Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
ལྟ་བའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟ་བའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

ལྟ་བའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

པ ཤ ནཱ སྱ དྷཱ ཏུ ཏི སྨ། །
ལྟ་བའི་ཀློང་བཞུགས། །
རྒྱ་གར་སྐད་དུ། སརྦ་དྷརྨཱ༈ཀེ་པ་ལཾ༈པ་རི་པཱུརྞཾ༈དྷརྨཱ༈ཨ་ནུ་ས་རི༈པྲད྄་ཏྱཱཏྨ་བེ་ད་ནཱི༈ཡོ་བིད྄་ཉཻ༈པཱ་ཤ་ནཱ༈ནཱ་མ། བོད་སྐད་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད༈མ་འདྲེས་པས་འཁོར་བ་ལས་གྲོལ་ལ༈ཡོངས་སུ་རྫོགས་པས་འདས་པ༈ལས་གྲོལ་བར་བྱ་བའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བའི༈ རྟོག་ལྡན་མཁས་པ༈རྣམས་ཀྱི་ཚད་མ་གསུམ་ཀྱིས༈ངང་གིས་ཡུལ་མེད་རང་གསལ་དུ་རྟོགས་པར་བྱ་བའི་ཐབས་ལྟ་བའི་ཀློང་ཞེས་བྱ་བ། ༈ །ལེགས་པའི་བདག་ཉིད་དཔལ་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་ལ་འདུན་པའི་ཚིག་ཕྱག་འཚལ་ལོ་ཐུན་མོང་ཁྱད་པར་གྱིས། ༈ །འཁོར་འདས་ཀྱི་མཚན་ཉིད་འཛིན་པའི་ཆོས་ཀུན་གྱི་ཕྱོགས་ཀྱི་མཐའ་ལས་གྲོལ་ཅིང་ཤེས་བྱ་ཀུན་མ་བཅོས་རང་གསལ་དུ་རང་གྲོལ་བར་གནས་ཀྱང་། །མ་རྟོགས་ཏེ་རང་སྣང་བས་ཡུལ་དུ་གྲུབ་པ་མིན་ཅིང་རྐྱེན་བཞི་དང་བྲལ་བས་ལྷན་སྐྱེས་བྱུང་ལ་དེས་ངར་བཟུང་བས། །བདག་གཞན་ཐ་དད་དུ་སྣང་བ་ལས་ཀུན་བརྟགས་ཞེས་བྱ་ཞིང་རྒྱུ་དེ་ལ་ཉོན་མོངས་ལྔ་དང་ལས་གསུམ་གྱི་རྐྱེན་ཀྱིས་དཀྲུགས་པས། །ཞེན་པ་འགྲོ་བ་དྲུག་རྟེན་འབྲེལ་གྱི་འཁོར་ལོ་རུ་འཁོར་ཞིང་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་དྲྭ་བར་ཚུད། །ཉན་ཐོས་སྤོང་རང་རྒྱལ་འགེགས་བྱང་སེམས་སྦྱོང་ཕྱི་རྒྱུད་སྒྱུར་མ་ཧཱའི་རྩོལ་སྒྲུབ་ཨ་ནུའི་རྒྱུ་འབྲས་ཀྱིས༡། །སྡུག་བསྔལ་དང་རྩོལ་བའི་ནད་ཀྱིས་འཁོར་བ་ལས། །ལྷུན་གྲུབ་གསུམ་མ་འདྲེས་པར་སྐུ་གསུམ་དུ་རྟོགས་པས་འཁོར་བའི་ཆོས་ཤེས་པ་གསུམ་གྱི་མཐའ་ལས་རབ་ཏུ་གྲོལ་ཞིང་། །དེ་དག་ཡོངས་རྫོགས་དབྱེར་མེད་དུ་རྟོགས་པས་མྱང་འདས་སྐུ་གསུམ་གྱི་མཐར་མི་གནས་པར་གྲོལ་བར་བྱ་བའི་ཕྱིར། །དད་པ་ཙམ་ལས་མི་ལྡན་པ་གང་ཟག་གི་རྗེས་སུ་འབྲང་བའི་ལུང་ཙམ་གྱིས་རྟོགས་པ་མིན་ཀྱང་། །རྟོག་ལྡན་ཆོས་ཀྱིས་རྗེས་སུ་འབྲང་བའི་མི་བསླུ་བས་ཚད་མ་ལུང་མན་ངག་རིགས་པ་རྣམ་པ་གསུམ་གྱིས། །མ་བཅོས་པར་ཡེ་ནས་གནས་པ་དེ་ཡུལ་མེད་རང་གསལ་དུ། །རྟོགས་པར་བྱ་བ་ནི་ཐབས་ལྟ་བར་ཆོས་ཀུན་འདུས་པས་སེལ་མེད་པའི་ཀློང་དེ་བསྟན་༼༠༽པར་བྱའོ་ཞེས་གོ་ཆ་གྱོན་པའོ། ༈ །༼༠༽དེ་ལ་ཡང་ཤེས་པར་བྱ་བའི་གཞི་དང་རྟོགས་པར་བྱེད་པའི་ཐབས་ཚད་མ་གསུམ་དང་། །ངོ་བོ་མཉམ་ཉིད་དུ་རིག་པ་དང་། མཚན་ཉིད་ཕྱོགས་རིས་ལས་གྲོལ་བ་དང་མཚོན་པའི་ངེས་ཚིག་གཉིས་མེད་ཀུན་གསལ་དང་། །རྣམ་གྲངས་ཀྱིས་ནོར་མ་ནོར་གྱི་དམིགས་བསལ་བ་དང་གདེང་བཟང་ངན་མེད་པ་དང་། སྲོག་དགག་སྒྲུབ་དང་བྲལ་བ་དང་། ཉམས་ཀྱི་རིམ་པ་ལྔ་དང་། །མཚོན་དཔེ་མ་སྤངས་རང་གྲོལ་དང་དགོས་པ་རྩོལ་བ་ལས་གྲོལ་བ་དང་ཡོན་ཏན་རང་གཞན་གྱི་དོན་གྲུབ་པ་དང་སྐྱོན་འཁོར་བ་ལས་མི་གྲོལ་བའོ། ༈ །སྒྲོ་སྐུར་དང་བྲལ་བར་ངེས་པར་དངོས་པོའི་གནས་ལུགས་ཤེས་བྱའི་གཤིས་ཀྱི་རང་བཞིན་ནི། །མུ་མཐའི་ངོས་གཟུང་དང་ཕྱོགས་རིས་ཀུན་གྱིས་ཡེ་ནས་དབེན་པ། །དེ་ཉིད་མཁྱེན་པའི་རང་རིག་པའི་ཡེ་ཤེས་རང་གསལ་ལ། །དེའི་རྣམ་པའི་རང་འོད་མུ་མཐའ་ཅིར་ཡང་མ་འགགས་པར་ཤར། །བ་གསུམ་ངོ་བོས་དབྱེར་མེད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་གནས་ཀྱང་། ༈ །ཆོས་ཉིད་རང་སྣང་ཡིན་པས་ཡུལ་དུ་བྱར་མེད་ཅིང་རྟོག་པའི་རྐྱེན་བཞི་དང་བྲལ་བས། །དེ་ཉིད་ངོ་མ་ཤེས་ཤིང་བདག་ཏུ་བརྟགས་པས་འཁྲུལ་པའི་སྣང་བ་རྒྱས། །གཤིས་ཀྱི་ཡིན་ལུགས་དེ་ལ་ཡུལ་དུ་གྲུབ་པ་མེད་པས་ཞེན་བརྟགས་ཀྱི་སྣང་ཡུལ་རྣམས་འགག་པའི་ཕྱིར། །འཁོར་འདས་ཀྱི་དངོས་པོར་ཞེན་པའི་ངོ་ན་སྣང་བ་དང་། འཇིག་རྟེན་འདིར་གྲགས་ཚད་ལ་གཞལ་ལོ། ༈ །རྒྱལ་བའི་ལུང་དང་བླ་མའི་མན་ངག་དང་རང་རིག་པའི་ཉམས་ཚད་མ་དང་གསུམ་གྱིས་གཞལ་ཏེ། ༈ །རང་རིག་གི་བློ་དང་འཚམ་ཚད་དུས་འདིར་རྒྱུད་ནས་དྲང་བའི་ཐབས་ཆེན་པོའི་ལུང་ཐེག་བརྒྱད་གིས། །ངེས་པའི་དོན་གྱིས་མཚོན་པར་བྱེད་པ་བྱ་བྲལ་རྫོགས་པའི་ལུང་བམ་པོ་ཉི་ཁྲི་བ། །དེས་མཚོན་པར་བྱ་བ་མཁའ་ཁྱབ་བྱང་ཆུབ་སེམས་ཀྱི་ལུང་གིས༡། །རྫོགས་ཆེན་གྱི་སྐལ་བ་དང་ལྡན་ཅིང་སྣོད་ཀྱི་སྐྱོན་བཞི་དང་བྲལ་ན་ཤེས་བྱ་གཏན་ལ་ཕེབས། །རྒྱུད་ཀྱི་སྟོན་པའི་གདུལ་བྱའི་རིགས་སུ་ངེས་པ་ཡིན་ན་ངེས་པའི་ཤེས་པ་འཆར་བའོ། ༈ །ལུང་དེ་ལ་ཡིད་ཆེས་པར་དམིགས་ནས་སྙན་རྒྱུད་ཀྱི་གདམས་པས་རྒྱུད་དགྲོལ་ཏེ། །ཐུན་མོང་ཁྱད་པར་གྱི་དབང་ཐོབ་ཅིང་ལུང་གསུམ་གྱི་ཚིག་ལམ་མཁྱེན་པ་རྒྱུད་རང་གྲོལ་གྱི་གདམས་པའི་རིག་པ་ཤར་བ་མན་ངག །རང་གི་གཤིས་སྒྲོ་སྐུར་དང་བྲལ་བར་མངོན་སུམ་དུ་གྲུབ་པའི་ཐོབ་ཀྱི་ཆུ་བོ་སྟེ་བཞི་རྫོགས་པའི་བླ་མ་ལ། །སྐལ་ལྡན་སྣོད་སྐྱོན་དང་བྲལ་བའི་རྒྱལ་བའི་གདུང་འཚོབ་པའི་སྲས་ཀྱི་སློབ་མ་དེས། །དད་པ་དང་མོས་པ་དང་གུས་པས་ཞུས་ཏེ་བླ་མའི་ཐུགས་རྗེས་གནང་བའི། །ཡི་གེ་དཀྱུས་༡ཀྱི་མན་ངག་དང་སྙན་བརྒྱུད་ཞལ་གྱི། བརྡ་བྲལ་རང་གྲོལ་༡བས། །ངེས་པར་ཐེ་ཚོམ་མེད་པར་ཡིད་ཆེས་༡བློའི་གདེང་དུ་ཕེབས་༡པར་༡༡བྱའོ། ༈ །རང་རིག་པའི་ཉམས་ཚད་མའི་སྒྲོ་སྐུར་བསལ་ལ་ངེས་པའི་དོན་ལ་གནས་པར་བྱ་སྟེ། ༈ །སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་གྲུབ་པར་གནས་པ་དེ། །རིགས་པ་བཞི་ཡིས་སྒྲོ་སྐུར་དང་ཐེ་ཚོམ་བསལ་བ་ནི། །དཔེར་ན་བསྲེགས་པས་གསེར་ཡིན་མིན་བཅད་པས་ཟོལ་ཡོད་མེད་བདར་བས་ཁ་བཟང་ངན་གྱི་སའི་གསེར་ངེས་པར་བརྟགས་པ་ལྟར། །ཆོས་ཉིད་དང་བྱ་བ་བྱེད་པ་དང་ལྟོས་ཤར་དང་འཐད་པས་སྒྲུབ་པའི་རིགས་པ་དང་བཞིའོ། ༈ །རང་དང་སྤྱིའི་མཚན་ཉིད་འཛིན་པས་ཆོས། ཅིང་ཆོས་ཅན་གྱི་ངོ་བོས་ཁྱད་པར་གྱི་ཆོས་འཛིན་པས་ཆོས། །སྣང་གྲགས་མྱོང་རིགས་གི་ཆོས་ལ་རིགས་པས་བདེན་པའི་དོན་འཛིན་པས་ཆོས་དགེ་བའི་ལས་རྣམ་པར་དཀར་སྤྱོད་ཀྱིས། །ངན་སོང་དུ་ལྟུང་བ་ལས་འཛིན་པས་ཆོས་ཏེ་བཞི་པོ་དེ་དག་གི་གནས་ལུགས་ཉིད་ནི། །རང་བཞིན་མུ་མཐའི་སྤྲོས་པ་ཀུན་དང་བྲལ་བ་ཉིད་དུ་ངེས་ཏེ། །དེ་མཁྱེན་པའི་མཚན་ཉིད་རང་རིག་པའི་ཡེ་ཤེས་ཉིད་དུ་ངེས་ལ། །དེ་ཡི་རང་འོད་ཀྱི་རྣམ་པ་ཐུགས་རྗེའི་སྤྲུལ་པར་མ་འགགས་པར་ཤར། །སྣང་ལ་རང་བཞིན་མེད་པ་སྒྱུ་མའི་རྩལ་འཛིན་ཀྱང་འདུས་མ་བྱས་པས་རྡོ་རྗེ་མི་འཇིགས་པས་བཙན་པོ་ཁྱད་པར་དུ་གྱུར་པས་མཆོག་ཡིན། །དེ་གསུམ་གདོད་མ་ནས་འདུ་བ་དང་འབྲལ་བ་མེད་པར་ལྷུན་གྲུབ་ཏུ་རྫོགས་པ་ཆེ། ༈ །དེ་མིན་ཡོད་མེད་གཉིས་གཉིས་མེད་ཀྱི་མུ་བཞི་དང་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་དུ་མའི་མཐའ་བརྒྱད་དང་འཁོར་འདས་ཀྱི་ཆོས། །ཅིར་ཡང་འཆར་བའི་མི་རིགས་པ་ལ་དེ་དག་ཏུ་འཆར་བ་དེ་ཡི་ཕྱིར། །ཆོས་དེ་རྣམས་ཀྱི་ཆོས་ཉིད་གནས་ལུགས་དེར་༼༠༽ རིགས་པའོ། ༈ །གནས་སྐབས་ཀྱི་ཆོས་ཉིད་འཁྲུལ་པའི་སྣང་བ་རང་གི་མཚན་ཉིད་ནི། །ས་ལ་སྲ་བ་ཆུ་ལ་གཤེར་བ་མེ་ལ་ཚ་བ་རླུང་ལ་ཡང་ཞིང་གཡོ་བའི་མཚན་ཉིད། །ཞེ་སྡང་གི་མཚན་ཉིད་ཀུན་ནས་མནར་སེམས་པ་གཏི་མུག་རྨོངས་པ་འདོད་ཞེ་ན་ང་ཁེངས་ལ་སོགས་པ། །དེ་དག་ཀུན་ནས་མཚན་ཉིད་མ་འདྲེས་པར་ཡེ་གནས་སོ་སོར་ཤར་བས་རང་མཚན་ཞེས་བྱའོ། །ཀུན་ལ་ཡོད་པས་སྤྱིའི་མཚན་ཉིད་དེ་དེ་ཡང་འདུས་བྱས་ཐམས་ཅད་མི་རྟག་ཟག་པ་དང་བཅས་པ་སྡུག་བསྔལ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། ༈ །མཉམ་གྲོལ་གྱི་ངང་དུ་མུ་མཐའ་ཀུན་མཉམ་པར་རྫོགས་པའི་ཀློང་ལས་རང་རང་གི་འདོད་པ་བླངས་པའི། །གནས་ལུགས་ཆོས་ཉིད་ཀྱི་རིགས་པས་རང་ཇི་ལྟར་འདོད་པ་དེའི་དོན་གྲུབ་པའོ། ༈ །ཆོས་ཉིད་དེ་གནས་པས་ན་དེ་ལས་འཆར་བའི་གཞི་བྱས་ནས། །མ་ཤེས་ཤིང་ངར་འཛིན་པའི་འཁྲུལ་པ་ཐ་དད་ཀྱིས་རྟོག་པ་ཤར། །སྒོ་ལྔས་མཚན་མར་འཛིན་པའི་ཡུལ་དང་ཡིད་ཀྱི་རྣམ་པར་རྟོག་པ་དང་། །དངོས་པོ་དང་མཚན་མར་འཆར་ཞིང་མུ་མཐའི་ཕྱོགས་ཆར་རྟོག །འཆར་གཞི་དེ་མེད་ན་འཁྲུལ་པ་འཆར་བ་དེ་མི་འབྱུང་བས་གནས་ལུགས་དེ་ཉིད་བྱ་བ་བྱེད་པའི་རིགས་པ་ལྟར་ལ། ༈ །འཁྲུལ་པའི་སྣང་བ་ནི་གཞི་གནས་ལུགས་དེ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་བརྟགས་ནས་ཤར་བས། །ཆོས་ཉིད་ནི་འཁྲུལ་པ་འབྱུང་བའི་བྱ་བ་བྱེད་ཅིང་འཁྲུལ་པ་ནི་དེ་ལ་ལྟོས་ནས་མངོན་པར་གྲུབ་པ་ཡིན་ནོ། ༈ །གནས་སྐབས་ཀྱི་བྱ་བ་བྱེད་པའི་རིགས་པ་ནི་རང་གི་རྒྱུ་དང་རྐྱེན་དེ་ཚོགས་པས། །འབྲས་བུ་ཐ་དད་མངོན་པར་གྲུབ་པའང་དེ་ལ་ལྟོས་པའི་རིགས་པ་ཡིན་ནོ། ༈ །རིགས་པ་གསུམ་པོ་དེ་ཡི་འཐད་པ་སྒྲུབ་པ་ལ་སྒྲ་དང་ཚད་མའི་ཆོས་གཉིས་སོ། ༈ །དོན་ནི་རང་གི་ཤེས་བྱ་ལ་མིང་ངོ་བོ་མཚོན་པ་ལ་ཚིག་ཁྱད་པར་མཚོན་པ་ལ་དང་ཡི་གེ་གཉིས་ཆར་གྱི་གཞིར་འཇུག་པ་སྟེ། །ངག་ཏུ་བརྗོད་པའི་མཐའ་ལས་བརྗོད་བྱའི་དོན་དང་ངེས་པར་སྤྱིའི་རྣམ་པའི་སྒོ་ནས་འབྲེལ་བ་དང་། །སྒྲ་མཐུན་པའི་གྲགས་པས་འབྲེལ་པས་གྲུབ་ཅིང་གྲགས་པའམ་འབྲེལ་ཡུལ་ཀྱང་མཐུན་པར་ངེས་དགོས་ཏེ། །བརྡ་བྱེད་པའི་དུས་ན་དོན་སྤྱིའི་ཤེས་པ་ལ་ཁྱད་པར་དུ་བྱེད་པའི་ཆོས་ལྔ་ལྡན་དགོས་ཏེ་དེ་ཡང་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་། བའི་ཤེས་པ་ལ་བརྡ་སྟོན་པ་པོ་དང་གཞན་དག་མཐུན་པར་སྣང་བའི་དོན་ལ་བརྡ་སྟོན་པའི་སྒྲ་དེ་གཞན་དང་ཐུན་མོང་དུ་གྲགས་པའི་སྒྲ་ལས་བྱུང་ནས། །འདིའི་མིང་འདི་ཡིན་ཞེས་མངོན་པར་ཞེན་ན་བརྡ་དེ་ཡིས་དོན་རྟོགས་པས་འཐད་པར་སྒྲུབ་ལ་ཡན་ལག་གཅིག་ཉམས་ཀྱང་མི་འགྲུབ་བོ། ༈ །ཚད་མ་མངོན་སུམ་༼ཀ༽དང་རྗེས་སུ་དཔག་༼ཁ༽པས་ཀྱང་། །དོན་༼ཀ༽ རང་གི་མཚན་ཉིད་དང་སྤྱི་ཡི་རྣམ་པ་དེ་རྟོགས་པར་འཐད་པས་སྒྲུབ་པའོ། ༈ །ཡུལ་སྣང་བ་ལ་མཚན་མར་མི་རྟོག་དོན་གྱི་གནས་ལུགས་ལ་མ་འཁྲུལ་བར། །རྣམ་ཤེས་སྒོ་མིག་རྣ་བ་སྣ་ལྕེ་ལུས་ལྔས་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་རྣམ་པ་སྒྱུ་མར་གཅད། །སྤྲུལ་སྐུ་སྡུག་བསྔལ་རྩོལ་སྒྲུབ་དང་བཅས་པའི་དུས་ཀྱི་ཚེ་བརྡ་དོན་སྤྲད་པས་ངེས་ཤེས་འཆར། །སྤྲུལ་པའི་སྐུ་མ་བཙལ་བར་གདོད་ནས་གནས་པ་དབང་པོའི་མངོན་སུམ་གྱི་འཐད་པས་གྲུབ་བོ། ༈ །ཡིད་ཀྱི་ཡེ་ཤེས་ནི་སྔར་གྱི་བྱ་བ་ཟིན་པ་དང་ཕྱིས་ཀྱི་བྱ་བ་མ་བཟུང་བའི་བར་ན། །སྤྲོས་པའི་རང་བཞིན་ཉིད་སྤྲོས་པ་དང་བྲལ་བ་ཉིད་དུ་ངོ་ཡིས་ཟིན་པ་ནི། །བློ་ཡུལ་དུ་མ་གྲུབ་པས་ཆོས་སྐུ་བསམ་གྱིས་མི་ཁྱབ་པའི་དུས་སུ་ངེས་པའི་ཤེས་པ་འཆར། །ཆོས་ཀྱི་སྐུ་མ་བཙལ་བར་ལྷུན་གྲུབ་ཡེ་ནས་གནས་པ་ཡིད་ཀྱི་མངོན་སུམ་གྱིས་འཐད་པས་གྲུབ་བོ། ༈ །རང་རིག་མངོན་སུམ་དུ་ངར་འཛིན་ཅིང་ཉོན་མོངས་པ་ལྔ་སྐྱེས་པའི་ཚེ། །དེའི་དོན་སིངས་ཀྱིས་རིག་ལ་ཡུལ་ཡུལ་ཅན་གང་དུའང་མི་རྟོག་པར། །རང་རིག་པ་བདེ་བ་ཆེན་པོ་ཤར་བའི་དུས་སུ་ངེས་པའི་ཤེས་པ་འཆར། །ལོངས་སྐུ་མ་བཙལ་བར་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པ་རང་རིག་པའི་མངོན་སུམ་དུ་འཐད་པས་གྲུབ་པའོ། ༈ །རང་རིག་པ་སྟོང་པ་ཉིད་སྤྲུལ་པའི་རྣམ་པ་ཅན། །དུ་རྟོགས་པའི་ངང་ལ་གནས་པས་ཚོགས་བདུན་ལས་གྲོལ་ཏེ་བག་ཆགས་ཀྱི་རྙོག་གཞི་སྦྱོར་དོན་རང་དྭངས། །རྣལ་འབྱོར་གྱི་མངོན་སུམ་ཤིན་ཏུ་ཡོངས་སུ་རྫོགས་པར་གསལ་བ་ནི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངང་ལ། །ཚོགས་བརྒྱད་ཀྱི་རྟོག་པ་རང་སར་གྲོལ་ནས་ཀུན་མཁྱེན་གྱི་ཡེ་ཤེས་མ་འཁྲུལ་བས་འཐད་པ་གྲུབ་བོ། ༈ །དེ་ལྟར་མ་འདྲེས་ཡོངས་རྫོགས་ཀྱི་རང་གི་མཚན་ཉིད་མངོན་སུམ་དུ་རྫོགས་པར་ཆིག་ཆོད་དུ་རྟོགས་མ་ནུས་པ་ལ་ནི། ༈ །འཁྲུལ་པའི་སྣང་བ་ནི་འབྲས་བུ་ཡིན་ལ་དེའི་ངོ་བོ་ཉིད་ཀྱི་རྒྱུ་དེ་ཡོད་པའི་ཕྱིར། །བྱང་བ་རང་བཞིན་ཆུབ་པ་རྣམ་པ་སེམས་མཚན་ཉིད་དེ་ཆོས་ཅན། །གསུམ་མ་བཙལ་བར་ལྷུན་གྱིས་གྲུབ་པ་ཡེ་ནས་གནས་པར་དམ་བཅའ་འབྲས་བུས་རྗེས་སུ་དཔག ༈ །རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་བརྒྱད་དང་བཅས་པ་ཡི། །རང་བཞིན་ནི་ཆོས་ཅན། ཡེ་ནས་རང་བཞིན་སྟོང་ལ་མཚན་ཉིད་གསལ་ཅིང་སྤྲུལ་པའི་རྣམ་པར་བཅས་པ་ལས། །ནོར་བ་མེད་ཧེ་ཏུཿཔས་མ་བཅོས་པ་ཡིན་ཏེ་དམ་བཅའ་ཞེས་རང་བཞིན་གྱི་གཏན་ཚིགས་ཀྱིས་དཔག་གོ། ༈ །འཁྲུ ལ་པའི་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་དེ་ཉིད་བདེན་པ་ཡིན་ན། །དེ་མཐོང་བ་ཡིས་གྲོལ་བར་རིགས་ཏེ་དེ་ཉིད་རང་སྡུག་བསྔལ་བས་བདེན་པ་མིན་ནོ། ༈ །རིགས་པའི་ཤེས་པའི་ཡུལ་དང་རྒྱལ་བའི་དགོངས་པ་དང་། །རྣལ་འབྱོར་པའི་དགོངས་པ་སྟེ་ཡང་དག་པའི་ཤེས་པ་གསུམ་གྱི་ངོ་ན་དེ་མི་དམིགས་པའི་ཕྱིར ། །ངེས་པའི་དོན་དུ་ན་གཤིས་ལའང་མ་གྲུབ་སྟེ་དམ་བཅའ་ཞེས་མི་དམིགས་པའི་གཏན་ཚིགས་ཀྱིས་དེ་རྗེས་དཔག ༈ །གནས་སྐབས་ཙམ་དུ་འཁྲུལ་སྣང་གི་རིགས་པས་ཡུལ་དང་ཤེས་པ། །སྣང་བར་གྲུབ་ཀྱང་བདེན་ཅིང་ངེས་པའི་རིགས་པས་དེ་མི་ཐད་དེ། །ཤེས་པ་འཁྲུལ་པའི་ངོར་འཐད་པའི་ཕྱིར་བདེན་པའི་དོན་དང་འགལ་བར་ངེས་པ་ནི། །དཔེར་ན་ཐག་པ་སྦྲུལ་དུ་འཛིན་པའི་ཤེས་པ་འཁྲུལ་བ་ཡིན་པ་བཞིན་ནོ། ༈ །ཐ་སྙད་དང་ཚིག་གི་སྒྲོ་སྐུར་རྣམས་རིགས་པ་བཞི་པོ་དེས་བསལ་ལ། །ངེས་པའི་དོན་དུ་རང་རིག་པའི་ཉམས་ལ་གནས་པར་བྱའོ། ༈ །མཚན་མ་དང་ཀུན་རྫོབ་ཀྱི་ཞེན་པ་ལས་གྲོལ་བའི། །མུ་མཐའ་ཀུན་དང་བྲལ་ལ་ཇི་ཡང་མ་སྤངས་པའི་རང་རིག་པ་ལ། །ཆོས་ཐམས་ཅད་ཡུལ་མེད་པར་ཀུན་གསལ་ཅིང་སྟོང་པ་ཉིད་ཡིན་དེ། །ཞེས་བསྟན་པ་དེ་ཡང་གཞན་སེལ་དོན་གཉེར་གྱི་དགོས་པས་ཐ་སྙད་དུ་བཏགས་ཏེ་བརྗོད་པ་ཙམ་དུ་ཟད་དོ། ༈ །གནས་པ་དང་མི་གཡོ་བ་དང་མཉམ་བ་ཉིད་ཀྱི་ལྷུན་གྱིས་གྲུབ་པའི་ཉམས་དང་བཞིའོ། །རིམ་པ་མེད་པས་ཅིག་ཅར་དང་བར་དུ་དོར་བས་ཐོད་རྒལ་དང་སྔ་ཕྱི་རིམ་གྱིས་ཤར་བའོ། ༈ །ཤེས་བྱའི་དོན་ལ་བདེན་བརྫུན་དུ་གཅོད་པ་རང་རིག་པའི་གང་གིས་ཡེ་ཤེས་ཀྱིས། །གང་གཅོད་འཁོར་འདས་སྣང་གྲགས་མྱོང་རིག་པའི། །གང་ལ་ཚོགས་བརྒྱད་ཡུལ་དང་བཅས་པ་འདི། །མཚན་ཉིད་གང་ལྟར་གསལ་བ་དང་རང་བཞིན་སྟོང་པ་དང་རྣམ་པར་སྤྲུལ་པ་གསུམ་མ་འདྲེས་པར་གསལ་ཏེ། ༈ །དེ་ཡང་ངོས་གཟུང་ལས་འདས་པའི་ཡེ་ཤེས་སུ། །འཁོར་འདས་ཀྱི་རང་བཞིན་དབྱེར་མེད་དོ། །ཚུལ་དེ་ལྟར་དུ་མཁྱེན་པའི་རང་རིག་པ་ནི་ཤེས་བྱ་ཀུན་ལ་ཁྱབ་ལ་དེ་དག་དང་མ་འདྲེས་པར་རང་གསལ་ལོ། །དེ་ཡི་རྣམ་འཕྲུལ་མི་འགག་པར་རོལ་པའི་ཆོས་སྣ་ཚོགས་སུ། །སྤྲུལ་པས་རང་གཞན་གྱི་དོན་རྣམས་གྲུབ་སྟེ་རྫོགས་པའོ། །དེ་དག་ཡོངས་སུ་རྫོགས་པས་དབྱེར་མེད་ལ་གཅིག་ཏུ་འདྲེས་པའང་མིན། །གཅིག་དང་ཐ་དད་ཀྱི་མཚན་ཉིད་ལས་གྲོལ་བ་ནི་མཚན་ཉིད་དོ། ༈ །དེ་ཉིད་མཚོན་པར་བྱེད་པའི་ཚིག་དོན་འབྲེལ་ལེགས་པའི་མིང་གི་ངེས་པའི་ཚིག་ནི། །རྒྱལ་བའི་དགོངས་པ་ཉིད་རིག་པ་ལ། །ལྟ་བར་བྱེད་པ་དང་བལྟ་བར་བྱར་མེད་པར། །ཆོས་ཀུན་གྱི་རང་བཞིན་གསལ་བར་མཐོང་བའི་ཕྱིར་ལྟ་ཞེས་བྱ་བར་མིང་ངེས་པའོ། ༈ །དེ་ཡང་དབྱེ་ན་ཡོད་པ་དངོས་པོ་དང་མེད་པ་སྟོང་པ་དང་། །བདེན་པ་གཉིས་དང་དེ་གཉིས་སུ་མེད་པ་དང་། །མུ་བཞི་ཀུན་རྫོགས་པ་དང་མུ་བཞི་ཀུན་ལས་འདས་པ་སྟེ། ༈ །ཞེས་དྲུག་ང་བདག་ཏུ་ལྟ་བ་དང་རྟག་པ་ང་ཡི་དངོས་པོ་ཡོད་པར་ལྟ་བ་དང་། །གང་ཟག་གི་བདག་དེ་དང་བྲལ་ལ་གཟུང་བ་རྡུལ་ཕྲ་རབ་དང་འཛིན་པ་སྐད་ཅིག་མ་ཡི། །ཆོས་ཙམ་གྱི་དངོས་པོ་ཡོད་པར་ལྟ་བ་ཉན་ཐོས་པ་དང་། །ཕྱི་གཟུང་བ་དང་བྲལ་ལ་ནང་འཛིན་པ་ཡི། །དངོས་པོ་ཙམ་དུ་ལྟ་བ་རང་རྒྱལ་དང་། །གཟུང་བའི་ཡུལ་དང་འཛིན་པའི་ཤེས་པ་གཉིས་ནི་ཡོད་པ་མིན་ལ། །རང་རིག་ཁོ་ནའི་དངོས་པོར་ལྟ་བ་སེམས་ཙམ་པའོ། ༈ །ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་སྟོང་པར་ལྟ་བ་རིགས་པ་ཅན་དང་། །ངེས་པར་ལེགས་པ་འབྲས་བུ་བྱང་ཆུབ་གསུམ་གྱིས་སྟོང་པར་ལྟ་བ་སྤྱོད་པ་དང་། །ཆོས་སྣང་ཐམས་ཅད་ཀྱིས་སྟོང་པར་ལྟ་བ་ལུང་གི་ཕྱོགས་ཙམ་པའོ། ༈ །དོན་དམ་པར་ན་དེ་ཁོ་ན་ཉིད་སྤྲོས་པ་བརྒྱད་དང་བྲལ་ལ། །ཀུན་རྫོབ་ཙམ་དུ་དངོས་པོ་ཅིར་ཡང་སྣང་བ། །དེ་གཉིས་ཤིན་ཏུ་གཅིག་པའམ་ཐ་དད་པ་མིན་ཏེ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར། །ཐབས་ཀུན་རྫོབ་དང་ཤེས་རབ་དོན་དམ་ཏུ་ལྟ་བ་དབུ་མ་པ་དང་། །ཀུན་རྫོབ་ཏུ་སྣང་བ་འདི་ལྷ་རིན་ཆེན་པདྨ་རྡོ་རྗེའི་རིགས་གསུམ་གྱི་ཡེ་ཤེས་པ། །རྗེ་དང་དམ་ཚིག་པ་འབངས་འདྲ་དོན་དམ་པར། །མཐའ་བཞིས་དག་པའི་མཐའ་རུ་ལྟ་བ་ཀྲི་ཡ་པ་དང་། །ཀུན་རྫོབ་ལས་ཀྱི་རིགས་བསྣན་པས་བཞི་ལ་ཡེ་ཤེས་པ་དཔོན་དམ་ཚིག་པ་གཡོག་དོན་དམ་པར། །སྤྲོས་པ་དང་བྲལ་བར་ལྟ་བ་ཨུ་པ་ཡ་དང་། །ཀུན་རྫོབ་ཏུ་སྣང་བ་རིགས་ལྔ་ལ་ཡེ་ཤེས་པ་དང་དམ་ཚིག་པ་གྲོགས་པོའི་ཚུལ་དུ་ཐ་དད་མཉམ་པོ། །དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ་སྟོང་པར་ལྟ་བ་ཡོ་ག་བ་དང་། ༈ །གསལ་བ་ལྷ་ཡི་རང་བཞིན་བདེ། །དེ་ཉིད་ངོས་གཟུང་ཅིས་ཀྱང་སྟོང་པས། །དབྱེར་མེད་དུ་ལྟ་བ་མ་ཧཱ་བ་དང་། དེ་ལས་གྲོལ་བའི་བདེ་བ་ཆེན་པོར་ལྟ་བ་ཨ་ནུ་དང་། ༈ །ཡོད་མེད་གཉིས་གཉིས་མེད་མུ་བཞི་པོ་ཀུན་ཏུ་ཡེ་ནས་རྫོགས་པ་ལ། །གཅིག་ཁོ་ནའི་ཕྱོགས་སུ་ལྟ་བ་དེ་དག་འཁྲུལ་པ་ཡིན་པས། །མུ་བཞི་པོ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་རྫོགས་པར་ལྟ་བ་ལྷུན་གྲུབ་པ་དང་། ༈ །མུ་བཞི་གང་གི་ཡང་མཐའ་རུ་མ་རེད་པ་ལ། །རང་འདོད་ཀྱིས་ཕྱོགས་སུ་ལྟ་བ་དེ་འཁྲུལ་པས་ན། །མུ་བཞིའི་ཕྱོགས་ཐམས་ཅད་དང་བྲལ་ཏེ་ཀ་ནས་དག་པར་ལྟ་བ་དང་། ༈ །དྲུག་པོ་དེ་དག་ཀུན་བལྟར་ཡོད་དེ་མཐའ་དྲུག་གི་ཡུལ་ལ་ལྟ་བའོ། ༈ །བྱང་ཆུབ་ཀྱི་སེམས་སུ་ཆོས་ཀུན་མཁྱེན་པའི་ཡེ་ཤེས་དེས། །མུ་མཐའ་ཀུན་མཁྱེན་ཀྱང་ཕྱོགས་གཅིག་པའི་ཡུལ་དུ་བལྟར་མེད་པ་ལ་རང་གསལ་བ་ཞེས། །དགོས་པའི་དབང་གིས་ཅིར་བརྟགས་ཀྱང་སྒྲ་ཇི་བཞིན་པ་དེར་མི་རྟོག་པས། །མ་འདྲེས་ལ་ཡོངས་སུ་རྫོགས་པར་མུ་མཐའ་ཀུན་རང་གྲོལ་བའོ། ༈ །དེ་ལ་ཡང་མིང་གྲངས་ནི་རྟོག་པ་ཉིད་ཡེ་ཤེས་སུ། །འདུས་པས་ན་ལྟ་བའི་དབང་དུ་རྟོགས་ཤིང་། །ལྟ་བ་རྟོགས་པས་བསྒྲུབ་བྱ་དོན་གྱི་སྙིང་པོ་ལོངས་པའི་ཕྱིར། །ལྟ་བའི་དཀྱིལ་འཁོར་ནི་རྟོགས་པ་ཉིད་ཡིན་ལ། །རྟོགས་པའི་ངང་ལ་གནས་པས་དེ་ལས་འདའ་བ་མེད་པར་གནས་པའི་ཕྱིར། །ལྟ་བའི་དམ་ཚིག་ནི་ཡེ་ནས་གནས་པའི་དོན་བསྲུངས་པ་ཡིན་ཅིང་། །ཕྱོགས་སུ་འཛིན་པ་ཞི་ལ་ཀུན་མཁྱེན་གྱི་ཡེ་ཤེས་རྒྱས། །ཤེས་སྒྲུབ་ཀྱི་དོན་འདུས་པས་དབང་དངོས་པོ་དང་མཚན་མར་འཛིན་པ་ཚར་གཅོད་པ་དྲག་པོ་ལྟ་བའི་ཕྲིན་ལས་ནི་ལྷུན་གྲུབ་ཡིན་ལ། །ཡུལ་མེད་ཡེ་ནས་གསལ་བ་ཀུན་མཁྱེན་པ། །ཡུལ་དུ་བལྟར་མེད་པའི་ལྟ་བ་ནི་ཡེ་བལྟས་སུ་མཐོང་ལ། །རྟོགས་ནས་དེའི་ངང་ལས་འདའ་བ་མ་མྱོང་བས། །ལྟ་བའི་སྒོམ་པ་ནི་ཡེངས་པ་དང་བྲལ་བའོ། །མཁྱེན་པའི་ཡེ་ཤེས་འགག་བ་མེད་པར་རོལ་བས། །ལྟ་བའི་སྤྱོད་པ་ནི་རང་ལ་རྫོགས་པ་ཡིན། །རྟོགས་པའི་ངང་ལ་གནས་པས་འབྲས་བུ་མཐར་ཕྱིན་པའི་ཕྱིར། །ལྟ་བའི་ས་ལམ་ནི་རང་ལ་གནས་པའོ། །ཡེ་ནས་ཡིན་པའི་དོན་རྟོགས་པ་ལས་སྐྱེད་དབྱུང་དུ་མེད་པས། །ལྟ་བའི་འབྲས་བུ་ནི་ཡེ་ནས་རང་སངས་རྒྱས་པའོ། །ཀློང་བརྒྱད་པོ་ཀུན་ལ་ཡང་དེ་བཞིན་དུ་ལྡོག་ཆ་ནས་དགུ་དགུར་ཤེས་པར་གྱིས་ཤིག་ཅེས་གདམས་སོ། ༈ །དུས་གསུམ་གྱི་བདེ་བར་གཤེགས་པའི་ཡེ་ཤེས་དང་། །འགྲོ་བ་རིགས་དྲུག་སེམས་ཉིད་ཀྱི་མ་བཅོས་པ་དང་གཉིས། །ཐ་དད་པ་མ་ཡིན་པའི་དོན་གྱིས་གཅིག་པ་ལ། །བཟང་ངན་མི་གནས་༼༠༽པས་གདེང་ཆེན་པོ་དང་ལྡན་ནོ། ༈ །དེས་༼༠༽ན་སེམས་ཅན་གྱི་རྟོག་པ་ངན་པས་སྤང་བ་དང་། །སངས་རྒྱས་ཀྱི་ཡེ་ཤེས་བཟང་བ་ཡིས་སྒྲུབ་པར་མི་བྱེད་ལ། །དོན་དམ་ཀུན་རྫོབ་དང་འཁོར་འདས་ལ་སོགས། །པ་འོག་མ་པས་བཟང་ངན་དུ་བཟུང་བ་རྣམས་ལ་འདིར་དགག་སྒྲུབ་མེད་པ་སྲོག་གི་གནས། ༈ །དེ་ཡང་ལས་དང་པོ་པ་མིང་ལ་མོས་པས་ན་གཡོ་བའི་ཉམས། །དོན་སྤྱི་ལ་སྨོན་པའི་ཉམས་ཅིང་དོན་རང་མཚན་ལ་འཇུག་པའི་ཉམས། །ངེས་པར་རྟོགས་པ་ཐོབ་པའི་ཉམས་ཅིང་དེའི་ངང་ལ་གནས་པའི་ཉམས། །རྟོགས་པ་གོམས་པས་ཀློང་དུ་གྱུར་ནས་བསྒྱུབ་བྱའི་དོན་མཐར་ཕྱིན་པའི་ཉམས་ཡིན་ནོ། ༈ །གཉིད་དུ་རྣལ་བའི་མཐངས་རྨི་ལམ་དུ་ཕྱུང་བའི་སྡུག་བསྔལ་བ་ལས། །གཉིད་སད་པས་མ་སྤངས་པར་རང་སར་གྲོལ་བ་དང་འདྲ་བར་འཁྲུལ་པ་རང་གྲོལ་བའམ། །རྒྱལ་བུ་སྤྲང་པོར་རྐང་འཁྱམས་པ་ལ་རྒྱལ་པོར་དབང་བསྐུར་བ་དང་འདྲ་བར་མངོན་སུམ་དུ་གྲུབ་ཅིང་། །སྨག་གི་མུན་རུམ་ལ་སྒྲོན་མེ་བཏེག་པ་ཡིས་གསལ་བ་དང་འདྲ་བར་མ་རིག་པ་རང་གསལ་བའོ། ༈ །རང་གནས་ཀྱི་ཡེ་ཤེས་ཚིག་ཙམ་ལས་དོན་དུ་མ་རྟོགས་ན། །འཁྲུལ་པས་རང་བཅིངས་༡མུ་བཞིའི་མཐར་ལྷུང་༡ ཞིང་ཕྱོགས་རིས་སུ་༡བཅད་༡༡༡པས། །རང་གི་རྒྱུད་སྡུག་༡ བསྔལ་ལ་མཉམ་གྲོལ་གྱི་དོན་༢སྤངས་ཏེ་དགག་སྒྲུབ་ཀྱི་རྩོལ་༣བས་ལ་བ། །དེ་ལས་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་སུ་ལྟ་བའོ་ཞེས་གཞན་སེལ་གྱིའོ། ༈ །དེ་ཡི་ཡོན་ཏན་བློ་ཡིས་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན། །ཞེན་དྲུག་གཞིའི་སྡུག་བསྔལ་དང་ཐེག་བརྒྱད་ལམ་གྱི་རྩོལ་བའི་ནད་ལས་གྲོལ། །བས་སངས་ལ། བདེ་བ་ཆེན་པོར་ལྷུན་གྱིས་གནས་པ་ནི་རྟོགས་པས་ཡོངས་སུ་རྒྱས་པས། །འགྲོ་བའི་དོན་མ་བཙལ་བར་ལྷུན་གྱིས་གྲུབ་པར་འབྱུང་བའོ། ༈ །རྟོགས་པ་དེ་ཡི་ངང་ལ་མ་གནས་ན། །དུས་བསྐལ་པར་རྩོལ་སྒྲུབ་ཀྱི་སྡུག་བསྔལ་དགེ་ཚོགས་ཅི་ལ་སྤྱད་ཀྱང་། །བསྒྲུབས་པའི་དོན་མེད་པར་ལས་འབྲས་ཀྱི་སྙིང་པོ་ཕྱུང་བས་བསྐམས་ཏེ་ཟད་པ་ཡིན་ཏེ། །རང་སའི་འདོད་པ་གྲུབ་ཀྱང་འབྲས་བུ་མཐར་མི་ཕྱིན་པས། །སྐྱེ་འཇིག་དང་བཅས་པས་འཁོར་བ་ཉིད་ལས་འདའ་བ་མེད། །པའི་སྐྱོན་དེ་བས་ན་ནན་ཏན་གྱིས་ལྟ་བ་རྟོགས་པ་ཤིན་ཏུ་གཅེས་བས་འབད་པར་བྱའོ། ༈ །དགའ་རབ་རྡོ་རྗེ་བདག་ཉིད་ནི་མ་རིག་པའི་གནས་ནས་འབྱུང་བ་ལ། །རྟོགས་པ་རིན་ཆེན་གདེང་མེད་པས་གཞན་ཐབས་འགའ་ཡང་། །རྙེད་པར་མ་གྱུར་པ་ལ་འབྱུང་བ འི་དུས་དྲུག་ལ་བབ་པའི་ཚེ་ལྷའི་དབང་པོས་ཕྱོགས་བཅུའི་སངས་རྒྱས་བསྐུལ་བས། །སྐུ་གསུམ་གྱི་བཀའི་ཆུ་རྒྱུན་བདག་ལ་བབས་པས་མ་རིག་པའི། །དྲི་མ་དག་ནས་རང་བྱུང་ཡེ་ཤེས་ཀྱི་ཤེས་བྱ་ཀུན་མཁྱེན་ཅིང་ཡུལ་མེད་དུ་གསལ་བས། །འཁྲུལ་པ་གཞན་མཐོང་ནས་དེ་དག་ལ་སྙིང་རྗེ་སྐྱེས་པས་ལྟ་བ་རྟོགས་པའི་ཐབས་བཀོད་པ། །འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་མིག་ལྟ་བ་རྙེད་པར་ཤོག་ཅིག །རྩོམ་པ་ལ་ངལ་བའི་དགེ་རྩས་འགྲོ་བ་ཀུན་གྱིས་ཀྱང་གནས་ལུགས་དོན་རྟོགས་པར་གྱུར་ཅིག་པའོ། །ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། །སེམས་མེད་པའི་རིན་པོ་ཆེ། །ལྟ་དགོངས་ཐམས་ཅད་ཀྱི་རྩེ་མོ་མཆོག་ཏུ་གྱུར་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །སེའི་བནྡྷེ་འབྱུང་ལྡན་གྱིས་མཆན་བུ་བཏབ་པའོ། །འགྲོ་བའི་དཔལ་དུ་བསྔོའོ།། །།


previousལྟ་བའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next