Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
དོན་བཞི་ལྷག་པར་གཏན་ལ་དབབ་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   


 
previousདོན་བཞི་ལྷག་པར་གཏན་ལ་དབབ་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ། next

དོན་བཞི་ལྷག་པར་གཏན་ལ་དབབ་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ཙ ཏྭ རི ཨ མོ བི ཤེ ཤ ཨུ པ དྷེ ཤ ཏི སྨ། །
དོན་བཞི་ལྷག་པར་གཏན་ལ་དབབ་པ་བཞུགས། །
རྒྱ་གར་སྐད་དུ། ཙ་༼ཀ༽ཏྭ་རི༈ ༼ཁ༽ཨ་མོ༈བི་༼ག༽ཤེ་ཤ༈ ཨུ་པ་དྷེ་ཤ༈ ༼ཅ༽ནཱ་མ། བོད་སྐད་དུ། དོན༈༼ཁ༽བཞི༈༼ཀ༽ལྷག་༼ག༽པར༈གཏན་ལ་དབབ་པ༈ཞེས་༼ཅ༽བྱ་བ། ༈ དཔལ་ལ་གསུམ་རྡོ་རྗེ་ལྔ་སེམས་བཞི་དཔའ་གཉིས་ལ་ཕྱག་འཚལ་ལོ། ༈ །བདེན་པ་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེའི་ན་པོ། །ཕྱོགས་མེད་དུ་འདོད་པ་དེའི་ཕྱོགས་འཛིན་ལས་སྒྲོལ་བ། །མུ་མཐའི་ཕྱོགས་རིས་ལས་སྒྲོལ་བའི་ཕྱོགས་མེད་ཀུན་མཁྱེན་དཔའ་མོ་རྗེ་གནོད་སྦྱིན་མོ། །རྒྱལ་བ་རིག་འཛིན་གྱི་བརྒྱུད་པར་བཅས་ལ་ཕྱག་འཚལ་བསྟོད། ༈ །མ་བརྟགས་པར་མ་བསྒྲུབས་པར་ལྷུན་གྱིས་གྲུབ་པའི་འབྲས་བུ་ཁྱད་པར་ཅན། །བྱ་བྲལ་རྫོགས་པའི་ལུང་ལས་སྙན་ཁུང་བརྒྱུད་པའི་བརྡ་སྤྲད་པ་དག །བསྡུས་ཏེ་སྐལ་བཟང་སྣོད་ལྡན་དངོས་བརྒྱུད་ཀྱི་སློབ་བུའི་དོན་དུ་གཞག ༈ །རང་གསལ་ངང་ལ་ཕྱོགས་མེད་ལྟོས། །མ་ནོར་བཅོས་མེད་རང་སོར་ཞོག །སྒོ་གསུམ་མ་བཅིངས་བག་ཡངས་སྤྱོད། །རྒྱན་དང་བཅས་པའི་ལུས་ལ་རྟོན། ༈ །མ་བརྟགས་པར་ཀུན་ཤེས་ཟླས་བཤད་ན་བརྟགས་ཤིང་དཔྱད་ཀྱང་མུ་མཐའི་ཕྱོགས་ལྷུང་བ། །ཡོད་མེད་གཉིས་ཀ་གཉིས་མེད་ཀྱི་མུ་བཞིའོ། །དང་པོ་ལ་ལྟ་ཀློང་ལས་ལྔར་གསུངས་པའི་སོ་སོ། ༈ །སྐྱེ་བོ་པ་ནི། །ཞེ་སྡང་མནར་སེམས་ཀྱིས་ཀུན་སློང་བྱས་པའི་ཕ་མ་དགྲ་བཅོམ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་མཚམས་མེད་ལྔ་དང་ལས་ངན་བཅུས། ༈ །ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེན་པོ་ཚ་བ་རབ་ཏུ་ཚ་བ་མནར་མེད་པ་སྟེ་ཚ་གྲང་ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་འཐམ། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པའོ། །བརྒྱད་བརྒྱད་ཉི་ཙེར་བའི་གནས་ལ་ངེས་པ་མེད། གཞན་རྣམས་གླིང་འདིའི་འོག་ན་གནས་ཉེ་འཁོར་བ་ནི་མེ་མར་མུར་དང་རོ་མྱགས་ཀྱི་འདམ། སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན་ཅེས་སོ། །དགུ་གཉིས་ཀྱི་ཡུལ་སེམས་རང་ཀ་མའི་དངོས་པོར་སྣང་། །ཆགས་སེམས་ཀྱིས་ཀུན་སློང་བྱས་ནས་སེར་སྣ་འཇུར་འགེགས་དང་མི་དགེ་བ་བཅུ་ཀྱིས། །སྟོངས་འགྱུར་བསྲུངས་པ་གསུམ་ཕྱི་ནང་ལུས་དང་ཡན་ལག་མི་འཚམ་པ་གཉིས་སྒྲིབ་བཀྲེས་སྐོམ་སྣང་། །གཤིས་དོན་དེ་ཁོ་ན་ཉིད་གནས་སྐབས་བདེ་སྡུག་གི་རྒྱུ། །དགེ་སྡིག་མ་ཤེས་པས་ལུས་ཀྱི་གསུམ་ངག་གི་བཞི་ཡིད་ཀྱི་གསུམ་སྟེ་ལས་ངན་བཅུ་སྤྱད་པའི་མཐུས། །གླིང་བར་ཆེ་བ་སྟོང་གསུམ་ཆུང་བ་གླིང་བཞིའི་ཁོར་ཡུག་གི་བར་གྱི་མུན་པར་རྒྱ་མཚོ་ཆེན་པོ་རྩ་བའི་གནས་དྲན་ཉམས་མཐུས། །དྲན་ཉམས་མི་དང་སྣོད་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་སྐལ་བ་མཉམ་ཡང་རི་དྭགས་ལྤགས་པ་དུས་ཀུན་ཏུ་འཇིགས་པ་དང་བཅས། །པ་དེ་དག་ལས་ངམ་གྲོག་གཡང་ས་གཅོང་རོང་བྱ་སྐྱིབས་སྣང་སྟེ། །གཅིག་ལ་གཅིག་ཟ་ཞིང་མི་ཤེས་པ་ལས་འབྱུང་དཀའ་བའོ། །ཕྲག་དོག་དང་བཅས་དགེ་པའི་བཅུ་དང་དུ་བླངས་པ་ཙམ་གྱི་མཐུས། །གླིང་བཞི་ལ་གནས་པའི་མའི་ལུས་གདོང་པ་གླང་གི་ཚད་ནི་ཁྲུ་བཞིའམ་ཕྱེད་དང་བཞི་བརྒྱད་བཅུ་དྲུག་སོ་གཉིས་སོ། །དབྱིབས་ལོངས་སྤྱོད་ནོར་དང་འབྲུ་རས་དང་བེའུ་རས་ནོར་བུ་དང་བ་གླང་ཤིང་སྣ་ཚོགས་སྣང་། །ཁོང་ཁྲོ་དང་བཅས་པའི་དགེ་བ་སྤྱད་པས་རི་རབ་ཀྱི་ཁོང་སེང་གྲོང་ཁྱེར་གསེར་ལྡན་ཁང་བཟངས་གདམ་པ་ཅན་ན་ཐང་བཟངས་རིས་གནས་སོགས་གནས་བསྟན་པའི་མདོ་ལས། ས་སྟེང་མཚན་མ་སྣ་ཚོགས་ཀྱི་རི་ལ་ལག་ན་མཚོན་ཐོག །རི་རབ་ཀྱི་བྱང་ཕྱོགས་ཀྱི་རྒྱ་མཚོའི་འོག་དཔག་ཚད་སྟོང་ན་སྒྲ་གཅན་ཟིན། དེ་འོག་ཉི་ཁྲི་ཆིག་སྟོང་ཆིག་སྟོང་འདས་པ་ན། ལྷ་མིན་རྒྱལ་པོ་དཔའ་བོ། མེ་ཏོག་ཕྲེང་བ། རབ་བརྟན་གནས་པར་གསུངས་སོ། །གཟུགས་བྱད་ལྡན་དང་འཐབ་རྩོད་གོ་མཚོན་སྣང་། །ང་རྒྱལ་དང་བཅས་དགེ་བཅུ་བྱིངས་བསྐྱེད་མཐུས། །འདོད་ཁམས་ཀྱི་ལྷ་གནས་དྲུག་མཛོད་ལས། འོད་དང་ལྡན་པའི་ལྷ་ཡི་ལུས། །ཞེས་དྲང་ངོ་། །གི་ལུས་དང་འདོད་པའི་ལོངས་སྤྱོད་ཁྱད་པར་དུ་འཕགས་པར་སྣང་ངོ་། །ཚངས་གནས་ཚད་མེད་བཞི་སྤྱོད་མི་གཡོ་བའི་ལས་བསམ་གཏན་བཞི་དང་སྙོམས་འཇུག་བཞི་སྤྱད་པས། །གཟུགས་ཁམས་གནས་རིས་བཅུ་བདུན་དང་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི་གནས་སྐབས་འཁོར་བའི་བདེ་བ་རྫོགས་སར་སྣང་ངོ་། ༈ །ངང་ཚུལ་ཇི་ལྟར་གནས་པ་ལྟར་རིགས་པས་རང་རང་གི་མཐོང་སྣང་ཐ་དད་ལ་བདེན་པར་བསྒྲུབས་ཏེ་ཉེར་བ་སྤྱད་པས་ཡོད་པ་དངོས་པོའི་མུར་སྨིན། །ཏེ་བདག་འཛིན་ལས་མ་གྲོལ་བར་བཅིངས་ཤིང་སྡུག་བསྔལ་གྱིས་གཟེར་བས་འཁྲུལ་པར་ངེས་པར་ཤེས་པར་བྱའོ། ༈ །དེ་མ་ཡིན་ལ་དེར་འཛིན་པས་ལོག་ཤེས་རྟག་དངོས་སུ་སྨྲ་བ་ནི་རིག་པ་༡རྡུལ་༡རང་བཞིན།༡ །དབང་ཕྱུག་༡རྣམས་རྟག་༡༡༡༡ པ་གཅིག་པུ་བདེ་བ་ཞིང་རང་དབང་ཐོབ་པ། །རྒྱུ་དེ་དག་ལས་བྱུང་བ་དང་བྱེད་པ་པོ་དེ་དག་གིས་བྱས་པའི་འབྲས་བུ་རྣམས་འགྱུར་བས་མི་རྟོག་དྲི་མས་གོས་༼༔༽པ། །དེ་༼༠༽དག་པར་བྱ་བའི་ཕྱིར་རང་གི་ངང་ཚུལ་སྔ་མ་ལས་བསྒྱུར་བས་ཁྱི་དང་བྱའི། བརྟུལ་ཞུགས་ངལ་ལ་འབྲས་བུ་མེད་པས་ལོག་ཆོས་སྤྱོད། ༈ །དེ་དག་ཀྱང་ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་ཆེན་པོ་གང་ཟག་དམ་པ་མ་ཡིན་པའི་ལུང་ལ་རང་གི་བསམ་གཏན་ཉམས་ཀྱིས་སྒྲུབ་སྟེ། །པ་ཉོན་མོངས་པ་དང་ཟག་བཅས་པའི་མངོན་ཤེས་ཕྲ་མོས་རྣལ་འབྱོར་གྱི་མངོན་སུམ་དག་མི་དམིགས་པའི་རྟགས་ཀྱི་ངེས་པར་བཅད་ཀྱང་མི་འཐད་དེ། ༈ །ཁྱེད་འདོད་པའི་རྟག་པའི་དངོས་པོས་བདག་དང་གཞན་གྱི་དོན་སྒྲུབ་པ་ལ། །རིམ་རྒྱུ་ནུས་པ་ཐོགས་མེད་ཡིན་ན་འབྲས་བུ་རྟག་ཏུ་སྐྱེད་པར་འགྱུར་ལ། གཞན་དུ་རྐྱེན་གྱིས་འགྱུར་ན་མི་རྟག་ལ། མི་འགྱུར་ན་ཕྱིས་ཀྱང་མི་སྐྱེད་པར་ཐལ་ལོ། །དང་གཅིག་ཅར་ལན་གཅིག་ལ་ཐམས་ཅད་བསྐྱེད་ན་མ་འོངས་པ་ཐམས་ཅད་ད་ལྟར་གྲུབ་པར་ཐལ། ཕྱིས་ཀྱང་བསྐྱེད་ན་གཅིག་ཅར་བྱེད་པ་ཉམས་སོ། །མི་འཐད་འཁྲུལ་པར་ཤེས་སོ། ༈ །ཐུབ་པས་བཀའ་དང་པོ་བློ་ཆུང་བྲིད་ལས་རིམ་གྱིས་དོན་ལ་གཟུད་པའི་ཕྱིར། །འཁོར་འདས་སྟོང་པ་ཉིད་བཞི་པོ་འཁྱུད་ནས་བདེན་པ་བཞིར་ཞལ་གྱིས་བཞེས། །ཀུན་ནས་ཉོན་མོངས་པ་འཁོར་བའི་རྒྱུའི་གཉེན་པོ་ལ་ཆེར་བསྔགས། །ཆོས་གང་ཟག་འགོག་ཙམ་གཟུང་བའི་ཡུལ་༡འཛིན་པའི་སེམས་༢རྡུལ་༡ཕྲན་དང་སྐད་༢ཅིག་མར། །གཞིས་གཞོན་གྱིས་མི་གནོད་བས་དོན་དམ་པའི་བདེན་པར་གྲུབ་ལ་བློས་གཞིག་ཅིང་གཉེན་པོས་གཞོམ་དུ་རུང་བའི་རགས་པ་དང་རྒྱུན་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན། །ལམ་ལྔར་ཞུགས་པའི་ཚེ་ས་བརྒྱད་དཀར་པོ་རྣམ་པར་མཐོང་བའི་ས། ༼མོས་སྤྱོད་ཀྱི་དྲོད་ཐོབ་ནས།༽ རིགས་ཀྱིས། ༼བཟོད་པའི་ཚེ་ཉན་རང་བྱང་སེམས་ཀྱི་༽བརྒྱད་པའི་ས། ༼རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་༽མཐོང་བའི་ས། ༼རྒྱུན་ཞུགས་འབྲས་གནས་༽བསྲབས་པའི་ས། ༼ལན་གཅིག་ཕྱིར་འོང་བ་༽འདོད་ཆགས་དང་བྲལ་བའི་ས། ༼ཕྱིར་མི་འོང་༽བྱས་པ་རྟོགས་པའི་ས། ༼དགྲ་བཅོམ་པ་༽ཉན་ཐོས་ཀྱི་སའོ། །༼ལྷག་མ་ཞུགས་པ་གསུམ་༽ཡང་ན་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར་ཞུགས་འབྲས་བརྒྱད་ལ་ས་བརྒྱད་དུ་བཞེང་པར་མངོན་ནོ། །གཉེན་པོས་སྤང་བྱ་མི་མཐུན་ཕྱོགས་མཐོང་སྒོམ་གྱི་ཉོན་མོངས་པ་སྤངས། །ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་ཞི་ཞིང་སྡུག་བསྔལ་གྱི་ནད་དང་བྲལ་བས་བདེའོ། །སྟོན་པས་སངས་རྒྱས་ཀྱི་གསུངས་པར་ངེས་ཁམས་གསུམ་གྱི་ནད་བྲལ་བས་རང་ཉིད་ཞི་བདེར་སྣང་བ་དེ་ཡང་མི་འཐད། ༈ །རགས་པ་ལ་བསྒྲིབས་མ་བསྒྲིབས་ལ་སོགས་པས་གཞིགས་ཕྲ་བ་ལ་ཕྱོགས་ཆས་གཞིགས་ཏེ་ཆ་མེད་བློས་གཞིག་པ་ལས་འདས་པའི་གཟུང་བ་མི་གནས་པས། །དེ་ལ་འཛིན་པའི་སེམས་དང་སེམས་བྱུང་སྐད་ཅིག་མ་འང་བདེན་པ་མིན་དྲང་ལུང་ངེས་ལུང་གཉིས་གསུངས་པ་ལས། ༈ །ནང་པ་རང་གི་རྒྱལ་བའི་ལུང་ལ་གཟུང་འཛིན་གཉིས་པོ་ཀྱི་དོན་དོན་དམ་དུ་གསུངས་རབ་ཏུ་བྱེད་པ་ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཅེས་སོ། །པ། །ཐེག་པ་གོང་མ་ལ་འཇུག་པའི་ལམ་སྟེགས་དྲང་དོན་ཙམ་ལས་ངེས་དོན་ཡིན་པར་ག་ལ་འཐད། ༈ །བྱིན་རླབས་སློབ་མས་གཟུང་ཡུལ་ལ་རྟེན་འབྲེལ་སྒྱུ་མ་ཙམ་དུ་མཐོང་ནས་གནོད། །འཛིན་པ་སྐད་ཅིག་མ་དོན་དམ་པར་མཐོང་ནས་རྟེན་འབྲེལ་ལུགས་བཟློག་གིས་མ་རིག་པ་ནས་འགོག །འབྲས་བུ་ཡིད་སྦྱིན་བདེར་བ་མཆོག་གི་ས་འགྲོ་དེ་ཡང་ཡུལ་མེད་པའི། །འཛིན་པ་འཐད་མིན་དེ་ཡང་ལམ་སྟེགས་ཙམ་མོ། ༈ །རང་གཞན་གྱི་དོན་དུ་སྐུ་གཉིས་གྲུབ་པར་སེམས་བསྐྱེད་པའི་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ནི་ཆོས་དང་གང་ཟག་གི། །བདག་གཟུང་འཛིན་གཉིས་ལས་གྲོལ་བའི་རང་རིག་རྒྱུ་རྐྱེན་གྱིས་བསྐྱེད་པ་ནི་གཞན་དབང་དག་པ་དང་། །ཕྱིན་ཅི་མ་ལོག་པར་ངེས་པར་ཡོངས་སུ་གྲུབ་པ་སྟེ་རྒྱུ་འབྲས་ཐ་དད་ཀྱི་དངོས། །པོར་འདོད་ལམ་ལྔས་འབྲས་བུ་བཀའ་གསར་བཅད་ལས། ས་མནྟ་པྲ་བྷ་བུདྡྷ་བྷུ་མི་ཞེས་བྱ་བ་ནི། འོད་ཟེར་མང་པོ་བཀྱེ་བས་འདུལ་བའི་སེམས་ཅན་སྨིན་པར་མཛད་ཅིང་ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་གསལ་བར་བྱས་པས་ན་ཀུན་ཏུ་འོད་ཅེས་བྱ་ཞེའོ། །ཀུན་ཏུ་འོད་དུ་རང་ཉིད་གྲོལ་ནས་གདུལ་བྱ་གཞན་འདྲེན་པ་དེ། །ངེས་དོན་གྱི་མདོ་དགོངས་པ་འགྲེལ་པ་ལ་སོགས་པ་ལས་ཆོས་ཉིད་ལ་སོགས་པའི་རིགས་པ་བཞིས་བསྒྲུབ་སྣང་། ༈ །རང་རིག་གཞན་དབང་ལས་སྐྱེ་བ་དེ་ཡང་རྟག་པ་ལས་སྐྱེའམ་མི་རྟག་པ་ལས་སྐྱེ་བར་འགྱུར་ཞེས་བརྟག་གྲང་ན་རྟག་པ་ལས་སྐྱེ་ན། རིམ་དང་གཅིག་ཆར་དུ་བརྟགས་པས་བྱེད་པ་པོར་མི་འཐད་ལ། །མི་རྟག་པ་ལས་སྐྱེ་ན་དུས་གསུམ་གྱི་འདས་པ་ལས་སྐྱེའམ་མ་འོངས་པ་ལས་ཀྱི་འདས་པ་ལས་སྐྱེ་ན་ཞིག་ནས་མེད་པས་སྐྱེ་བྱེད་ཀྱི་རྒྱུ་མིན། །མ་འོངས་པ་ལས་སྐྱེ་ན་མ་སྐྱེས་པ་མེད་པ་དེ་དང་འདྲ་སྟེ་དངོས་མེད་དེ་གཉིས་ཀྱིས་ད་ལྟར་བ་ལ་ཕན་མ་བཏགས་པས་རྒྱུ་མིན་ནོ། །གལ་ཏེ་རྒྱུ་སྔ་མ་ཞིག་ལ་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་འབྲས་བུ་ད་ལྟར་བ་སྐྱེའོ་ཞེ་ན། །དེ་ཡང་བདག་ཉིད་ཐམས་ཅད་ཀྱིས་བར་མ་ཆོད་དམ་ཕྱོགས་གཅིག་གིས་བར་མ་ཆོད་གཉིས་པ་ལྟར་ན། སྐད་ཅིག་སྔ་མ་འགགས་པའི་དུས་ན་ད་ལྟར་བ་རང་སྐྱེ་བའི་ཕྱོགས་ཀྱི་དུས་དང་། །སྐད་ཅིག་མ་ཕྱི་མ་སྐྱེ་བའི་དུས་སུ་ད་ལྟར་བ་རང་འགག་པའི་ཕྱོགས་ཀྱི་དུས་དང་ཆ་གཉིས། །ལྡན་ཏེ་ཕྱོགས་གཅིག་གིས་མ་ཆོད་ན་དུས་ཆ་ཡོད་པ་དེ་རྒྱུན་ཡིན་གྱི་དུས་མཐའི་སྐད་ཅིག་མའི་མིང་གི་དོན་དང་འགལ་བས་ན། །དེ་ཡང་མི་འཐད་དོ། །དང་པོ་ལྟར་ན་སྔར་གྱི་རྒྱུ་འགག་དུས་ཀྱི་ད་ལྟར་བ་རང་སྐྱེ་བའི་ཕྱོགས་དང་། །འབྲས་བུ་ཕྱིས་སྐྱེ་དུས་ཀྱི་ད་ལྟར་བ། རང་འགག་པའི་ཕྱོགས་གཉིས་དུས་གཅིག་སྟེ་བདག་ཉིད་ཐམས་ཅད་ཀྱི་མ་ཆོད་ན་དེ་བཞིན་དུ། །སྔ་ཕྱི་ཐམས་ཅད་དུས་མཐའི་སྐད་ཅིག་གཅིག་ལ་ཐིམ་པར་འགྱུར་བས་དུས་རྒྱུན་འཆད་དེ་བསྐལ་བ་ཡང་སྐད་ཅིག་ཏུ་ཐལ་པར་འགྱུར་རོ། །ངེས་དོན་གྱི་མདོ་ཟབ་ཅིང་རྒྱ་ཆེ་བ་ལམ་སྐྱེ་འགག་གི་རྒྱུན་ལས་གྲོལ་བའི་ཡེ་ཤེས་རྟག་ཏུ་སྐྱེ་མེད་ཅེས་དྲང་བསྔགས། །འཕགས་པ་རིགས་པ་ཅན་ཡབ་སྲས་གྱིས་དངོས་པོར་ལྟ་བ་ལ་ཤིན་ཏུ་སྨད། ༈ །ལྔ་པོ་ཀུན་ཀྱང་རྟོགས་ཐབས་མཐུ་ཡིས་ཅིར་བཏགས་ཀྱང་། །ཡོད་པ་དངོས་པོའི་མུ་ལས་འདའ་མི་སྲིད། །དངོས་པོར་ཞེན་ཕྱིར་ཆོས་ཉིད་མ་དང་འཛོལ། །སྙིང་པོའི་རྣལ་མ་དོན་ལས་འགྱངས་སོ་ལམ་སྟེགས་ཙམ་མོ། ༈ །དངོས་ལྟ་དེ་ལས་འཕགས་ཕྱིར་ཆོས་ཉིད་མ་སྟོང་པ་ཉིད་ལ་བལྟས། །དངོས་པོས་འཇིགས་ནས་ཐལ་དྲགས་ཆད་མཐར་ལྟུང་། ༈ །རྟོག་པ་ངན་པས་བརྟགས་པའི་རྟོག་གེ་བ་མུར་ཐུག་ཆད་ལྟ་བ་རིགས་གསུམ་ལས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས། །མི་འདོད་པར་ཚེ་འདི་ཙམ་སྟེས་དབང་ལས་འགྲོ་བའི་རིགས་ཀྱང་མི་དང་དུད་འགྲོ་ལས་གཞན་མི་འདོད་གློ་བུར་དུ་བྱུང་བར་འདོད་པ་དང་། །ལ་ལས་སྔ་ཕྱི་ཙམ་འདོད་ལ་སེམས་ཅན་རྣམས་ཉོན་མོངས་པ་དུག་གསུམ་གྱི་རང་བཞིན་ཡིན་པས་དེ་ལས་གྲོལ་བའི། །ཐར་པ་མྱ་ངན་ལས་འདས་པ་འཐད་པ་མིན་ཏེ་དུག་གསུམ་དང་སེམས་གཉིས་ཡོད་ན་ཡོད་མཉམ་ཆད་ན་ཆད་མཉམ་དུ་འདོད་པ་དང་། །རྒྱལ་བའི་ལུང་ལས་མུ་བཞི་འཆར་བ་དང་བྲལ་བ་མཉམ་པར་གསུངས་ལ། །བྲལ་བའི་ཕྱོགས་ཀྱི་ངང་ཚུལ་ཟུར་ཙམ་བཟུང་ནས་ཁས་ལེན་ཐམས་ཅད་སྤངས་ཏེ་མ་ཡིན་པའང་མ་ཡིན་པར་འདོད་པའོ། ༈ །འདི་དག་གི་འདོད་པ་དབྲལ་བར་དཀའ་ཡང་དག་པའི་དོན་ལ་གཟུད་པ་དཀའ་བས་ན། །ནང་པ་ལ་མོས་པའི་ལས་ཅན་ལ་ཐབས་འཛུད་བསྲེ་ཕྱོགས་སུ་ལྷུང་བ་རྣམས་ལོག་ལྟའི་ཉེས་དམིགས་ཀྱི་ཉེན་གྱིས་བསྟང་། །བློ་སྤྱི་སར་འཇོག་པ་ལ་རྟོག་གེས་ཚད་མ་གསུམ་གྱི་སུན་དབྱུང་སྟེ་ཐབས་དུ་མས་ནང་པར་གཟུད་པ་དཔའ་བོས་གཏེར་གཏད་དུ་གསུངས། ༈ །ནང་པ་རང་གི་སྡེ་སྤྲོས་བྲལ་དུ་གསུངས་པའི་ལུང་ལ་བརྟེན་ཏེ་ཡེ་ཤེས་འཇིག་ཚོགས་བདག་དང་བདག་གིར་ལྟས་ནས། །གཤིས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་ངང་ཚུལ་ཡིན་ལ་དེར་གྲོལ་བ་སངས་རྒྱས་སུ་བཟུང་བ། ༈ །དེ་ལྟར་དུ་བདེན་ན་དང་པོ་འཁྲུལ་སྣང་འཆར་བའི་རྟེན་རང་སྣང་ཡང་མེད་པར་ཟད། །སྤྲོས་བྲལ་དེ་འཇལ་བའི་རིགས་པའང་བདེན་པ་མི་རྙེད་ལ་ཡེ་ཤེས་དེ་རྒྱུན་གཅོད་པའི། །གཉེན་པོའང་མི་འཐད་སངས་རྒྱས་ཀྱི་ཡེ་ཤེས་མེད་ན་ལུང་ཡང་བརྫུན་པར་འགྱུར། །འགྲོ་བའི་དོན་ནུས་པའི་གཞི་ཆོས་སྐུ་ལ་བཀག་པས་ཐེག་དམན་ཉན་རང་གི་འདོད་པ་དང་མཚུངས་པར་ལྡན། །སྔོན་ལམ་དུ་སྨོན་ལམ་བཏབ་པ་དང་སེམས་བསྐྱེད་པ་དང་མོས་ཙམ་གྱིས་འགྲོ་དོན་དེ་འགྲུབ་པར་འདོད་པས་ཉན་རང་དང་མི་འདྲའོ་ཞེན། །དེང་རི་དང་སང་ལ་འགྲོ་བ་ཐམས་ཅད་རྒྱུན་ཆད་བར་ཐལ་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་པའི་སྨོན་ལམ་འགྲུབ་པས་སོ། །དེས་ན་དངོས་སུ་ཆད་པར་ལྟ་བ་ཁས་བླངས་སོ། ༈ །འདིར་ཞེན་པའི་སྟོང་པ་ཉིད་ཀྱི་འདམ་ལས་སྔར་སུའང་མ་ཐོན། །དེའང་འཐད་པ་མིན་ཏེ་སྟོན་མཐར་ལྷུང་བས་ལམ་སྟེགས་ཙམ་དུའང་དེ་འཐད་པ་མིན་ནོ། ༈ །དངོས་སྟོང་མཐར་ལྷུང་བ་དེས་ན་རང་བཞིན་མེད་པ་དང་སྣང་ཙམ་དུ་ཁས་བླངས་བས་རྟག་ཆད་གཉིས་དང་བྲལ་བའི་བདེན་པ་གཉིས་སུ་འདོད་པ་ལ། །རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཕྱི་པའི་ལུང་ལ་བརྟེན་པ་གཉིས་ཏེ་དང་པོ་ནི། ༈ །ཐ་སྙད་རྣལ་འབྱོར་གྱི་ཤེས་པའི་ངོར། །འཁྲུལ་པའི་བློ་ལ་སྣང་བ་འི་ཡུལ་ཀུན་རྫོབ་ཙམ། །ཀུན་བཏགས་དང་གཞན་དབང་མ་དག་པ་ནི་གཟུང་འཛིན་བཞི་དང་གཟུགས་ཀྱི་གཉིས་སུ་སྣང་བས་ཀུན་རྫོབ། །དག་པའི་འཇིག་རྟེན་པ་ཡེ་ཤེས་ཡུལ་ཇི་སྙེད་པ་དང་བཅས་པའང་སྣང་ཙམ་ཀུན་རྫོབ། །སྣང་བ་ལ་དེ་དང་མཐུན་བར་དོན་བྱེད་ནུས་པ་ནི་ཡང་དག་པའི་ཀུན་རྫོབ་སྟེ་དེ་ལ་སྤང་བྱའི་སྒྲིབ་པ་དང་། །དེས་སྤོང་བྱེད་ཀྱི་གཉེན་པོ་ལམ་ལྔ་དང་སྤངས་པའི་འབྲས་བུ་ཡེ་ཤེས་བཞི་དང་གཟུགས་ཀྱི་སྐུ་གཉིས་ཀྱང་ཀུན་རྫོབ། །སྣང་བ་ཙམ་ལས་དོན་མེད་པས་གྲུབ་མཐའ་ངན་པས་བརྟགས་པའི་རྟོག་བཅས་དང་དབང་ཤེས་རྟོག་མེད་འཁྲུལ་པའི་ཡུལ་ལོག་པའི་ཀུན་རྫོབ་བོ། ༈ །གཞལ་བྱ་དངོས་པོ་དེ་ལ་ལུང་རིགས་པ་དང་ལྡན་པའི་པས་བརྟན་པོར་མ་བྱས་པའི་ལུང་གི་དགོངས་པ་གཞན་དུ་དྲང་བར་ནུས་ལ། ལུང་དང་བྲལ་བའི་རིགས་པ་ནི་རྟོག་གེ་སྐམ་པོས་བརྟགས་ཞེས་མི་མཁས་པས་ཀྱང་བརྙས་བར་འགྱུར་བ་དེས་ན། ཚད་མས་ཅེས་ངེས་པར་བརྟགས། །ཡོད་མེད་ཡིན་མིན་གཅིག་དང་དུ་མ་དང་། །སྐྱེས་པ་དང་མ་སྐྱེས་བདེན་བརྫུན་ཅིས་ཀྱང་སྟོང་པའི། །དངོས་པོའི་གཤིས་དེ་སྟོང་འཇལ་རིགས་པའི་ཤེས་པའི་ངོར། །ཤེས་རབ་དམ་པའི་དོན་དུ་བདེན་པས་རྟག་ཆད་ཡེ་ཤེས་སྙིང་པོའི་བདེན་གཉིས་ལས་མ་སྐྱེས་ངོ་བོ་ཉིད་ལ་ནི། རྟག་དང་ཆད་གཉིས་ག་ལ་ཞིག །ཅེས་སོ། །གྲོལ། ༈ །རིགས་བའི་ཤེས་པས་ཆོས་ཉིད་ཀྱི་དོན་སྤྱིའི་རྣམ་པ་ཙམ་དེ་རྟོགས་ནས་ཀུན་རྫོབ་ཏུ། །ཚོགས་སྦྱོར་གྱི་ལམ་གཉིས་སུ་ཞི་གནས་བསྒོམ་པ་བསྐལ་ཆེན་གྲངས་མེད་གཅིག །ས་དང་པོར་བདེན་པའི་དོན་རང་མཚན་མཐོང་ན་སྒྲིབ་པ་རགས་པ་ལས་གྲོལ་ཏེ་ས་གཉིས་པ་ནས་བཅུར་པའི་བ་སྒྲིབ་པ་ཕྲ་བ་སྦྱང་བ་ལ་གྲངས་མེད་གཅིག །སྒྲིབ་པ་ཤིན་ཏུ་ཕྲ་བ་རྡོ་རྗེ་ལྟ་བུས་སྦྱོང་བ་ལ་བསྐལ་ཆེན་གྲངས་མེད་གཅིག་གོ། ༈ །སངས་རྒྱས་པའི་ཚེ་མཉམ་རྗེས་གཉིས་ལ་མཉམ་བཞག་མི་རྟོག་པའི་ཡེ་ཤེས་དེ་ཡང་བཏང་བས་སྟོང་པ་ཉིད། །ཆོས་སྐུ་ཀུན་ཏུ་འོད་ཀྱི་སར་འདོད་ལ་རྗེས་ཐོབ་སྔོན་གྱི་སྨོན་ལམ་དང་སེམས་བསྐྱེད་ཀྱི་མཐུས། །འགྲོ་བའི་དོན་ཆེན་པོ་ཡལ་བར་མི་འདོར་བར་འདོད་པ། ༈ །དེ་ཡང་དོན་ལ་གྲུབ་མཐའ་ནང་འགལ་ཅན་ཏེ། །ལམ་དང་འབྲས་བུ་ཡེ་ཤེས་དང་ཀུན་རྫོབ་ཀྱི་མཚན་ཉིད་གཉིས་རིགས་པས་བརྟགས་ན་འགལ་བ། །དེས་ན་ཡང་དག་པའི་དོན་ལ་རྫོབ་པའི་ངེས་པའི་དོན་ལ་སྒྲིབ་པའི་མཚན་ཉིད་དེ་དང་། །ལམ་དེས་རྟོགས་ནས་འབྲས་བུས་ངེས་པའི་དོན་ལ་གནས་པར་འདོད་པ་གཉིས་འདྲ་བར་ག་ལ་རིགས། །ཅིའི་ངོ་བོ་ཡང་མ་གྲུབ་པ་ཁོ་ནའི་ཕྱོགས་ལ་ངེས་པར་དོན་དམ་དུ་བལྟས། །གང་སྣང་ཚད་ཀུན་རྫོབ་ཁོ་ནའི་ཕྱོགས་སུ་བཅད་ནས་སྟོང་ཉིད་ཅན། །ཅིས་ཀྱང་བདེན་པ་གཉིས་ཀྱི་མུར་ལྷུང་བས་རྟེན་དེ་ལ་བདེན་གཉིས་ཟུང་འཇུག་དང་། །གཤིས་ཕྱོགས་མེད་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་སྟོང་བ་ཉིད་ཀྱི་རྫོང་ལ་བརྟེན། །ཕྱོགས་མེད་ཀྱི་དེས་ན་དོན་ལས་འགྱངས་ཏེ་ལམ་སྟེགས་ཙམ་ལས་དོན་གྱི་གཟུགས་བརྙན་ཡིན་ནོ། ༈ །འབྲས་བུའི་ལུང་ལ་བརྟེན་པ་ནི་དབུ་མ་པ་ལྟར་ཀུན་རྫོབ་འཁྲུལ་པ་འདི་ལྟར་སྣང་བ་འདི་མིན་ཏེ། །ལྷ་ཡི་དཀྱིལ་འཁོར་རིགས་༡གསུམ་༤བཞི་ལྔར་༢གནས། །རྗེ་༡དང་སྤུན་༤གྲོགས་༢བཟང་ངན་ཐ་དད་དུ་ལྟས་༡བྱ་བ་དང་། །ཏིང་༢འཛིན་༤གཉིས་མཐུས་ཚེ་བདུན་གསུམ་བསྒྲུབས་པས། །དོན་དམ་པར་སྤྲོས་པ་དང་བྲལ་བ་དེ་ཉིད་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུ་ཡིན་ལ། །ཀུན་རྫོབ་ལྷའི་དཀྱིལ་འཁོར་མཚན་དང་དཔེ་བྱད་དུ་བསྟན་པ་མངོན་དུ་བྱས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ། །དེའི་ཐུགས་རྗེས་འགྲོ་བའི་དོན་དུ་སྣ་ཚོགས་སྤྲུལ་ཏེ་གདུལ་བྱའི་ངོར་ཅིར་ཡང་ཤར་བ་ནི་སྤྲུལ་སྐུའོ། ༈ །རྒྱལ་བའི་ལུང་དང་རང་གི་རིགས་པ་བླ་མའི་གདམས་པས་གཏན་ལ་ཕབ་པར་འདོད་པ། ༈ །དེ་ཡང་བདེན་པ་གཉིས་ཀྱི་མུར་ཐུག་པས་བདེན་གཉིས་དོན་འགལ་བས། །སྒོམ་པ་འབྱུང་འཇུག་རེས་འཇོག་གི་ལམ་ཅན་སྙིང་པོར་གནས་པར་དཀའོ། ༈ །མ་ཧཱའི་གཉིས་མེད་ནི་དོན་ལ་ཉེའང་ཕྱོགས་ཀྱི་གཏིང་ནད་ཅན། །ཅི་སྣང་བ་ལ་སྟོང་པའི་རྒྱས་འདེབས་ངག་ཏུ་རེ་མོས་སུ་བརྗོད་ཀྱང་། །དོན་གྱིས་གཉིས་མེད་ཟུང་འཇུག་ལུང་རིགས་མན་ངག་ཚད་མ་གསུམ་གྱི་མཐུས། །རྟོགས་པས་ངེས་པར་ཆོད་ནས་གདུལ་བྱའི་བློ་གྱོང་ན། །སྦྱོར་སྒྲོལ་ཐབས་ཀྱིས་བྲིད་དེ་དོན་ལ་གཟུད། །གསེར་འདྲའི་བློ་ལ་བདེན་པ་དབྱེར་མེད་ཆིག་ཆོད་དམ་ཡང་ན་བློ་ཆུང་བ་ལ་བདེན་པ་གསུམ་རིམ་གྱིས་གཏན་ལ་འབེབས། །ཐབས་ལམ་གྲོལ་ལམ་གཉིས་ཀ་ལའང་བསྐྱེད་རྫོགས་གཉིས་གཉིས་བཞིས་ཁྲིད་ནས་ས་གསུམ་ཀུན་ཏུ་འོད་༼ཆོས་༽ པདྨ་སྤྱན་༼ལོངས་༽ཡི་གེ་འཁོར་ལོའོ། ། ༼སྤྲུལ་༽མཉམ་པའི་ངང་དུ། །སྐུ་གསུམ་དང་ཡེ་ཤེས་ལྔ་རྫོགས་པའི་དོན་ཆེན་པོ་དང་ལྡན་པ་དེ་ལ་ཁོ་བོས། ༈ །ངེས་དོན་དུ་བལྟས་པ་ལ་རྫོགས་ཆེན་གྱི་ལུང་ལ་བསྟེན་ནས་དཔའ་མོ་གནོད་སྦྱིན་མོ་བྱང་ཆུབ་མོས་བསྒྲལ་ལོ། །དེ་ཡང་མི་རིགས་པ་ལ་རིགས་པར་བཤད་དེ་གཉིས་སྣང་སྒྲོ་བཏགས་པས། །གཉིས་འཛིན་དེ་ལ་ལྟོས་ནས་གཉིས་མེད་ཀྱང་མིང་དུ་བཏགས་པ་ཙམ་ལ་བློ་གདེང་བཅས་པ་ཙམ། །མ་རངས་ཁྲོས་པའི་གད་མོ་ཧ་ཧ་དོན་གྱི་བློ་སྐྱོན་ཅན་གྱི་འགོ་ཡིབ་གཉིས་མེད་དེས་བྱས་པ་ཅན་ནོ། ༈ །གཉིས་མེད་དེ་ལས་རྩལ་འཕགས་པར་ཕྱུང་བ་ནི་ལུང་ཨ་ནུ་ལ་བརྟེན་ནས་སྤྱད་བདེ་བའི་ཐབས་སུ། །ཡུལ་ཕས་སྣང་བ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ། །དེ་མཁྱེན་པའི་རིག་པ་ཉིད་ཡབ་ཀུན་ཏུ་བཟང་པོའི་ཡེ་ཤེས་སུ་ཤར་བ་དེ་གཉིས། །གདོད་མ་ནས་འདུ་འབྲལ་མེད་པར་འི་སྲས་བདེ་བ་ཆེན་པོར་འདོད། །སྣང་བ་དབྱིངས་༼ྈ༽སུ་བསྒོམ་པ་ལ་དྲན་རྟོག་རིགས་༼༠༽པའི་ཡེ་ཤེས་སུ་ཤར་བ་དེ་གཉིས་རྒྱུ་༼ྈ༽འབྲས་༼༠༽ཀྱི་ཚུལ་ལོ། །ཏིང་ངེ་འཛིན་རྫོགས་པའི་སྤྱོད་པ་ཝ་དང་ཅང་ཤེས་ལ་སོགས་པ་གཙོར་བྱས་བརྟུལ་ཞུགས་ཀྱི་གྲངས་ཉེར་གསུམ་བྱས་པས། །ཆོས། ལོངས། སྤྲུལ། ངོ་བོ་གསང་བའི་སྐུ་དང་ཡེ་ཤེས་ལྔ་ལྔར་མངོན་རྫོགས་པ། །ཀུན་བཟང་དབྱེ་བ་མེད་པའི་འམ་ཆོས་ཉིད་གདལ་བའི་སའོ། ༈ །བདེ་ཆེན་དེ་ཡང་མ་ཧཱ་བས་ཅུང་ཟད་ལྟ་བ་ཡངས་ཀྱང་དོན་གྱིས་ཟུང་འཇུག་གཉིས་མེད་ཀྱི་མཐར་ལྷུང་ངོ་། །ཡུལ་༡སེམས་༼ྊྃ༽སྣང་༼ྊྃ༽སྟོང་༡གི་ཕྱོགས་རིས་སུ་མ་ཆད་པ་ཉིད་ཡིན་མོད། ༈ །དེ་ལྟར་འགྲོ་དྲུག་རྟག་ཆད་ཐེག་པ་བརྒྱད། །རང་རང་གི་རང་རིག་ཚད་མས་རྟོག་དཔྱོད་འཐད་བསམས་ཀྱང་། །ལྔ་ཡོད་པ་གཉིས་སམ་གསུམ་མེད་པ་གཉིས་པ་བཞི་དང་ནང་པ་གཉིས་གཉིས་མེད་དེ་མུ་བཞིའི་ཕྱོགས་སུ་ལྷུང་བ། །དཔའ་མོས་མུ་བཞི་ཀུན་གྱི་འདོད་པ་བླངས་པས་ལྷུན་གྲུབ་དང་མུ་བཞི་ཀུན་བྲལ་ཀ་དག་སྟེ་མཐའ་དྲུག་གི་འདོད་པའང་བཞག་གོ། ༈ །རང་གཞུང་འདིར་ནི་བྱ་བྲལ་རྫོགས་པའི་ལུང་གི་རྗེས་སུ་སྙན་བརྒྱུད་ཀྱིས་གདམས་པ། ༈ །རིག་པ་ཚོགས་བརྒྱད་ལ་གསལ་བ་སྐྱེ་ལུགས་གསུམ་དུ་བསྡུས་ཏེ་སྐུ་གསུམ་དུ་བཀྲོལ་ནས། །དོན་གསལ་བྱེད་གཟུགས་བརྙན་སྟེང་དུ་རང་བཀྲོལ་གྱི་གདམས་པས་རྟོགས་པའི་ངང་དུ་གནས་པས། །ཤེས་བྱའི་ལྷག་མ་མ་ལུས་པར་སྐྱེ་ལུགས་གསུམ་སྐུ་གསུམ་དུ་བཀྲོལ་ནས། །སྦྱོར་དོན་བག་ཆགས་ཀྱི་རྙོག་པ་དྭངས་ཏེ། ༈ །གཞི་དོན་བྱང་ཆུབ་ཀྱི་སེམས་སུ། །ཤེས་པ་ལ་མུ་བཞི་དང་ལྡན་བྲལ་གཉིས་ཏེ་མཐའ་དྲུག་མ་སྤངས་པར་རྫོགས་པ་ནི་བྱང་བ་སྤྲོས་བྲལ་སྟོང་པ་སྡེ་གསུམ་ཉིད་རྫོགས་ལ། །ཆུབ་པས་རྣམ་པ་མ་འགགས་ཡོད་ཆོས་སྡེ་ལྔ་རྫོགས། །བྱང་ཆུབ་དེ་ཉིད་ལ་བདེན་གཉིས་ཆ་སྡེ་བཞི་རྫོགས་མཚན་ཉིད་རང་རིག་ན། །ཐ་དད་མི་གནས་གཉིས་སུ་མེད་པར་ལྟ་བ་སྡེ་གཉིས་རྫོགས་ཏེ། །རྫོགས་ཆ་བཞི་ནས་ཀུན་བླངས་ལྷུན་གྱིས་གྲུབ་པར་རྫོགས། །བྱང་བ་སྟོང་བས་ཆུབ་པས་སྣང་པའི་ཕྱོགས་བཀྲོལ་ཆུབ་པ་མ་འགགས་པ་ཡིས། །བྱང་བའི་སྤྲོས་བྲལ་གྱི་ཕྱོགས་བཀྲོལ་བྱང་ཆུབ་གཉིས་ཀ་རང་རིག་ཡིན་པས། །བདེན་པ་གཉིས་སུ་འཛིན་པ་བཀྲོལ་གཉིས་པ་སྒྲོ་བཏགས་པས། །དེ་ལྟོས་གཉིས་སུ་མེད་པའང་རང་བཞིན་གྱིས་བཀྲོལ་བས། །ཕྱོགས་སུ་ཞེན་པའི་ཆོས་ཀུན་ཁྲོལ་གྱིས་ཤེས་པའི་ཆ་ནས་ཀ་དག་ཀྱང་རྫོགས། །མ་བརྟགས་པར་མཐའ་དྲུག་ཀུན་རྟོགས་པའི་ལྟ་བ་ནི་ཤེས་བྱ་ཐམས་ཅད་མཁྱེན། ༈ །རྒྱུ་རྐྱེན་མི་གནས་རང་རིག་ཐམས་ཅད་གསལ། །འཁོར་རང་གསལ་ངང་ལ་ཕྱོགས་མེད་ལྟོས། །ཞེས་པའི་ཤློ་ཀ་གཅིག་པོ་འདིས་བཀྲལ་ལོ། །འདས་མཉམ་ཉིད་ངང་ལ་ཕྱོགས་རིས་མེད། །རང་རིག་པས་ན་བལྟ་བྱ་ལྟ་བྱེད་བྲལ། །ལྷུན་གནས་བདེ་ཆེན་རང་གསལ་ངང་དུ་ལྟོས། ༈ །བཞིའི་དང་པོ་ལྟ་བ་གཏན་ལ་ཕབ་པའོ། ༈ །མ་གཏད་ལ་ངང་དུ་གནས་པ་བསྒོམ་པའི་ཟླ་ཡང་ལྟ་བས་ཤེས་བྱ་ལ། །མུ་བཞི་མཐའ་དྲུག་གི་ཕྱོགས་སུ་བཅད་ནས་བལྟས་པས། །དེ་བསྒོམ་གཏད་ན་གནས་པ་ཙམ་འབྱུང་གི། །མ་གཏད་པར་གཤིས་ཕྱོགས་མེད་ཀྱི་ངང་ན་གནས་པ་མི་སྲིད་པ་ནི། ༈ །དངོས་པོ་བསྒོམ་པར་འདོད་པ་ལའང་མུ་བཞི་པོ་ལ་སྟོང་པ་དང་། །བདེན་པ་གཉིས་དང་གཉིས་མེད་དང་བཞི་ལྡན་ལྷུན་གྲུབ་དང་བཞི་དང་བྲལ་བ་ཀ་དག་དང་ཡུལ་ལྔ་ལ་ཡེངས། །སྟོང་པར་བསྒོམ་ལའང་དེ་བཞིན་དུ་རང་སྣང་དང་གཉིས་དང་གཉིས་མེད་དང་། །བཞི་ལྡན་དང་བྲལ་བ་དང་ལྔ་ལ་ཡེངས་ཕྱི་རྒྱུད་དང་དབུ་མ་བདེན་པ་གཉིས་བསྒོམ་པ་ལ་ཡང་། །སྣང་བ་དང་སྟོང་པ་དང་ཟུང་འཇུག་དང་བཞི་ལྡན་དང་བྲལ་བ་དང་ཡུལ་ལྔ་ལ་ཡེངས། །ནང་པ་གཉིས་སྣང་སྟོང་གཉིས་མེད་བསྒོམ་པ་ལའང་དངོས་སྟོང་གཉིས་ཀྱི་ཕྱོགས་གསུམ་དང་ལྡན་པ་དང་བྲལ་བ་གཉིས་ཏེ་ཡུལ་ལྔ་ལ་ཡེངས། །དོན་གྱིས་ལྡན་བྲལ་ལྷུན་གྲུབ་དང་ཀ་དག །གཉིས་ལའང་མུ་བཞིའི་ཡུལ་ལ་ཡེངས། ༈ །འོ་ན་ཁྱེད་ལའང་ཡེངས་པའི་ཡུལ་མཐའ་དྲུག་དང་ལྡན་ནོ་ཞེ་ན། །རང་རིག་པའི་ཡེ་ཤེས་མཚན་ཉིད་མ་འདྲེས་པའི་ཆ་ནས་ཆོས་དྲུག་ཀ་རྫོགས་པ། །དེས་ན་ཕྱོགས་རེར་འཛིན་པ་དྲུག་ལས་གྲོལ་བ་དེ་ལ་འཁོར་འདས་ཀུན། །མ་ལུས་པར་རང་གྲོལ་བས་དེ་མན་པའི་ཡེངས་པའི་ཆོས་མི་གནས་པ། །དེ་ཉིད་མཚོན་བྱེད་གཏན་ཚིགས་ཚད་མས་མཐའ་དྲུག་རང་སར་བཀྲོལ་ནས། ༈ །རང་རང་གི་བརྟགས་པས་གྲུབ་མཐའ་དྲུག་ཏུ་ཤར་བ་རང་སར་དག་སྟེ་ཡིན་ལུགས་ཀྱི་དོན་ལྟ་བས་ཆོད་པའི་སོ་ལ། །བདེན་ཐོག་ཉིད་དུ་གནས་པས་ཚོགས་བརྒྱད་སྐྱེ་ལུགས་གསུམ་གྱི་ངང་མ་བཅོས་པས་རང་དང་། །སྐུ་གསུམ་ལྷུན་གྲུབ་གསུམ་ལ་གནས་པས་མ་བཙལ་བར་ལྷུག་པ་སྟེ་གཞག་ཐབས་གསུམ་གྱི་ངང་གོམས་པ་ཙམ་མོ། ༈ །རིག་པ་མི་གསལ་ཏེ་བྱིང་བ་ཇི་ལྟར་གསེང་ན་སྣང་གཡེལ་ཆེ་སར་བསྡད་ཡང་བའི་ཁ་ཟས་བསྟེན། །སྔ་དྲོ་དང་སྲོད་ལ་བད་ཀན་གྱི་དུས་སུ་བཅག་ཅིང་ཉི་མ་ཕྱེད་ན་མཁྲིས་པའི་དུས་ན་ཆུས་བཀྲུ། །དགོང་ཀ་རླུང་གི་དུས་སུ་བསྐུ་མཉེ་བྱ་ཡིད་དུ་འོང་བའི་ཟླས་སྐྱོ་བ་གསང་བླ་མ་དམ་པ་ལ། །མོས་པ་དང་དེའི་ཡོན་ཏན་གྱིས་བྲོད་པ་བསྐྱེད་ཅིང་ངོ་མཚར་ཡུལ། །དྲན་པས་ཤེས་པ་རྒྱ་བསྐྱེད་སྒྲོལ་མ་སྟེང་རླུང་གནན་འོག་རླུང་འཐེན་པས་བྱིང་བ་གསེང་། །རྨུགས་ཏེ་ཤེས་བྱའི་དོན་མི་གསལ་ན་སྙན་ཁུང་གདམས་པའི་གནད་ཀྱིས་རྟོགས་པ་དོན་དུ་གཉེར། །རིག་པ་ཡུལ་ལ་འཕྲོ་ཞིང་རྒོད་ན་གང་འཕྲོའི་ཡུལ་དང་སེམས་ལ་བརྟགས་པས་རྟོག་པ་ཁ་བརླན། །རྟོག་པ་ཐམས་ཅད་དོན་ལས་མ་འདས་པས་ཚུལ་ངན་པའི་རྩོལ་བ་ལས་གྲོལ། །བྱ་བའི་ལས་ཀྱིས་ཁྲིད་དེ་གཡེང་ན་ངན་ཤུགས་དེ་འཁོར་བའི་ཉེས་པ་དྲན་པས་རིག་པ་སྲང་དུ་གཟུད། །དད་བརྩོན་བརྩེ་གདུང་གསུམ་བྲལ་ན་ནམས་ཀྱང་གདམས་པ་ལ་ཁ་ལན་ཟློས། །དམ་ཉམས་ཆེན་པོ་དེ་ན་རག་རྡོ་རྗེ་སྟེ་འཁོར་བའི་འགྲམ་དུ་ལྟུང་བའི་སྐྱོན་ཡོད་པ་དེ་བས་གདམས་པ་མ་ཐོས་པ་ཉེས་པ་ཆུང་བ་དེས་ན་དམ་པའི་གསུང་བཞིན་དུ་འབད་པ ། ༈ །དེས་ན་གནས་ལས་མི་གཡོ་མཉམ་ཉིད་ལྷུན་གྱིས་གནས་པའི་ཉམས་རིམ་བཞི་པོ་རེ་རེ་ལ། །ངོ་བོ་དཔེ་རྟགས་འབྲས་བུ་དང་བཞི་བཞི་བླན་ཅིང་སྦྱང་། ༈ །མཐངས་རྨི་ལམ་ལ་ཚད་གཟུང་བ་ནི་བག་ཆགས་འོལ་ཀ་དེ། །སྔར་ལས་གྱོང་པོའི་རྗེས་འབྲང་ཆད་པ་དང་། །གང་ལ་གཅེས་པར་འཛིན་པ་དེ་འཆར་རིག་པ་སྤྱི་བླུགས་ཡིན་པས། །དེ་ཡང་ལྟ་སྒོམ་གྱི་གདེང་གིས་འཆར་རྨི་ལྟས་ཡ་མཚན་ཅན། །འགའ་བྱུང་བ་ནི་བརྣག་སྟེ་དེ་ཡང་རྨི་ལམ་གྱི་དུས་དེ་ཀར་སྦྱང་། ༈ །རྨི་ལྟས་དེ་འམ་རྣམས་ཕྱི་རྟགས་ལུས་ལ་མང་དུ་འཆར་ཏེ་གཙོར་མི་གཟུང་། །རྣམ་ཤེས་བརྒྱད་གསུམ་ཡུལ་བཅས་བརྫུན་པས་དེར་ཞེན་གྲོལ། །དེ་དོན་ཡེ་ཤེས་ཀྱི་ངང་དུ་གྲོལ་ཏེ་དོན་ལ་མཁས་པས། །སྔར་ཐོས་པ་མིན་པའི་ཆོས་ལ་ཐེ་ཚོམ་གཅོད་པར་ནུས། །དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་ཐུགས་བརྩེ་ཞིང་ཕན་སེམས་ཅན། །སངས་རྒྱས་མཐར་ཐུག་ཡང་དགོས་ཡིན་ཞེས་དེ་ལས་བརྟགས། །བརྒྱད་གསུམ་ཡུལ་བཅས་དོན་རྟོགས་དམིགས་པ་གཏད་ནས་རྟོག་པ་བཟློག་པ་དང་བྲལ་བའོ། ༈ །དེ་ཡི་རྐང་པ་གཉིས་ཀྱིས་མ་ནོར་བཅོས་མེད་ཀྱི་དོན་བཀྲོལ་བའོ། །ངང་གནས་དེ་དོན་མ་ནོར་བས། །དེ་ལ་བཅོས་མེད་ཡིན་དོན་རྟོགས་པའི་རང་སོར་ཞོག ༈ །གཉིས་པ་བསྒོམ་པ་གཏན་ལ་ཕབ་པའོ། ༈ །མ་བཙལ་དོན་གྲུབ་པ་སྤྱོད་པའི་ཟླ་ཡང་མཉམ་གྲོལ་གྱི་དོན་ལ་མཐའ་དྲུག་གི་ཕྱོགས་སུ་བཅད་པས། །རང་རང་དང་མཐུན་པར་ཕྱོགས་སུ་འཐེན་པའི་དོན་གྲུབ་པ་ཙམ་སྲིད་པ་ཡིན་གྱི། །མ་བཙལ་བདེན་པའི་དོན་ལ་ལྷུན་གྱིས་གནས་པར་དཀའ་སྟེ། །དཀར་སྤྱོད་གནག་སྤྱོད་གཉིས་དང་བྱ་བྲལ་གྱི་ཕྱོགས་སུ་བཅད་པའི་ཕྱིར་རོ། ༈ །རྣལ་མའི་དོན་འདིར་གནས་ན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡིན་པས། །དེ་ཡི་ངང་དུ་གནས་པའི་སྒོ་གསུམ་གྱི་བྱ་བ་ཡང་། །བྱ་བྲལ་ངང་གནས་ཕྱོགས་མེད་ནམ་མཁའ་ལ། །སྙིང་པོའི་ངང་ལ་འགྱུར་མེད་རྡོ་རྗེར་གནས། །ནམ་མཁའ་རྡོ་རྗེ་དེས་འདུལ་བའི་མོས་པ་དང་མཐུན་པས་འདྲེན་སྤྱོད་རྫོགས། །སྙོམ་ལས་སུ་འདུག་པ་ལས་རྟོགས་པའི་གདེང་ཆེན་པོ་ལྷག་པས་ལྷག་སྤྱོད་རྫོགས། །རྣམ་པ་མ་འགགས་པས་གདུལ་བྱ་ཀུན་སྒྲོལ་བས་གཞན་གྱི་དོན་ཆེན་པོ་ལྷུན་གྱིས་གྲུབ། ༈ །གདུལ་བྱ་ཕལ་ཆེར་འཁྲུལ་པ་འཁོར་བའི་ཉེས་པས་སྐྱོ་ནས་དོན་ལ་འཇུག །ཉེས་པ་དེ་ལ་དངོས་སུ་སྒྲོལ་བ་ནི་དཀར་སྤྱོད་དགེ་བ་རྫོགས། །དེ་ལ་གདུལ་བྱ་མོས་པ་འཇུག་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མཐུན། །དཀར་སྤྱོད་དེ་ཡི་སྤྱོད་ཡུལ་རང་འོད་ཐུགས་རྗེ་རྣམ་པ་སྒྱུ་མ། །སྤྱོད་སེམས་མཚན་ཉིད་རང་རིག་དེའི་རང་བཞིན་སྤྲོས་པ་རྣམ་པར་དག །ཕྱོགས་མེད་ཀུན་ཁྱབ་སྙིང་པོ་རྣལ་མའི་དོན་ལས་མི་འགྱུར་བས། །མུ་བཞིར་འཐེན་ནས་སྤྱོད་པ་ལ་དོན་ཁྱད་པར་དུ་འཕགས་པའོ། ༈ །གལ་ཏེ་ལོག་པའི་སྲེད་ཆེན་ཆགས་སྡང་དབྲལ་དཀའ་བས། །གྲོལ་བར་མོས་ཀྱང་དེར་ཞེན་མ་ཐོངས་ན། །མཚམས་མེད་ལ་སོགས་པ་ནག་པོའི་སྤྱོད་པའང་རྣལ་མའི་དོན་ལ་སྦྱར་ཏེ་དྲང་བ་ནི། །ནག་སྤྱོད་ཀྱི་མིང་ཙམ་ལས་དོན་ལ་སྡེབ་པོ་བཞིའི་བསྒྱུར་ཏེ་ལྡེམ་པོར་དགོངས་པའམ་ཡང་ན་སྙིང་པོར་བཀྲོལ་བ་ནི། །གནག་དང་སྤྱོད་ཡུལ་རང་འོད་རྣམ་པ་སྒྱུ་མ་ལ། །སྤྱོད་སེམས་མཐར་ཐུག་བརྟགས་ན་རང་རིག་ཉིད། །དེ་དག་རང་བཞིན་ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་བརྟགས་པས་སྤྲོས་པ་ལས་གྲོལ། །དེ་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པས་ཕྱོགས་མེད་ལས་མི་འགྱུར། །དམན་པའི་གནས་སུ་སྦྱོར་བའི་ནག་སྤྱོད་རང་རྒྱུད་པ་ལས་དོན་རྟོགས་པ་དང་ངང་དུ་གནས་པས་འཕགས། །མཐའ་དྲུག་གི་ཕྱོགས་སུ་འཐེན་པའི་རྩོལ་བ་ལས་གྲོལ་ཏེ་དོན་ཀུན་ངང་གིས་གྲུབ་པའོ། ༈ །དོན་གནས་སྒོ་གསུམ་མ་བཅིངས་ཀྱི་དོན་ནོ། །ལུས་ངག་ཡིད་སྤྱོད་བཅིང་མི་དགོས། ༈ །གསུམ་པ་སྤྱོད་པ་གཏན་ལ་ཕབ་པའོ། ༈ །མ་བསྒྲུབས་པར་ལྷུན་གྱིས་གྲུབ་པའི་འབྲས་བུའི་ཟླ་ནི་ཕྱོགས་མེད་ཀྱི་ངང་ཚུལ་མ་རྫོགས་པས། །མུ་བཞི་ཕྱོགས་སུ་འཐེན་ནས་བལྟས་པ་ལྟར་སྣང་བཏགས་སོ་ཅོག་ཆགས་བསྒྲུབས་པ་ལྟར་འགྲུབ་སྟེ། །བདེན་པར་མ་བསྡད་པས་དངོས་པོ་སྒྲུབ་པ་ལ་སྟོང་པས་བརྒྱངས། །སྟོང་པ་བསྒྲུབས་པ་ལ་སྣང་བའི་སེལ་ཞུགས་བདེན་གཉིས་སུ་སྒྲུབ་པའང་། །རྣལ་མའི་དོན་ལ་གཉིས་གྲོལ་ཟུང་དུ་འཇུག་པས་བཀན། །གཉིས་སུ་མེད་པར་བསྒྲུབས་པ་ལའང་ལྟོས་གཞི་གཉིས་སྒྲོ་བཏགས་ཡིན་པས་བསླད། །གནས་སྐབས་ཀྱི་འབྲས་བུ་ཙམ་དུ་སྣང་གི་མ་བཙལ་བར་བདེན་པའི་དོན་ལ་གནས་པ་ཅི་ལ་སྲིད། །དམུས་ལོང་མང་པོ་གླང་ཆེན་མ་མཐོང་བ་ཤ་སྟག་གིས་ལུས་ཀྱི་བྱེ་བྲག་སོ་སོ་ལ་རེག་སྟེ་འཐུབ་པ་ནི་ཁ་ཅིག་ན་རེ་རི་རབ་རྩིབ་ལོགས་ཀྱི་བྱེ་བྲག་བཟུང་བས་རིལ་པོ་མི་རྟོགས་པ་བཞིན། །ཁ་ཅིག་ན་རེ་སྣ་ལ་རེག་པ་༼གཤོལ་མདའ་ལྟ་བུ་ཞིག་གོ་ཟེར་༽ དེ་བཞིན་དུ་༼མཆེ་བ་གཏུན་ཤིང་དང་༽རྣ་བ་༼ཞིབ་མ་དང་༽རྐང་ལག་༼ཀ་བ་དང་༽ རྔ་མ་༼ཕྱགས་མ་དང་༽ སྒལ་ཚིགས་༼ཁ་ཅིག་ན་རེ་ཕ་བོང་ལྟ་བུ་ཞིག་གོ་ཟེར་༽ རང་འདོད་ཀྱི་འབྲས་བུ་གྲུབ་ཀྱང་མཐར་ཐུག་སར་མ་སོན་བ་ནི། །བུས་པ་ཉོན་ཐོས་པས་དགྲ་བཅོམ་རང་རྒྱལ་ཡིད་སྦྱིན་བདེ་མཆོག་གི་འབྲས་བུར་གནས་པ་ལྟར། །མི་རིགས་པ་ལ་རིགས་པར་བཤད་མི་འཚམ་པ་ལ་འཚམ་ཞིང་འཐད་པར་འདོད་པ་དེ། །ངེས་པ་དོན་གྱི་མདོ་སྡེ་དང་རྒྱུད་སྡེའི་དོན་བརྟགས་པའི་སྙན་ཁུང་བརྒྱུད་པས་བླན། །བདེན་པའི་ངང་ཚུལ་ནི་དངོས་སྟོང་གཉིས་དང་གཉིས་མེད་མུ་བཞི་དང་། །ཀུན་བསྒྲུབ་ཀུན་བྲལ་ཏེ་མཐའ་དྲུག་ཁོ་ནར་བདེན་མིན་གནས། ༈ །མ་འདྲེས་ཡོངས་རྫོགས་སུ་ལྟ་བས་ཆོད་པའི་ངང་ཚུལ་ཉིད་དུ་གྲོལ་ལ། །བྱ་བཙལ་ཅི་དགོས་གཤིས་བདེན་ཐོག་ཏུ་ཟུངས་ཐུབ་པས། །ཀུན་བརྟགས་རང་སར་གྲོལ་ནས་བདེན་ཐོག་ཏུ་གནས་པར་ཐག་ཆོད་པ་ཙམ། ༈ །དེའི་ཡོན་ཏན་གྱི་ལྡོག་ཆ་ལས་སྐུ་གསུམ་མམ་ལྔ་ཕན་ཚུན་གྱི་ཞེན་པ་བཀྲོལ་ནས་མུ་བཞི་ལས་འདས། །ཡེ་ཤེས་ལྔ་ཚོགས་བརྒྱད་དང་དྲུག་དགུ་ལས་འདས་པའི་ཐིག་འབྲས་ཀློང་བཞིན་ལེ་དྲུག །ཆེ་བ་བཞིས་འོག་མ་ལས་དཔགས་ཏེ་ཆེ་བ་ལྔ་པས་ཨ་ཏིའི་ངང་། ༈ །རང་རིག་ལ་སྟོང་པའི་རྒྱས་ཐེབས་པ་སྲིད་པས་འཁོར་བའི་མཐའ་ལས་བསྒྲལ་བས་མཛེས། །རྣམ་པ་མ་འགགས་པས་འགྲོ་དོན་གྲུབ་པ་ནི་ཞི་བ་མྱ་ངན་ལས་འདས་པའི་མཐའ་བསྒྲལ་མཛེས། །དེ་ཡང་རང་རིག་པའི་ངང་དུ་རྫོགས་པས་ཕྱི་རོལ་དོན་གྱི་དངོས་པོ་དང་མཚན་མར་འཛིན་པའི་མཐའ་བསྒྲལ་ནས་མཛེས། །དེ་གསུམ་མ་འདྲེས་པས་གཅིག་པུར་འཛིན་པའི་མཐའ་བསྒྲལ་མཛེས། །ཡོངས་སུ་རྫོགས་པས་ཐ་དད་དུ་འཛིན་པའི་མཐའ་དང་བྲལ་ནས་མཛེས་པ། །དེའི་ངང་ལ་ཡོན་ཏན་བསམ་ཡས་པ་ཀུན་རྟེན་པས་ལུས་སུ་གྲུབ་པ་མེད་པ་ཉིད་ལུས་ཀྱི་མཆོག་དེ། །ཡེ་ཤེས་རྒྱན་རྒྱན་དང་བཅས་པའི༴ ཞེས་པའི་ཚིག་རྐང་གསུམ་གྱིས་བཀྲོལ་གྱིས་བརྒྱན་པའི་འཁོར་ལོའི་ངང་། །ཚིག་རྗེས་མ་གཅོད་ལྷུན་གནས་དོན་ལ་རྟོན། ༈ །བཞི་པ་འབྲས་བུ་གཏན་ལ་ཕབ་པའོ། ༈ །ཨེ་མ་ཧོ། རང་རང་གིས་རྣམ་བརྟགས་ཀྱི་འདོད་པ་ཉེར་བ་བསྒྲུབས་ནས་ལུས་ཅན་ཐམས་ཅད་མིང་ལ་ངོས་པར་འཛིན་ཧེ་སྒྲ་རྟེན་ཡིད་ལ་བྱེད་པས་ན། །ཁོ་བོས་ཀྱང་སྣང་སྟོང་གཉིས་སུ་འདོད་པ་འཁྲུལ་པས་བརྟགས་པར་སྣང་ནས་གཉིས་མེད་ངེས་དོན་སྙིང་པོར་བལྟས་པ་ལ། །མཐའ་དྲུག་ཀུན་མཁྱེན་ཀྱང་གང་གི་ཡང་ཕྱོགས་སུ་མ་ལྷུངས་པའི་དགོངས་པས་བསྟན་ཏེ་ཞེན་པ་བཀྲོལ་ནས་ཡིན་དོན་ཤར་བ་ནི་རང་གནས་སྦས་པ་དང་འདྲ་བ་དེ་བསྟན་ནས་དམ་པས་བསྒྲལ། ༈ །ཤྲཱི་སེངྷས་རྫོགས་ཆེན་སྤྱི་གཞུང་ལ་བརྟེན་ནས་དགེ་སློང་དཔའ་བོ་ཡིན་མོད་ལ་དེས་དོན་དུ་ལྟ་བ་དང་སྣང་ཆ་འཁྲུལ་སྣང་དུ་འདོད་པའི་ཤུགས་ལ་བདེན་གཉིས་སུ་འགྱུར་པ། །དོན་གྱིས་ཕ་རོལ་ཏུ་ཕྱིན་པའི་འདོད་པ་དང་མཚུངས་པར་འདོད་པ་དེ་ལས་བློ་བཀྲོལ་བས་དོན་འདི་ལ་ནན་ཏན་མཛོད་ཅིག་ཅེས་གདམས་པའོ། ༈ །ངེས་དོན་བཞི་མངོན་དུ་བསྟན་པའི་གནས་ཀྱིས་ཟླས་བཤད་འདྲ་ཚུལ་གྱི་ལྟ་སྒོམ་སྤྱོད་འབྲས་བཞི་ལས་ཁྱད་ཕྱེ་བའི་དོན་བཞི་པ། །འདི་ཡིས་མ་འོངས་སྐལ་ལྡན་སྣོད་ཅན་དོན་ལ་འཛུད་པའི་ཆ་རྐྱེན་མཛོད། ༈ །གཞིའི་ཉེས་པ་འཁོར་བའི་སྡུག་བསྔལ་ལམ་གྱི་ཉེས་པ་རྩོལ་བའི་ནད་ལས་དགྲོལ་བའི་གནད་དུ་རྟོགས་གོམས་སྤྱོད་གྲོལ་བཞི་ལས་མ་གཏོགས་པའི་ཐབས་མེད། །གནད་ཀྱི་ལྷག་པར་གཏན་ལ་ཕབ་པ་དོན་བཞི་པ། །སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ། རྫོགས་སོ།། །།སེའི་བནྡེ་འབྱུང་ལྡན་གྱིས། རིག་པ་རྩལ་གྱིས་མཆན་བུ་བཏབ་པའོ།། །།


previousདོན་བཞི་ལྷག་པར་གཏན་ལ་དབབ་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ། next