Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་ཀྱི་མན་ངག་ངེས་པར་ལུང་བསྟན་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན།
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་ཀྱི་མན་ངག་ངེས་པར་ལུང་བསྟན་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན།next

བྱང་ཆུབ་སེམས་ཀྱི་མན་ངག་ངེས་པར་ལུང་བསྟན་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན།

བྱང་ཆུབ་སེམས་ཀྱི་མན་ངག་ངེས་པར་ལུང་བསྟན་པ་བཞུགས། །རྒྱ་གར་སྐད་དུ ། བྷོ་དྷི་ཙིཏྟ༈ ཨ་ཧཾ༈རཏྣ༈ཏྭཏྤར༈སམྤ་ཏ༈ཨཱ་ངྷི་ག༈སྨྲྀ་ཏི༈སྲོ་ཏ༈ཨ་བྷྱ་བ་ཧ་ར༈ ཨུ་པ་དྷེ་ཤ༈ནི་ཤྩ་ཏ༈བྷྱ་ཀ་ར་ཎ༈ནཱ་མ། བོད་སྐད་དུ། གཞིའི་དོན་ལྔ་བྱང་ཆུབ་ཀྱི་སེམས༈རང་གི༈གཏེར༈ ལམ་བཟང་རྩོལ་གྱི་ཆོས་བཞི་གཏད་པ༈ རྩོལ་བྲལ་མཐར་ཐུག་གི་ཆོས་གསུམ་ཕུན་༼ཁ་༽སུམ་ཚོགས་པ་ཐོབ་པ༈དྲན་༼ཀ་༽པ༈ རྒྱུན་དུ་ལོངས་སྤྱོད་པའི༈ ཐབས་ཀྱི་ཡོན་ཏན་གྱི་ཆོས་གཉིས་མན་༼ག་༽ངག༈ ངེས་དོན་སྙིང་པོ་ཉག་གཅིག་ངེས་༼ཅ་༽པར༈ལུང༈ ༼ང་༽བསྟན་༼ཆ་༽པ༈ཞེས་བྱ་བ་འབྲུ་བཤད་པར་དམ་བཅས་གནན་ནོ།། ༈ །།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །འཁོར་འདས་ཀྱི་ཆོས་ཀུན་ཡུལ་མེད་པར་རང་གསལ་དེ་ཀ་མཚན་ཉིད་རང་རིག་པའི་ཡེ་ཤེས་དེ་ཉིད་ཀྱི་རྣམ་པ་ཅིར་ཡང་མ་འགགས་པར་ཡོངས་སུ་གསལ་བར་སྣང་། རང་བཞིན་ངོས་པར་ངོས་གཟུང་ཐམས་ཅད་ལས་འདས་པ་རྣམས་མཚན་ཉིད་མ་འདྲེས་ལ་ཡེ་ཤེས་སུ་རྫོགས་པ་ནི་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་ལམ་གྱིས་མ་བཅོས་པར་ཇི་ལྟར་བར་རང་ཤར་བ་ནི་ཆོས་སྐུ། རང་རིག་བདེ་ཆེན་དུ་ཀུན་མཁྱེན་པ་ཉིད་འཁོར་ས་ལ་གནས་པའི་སེམས་དཔའ་ལ་སྟོན་པ་རིགས་ལྔར་གནས་འོག་མིན་དུ་བསྟན་པ་ནི་ལོངས་སྐུ། །འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའི་ཐུགས་ལས་གསང་སྔགས་ཀྱི་མངའ་བདག་ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས་ཤར་བ་ནི་སྤྲུལ་པའི་སྐུ་དེས་བྱིན་གྱིས་བརླབས་པ་ལས་དགའ་རབ་རྡོ་རྗེ་སྣང་བ་ནི་ཡང་སྤྲུལ་ལོ། །དེ་ལྟར་ཕྱག་བཙལ་བའི་གནས་སུ་གྱུར་པ་སྐུ་ལྔ་མཚོན་ཚུལ་མ་འདྲེས་ལ་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པ་དེ་ལ་༡ཇི་ལྟར་དུ་འདུད་ན་རང་བཞིན་དམིགས་༣མེད་མཚན་ཉིད་ཀུན་གསལ་རྣམ་པ་རང་སྣང་དུ་༢འདུད་པའོ། ༈ །འཁོར་འདས་ཀྱི་ཆོས་ཀུན་གྱི་རང་བཞིན་སྤྲོས་པ་དང་བྲལ་བས་བྱང་དེའི་ངང་ལས་རྣམ་པ་ཅིར་ཡང་མ་འགགས་པར་འཆར་བས་ཆུབ་བ་དེ་ལྟར་མཁྱེན་པའི་མཚན་ཉིད་རང་གསལ་བས་སེམས་རང་གི་སེམས་ཆེ་བའི་ཡོན་ཏན་བརྗོད་བྱ་ཟད་པ་མེད་པའི་བང་མཛོད་དུ་གྱུར་པ་གཏེར་དེ་རྒྱལ་བ་སྐུ་ལྔ་བརྒྱུད་ནས་རང་ལ་གནས་པར་གཏད་པས་རྟོགས་པའི་དགོས་པ་དོན་དེ་ལ་དུས་རྒྱུན་ཏུ་ངང་མ་བརྗེད་པར་དྲན་ཅིང་རིག་པས་གོམས་པར་ལོངས་སྤྱོད་པས། ཉིང་དགོས་རང་བྱུང་ཡེ་ནས་གནས་པ་རྟོགས་གོམས་ཀྱི་ངང་དེས་ཐོབ་པའི་སྐུ་ཕུན་གསུམ་འགྲོ་བའི་དོན་རྩོལ་བས་མ་བཙལ་བར་ལྷུན་གྲུབ་ཏུ་རྫོགས་པར་ཡེ་ནས་གནས་པའི་རང་བཞིན་དེ་ངང་གིས་མཐར་ཕྱིན་པ་ནི་ཚོགས་པའོ། །ཚེགས་ཆུང་ལ་དོན་ཆེན་པོ་འགྲུབ་པའི་མན་ངག་སྒྲོ་སྐུར་དང་བྲལ་བར་ས་ལུང་བརྗོད་བྱའི་དོན་མཐུན་པས་ངེས་པ་དེ་རྗོད་བྱེད་བསྟན་པའི་ཐབས་ཀྱིས་རྟོགས་འབྲེལ་པ་པར་འགྱུར་བས་དེ་ངོ་བོ་ཆོས་ཉིད་ཡིན་པའི་ཕྱིར་བསྟན་པར་བྱའོ། ༈ །ཐམས་ཅད་འབྱུང་བས་གཞི་ཉིད་དོན་ལྔར་ཡེ་ནས་གནས་པ་ནི། །འཇམ་དཔལ་ཡེ་ཤེས་རྡོ་ལ་གསེར་བཞིན་ལས། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། ཅེའོ། །སེམས་དཔའི་ངང་། །རང་གི་སེམས་ཉིད་ཡོན་ཏན་མི་ཟད་པའི་གཏེར་ཆེན་པོར་གནས་སོ། ༈ །ཡིན་ལུགས་དེ་ལྟ་བུ་ཡིན་མོད་ཀྱང་དེ་ལྟར་ངོ་མ་ཤེས་ཤིང་བདག་ཏུ་བརྟགས་པའི་རྒྱུ་ལས། །ཉོན་མོངས་པ་ལྔ་དང་ལས་གསུམ་གྱི་རྐྱེན་ཀྱིས་འབྲས་བུ་སྡུག་བསྔལ་སྣ་ཚོགས་སུ་གནས་ཤིང་། །དུས་ཐོག་མ་དང་ཐ་མ་མེད་པར་འཁོར་བར་འཁྱམས་པ་ལ། ༈ །ཤེས་བྱ་ཀུན་མཁྱེན་པའི་སངས་རྒྱས་ཀྱི་དགོངས་པ་ལ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པས། །སེམས་ཅན་རྣམས་བདེན་པར་མི་གནས་ལ་འཁྲུལ་པའི་བློ་ལ་ཇི་ལྟར་བརྟགས་པ་ལྟར་དུ་གྲུབ་པར་གཟིགས་ཏེ། །གྲུབ་པ་མེད་པ་ལ་དངོས་པོར་འཛིན་པ་ནི་ཡ་མཚན་ཅན་ཡིན་ཏེ། །དཔེར་ན་བུས་པ་རྣམས་རང་གིས་བློས་ཐག་པ་ལ་སྦྲུལ་དུ་བརྟགས་པ་ལ་རང་སྐྲག་པ་ལྟར་རོ། ༈ །རང་བཞིན་སྐྱེ་འགག་མེད་པའི་རྒྱུན་ཀུན་ལ་ཁྱབ་ཤུགས་ཀྱིས་བྱིན་རླབས་འགག་མེད་དུ་སྣང་བ་དང་། །བསྐུལ་བས་ཐུགས་དམ་རྗེས་སུ་དྲན་པ་དང་གདུལ་བྱ་འདུལ་བའི་དུས་ལ་བབ་ཚེ་ཐུགས་རྗེ་སྐྱེས་ནས། ༈ །སྣ་ཚོགས་པའི་ཐེག་པ་གདུལ་བྱའི་བློ་དང་འཚམ་པས་དོན་མཛད་པ་ན། །ཐུན་མོང་དུ་སྤོང་འགེགས་ཀྱི་གཉེན་པོ་ཚར་གཅོད་པ་དང་སྦྱོང་བ་དང་སྒྱུར་བ་དང་དབང་དུ་སྡུད་པ་རྣམས། །རྫོགས་པར་བསྟན་ནས། ༈ བཅུད་འདུས་པས་སྙིང་པོ་མ་བཅོས་པས་རྣལ་མ་ཉིད། །ངོ་ཤེས་པའི་ངང་དུ་གནས་པས་རྩོལ་བས་མ་བཙལ་བར་འཁྲུལ་པ་རང་གྲོལ་བའི། །བསྟན་པ་འབྱུང་བའི་དུས་ཉོན་མོངས༴ ཞེས་དྲང་། གསུམ་ཚན་གཉིས་ལ་བབ་པའི་ཚེ། ༈ །དམ་པ་ཡང་སྤྲུལ་ཐུགས་རྗེས་གཟུང་བར་བྱ་བའི་ཡུལ་དང་ཕྲད་པ་ནི་ཇི་ལྟར་ན། ༈ །སུམ་ཅུ་རྩ་གསུམ་ལྷའི་གནས་ཆེན་དུ། །བཟང་སྐྱོང་ལྷ་ཡི་སྲས་ལྔ་བརྒྱ་དང་རྩ་གཅིག་གི་ཐུ་བོར། །སྐུ་སྐྱེ་བ་བཞེས་པའི་ཀུན་དགའ་སྙིང་པོ་བྱ་བ་སེམས་ལྷག་པའི་རྟགས་ལུས་༼གཅིག་པུ་༽ངག་གི་༼བཟླས་པ་༽ཅན་ལ། །རྨི་ལམ་གྱི་མཐངས་སུ་ཐུབ་དྲུག་ཐིམ་པ་ནི་ཡང་སྤྲུལ་སྣང་ནུས་པ་དང་། ལྷ་གསུམ་ཟོས་པ་ནི་དུག་གསུམ་རང་གྲོལ་ནས་བྱང་ཆུབ་ཏུ་རྫོགས་པ་དང་། །བུམ་པ་འཁྱིལ་བའི་སྟེང་དུ་གནས་པ་ནི་དུས་མཐའི་སྐད་ཅིག་མས་མཐར་ཐུག་གི་སར་གཤེགས་པ་དང་། ཉི་ཟླ་ཐོགས་པ་ནི་ལོ་ཀའི་སྒྲོན་མ་མཛད། །པའི་རྟགས་དང་བཞི་སྣང་སྟེ་རང་དང་རིགས་མཐུན་པའི་སྟོན་པ་ལྷའི་དབང་པོ་ལ། །རྨི་ལམ་དེ་དག་བསྙད་པས། ༈ བརྒྱ་བྱིན་གྱི་བཀའ་དྲིན་གྱིས། །ཡེ་ཤེས་ཅན་ཕྱོགས་བཅུའི་སངས་རྒྱས་ལ་གནད་ནས་གསུང་གི་ཞེས་པས་བསྐུལ་བས། ༈ །སངས་རྒྱས་ཀྱི་དགོངས་པའི་ཆོས་ཉིད་ནི་དཔེ་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་ནི་དཔེ་ཉི་མ་ཤར་བ་ལྟ་བུ་སྣང་ནས་བཀའ་བགྲོས་ཏེ། །རྒྱལ་ཚབ་ལོངས་སྐུ་མི་བསྐྱོད་རྡོ་རྗེ་ལ། །བཀའ་ཡི་བགྲོ་བ་མཐུན་པར་མགྲིན་གཅིག་ཏུ། དུས་གསུམ༴ ཞེས་པ་ཉེར་གཉིས་ཀྱིས་བསྐུར་བའི་སྒྲ་སྦྱར་བས། ༈ །རང་བཞིན་ཡེ་ནས་གནས་པའི་དོན་མངོན་དུ་མཛད་པའི་ཐུགས་ཡེ་ཤེས་ལས། །ཐུགས་རྗེའི་རང་བཞིན་གྱི་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེ་འཆང་། །བ་ཕྱུང་སྟེ་དེ་ཡང་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ། །གཉིས་ཀའི་ཕྱག་གཡས་ན་རྩེ་མོ་ལྔ་ལྡན་པའི་རྡོ་རྗེ་དང་། གཡོན་ན་འཁོར་ལོ་དང་བཅས། །པའི་དོན་ནི་ཡེ་ཤེས་ཀྱི་མཁྱེན་པས་བར་དུ་གཅོད་པའི་བདུད་འཇོམས་ཤིང་རྒྱུན་དུ་གཅོད་པ་དང་། །ཉོན་མོངས་པ་རང་ཡེ་ཤེས་སུ་འབར་བའི་རྩལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྒྲོགས། །སྐུའི་གཟི་བྱིན་གྱིས་ལས་ལས་གྲུབ་པའི་གནོད་སྦྱིན་གོས་སྔོན་པོ་ཅན་རྣམས་འདུལ། །བའི་རྡོ་རྗེ་སེམས་དཔས་གཉིས་མེད་ཡེ་ཤེས ༴ ཞེས་པ་བཞིས་སྐབས་ཀྱིས་གསང་བདག་བསྐུལ་བ་ལས། ༈ །ལས་ཀྱི། གནོད་སྦྱིན་འདུལ་བ་གསང་བའི་མངའ་བདག་པོས། །རྡོ་རྗེ་སེམས་དཔའ ༴ ཞེས་པ་དྲུག་གིས་བགྲོ་བར་ཞལ་གྱིས་བཞེས་ནས། ༈ །ཕྱོགས་ཤར་ལྷོ་ནུབ་བྱང་བཞིར་རྡོ་རྗེ་གསང་བ་ལ་སོགས་པ་རྒྱལ་བ་བཞི་ལ། །རྭ་ཆོད་བསལ་བའི་ཕྱིར་ཤེས་བྱ་གཞི་དང་བསྒྲུབ་བྱ་འབྲས་བུའི་དོན་ལ། །གཞི་སྐྱེ་འགག་འབྲས་བུ་འཆར་ཚུལ་གཟུང་འཛིན་བྱུང་ཚུལ་འགྲོ་དོན་འགྲུབ་ཚུལ་གྱི་ཐེ་ཙོམ་བཞི་བཅད་དེ་བྷ་ག་ལ། ༈ །ཀུན་རིག་རྣམ་པར་སྣང་མཛད་ཉིད་དགོངས་པ་ཆོས་སྐུ་ལ་མཛད་པ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ། །རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཀུན་གྱི་རྗེ་བཙན་སྤྱི་དཔལ་དམ་པ་དེས། །འདུས་པའི༴ ཞེས་པ་གསུམ་གྱིས་རྩོལ་བྲལ་ས་ལ་བསྐུལ་བས་གླེང་བསླང་བ་དེ་ནས། ༈ །སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ཏེ་གུས་པས་ཁྱོད་ནི༴ ཞེས་པ་བདུན་གྱིས་ཞུ་བར་འདུན་པར་བྱས་ཏེ་ཞུས་ལན་འདྲེན་མའི་རྗོད་བྱེད་ཀྱིས། ༈ །བརྗོད་པར་བྱ་བའི་དོན་གྱི་བསྟན། དབང་ཀློང་ལ་སོགས་པ་ཀློང་དགུ། །ཡང་དོན་གྱི་གནས་ལུགས་ལས་འཁྲུལ་པའི་ཚུལ་དང་རྟོགས་པ་དང་གནས་ཐབས་དང་གྲོལ་བ་འབྲས་བུ་དང་། །རྩ་བའི་རྒྱུད་ལྔར་དྲིལ་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསུངས་སོ། ༈ །གནོད་འདུལ་གསང་སྔགས་ཀྱི་མངའ་བདག་དེས། །མཐར་ཐུག་སྟོན་པའི་རྒྱུད་རྣམས་ཀྱི་སེམས་དཔའི་རྡོ་རྗེ་ཚིག་གིས་མཚམས་སྦྱར་ཏེ་བསྡུས་ནས། །གདུལ་བྱ་དམ་པ་ཡང་སྤྲུལ་དཔའ་བོ་བྱིན་གྱིས་བརླབས་པ་ནི། །ལྷའི་གནས་སུམ་ཅུ་རྩ་གསུམ་དུ་མཆོད་རྟེན་བུམ་པ་འཁྱིལ་པའི་ཐོག་འཁོར་ལོ་འབར་བའི་ལྟེ་བའི་སྟེང་དུ་གཞག །རྒྱལ་ཐབས་སྤྱི་བླུགས་ཡོངས་སུ་རྫོགས་པར་དབང་བསྐུར་བས་རྩོལ་བཅས་ཀྱི་དབང་ཀུན་རྫོགས་པར་མཛད་དེ། ༈ །རྩོལ་མེད་ཀྱི་བསྟན་པ་ལྷའི་གནས་འོག་མིན་དགའ་ལྡན་རྩ་གསུམ་དང་གསུམ་དུ་རྒྱས་པའོ། ༈ །ཤིང་འཛམ་བུ་ཡོད་པའི་ཆུའི་གླིང་ན་རྣལ་མའི་སྣོད་དང་ལྡན་པ་ལ་བཅུད་དང་བྲལ་བར། །གཟིགས་ནས་གསང་བདག་རྡོ་རྗེ་འཆང་གིས། །མཐར་ཐུག་གི་ས་པ་སྤྲུལ་པ་སྐུའི་རང་བཞིན་ཅན། །ལྷ་སེམས་ལྷག་ཅན་ལས་གྲོལ་བ་དེ་ཧཱུྃ་དུ་བསྡུས་ནས་ཐུགས་ཀར་བཙུད། །དེ་ངང་པར་སྤྲུལ་ནས་བབས་ཏེ་འཛམ་བུའི་གླིང་ཨུ་རྒྱན་གྱི་ཡུལ་ན་སྐྱོན་བྲལ་སྒྱུ་སྤངས་པའི་མཚན་ཅན་ལྕམ་གོ་མ་ལའི། །ཐུགས་ལས་མཆུ་ཡིས་བཤོས་ནས་ཐུགས་སྲས་སྐུའི་ལ་ལྷུམས་སུ་བཞག །པའི་ལོ་དུས་ན་དཔལ་བོ་ཤཱཀྱའི་རིགས་བཞད་པར་མཛད་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་འདོན་པ་ཞིག་བལྟམས། །ལྷོ་ནུབ་དམ་ཤོད་གླིང་གི་དུར་ཁྲོད་དུ། །གསང་བདག་བྱོན་ནས་དབང་བསྐུར་དང་བསྟན་པ་བཤད་པའི་ཚུལ་ཙམ་བསྟན། །ཏེ་དངོས་སུ་ལྷ་ཡུལ་དུ་མཛད་དོ། །དུར་ཁྲོད་ཀྱི་མ་མོ་དང་ལས་ཀྱི་གཤིན་རྗེ་ལ། །དམ་ཚིག་སྩལ་ནས་བཀའ་དང་བསྟན་པ་སྲུང་བའི་ལས་ལ་བསྒོ་བ་མཛད། །ཨུ་རྒྱན་དྷ་ན་ཀོ་ཤའི་ཡུལ་རྡོ་རྗེ་ཅན་འི་ཕུག་གི་གནས་སུ། །བརྗོད་བྱ་ཀློང་དགུ་དོན་དང་ཚིག་གི་ཤྭ་ལོ་ཀ་སུམ་བརྒྱ། རྗོད་བྱེད་བམ་པོ་ཉི་ཁྲི་བསྡུས་སོ། ༈ །ཁོ་བོ་བྲམ་ཟེ་སྙིང་པོ་གྲུབ་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལོ་རྒྱུས་སྦྱར། །བྱིན་གྱིས་བརླབས་དབང་བསྐུར་ཏེ་དབུལ་པོ་རང་གཏེར༴ ཞེས་པ་བཞིས་ལུང་བསྟན་ནས། །བླ་མ་དམ་པ་དགའ་རབ་དེ་ལ་འདུན་པ་ཡིས་ཚོལ་དུ་ཕྱིན་པ་ལས། །ཡེ་ཤེས་ཀྱི་རིགས་ཅན་གྱི་མཁའ་འགྲོ་མ་གསུམ་གྱིས། །ཆུ་བོའི༴ ཞེས་པ་བཞིས་བརྡས་བསྐུལ་བ་བྱིན་རླབས་དང་ལྡན་པར་བྱས་ནས། །དམ་པ་ག་ལ་བ་རྡོ་རྗེའི་ཕུག་དེར་ཕྱིན་ཏེ་བགྲེས་པར་བཞུགས་པ་ལ། །འདུན་པར་བྱས་པས་སྣོད་བརྟགས་ཤིང་བརྡས་སྤྱོས་ཐ་མར་མཁར་ཆེན༴ ཅེས་པའི་བརྡའི་དོན་བཀྲོལ་ཏེ། ། ༼ཡང་ན་༽རྒྱལ་བ་༼ངང་༽ཏུ་འགྲོ་༼གཉིས་ཟེར་༽བའི་ཟམ་པ་ཆད་པ་ལ། །རྣ་བརྒྱུད་རྡོ་རྗེའི་ཟམ་པ་བཙུགས་ནས། །པོ་ཟོས་ན་ནི་ཆེར་འགྱངས་ཀྱི་སྒྲས་སོ། །ཡང་ན་སྐྱེ་བ་བརྒྱུད་པ་ལན་གྲངས་འགས། །དུཿཁ་ལས་རང་གྲོལ་བའི་ཐབས་རྩོལ་མེད་ཀྱི་བདེ་བ་ཆེན་པོ་རང་ལ་གནས་པར་གཏད་པའོ། ༈ །རང་གྲོལ་བདེ་ཆེན་དེའི་དོན་རྟོགས་པའི་སོ་ལས་གཞན་དུ་མ་འདས་པར། །རྟོགས་པའི་ངང་ལ་མི་རྨོངས་ཏེ་མ་བརྗེད་པར་དྲན་པའི་འདུ་བྱེད་སེམས་པ་ཡིས་ཉམས་སུ་བླང་བ་ནི། ༈ །སྙིང་པོའི་དོན་ལ་སྐྱེ་འགག་གནས་གསུམ་རང་གྲོལ་ཏེ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པར། །དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་མ་ལུས་པར་རྫོགས་པས། །སྐད་ཅིག་མའི་མཐའ་ལ་མི་གནས་ཏེ་སྐྱེ་འགག་མེད་པའི་རྒྱུན་དང་བཅས། ། ཏེ་བར་མ་ཆད་པས་དུས་གསུམ་གྱི་དུམ་བུའི་མཐར་མ་རེད་པའི། །དེ་ལྟར་འདུས་མ་བྱས་དེའི་ངང་དུ་བློ་གནས་ན་བསྒྲུབ་བྱའི་དོན་མཐར་སོན་པར་འགྱུར་བས་ན་དཔེ་ཆུའི་རྒྱུན་མ་ཆད་པར་གནས་པ་དང་འདྲ་བར་བློ་ཆེད་དུ་མ་གཏད་པའི་ངང་དུ་སྡོད་ཅིག་པའོ། ༈ །དཔེར་ན་རྣམ་ཤེས་ཚོགས་དྲུག་ཐོག་མ་མེད་པ་ནས་བར་མ་ཆད་པས་འཁོར་ལོ་གོམས་པའི་མཐུ་ལས། །གཟུགས་སོགས་ཡུལ་དྲུག་ལ་དུས་མཚུངས་པར་ལོངས་སྤྱོད་པ་ལྟར་དུ། །རྟོགས་པ་ལྟ་བ་ནི་རྟོག་མེད་ལ་དགོས་པ་འབྱུང་བས་རིན་༢ཆེན་ནོར་༡བུ་ལ།༣ །དེའི་ངང་དུ་གནས་པས་དེ་ཉིད་ལ་གོམས་པར་ལོངས་སྤྱད་པའོ། ༈ །ཚུལ་བཟང་པོའི་རྩོལ་བས་གོམས་པར་བྱེད་པ་ལམ་གྱི་ཆོས་གཏན་པ་དྲན་པ་རྒྱུན་དུ་ལོངས་སྤྱོད་པ་བཞིའོ། ༈ །རྒྱུ་རྐྱེན་མེད་པས་རང་བྱུང་གི་དཔལ་སྐུ་གསུམ་དང་ལྡན་པར་ཡེ་ནས་གནས་པ་ལ། །འབྲེལ་པ་སྟེས་དབང་ཙམ་ཏེ་ཅི་ཞིག་ལྟར་ལས་རྟོགས་གོམས་ཀྱི་རྐྱེན་བཞི་འཛོམ་པས་འབྲས་བུ་རང་ལས་ཤར་བ་དེ་ལ། །རྙེད་ཅེས་པ་དང་ཐོབ་ཅེས་པ་ནི་རང་གནས་ཀྱི་མངོན་དུ་གྱུར་པས་དོན་ལྡན་གྱི་མིང་ཡིན་ལ་སྔར་མེད་མ་ཐོབ་པས་འདོད་རྒྱལ་གྱི་མིང་ཅན་དུའང་འགྱུར་རོ། །འབྲས་བུ་རྙེད་ཐོབ་ཅེས་པ་དེ་ནི་འཁྲུལ་པ་རང་གྲོལ་བ་ལ་བརྡས་དེ་སྐད་ཅེས་མཚོན་པ་ཙམ་དུ་ཟད་དོ། ༈ །རང་རིག་པའི་ཡེ་ཤེས་ངོས་གཟུང་གང་ཡང་མེད་པར་གནས་པ་ལ། །ཡེ་ནས་རང་ལམ་གྱིས་མ་བཅོས་པ་ནི་ཆོས་ཀྱི་སྐུའི་ངང་། །ཆོས་སྐུ་དེ་ཡིས་ཤེས་བྱ་ཀུན་ཡུལ་མེད་དུ་མཁྱེན་པ་ཉིད་དུ་མངའ་མཛད་པ་ནི་ཉིད་ལོངས་སྐུ་སྟེ། །དེའི་ཤུགས་ལས་ས་ལ་གནས་པའི་རིག་འཛིན་བྱང་སེམས་སྒྲོལ་བའི་རྒྱལ་པོའི་གཟུགས་སུ་ཤར་བ་ནི་གཞན་ལོངས་སྐུའོ། །སྤྲོས་པ་དང་བྲལ་བས་ཐུགས་ཐམས་ཅད་ལ་ཁྱབ་པས་རྗེ་ཆེན་པོའི་རྣམ་པ་ཅིར་ཡང་སྣང་བ་ཉིད། །ཐུབ་པ་དྲུག་དག་༡པ་དང་འཁོར་ལོར་རྒྱུན་མ་དག་༡ པ་རྒྱུན་གྱི་སྤྲུལ་པའི་སྐུ་གསུམ་དང་མཚོན་ཚུལ་ནས་མ་འདྲེས་ལ་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པའི་ཕུན་སུམ་ཉིད་དུ། ༈ །ཚོགས་པ་ནི་གཅིག་ཤོས་ལམ་ལ་རག་ལས་པའི། །དཔེ་ནི་རིན་ཆེན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པས་འདོད་ཡོན་ཕབ་པས། །འགྲོ་བའི་དབུལ་བ་སེལ་ཞིང་བདེ་བར་ལོངས་སྤྱོད་པ་ལྟར་དུ། །ཉེས་པས་མ་གོས་རྩོལ་བས་མ་བཙལ་ཕྱོགས་སུ་མ་ལྷུངས་པར། །བདག་གཞན་གཉིས་ཀ་ཆོས་ཀྱི་དོན་བཞི་ལྷུན་གྱིས་གྲུབ་པས་གཞན་ལས་རྨད་དུ་བྱུང་བའི་ཕྱིར། ༈ །རྩོལ་བ་དང་བྲལ་བ་ནི་མཐར་ཐུག་འབྲས་བུའི་ཆོས་སྐུ་གསུམ་པོ་དེ་ཡིན་ནོ། ༈ །མཚན་ཉིད་ཐེག་པ་ལྟར་བསྐལ་པ་གྲངས་མེད་པར་སྦྱོང་བ་དང་སྔགས་ཕྱི་ནང་བསྐྱེད་རྫོགས་ཀྱི་རྩོལ་བས་ལམ་དང་དུ་ལེན་ཅིང་། །ཉོན་མོངས་པ་གཉེན་པོས་སྤོང་བ་དང་འགེགས་པ་ལ་སོགས་པའི་ལས་འདུ་བྱེད་ཀྱི་བྱ་བྱེད་ལས་གྲོལ་ནས། །ཚེགས་མེད་པར་བསྒྲུབ་བྱའི་དོན་ཆེན་པོ་འབྲས་བུའི་བདེ་བར་གནས་པའི། །ཐབས་ཀྱི་ཐེག་པ་ལའང་ཐབས་ཆེན་པོར་གྱུར་པའི་གདམས་པས་དགྲོལ་བར་བྱེད་པའི་མན་ངག་གོ། ༈ །རྗེས་དཔག་གི་རྟགས་སམ་མངོན་སུམ་བཞིས་མངོན་སུམ་དུ་སྐྱེ་ལུགས་གསུམ་མེད་པར་མ་མཐོང་ཡང་། །ཞེན་པའི་བློས་ཡོད་པར་སྒྲོ་མ་བཏགས། །རང་བཞིན་སྤྲོས་བྲལ་མཚན་ཉིད་ཡེ་ཤེས་རྣམ་པ་སྒྱུ་མ་ཅན། །ཡེ་ནས་གནས་པ་དེ་རྟོག་དཔྱོད་ཀྱིས་མེད་པར་མ་སྤངས་ཏེ་སྒྲོ་སྐུར་དང་བྲལ་བས་ལུང་ངོ་། ༈ །འབྲས་བུ་ཐོབ་པའི་ཐབས་ལམ་ཀྱི་རྒྱན་ནས་ཡོན་ཏན་གྱི་ཆོས་མན་ངག་དང་ལུང་གཉིས་སོ། ༈ །དོན་རྟོགས་པའི་ཐབས་སུ་ཚིག་གི་ཐ་སྙད་ཅིར་ཡང་མཚོན་མོད་ཀྱང་། །བདེན་པའི་དོན་དུ་དྲིལ་ན་རང་རིག་པའི་ཡེ་ཤེས་རང་འོད་ཀྱི་རྣམ་པ་གསལ་བ་ཉིད། །ཀྱི་རང་བཞིན་སྙིང་པོ་མུ་མཐའི་ཕྱོགས་རིས་ཀུན་དང་བྲལ་བ་གསུམ་མཚོན་ཚུལ་མ་འདྲེས་ལ་ངོ་བོ་ཡོངས་སུ་རྫོགས་པར། །བརྗོད་བྱ་ཐམས་ཅད་ཐིག་ལེ་ཉག་གཅིག་ཉིད་དུ་དོན་མཐུན་པ་ནི། །ངེས་པར་བདེན་པའི་ཤེས་བསྒྲུབ་ཀྱི་དོན་སྙིང་པོ་རྣམ་པ་བགྲང་དུ་མེད་པས་ཉག་གཅིག་ཡིན་མོད། ༈ །འཇམ་དཔལ་བཤེས་གཉེན་བདག་ནི་བསྐལ་པ་ཐོག་མ་མེད་པའི་དུས་ནས། །རང་ལ་གནས་པའི་གཏེར་དགོས་འདོད་འབྱུང་བའི་ཡིད་སྦྱིན་གྱི་རིན་ཆེན་དང་བྲལ་བ་ལ། །བླ་མ་དམ་པ་གཞན་ལས་མཆོག་ཏུ་གྱུར་པ་ཡང་སྤྲུལ་གིས་རང་གི་གཏེར་གཏད་པའམ་སྩལ་བས། །བདེ་བས་དབུལ་བའི་དུཿཁ་སེལ་ནས་རྩོལ་མེད་ཀྱི་བདེ་བ་དང་ལྡན་པས་བདག་ལ་སྐུ་དྲིན་ཆེའོ། ༈ །རྟོགས་པས་རང་ཉིད་དཔལ་དུ་འབར་ཏེ་འོད་གསལ་བས་ན། །དངོས་ཀྱི་བུ་ལྷའི་རྒྱལ་པོ་དང་བརྒྱུད་པའི་བུ་མ་འོངས་པའི་འགྲོ་བསྐལ་ལྡན་གང་དག་ལ། །རང་གིས་རྟོགས་པའི་དོན་དེ་ལེགས་པར་སྦྱིན་ཅིང་མ་རིག་པའི་མུན་པ་བསལ་བས་འཁྲུལ་པ་ལས་གྲོལ་བའི་ཐབས་སུ། །ཤེས་བསྒྲུབ་ཀྱི་སྙིང་པོ་གནས་ལུགས་ཀྱི་དོན་ལྔ་ལ་རྟོགས་གོམས་ཀྱི་བློ་གནས་པ་གཅེས་ཏེ། །ལམ་གྱིས་བསྒྲུབ་པར་བྱ་བའི་དོན་སྦྱང་བགྲོད་ཀྱི་རྩོལ་བ་དང་བྲལ་བ་འབྲས་བུའི་ཆོས་སྐུ་གསུམ་ནི་ཆེའོ། །འོན་ཀྱང་འབྲས་བུ་ལ་ཡོན་ཏན་ཡོད་དེ་འགྲུབ་པའི་ཐབས་ལམ་བཟང་རྩོལ་གྱི་ཆོས་ཀྱིས། །དེ་ལ་གནས་པར་མ་ནུས་ན་འབྲས་བུའི་ཡོན་ཏན་ལ་མཁས་པས་ངག་ཏུ་བརྗོད་ཀྱང་མི་འགྲུབ་པ་ནི། །དཔེར་ན་ནོར་བུ་རིན་ཆེན་གྱི་ཡོན་ཏན་རྣམས་ངག་ཏུ་བརྗོད་ཀྱང་དགོས་འདོད་མི་འབྱུང་བ་དང་འདྲ་བར་ཟད་དོ། །སྐྱོན་དེས་ན་ལམ་བཟང་རྩོལ་གྱི་ཆོས་གོང་དུ་བཤད་པ་བཞི་ལ། །ཚེགས་ཆུང་ངུས་དོན་ཆེན་འགྲུབ་པའི་མན་ངག་དང་སྒྲོ་སྐུར་དང་བྲལ་བའི་ལུང་གི་རྒྱན་གྱིས་སྤྲས་ནས། །ངེས་པའི་དོན་གྱི་སྙིང་པོར་ཉག་གཅིག་ཏུ་དོན་དྲིལ་ལ་བསྟན་ནོ། །ལྷ་ལས་བར་ཆད་མེད་པར་བདེ་བར་མི་ཡུལ་དུ་འོངས་ལེགས་པར་འོངས། །ཆོས་བཞི་པོ་དེ་ལས་ཡང་རང་གི་གཏེར་གཏད་པའི་གཏམ་རྒྱུད་ནི། །སྔར་བཀོད་པ་ཉིད་དུ་རྫོགས་པར་བཤད་པར་ཟད་དོ། ༈ །དོན་རྟོགས་པའི་སོ་ལས་མ་འདས་པར་དྲན་པའི་རྟོགས་ཐབས་ནི། ༈ །ཤེས་བྱ་རྣམ་ཤེས་ཚོགས་བརྒྱད་ཡུལ་བརྒྱད་དང་བཅས་པ་ལ། ༈ །ཤེས་བྱེད་སྤོང་བ་དང་འགེགས་པའི་ཚུལ་དུ་བློ་ཞུགས་ཏེ་རྟོག་པས་བརྟགས་པ་ཡི། །རང་རང་གི་འདོད་པའི་ཕྱོགས་རེར་འཐེན་པའི་སྒྲ་དང་ཚད་མ་དང་རིགས་པ་དང་གསུམ་གྱི་ཐ་སྙད་ལས། །གྲོལ་བ་ནི་རྒྱལ་བའི་ལུང་དང་བླ་མའི་མན་ངག་ལ་བརྟེན་ནས། །མ་ནོར་བར་ལེགས་པར་འོངས་པའི་རང་རིག་པའི་ཉམས་ཚད་མའོ། ༈ །དེས་བརླན་བརྗོད་བྱའི་དོན་ལ་རྗོད་བྱེད་ཀྱི་སྒྲས་མཚོན་ན། །ལས་མཐུན་པས་མཐུན་པར་སྣང་བའི་དོན་ལ་དམིགས་ཏེ་མཐུན་པར་གྲགས་པ་ལས་བྱུང་བའི་སྒྲས། །རྒྱུད་ལ་ལྷིངས་ཀྱིས་མངོན་པར་ཞེན་པའི་བརྡ་དེ་ངག་ཏུ་རྗོད་པ་ནི། །གཞི་མཐའ་ཡི་གེའི་དོན་གྱི་བྱེ་བྲག་ཉིད་བསྟན་པས་ཁོང་དུ་ཆུད་པར་བྱས་ནས། །ཡི་གེ་དེ་འདུས་པའི་གནས་སྐབས་ལས་ངོ་བོ་མཚོན་པའི་མིང་༡དུ་དྲིལ་ལ། །དེ་༡འདུས་པ་ལས་ཁྱད་པར་མཚོན་པའི་ཚིག་དེ་འདུས་པ་ལས་འཇུག་ལྡོག་མཚོན་པའི་ངག་དོན་དུ་དྲིལ་ལོ། ༈ །དེ་ཡང་མཐར་ཐུག་གི་ཆོས་ཉིད་རང་སྟོང་མཚན་ཉིད་གསལ་རྣམ་པ་འོད། །བདེན་པའི་དོན་ལྷུན་གྲུབ་གསུམ་པོ་དེ་དང་ཚིག་འབྲེལ་གྲུབ་སྒྲོན་ལས། ངང་ཚུལ་ཇི་ལྟར་གནས་པ་དེ། །ལྡན་དང་འབྲེལ་ལེགས་འགྲིག་དང་ཐོབ། །ཅེས་སོ། །ལེགས་པའི། །སྒྲས་བརྐྱེན་ས་དེ་ལ་འགལ་འགོག་མི་མཐུན་པ་མེད་པས་འགྲིག་པའི་རིགས་པས་བདེན་པའི་དོན་འཛིན་ན། །དེ་ལ་ཆོས་དང་མཐུན་པར་སྨྲ་བས་མི་འཇིགས་པ་ཐོབ་པས་རིགས་པ་འབྲས་བུ་སྐྱེད་པའི་བྱ་བྱེད་པའི། །ཐ་སྙད་རྒྱུ་ལ་ལྟོས་པའམ་བརྟེན་ནས་འབྲས་བུ་སྐྱེ་བ་ཉིད་དུ། །མངོན་པར་གྲུབ་པས་དེ་དག་གི་འཐད་པར་བསྒྲུབས་པའོ། ༈ །ཤེས་བྱའི་དོན་གྱི་ཆོས་ཉིད་དོན་གྱིས་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་རྣམ་འགྲེལ་ལས་སོ། །སྒྲོ་འདོགས་དང་བྲལ་བར་མངོན་སུམ་དུ་མཐོང་བ་ལ། །མ་མཐོང་བའི་ཆ་ཤས་གཞན་ལུས་པ་མེད་པས། །ན་ཕྱོགས་གཅིག་མཐོང་བའི་རྟགས་ལ་བརྟེན་པས་མ་མཐོང་བ་རྗེས་སུ་དཔག་ཏུ་མེད་པར་མངོན་སུམ་པའི་ཚད་མ། །དེ་དང་ལྡན་པ་ནི་རིགས་རྒྱུད་ཆིག་ཆོད་ཡིན་པའོ། ༈ །མངོན་སུམ་དེ་ལས་གཞན་དུ་རྗེས་དཔག་གི་རྟགས་ཙམ་འཛིན་པའི་ཤེས་པ་ཡང་། །ཤེས་བྱ་ཀུན་ལ་འཇུག་པར་ནུས་པ་ཡིན་ལ། །དེ་གཉིས་ལའང་ཕྱོགས་གཅིག་པའི་སྙིང་པོ་གང་ཡང་མ་དམིགས་པས། །དེ་ལ་འཇུག་པའི་མཁན་པོ་ནི་མཚན་ཉིད་རང་རིག་ཡེ་ཤེས་ཡིན་ལ། །ཤེས་པར་བྱ་བ་དེ་ཉིད་ནི་རྣམ་པ་སྒྱུ་མ་ཡིན་སྟེ། །གྲུབ་སྒྲོན་ལས། ཐ་དད་གྱུར་ནས་འབྲེལ་པ་ནི། །མཁས་པ་ནམ་ཡང་མི་འདོད་ལ། །ཞེས་སོ། །དེ་གཉིས་མ་འབྲེལ་ན་ཤེས་བྱ་ཤེས་པར་མི་འཐད་ལ་ཐ་དད་འབྲེལ་པའང་མི་འཐད་པས། །རང་བཞིན་སྤྲོས་པའི་དམིགས་པ་ཀུན་ལས་གྲོལ་བ་རྣམས། །མ་འདྲེས་ལ་ཡོངས་སུ་རྫོགས་པའི་སྤྱིའི་རྣམ་པ་ཙམ་རྗེས་སུ་དཔག་གོ། །བསམ་པ་དང་བསྒོམ་པའི་ཤེས་རབ་གཉིས་ཀྱིས་རྟོགས་པ་རྒྱུན་བསྲིང་ཞིང་ཁྱད་པར་དུ་བསྐྱེད་པས་དྲང་། །དེ་ཡི་རང་བཞིན་དེ་ཡིན་པས་ཐ་མི་དད་པའི་ཕྱིར། །ཁྱབ་པ་ཞེས་བྱ་འབྲེལ་པ་ཞེས་བྱ། གྲུབ་སྒྲོན་ལས། མེད་ན་མི་འབྱུང་རག་ལས་འདྲེལ། །ཁྱབ་པའི་རང་བཞིན་ཉིད་དུ་བས། །ཞེས་སོ། །མེད་ན་མི་འབྱུང་བར་ངེས་པ་ཞེས་བྱའོ། །ཕལ་ཆེར་རང་བཞིན་གྱི་གཏན་ཚིགས་དེ་ལ་བརྟེན་དགོས་ཏེ། །ཕྱིན་ཅི་ལོག་གི་སྟོབས་དང་ནུས་པ་དང་རྩལ་ཐོག་མ་མེད་པ་ནས་རྒྱས་པའི་ཕྱིར་རོ། ༈ །རྟོགས་ཐབས་དེ་ཡང་ཡི་གེ་དང་མིང་དང་ཚིག་གིས། །དོན་མཚོན་ཀྱང་སྒྲ་དེ་ལ་དོན་མི་གནས་པས། །མཚོན་བྱའི་དོན་རང་རིག་པའི་སྟེང་དུ་གཞག་སྟེ། །སྙན་ཁུང་བརྒྱུད་པའི་གདམས་པས་གནད་དུ་ཕབ་སྟེ་དོན་བསྟན་པས་རྟོགས་པ། ༈ །དེ་ཡི་སོ་ལ་མ་ཡེངས་པར་གནས་པའི་ཐབས་ནི། །དེ་ལྟར་རྟོགས་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་ནས་ཐག་ཆོད་དེ་ངེས་པ་མ་ནོར་བའི་ངོས་ཟིན་པའི། །ངང་མ་ཤོར་བར་སོས་ལམ་རིམ་ལེའུ་གཉིས་པ་ལས། དེ་ལྟར་དོན་མཐོང་༴ ཞེས་དྲང་། བདལ་ཏེ་ཀློད་ལ། །ངེས་པར་དེ་ལ་འདྲིས་ཆེན་དུ་གོམས་པའི་གདེང་ལ་གནས། ༈ །དེ་ལས་མི་འདའ་བར་དེའི་ངང་དུ་བསྡམ་པའི་ཐབས་ནི། །ཡུལ་ལ་མཚན་མ་༡རུ་འཛིན་པའི་སྒོ་ལྔའི་ཤེས་པ་དང་དེའི་རྗེས་༢སུ་མིང་ལ་སྤྲོས་པ་སྐྱེ་བ་ཡིད་དང་། །ཀུན་གཞི་ལ་ཉོན་ཡིད་༣ངེར་འཛིན་ཅིང་ཕུང་པོ་ལྷག་མ་ལ་གཞན་དུ་རྟོག་པའི་ཤེས་པའི་རྒྱུན་ལང་ཅན་དེ་དག །ཁ་འབྱམ་གྱི་ལྟ་བའམ་དོན་སྤྱིར་བལྟས་པ་ཙམ་མིན་པར། །རྣམ་པ་སྒྱུ་༡མ་རང་བཞིན་སྤྲོས་༢བྲལ་མཚན་ཉིད་རང་༣རིག་པར། །ཐུག་ཕྲད་པ་ཉིད་དུ་མ་བསྒོམས་པའི་མངོན་སུམ་པས་ཐལ་བྱུང་བས། །ཡུལ་མིང་སེམས་གསུམ་ལ་བཏུར་ཞིང་བསྒོམས་པའི་མངོན་སུམ་ཡས་དྲས་ཐག་གཅད། །སྐྱེ་ལུགས་གསུམ་རང་ལོག་ནས་སྐུ་གསུམ་དུ་ཐུག་ཕྲད་པའི་རང་སོར་གཞག་ཐབས་གསུམ་གྱིས་གཞག་གོ། །རྟོགས་པ་དེ་ཉིད་དྲན་པ་རྒྱུན་ཆགས་ཀྱི་མན་ངག་གིས་གནས་པ་ལ། །སྟོང་པ་དང་གསལ་བ་དང་རོལ་པའི་རྒྱུན་ཏེ། ༈ །ཤེས་བྱ་ཕྱི་སྣོད་དང་ནང་བཅུད་ཀྱིས་བསྡུས་པའི་ཆོས་རྣམས། །འདི་ཁོ་ནའོ་ཞེས་ངེས་པར་བརྟག་པར་དཀའ་བས། །རང་བཞིན་ཅིར་ཡང་གྲུབ་པ་མེད་པར་གནས་པ་ནི། །སྟོང་པ་ཉིད་ཡེ་ནས་རྒྱུན་དུ་གནས་པའོ། ༈ །སྟོང་པ་དེ་མཁྱེན་པ་ནི་རང་རིག་པའི་ཡེ་ཤེས་ཡིན་ཏེ། །ཤེས་བྱ་ཀུན་གསལ་བའི་ཉི་མ་འོད་པོ་ཆེ། །དེ་སྐད་ཅིག་ཀྱང་འགག་མ་མྱོང་བར་གསལ་བ་ནི། །ཀུན་མཁྱེན་གྱི་ཡེ་ཤེས་རྒྱུན་མི་འཆད་པར་གནས་པའོ། ༈ །སྟོང་གསལ་དེ་ཡི་རོལ་པ་ནི་འབྱུང་བ་ལྔ་དང་། །ལམ་སའི་ཡོན་ཏན་དྲོད་དང་རྟགས་དང་མངོན་ཤེས་དང་། །རྒྱལ་བའི་ཞིང་དང་གཞལ་ཡས་ཁང་དང་གདན་དང་། །འཁོར་དང་བསྟན་པ་དང་རྒྱན་དང་སྟོབས་དང་རྫུ་འཕྲུལ་དང་མ་འདྲེས་པ་དང་མཚན་དཔེ་སོགས་པར་མ་འགགས་པར་འཆར་རོ། ༈ །རོལ་པ་དེ་ལམ་དུ་ཁྱེར་བ་ལ་དཀྱིལ་འཁོར་དང་སྒྲུབ་པ་དང་། །འདའ་ཀ་མའི་མན་ངག་བར་དོ་ནས། །རང་༼༡༽གཞན་༼༣༽གྲོལ་༼༢༽ཞིང་དགྲོལ་༼༤༽བར་བྱའོ། ༈ །འཁྲུལ་པ་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ནི་རང་རིག་དང་རང་འོད་དང་། །སྤྲོས་བྲལ་གྱི་སྙིང་༡༡ པོ་ལེན་༡པས་༡ན་དལ་ཏེ། ༈ །དེ་ཡི་ཐུགས་རྗེ་འགྲོ་བ་འདུལ་བར། །རྡོ་རྗེ་དབྱིངས་ཀྱི་དལ་རྣམས་སུ་སྤྲུལ་པ་ནི། །བྱ་བའི་རྒྱུད་དམ་གཉི་གའི་རྒྱུད་དམ་རྣལ་འབྱོར་རམ། །སྔགས་ནང་པའི་བསྐྱེད་པ་མ་ཧཱ་རྫོགས་པ་ཨུ་ནུའི་རྟེན་གཞིའི་རྐྱེན་ཉིད་པས། །རྩ་བ་ཞི་ཁྲོ་གཉིས་འཇམ་དཔལ་སྐུ་པདྨ་གསུང་ཡང་དག་ཐུགས་བདུད་རྩི་ཡོན་ཏན། །ཕུར་པ་ཕྲིན་ལས་འདུས་པ་ཡུམ་གྱི་དབྱིངས། །མཁའ་འགྲོ་ཚོགས་ཀྱི་རྟེན་གཞིར་དཀྱིལ་འཁོར་དེ་རྫོགས་སོ། ༈ །བསྒྲུབ་པའང་དཀྱིལ་འཁོར་དེའི་ཚུལ་དུ་ལམ་གྱི་གྲོགས་སུ་ངེས་པ་སྟེ་དེ་ལ་ཡང་། །ཏིང་ངེས་སྒྲུབ་པ་ནི་གྲོལ་ལམ་ཡིན་པས་༡༽ནང་དང་། སྐལ་མེད་ལ་གསང་བ་སྟེང་སྒོའི་རྩ་དང་ཐིག་ལེ་ལུས་ཀྱི་ནང་ན་ཡོད་པས་༼༢ཡང་ཆེས་གསང་བ་འོག་སྒོའི་བདེ་ལ་མི་རྟོག་པ་རྟོགས་དཀའ་བས།༼༣༽ སངས་རྒྱས་ཀྱི་ཐུགས།༼༤༽ ཕྱི་༡༽དང་ནང་༼༢དང་གསང་༼༣༽བ་དང་། །༼༤༽ཇི་ལྟ་བར་སྒྲུབ་པ་ནི་རང་བཞིན་མ་ནོར་བས་དེ་ཁོ་ན་ཉིད་དང་བཞི་བཞིར་ངེས་པར་སྦྱར་ཏེ། ༈ །སྟོང་པ་ཆེན་པོ་དང་སྙིང་རྗེ་སྒྱུ་མ་དང་ཡིག་འབྲུ་ནི་ཕྱིའི་ཏིང་ངེ་འཛིན་གསུམ་ལ། །གསལ་ལ་མི་རྟོག་པ་གནས་པས་སྙིང་ཀ་དེ་ཏིང་འོད་གསལ་གནས་པས་མགྲིན་པ་ལོངས་སྤྱོད་ཀུན་ཏིང་བདེ་བའི་རྟེན་གཞིར་གནས་པས་ལྟེ་བ་རྒྱུའི་ཏིང་ངེ་སྟེ་ནང་། །ཡུམ་༼དེ་༽སྟོང་པ་དང་ཡབ་༼ཀུན་༽ གསལ་བ་དང་འདྲེས་བདེ་བ་དང་ལྡན་པའི་ཐིག་ལེ་ནི་གསང་བའི་གསུམ། དེ་རང་བཞིན་དང་མཚན་༼ཀུན་༽ཉིད་དང་རྣམ་༼རྒྱུ་༽ པར་ཤར་བས། །མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངང་དུ་གནས་པ་ནི་དེ་ཁོ་ན་ཉིད་ཀྱིའོ། ༈ །འབྱུང་བ་ལྔ་རིམ་པར་བརྩེགས་པའི་སྟེང་དུ་གཞལ་ཡས་ཁང་ཁྱིམ་དང་སྦྲ་གུར་གྱི་ཚུལ་དུ་སྒོམ་པ་ཕྱི། །ཕུང་པོ་དུར་ཁྲོད་ཀྱི་གཞལ་ཡས་དང་དབང་པོ་སྒོ་ལྔ་རིམ་བརྩེགས། ཡན་ལག་བརྒྱད་པ་ལས། སྒྲ་དང་རེག་བྱ་གཟུགས་རོ་དྲི། །རིམ་པ་བཞིན་དུ་ནམ་མཁའ་རླུང་། །མེ་ཆུ་སའི་ཡིན་ཞེས་སོ། །ནང་། །ཡུམ་གྱི་མཁའ་གསང་བ་རྡོ་རྗེ་རྟེན་པའི་གནས་ལས་བཞིའི་དབྱིབས་དང་ལྡན་པ་ནི་གསང་བའི་འོ། །ལྷུན་གནས་བདེ་བ་ཆེན་པོ་དང་ལྡན་པ་ནི་དེ་ཁོ་ནའོ་ཉིད་ཀྱི་གནས་ཁང་ངོ་། ༈ །སྐུ་མདོག་དང་ཕྱག་མཚན་དང་ཞལ་དང་ལྡན་པའི་སྐུ་ཕྱག་རྒྱ་སྒོམ་པ་ནི་ཕྱིའི་ལྷ། །རྟོག་ཚོགས་ཀྱི་དོན་ལྷའི་བརྡར་གསལ་བ་ནི་ནང་། །རྩ་གནས་ཀྱི་ཐིག་ལེ་བདེ་གསལ་ཟུང་འབྲེལ་ནི་གསང་བ་ལྷའི་སྐུ། །ཡེ་ནས་ལྷུན་གྱིས་གྲུབ་པ་ཤེས་བསྒྲུབ་ཀྱི་དོན་ཆེན་པོ་ནི་དེ་ཁོ་ན་ཉིད་ཀྱི་ལྷའོ། ༈ །རྟེན་ཐོད་ཁང་ངམ་རཏྣའི་ཁང་བུའི་ནང་དུ་དོན་ཡེ་ཤེས་ལྔའི་རྟགས་རིགས་ལྔ་དང་ལྡན་པར་རྫོགས་པ་ནི་ཕྱིའི་དབང་། །ཁམས་ལྔའི་བཅུད་བདེ་སྟོང་གི་ཡེ་ཤེས་ཀྱི་རྒྱས་བཏབ་པ་དེ། །མེ་རླུང་གི་རྐྱེན་༡འོག་སྒོའི་སྟོབས་ལས་བྱུང་བ་ནི་ནང་༡དང་གསང་༡བའི་དབང་བསྐུར་བའོ། །རང་བྱུང་ཡེ་ཤེས་ཉག་གཅིག་ལ་ཡོན་ཏན་གྱི་ལྡོག་ཆ་ཡིས་ཡེ་ཤེས་ལྔར་རྒྱས་བཏབ། ༈ །སྤྱི་བོ་དང་མགྲིན་པ་དང་ཙིཏྟའི་གནས་སུ་ཀཱ་བཱ་ཙིའི་དམ་ཚིག་གསུམ་གྱི་ངོ་བོ། །དེ་པད་རྡོ་རྗེའི་རིགས་གསུམ་གྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་ནི་ཕྱི། །སྒོ་ལུས་ངག་ཡིད་གསུམ་བདེ་གསལ་གྱི་དོན་བརླན་པ་ནི་ནང་དང་གསང་བའི་རྟེན་བྱིན་གྱིས་བརླབ་བོ། །ཡིན་ལུགས་ཀྱིས་རྟེན་བྱེད་པས་སྐུ་བརྡ་སྤྲད་པས་གསུང་ཡེ་ནས་གསལ་བས་ཐུགས་དེ་ཁོ་ན་ཉིད་ཡིན་མོད། ༈ །འོག་མིན་གྱི་གནས་སམ་སྟུག་པོ་བཀོད་པའི་ཕོ་བྲང་ནས། །འཇིག་རྟེན་གྱི་དབང་པོ་རྒྱལ་པོའི་ཆོས་དང་ཚུལ་མཐུན་དུ། །ཡེ་ཤེས་པ་ལ་མོས་པས་སྙན་གསན་དབབ་པ་དང་སྤྱན་དྲང་བ་དང་དབྱེར་མེད་དུ་བསྟིམ་པ་ཕྱི། །རྐྱེན་གྱི་འཁོར་ལོ་མེ་རླུང་གཉིས་བསྐྱོད་པས་རྩ་བའི་འཁོར་ལོ་བཞིའི་ཐིག་ལེ། །བཞུ་བས་སྙན་གསན་ཕབ་སྟེ་དེའི་གཟི་བརྗིད་གཡས་རོ་མ་དང་གཡོན་རྐྱང་མ་དང་བདེ་བའི་ལམ་གཉིས་ནས། །ནམ་མཁའི་བ་བཞོ་བ་ཡིས་བདེ་གསལ་གྱི་ཡེ་ཤེས་དང་དྲོད། །ཕེབས་པ་ནི་ནང་གི་སྤྱན་དྲང་བ་ཡིན་ལ་གསང་བའི་ཡང་རྒྱུ་ཡིན་པས། །དེས་རྒྱུད་བརླན་པ་ནི་སྙན་གསན་དབབ་པའོ། །ཁམས་དབང་ཡུལ་རྣམ་ཤེས་གསུམ་རོལ་པ་ལས། །ཉི་ཟླ་གཉིས་འདྲེས་ཀྱི་བདེ་བ་གསལ་སྟོང་ཟུང་འཇུག་ཉིད་གསང་བའི་སྐུ་ཡིན་པས་དེ་ཉིད་སྤྱན་དྲང་བའོ། །རང་བཞིན་གྱིས་རྣམ་པར་དག་པའི་མཎྜ་ལ་དཀྱིལ་འཁོར། །རང་བཞིན་སྟོང་མཚན་ཉིད་གསལ་རྣམ་པའི་འོད་དང་ལྡན་པར་ཡོངས་སུ་རྫོགས་པར་ཡེ་ནས་གཤེགས་པ་ནི་སྤྱན་དྲང་བ་ལ། །དང་པོ་འདུ་བ་དང་ཐ་མ་འབྲལ་བ་མེད་པར་རྟོགས་པ་ནི་གཉིས་མེད་དུ་བསྟིམ་པའི་དོན་ལྡན་གྱི་མིང་ངོ་། ༈ །རང་གཞན་གྱི་འདོད་པའི་དོན་མ་གྲུབ་ཀྱི་བར་དུ་བརྟན་པར་བཞུགས་པ་ཕྱི། །ཁ་ཟས་སྨན་དམ་རྫས་སྤྱོད་ལམ་གྱིས་ལུས་གསོས་པས་ཡིད་གསལ་ཞིང་ལུས་དྲོད་དང་ལྡན་པས་ལུས་བརྟན་པར་བྱ་བ་ནང་། །ཐིག་ལེའི་བདེ་བ་རྒྱས་པས་ཚེ་རིང་བ་དང་ལྡན་པ་ནི་གསང་བའི་བརྟན་པ། །སྟོང་གསལ་རང་འོད་རྫོགས་པར་རྟོགས་པ་ལས་གོམས་པས་འགྱུར་བ་མེད་པ་ནི། །བག་ལ་ཉལ་གྱི་སྒྲིབ་པ་ནོན་པས་དེ་ཁོ་ཉིད་ཀྱི་བརྟན་པའོ། ༈ །བསྐྱེད་པ་དམ་ཚིག་གི་དལ་དང་སྤྱན་དྲངས་ཡེ་ཤེས་ཀྱི་དལ་དབྱེར་མེད་དུ་མོས་པ་ནི་ཕྱིའི་ཕྱག །ཕུང་པོ་ཉིད་དྲོད་དང་བདེ་བར་གསལ་བར་མཇལ་བ་ནི་ནང་། །འདོད་ཆགས་སུ་འཛིན་པ་ཉིད་ཡེ་ཤེས་སུ་མཇལ་བ་ནི་གསང་བའི། །རྣམ་ཤེས་ཚོགས་བརྒྱད་ལ་གསལ་བར་མྱོང་བ་ཤེས་པ་གསུམ་ལྷུན་གྲུབ་གསུམ་དུ་མཇལ་བ་དེ་ཁོ་ནའི་ཕྱག་གོ། ༈ །ལྷ་ཡེ་ཤེས་ཅན་གྱི་སྤྱན་སྔ་རུ། །བདག་ཁྱེད་དང་འདྲ་བར་གྲོལ་ནས་ཐབས་བསམ་ཡས་ཀྱིས་གཞན་བསྒྲལ་ཞིང་སངས་རྒྱས་ཀྱི་མཛད་པ་མཐར་དབྱུང་བར་དམ་བཅའ་བ་ནི་ཕྱི། །རང་གི་ལུས་ཉིད་ཐབས་ཀྱིས་རྡོ་རྗེ་རུ་གྲུབ་པས་གཞན་བསྒྲལ་བར་དམ་བཅའ་བ་ནང་དང་། །རང་འདོད་པའི་མེས་ཚིག་བ་ལ་འདོད་པའི་མེས་མི་འཆིང་བར་གསོ་བ་ལ་གཞན་དོན་རྫོགས་པར་དམ་བཅའ་བ། །ཡིད་ལུགས་རྟོགས་པའི་ངང་དུ་གོམས་པས་གནས་ཤིང་དེ་ལས་མི་འདའ་བར་དམ་བཅས་པ་ནི་དེ་ཁོ་ནའོ། ༈ །རྟོག་ཚོགས་རྣམས་ལྷར་རྒྱས་༼ཕྱི་༽བཏབ་ཅིང་དེར་གནས་སུ་སྟོབ་༡པས་ཕྱག་རྒྱའི་མཆོད་པའོ། །དེ་༡བཞིན་དུ་རྟོག་ཚོགས་ལ་སྟེང་སྒོའི་མི་རྟོག་གསལ་༼ནང་༽བའི་ཡེ་ཤེས་ཀྱིས་རྒྱས་བཏབ་པ་དང་། །འོག་སྒོའི་རྟེན་ཉི་ཟླ་གཉིས་འདྲེས་པའི་རྟེན་ཅན་བདེ་གསལ་༼གསང་༽སྟོང་ཉིད་ཀྱིས་རྒྱས་བཏབ་ཅིང་རྟོག་ཚོགས་དེར་སྟོབ་པའོ། །རྣམ་ཤེས་ཚོགས་བརྒྱད་ཀྱི་གསལ་བར་མྱོང་བའི་ཤེས་པ་ང་བདག་སྤྲོས་པ་མཚན་མར་སྐྱེ་བའི་ཉོན་ཡིད་ཡིད་སྒོ་ལྔ་གསུམ། །ལ་རིམ་པར་རང་རིག་དང་སྤྲོས་༼དེ་ཁོ་ན་༽བྲལ་དང་སྒྱུ་མས་རྒྱས་བཏབ་པས་ཕྱག་རྒྱ། །དེ་དག་བདེ་བ་ཆེན་པོ་གནས་སུ་སྟོབ་པས་མཆོད་པའོ། ༈ །སྤྱོད་ཡུལ་ཐམས་ཅད་སེམས་ཉིད་དུ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོ་སྟེ་དེ་ལ། །ཕྱི་ཐུན་མོང་ནང་ཁྱད་པར་གསང་བའི་བྱང་ཆུབ་སེམས་ཀྱི་མཆོད་པ་རྫོགས་པའམ། །ཡེ་ཤེས་ཅན་དང་ནམ་མཁའི་ངང་སྟེ་འཁོར་གསུམ་ཡོངས་སུ་དག་པའམ། །སྟོང་གསལ་བདེ་བའི་ངང་དུ་དབུལ། །སྤྱོད་ཡུལ་མ་ལུས་པ་བདེ་བ་ཆེན་པོའི་ངང་དུ་སྟོབ་པར་དབུལ་ལོ། ༈ །ཡོན་ཆབ་ཀྱིས་ཕྱག་༡ཞབས་༡ ཞལ་༡བསིལ་༡ ༡རྣམས་ལྷ་ཚོགས་ལ་བྱ་བ་ནི་ཕྱི། །རྩ་གནས་འཁོར་ལོ་བཞི་རྐྱེན་མེ་རླུང་གྱིས་ནམ་མཁའི་བ་བཞོས་པས་བཀྲུ་བ་ནང་། །ཆགས་པའི་སྲེད་པའི་དྲི་མ་ཐབས་ཀྱིས་ཚངས་པར་དག །མ་རིག་པའི་དྲི་མ་ཡེ་ཤེས་ཉིད་ཡིན་པས་བཀྲུ་བ་དེ་ཁོ་ནའོ། ༈ །ཕྱི་ཚིམ་༡པ་སྤོས་མཛེས་༢པ་མེ་ཏོག་མུན་པ་སེལ་༣བ་མར་མེ་དྲི་དང་ལྡན་༤པ་བྱུག་པ་རྣམས། །ཟག་པ་མེད་པའི་ཕུང་པོ་ཚུལ་ཁྲིམས་ལ་སོགས་པ་ལྔའི་ལྷ་མོ་བཞི། །གང་ལ་འབུལ་ན་བདེ་གཤེགས་ཀྱི་ཤངས་༡དང་དབུ་༢དང་སྤྱན་༣དང་ཐུགས་༤ཀར་དབུལ། །དེ་དག་གི་སྐུ་མདོག་སེར་༡མཐིང་༢དམར་༣ལྗང་༤བཞི་བསྣོལ་མ་ཡིས། །ཡང་ན་བདག་༼དེ་བཞིན་གཤེགས་པའི་༽དམ་ཚིག་པ་ལ་༼དང་༽ མཆོད་པ་བཞི་༼ཆེན་པོ་༽སླར་ལན་གྱི་ཚུལ་དུ་༼བདག་ལ་༽ ཐིམ་པས་དག་ཅིང་གྲུབ་པར་མཛད་དོ། །སྤོས་དྲི་དང་ལྡན་པའི་རྩ་བའི་མེ་ཏོག་ལས་ནང་གསང་། །ཐིག་ལེའི་བདེ་བ་གསལ་བས་མར་མེ་ཚིམ་པར་མཛད་མ་དྲི་ཆབ། །གང་དུ་ན་སྟེང་སྒོ་འཁོར་ལོའི་གནས་སམ་འོག་སྒོ་ཡུམ་གྱི་བྷ་གའི་མཁར། །བདེ་གསལ་གྱིས་མཆོད་པ་དང་ཡང་ལན་གྱི་ཚུལ་དུ་རང་གིས་ཉམས་སུ་མྱོང་བའོ། །རྟོག་གོམས་ཀྱི་དོན་དང་ལྡན་ཏེ་སེམས་དྭང་པས་ཚིམ་པར་བྱེད་པ་ནི་སྤོས། །མཐའི་ཉེས་པས་མ་གོས་པར་ཤེས་བྱ་ཀུན་གསལ་བ་ནི་མེ་ཏོག་པདྨར་མཛེས། །དེས་མ་རིག་པའི་མུན་པ་སེལ་བ་ནི་སྣང་གསལ་སྒྲོན་མེ། །སྲེད་པ་འཁོར་བའི་ཉེས་པ་བསིལ་ཞིང་ཆོས་ཀྱི་དྲི་དང་ལྡན་པ་ནི་བྱུག་པ་སེམས། །ཡུལ་དང་སེམས་གཉིས་ཀ་ཡེ་ཤེས་སུ་གསལ་བས་ཕན་ཚུན་དུ་མཉེས་པས་བཞི་བསྣོལ་ལོ། ༈ །གཙང་སྨེར་འཛིན་པའི་བདུད་ལ་དམ་རྫས་ལྔའི་རྩིས། །ཚ་རིམས་དུག་མཛེ་ཤུ་ཐོར་གླང་ཐབས་ནད་ལྔ་སེལ་ཐུན་མོང་གི་དགོས་པར་ཚེ་རིང་ནོར་ཕྱུག་མཐུ་ཆེ་མདངས་གསལ་སྐད་སྙན་པ་ལྔ་དང་ལྡན། །རྡོ་རྗེའི་རིགས་ལ་སོགས་པ་ལྔའི་དངོས་གྲུབ་ཐུན་མོང་བ་བྱང་སེམས་ལ་སོགས་པས་ལེན། །ཆོས་ཉིད་རང་བཞིན་གྱིས་ཆོས་ཅན་རང་གི་ངོ་བོས། བྱིན་གྱི་རླབས་ཀྱིས་མཐུ་ཡིས་གྲུབ་པ་བཞི་ཡིས་བརྒྱན་ཏེ་ལྷ་ལ་དབུལ་ལོ། །ལུས་ཀྱི་ཁམས་ལྔའི་སྙིགས་མ་སྐྱེ་བ་བཞིའམ་ཆུ་བོ་བཞིར་སྐྱོར་བའི་བདུད་ལ། །བཅུད་དྭངས་མ་ལྔའི་ཁུ་བས་རྩིར་ལེན་པའི་ཐབས་ཀྱིས། །རྩ་བའི་འཁོར་ལོ་བཞིར་ཁྱབ་པའི་རྩ་གནས་སུ་མཆོད་པ། །སྟེང་ངམ་གསང་བའི་གནས་ཡུམ་གྱི་མཁའ་ཉིད་དུ། །མི་འཆིང་བར་གྲོལ་བས་ཐབས་ཀྱི་དམ་པའི་རྩིར་མཆོད་ཅིང་བསྟབས་པའོ། །ཕྱི་སྒོ་ལྔ་པར་ཡིད་ནང་ཉོན་ཡིད་དོན་གྱི་ལ་མི་གནས་པའི་བདུད་བཞི་པོ་རྣམས། །ཀྱི་རང་བཞིན་མ་ནོར་ཤེས་ཏེ་རྟོགས་ནས་དེའི་ངང་དུ་མ་བཅོས་པར་བཞག་པའི་རྩིར། །སྤང་བྱ་མེད་པས་ཀུན་ཏུ་བཟང་པོ་དབྱེར་མེད་ཀྱི་དོན་དུ་རྒྱས་པར་མཆོད། ༈ །དམ་རྫས་ལྔ་དང་རྟ་གླང་པོ་ཆེ་མི་གླང་ཁྱིའི་ཤ་ལྔ་འབྱུང་བ་ལྔའི་བཅུད། །ཟན་རྣམས་སྦྱར་བ་ལས་ཐུགས་༡ཧཱུྃ་གསུང་༢ཨྃ་ཨཱོཾ་སྐུ་༣ཡི་སྙིང་༡༢༣པོས་བརླབས། །ཆོས་ཉིད་དུ་སྦྱང་༡ཡེ་ཤེས་ཀྱི་བདུད་རྩིར་འབར་༢འདོད་༣པའི་ལྷ་མོ་དྲུག་དང་ལྡན་པའི། །སྐུ་མདོག་དཀར་༡མཐིང་༢སེར་༣དམར་༤ལྗང་༥ཤེལ་ལྟར། །གཟུགས་༡མེ་ལོང་སྒྲ་༢པི་ཝཾ་དྲི་༣སྤོས་ཁང་ཞལ་ཟས་༤ན་བཟའ་༥རྡོ་རྗེ་དྲིལ་བུ་ཐོགས་པ་རྣམས། །དོན་ཆོས་ཉིད་ལ་ཡེ་ཤེས་རྟགས་ལྷ་ལ་ལྷ་ཐིམ་པར་རོལ་ལོ། །ཟག་བཅས་ཀྱི་ཕུང་པོ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་བདེ་བས།༡ །སྟེང་༣སྒོ་འཁོར་ལོ་འཇུ་འདུལ་དང་འོག་༤༼གསང་༽སྒོ་ཁམས་གསུམ་རོལ་པ་རྒྱུ་ལས་ཚིམ་༢པར་ཐིམ་པ་ནི། །བཀྲ་གསལ་གཟུགས་ལ་སོགས་པའི་དཀྱིལ་འཁོར་དྲུག་ཉིད་ཡེ་ཤེས་ཀྱིས། །རྟོགས་པའི་སྙིང་པོ་ལོངས་པས་ལྷུན་གནས་བདེ་ཆེན་གྱི་ངང་དུ་མཉེས་པ་དེ་ཁོ་ན་ཉིད་ཡིན་ནོ། །གང་ལྟར་འདོད་ཡོན་དྲུག་ཉིད་ཆོས་ཉིད་ཡེ་ཤེས་ལྷ་ལ་ལྷ་ཐིམ་པའི་དོན་གསུམ་རྫོགས་པ་ནི། ༈ །སྣང་བ་སྣོད་སྲིད་པ་བཅུད་ཐམས་ཅད་མ་སྤངས་པར་སེམས་ཉིད་དུ་ཤེས་པས་ལྷག་པ་ཏིང་ངེའི་མཆོད་པ་གནས་སུ་སྟོབས་པའོ། ༈ །མུ་མཐའི་ཕྱོགས་རིས་སུ་འཛིན་པའི་རྟོག་པ་ཆོས་ཉིད་ཀྱི་ངང་དུ་བསྒྲལ་བ། ༈ །དེས་ན་དོན་གྱི་གནས་ལུགས་ལ་སྦྱར་བས་མཆོད་བའང་ཡིན་ནོ། ༈ །ཆོས་ཉིད་ཀྱི་ངང་ལས་རོལ་མོའི་སྒྲ་མ་འགགས་པར་བྱུང་༼༠༽ནས། །དེ་༼༠༽ ཡིས་འགྲོ་བའི་དོན་དུ་བློ་དང་འཚམ་པའི་ཆོས་སྒྲ་དང་རྒྱལ་བ་རྣམས་བསྟོད་དབྱངས་ཀྱིས་རྒྱས་པར་མཆོད་པས་རོལ་མོ་ཡེ་ཤེས་སོ། ༈ །མཆོད་བཤགས་ལན་གསུམ་བརྗོད་པས་ཆོ་གའི་ལྷག་ཆད་དམ་ཚིག་གི་ཆག་ཉམས་ཚེ་རབས་ཀྱི་སྒྲིབ་པ་པ་གསུམ་བསྐངས་པ་ཡིན། ༈ །སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་དང་། །སྤྱིར་བསྡུས་ཏེ་བསྟོད་པ་དང་དྲུག་ཕྱི་དང་ནང་དང་གསང་བ་དང་དོན་དང་བཞི་རུ་བསྟོད་དོ། ༈ །དགོངས་སུ་གསོལ་བ་དང་མཆོད་པ་དང་བཤགས་པ་དང་དངོས་གྲུབ་སྩོལ་བ་དང་ཕྲིན་ལས་བཅོལ་བ་རྣམས། །ཡེ་ཤེས་ཅན་ལ་དེ་ལྟར་འདོད་པས་སྨོན་ལམ་གདབ་པ་ཕྱི་དང་། །ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་འཁོར་ལོ་བཞི་རུ་རྒྱུ་བའི་རླུང་ལུས་ཟུངས་བཅུད་དང་འབྲེལ་བ་སྲོག་འཛིན་ཤེས་རྟེན་སྙིགས་མ་ལུས་ཀྱི་ལས་བྱེད་གསུམ་ལས་སུ་རུང་བ་ལས། །བདེ་བའི་ཡེ་ཤེས་སྟོང་པའི་རྒྱས་ཐེབས་པའི་ནམ་མཁའི་གཟུགས་ཅན་དུ་སྨོན་པ་ནང་དང་། །གསང་བའི་ཁམས་གསུམ་རོལ་པའི་བདེ་གསལ་ངོས་མེད་སྐྱེ་བར་སྨོན་པ་གསང་བ་དང་། །མ་ནོར་མ་བཅོས་པའི་ངང་ཉིད་དུ་གནས་དེ་ཁོ་ན་ཉིད་དོ། ༈ །ཉེས་པའི་སྐྱོན་ལས་གྲོལ་བ་དང་ལེགས་པའི་ཡོན་ཏན་རྫོགས་པར། །འདོད་པའི་དོན་ལ་གསོལ་བ་གདབ་པ་ལ་བཞི་སྦྱར་བའང་སྨོན་ལམ་དེ་ལྟར་ཉིད་དོ། ༈ །ཐུན་མོང་གི་སྒྲུབ་པ་ཚེ་དབང་དང་པྲ་ལ་སོགས་ནུས་པ་ལ། །བརྟེན་ནས་ཁྱད་པར་གྱི་དོན་སངས་རྒྱས་སྒྲུབ་པའམ། །ཡང་ན་ཁྱད་པར་རྟོགས་གོམས་ཀྱི་ངང་དུ་ཐུན་མོང་ཐམས་ཅད་རྫོགས་པར་གནས་པས། །ཁྱད་པར་ཕྱི་ཞོར་ལ་ཐུན་མོང་གི་ནུས་པའི་རྩལ་རྫོགས་པར། ༈ །བསྒྲུབ་པ་གང་བྱེད་ཀྱང་བསྙེན་པ་དང་ཉེ་བསྙེན་དང་སྒྲུབ་པ་དང་སྒྲུབ་པ་ཆེན། །པོ་དང་བཞི་པོ་ལམ་ལམ་གྱི་ནི། སྟོང་སྒྱུ་༢བསྙེན་པ། གཅིག་སྤྲོས་༢ཉེ་བསྙེན། ཚོགས་སྒྲུབ་སྒྲུབ་པ། དངོས་གྲུབ་༼ལམ་༽ལེན་པའམ་ཨཱ་༼སྦྱར་༽ལི་ཉམས་སུ་ལེན་པ་སྒྲུབ་ཆེན་པོ། སྦྱོར་བའི་ནི་ཡུམ་མཚན་ལྡན་རྙེད་ནས་ཆོས་བཤད་པ་༼བསྙེན་པ་༽བྱིན་གྱིས་རླབས་ནས་བདེ་བ་རྒྱས་པ་༼ཉེ་བསྙེན་༽ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་༼སྒྲུབ་པ་༽ཐིག་ལེ་གནས་སུ་བཟློག་པའོ། །༼སྒྲུབ་ཆེན་༽སྒྲུབ་པའི་ནི་སྒྲུབ་ཐབས་གང་བྱེད་ལྟར་རོ། །དུས་དང་སྦྱོར་བ་ཐབས་ཀྱི་དང་སྒྲུབ་པ་དུས་ཀྱི་དང་དོན་དང་བཞི་ལ་སྦྱོར་རོ། ༈ །སེམས་དཔའ་རྣལ་འབྱོར་ཡོ་ག་པའི་ཚུལ་དུ་ཡེ་ཤེས་པ་དང་དམ་ཚིག་པ་ཕྱེ་ནས་ཕར་འཕྲོས་པས་སྒྲིབ་པ་སྦྱོང་བ་དང་དབང་བསྐུར་བ་དང་དངོས་གྲུབ་བསྐུལ་ལ། །ཚུར་འདུས་པས་དངོས་གྲུབ་ནོད་པ་དང་ཕར་མི་སྤྲོ་བར་ཚུར་སྡུད་པ་འབའ་ཞིག་ཏུ་བྱ་བ་དང་། །ཡབ་ཡུམ་གྱི་ཞལ་དང་མཁའ་གསང་སྤྲད་ལ་འཕྲོ་འདུ་འགལ་མེ་ལྟར་བསྐོར་བས། །ཚུར་ཐིམ་པས་སྒྲིབ་པ་སྦྱོང་བ་དང་ཕར་འཕྲོ་བའི་ཏིང་ངེ་བྱེད་པས་དོན་བདེ་སྟོང་ཉིད་གསལ་བ་དང་། །སྣང་༡བ་གྲགས་༢པ་དྲན་༣རིག་གསུམ་སྐུ་༡དང་གསུང་༢དང་༣ཐུགས། །ཀྱི་ངང་དུ་རྫོགས་པའི་ཏིང་ངེ་ནི་ཕྱིའི་འཛབ་ཀྱི་གསུམ་ཚུལ། །རྩ་བའི་འཁོར་ལོ་བཞི་ལ་རྐྱེན་གྱི་འཁོར་ལོ་གཉིས་ཀྱིས་བསྐུལ་བས་ལྟེ་བ་དང་རྩ་འདབ་ལ་ཡིག་འབྲུར་རྫོགས་པ་ནི། །ནང་གི་འཛབ་ཡིན་ལ། ༈ །རྩ་དབུ་མ་རྟེན་ཐིག་ལེ་རྟེན་ཅན་དགའ་བ་བཅུ་དྲུག་གི་རྩ་མདུད་དང་ལྡན་པ་ནས། །ཐིག་ལེའི་ཕྲེང་བས་འགལ་མེ་ལྟར་བསྐོར་བཟློག་བྱས་ནས་གསང་བའི་འཛབ་བཟླས་པའོ། ༈ །ལྟ་བ་རྟོགས་༼༠༽པ་དང་དེའི་ངང་དུ་གནས་༼ཉེ་བསྙེན་༽ པ་དང་། དེ་ལ་རྒྱུན་དུ་གོམས་པ་དང་། དེའི་དོན་མཐར་ཕྱིན་༼སྒྲུབ་ཆེན་༽པ་བཞི་ནི། །དེ་ཁོ་ན་ཉིད་དོན་གྱི་བསྙེན་སྒྲུབ་སྟེ་རང་ལ་གནས་ཤིང་རྫོགས་པའོ། ༈ །འཛབ་བསྐུལ་ཞིང་འཛབ་བསྟོད་པའང་འཛབ་ལ་ཡོད་པ་དེ་བཞིན་ནོ། ༈ །འཛབ་སྟོང་སྟོང་གི་ཚིགས་སམ། ནངས་དགོང་གུང་གཉིས་ཏེ་ཐུན་བཞིར་ཚོགས་ཀྱིས་མཆོད་པའང་། །དགའ་ལྡན་ལྷ་དང་འབྱོར་ལྡན་ཡོ་བྱད་དང་སྒྲུབ་པ་པོ། །རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་སོ། །རྣལ་འབྱོར་འདུས་པའི་ཚོགས། །བྱིན་གྱིས་བརླབ་པའི་དགོངས་པ་གཏོར་མའི་མཆོད་པའི་སྐབས་སུ་ཤེས། །ཅི་ནུས་སུ་འབྱོར་པས་འབད་པར་བྱ་བ་ཡིན། ༈ །རྣལ་འབྱོར་པ་དང་དམ་ཚིག་ཅན་གྱི་ལས་བྱེད་དམ་ཅན་མཁའ་འགྲོ་མའི་ཚོགས་རྣམས་ལ། །ལྷག་མ་ལ་ཁ་ཆུ་བྲན་ལ་ཅི་འདོད་པས་མཆོད་ཅིང་བསྐང་། །ཕྲིན་ལས་བཅོལ་བཤགས་པ་བྱ་དམ་ཚིག་བསྒྲགས། །ལས་རྗེས་བཀྲ་ཤིས་པའི་ཕྱིར་གཏོར་མའི་ཆ་གཅིག་མེ་ཡི་ལས། །སྦྱིན་སྲེག་རྫོགས་པར་བྱ་ཆ་གཅིག་གཏེར་དུ་སྦ། །ཆ་གཅིག་ཡང་ན་བོད་ཁམས་ཞིང་སྐྱོང་མ་སྐྱོང་བའི་བརྟན་མ་མཆོད་ལ་འགྲོ་དྲུག་ལ། །མཆོད་སྦྱིན་བྱ་བ་ནི་རིན་ཆེན་མཆོད་སྡོང་དུ་དམིགས་ལ་བསྔོའོ། །དཀྱིལ་འཁོར་བསྡུ་ཞིང་རྟག་པའི་མཐའ་བསལ་ལྷར་བསྐྱེད་ལ་ཆད་མཐའ་བསལ། །རྒྱ་ཁྲམ་གྱི་གོ་ཆ་དང་ཁྲོ་བོས་ལུས་བསྲུངས་ཏེ་དགེ་བའི་རྩ་བར་འཁོར་གསུམ་མི་རྟོག་པས་བསྔོ། །བཀྲ་ཤིས་གསོལ་ཞིང་སྤྱོད་ལམ་རྒྱུན་གྱི་ཏིང་ངེའི་ངང་དུ་གནས་པར་བྱའོ། ༈ །དེ་ཡང་རྡོ་རྗེ་སེམས་དཔའ་ཉིད་དུ་བསྒོམས་པའི་རྣལ་འབྱོར་པས། །རྒྱལ་བའི་ལམ་ཀུན་མ་ནོར་བསྒོམས་པ་ཡིན། །བསྒྲུབ་པ་དེ་ཡང་གོང་གི་དེ་ཀུན་དོན་ཕྱི་ནང་གསང་བ་དེ་ཁོ་ན་བཞི་བཞིར་ལྡན་པ། །ནི་ཡོ་ག་བཞིའི་དགོངས་པ་རྣལ་འབྱོར་པ་གཅིག་གི་ལམ་དུ་བཀྱེར་བའོ། ༈ །ལུས་སྐྱེད་པའི་ཁམས་འབྱུང་བ་ལྔ་ལ་རང་གྲོལ་གྱི་རྩལ་ཞན་ཏེ་རིག་སྟོབས་མ་ཞུགས་པས། །ཚེའི་རྒྱུན་ཟད་དེ་དུས་སུ་འཆི་བའམ། འཆི་བའི་རྐྱེན་གཞན་གྱིས་དུས་མིན་པར་འཕོ་བའི་ཚེ་ན། ༈ །སྙིང་གི་ནང་གི་ཡེ་ཤེས་སེམས་དཔའ་སྐུ་དང་། ཕྱག་མཚན་གྱི་ལྟེ་བའི་གསུང་ཐུགས་ཀའི་ཕྱག་མཚན་དང་གསུམ་གསལ་བ་ལ། །ཡང་དང་ཡང་དུ་འདྲིས་བྱས་ནས། །དབུགས་དང་སྐུ་གསུང་ཐུགས་དེར་བཅས་པའི་འོད་ཀྱིས་ཕྱོགས་བཅུ་ཀུན་ཁྱབ་པར། །གསལ་བའི་ངང་དུ་འདའ་བར་བྱའོ། །གསུམ་པོ་དེ་ཡང་ཏིང་ངེའི་སྟོབས་ཆུང་བས་མ་འཆུན་ན། །སྐུ་འམ་ཐུགས་མཚན་ནམ་གསུང་གི་གཟུགས་གསུམ། །པོ་གང་རུང་གསལ་བ་ཞིག་མདུན་དུ་བསྒོམ་པ་མིན་རང་གི་རིག་པ་ཉིད། །དེ་ལ་འདྲིས་པར་བྱས་ལ་དབུགས་ཕྱི་ནང་དུ་རྒྱུ་བའི་ཀྱི་རྟ་ལ་བསྐྱོན་ཅིང་བསྒོམ། །དབུགས་དང་འབྲལ་ཚེ་ཧཱུྃ་རིང་པོར་ནར་གྱིས་དྲངས་པའི་རྒྱུན་དེ། །སྤྱི་བོ་ཚངས་པའི་བུ་གའམ་སྨིན་མཚམས་ཀྱི་མཛོད་སྤུ་འམ། །གཟུགས་གསལ་བའི་མིག་གི་སྒོའམ་དབུགས་འབྱུང་བའི་སྒོ་ཁ་སྣའམ་གང་ཡང་རུང་བ་ནས། །དབུགས་ཀྱི་རྒྱུན་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ལྟར་དུ། །འོད་ཀྱིས་ཕྱོགས་བཅུ་ཀུན་ཁྱབ་པའི་ངང་དུ་གདལ་ལ་འདའོ། །སྲིད་པའི་བར་དོ་རིག་པ་འོད་གསལ་ལངས་ནས་དྲན་པ་རྙེད་པའི་ཚེ། །འདའ་ཚུལ་གྱི་རྒྱུན་ཏིང་ངེ་བླངས་ཏེ་སྐུ་གསུང་ཐུགས་སུ་གསལ་ན། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱིའི་ས་རུ་མཐར་ངེས་པར་ཕྱིན་ཏེ་གནས་པ་ནི། །སྔགས་ཏེ་ལྷ་སྒོམ་པའི་གྲོལ་ས་ཉེ་ལམ་དམ་པ་ཡིན་ནོ། ༈ །ནང་སྟེང་གི་སྒོའི་ལམ་བསྒོམ་པ་ལ་གནས་པའི་རྣལ་འབྱོར་པ་འདའ་བའི་ཐབས་ནི། །རྩ་བ་རྟེན་བྱེད་པས་ལུས་ཐིག་ལེ་ཡི་གེའི་དབྱིབས་སུ་ཡོད་པས་ངག་གསལ་བར་རིག་པས་ཡིད། །གསུམ་པོ་སྐུ་གསུང་ཐུགས་སུ་ཡང་ཡང་དུ་འདྲིས་ཤིང་གོམས་པར་གནས་པར་བྱས་ལ། །དེ་དག་སྙིང་ཀར་དྲིལ་ནས་སྙིང་དཔལ་གྱི་བེའུ། །ཉིད་སྐུ་གསུང་ཐུགས་སུ་མཚོན་པའི་རྟགས་ཀྱི་ཡེ་ཤེས་སེམས་དཔའ་ཚད་ཚོན་གང་བ། །གནད་དུ་ཐེབས་ཏེ་འཆི་ངེས་ནས་རླུང་གིས་འཕང་། །འོད་གསལ་མིག་གི་ལམ་ནས་འཐོན་ནས་ནི། །ཆོས་ཀྱི་དབྱིངས་ཀྱི་ཞིང་དུ་འོད་བདལ་ཏེ་འདའ་འོ། །བར་དོར་དེའི་ཚུལ་བླང་བ་ནི་ཡེ་ཤེས་སེམས་དཔའི་སྐུ་རུ་འོད་ཀྱི་ལུས་སུ་གསལ་བ་དེ་བསྒོམ། །རིག་པ་གསུང་དུ་ངོ་སྤྲད་གསལ་བའི་ཆ་ཐུགས། །ཀྱི་ངང་དུ་ང་རྒྱལ་བའི་གནད་དུ་བཞུགས་ན་གྲོལ་ལོ། ༈ །འོག་སྒོ་གསང་བའི་ལམ་ཉམས་སུ་ལེན་པ་ལ་གནས་ནས་འདའ་བའི་ཚེ། །རྟེན་ཐིག་ལེ་རྟེན་ཅན་བདེ་བ་དང་ལྡན་ཞིང་ངོ་བོས་སྟོང་པ་དེ་ཉིད། །བ་ཐག་ཙམ་གྱི་རྩ་དབུས་མའི་ནང་ན་གནས་པ་ལ་ཤིན་ཏུ་འདྲིས་པར་སྦྱང་། །གསང་བའི་འོག་མིན་ཡུམ་གྱི་བྷ་གའི་གནས་ན། །སྟོན་པ་རྡོ་རྗེ་འཛིན་པ་ཡབ་ཡུམ་དག །འཁྲིལ་སྦྱོར་གྱི་བདེ་ཆེན་དང་ཐུགས་རྗེ་དང་སྟོང་ཉིད་ཀྱི་ངང་། །རྒྱུན་དང་བཅས་པར་ཏིང་ངེ་གསལ་བའི་འོད་ཀྱིས་ཁྱབ་པར་མོས་པ་བྱས་ལ། །རླུང་གིས་རྒྱུ་བའི་རྩ་གནས་སྤྱི་བོ་ཚངས་པའི་ལམ་ནས། །འཐོན་ཏེ་ཡབ་ཡུམ་མཁའ་གསང་གཉིས་དབྱེར་མེད་ཀྱི་དབྱིངས་སུ་འཕང་བའི། །ཚུལ་དེས་འདའོ། ༈ །བར་དོར་རིག་པ་ལངས་པའི་ཚེ་ཡབ་དང་ཡུམ། །ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ཉིད། །ཐིག་ལེ་ལ་བརྟེན་པའི་རང་འོད་བདེ་བ་སྐུ། །དེ་རུ་གསལ་བའི་ཡེ་ཤེས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངང་དུ་བསྒོམ་མོ། །དུས་འདིའི་ཚེ་དེ་དག་ལ་འདྲིས་ན་གྲོལ་བར་ཐེ་ཙོམ་མེད་དོ། ༈ །དེ་ཁོ་ན་ཉིད་རྟོགས་པའི་ངང་དུ་གནས་པ་འདྲིས་ཏེ་གོམས་པའི་གདེང་ཆེན་པོ་དང་ལྡན་པ་ལ། །འཕོ་བའི་གནས་དང་འཐོན་པའི་ལམ་ལ་ཕྱོགས་རིས་མེད་པར་ཡེ་ནས་ཁྱབ་གདལ་བ་ཆེན་པོ་ལ་གྲོགས་མཆོག་གམ་བླ་མས་དེ་ལྟར། ། བསྐུལ་ཞིང་རང་གིས་གོམས་པ་ལས་སུ་རུང་བ་ལ། །དེ་ཡི་ངང་དུ་འདའོ། ༈ །བར་དོའི་ཚེའང་། །འདོད་པས་ཁྲིད་པའི་རིག་པ་གོང་གི་དེ་ལྟར་ཤེས་ནས། །ངང་དུ་གནས་པ་དེ་གྲོལ་བ་ནི། །ལྟ་སྒོམ་གྱི་གནད་ཀྱིས་འཁྲུལ་པ་རང་གྲོལ་ཉིད་ཀྱིས་ཟིན་ནས ༴ ཞེས་པ་གསུམ་དྲང་། ཉེ་དུས་ཡིན། ༈ །གལ་ཏེ་གཞན་ཚེ་འདས་པ་དག་ལས་ཅན་སྣོད་ལྡན་ཞིག་ཡིན་ན། །རྟེན་འབྲེལ་ཕུན་སུམ་ཚོགས་པར་ཚང་བས་བསྒྲལ་བ་ནི། ༈ །གནས་༡བཟང་པོ་དང་ས་༣གཞི་ལེགས་པར་༢བརྟགས་༤བསྙམས། །གཞུང་བཞིན་བྱས་ཏེ་རྫས་མ་ལུས་པ་འཚོགས་པ་དང་། སྔར་རིགས་ལྔ་གོམས་པའི་འཕྲོར་སྦྱང་ངམ། །ཐུགས་ཀྱི་རིགས་ཀྱི་ངང་དུ་རིགས་ལྔ་པོ་ཐམས་ཅད་འདུ་བས། །ཁྲོ་བོའི་དཀྱིལ་འཁོར་རྒྱས་པ་དང་འབྲིང་པོ་དང་བསྡུས་པ་གང་ཡང་རུང་བ་ཡི། །གཙོ་བོ་ཡབ་ཡུམ་སྙིང་པོ་ཧཱུྃ་གཉིས་ཀྱི། །བར་དུ་གདུལ་བྱའི་སྙིང་པོ་ནྲྀ་ལྗང་གུ། །ཚེ་འདས་རང་གི་དམ་རྫས་དང་ཐལ་ཆེན་ལས་གཞི་བྱས་པའི་ཚོན་ལས་དལ་དང་སྙིང་པོ་བྲི། ༈ །མ་བསྲེགས་ན་ཕུང་པོ་བསྲེགས་ན་རུས་བུ་དེ་གཉིས་མེད་ན་དྲི་མ་དང་བཅས་པའི་གོས་ལ་ལུས་ཀྱི་རྟེན་བྱ། །མིང་རུས་དང་ལྡན་པའི་སྐྱབས་སུ་གསོལ་བའི་ངག་རྟེན་མཚན་བྱང་སྙིང་ཀར་གདགས། །ཡིད་ཀྱི་རྟེན་སྲོག་ཤིང་སྨྱུག་མ་མདངས་རྟེན་མེ་ལོང་གདུགས་དང་འཕན་ཕྲན་དང་། །ན་བཟའ་ལྷབ་ལྷུབ་དང་གསོན་པོའི་ཆས་ཇི་ལྟ་བས་རབ་ཏུ་བརྒྱད་པའི་རྟེན་དེ། །རྡུལ་ཚོན་གྱི་ཁ་ལ་སྟེགས་བཅས་ལ་ཤར་སྒོར་གཞག་གོ། ༈ །ཞི་བ་རྡོ་རྗེ་དབྱིངས་ཀྱི་མཎྜ་ལ་དཀྱིལ་འཁོར་བྲིས་པ་ལ། །ལྷ་སོ་སོའི་སྙིང་པོར་ལྡན་པའི་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་བར་དུ། །ཚེ་འདས་པའི་གསང་བའི་མིང་དང་བཅས་པ་བྲིས་ཏེ་སྤྱི་བོར་གདགས་སོ། ༈ །བུམ་པ་ལྟོ་བ་དང་མགྲིན་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་མ་ཉམས་ཏེ་གས་ཆག་མེད་པ། །དྲི་མ་དག་བྱས་རྩ་བ་ཞབས་སྟེགས་དང་ལྡན་པ་བཤམས་ཏེ། །བགེགས་བསྐྲད་གུ་གུལ་དང་སྤོས་ཀྱིས་བདུག་རྩ་བ་ཞི་བའི་ལྷ་བསྐྱེད་དེ་ཡན་ལག་ལྷ་དང་ལྡན་པ་ལ། །དེ་ལ་ཡེ་ཤེས་སྤྱན་དྲང་སྟེ་རབ་གནས་བྱ་སྙིང་པོ་ལྔ་སྨན་ལྔ། །རིན་ཆེན་ལྔ་བདུད་རྩི་ལྔ་དྲི་ལྔ་འབྲུ་ལྔ། །བ་དམར་མོ་དང་ར་དཀར་མོའི་འོ་མས་དགང་། ༈ །རྟེན་འབྲེལ་རྫས་ཀྱི་ནུས་པས་འབྲས་བུའི་རྟེན་འབྲེལ་སྒྲུབ་པས་ན། །རྫས་ཚང་བ་ཉིད་དུ་བྱ་བར་རབ་ཏུ་གཅེས་སོ། །དེ་ཡང་སྔགས་པ་རྟོགས་པའི་ལྟ་བ་གསལ་ཞིང་གོམས་པ་ཏིང་འཛིན་བརྟན་པ། །དམ་ཚིག་ལ་གནས་སམ་རིག་སྔགས་པ་གྲུབ་པས་བྱ། །ཉེ་དྲུང་གཤིན་ལ་བརྩེ་གདུང་ལྡན་པའི་རྟེན་འབྲེལ་ཚང་ན། །འགྲུབ་པར་འགྱུར་ལ་མི་ལྡན་ན་ནུས་པ་ཆུང་ངོ་། ༈ །ཕྱི་རུ་ཆ་གསུམ་གཏང་སྟེ། དང་པོས་གཙང་རིས་༡ཀྱི་མགོན་པོ་དང་། བར་པས་༡འགྲོ་བ་རིགས་དྲུག་ལ། །ཐ་མས་ལན་ཆགས་པ་ལ་༡མཆོད་སྦྱིན་༡སྦྱང་། །སྲུང་འཁོར་གྱི་མཚམས་ཀྱིས་བཀའ་བསྒོ་བ་བྱ་སྨོན་ལམ་གདབ་བདེན་པ་བདར། ༈ །ཟ་འདྲེ་གདུལ་བར་བྱ་ཡི་དྭགས་ཁོག་བསྲུང་ཁྲོ་བོ་སྤྲུལ་པ་ཚར་གཅད་ཅིང་བགེགས་བསྐྲད། །དོན་བྱ་བའི་གནས་ཁྲོ་བོ་སྤྲུལ་པས་དགུག་ཅིང་རྟེན་བཅས་པ་དེ་དག་ལ་བསྟིམ། །ལྕགས་ཀྱུ་གཟུང་ཞགས་པས་བཅིང་ལྕགས་སྒྲོག་གིས་བརྡམ་དྲིལ་བུས་བདེ་བར་གནས་པར་བྱ། །ལན་ཆགས་ཀྱི་བགེགས་ལ་བླ་གླུད་ཀྱིས་ལན་ཆགས་སྦྱང་ཞིང་ཤེས་པ་ཅི་ནས་ཀྱང་ཁུག་པར་བྱ། ༈ །ཁུག་ནས་ཡན་ལག་བདུན་པ་ཚེ་འདས་ཀྱང་བྱེད་པའི་ཚུལ་དུ་ཡིད་ཀྱིས་བཟུང་ལ། །བྱིན་དབབ་ཆོས་བཞིས་སྒྲིབ་པ་སྦྱང་རང་གི་ལྷར་བསྐྱེད་འཁོར་ལོའི་ཕྱག་རྒྱས་བསྲུང་བ་གསུམ་བྱིན་དབབ་པ་དངོས་དང་བཞིའོ། ༈ །རྡོ་རྗེ་རྒྱལ་པོ་དོན་གྱི་སྦྱོངས་དགོངས་པར་གནས་པར་བྱ། །རྡོ་རྗེ་རྒྱལ་ཚབ་ཀྱིས་ཚེ་འདས་དེ་ཡིས་སྒྲིབ་པ་སྦྱོང་ཞིང་ལྷར་སྐྱེད། །རྡོ་རྗེ་ལས་མཁན་གྱིས་ཆོ་ག་ལས་ཀྱིས་གཞུང་བསྲངས་ནས། །རྡུལ་ཚོན་དཔེ་ཆུང་བུམ་པར་ཞི་ཁྲོ་གཉིས། ཞི་ཁྲོའི་ཏིང་ངེ་འཛིན་གྱི་དལ་གཉིས་ཏེ་དཀྱིལ་འཁོར་དྲུག་གི་ཡེ་ཤེས་པ་དང་ལྡན་པའི་སྦྱོར་མཚམས་ཀྱི་འོད་ཟེར་གྱིས། །གང་དོན་བྱ་བའི་གནས་ཚེ་འདས་ཀྱི་རྟོག་ཚོགས་ལྷའི་དལ་དུ་དག་པར་ཕྱི་དང་ནང་དང་གསང་བའི་དང་དོན་དེ་ཁོ་ན་ཉིད་དུ་སྦྱང་ང ོ་། །དེ་ལྟར་ཐུན་བཞིར་སྦྱོར་བས་ཅི་ནུས་ཚད་དུ་འབད་དོ། ༈ །ཐུན་མཚམས་སུ་ཚོགས་གཏང་ལྷག་མ་བསྔོས་ལ་ལས་ལ་དགྱེ། །སྦྱིན་སྲེག་མེ་ཡི་ལས་པས་མེ་ལྷ་མཆོད། །ཐུགས་རྗེའི་སྦྱིན་པ་ཆ་གསུམ་དུས་བཞིར་མགྲོན་གསུམ་དགྱེའོ། ༈ །ནུབ་ཐ་མ་ལ་རྫས་དང་ཡོ་བྱད་བསྟར་ཏིང་ངེ་འཛིན་བསྒྲིམ། །ཐབས་དང་ཤེས་རབ་རྟེན་རྫས་མདའ་གཞུ་ལ། །གཞུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མདའ་ཡེ་ཤེས་ཀྱི་ཁྲོ་བོ་བཅུའི། །རབ་གནས་དང་ལྡན་པ་ནི་སྟ་གོན་དུ་གནས་པར་བྱའོ། ༈ །གཤེད་པོ་འདུལ་བ་དང་གླུད་སྦྱོང་བ་དྲག་པོས་ཐུལ་བའི་ཚད་ལ་ཕེབས་པར་དབབ། །ཚེ་འདས་ཀྱི་རྟེན་རྫས་དང་རིག་པར་ལྡན་པ་ལུག་ལ། །ཚེ་འདས་ཀྱི་ཤེས་པ་བསྟིམ་ཞིང་ཁུག་མ་ཁུག་གི་པྲ་བལྟ་ཁུག་པ་དང་། །བདག་ཏུ་འཛིན་པའི་རྣམ་རྟོག་རུ་ཏྲ་གསུམ་ཆོས་ཉིད་ཀྱི་ངང་དུ་བསྒྲལ། ༈ །རིག་པ་ཧཱུྃ་དུ་གནས་པའི་ཤེས་རབ་གཞུ་དང་ཡེ་ཤེས་ཐབས་ཀྱི་མདའ་གཉིས་ཀྱིས། །གཙོ་བོ་ཡུམ་གྱི་མཁའ་ལ་བསྒྲལ་ཏེ་མདེའུ་རྩེ་ལ་ཡི་གེ་ཧཱུྃ་འམ། །ཐིག་ལེ་འོད་ལྔ་དང་ལྡན་པ་བླངས་ལ་འོག་མིན་དུ། །སངས་རྒྱས་ནི་གཉིས་སྦྱོར་བ་མཛད་པའི་ལྷུམས་སུ་ཕཊ་ཀྱིས་འཕངས་ཏེ་ཡུམ་གྱི་མཁར་གདལ་བ་ལ། ༈ །ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་བོ་དྷི་ཙིཏྟས་དབང་བསྐུར་ཏེ་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ལ། །འགྲོ་བའི་དོན་ལ་བསྐུལ་དབུ་རྒྱན་ལ་སོགས་པས་དབང་བསྐུར་ལྷ་མོ་བཅུ་གཉིས་དང་སུ་ར་ཏོས་མཆོད་རུ་ལུ་གར་གྱི་བྲོས་བསྟོད་ཅིང་དབུལ་༼བསྐུལ་ཟེར་༽བའོ། ༈ །དེ་དག་ཏིང་ངེས་དོན་ལ་སྦྱར་གསལ་འདེབས་ཀྱི་ཞིང་ཚིག་གི་བརྡས་དགྲོལ་ལོ། །རྟེན་འབྲེལ་ཚོགས་པའི་ནུས་པས་ཁྱད་པར་འཕགས་སོ། ༈ །གཤིན་གྱི་དོན་ཕུང་པོ་གཏེར་ལྟར་དུ་བཞུགས་སམ་སྦྱང་མེས་སྦྱང་བའོ། ༈ །བཞུགས་ན་མཆོད་རྟེན་ལུས་གང་ཚད་ལྡན་པ། །གྲུ་བཞི་ལྷམ་པར་བྱས་པའི་བུམ་པར་བཞུགས་པའམ། །རི་རབ་རྨང་གི་ཁོང་སེང་བྱི་དོར་ཞ་ལ་དང་བྱུག་པ་བྱས་ལ། ༈ །སྔར་རྫོགས་པའི་དབང་རྣམས་བསྐུར་རོ། །སྔར་མ་རྫོགས་ན། །རྡོ་རྗེ་རྒྱལ་པོས་ཡན་ལག་ལྔ་ནི། །དབུ་༼ཀ༽ཕྱག་གཡས་༼ཁ༽གཡོན་༼ག༽ཞབས་༼ང༽གཡས་གཡོན།༼ཅ༽ །སྐུ་༼ཀ༽ཐུགས་༼ཁ༽ཡོན་༼ག༽ཏན་པདྨ་༼ང༽ཕྲིན་ལས།༼ཅ༽ །ཐུགས་༼ཆ༽ཀར་ཀུན་བཟང་ལྟེ་༼ཇ༽བར་འདུས། །མཆིན་༼ཉ༽ལོགས་གཡས་པར་མཁའ་འགྲོ་མ། །འཇམ་༼ཀ༽ དཔལ་ཡང་༼ཁ༽དག་༼ག༽བདུད་རྩི་དང་། །དབང་༼ང༽ ཆེན་རྡོ་༼ཅ༽རྗེ་སྲིན་པོའི་ཚོགས། །དོན་༼ཆ༽རྫོགས་ལུང་༼ཇ༽མདོ་མ་༼ཉ༽ མོ་ཡི། །དེ་དག་ཏུ་དཀྱིལ་འཁོར་བརྒྱད་པོ་ཏིང་ངེས་བཀོད་ཡེ་ཤེས་པ་དྲང་བསྟིམ་མཆོད་བསྟོད་ཀུན་བྱས་ནས། །དབང་ཕྱུག་བདག་ཉིད་འཇུག་བུ་འཇུག་པར་གསོལ་བ་གདབ་དེ་ནས་བུ་གཞུག་པའི་ཆོ་ག་བྱ་བ་ནི། །གསོན་པོ་དངོས་སུ་འཇུག་པ་དང་བར་མ་དོའི་སེམས་ཅན་གཉི་གའི་ལམ། །ཕན་ནུས་གསང་དབང་ཤེར་བདེ་ཆེན་དང་དབང་ལྔ་རྫོགས་པར་བྱས་ཏེ་མཆོད་རྟེན་དེར་བཞུགས་པ་ལ། །ཕུང་པོ་སྲོག་ཆགས་འབྲུ་དང་བྲལ་ཐབས། །རོའི་ཕྱི་དང་ཁ་ནས་ནང་དུ་བསིལ་སྨན་ག་པུར་ཆུ་བཏབ་སྟེ་ནང་སྦྱངས་ནས། །དར་རམ་རས་ཀྱི་ཆས་ཀྱིས་བསྡམ་ལ་ཅི་བདེར་གཞག་གོ། ༈ །དེ་ལ་ནམ་ཟླ་དུས་བཞིར་མཆོད་ཅིང་བསྟོད་ན་བཀྲ་ཤིས་བྱིན་ཆེའོ། ༈ །ཕུང་པོ་སྦྱངས་ན་ས་ཡི་བྱ་བའི་ཆོ་ག་རྒྱས་པར་བྱ། །དཀྱིལ་འཁོར་བཞེངས་པ་དང་བསྲེག་ཁང་བརྩིག་པ་རྣམས་རོ་བསྲེག་གི་གཞུང་བཞིན་དུ་དགོད། ༈ །རོ་ཡི་བྱ་བ་ཁྲུས་དང་དག་ཡིག་ལ་སོགས་པ་ལེགས་པར་རྫོགས་པར་བྱ། །ཚེ་འདས་རྣམ་ཤེས་བཀུག་ཅིང་སྒྲིབ་པ་སྦྱང་པ་ལ་ལྷར་བསྐྱེད། །དབང་བསྐུར་བསྲེག་ཁང་གི་ནང་དུ་རྩལ་ལ་གཞག་གོ། ༈ །རྡོ་རྗེ་རྒྱལ་པོས་དོན་གྱི་སྦྱོངས་དགོངས་པ་ལ་མཉམ་པར་གནས་པར་བྱ། །རྡོ་རྗེ་རྒྱལ་ཚབ་ཚོགས་གཏང་དཀར་བྱང་བཀླགས་ཏེ་དགེ་ལྟང་བསྔོ། །ལས་མཁན་གྱིས་མེ་ལྷ་ཡི་ལས་གཞུང་བསྲང་སྟེ། །ཞི་བ་དང་རྒྱས་པའི་ཕྲིན་ལས་རྫོགས་པར་བྱ། །སྐབས་སྦྱོར་བླ་མས་ཉེས་པ་བཤགས་ཤིང་སྡིག་པ་ནག་བྱང་བཀླགས་ལ་བསྲེག ༈ །མེ་ཡི་ལྟས་བརྟགས་ངན་ན་མེའི་སྐྱོན་ལྔ་སྟེ། ཁ་དོག་ཁམ་པ་མི་གསལ་བར་འབར་ན་༼བག་ཆགས་མ་འབྱོངས་པའི་རྟགས།༽ སྔོ་ལ་རློབ་ལ་མེ་ལྕེ་གཡོན་དུ་འཁྱིལ་ན་༼མཐོ་རིས་སུ་མི་ཐར།༽ མེ་ལྕེ་གཡོན་ཐུར་དུ་འཇུག་ཅིང་དུ་བ་དང་འདྲེས་ནས་འབར་ན་༼ཉེ་བཞི་ལ་མི་ཁས་འཕོག།༽ མེ་འཕྲོ་ཞིང་སྔོ་ནག་ཏུ་འབར་ན་༼ནོར་ཕྱུགས་མི་ཆགས།༽ མེ་ལྕེ་འཚུབ་ཅིང་རླུང་གིས་ཕྱོགས་བཅུར་བདག་ན་༼རིམས་ཡམས་འོང་བའི་རྟགས་སོ། །༽བཟློག །པ་ནི་༼ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་ལས་བསྡུས་པ།༽ མེ་ལྕེ་ཟླུམ་ལ་འཁྱིལ་བ་༼ཆོས་ཀྱི།༽ དཀར་ལ་འཚེར་བ་༼མེ།༽ དྲང་པོར་འབར་བ་༼སོ།༽ མེ་སྟག་མི་འཕྲོ་བ་༼མཉམ།༽ མེ་ལྕེ་གྱེན་དུ་མི་འཐོར་བར་འབར་བ་༼བྱ།༽ ཡེ་ཤེས་ལྔའི་རྟགས་ཏེ་འཕགས་པའི་གནས་སྐབས་སོ། །སེམས་ཅན་གྱི་སྐབས་ཀྱི་ཡོན་ཏན་ནི། ཁ་དོག་དཀར་བར་༼བག་ཆགས་ཟད།༽ གཡས་སུ་འཁྱིལ་ཅིང་༼འཁོར་བ་ལས་ལྡོག །༽གྱེན་དུ་༼མཐོ་རིས་སུ་ཕྱིན།༽ དྲི་མ་མེད་པར་༼ཉེ་བཞི་ལ་ཁ་ནས་ཐོ་བའི་སྐྱོན་གྱིས་མི་གོས།༽ མེ་ལྕེ་ཟླུམ་ལ་མེ་སྟག་མི་འཕྲོ་བར་༼ཉེ་བཞི་བཀྲ་ཤིས།༽ མེ་ལྕེ་བརྟན་ལ་གློག་བཞིན་དུ་དྲི་མ་མེད་ལ་གསལ་བར་འབར་བ་སྟེ་དྲུག་གོ། །ནི་ནོར་ཕྱུགས་འཕེལ་བའི་རྟགས་སོ། །དྲག་པོ་མེ་ཡི་ལས་ཆེན་བརྩམ། ༈ །རུས་བུ་བསྡུས་ལ་གའུར་སྩལ། ལ །དཀྱིལ་འཁོར་དབུས་སུ་གཞག་དེ་ལ་ཤེས་པ་དགུག་སྒྲིབ་པ་སྦྱང་ལྷར་བསྐྱེད། །དབང་བསྐུར་འཛབ་བཟླས་པའི་དགོངས་པས་རྟོག་པ་སྦྱང་། ༈ །ཐ་མར་རུས་བུ་བརྡུངས་ལ་ཆོས་སྐུའི་གཟུགས་བརྙན་སཱཙྪ་བཞེངས། །༼པ་དེ་༽རབ་གནས་དང་ལྡན་པར་བྱས་ལ་མཆོད་རྟེན་གྱི། །ནང་དུ་ཆར་ཆུས་མི་ཉམས་པའི་ནན་ཏན་བྱས་ལ་བཞུགས་སུ་གསོལ་བ་ལ་དུས། ༈ །སྐབས་སུ་མཆོད་ཅིང་བསྐོར་བ་དང་བསྟོད་པ་བྱས་ན། །ཡུལ་ཕྱོགས་རྣམས་རུང་བར་འགྱུར་བཀྲ་ཤིས་དང་བདེ་ལེགས། ༈ །འབྱུང་བྱེད་པ་པོ་རུ་བྱིན་རླབས་དང་ནུས་མཐུར་ལྡན་པ་ནི། །ཉི་མ་ཤར་བས་མུན་པ་སེལ་བ་དང་འདྲ་བས། །དེ་དག་ལ་ནན་ཏན་བྱ་བར་རབ་ཏུ་གཅེས། ༈ །འདི་གཞུང་གི་དགོངས་པ་མ་ཉམས་པར་ལེགས་པར་རྟོགས་ན། །སྔར་ལས་བྱེད་པའི་ཕྱག་བཞེས་མ་མཐོང་བའམ་མཐོང་ཡང་སྔར་གཞན་གྱིས་བསྒྲིགས་སམ། །དེ་བཞིན་གཤེགས་པའི་བཀའ་ལས་མཐོང་བའི་དོན་རང་གིས་བསྒྲིགས་པའང་། །རང་གཞན་མོས་དོན་དུ་བྱ་བར་གནང་བ་ཡིན་ནོ། ༈ །ཀྱེ་བོད་པ་ཧོ་དགྱེས་པ་ལྷ་ལས་འདིར་བདེ་བར་འོངས་པ། །ཁོ་བོ་རྗེ་དགའ་རབ་ཀྱིས་རིགས་མཐུན་སྐལ་ལྡན་འགའ་འགའ་ལ། ཞེས་པ་ལ་སོགས་པས་བསྐུལ་བ་དང་སྔར་གྱི་འབྲེལ་པས་ཕྲད། །རང་གྲོལ་བའི་མན་ངག་གིས་སྐབས་ཉི་ཤུ་རྩ་བདུན་དང་རྒྱས་བདེབས་པའི་ཕྱག་རྒྱ་ཉི་ཤུ་རྩ་ལྔ་༼སྤྲོས་པ་གཅོད་པའི་༽ཐིག་ལེ་དྲུག་ཁྱད་པར་འཕགས་པའི་ཆེ་བ་སྔས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི། །དོན་དགྲོལ་བར་བསྐུལ་བ་དགའ་རབ་དེ་ཉིད་ཀྱིས། །གསུངས་པའི་ཀློང་གི་རྩ་བ་ནམ་མཁའི་ཆེའམ་གཏེར་གཏད་ཉིད། །བཀྲོལ་ཏེ་བསྟན་པའི་དོན་སྔར་བཤད་པ་དེ་ཉིད་ཡིན་མོད། ༈ །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་སུ་བདུད་རྩི་ཡོན་ཏན་གྱི་དངོས་གྲུབ་གྲུབ་ཀྱང་། །སྙིང་པོ་རྣལ་མའི་དོན་བཞེད་ནས་འདིར་བྱོན་པ་ལ་གདམས་ངག་རྫོགས་པར་གཏད་དེ་བསྐུལ་བ། །ནི་བསྐལ་པ་གྲངས་མེད་དུ་སྦྱངས་པ་རྩོལ་བའི་དྲི་མ་ལྡན་པ། །དེ་སྙིང་པོ་རྣལ་མ་མ་བཅོས་དག་པའི་ཆུས། །རྩོལ་བའི་ནད་དེ་མི་གནས་པར་དག་པར་བཀྲུ་ཡིས་སྙིང་པོའི་དོན་འདོད་པའི་སེམས་མ་བཅོས་པར་རང་སོའི་གཉུག་མར་ཞོག་ཅིག ༈ །བདུད་རྩི་ཡོན་ཏན་གྱི་རིག་འཛིན་གྲུབ་པའི་ནུས་པའི་བློ། །ཉིད་མཚན་ཉིད་རང་གསལ་རང་བཞིན་སྟོང་ཉིད་རྣམ་པ་སྒྱུ་མའི་འོད། །མཚོན་ཚུལ་མ་འདྲེས་དབྱེར་མེད་དུ་རྫོགས་པར་གནས་པའི་བདེ་བ་ཆེན་པོའི་ངང་དུ། །རེ་དོགས་དང་བྲལ་བར་ཤར་བ་དེ་ཙམ་ཀས་ཆོག་མོད། །བྱང་ཆུབ་སེམས་ལས་གཞན་མིན་པས་ལོགས་སུ་བསྒོམས་པས་འབྲས་བུ་གཞན་ནས་ག་ལ་རྙེད། །བྱང་ཆུབ་ཀྱི་སེམས་རྟོགས་པས་ཆོས་ཀུན་མཁྱེན། །པའི་ལྟ་བ་ལ་ཡུལ་ཤེས་ཀྱི་རྣམ་བ་དང་བྲལ་སྐྱོན་སྤང་ཡོན་ཏན་བླང་བ་མེད་པར་བསྒོམ། །དེ་ལྟར་རྩོལ་བ་དང་བྲལ་བའི་ངང་དུ་གནས་པར་ཡེ་ནས་གྲོལ་བར་རྫོགས་པའོ། ༈ །ལས་ཀྱི་དབང་གིས་སོ་སོར་སྐྱེ་བས་སོ་སོ་སྐྱེ་བོ་སྟེ། རྒྱུད་དྲུག་གི་སྐྱེ་བ་སྣ་ཚོགས་དག་ལས་གཅིག་ནས་གཅིག་བརྒྱུད་ཅིང་སྔོན་ཡང་སྐྱེས་ཤིང་ད་ལྟར་ཡང་སྐྱེ་དང་ཕྱིས་ཀྱང་སྐྱེ་བར་འགྱུར་ཏེ་སྐྱེ་བའི་རྒྱུན་མི་འཆད་གྱི་སྐྱེ་བའི་དབང་དུ་སོང་བས། །སེམས་ཀྱི་རྟོག་པ་འདི་ཉིད་ཀྱང་ཡང་དག་པའི་མཐའ་མི་ཤེས་པས། ལོག་པའི་རྟོག་པ་རྒྱུན་མི་འཆད་པས་བསླུས་ཤིང་ལོག་པའི་རྟོག་པའི་རྒྱུན་མ་ཆད་པར་འབྲངས་ཏེ། འཁྲུལ་པའི་རྟོག་པ་ལས་ཕྱིར་ལྡོག་པ་མེད་ཅིང་ཡང་དག་པའི་དོན་ཤེས་པར་གྱུར་པ་ནི། དཔེར་ན་སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་ལྟད་མོ་རྣམས་རྟ་གླང་འདྲ་བར་སྒྱུ་མར་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱི་སླད་ཀྱིས་བསླད་པའི་རྨི་ལམ་པ་བཞིན་དུ་རྨི་ཡིས་བདེན་པ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ་འདྲའོ། །གོང་དུ་ཇི་ལྟར་བསྟན་པའི་ལམ་འདི་སྤོང་ཞིང་ཐེག་པ་འདིའི་ལམ་ཇི་ལྟ་བ་བཞིན་དུ་མ་ལྕོགས་ཏེ་མཐའ་རུ་ལྷུང་བའི་སྐྱོན་དང་ལྡན་པ་དང་ཐེག་པ་འདིའི་ལམ་གཞན་དུ་གྱུར་པ་ལྟ་བ་སྣ་ཚོགས་ཀྱི་ལམ་དུ་བལྟས་ནས་མ་ནོར་བའི་ལམ་ཡིན་ནོ། །ཞེས་སྟོན་བར་བྱེད་པ། །དེ་དག་ནི་དཔེར་ན་རྡོ་ལ་ནི་གསེར་ཞེས་ཟེར་གསེར་ལ་རྡོ་ཞེས་ཟེར་ནས་ངོ་མ་ཤེས་པ་བཞིན་དུ་ཐུགས་རྗེར་རུང་ཞིང་འཕགས་པ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ཀྱིས་ཀྱེ་མའོ་ཐུགས་རྗེས་དཔེར་ན་ཡིད་དུ་འོང་བའི་ཡུལ་ལ་སེམས་གཡེངས་ཏེ་འཇུག་ལ་རང་དབང་མེད་པ་ལ། ཡུལ་གྱིས་སེམས་ཕྲོགས་ཤེའམ། ཡིད་ཕྲོགས་ཞེས་བརྗོད་པ་དང་འདྲ་བར་རང་དབང་མེད་པར་གདུང་བ་སྐྱེ་བ་ལ་ཕྲོགས་པ་ཞེས་བྱ་བ་ཡིན་ནོ། །ཤེས་རབ་ཀྱི་བློ་ཤིན་ཏུ་མ་སྦྱངས་པས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །ཆོས་ལ་སྤྱོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་རབ་མ་ནོར་བ་དྲི་མ་མེད་པར་བསྟན་པའི་དོན་རྟོགས་པར་དཀའ་བ་དག་ལ་ཇི་སྐད་བསྟན་པའི་སྒྲ་བཞིན་དུ་དཔྱད་ཅིང་འཛིན་ཀྱང་དོན་གྱི་ཚུལ་ཇི་ལྟ་བ་བཞིན་དུ་སྤྱོད་པ་མིན་ཏེ་དཔེར་ན་སྒྲོན་མས་གསེར་བཙལ་ཀྱང་སྒྲོན་མ་གསེར་མིན་པ་བཞིན་ནོ། །རང་གི་འཁྲུལ་པའི་བློ་གྲོས་ཀྱི་སྟོབས་ཀྱིས་རང་དགའ་བ་བཞིན་དུ་དོན་དཔྱོད་པ་ལ་འཇུག་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་ལྟ་བ་སྣ་ཚོགས་བཟུང་བ་དག་ནི། །མི་ཤེས་བའི་ལྟ་བའི་ཆུ་བོས་གཡེངས་ཤིང་ཁྱེར་བས་དེ་བཞིན་གཤེགས་པའི་ངེས་པའི་དོན་གྱི་གསུང་གི་ཉིང་ཁུ་གསུང་རབ་བདུད་རྩི་དང་འདྲ་བ་ལ་མ་ནོར་བར་རྣལ་དུ་འབྱོར་ཞིང་སྒོམ་པ་དང་བྲལ་བ་ཡིན་ནོ། ༈ །དེ་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་བ་དམ་པ་ཡང་དག་པའི་དོན་འདི་ལ། །ཀུན་ཏུ་རྒྱལ་བ་ཀུན་གྱི་ཇི་ལྟར་མཁྱེན་པའི་སྤྱོད་ཡུལ་ལྟར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཁྱེན་པ་མ་ལགས་པས་ཐུན་མོང་མ་ཡིན་ཡང་། །སློབ་དཔོན་ཉིད་ཀྱིས་ཡུན་རིང་དུ་གོམས་པར་བྱས་ཏེ་བསྒོམས་པའི་མཐུ་དང་ལུང་མན་ངག་གི་ཚད་མ་དག་གིས་གཏན་ལ་ཕབ་པ་ཡིས་སངས་རྒྱས་ཀྱི་གསུང་དང་མི་འགལ་ཙམ་དུ་ཚད་མ་དག་ལས་རབ་ཏུ་བསྒྲིགས། །འགྲོ་བའི་དོན་དུ་མི་གཉིས་པ་འདི་ནི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ལམ་མཆོག་འདི་ནི་མ་ནོར་བསྟན་ཅིང་རབ་བསྡུས་པས། །སྐྱེ་བོ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་གནས་དང་དུས་གསུམ་ཐམས་ཅད་དུ་ཡང་སྐད་ཅིག་ཙམ་ཀྱང་། །མི་མཐུན་ཕྱོགས་ཐམས་ཅད་ཀྱིས་ཡང་དག་པའི་བསམ་པ་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་སུ་ཆུད་པའི་དོན་གྱི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་རབ་ཏུ་རྒྱས་པར་ཤོག་ཅིག་ཅེས་བསྔོས་པ་ཡིན་ནོ། ༈ །བྱང་ཆུབ་ཀྱི་སེམས་གནས་ལུགས་རང་གི་གཏེར་དོན་ལམ་གཏད་པ་དྲན་པ་རྒྱུན་དུ་ལོངས་སྤྱོད་པ་ཐོབ་པ་འབྲས་བུ་ཕུན་སུམ་ཚོགས་པའི་མན་ངག་ངེས་པར་གསུམ་ཀ་ཚིག་ལམ་ལུང་བསྟན་པ་ཞེས་བྱ་བ། བྲམ་ཟེ་བདེ་གསང་མཚན་སྩལ་གསལ། བྲམ་ཟེ་སྙིང་པོ་གྲུབ་པ། མཉྫུ་མི་ཏྲས། དེ་ཝ་ཨ་མྲི་ཏ་དྷརྨ་སིདྡྷིའི་དོན་དུ་མཛད་པ་འདི་ཐུགས་ལ་བརྣག་པའི་ཕྱིར་ཐེག་པ་ཤན་འབྱེད་དུ་དགོངས་པ་དང་བཅས་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞབས་སུ་དབས་སྒོམ་རྡོ་རྗེ་རྒྱལ་མཚན་ལ་བསྐུལ་ཏེ་གཏད་པའོ། །འདི་རྒྱ་ཆེ་ལ་གཏིང་ཟབ་པས་རྟོགས་པར་དཀའ་ལ། སྒྲོ་སྐུར་གྱི་གཞི་ཆེ་བ་ལགས་པས། རང་གི་སྙིང་དང་འདྲ་བ་འགའ་ལས་མང་ན། སློབ་དཔོན་དེ་ཡིས་འདིའི་བསྟན་པ་བཤིག་པ་ཡིན་ནོ། ༈ །སེའི་བནྡྷེ་འབྱུང་ལྡན་གྱིས། གཞུང་དང་མི་འགལ་ཙམ་དུ་མཆན་བུ་བྲིས་པའི་དགེ་བ་སངས་རྒྱས་སུ་བསྔོའོ།། །།


previousབྱང་ཆུབ་སེམས་ཀྱི་མན་ངག་ངེས་པར་ལུང་བསྟན་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན།next