Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
འབྲས་བུའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྲས་བུའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

འབྲས་བུའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

འབྲས་བུའི་ཀློང་བཞུགས། །རྒྱ་གར་སྐད་དུ། སརྦ་དྷརྨཱ༈ཀཱ་ཡ༈ཛྙཱ་ན༈སན་ཏི༈མ་ཧཱ༈བྷོ་དྷི༈གརྦྷ༈ཤཱསྟྲ༈ནཱ་མ། བོད་སྐད་དུ། མཚན་ཉིད་འཛིན་པའི་ཆོས་འཁོར་འདས་ཐམས་ཅད་རྟེན་བྱེད་པས་སྐུ་དང་ཀུན་གསལ་བས་ཡེ་ཤེས་ལྔ་དང་ལྷག་མ་མེད་པས་རྫོགས་པ་ཆེན་པོ༈ འབྲས་བུ་བྱང་ཆུབ་ཀྱི༈བཅུད་འདུས་པས་སྙིང་པོ༈སྐལ་ལྡན་རྣམས་ལ་གསལ་བར་བསྟན་པ་ཞེས་བྱ་བ། བཅོམ་ལྡན་འདས་ལྷུན་གསུམ་མ་བཙལ་བར་ཆོས་ཀུན་ཡུལ་མེད་གསལ་མཚན་ཉིད་རང་བཞིན་སྟོང་ཉིད་ཅིར་ཡང་འགག་པ་མེད་པར་ལྷུན་གྱིས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །མཚན་ཉིད་དང་སྔགས་ཀྱིས་རྒྱུ་༡དང་རྩོལ་བ་ལ་བརྩོན་པས་དུས་ཕྱི་མར་འབྲས་བུ་བསྐྱེད་༡བསྒྲུབས་པས་ཐོབ་ཏུ་རེ་མ་ཐོབ་ཏུ་དོགས་པའི་འདོད་པའི་ནད་པ་ཀུན་དགའ་སྙིང་པོ་བདག །རང་ཉིད་ལ་འབྲས་བུ་ཡེ་ནས་ལྷུན་གྱིས་གྲུབ་པའི་དཔལ་དང་ལྡན་པས་རྒྱུ་རྐྱེན་གྱིས་མ་བསྐྱེད་རྩོལ་བས་མ་བསྒྲུབས་པར་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོའི་བདུད་རྩིས་གསོ་བར་མཛད་པའི། །སྨན་པའི་མཆོག་ཉིད་གྱུར་པ་ངོ་བོ་ཆོས་ལོངས་དང་དེ་དག་གི་སྐུ་གསུམ་ཀའི་བཅུད་དང་ལྡན་པ་གསང་སྔགས་ཀྱི་མངའ་བདག་སྤྲུལ་སྐུ་རྡོ་རྗེ་འཆང་དང་། །དམ་པ་སྐུ་བཞི་ལ་བདུན་པའི་སྒྲ་ལ་རྟོགས་པ་ལྟ་བས་མོས་གོམས་པ་ཏིང་ངེ་འཛིན་གྱིས་མཐར་ཕྱིན་འབྲས་བུའི་ཚུལ་གྱིས་ཕྱག་འཚལ་ནས། ༈ །རང་ཉིད་ལ་འབྲས་བུའི་དཔལ་དང་ཡེ་ནས་ལྡན་པ་དེ་ལྷན་སྐྱེས་ཀྱིས་མ་མཐོང་བ་ལ་ཕྱིན་ཅི་ལོག་ཏུ་བརྟགས་པས་འཁྲུལ་པའི་ཤེས་པ་རྒྱས་ཏེ། །ལས་ཀྱི་རླུང་གིས་ཁམས་གསུམ་དུ་བསྐྱོད་པས་དུཿཁས་ཉམ་ཐག་པའི་ནད་དེ་ལས་མཐར་ཕྱིན་པར་བྱ་བའི་ཐབས། །རྒྱུ་དང་བརྩོལ་བ་བཞི་ཚན་གཉིས་ཏེ་རྩོལ་བརྒྱད་རང་རང་གི་འདོད་པ་སྣང་སྟོང་གཉིས་གཉིས་མེད་ཀྱི་ཕྱོགས་སུ་བཅད་པས་མུ་མཐའ་མཉམ་གྲོལ་གྱི་དམར་ཐག་ལས། །ལྷུན་གནས་བདེ་ཆེན་དུ་ཡེ་ནས་གནས་པས་རྒྱུ་རྐྱེན་འདུས་ཏེ་བྱས་པའི་འབྲས་བུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་༡པོ་འབྲས་བུ་གསལ་བར་བསྟན་པར་བྱའོ། ༈ །དེ་༡ཡང་བསྟན་པའི་དགོས་ཆེད་དང་རང་གི་ངོ་བོ་དང་དེའི་རང་བཞིན་དང་མཚན་ཉིད་དང་། །སྒྲོ་སྐུར་མེད་པར་བསྟན་པ་ངེས་ཚིག་དང་རྣམ་པའི་གྲངས་དང་གནས་པའི་དུས་དང་བདུན་ཀྱིས་ལུས་རྣམ་པར་གཞག་པའོ། ༈ །འབྲས་བུའི་ཆེ་བའི་ཡོན་ཏན་ཅིག་ཆོག་ཏུ་གདུལ་བྱ་ལ་བསྟན་པས་ན། །དེ་ཞེ་ལ་འདོད་པའི་འགྲོ་བ་རྣམས་དེ་ཐོབ་པའི་ཐབས་ལམ་ལ་འཇུག་ཅིང་བརྩོན་པར་བྱེད་ཅིང་། །སྐུ་དང་ཡེ་ཤེས་རང་ལ་རང་ཆས་སུ་ཡེ་ནས་ལྡན་པས་ལོགས་ནས་ཐོབ་ཏུ་མེད་པར་ལྷུན་གྱིས་གནས་པར་བསྟན་པས། །བློ་དང་ལྡན་པ་རྣམས་བདེ་བ་ཆེན་པོའི་ངང་དུ་བཞུགས་པའི་ཕྱིར་རོ། ༈ །ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་རྟོགས་ནས་དེའི་ངང་དུ་གོམས་པས། །གཞིའི་ཉེས་པ་ལྷན་སྐྱེས་ཀྱི་མ་རིག་པ་དང་ཞོར་སྣང་གིས་བརྟགས་པ་རྣམ་རང་སར་གྲོལ་ནས། །ལམ་གྱི་ཉེས་པ་རྩོལ་བའི་ནད་དང་བྲལ་ཏེ་མཐར་སོན་པའི་འབྲས་བུ་དང་། །ཐེག་པ་བརྒྱད་རང་རང་གི་ཞེ་འདོད་ཀྱི་འབྲས་བུ་ལ་གནས་པས་གཞི་ལས་ཆེར་རྒྱས་པར་འདོད་པའོ། ༈ །དེ་ཡི་རང་བཞིན་ནི་རྟེན་སྐུ་ཆོས་ལོངས་སྤྲུལ་གསུམ། །དེའི་དགོངས་པ་ཡེ་ཤེས་སྟོང་མེ་མཉམ་སོ་བྱ་ལྔ་མངོན་ཤེས་སྟོབས་མི་འཇིགས་པ་ལ་སོགས། །སྤྲོས་པ་གཅོད་པའི་ཐིག་ལེ་དྲུག་ལ་ཆེ་བ་ལྔས། །འོག་མ་པ་ལས་ཁྱད་པར་དུ་འཕགས་པས་ན་རྫོགས་པ་ཆེན་པོའོ། ༈ །དེ་དག་ཀུན་ཀྱང་རང་རིག་པའི་ཡེ་ཤེས་ཉིད་ཀྱིས། །མཚན་ཉིད་རང་མཁྱེན་པས་ན་རང་བཞིན་སྟོང་རྣམ་པ་གསལ་དེས་ནི། །ཡོན་ཏན་ཀུན་གྱི་གཞི་རྟེན་བྱེད་པས་སྐུ་ཤེས་བྱ་ཀུན་གསལ་བས་ཡེ་ཤེས་མུ་མཐའི་སྤྲོས་པ་ཆོད་པས་ཐིག་ལེ། ཐེག་པ་གཞན་དང་མཚུངས་པ་མེད་པས་ཆེ་བ་རྣམས་ཡེ་ནས་གནས་པས་བདེ་བ་ཆེན་པོའི་མཚན་ཉིད་དང་ལྡན་པར་ཡོངས་སུ་ཆོད་པའོ། ༈ །དོན་དེ་ཀ་ཉིད་གདུལ་བྱ་སྐལ་བ་དང་ལྡན་པ་ལ། །ཆོས་སྐུ་བྱིན་གྱི་རླབས་༡ལོངས་སྐུ་རང་གི་ངོ་བོའི་མཚན་༡སྤྲུལ་སྐུ་ཚངས་པའི་༡གསུང་༡༡༡གསུམ་གྱིས། །ངེས་པར་སྒྲོ་སྐུར་དང་བྲལ་བར་ཚིག་ཏུ་བསྟན་པ་ནི། །མཚན་ཉིད་དེ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་དང་བྲལ་བའོ། ༈ །སྐུ་དང་ཡེ་ཤེས་དང་རྫོགས་པ་ཆེན་པོ་དང་། །རྣམ་པར་གཞག་པས་འབྲས་བུ་བྱང་ཆུབ་ཀྱི་སྙིང་པོར་གནས་ཏེ། ༈ །སྐུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་དང་ཡོད་མེད་ལས་འདས་པར་འདོད་པའོ། ༈ །འགྲོ་བ་རིགས་དྲུག་ལས་བསམ་གྱིས་མི་ཁྱབ་པའི་ལུས་ཡོད་ལ། ༈ །མུ་སྟེགས་ལོག་པར་ལྟ་བའི་གཅེར་བུ་པ་ནི་དབང་ཕྱུག་ཆེན་པོ་གདུགས་དཀར་བཟུང་བའི་དབྱིབས་འདྲ་བའི་ལུས་ལ། །ཚངས་པ་གདོང་བཞི་པ་དང་ཁྱབ་འཇུག་རཱ་ཧུ་ལ་དང་ལྷ་ཆེན་པོ་མ་ཧཱ་དེ་བའི་ལུས་སུ་འདོད། །བྱེ་བྲག་པ་རྡུལ་ཕྲ་རབ་ལས་གྲུབ་པའི་སྙིང་དཀྱིལ་གྱི་བདག་དྲི་མ་དང་བྲལ་བའི་ལུས་པོ། །གྲངས་ཅན་པ་རྣམ་འགྱུར་གཙོ་བོ་ལ་ཐིམ་པས་སྤྱི་གཟུགས་བདག་ཡན་གར་དུ་གནས་པས་ཐར་པ་ཆེན་པོའི་ལུས་སུ་འདོད། །རིག་བྱེད་པ་རིག་པའི་དངོས་པོ་དེ་ཡང་རྟག་པ་གཅིག་པུ་བདེ་བ། །རང་དབང་ཅན་དུ་གནས་པ་ཤེས་ལྟའི་ལུས་སུ་འདོད། །དེ་དག་ཀྱང་གཟུགས་ཁམས་རིས་ཀྱི་ལྷ་ཡི་བྱེ་བྲག་འགའ་ཞིག་དང་། །དངོས་སུ་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་གནས། །ཏེ་མྱ་ངན་ལས་འདས་པར་འདོད་ཀྱང་བདག་འཛིན་དང་བཅས་པས་འཇིག་རྟེན་པ་དངོས་ཡིན་ནོ། ༈ །ཞི་བ་ཕྱོགས་གཅིག་པར་མྱ་ངན་ལས་འདས་པ་ཉོན་མོངས་པའི་དགྲ་བཅོམ་པ་ལྷག་བཅས་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ཅན་ནི། །སངས་རྒྱས་ཐུབ་པའི་དབང་པོ་སྐུ་རང་བཞིན་ཏུ་བྱུང་བའི་ཆ་ལུགས་འཆང་བ་དང་། ༈ །བྱང་ཆུབ་སེམས་དཔའི་རྒྱན་དང་ཆ་ལུགས་ཅན་ལུས་ཀྱི་རྫུ་འཕྲུལ་སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུག་པ་དང་ལྡན་པ། །དབང་པོ་རྣོན་པོ་བསེ་རུ་ལྟར་གཅིག་པུའམ་རྟུལ་པོ་ནེ་ཙོ་ལྟ་བུར་ཁྱུ་རུ་གནས་སོ། ༈ །རྒྱུར་ཞུགས་པ་དང་འབྲས་བུར་གནས་པ་ནི། །སྐྱེས་བུ་ཟུང་བཞི་ལ་གང་ཟག་ཡ་བརྒྱད་དེ་ལུས་ཀྱི་རྒྱན་དང་བྲལ་བའོ། ༈ །སར་གནས་པའི་བྱང་ཆུབ་སེམས་དཔའ་སྒྱུ་མའི་ལུས་ཅན་ནི། །འགྲོ་བ་གང་འདུལ་བའི་དུས་སུ་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱིས། །ལུས་དེ་བླངས་ནས་གདུལ་བྱ་དེ་འདུལ་བ་དང་། ༈ །མོས་པ་སྤྱོད་པའི་ས་ལ་གནས་པ་ནི་རང་གི། །ལས་དང་སྨོན་ལམ་གྱི་དབང་གིས་ལུས་ལེན་ལ། །རང་གི་ལམ་སྦྱོང་ཞིང་གཞན་གྱི་དོན་ཡང་སྨོན་ལམ་གྱི་ནུས་པས་བྱེད་དོ། ༈ །ཐེག་པ་ཐུན་མོང་བ་ས་བཅུ་རྒྱུན་གྱི་ཐ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་རྗེས་ཐོབ་ཀྱི་ཚེ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའི་ལོངས་སྐུས་འདུལ་ཅིང་། །མོས་པ་སྤྱོད་པ་ཚོགས་སྦྱོར་བ་རྣམས་ལ་སྤྲུལ་པའི་སྐུ། །སྒྱུ་མའི་དཔེ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུགས་ལས། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་མཚུངས་པར་མཐོང་ངོ་། །ཞེས་སོ། །བརྒྱད་ལྟ་བུས་བསྟན་ནས་འདུལ། །ཏེ་དེ་ཡང་སྐུ་༡དང་གསུང་༡ཐུགས་༡ཡོན་ཏན་༡ལས།༡ །རྣམས་གདུལ་བྱའི་དབང་གིས་བསམ་༡༡༡༡གྱིས་མི་ཁྱབ་པར་སྟོན་པའོ། ༈ །མཉམ་པར་བཞག་པའི་ཚེ་ནམ་མཁའི་ངང་དུ་ཅིར་ཡང་མི་རྟོག་པ་སྟེ། ཡང་མདོ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །ཞེས་སོ། ༈ །བདེ་བར་གཤེགས་པའི་བཀའ་རྟགས་གསང་སྔགས་ཕྱི་ཡི་དབང་ཐོབ་པས། །ཀྲི་ཡ་རྡོ་རྗེ་འཛིན་དང་ཨུ་པ་ཡ་རིགས་བཞིར་འཆང་། །ཡོ་ག་སྟུག་པོ་བཀོད་པའི་གཞལ་ཡས་ན། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའི་ལུས་སུ་བསྒྱུར་བའི་ལྷའི་འཁོར་ལོ་ཅན། །ཀྲི་ཡ་སྐུ་དང་གསུང་དང་ཐུགས་གསུམ་གྱི་རྡོ་རྗེ་འཛིན་པ་དང་། །བྱ་བའི་ཨུ་པ་ཡ་ཡོན་ཏན་དང་ལྡན་པ་ལ་བྱེད་པ་པོ་ལས་ཀྱི་རིགས་ཀྱིས་མཛད། །པ་དེ་གཉིས་བསྡུས་པས་བཞིའམ་ཡང་ན་ཡོ་ག་དེ་གཉིས་སུ་ཕྱེ་བས་རིགས་ལྔ་པོ་ཉིད། །རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས་པའི་ཚུལ་དུ་གཙོ་འཁོར་རྫོགས་པར་བཞེད་པའོ། ༈ །རྣལ་འབྱོར་ཆེན་པོ་གསང་སྔགས་ནང་གི་རྟགས་ཅན་ནི། །ཆོས་ཐམས་ཅད་སྟོང་གསལ་དབྱེར་མེད་ནི་ཆོས་ཀྱི་སྐུ་དང་ཀུན་ཏུ་འོད་ཀྱིས་ལ། །ཀུན་ལ་ཡུལ་མེད་དུ་རོལ་བའི་བདེ་བ་ཆེན་པོ་ནི་ལོངས་སྤྱོད་རྫོགས་སྐུ་དང་པདྨའི་སྤྱན་༡གྱིས། །དེ་༡ཡི་གཟུགས་བརྙན་གདུལ་བྱ་ལ་ཐུགས་རྗེས་བསླང་ནས། །ཡེ་ཤེས་འཁོར་ལོ་ཚོགས་ཆེན་གྱི་ས་རུ་གསལ་བ་དེའི་སྤྲུལ་པའི་སྐུ་ལ། །རྟོག་ཚོགས་ཞེ་གཉིས་ལ་སོགས་པ་གནས་འགྱུར་བས་ལྷ་ཞེ་གཉིས་ལ་སོགས་པར་གྲངས་ངེས་པ་ཅན། །ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་ཅིང་ཆོ་འཕྲུལ་བཞི་རྫོགས་པར་བཞེད་དོ། ༈ །ཨ་ཏིའི་རྗེས་སུ་འཇུག་པ་ནི་ཡེ་ནས་རྫོགས་པས་ལྷའི་གྲངས་དང་བྲལ་བའི། །གདལ་བ་ཆོས་ཉིད་ཀྱི་ངང་དུ་ཀུན་རྫོགས་པའི། །ཐུགས་རྗེ་མཛད་པ་ནི་གཟུགས་སྐུར་རྫོགས་པར་རོལ་བས། །བདེ་བ་ཆེན་པོའི་རྩལ་རྫོགས་པས་གཞན་གྱི་དོན་གྲུབ་པ་ཅན་ནོ། ༈ །ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་ཀུན་ལ་ཁྱབ་པས་བདལ་བའི་སྐུ་ལ། །ཆོས་སྐུ་ནི་མུ་བཞི་མཐའ་དྲུག་གི་སྤྲོས་པ་ཀུན་ལས་ཡེ་ནས་གྲོལ་བ་ཡིན་ལ། །ཀུན་མཁྱེན་པའི་རང་རིག་ཉིད་འཁོར་འདས་ཀྱི་བདེ་བ་ཀུན་ལ་མ་ཆགས་པར་ལོངས་སྤྱོད་པས་བདེ་ཆེན་ལོངས་སྤྱོད་རྫོགས། །པའི་སྐུ་ལ། དེའི་འོད་ཟེར་གདུལ་བྱ་ལ་ཐུགས་རྗེའི་རྣམ་པ་སྣ་ཚོགས་པར་འཕྲུལ་པ་ནི་སྤྲུལ་སྐུ། །དེ་གསུམ་དབྱེར་མེད་པར་བྱང་ཆུབ་ཀྱི་སེམས་ཀྱི་ངང་དུ་རྫོགས་ཏེ་ལྷུན་གྱིས་གྲུབ་པའི་རྒྱུ་དེ་ལས། ༈ །མ་ལ་གནས་དག་པའི་རིག་འཛིན་བྱང་ཆུབ་སེམས་དཔའ་རྒྱུད་པས་དེའི་བདག་པོའི་རྐྱེན་བྱས་ནས། །ཐུན་མོང་དང་ཁྱད་པར་གྱི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྐུས་འདུལ་བར་མཛད། །འགྲོ་བ་རིགས་དྲུག་གི་རྒྱུད་དག་པ་ལམ་གཉིས་ཐོབ་པ་དང་མ་དག་པ་ཕལ་པའི་ངོ་ལ། །སྤྱིར་གཟུགས་སྐུ་འཆར་བའི་བདག་རྐྱེན་གདུལ་བྱ་གྲོལ་བའི་བདག་རྐྱེན་དུ་གཟུགས་སྐུ་གསུངས་སོ། །བདག་པོའི་རྐྱེན་དེ་ཉིད་ཀྱིས་བྱས་ནས་དག་པའི་སྤྲུལ་སྐུ་ཐུབ་དྲུག་དང་། །མ་དག་པ་སྤྲུལ་པའི་སྐུ་རྒྱ་ཆེན་པོར་ཤར། །ཏེ་མཛད་པ་སྐུ་གསུང་ཐུགས། བསམ་གྱིས་མི་ཁྱབ་པས་གདུལ་བྱ་སྣ་ཚོགས་འདུལ་བར་མཛད་དོ། །སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་སྤྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་རྒྱུད་ལས་གྲགས་སོ། ༈ །གཟུགས་སྐུ་དེ་དག་གི་ངོ་བོ་ཉིད་ནི་དངོས་པའི་མཚན་མ་རུ་གྲུབ་པའི་སྐུ་ལས་འདས།༡ །འཁོར་འདས་ཀྱི་ཆོས་ཀུན་གྱི་ཡེ་ནས་གནས་པའི་གཞི་རྩ་བ་བཅུ་འདུས་པའི་སྙིང་པོ་ངོ་བོ་འི་སྐུ་ནི། །རང་རིག་བདེ་ཆེན་ལོངས་སྐུ་ངེས་མེད་ཆོས་སྐུ་ཉི་འོད་སྤྲུལ་སྐུ་སྟེ་དེ་གསུམ་དུ་ཤར་བས། །རང་བྱུང་གི་ཡེ་ཤེས་མཆོག་གི་སྐུ་ལྷུན་གྱིས་གྲུབ་པས་མེད་པ་ལས་འདས་༼ཿ༽པས། །ཡོད་པར་གསུངས་པའང་ཡོད་༼༡༽པ་དང་མེད་༼༡༽པའི་མཐའ་ལས་འདས་པའོ། ༈ །ནམ་མཁའ་རྣམ་ཤེས་ཅུང་ཟད་མེད་པ་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་བཞི་ན་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་དང་མིང་བཞིའི་ཕུང་པོ་ཙམ་ལས། །ལག་པས་གཟུགས་ཤིང་གཉེན་པོས་གཞོམ་དུ་རུང་པའི་འབྱུང་བ་ལས་གྲུབ་པའི་ལུས་མེད་ལ། །སྲིད་པ་བར་མ་དོ་དང་དྲི་ཟའི་གྲོང་ཁྱེར་དང་། །ཡི་དྭགས་དང་ལྷ་སྲིན་འགའ་ལ་ཡང་དེ་ལྟ་བུའོ། ༈ །མུ་སྟེགས་ཆད་པར་ལྟ་བའི་འདོད་པས་ལུས་འདི་དང་བྲལ་བ་དང་རྒྱུན་ཆད་པར་འདོད། །རིག་པའི་ངང་ཚུལ་མི་བརྟན་པར་འདོད་པ་ནི་ངན་འགྲོར་ལྟུང་བའི་གནས། ༈ །ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཉན་ཐོས་མདོ་སྡེ་པས་ཉོན་མོངས་པ་ཞི་བས། །ཤིང་ཟད་པས་མེ་ཤི་བ་ཇི་ལྟ་བར། །དགེ་སློང་ལྷག་མེད་དུ་མྱ་ངན་ལས་འདས་པ་ལ། །ལུས་ནི་མེད་ལ་གཟུང་བ་སྡུག་བསྔལ་དང་འཛིན་པ་སྐད་ཅིག་མ་ཕྲ་བ་ཙམ་ཡོད་པའོ། ༈ །མཚན་ཉིད་ལ་ལྡེམ་པ་ནི་རང་བཞིན་ལ་དགོངས་པ་སྟེ་སྤྲོས་བྲལ་དུ་གསུངས་པ་ལ་མི་འགྱུར་བ། །སྤྲོས་པ་ཐམས་ཅད་དང་བྲལ་༡བ་ཁོ་ན་ལ་གཤིས་ཀྱི་ངང་ཚུལ་དུ་བལྟས་ནས། །དེར་༡གྲོལ་བ་ནི་མཐར་ཐུག་པ་ཆོས་སྐུའི་སར་འདོད་ཅིང་། །ལམ་སའི་སྨོན་ལམ་གྱིས་དོན་བྱ་བར་འདོད་པས་འགྲོ་བའི་དོན་གྲུབ་པའང་། །སངས་རྒྱས་སྐུ་རུ་མི་བལྟ་སྒྱུ་མ་མཁན་བཟང་པོས་ལུང་བསྟན་པའི་མདོ་ལས། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་རྟག་སྒྲ་དང་ནི། །ཆད་པར་གྱུར་པ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཞེས་པ་ཉིད་ཀྱིས་དགྲོལ་ལོ། །མཚན་དང་ནི་རིགས་དང་། རྒྱུད་མི་བརྟག་སྒྲ་དང་ནི་ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི་རྣམ་ཤེས་ཡིད་ཀྱིས་ཡེ་ཤེས་ཉིད་ཕྱེ་བ་མ་ཡིན་པ་སྡེ་དེ་དག་ཐམས་ཅད་ཀྱང་བཏང་བའོ། ༈ །ཡེ་ཤེས་ཡོད་པའང་དེ་རྣམས་ལ་དགོངས་ཏེ་ཡོད་པར་བསྟན་པ་ལས་འདྲ་སྟེ། ༈ །རིག་བྱེད་པ་བེམས་པོ་ལས་ལོག་པ་རིག་པའི་སྟོང་པ་ལས་དངོས་པོ་མི་རྟག་པ་ལས་རྟག་པ་དུ་མ་ལས་གཅིག་པུ་དུཿཁ་ལས་བདེ་བ། །ཐམས་ཅད་བདག་ཏུ་ཐིམ་པས་ཡེ་ཤེས་མུ་མཐའ་ཡས་པར་བུ་ག་རྣམས་ནམ་མཁའ་ཆེན་པོར་ཐིམ་པ་ལྟར་འདོད་པ་ནི། །ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་རྒྱན་དང་བྲལ་བས་རྟག་དངོས་ཀྱི་མཐའ་རུ་ལྷུང་སྟེ། །རང་བཞིན་སྤྲོས་བྲལ་དང་རྣམ་པ་སྒྱུ་མའི་དམར་ཐག་ལས་ཏེ་ཐག་མ་ཆོད་པའོ། །གཅེར་བུ་མཐུན་སྣང་གི་ཆོས་གཅིག་ཆོས་ཀུན་གྱི་དངོས་གཞི་ཅན། །སྣང་བ་ཡུལ་དང་མྱོང་ཞིང་རིག་པའི་ཤེས་པ་སྦྲགས་པ་ཡིས། །ཡེ་ཤེས་ན ི་དཔེར་ན་ཚོན་ལྔ་བསྲེས་པའི་ཁ་དོག་གི་ཕུག་སྐེའམ་ནོར་བུ་གཟིའི་རྣམ་པ་ལྟ་བུ་འདོད་དེ། །ཆོས་ཐམས་ཅད་མ་འདྲེས་པ་དང་སྟོང་ཉིད་ཀྱི་དམར་ཐག་ལས་སའོ། །བྱེ་བྲག་པ་སྙིང་དཀྱིལ་གྱི་བདག་རྡུལ་ལས་གྲུབ་པའི་ཡིད་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་གསལ། །བར་འདོད་པ་དེ་ཡང་སྟོང་༼ཿ༽པ་ཉིད་ཀྱི་དམར་ཐག་ལས། །གྲངས་ཅན་པའི་སྐྱེས་བུ་ཤེས་རིག་སེམས་པ་དུག་གསུམ་རྟག་པས་དྲི་མ་ཅན། །ཡོན་ཏན་གསུམ་གྱི་རང་བཞིན་དང་གཙོ་བོས་སྤྲུལ་པའི་རྣམ་འགྱུར་རྣམས་ཞེན་པས་ཡུལ་དུ་བརྟགས་པ་ཙམ་སྟེ་དེ་ཡང་། །རྗེས་༼ཿ༽སུ་མཐུན་ལ་ཀུན་བརྟགས་ཀྱི་ཤེས་པའི་ཡུལ་ཉིད་ཅན་ཡིན་ནོ། །དེ་དག་ཀུན་ཀྱང་རྟག་པའི་དངོས་པོའི་མཚན་མ་ལ་ཞེན་པའི་བློ་ཅན་ནོ། ༈ །ལུང་གི་ཕྱོགས་ཙམ་ལ་བརྟེན་པའི་ཐམས་ཅད་ཅི་ཡང་མ་ཡིན་པར་འདོད་པའི་ཤེས་པ་ཡང་། །ཀུན་ཏུ་བརྟགས་པའི་ཡུལ་ཙམ་སྟེ་ཡེ་ཤེས་མིན་པས། །ཤེས་བྱ་ཀུན་མཁྱེན་པ་དང་དོན་བྱེད་པའི་ཐུགས་རྗེའི་དམར་ཐག་ལས་སའོ། ༈ །ཡོ་ག་ལས་འདས་པ་བྱིས་པ་ཉན་ཐོས་པས་གཟུང་བའི་ཡུལ། །རྡུལ་ཕྲ་རབ་འཛིན་པར་བྱེད་པའི་ཡེ་ཤེས་སྐད་ཅིག་མ་ཁས་བླངས། །རིག་པ་གསུམ་དང་མངོན་ཤེས་དྲུག་གི་རྒྱན་དང་ལྡན་པས་འོག་ནས་གོང་དུ་འཕར་བར་ནུས་ཀྱང་། །གཟུང་འཛིན་དང་བྲལ་བའི་བདེ་བ་ཆེན་པོའི་ཀུན་མཁྱེན་གྱི་དམར་ཐག་ལས་སོ། ༈ །རང་རྒྱལ་རྐྱེན་རྟོགས་གཟུང་བའི་ཡུལ་རྟེན་འབྲེལ་ཙམ་ལས་མ་གྲུབ་པར། །འཛིན་པས་ཤེས་པ་འདོད་པ་ཉན་ཐོས་དེ་ཇི་ལྟ་བ་བཞིན་ནོ། ༈ །རྣལ་འབྱོར་སྤྱོད་པ་པས་གཟུང་འཛིན་དེ་དེ་དང་བྲལ་བའི། །རང་རིག་སྐད་ཅིག་མའི་དངོས་པོར་ཤེས་པས་གཟུང་འཛིན་རྣམ་པར་དག་པ། །དེའང་རང་བཞིན་སྤྲོས་བྲལ་གྱི་རྒྱ་ཡིས་འདེབས་པ་དང་བྲལ་བས་དམར་ཐག་ལས་སོ། ༈ །དབུ་མ་མཐའ་དབུས་འབྱེད་པས་དོན་དམ་པར། །ཡང་དག་པར་སྤྲོས་པའི་མཐའ་ཅིས་ཀྱང་དབེན་པ་སྟེ། །ཤེས་བྱ་སྤྲོས་དེ་ཤེས་པར་བྱེད་པའི་སྒྱུ་མ་ལྟ་བུའི་ཡེ་ཤེས་དེ་ནི། །ཀུན་རྫོབ་ཙམ་དུ་གནས་པར་འདོད་མོད་ཀྱང་། །དེས་དོན་ལ་བསྒྲིབས་ཤིང་བརྫབས་པ་ཡིན་ན་ཤེས་པར་མི་རིགས་པས། །དོན་ལ་ཡེ་ཤེས་དང་ཐུགས་རྗེའི་དམར་ཐག་ལས། ༈ །དབུ་མ་རྒྱུན་ཆད་པ་ལ་ལས་ཤེས་༡བྱའི་ཟག་པ་ཐམས་ཅད་གཉེན་པོ་རྡོ་རྗེ་ལྟ་བུས་སྤངས་ནས་ཟད་པའི་ཚེ། །དེ་༡ཤེས་པའི་ཡེ་ཤེས་ཀྱང་ཟད་པར་འགྱུར་ཏེ་དཔེར་ན་ཤིང་ཟད་པའི། །མེ་འཆི་བ་ལྟར་སྟོང་པ་ཉིད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་ནས། །ལམ་དུས་ཀྱི་སྨོན་ལམ་བཏབ་པ་ལས་གྲུབ་ཅིང་གདུལ་བྱའི་ངོ་ལ་འབྱུང་བའི་གཟུགས་སྐུ་གཉིས་ཀྱིས། །གདུལ་བྱའི་དོན་བྱེད་པར་འདོད་པས་དངོས་སུ་ཆད་ལྟ་སྟོང་པ་ཡིན་ཏེ། ༈ །དེ་ལྟར་ཤེས་པའི་རིག་པ་དེ་འཁྲུལ་ལམ་མ་འཁྲུལ་འཁྲུལ་པ་ཡིན་ན། །འོ་ན་ཤེས་བྱ་སྟོང་པ་དེ་ཡང་བློ་འཁྲུལ་པ་ལ་སྣང་བས་བརྫུན་པ་ཡིན་མོད། །ཡང་ན་བློ་རིག་པ་དེ་མ་འཁྲུལ་བར་ངེས་པའི་དོན་ཉིད་དུ་བདེན་པར་གནས་པ་ཡིན་ན། །འོ་ན་ཤེས་པ་བདེན་པ་དེ་རྒྱུན་ཆད་པར་ག་ལ་རིགས་ཏེ་མི་རིགས་སོ། །ངེས་པར་བདེན་ཀྱང་རྒྱུན་ཆད་པ་ཡིན་ན་ཡང་རྒྱུན་ཆད་པར་འགྱུར་སྟོང་པ་སྟེ། །དེ་ཡང་ཆད་པར་འདོད་ན་སྟོང་པ་རྒྱུན་ཆད་པའི་ཕྱིར་སྣང་བར་གཏན་ཚིགས་ཅིས་མི་འཐད་དེ་འཐད་དོ། ༈ །རྒྱུ་༢འབྲས་ལས་༡དང་སྔ་༤ཕྱི་ཚེ་༣དང་། །ངེས་པར་ལེགས་པའི་འབྲས་བུ་དང་གསུམ་སྐུར་པ་འདེབས་པ་ལས། །དོན་ལ་གང་བར་གྱུར་པ་གང་ཡོད་དེ་མེད་དོ། ༈ །ངེས་པའི་དོན་དུ་གཞི་ཅི་ཡང་མེད་པ་ལས། །སྣང་བ་ཡུལ་དང་མྱོང་བ་རིག་པ་འཆར་བ་ཡིན་ན་རྒྱུ་མཚན་དེས་ན། །ནམ་མཁའ་ལས་ཀྱང་མེ་ཏོག་ཅིས་མི་སྐྱེ་སྟེ་སྐྱེ་བར་རིགས་སོ། ༈ །ཡེ་ཤེས་མེད་པར་འདོད་པའི་མུའང་དེ་ཙམ་མོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཅིར་ཡང་འཆར་བ་རྣམ་པའི་དམར་ཐག་ལས་སོ། ༈ །སྔགས་ཕྱི་པས་ཤིང་སྣ་ཚོགས་གི་མེ་དཔུང་རང་བཞིན་གཅིག་ཀྱང་རང་རེའི་མེ་དཔུང་ཐ་དད་པ་ལྟར་དུ། །ཏ་ཐཱའི་དགོངས་པ་རང་བཞིན་དབྱེར་མེད་ཀྱི་ངོ་བོ་ཉིད། །ཤེས་བྱ་ཀུན་མཁྱེན་ལ་རྒྱུད་ཐ་དད་དུ་བཞུགས་པར་འདོད་པ་དེ། །ཕན་ཚུན་གཅིག་གིས་གཅིག་མཁྱེན་ནམ་མི་མཁྱེན་མི་མཁྱེན་ན་རྣམ་པ་ཀུན་མཁྱེན་པར་འདོད་པའི་དམ་བཅའ་བུད་བྲལ། །ཕན་ཚུན་མཁྱེན་པས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཡིན་མོད། །མཚན་ཉིད་རང་རིག་དང་རང་བཞིན་སྤྲོས་བྲལ་དམར་ཐག་ལས། ༈ །སྔགས་ནང་པ་མ་ཧཱས་སྟོང་གསལ་ཟུང་དུ་འཇུག་ཏུ་མཁྱེན་ལ། །དེ་ལས་གྲོལ་བ་ཨ་ནུ་ཡུལ་སེམས་འདུ་འབྲལ་མེད་པའི། །བྱང་ཆུབ་ཀྱི་སེམས་ཆོས་ཉིད་བདེ་བ་ཆེན་པོར་གདལ་བ་མཁྱེན། །སྣང་བ་དང་སྟོང་པ་དང་བདེན་པ་གཉིས་སུ་འདོད་པ་ལས། །གྲོལ་ལ་ལྟ་བ་བདེན་པ་དབྱེར་མེད་ཀྱི་མཐར་ཐུག་པ་སྟེ། །ཕྱོགས་རིས་མེད་པའི་བདེ་ཆེན་གྱི་དམར་ཐག་ལས་སོ། ༈ །ཤིན་ཏུ་རྣལ་མར་འབྱོར་པ་ཨ་ཏིའི་ཡེ་ཤེས་ལ། །མུ་བཞི་མཐའ་དྲུག་གི་སེལ་མེད་གནས་པའི་རང་བཞིན་ནི། །སྤྲོས་པ་ཀུན་དང་བྲལ་བ་དེ་མཁྱེན་པའི། །ཡེ་ཤེས་མཚན་ཉིད་རིག་པར་གསལ་བའི། དེའི་འོད་དམ་རྣམ་པ་ཅིར་ཡང་ཤར། །བས་མ་འདྲེས་ལ་དེ་དག་དབྱེར་མེད་པས་ཡོངས་སུ་རྫོགས་པ་ལ་མཐའ་དྲུག་པོ་ཀུན་༼ཀ༽དང་བྲལ་བ་ལ་ཇི་ཡང་མ་སྤངས་པ་སྟེ། ༈ །ཆོས་ཐམས་ཅད་ཀྱི་རང་བཞིན་མུ་མཐའ་ཅིས་ཀྱང་སྟོང་པས་ཡོད་པ་དངོས་པོའི་མཐའ་ལས་འདས། །དེ་མཁྱེན་པའི་ཡེ་ཤེས་ལ་ཆོས་ཐམས་ཅད་རྫོགས་པས་མེད་པ་སྟོང་པའི་མཐའ་ལས་འདས། །དེ་གཉིས་མཚན་ཉིད་ཐ་དད་དང་བྲལ་བས་བདེན་པ་གཉིས་ཀྱི་མཐའ་ལས་འདས། །གཉིས་མེད་ཀྱི་ངོས་གཟུང་དང་བྲལ་བར་རོལ་པས་གཉིས་མེད་དེར་འཛིན་པའི་ངང་ལས་འདས། །མུ་བཞི་ཀུན་དང་བྲལ་བས་ལྷུན་གྲུབ་ཇི་ཡང་མ་སྤངས་པས་ཀ་དག །ཀུན་མཁྱེན་པ་དང་སྟོང་ཉིད་ཀྱི་མཐའ་ལས་འདས་པའང་རྗོགས། །པས་ཡེ་ཤེས་ཡོད་པ་དང་མེད་པའི་མཐའ་ཐམས་ཅད་ལས་འདས་པར་བཞུགས་སོ། ༈ །མཚན་ཉིད་རང་རིག་ཤེས་བྱ་ཀུན་མཁྱེན་གསལ་བས་ཡེ་ཤེས་ལྷག་ཆད་མེད་པར་རྫོགས་ལ། །མུ་བཞི་མཐའ་དྲུག་གི་རང་བཞིན་སྤྲོས་པ་ཀུན་དང་བྲལ་བས་ཆོས་ཀྱི་དབྱིངས་ལྷག་ཆད་མེད། །རང་གི་ངོ་བོ་མ་འདྲེས་པས་བདེན་གཉིས་ལྷག་ཆད་མེད། །རང་བཞིན་དབྱེར་མེད་དུ་ཡོངས་སུ་རྫོགས་པས་བདེན་གཉིས་ངོ་བོས་མཉམ་པ་ཉིད་ལྷག་ཆད་མེད། །མུ་བཞི་ཐམས་ཅད་ལྷུན་གྱིས་གྲུབ་པའི་རོལ་པའང་ལྷག་ཆད་མེད། །ཕྱོགས་གཅིག་ཏུ་རྒྱ་མ་ཆད་པས་ཀ་དག་ལྷག་ཆད་མེད་པར་རྫོགས། ༈ །ཚུལ་དེ་ལྟར་དུ་མཁྱེན་ལ་ངོས་མེད་ཉིད་རོལ་པར་ཤར་བ་རྣམས། །མ་བཅོས་པར་ལྷུན་གྱིས་གནས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཡིན་ནོ། ༈ །ལྷག་མ་མེད་པར་རྫོགས་པ་ཆེན་པོ་ཡིན། །རང་གྲོལ་བའི་མན་ངག་རྒྱས་བཏབ་པའི་ཕྱག་རྒྱ་སྤྲོས་པ་བཅད་པའི་ཐིག་ལེ་ཁྱད་པར་དུ་འཕགས་པའི་ཆེ་བའོ། ༈ །སྒོ་ལྔས་ཡུལ་ལྔ་ལ་མཚན་མར་རྟོག་༡པ་དང་ཉོན་ཡིད་ངར་འཛིན་པ་ཅན་༢དང་། །ཡིད་སྔ་ཕྱིའི་རྗེས་སུ་མིང་ལ་སྤྲོས་པར་འབྲང་བར་༣གཞི་དོན་གྱི་ཀུན་གཞི་བསླད། །དེ་ཉིད་སྤྲུལ་པར་འི་སྐུའི་རོལ་པར་ཤར་བས་མཚན་ཉིད་དེ་མཁྱེན་༢པའི་རང་རིག་པའི། །ཡེ་ཤེས་ཀྱིས་ཆོས་ཀུན་ལ་བདེ་བར་ལོངས་སྤྱོད་རྫོགས་པའི་སྐུ། །ཡིད་སྤྲོས་དེ་ཉིད་རྣམ་༣པར་དག་པ་དམིགས་མེད་ཆོས་ཀྱི་སྐུར་གྲོལ། །དེ་ལྟར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀུན་བཟང་ཐིག་ལེ་ཉག་གཅིག་པོའི་ངང་དུ། །སོ་སོ་སྐྱེ་བོ་ལྟར་རང་རྟོག་གིས་མ་བསླད་ཉིད་རྐྱེན་གྱིས་མུ་སྟེགས་ལྟར་མ་བཅོས་གཉེན་པོས་ཉན་ཐོས་ལྟར་མ་སྤངས་རྒྱུ་ནས་རང་རྒྱལ་ལྟར་མ་བཀག་ཅིང་། །ཆོས་ཉིད་དུ་༼བྱང་སེམས་ལྟར་༽མ་སྦྱངས་ལྷ་རུ་༼ཕྱི་པ་ལྟར་༽མ་བསྒྱུར་རྩོལ་བས་༼མ་ཧཱ་ལྟར་༽མ་བཙལ་རྒྱུ་ཡིས་༼ཨ་ནུ་ལྟར་༽མ་བསྐྱེེད་པར་རང་༼ཤེས་པ་གསུམ་ལྷུན་གསུམ་དུ་༽གྲོལ་ལོ། ༈ །དེ་ཡང་དགོས་ཆེད་གཞན་སེལ་དོན་གཉེར་གཉིས་ཀྱི་ཕྱིར་བརྡར་བཏགས་ཀྱི། །ཡང་ན་གཤིས་ཡེ་ཤེས་ཡིན་པ་མིན་པ་ཐིག་ལེ་ཉག་གཅིག་ལ་མུ་བཞི་མཐའ་དྲུག་ཏུ་གསུངས་པ་ཡིན་པ་ལ་ལྷུན་གྲུབ་ཞེན་ལོག་རྩོལ་གསུམ་གྱི་ཀྱང་བྱུང་བས། །ལ་ལ་ལོག་གསུམ་ཕྱོགས་གཅིག་ཏུ་འཛིན་པ་གོལ་ལ་དེ་ལས་གཞན་པའི་དོན་ལ་ཞེན་དྲུག་བསྒྲིབས་པས་འབྲས་བུ་ཕྱོགས་མེད་ལས་འཁྱམས། །པ་ལ་དེ་དག་དགོས་པས་ཐ་སྙད་དུ་བརྟགས་པ་ཙམ་སྟེ་ཞེ་འདོད་དང་བྲལ་བའི་ངང་དུ་རྒྱས་གདབ་བོ། །དེ་ཡང་ཐིག་ལེས་སྤྲོས་པ་བཅད་པ་དེ། ༈ །ཆོས་ཉིད་རང་གི་༡མཚན་༼ཀ༽ཉིད་རྣམ་པར་དཀར་བས་ལྟུང་༼ཁ༽བ་༡ལས་རིགས་༼ག༽ པས་༡བདེན་པའི་དོན་ངོ་བོ་ཡིས། །ཁྱད་༡པར་༡༡ ༡༡འཛིན་པས་ན་ཆོས་རྣམས་བཞི་པོ་དེ་ཡི་གནས་ལུགས་ནི། །མཚན་ཉིད་རང་གསལ་རྣམ་པ་ལྷུན་གྲུབ་རང་བཞིན་ངོས་མེད་ལས་མི་འདའ་བས། །དེས་མཚོན་པ་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས་བྱ་སྟེ། །དེས་ན་མཚན་༼ཀ༽མ་༡ རུ་རྒྱུ་༼ཁ༽འབྲས་༡གནས་༼ག༽སྐབས་ཀྱི་རིགས་པ་བདེན་པར། །ངོ་བོ་ཆོས་༼ང༽ཅན་དང་ཁྱད་པར་གྱི་ཆོས་ཀྱི་༡འདོད་༡༡༡༡པའི་སྤྲོས་པ་གཅོད་པས་ཐིག་ལེ། །ཆོས་བཞི་པོ་རང་རེའི་རང་བཞིན་ལྷུན་གྲུབ་གསུམ་ལས་གཞན་དུ་མི་འགྱུར་བས་སྤྲོས་པ་ཡེ་ནས་མེད། །ཆོས་བཞི་པོ་དེ་དག་དོར་བ་མིན་ཀྱི་ངང་ཚུལ་ལྷུན་གྲུབ་གསུམ་པོ་དེ་ལྟ་བུར་གནས་པའོ། ༈ །དེ་ལྟར་ཆོས་ཐམས་ཅད་ཀྱི་ངང་ཚུལ་རྣམ་པར་དག་པའི་ཆོས་ཉིད་དེ་སངས་རྒྱས་ཀྱི་ཡོན་ཏན་དང་། །བསྟན་པ་རྒྱ་མཚོའི་འབྱུང་གནས་དང་གཞིར་གནས་ཤིང་རྫོགས་༼༠༽པས། །ཆད་པ་ཉིད་ཚེ་བའི་སྤྲོས་པའང་འདས་༼༠ྃ༽པ་ཡིན་སྟེ། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་རྫོགས་པའོ། ༈ །ཀུན་གྱི་འབྱུང་གནས་སུ་གྱུར་པ་དེ་ཚེ་ཉིད་ན་འབྱུང་པ་དང་འབྱུང་ཚུལ་དང་འབྱུང་བ་པོའི། །དབྱིངས་ཀྱི་ཕྱོགས་རིས་དང་ཀུན་བརྟགས་ཐམས་ཅད་རྣམ་པར་རང་བཞིན་གྱིས་དག་པས། །དབྱིངས་ཞེས་ཆད་སྟོང་གི་སྤྲོས་པ་གཅོད་པའི་དགོས་པས་ཐ་སྙད་དུ་བཏགས་ཀྱིས་ཡེ་ནས་རྣམ་པར་དག་པས། །སྤྲོས་པའི་ཅོག་ཐམས་ཅད་ཀྱང་རྣམ་པར་བཅད་པའི་ངང་ཡིན་པས་ཐིག་ལེའོ། ༈ །གཤིས་དེ་དག་མཁྱེན་པ་ནི་རང་རིག་པའི་རང་འོད་རང་གསལ་བའི་ཡེ་ཤེས་ཡིན་པས། །ཉན་སྤང་རང་དགག་བྱང་སྦྱོང་སྔགས་རྩོལ་བའི་སྤྲོས་པ་ཐམས་ཅད་ཡེ་༼༡༽ནས་གསལ་བར་རང་གྲོལ་༤༽བས། །གཤིས་ལ་ཕྱོགས་རིས་མེད་པར་མཁྱེན་༢༽པས་རྩོལ་བརྒྱད་ལས་ཁྱད་པར་དུ་གྱུར་པ་ཅན་དུ། །རང་ཤར་བ་ནི་༼༡༽ཡེ་༢༽ཤེས་༼༡༽ཆེན་༼༣༽པོའི་ཐིག་༤༽ལེ་ཡིན་ནོ། ༈ །དེ་ལ་ཕྱོགས་རིས་མེད་པས་དགག་སྒྲུབ་དང་བླང་དོར་བྲལ་བས། །ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡིན་པས། །ཡོད་པ་དངོས་པོར་༡མེད་པ་སྟོང་པར་༡ཀུན་ཡིན་པར་༡གང་ཡང་མིན་པར་༡འདོད་༡༡༡༡པའི་སྤྲོས་པ་ཐམས་ཅད་བཅད་པས། །བདེ་བ་ཆེན་པོར་ཐམས་ཅད་ཤོང་བས་ཡངས་པ་ཆེན་པོ་དེ་ཀ་ཀུན་པོའི་ཐིག་༼༡༽ལེའོ། ༈ །དེ་༼༡༽ཡི་རོལ་པའི་རྒྱན་དུ་ཐམས་ཅད་རྫོགས་ཏེ་སྒྱུ་མ་ལྟར་དུ། །ཡུལ་གྱི་རྣམ་པ་ཀུན་དེའི་རོལ་པར་ལྷུན་གྱིས་གྲུབ་པས་རིགས་ཀྱི་ཁྱད་པར་དུ་མ་རང་ཤར་བ་ལས། །སྤོང་༼ཉན་༽འགེགས་༼རང་༽སྦྱོང་༼བྱང་༽སྒྱུ་༼ཕྱི་༽རྩོལ་༼ནང་༽སྒྲུབ་ལས་གྲོལ་༼༈༽བས། །ལྷུན་༼༠༽གྱིས་གནས་པའི་བདེ་བ་ཆེན་པོར་རྫོགས་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཐིག་ལེའོ། ༈ །མ་བཅོས་པ་ཆོས་ཉིད་ཀྱི་ཐིག་ལེ་ལས་བསྟན་པ་རྒྱ་མཚོའི་ཡོན་ཏན་མཐའ་དག་གི་འབྱུང་གནས་སུ་དབྱིངས་ཀྱི་ཐིག་ལེར་རྫོགས། །པ་ལས་ཤར་ཚད་ཀྱི་ཡོན་ཏན་རྣམས་དགོས་པའི་དོན་དང་བཅས་ཏེ་ཡེ་ནས་རྣམ་པར་དག །པས་དབྱིངས་རྣམ་དག་ཐིག་ལེ་དེ་ཉིད་མཁྱེན་པའི་རང་གསལ་བའི་ཡེ་ཤེས་ཆེན་པོ་དེ་ལ་ཕྱོགས་རིས་དང་དགག་སྒྲུབ་གྲོལ་ནས་ཀུན་པོའི་ཐིག་ལེ། །ཆེ་བའི་ཡོན་ཏན་མ་བཙལ་གདོད་ནས་རྫོགས་པས་ལྷུན་གྱིས་གྲུབ་པའི་ཐིག་ལེ་སྟེ་ཐིག་ལེ་དྲུག་བླ་དྭགས་སུ་བཏགས་པ་ཡིན་ནོ། ༈ །ཆོས་ཀྱི་དབྱིངས་རྣམ་དག་གསུམ་གྱིས་ཤེས་བྱའི་གཤིས་བསྟན་ཡེ་ཤེས་ཆེན་པོའི་ཐིག་ལེ་གཅིག་གིས་རང་གི་ངོ་བོ་བསྟན། །ཀུན་པོ་དང་ལྷུན་གྲུབ་གཉིས་ཀྱིས་ཡེ་ཤེས་དང་གཤིས་ཀྱི་ཡོན་ཏན་ཁྱད་པར་དམ་པ་བསྟན་པའོ། ༈ །ཐིག་ལེ་དེ་ལས་ཆེ་བ་ལྔས་ཁྱད་པར་དུ་འཕགས་པར་བསྟན་པ་སྟེ། ༈ །གང་ཆེ་ན་རྫོགས་ཆེན་རང་གཞུང་མངོན་སུམ་པར་སངས་རྒྱས་པས་ཆེ། །སྤོང་༼ཉན་༽གང་ལས་༼རང་༽འགེགས་སྦྱང་༼བྱང་༽བ་ལས་ཆེས་ཚོགས་བརྒྱད་གང་གིས་ཡུལ་དང་བཅས་པ་ཉིད། །མཚན་ཉིད་རང་རིག་རང་བཞིན་སྤྲོས་བྲལ་རྣམ་པ་སྒྱུ་མར་མངོན་སུམ་དུ་ལྷུན་གྱིས་གྲུབ་པས་ཆེ། །ཇི་ལྟར་དེ་ལྟར་རྟོགས་པ་ལ་གནས་པས་བག་ཆགས་ཐམས་ཅད་ཀྱི་རྟེན་ཀུན་གཞི་གྲོལ་བས་དངོས་པོ་མཚན་མ་དང་། །མ་རིག་པའི་མུན་པ་སངས་ཏེ་ཡེ་ཤེས་ཕྱོགས་རིས་མེད་པར་རྒྱས་པས། །དམན་པའི་ཐེག་པ་མཚན་ཉིད་སྡེ་གསུམ་ཟིལ་གྱིས་གནོན་པའི་གཉེན་པོ་ཡིན་པས་ཆེ། ༈ །རྣལ་འབྱོར་གང་ལས་ཆེ་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི། །གཞན་དབང་ལ་ལྟོས་ནས་འབྲས་བུ་ཐོབ་པར་འདོད་པ་དེ་ཟིལ་གྱིས་གནོན་པའི་གཉེན་པོར་ཡང་ཆེའོ། །བདག་གང་གིས་ཆེ་ཉིད་ཆེན་པོ་རང་ཉིད་ཡེ་ནས་དབང་ཐོབ་ཟིན་པས་ཆེ། །འོག་མའི་ཚུལ་ཇི་ལྟར་ངན་པའི་རྩོལ་བ་སངས་ནས་རང་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས། ༈ །གང་ལས་རྗེས་སུ་འཇུག་པ་ཨ་ནུ་ལ་སོགས་པ་རྒྱུ་འབྲས་སུ་འདོད་པའི་གཉེན་པོར་ཡང་ཆེའོ། །རྒྱུ་གང་གིས་རྐྱེན་འབྲས་བུ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །རྒྱུས་མ་ཇི་ལྟར་བསྐྱེད་རང་གི་ངོ་བོས་ཅིར་ཡང་མི་གནས་གཉེན་པོས་འགག་པ་མིན་པ་དེ་ལྟར་འདོད་པ་དེ་སངས་ལ། །ཀུན་མཁྱེན་རྒྱུ་འབྲས་ཀྱི་མཚན་མ་ཟིལ་གྱིས་གནོན་པའི་ཡེ་ཤེས་རྒྱས་པས་ཆེ། ༈ །སེམས་དཔའི་གང་ལས་རྣལ་འབྱོར་ཡོ་ག་ལ་སོགས་ཏེ་བླང་དོར་ཅན་དུ་འདོད་པ། །དེ་ཟིལ་གྱིས་གནོན་པའི་གཉེན་པོར་ཆེ་བླང་བྱ་དོར་བྱ་ཐམས་ཅད་དེ་ཆོས་ཉིད་གང་གིས་ཡིན་པས་ཆེ། །གང་ལྟར་ཡིན་པ་བླང་བྱ་དང་མིན་པ་དོར་བྱའི་ཕྱོགས་རིས་ཐམས་ཅད་སངས་ལ་མཉམ་ཉིད་རང་གསལ་དུ་རྒྱས་པས་ཆེའོ། ༈ །ལྷུན་གྱིས་གནས་པའི་བདེ་བ་ཆེན་པོའི་དོན་དམ་པའི་ཡེ་ཤེས་ཁྱད་པར་དུ་འཕགས་ཏེ། །ཕྱོགས་གསུམ་རྩོལ་རྒྱུ་འབྲས་བླང་དོར་ལ་བཟླས་པའི་རང་གསལ་དུ་ཡེ་ནས་སངས་རྒྱས་པ་ལ། །གཞན་སེལ་སངས་རྒྱས་དངོས་པོ་དང་མཚན་མར་འདོད་པ་དང་ཉི་ཚེ་བའི་སྟོང་པར་འདོད་པ་ལས་གྲོལ་ཞིང་། །དོན་གཉེན་འབྲས་བུའི་དོན་དེ་ཁོ་ན་ཉིད་ལ་རྨོངས་ལ་མཚོན་པའི་དགོས་པ་ཡོད་པའི་ཕྱིར་བརྡ་དོན་སྤྲད་པ་ཡིན་ཀྱི། །དེ་ཡང་ཚིག་ཏུ་བཏགས་པ་ཙམ་ལ་ངེས་པའི་དོན་དུ་འདོད་པ་དེ་ཟིལ་གྱིས་གནོན་པའི་གཉེན་པོར་ཆེའོ། ༈ །མངོན་སུམ་སྣང་བ་ཚོགས་བརྒྱད་ཡུལ་དང་བཅས་པའི་རང་༡བཞིན་ཡེ་ནས་སངས་རྒྱས་པ་ཡིན་ཏེ། །དེ་༡ཡི་མཚན་ཉིད་ཆོས་ཀྱི་དབྱིངས་མུ་མཐའ་ཐམས་ཅད་ལས་གྲོལ་བས་ས་སུ་ལ། །དེ་མཁྱེན་པའི་ཡེ་ཤེས་མཐའ་དང་དབུས་མེད་པར་ཀུན་ལ་ཁྱབ་པས་རྒྱས་པའོ། །མངོན་སུམ་སྣང་བའི་ཆོས་དེ་ཉིད་སངས་རྒྱས་དེ་ཡིན་དེ་མཚོན་པའི་ངེས་པའི་ཚིག །དེ་ཡང་དགོས་པས་བརྡ་སྤྲད་པ་ཡིན་ཀྱི་སྒྲ་ཙམ་ལ་དོན་དུ་བློ་མི་གཞག་གོ། ༈ །མངོན་སུམ་དང་པོས་ཤེས་བྱའི་རང་བཞིན་བསྟན། བདག་ཉིད་ཆོས་ཀྱི་དབྱིངས་གཉིས་མཚན་ཉིད་བསྟན། །གཅིག་ཐམས་ཅད་དེ་ཡིན་གིས་ངེས་ཚིག་ཐ་མ་མེད་པས་རྒྱས་བཏབ་པ། །ཆེ་བ་ལྔས་ཁྱད་པར་འཕགས་པ་དེས་ན་རྫོགས་པ་ཆེའོ། ༈ །འབྲས་བུའི་རྣམ་པར་གཞག་པ་བསྟན་པས་ཕྱོགས་སུ་ཞེན་པའི་བློའི་ཁོ་ཐག་གཅད་པ་ནི། །སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་དང་རྣམ་པར་རྟོག་པ་སྤངས་སམ་ལྡན་དང་རྒྱལ་བའི་དགོངས་པ་ལ་གཅིག་གམ་ཐ་དད་དང་། །ཤེས་བྱ་མཁྱེན་པའི་ཚུལ་དང་དོན་མཛད་པའི་ཚུལ་དང་བསྒྲུབ་བྱའི་དོན་གྱིས་རང་ལ་གནས་པར་དམར་ཐག་གཅད་པའོ། ༈ །ཆོས་ལོངས་སྤྲུལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོ་ངོས་གཟུང་དང་ཕྱོགས་རིས་ལས་གྲོལ་བ་ཉིད། །ཡེ་ནས་ཆོས་ཀུན་གྱི་ངོ་བོ་ཉིད་དུ་གནས་ཤིང་རྟེན་བྱེད་པས་སྐུའང་དེ་བཞིན་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་ཉིད་ཇི་ལྟ་བར་ཡུལ་མེད་པར། །མངོན་སུམ་དུ་གསལ་བར་མཛད་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དེ་ཉིད། །ཆོས་སྐུ་ཡིན་ལ་དེ་ཡིས་འཁོར་འདས་ཀྱི་ཆོས་ཀུན་རང་རིག་བདེ་ཆེན་དུ། །སོ་སོར་རྟོག་པས་མ་འདྲེས་༡མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཉམ་༡པར་༡༡མངའ་མཛད་བ་ནི་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །ས་ལ་གནས་པའི་སེམས་དཔའ་དག་གི་ངོ་ལ་འཁོར་ལོར་སྒྱུར་བའི་རྒྱལ་པོ་ལྟར་སྣང་ནས་དོན་མཛད་པ་ནི་གཞན་ལོངས་སྐུའོ། །དེ་ཡི་བྱིན་རླབས་འབད་རྩོལ་མེད་པར་གདུལ་བྱའི་བྱ་བ་ཀུན་སྒྲུབ་པས། །ཐུགས་རྗེའི་རང་བཞིན་གྱི་ཡེ་ཤེས་ཏེ་དེ་ཉིད་སྤྲུལ་པ་གདུལ་བྱ་ལ་ཇི་ལྟར་འདོད་དགུའི་སྐུར་ཤར་བའོ། །སྐུ་གསུམ་ཡེ་ཤེས་ལྔ་པོ་དེ་མཚོན་ཚུལ་ནས་མ་འདྲེས་ཀྱང་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པས་ལྷུན་གྱིས་གནས་པའི་བདེ་ཆེན་དུ་བཞུགས་སོ། །ངོ་བོ་ཉིད་ཀྱི་སྐུ་ཡེ་ནས་གནས་པ་མངོན་དུ་མཛད་པའི་ཡེ་ཤེས་རང་ཤར་བ་ནི་ཆོས་སྐུ།༡ །དེ་༡ཡི་འོད་ཤར་ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་སྤྲུལ་པའི་སྐུར་བཅས་པའོ། ༈ །གདུལ་བྱ་ཞེན་ཆགས་ཅན་གྱི་ངོ་ལ་ལྷ་མོ་དཔག་ཏུ་མེད་པའི་ཚོགས་ཀྱི་བདག་པོར་ཤར་བ་དེ་ཡང་། །ཡུལ་ཞེན་ཆགས་ཅན་གྱིས་ཤར་བ་ཡིན་གྱི་ངེས་པའི་དོན་ལ་བདེ་བ་ཉམས་སུ་མྱོང་བའི་ཚོར་བས་བསྡུས་པས་འཁྲུལ་པ་ལ། །ཞི་ཁྲོ་ལ་སོགས་པ་སྐུ་དང་གནས་ཕྱོགས་རིས་སུ་ཆད་པར་སྣང་བའང་ངེས་དོན་དུ་བརྟགས་པའི་བག་ཆགས་ཀྱི་དབང་། །གིས་སྣང་བ་ཡིན་པས་འཁྲུལ་པའི་དབང་གིས་སྣང་བས་སྦྱོར་དོན་གྱི་ཀུན་གཞིར་ཟད་ལ། །གདུལ་བྱའི་བག་ཆགས་ཀྱི་སྣང་བ་སད་པས་སངས་རྒྱས་མཐོང་ཚད་ལ། །རྒྱལ་བའི་དགོངས་པ་དེ་ལྟར་དུ་ངེས་པའི་དོན་དུ་གནས་པར་བློས་བརྟག་པ་མིན་ནོ། ༈ །བསྟན་པ་ལ་འཇུག་པའི་གང་ཟག་གི་བློ་དོན་མ་དྲང་བའི་ཕྱིར་གཞི་གནས་ལུགས་དང་ལམ་དང་འབྲས་བུ་ཤེས་བྱ་ཀུན། །འབྲས་བུར་བརྡར་བཏགས་ནས་བསྟན་པས་གཞན་ནས་ཐོག་ཏུ་རེ་བའི་བློ་ཐག་བཅད་པར་ཟད་དོ། ༈ །ཡུལ་གྱི་རྣམ་པ་ལ་མཚན་མར་འཛིན་པའི་ཤེས་རིག་གི་ཆོས། །ཅི་སྐྱེས་པ་ཐམས་ཅད་ཡེ་ནས་རང་བཞིན་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་ཡིན་པས། །འཁྲུལ་པ་༼༠༽དེ་སྤངས་ན་ལྷུན་གནས་དེ་༼༠༽ཡང་གནས་པ་མིན་ཏེ་དེ་གཉིས་དོན་མཚུངས་པས། །ལོག་པར་རྟོག་པའི་བློས་བརྟགས་པ་རྣམས་ཡེ་ནས་རང་དག་སྟེ་དེས་ན་འཁྲུལ་པ་དང་ལྡན་པ་ཡང་མིན། །དེས་ན་འཁྲུལ་པ་ལོགས་སུ་སྤང་དུ་མེད་པས་ལྷུན་གནས་གྱི་བདེ་བ་ཆེན་པོ་ཡིན་ཏེ། །ངོས་གཟུང་དང་བྲལ་བས་འཁྲུལ་པ་ཀ་ནས་རྣམ་པར་དག་པའོ། ༈ །དོན་གྱི་གནས་ལུགས་ནི་དངོས་པོར་གྲུབ་པ་མིན་པའི་ཕྱིར་གཅིག་དང་དུ་མར་གྲུབ་པ་མིན། །སེམས་ཅན་འཁྲུལ་པའི་རིག་པ་གཅིག་དང་དུ་མར་སྣང་བའང་དེ་ལྟར་གཅིག་དང་དུ་མའི་མཐར་བདེན་པར་མི་གནས། །རྒྱལ་༼ཁ༽བའི་དགོངས་པ་ནི་དེས་༼ཀ༽ན་གཅིག་དང་དུ་མ་ཀུན་དང་བྲལ་བར་མཁྱེན་ནོ། ༈ །དེ་༡ལྟར་མིན་ན་རྒྱལ་བའི་དགོངས་པ་དངོས་པོར་ལྟ་བའི་མཐར་ངེས་པར་འགྱུར་ཏེ་དེ་ཅིས་ཞེ་ན། །ཁྱབ་བྱེད་གཅིག་དང་དུ་མ་དང་འབྲེལ་བས་ཁྱབ་བྱ་དངོས་པོའི་མཐར་འགྱུར་བའམ། །དེ་ལྟར་འབྲེལ་པ་མིན་ན་མཁྱེན་པར་འཐད་པ་མིན་ཏེ་མིག་ཤེས་ཀྱིས་སྒྲ་བཞིན་ནོ། །དེས་ན་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ལ་ཁྱབ་པར་གནས་པ་ལ། །ཡུལ་ཐ་དད་གྱིས་ཡུལ་ཅན་གཅིག་དང་དུ་མ་ཐ་དད་དུ་གྱུར་པ་ག་ལ་རིགས་སོ། ༈ །རིག་པ་རང་གསལ་རང་བྱུང་གི་ཡེ་ཤེས་འཁྲུལ་པ་རྣམ་པར་དག་པའི་བདེ་བ་ཆེན་པོ་དེས། །ཡུལ་གྱི་རྣམ་པ་ཡེ་ནས་རང་གསལ་ཡུལ་དུ་གྲུབ་པ་མིན་ཏེ་ཐམས་ཅད་ཡུལ་མེད་རང་གསལ་དུ་མཁྱེན་པའི་ཕྱིར། །ཉིད་ཀྱི་དགོངས་པ་ལས་གཞན་དུ་སྣང་བ་མེད་དེ་རང་རིག་པར་ཅིར་ཡང་ཤར་བ་རྣམས་གསལ་ལོ། ༈ །རང་སྣང་བདེར་གཤེགས་ཀྱི་དགོངས་པ་ལ་གདོད་ནས་ཐ་མའི་ཕྱོགས་རིས་སུ་ཐུགས་རྗེ་རྒྱ་མ་ཆད་པས། །ཐུགས་རྗེས་བཟུང་པར་བྱ་བའི་ཡུལ་གདུལ་བྱ་དང་སྨོན་ལམ་བཏབ་པས་འབྲེལ་ལོ། །ཆེད་དུ་མ་བཙལ་བར་འགྲོ་བའི་དོན་དུས་རྒྱུན་ཆད་མེད་པར་རྟག་ཏུ་མཛད་པ་དེ་ཡང་། །རང་བཞིན་ཤུགས་༡ཀྱི་བསྐུལ་ཞིང་གསོལ་བ་བཏབ་པས་༡ཕྲད་པའི་ཡུལ་༡སེམས་ཅན་གྱི་དོན་༡༡༡རྫོགས་སོ། ༈ །གོང་དུ་བསྟན་པ་དེ་ལྟར་གཞན་ནས་བྱུང་བ་མ་ཡིན་རང་ལ་ལྷུན་གྱིས་རྫོགས་པ། །རིག་པ་རང་གསལ་གྱི་ངང་དུ་སྐྱེད་དུ་བྱར་མེད་པར་མཐར་སོན་པས་རེ་དོགས་དང་བྲལ་བའོ། །མཚན་མ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་ཡོན་ཏན་ཐམས་ཅད་རྫོགས། །མུ་མཐའི་ཕྱོགས་རིས་དང་བྲལ་བའི་སྐྱེས་ཆེན་གྱི་འབྲས་བུ་རང་ལ་གནས་པར་དམར་ཐག་ཆོད་པའོ། ༈ །འབྲས་བུ་དེ་ཡང་ཐོབ་ནས་དེར་གནས་པའི་རྟོགས་པ་མངོན་གྱུར་གྱི་དུས་ལ་ངེས་པ་མེད། །སྔར་ལམ་སྟེགས་ལ་སྦྱངས་སམ་མ་སྦྱངས་པར་ཡེ་སྨིན་གྱིས་ལྟ་བ་རྟོགས་པས་འབྲས་བུ་མཐར་ཕྱིན་ཏེ་དེར་གནས་པའམ། །རྟོགས་པ་ཙམ་ཡོད་ལ་དེའི་ངང་དུ་མ་གནས་ཀྱང་སྐྱེ་བ་ལན་གྲངས་འགའ་ལས་བསྐལ་པ་གྲངས་མེད་ཀྱི་ཡུན་རིང་དུ། །རྣམ་སྤྱོད་དུས་ལ་མི་ལྟོས་འབྲས་བུ་ངེས་པའི་དོན་དུ་གནས་ལ། ༈ །འབྲས་བུ་དེ་གནས་པའི་དོན་ལ་དང་པོ་ཐོག་མ་མེད་པ་ནས། །ཐ་མ་ནུབ་པ་མེད་དེ་དུས་གསུམ་ཆིག་ཆོད་དུ་གྲོལ་པས་སོ། ༈ །སངས་རྒྱས་དེ་ཡི་ཐུགས་རྗེའི་མཛད་པའི་དུས་བསྟན་པ་ཡང་། །གདུལ་བྱ་སྐལ་ལྡན་ལ་རང་གི་ངོ་བོས་མི་ནུབ་པ་ནི་དཔེར་ན་ཉི་མ་ཡི། །སྙིང་པོ་རང་གསལ་བ་དེས་མུན་པ་སེལ་བ་ལྟར་དུ། །ཐུགས་རྗེས་དོན་བྱ་བའི་ཡུལ་གྱི་ལས་དང་འབྲེལ་ཏེ་བྱིན་རླབས་ཀྱི་མཛད་པ་མི་ནུབ་པ་སྣ་ཚོགས། ༈ །ཅིར་ཡང་ཤར་ནས་དོན་ལ་དངོས་དང་བརྒྱུད་ནས་འདྲེན་པའི་ཐབས་སུ་ཐམས་ཅད་རྫོགས་ལ། །དོན་མཛད་པ་ཕྱོགས་གཅིག་ཏུ་ངེས་པར་འཛིན་པ་ནི་རང་ཉིད་བདུད་དུ་འགྱུར་བས་ཕན་པ་དང་གནོད་པར་འགྱུར་རོ། ༈ །ཤེས་སྒྲུབ་ཀྱི་བཅུད་འདུས་པས་སྙིང་པོ་ལྷུན་གནས་བདེ་ཆེན་དུ་ཡེ་ནས་གནས་པ་དེ་རང་ཉམས་ཀྱིས་བསླད་པ་དེས་འཁོར་བར་འཁྱམས་༼༠༽པ་ལས། །རྨི་ལམ་རང་སྣང་བའི་ཐུགས་རྗེས་ལྷ་དབང་བསྐུལ་བས་ལྷའི་དབང་པོའི་ཐུབ་པས་གསུང་གི་མངའ་བདག་ཕྱོགས་བཅུའི་སངས་རྒྱས་བསྐུལ། །རྒྱལ་བ་ཀུན་གྱིས་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་དེ་བསྐུལ་བས་དེ་ལས་ཤར་བའི་གསང་སྔགས་མངའ་བདག་ཕྱག་ན་རྡོ་རྗེ་འཆང་ཆེན་པོ། །དེ་ཡིས་དགའ་རབ་བདག་བྱིན་གྱིས་བརླབས་དཔག་དཀའི་འབྲས་བུ་དོན་ཤར་ནས་ཐོབ་པར་འདོད་པ་དང་རང་ལ་གནས་པས་འདོད་པ་དང་བྲལ་བའི་དོན་དུ་གཞག་པའོ། ༈ །དེ་༼༠༽བཞིན་འབྲས་བུ་རང་ལ་གནས་པས་ཚུལ་ངན་རྩོལ་བས་ཐོབ་པ་མིན་ཀྱང་ཐོབ་འདོད་ཐོག་པས་བསླད་པས་འཁྱམས་པ་ལས་གྲོལ་བར་བྱ་བའི་ཕྱིར། །རང་རྟོགས་པའི་གདེང་ཆེན་ལ་གནས་ཏེ་ཕྱོགས་སུ་ཞེན་པའི་མཐའ་ཀུན་ལས་གྲོལ་ཏེ་ངེས་པར་དོན་ལ་དམར་ཐག་ཀུན་གསལ་བར་ཆོད་པའི། །སྙིང་པོ་རྣལ་མའི་དོན་སྟོན་མ་རིག་མུན་སེལ་སྒྲོན་མ་འདི་ལ་སྐལ་བ་དང་ལྡན་པ་འགའ་གནས་སྲིད་ན་ཡོན་ཏན་མི་ཟད་པའི་གཏེར་དུ་ལོང་ལ་སྤྱོད། །དེ་ལྟར་སྐལ་བ་དང་ལྡན་པ་མིན་ན་བརྒྱུད་ནས་རྟོགས་པའི་ལམ་སྟེགས་སུ་ཚུལ་ངན་གྱི་རྩོལ་བ་འོག་མ་པ་གཞན་ཡང་སྤང་བ་མིན་ཏེ་རྣལ་མ་ལ་ཤུགས་ཀྱིས་འཇུག་པས་སོ། ༈ །ཨ་ཏིའི་སྣོད་དང་སྐལ་བར་འབྲེལ་བའི་གང་ཟག་དག །འཇིག་རྟེན་གྱི་ཁམས་ན་མང་དུ་མེད་དེ་འགའ་གནས་པའི། །དོན་དུ་བྱང་ཆུབ་ཀྱི་སྙིང་པོ་མཚོན་པར་བྱེད་པའི་ཐབས་སུ། ། མན་ངག་འདི་བཞག་པས་དེ་ལ་བརྟེན་ནས་རང་གྲོལ་བར་ཤོག ༈ །འབྲས་བུའི་མན་ངག་འདི་དང་ཕྲད་པའི་སྐལ་ལྡན་དག །འདི་དང་ཕྲད་༡བླ་མ་མཉེས་༡བློའི་ཐེ་ཚོམ་དང་འབྲལ་༡བ་དཀའ་༡༡༡བ་ལས། །གྲོལ་ནས་བདུད་དགར་མ་བཏང་བར་ལེ་ལོ་མེད་པར་བསྒྲུབས། །བསྟན་པའི་ཡང་སྙིང་རང་གི་ཁོང་དུ་ནན་ཏན་གྱིས་ལ་སྒྲུབ་ཤིག་པར་གདམས་པའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཀློང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཡང་དག་པའི་དགོངས་པ་ཡང་སྙིང་བཞག་པ་སྟེ། བུའི་བཙས་དམ་པའོ། །རྫོགས་སོ།། ༈ །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །སེའི་བནྡྷེ་འབྱུང་ལྡན་གྱིས། བླ་མ་ཡོན་ཏན་རྒྱལ་མཚན་དང་། །བླ་མ་ལི་སྟོན་གཉིས་ལ་ཞུས། །རང་བློས་དཔྱད་ནས་མཆན་བུ་བཏབ། །རྗེས་འབྲང་འབྱུང་སྲིད་མི་ཁེགས་པས། །དོན་ལ་ནན་ཏན་མཛད་པར་ཞུ། །


previousའབྲས་བུའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next