་པར་འདོད་ན། །དེ་ལ་གསལ་བྱེད་རིན་ཆེན་འབར་བའི་དལ་དགོད་དེ། །ཡུལ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བས་འཁྲུལ་གཞི་འཁོར་བ་ནུས་པ་ཅན་འདི་རང་རིག་པ་ལ། །ཀུན་རྫོགས་པར་ཡུལ་དྲུག་བདེ་ཆེན་གྱི་དཀྱིལ་འཁོར་དྲུག་ལུས་ལ་ཡོད་པ་ལ་དགོད་ཅེས་བྱ། །རྩོལ་བརྒྱད་ཞེན་དྲུག་རྟག་ཆད་གཉིས་ཀྱིས་འགྲོ་འཕྲང་གནས་ཀྱིས་དེད་ལ་གཅད་དོ། །ཉམས་སུ་མྱོང་བའི་འཕྲུལ་ཚིག་རྣ་བརྒྱུད་ཀྱི་མན་ངག་བྱིན་པས་རྣ་བར་གཞུག །སྣོད་མེད་ལ་རྒྱ་རྟགས་གདབ་པའི་ཆོ་ག་བྱ་སྟེ་རྒྱ་རལ་བའི་ཉེས་དམིགས་རྒྱུད་ལས་གསུངས་སོ། །ཚོགས་བརྒྱད་རང་གྲོལ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར། །བརྡ་དོན་བྲལ་བ་ཡུལ་མེད་རང་གསལ་རྟོགས་པ་དོན་གྱི་སྙིང་པོ་བླང་། །དེ་ཉིད་གདོད་ནས་གནས་པས་ད་གཟོད་འབྱུང་འཇུག་མེད་དོ། ༈ །དལ་དེ་དག་གི་དོན་བདུན་དུ་ངེས་པར་མཇུག་བསྡུ་བར་བྱ་བ་ཡང་། །གཤིས་སམ་གནས་ལུགས་རང་བྱུང་ཡེ་ཤེས་ཡིན་ཏེ། །རང་འོད་ཀྱི་རྣམ་པ་སྒྱུ་མས་བདག་གཞན་གྱི་དོན་རྫོགས་ཏེ་རོལ་པ་ཅིར་ཡང་མི་འགག་པའི་རྒྱན། །རང་བཞིན་སྟོང་ཉིད་དངོས་པོའི་མཐའ་དང་བྲལ་ཏེ་མུ་བཞིའི་སྤྲོས་པ་རང་གྲོལ་བའི་རྒྱན། །གོང་མ་དེ་གཉིས་མཁྱེན་པའི་མཚན་ཉིད་རང་གསལ་མུ་མཐའི་སྐྱོན་ལས་གྲོལ་བ་ནི། །ཡེ་ནས་ཀུན་ལ་རྫོགས་པ་གཞི་ཡི་དཀྱིལ་འཁོར་ཡིན་ནོ། ༈ །རང་སྣང་ཡིན་པས་ཡུལ་ན་མི་གནས་ཤིང་རྟོགས་པའི་རྐྱེན་བཞི་དང་བྲལ། །བས་ངོ་མ་ཤེས་ཤིང་བདག་གཞན་དུ་བརྟགས་པས་རིགས་དྲུག་ཏུ་འཁྲུལ་ཞིང་འཁོར་བས་རྒྱུད་བཅིངས། །སེམས་ཅན་ཚད་ལས་འདས་པས་དུས་རྒྱུན་དུ་མི་སྟོངས་པར་འཁོར། །བ་ནི་ཐུགས་རྗེ་སྤྲུལ་པའི་དཀྱིལ་འཁོར་ཡིན་ནོ། ༈ །ལྷུན་གནས་བདེ་ཆེན་ནི་རྒྱུའི་རྐྱེན་དང་བཞི་རྫོགས་ཀྱི་བཤེས་གཉེན་ནི་བདག་པོའི་རྐྱེན། །སེམས་སྐྱེ་བ་གོང་འོག་གི་རིམ་པས་ཕྱི་མ་ཕྱི་མའི་གོ་ཕྱེ་བ་ནི་དེ་མ་ཐག་རྐྱེན་སྟེ། །བྱ་བྲལ་རྫོགས་པའི་ལུང་ནི་དམིགས་པའི་རྐྱེན་ཡིན་པས་རྐྱེན་བཞིས་དོན་རིག་པ་ནི། །འབྲེལ་པ་ཐབས་ཀྱི་དཀྱིལ་འཁོར་ཡིན་ནོ། ༈ །ཐོས་པའི་པྲཛྙཱས་དང་པོ་མིང་དུ་ཐོས་ནས་ཚིག་ཏུ་བཟུང་། །བསམ་པའི་ཤེས་རབ་ཀྱིས་དོན་སྤྱིའི་རྣམ་པ་ཙམ་གོ་ནས། །བསྒོམ་པའི་ཤེས་རབ་ཀྱིས་རིག་པའི་སྟེང་དུ་ཁྱེལ་བ་ལས། །མཐར་ཕྱིན་ཏེ་ཡང་རབ་མཐོང་བའི་ཆོས་ལས་གྲོལ་བ་ནི་རྟོགས་པའི་དཀྱིལ་འཁོར་ཡིན་ནོ། ༈ །ཅིག་ཅར་བ་དེ་ལྟར་མིན་ཏེ་བློ་གྲོས་ཞན་ན། །དང་པོ་གནས་པ་གོམས་པ་ལས་མི་གཡོ་བ་དེ་ལས་མཉམ་པར་ཉིད་ཀྱི་ཉམས་སུ་སྦྱར། །དེ་ནས་ཡེ་ཤེས་ལྷུན་གྱིས་གྲུབ་པར་གནས་པར་གོམས་པར་བྱེད་པ་ནི། །བསམ་གཏན་གོམས་པའི་དཀྱིལ་འཁོར་ཡིན་ནོ། ༈ །དོན་དེ་ལྟ་བུའི་ངང་ལ་གནས་པའི་རྣལ་འབྱོར་པས། །མ་བཅོས་པའི་ངང་དུ་གོམས་པས་གནས་པ་ནམ་མཁའ་རྡོ་རྗེའི་སྤྱོད་པ་དང་། །མཐུན་འཇུག་ལྷག་པའི་སྤྱོད་པས་འགྲོ་འདུལ་ཐུགས་རྗེའི་སྤྱོད་པ་ཅིར་ཡང་རོལ་པ་ནི། །རོལ་པས་སྤྱོད་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ཡིན་ནོ། ༈ །དོན་དེ་ཉིད་ཀློང་དུ་གྱུར་ཅིང་བསྐྱེད་དུ་བྱར་མེད་པར་མཐར་ཕྱིན་པས། །རང་གྲོལ་ནས་རྩོལ་བ་མེད་པར་འགྲོ་བ་སྒྲོལ། །བསྟན་པའི་ཆོས་བྱིན་གྱིས་རླབས་ལས་ཉི་མ་ལྟར་གདལ། །བ་ནི་ཐེག་པ་ཀུན་གྱི་འབྲས་བུ་ཀུན་རྫོགས་པ་བདེ་ཆེན་གྱི་དཀྱིལ་འཁོར་ཡིན་ནོ། ༈ །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེ་པོ། །བརྗོད་བྱ་ཀློང་དགུ་རྗོད་བྱེད་བམ་པོ་ཉི་ཁྲི་ནས་དང་། །དཀྱིལ་འཁོར་ཀུན་ནས་དོན་བསྡུས་ནས། །འཇམ་དབྱངས་བྱིན་བརླབས་བུ་ལ་གཏད། །ཆོས་ཐམས་ཅད་དཀྱིལ་འཁོར་དུ་ལུང་བསྟན་པ་ཞེས་བྱ་བ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས། ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །མཆན་བུ་སེའི་བནྡྷེ་འབྱུང་ལྡན་གྱིས་གཞུང་དང་མི་འགལ་ཙམ་དུ་བྲིས་པའོ།། །།


previousདཀྱིལ་འཁོར་གྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next