Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེའི་ཕྲེང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   


 
previousརིན་པོ་ཆེའི་ཕྲེང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

རིན་པོ་ཆེའི་ཕྲེང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ར ཏྣ མཱ ལེ ནཱ མ བི ཧ ར ཏི སྨ། །
རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། རཏྣ་མཱ་ལེ་ནཱ་མ། བོད་སྐད་དུ། མི་རྟོག་ལ་རེ་བ་སྐོང་བའི་རིན་པོ་ཆེའི་དང་པོ་ནས་མཐར་ཕྱིན་པའི་བར་གྱི་རིམ་པ་ཕྲེང་བ་མ་ནོར་བར་སྟོན་པ་ཞེས་བྱ་བ། ༈ །རང་འོད་ཐུགས་དམ་གྱི་ལྷར་རང་སྣང་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་ཐུན་མོང་ཁྱད་པར་གྱིས་ཕྱག་འཚལ་ལོ། ༈ །རང་གི་རྒྱུད་རྒྱུ་རྐྱེན་གྱིས་མ་བཅོས་པའི་ཆོས་ཉིད་ནི་བཅོམ་ལྡན་འདས་ཡིན་ཏེ། ༈ །ཡུལ་དུ་གྲུབ་པ་མིན་པའི་བློས་བརྟག་པར་དཀའ་ཞིང་ངེས་བྱེད་ཀྱི་རྐྱེན་དང་བྲལ་བས་མ་རྟོགས་ཡང་། ༈ །ཆོས་ཉིད་རང་སྣང་༼ ཁ༽ དེ་བླ་མ་དམ་པས་གདམས་ངག་གི་དུས་རེ་ཤིག་ན། ༈ །སངས་རྒྱས་སྐུ་གསུམ་དུ་རོ་གཅིག་པར་བདག་ཕྱག་འཚལ་ལོ། །མ་བཙལ་བར་ལྷུན་གྱིས་གྲུབ་པའི་ངང་དུ་ཡེ་ནས་གནས་པ་ལ། ༈ །རྒྱུ་མ་རིག་པ་གཉིས་དང་རྐྱེན་ཉོན་མོངས་པ་ལྔ་དང་ལས་གསུམ་ཀྱིས་ཁམས་གསུམ་སྣོད་བཅུད་དུ་འཕངས་ཏེ། ༈ །ཡང་ན་གཞིའི་ཉེས་པ་སྡུག་ཞེན་དྲུག་གི་བསྔལ་༼༡༽གསུམ་སོགས་དང་ཐེག་བརྒྱད་རྩོལ་བས་༼༡༽གདུངས་༼༡༡༽པ་ལ། ༈ །རྒྱལ་བའི་བཀའ་༼ག༽ དང་ལུང་བརྒྱུད་པའི་གདམས་པས་གསལ་བར་མཛད་པ་ལ། ༈ །གོ་རིམ་མ་ནོར་བའི་འབྲེལ་༼ཁ༽པ་དང་བྲལ་བས་གནས་ལུགས་མངོན་སུམ་དུ་གྲུབ་༼ང༽པ་ཡི། །ཆུ་བོ་དང་བྲལ་བར་གྱུར་པ་དེའི་ཕྱིར་རིམ་པ་༼ཀ༽ པ་མ་འཁྲུགས་པ་བཞག་༼༠༽ པར་བྱའོ། །དེ་༼༠༽ཡིས་རང་རང་གི་རྒྱུད་ལ་དོན་ངེས་པར་གསལ་ནས། ༈ །འཁྲུལ་པ་རང་སར་གྲོལ་ཏེ་རྩོལ་མེད་བདེ་ཆེན་གྱི་སྲོག་དང་ལྡན་པ་ཡིན་ནོ། །རིམ་པ་ཇི་ལྟར་ཞེ་ན་དང་པོ་རང་རང་གི་ཤེས་རབ་ཀྱི་རྒྱུད་ཐོས་པས་བཀྲོལ་ནས། རིག་པའི་རྩལ་སྦྱང་སྟེ་བར་དུ་གཅོད་པའི་བདུད་བརྟག་ཅིང་། །བདུད་དེ་ཉིད་རང་སར་གྲོལ་བའི་ཐབས་བསྟན་ནས། །ངང་རྟོགས་པའི་དེ་ལ་འདྲིས་ཤིང་གོམས་པས་མཐར་ཕྱིན་པར་བྱའོ། ༈ །སྐབས་རེ་ཤིག་དུ་གཞི་དང་ལམ་དང་འབྲས་བུ་ཡིས། །དོན་གྱི་གཞུང་ཆེན་ལྔའི་ཁོག་དབུབ་པར་བྱས་ལ། །བཤད་ཐབས་དང་འདྲེན་པའི་ཚིག་བཅུ་པ་ཚན་གཉིས་དང་དོན་གྱི་འགྲེལ་པ་ལྔ་ཡིས་རྒྱུད་བཤད་པ་གང་ཟག་བློ་སྦྲམ་གྱི་ཤེས་པའི་རྒྱུད་ཐོས་པས་དགྲོལ་བར་བྱ་བ་ནི་གཞན་རྒྱན་དུ་བཤད་པ་ལྟར་ཤེས་པར་བྱའོ། །རིག་པའི་རྩལ་སྦྱང་པ་ལ་ཡན་ལག་གྲངས་གསུམ། །མིང་བློ་གྲོས་དྲི་བའི་ཡུལ་སློབ་དཔོན་དང་གདམས་པ་གཏད་པའི་རྟེན་སློབ་མ་དང་། མན་ངག་བསྟན་པའི་རིམ་པའོ། ༈ །ཐུན་མོང་དུ་དབང་བསྐུར་ཐོབ་པ་དང་ཁྱད་པར་རིག་པ་རྩལ་གྱིས་ཐོབ་པའི་དབང་གི་ཆུ་བོ་རྫོགས་ཤིང་། །ཐབས་ཆེན་བྱ་བྲལ་མཁའ་ཁྱབ་དང་ལུང་གསུམ་གྱི་ཚིག་གི་བརྒྱུད་པ་བར་མ་ཆད་པས་རྒྱུད་ཀྱི་ཆུ་བོ་ཅན། །བརྡ་བྲལ་རང་གྲོལ་བའི་མན་ངག་གི་བརྒྱུད་པས་བར་མ་ཆད་པས་ཆུ་བོ་རྫོགས་པས། །ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་བཞི་ཡིས་མངོན་ཡུམ་དུ་གྲུབ་པས་ཐག་ཆོད་དེ་ཡིད་ཆེས་པས་གྲུབ་པའི་ཆུ་བོའི། །གོང་ན་མེད་པས་བླ་མ་རེ་བ་བསྐོང་བས་རིན་ཆེན་སྲོག་བདེ་ཆེན་རྟོགས་པའི་གི་གཟུངས་སོ། ༈ །དབང་ཐོབ་༼ཀ༽པ་ས་ནོན་༼ཁ༽པ་ཐེག་པ་ཀུན་ལ་༼ག༽མཁས། །དོན་ངེས་པར་རྟོགས་༼ང༽ཐུགས་རྗེ་༼ཅ༽ཆེ་ཞིང་བརྩོན་པར་༼ཆ༽སྟོན། །ཆོས་སྟོན་མཁས་༼ཇ༽ཐུགས་རྒྱུད་འཇམ་༼ཉ༽ནོར་རྫས་ལ་སྲེད་པ་༼ཏ༽ཆུང་། །ངེས་དོན་སྙིང་པོ་འབའ་ཞིག་གི་སྒྲ་གཅིག་པུ་ལ་དགའ་བ་༼ཐ༽ཡིས། །གསང་སྔགས་ཀྱི་༼ཀ༽ སྟོན་པར་གནང་ཞིང་ཉོན་མོངས་དང་སྡུག་བསྔལ་གྱི་རྐྱེན་༼ཁ༽ ཐུབ་གོལ་༼ག༽པ་དང་སྒྲིབ་པ་རྣམས་སེལ་ནུས། །ལྟ་བ་གཞན་གྱིས་ལོག་པར་མི་འཕྲོགས་མན་ངག་རྫོགས་༼ཅ༽པར་གནང་ཞིང་དུས་མྱུར་༼ཆ༽དུ་སྟོན། །ཚིག་དང་དོན་རྟོགས་༼ཇ༽པ་སྐྱེན་དམ་༼ཉ༽ཚིག་མི་ཉམས་དད་༼ཏ༽པ་མི་ལྡོག །དེ་༼ཐ༽ ཡི་རྗེས་སུ་བུ་ཡང་ངེས་པའི་དོན་ལ་རྟོན་པའི་དགོས་པ་ཡོད་པའོ། ༈ །སློབ་བུ་ཡིས་ཡོན་ཏན་དེ་དག་དང་ལྡན་པའི་བླ་མ་དེ་ལ་རྒྱལ་བ་སངས་རྒྱས་ཀྱིའི་འདུ་ཤེས་སུ་གཞག་པར་བྱའོ། ༈ །བླ་མ་དེ་ཡིས་མན་ངག་གཏད་པའི་རྟེན་སློབ་མའི་ཡོན་ཏན་དག་ཀྱང་། །སྣོད་ཀྱི་ཡོན་ཏན་དང་ལྡན་ལ་བླ་མ་ལ་སྙིང་བརྩེ་ཞིང་། །མཆེད་གྲོགས་ལ་སེམས་གདུངས་ཤིང་དམ་ཚིག་ལ་རྟག་ཏུ་གནས། །ཡིད་མི་འགྱུར་བར་བརྟན་ཞིང་བློ་ཤེས་རབ་གསལ་ཏེ་ཤེས་རབ་གསུམ་སྦྱོང་བ་ལ་བསྙུགས་སུ་རིང་། །གཞི་དད་པ་དང་གྲོགས་བརྩོན་འགྲུས་དང་བརྩེ་གདུང་དམ་ཚིག་གསུམ་དང་རབ་ཏུ་ལྡན་པས། །བླ་མ་རང་གི་སྲོག་ལྟར་དུ་གཅེས་པར་འཛིན་ཅིང་གདམས་ངག་གཏེར་ལྟར་དུ་མི་སྤེལ་བར་འཆང་བ། །མདོ་སྡེ་དང་རྒྱུད་སྡེ་དག་ལས་རབ་ཏུ་བསྔགས་པའི་ཡོན་ཏན་དང་ལྡན་ལ། །མདོ་རྒྱུད་དེ་དག་ལས་གསུངས་པ་ཡི་སྐྱོན་དང་བྲལ་བའི་རྡོ་རྗེའི་རིགས་ཅན་གྱི་སློབ་བུ༼༡༽། །ཕ་༼༣༽བླ་མ་ཡིས་དེ་ལ་༼༢༽རྒྱལ་༼༤༽བའི་གདུང་སོབ་པའི་སྲས་སུ་དགོངས། །ཡང་དག་པའི་དོན་གྲུབ་པའི་རྟེན་ཡིན་པས་ཐུགས་ཀྱིས་ངེས་པར་གཟུང་ལ། །ཕྲལ་གྱི་སྣོད་སྐྱོན་བཅོས་སྐྱོ་དུབ་མེད་པའི་ཞེས་དྲང་ཤིང་ཞར་གྱིས་ཡོན་ཏན་རྣམས་བསླབ། །གོང་གི་སྣོད་ལྡན་གྱི་ཡན་ལག་དམ་པར་དེ་དག་ཚང་བ་ནི་ཐུགས་སྲས་ཀྱི་སློབ་མའི་མཆོག་ཡིན་ནོ། །མན་ངག་གི་རིམ་པ་ནི་སློབ་དཔོན་དེ་དག་ཕན་ཚུན་དུ་རྙེད་ནས། །ལུས་ངག་གི་སྤྱོད་པ་ནོར་རྫས་དང་བཅས་པ་ཡིས། །ཚུལ་ལམ་ཐབས་ཅི་ནས་ཀྱང་བླ་མ་མཉེས་པར་བྱས་ཤིང་། །དཔེར་ན་མགོ་བོའི་སྐྲ་ལ་མེ་འབར་བ་གསད་པ་བས་ཀྱང་། །རིངས་པའི་ཚུལ་གྱིས་ཆོས་ཀྱི་ཐེ་ཚོམ་རྣམས་གཅད་དོ། ༈ །བླ་མས་དུས་དང་པོ་དབང་གི་སྔོན་འགྲོ་གནས་དབེན་པའི་སར། །ཞག་ལྔ་ཚན་གཉིས་དང་གཅིག་ཏུ་སློབ་མས་འབྱོར་ཚད་ཀྱིས་བསག་ཅིང་། །བར་དུ་གཅོད་པའི་བགེགས་བསྐྲད་ཅིང་བསྲུང་། །ༀ་སྐུ་ཨཱཿགསུང་ཧཱུྃ་ཐུགས་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། ཀཱ་ཡ་སྐུ་ཝཱཀ་གསུང་ཙིཏྟ་ཐུགས་བྷོ་དྷི་བྱང་ཆུབ་ཙིཏྟ་སེམས་མ་ཧཱ་ཆེན་པོ་སུ་ཀ་བདེ་བ་ཧཱུྃ་རིག་པ་ཨ་མ་སྐྱེས་པ། །རང་གི་ལུས་རྣམ་པ་སྒྱུ་མ་ལྷུན་གྲུབ་ལས། །དེའི་གཟུགས་བརྙན་ཀུན་ཏུ་བཟང་པོ་རྡོ་རྗེ་དྲིལ་བུ་ཅན་ནི་༼༠༽དོན་༼༠༽གྱི་༼༠༽རྟགས། །ཧཱུྃ་རིག་པ་ༀ་ཡེ་ཤེས་བཛྲ་རྡོ་རྗེ་པཱ་ཎི་ལག་ན་མ་ཧཱ་ཆེན་པོ་ཡག་ཀྵ་གནོད་སྦྱིན་ནི་ལྂ་བྷ་ར་གོས་སྔོན་ཅན་དྷ་ར་ཟུང་ཞིག་ད་ཧ་ནི་ཆོམ་ཞིག །ཡེ་ཤེས་སུ་ཧཱུྃ་ཕཊ་སྒྲོལ་ཅིག །ཀུན་བཟང་གི་མདུན་དུ་གཡས་པ་རང་རྟགས་རྡོ་རྗེ་འཛིན་པའི་རྡོ་རྗེ་གནོད་སྦྱིན་ཆོས་ཉིད་ཀྱི་ངང་ལས་ཤར་བའི་བསྒོ་བའི་བཀའ་ཉན་པའི་ཚུལ་དུ་བསམ་མོ། །ཡེ་ཤེས་ལྔ་ལྡན་ༀ་བཛྲ་རྡོ་རྗེ་ཡཀྵ་གནོད་སྦྱིན་ཀྲོ་དྷ་ཁྲོ་བོ་ཛྭ་ལ་འབར་བ་ཧ་ལ་རྒྱོབ་ཅིག་ཧ་ལ་ཧཱུྃ་ཕཊ་སུས་ལ་སྒྲོལ། སྤྲུལ་པའི་ཁྲོ་ཆུང་འཕྲོས་ཤིང་མེ་འོད་འབར་བས་བགེགས་བསྐྲད་པར་བྱའོ། །ༀ་བཛྲ་ཙཀྲ་རཀྵ་རཀྵ་མུ་ལ་ཙུ་ལེ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། རང་གི་ལུས་ལུས་རྡོ་རྗེའི་རང་བཞིན་དུ་བསམ་པ་ལས། །འཁོར་ལོའི་རྩིབས་ཀྱིས་ཕྱོགས་བཅུར་བར་གཅོད་རྣམས་གཅོད་ཅིང་སྒྲོལ། །རང་དབུས་ཀྱི་ལྟེ་བར་གནས་པས་བར་དུ་ཆོད་པ་ཐམས་ཅད་བྲལ་ཏེ། །རིག་པ་སྔགས་ཏིང་ངེའི་སྲོག་དང་དབང་ཀློང་དྲང་བཅས་པར་བྱའོ། ༈ །དེ་ལྟར་ཞག་བཅུ་གཅིག་བྱས་ནས་ཐུན་ཞག་གསུམ་གྱི་བར་དག་ལ། སློབ་མའི་སྣོད་ཀྱི་སྐྱོན་ཡོན་རྣམས་བཤད་ལ་མན་ངག་བསྟན་པ་ནི། ནང་ནུབ་དུ་མྱུར་དུ་འཆི་བ་མི་རྟག་པ་བསམ་ཞིང་ལས་དགེ་སྡིག་ཀྱི་བག་ཆགས་བསགས་པ་རྣམས་བགྲང་སྟེ། མི་བསླུ་བར་ངེས་པར་བློ་ཕྲུག་སུ་ཅི་བཞག་ད་ལྟ་རང་དྲོས་ཀྱིས་ཆོད་པར་བྱའོ། ༈ །སྔོན་དུ་བྱ་བ་རྫོགས་པ་དེ་ནས་མཚོན་བྱའི་དོན་རྣམས་གསལ་བར་བྱེད་༼ཀ༽པའི། །རྒྱུ་རིན་ཆེན་༼ཁ༽སྣ་ལྔ་ལས་བྱས་པའི་དཀྱིལ་འཁོར་མཎྜལ་ལ། །ཁ་དོག་གསལ་༼ཀ༽ཞིང་འོད་༼ཁ༽ཟེར་དེ་འབར་བར་བྱས་པ་ལ། ༈ །འཁོར་ལོ་རྩིབས་བརྒྱད་ཀྱི་སྤྱི་བོར་འཁྱིལ་པ་ལ། །རྡོ་རྗེ་བར་མ་ཆད་པའི་ཕྲེང་བས་རབ་ཏུ་མཚན་ཏུ་བྲི་བ་ནིས། །དོན་མཚོན་པར་བྱེད་པའི་སྒོ་བརྒྱད་དང་ལྡན་པའོ། །དེ་ཡང་རྣམ་ཤེས་དང་ཐིག་ལེ་གནས་པའི་རྟེན་གྱི་སྙིང་གའི་རྩ་བརྒྱད་གནས་པའི་ཚུལ་དུ་བྲིས་ལ་གཞག །འཇུག་པའི་སྒོ་ཐེག་པ་བརྒྱད་མཚོན་པའི་སྒོ་བརྒྱད་རྩིབས་བརྒྱད་ལ་བྲིས་ཏེ་དགོད། །ཤེས་བྱ་དོན་གྱི་སྒོ་རྣམ་ཤེས་ཚོགས་བརྒྱད་རྩ་བརྒྱད་ལ་གནས་པར་བསྟན་ཏེ། །འགྲོ་བ་རིགས་དྲུག་དང་མུ་སྟེགས་རྟག་ཆད་གཉིས་ཏེ་བརྒྱད་གོང་རས་ལ་བྲིས་ཏེ་ཞོར་ལ་གྲོལ་བར་བསྟན་པར་བྱའོ། །འགྲོ་ཕྱིན་ཅི་ལོག་ཏུ་བའི་འཕྲང་གཅད་ལ་རིག་པའི་རྩལ་སྦྱང་བ་དངོས་ནི། །བླ་མའི་མཚན་ཉིད་བཅུ་བཞི་གོང་དུ་བསྟན་པ་དེ་ཉིད་ཀྱི། །ཡོན་ཏན་དང་ལྡན་པས་ཚད་མར་སངས་རྒྱས་ཀྱི་འདུ་ཤེས་སུ་རབ་ཏུ་བཟུང་ལ། །མོས་པ་ཡིས་དམིགས་པ་རྩེ་གཅིག་ཏུ་ཏིང་ངེ་འཛིན་གསལ་བར་ཤེས་པ་གཏད་ལ་བསྒོམས་པའི་མངོན་སུམ་པ་དྲོད་དང་ལྡན་ན་མ་བསྒོམས་པའི་མངོན་སུམ་གྱིས་བརྡ་དོན་སྤྲོད་པར་བྱའོ། ༈ །དྲོད་དང་ལྡན་པ་མིན་ན་བསྒོམ་པས་གཟུགས་མིང་སེམས་ལ་བརྟག་ཅིང་འདུ་ཤེས་བསྒྱུར་བ་ལ་མ་བསྒོམས་པས་བརྡ་དོན་སྤྲད་པར་བྱའོ། ༈ །དེ་ལ་༼ག༽བར་ཆོད་འབྱུང་བའི་རྩ་བ་ནི་རང་གི་སེམས་ཉིད་ཡིན་ཏེ། དེ་ངོ་མ་ཤེས་པ་དང་ཤེས་ཀྱང་དེའི་ངང་དུ་མ་གོམས་པ་ལས། །བདུད་རྣམ་པ་བཞིའི་ཚུལ་དུ་ཤར་བ་ཡིན་ཏེ་གང་ཞེ་ན། ༈ །ནང་གི་བདུད་ལྟར་དུ་ཤར་བ་ནི་ཀུན་གཞི་ལ་ང་བདག་ཏུ་འཛིན་པའི་བདུད་༼ཀ༽ཡིན་ཏེ། །ཉོན་༼ང ༽མོངས་པ་དུག་ལྔ་ལོངས་སྤྱོད་ཀྱི་སྐུ་རང་རིག་བདེ་ཆེན་དུ་མ་རྫོགས་པས། །གཅོད་བྱེད་ཡིད་ཀྱི་རྗེས་སུ་འབྲངས་ནས་ནི། །རང་ཁོ་ན་སྨྲ་བས་རང་གིས་དྲིས་པའི་ལན་རང་གིས་འདེབས་པར་བྱེད་པ། གཟུང་འཛིན་༼ཁ༽རང་གྲོལ་བའི་རང་རིག་བདེ་བ་ཆེན་པོའི་བར་དུ་གཅོད་ལ། ༈ །ཕྱིའི་བདུད་ལྟར་ཤར་བ་ནི་ཡུལ་ལ་མཚན་མར་འཛིན་པའི་གྱི་བདུད་ཡིན་ཏེ། །གཟུགས་སོགས་ཡུལ་ལྔ་སྣང་ལ་རང་བཞིན་མེད་པ་སྤྲུལ་པའི་སྐུ་མ་ཤར་བས། །གཅོད་བྱེད་ཡིད་ཀྱི་རྗེས་སུ་འབྲངས་ནས་ནི། །དང་པོ་ཡུལ་དུ་སྣང་བའི་བགྲང་བའི་བྱ་བ་བྱེད་ཅིང་། །རྗེས་སུ་འཇུག་ལ་ཐ་མ་རྣམ་རྟོག་རྐུན་བུར་འབྱུང་བས། །སྣང་བའི་ཡུལ་ལ་འཛིན་པ་རང་སར་གྲོལ་བའི་བར་དུ་གཅོད་པའོ། ༈ །དེ་ལྟར་ཕྱི་ནང་གི་རྗེས་སུ་འཇུག་ཅིང་རང་རིགས་སྔ་མའི་རྗེས་སུ་འབྲང་བ་ནི་བར་གྱི་བདུད་སྟེ། །ཡིད་ཀྱི་སྤྲོས་པ་ཉིད་སྤྲོས་བྲལ་ཆོས་སྐུར་མ་ཆོད་པས། །སྒོ་ལྔ་ཕྱི་ནང་ཉོན་ཡིད་བར་རང་རིགས་སྔ་མ་གསུམ་གྱི་ཕྱི་བཞིན་དུ་རྗེས་སུ་འབྲང་བར། །རང་བཞིན་སྤྲོས་བྲལ་གཉུག་མ་མ་བཅོས་པའི་བར་དུ་གཅོད་པའོ། ༈ །སྐུ་གསུམ་དུ་ངོ་ཤེས་ལ་དེའི་ངང་དུ་མ་གོམས་པས་མི་གནས་པ་ནི་ལྡིངས་པའི་བདུད་ཡིན་ཏེ། །བླ་མ་ལ་བརྩེ་གདུང་དང་བྲལ་བས་དམ་ཚིག་ལ་མི་གནས། །ལྟ་བ་ཁ་ལ་ཁྱེར་ཏེ་དོན་སྤྱིའི་རྣམ་པ་ཙམ་ལ་གནས། ༈ །བག་ཆགས་ཀྱི་རྟེན་ཀུན་གཞི་ལ་བག་ཆགས་དེ་ཞེན་པས། ༈ །འཇིག་རྟེན་ལས་མི་འཕགས་པར་འཁྲུལ་ཞིང་འཁོར་བས་འཆིང་བའི་དྲ་བར་གནས་པས། ༈ །གཞི་ལམ་གྱི་ཉེས་པ་ཀུན་གྲོལ་བའི་བདེ་བ་ཆེན་པོ་སངས་རྒྱས་པའི་བར་དུ་གཅོད་པའི་ཕྱིར་རོ། ༈ །བདུད་བཞི་པོ་དེ་དག་རང་སར་གྲོལ་བར་བྱ་བའི་ཐབས་ལ་ཡང་། །ཕྱི་ནང་བར་གསུམ་གྱི་བདུད་གསུམ་ནི་ཤེས་པ་རྒོད་པ་ཞེས་པ་ཞེས་དྲང་སྐྱེ་བའི་ལུགས་གསུམ་པོ་ཡིན་ལ༼༡༽། །དེ་༼༡༽ཡི་གནས་ལུགས་སྒྱུ་མ་སྤྲོས་བྲལ་རང་རིག་ལྷུན་གྲུབ་གསུམ་ཡིན་པས་དེ་རྟོགས་པའི་ཐབས་སྐུ་གསུམ། །ཐུག་ཕྲད་དུ་སྟོན་པའི་ཐབས་གསུམ་ལ་དོན་ངེས་བར་ཐག་བཅད་པ་ལ་བློ་བཞག་ཐབས་ནི་རྟོགས་པའི་སོ་མ་ཤོར་བ་ལ་རེ་དོགས་མེད་པས་ལྷུག་པ་སྐྱོན་ལ་བཤེས་གཉེན་མི་བརྟེན་པས་རང་ཏང་དང་གསུམ་དུ་བཞག །དེ་རྟོགས་གོམས་ཡིས་བདུད་བཞི་པོ་དེ་ཉིད་ལྷུན་གྲུབ་གསུམ་པོ་དེར་གྲོལ་བར་འགྱུར་བ་ནི་དཔེར་ན་ཆུ་ཉིད་འཁྱག་པར་སྣང་བས་དང་འཁྱག་པ་ཆུ་རུ་གྲོལ་ཇི་བཞིན་དུ་རྟོགས་གོམས་དེའི་ངང་ལ་ནན་ཏན་གྱིས་གནས་པ་ནི་ཤིན་ཏུ་གཅེས་པའི་ཕྱིར། །དེ་ཉིད་དུས་རྒྱུན་དུ་བསྒོམ་པའི་ཐབས་ཡང་གང་ཞེ་ན། །དགོན་༼༡༽པ་རུ་རི་ཁྲོད་དུ་གྲོང་ཡུལ་༼༣༽དུ། །རྒྱལ་༼༡༽པོ་ལྟར་སྨྱོན་༼༢༽པ་ལྟར་སྤྲང་པོ་༼༣༽ལྟར། སྒོམ་༼༡༽ཆེན་རྣལ་༼༡༢༽འབྱོར་ལྡོམ་༼༡༣༽བུ་༼༡༽བྱ༼༡༡༡༽། ༈ །ལུས་དང་རྫས་རྟེན་པ་གནས་ཀྱི་དགོན་པ་གྲོང་ལས་རྒྱང་གྲངས་སུ་གྱུར་པ་རུ། །རང་རིག་པ་བྱང་ཆུབ་སེམས་ཀྱི་དོན་རྟོགས་པའི་དགོན་པ་བསྐྱང་། །སེམས་ལུས་ལ་རྟེན་ཅིང་འབྲེལ་བས་རང་གི་ལུས་ལས་དགོན་པར་འཆར་རོ། ༈ །དངོས་སུ་སྣང་བ་བཞུགས་པའི་ཡུལ་གྱི་རི་ཁྲོད་དུ། །རིག་པ་སེམས་ཀྱི་རི་ཁྲོད་སྦྱང་། །རྟེན་འབྲེལ་གཟུགས་ཀྱི་ཕུང་པོ་ཉིད་རི་ཁྲོད་དུ་འཆར་རོ། ༈ །ལུས་དང་སེམས་རི་ཁྲོད་དང་དགོན་པར་ལྡོམ་བུ་བྱ། །སེམས་ཀྱིས་དེ་ཡི་རོ་སྙོམས་ཤིང་རི་ཁྲོད་དུ་ལྡོམ་བུ་བྱ། ༈ །དེ་ཡང་མཉམ་ན་ཐེག་པ་ཆེན་པོས་འགྲོ་བའི་དོན་དུ་གྲོང་ཡུལ་དུ་ལྡོམ་བུ་བྱའོ། །དེའི་དོན་ཡང་བླ་མ་དམ་པ་ཀུ་ཀུ་རཱ་ཙས་བསྐུལ་བའི་ཆ་རྐྱེན་དུ་བཞག་པའི་ཚིག་ནི། །རྒྱུ་རྐྱེན་མེད་པར་རང་རིག་པ་ཐམས་ཅད་དུ་གསལ་ལྟ་འཁོར་འདས་མཉམ་ཉིད་ངང་ལ་ཕྱོགས་རིས་མེད་པས་བལྟ་བྱ་ལྟ་བྱེད་མེད་པར་ལྟོས། །དོན་མ་སྒོམ་ནོར་བའི་ངང་ལ་གནས་པས་བཅོས་སུ་མེད་དེ་ཡིན་དོན་རང་རྟོགས་པའི་སོར་ཞོག །དོན་ལ་གནས་པའི་ལུས་ངག་ཡིད་ཀྱི་སྒོ་གསུམ་སྤྱོད་མ་བཅིངས་པར་བག་ཡངས་སུ་སྤྱོད། །འབྲས་བུ་རྒྱན་ཕྱོགས་རིས་ལས་གྲོལ་ཏེ་མཛེས་པས་དང་བཅས་པའི་ངང་ལ་ཀུན་རྟེན་པས་ལུས་ཚིག་རྗེས་མ་གཅོད་པར་ལྷུན་གནས་ཀྱི་དོན་ལ་ལ་རྟོན་ཅེས་གསུངས་སོ། །མཐའ་འཁོར་པ་ཡི་བན་དྷེ་བཻ་རོ་ཙ་ནས་འོག་གི་འདིར་ལྟར་དུ་རིག་པའམ་སློབ་བུ་བསྐྱང་། །ཐེག་པའི་བྱེ་བྲག་མ་འདྲེས་པར་ཤན་༼ཁ ༽ཕྱེ་སྟེ་མ་སྤངས་པར་མཉམ་ཉིད་དུ་ལ་བཟླས་བློ་སྦྲམ་གྱི་རྒྱུད་ཁྲོལ་ལ། །དགོངས་པ་རིག་པ་སྙན་ཁུང་དུ་བརྒྱུད་པའི་གདམས་པས་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་སྟོན། །གནས་དབེན་པར་རང་གི་སེམས་ཉིད་རྟོགས་པའི་ངང་དུ་གོམས་པར་གྱིས། །རང་གི་རྒྱུད་དམ་གདུལ་བྱ་སྨིན་པར་གྱིས་ཤིག་ཅེས་གདམས་སོ། །ཀྱེ་བོད་པ་སྟེ་གདམས་པ་བཞག་པའི་ཕྱིར་རོ། །ཐུགས་ཀྱི་སྲས་བཻ་རོ་ཙ་ན། ༈ དུས་དང་པོ་བླ་མ་༼ག༽དམ་པ་ཡོན་ཏན་དང་ལྡན་པ་བཙལ་ཏེ། །དེ་རྙེད་ནས་སྒོ་གསུམ་གྱིས་དཀའ་བས་བླ་མ་དེ་བསྟེན་ཅིང་། །ཅི་མཉེས་པས་དེའི་ཐུགས་གཟུང་ལ་གདམས་ངག་ཞུ། །རང་གི་རྩོལ་བས་དར་དྲག་ཏུ་ཐེ་ཚོམ་མེད་པར་གཅད། །གཏད་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས་དབེན་པའི་གནས་སུ་རིག་པ་བསྐྱངས། །དེ་ཡང་རབ་ལོ་གསུམ་བློ་འབྲིང་གིས་ལོ་བཞི་བློ་དང་བརྩོན་པ་ཐ་མས་ལོ་ལྔ། །འཇིག་རྟེན་པའི་གཡེངས་འབྲེལ་རྣམས་ཀྱི་ཐག་བཅད་ལ་རང་གི་སེམས་གོམས་པར་བྱའོ། །རང་བརྟན་པ་ཐོབ་པ་དེ་ནས་ཅི་བདེ་བར་འགྲོ་དོན་མཛད་པ་དེ་ཡང་དོན་ལ། །བྱ་བ་དང་བྱེད་པ་མེད་པར་རིག་པ་ཡི། །སྐྱེས་བུས་བྱ་བ་ཙལ་གྱི་སྤྱོད་པ་ཅི་མཛད་ཀྱང་བྱ་བ་མེད་པ་ཉིད་ཡིན་ཏེ། །དེ་ཡང་རྟོགས་གོམས་ཀྱི་ངང་ལ་མ་གཡོས་པར་གནས་པའི་གདེང་ཆེན་དང་ལྡན་ནོ། ༈ །རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རྩོལ་མེད་བདེ་ཆེན་གྱི་ངང་དུ་ཡེ་ནས་གནས་ཀྱང་། །དེ་ཉིད་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་ཏེ་འཁྲུལ་པས་སྡུག་བསྔལ་བ་དེ་ལ། །རང་གྲོལ་བའི་མན་ངག་མངོན་སུམ་དུ་བསྟན་ཀྱང་དེའི་ངང་དུ་གོམས་པ་དང་བྲལ་ན་རང་གྲོལ་དེ་ལས་རིང་བས། །དེ་ཉིད་རང་རང་གི་རྒྱུད་ལ་འཆར་བར་བྱེད་པའི་ཐབས་ཀྱི་རིམ་པའི་ཕྲེང་བར་འགྲོ་བ་ཀུན་གྱི་རྒྱུད་ལ་གནས་པར་སྨོན་ནོ། །རིན་པོ་ཆེ་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤྲཱི་སེང་ཧས་མཛད་པ་རྫོགས་སོ།། །། ༈ སེའི་བན་དྷེ་འབྱུང་ལྡན་གྱིས་གཞན་ལ་བརྩེ་བའི་སེམས་ཀྱིས་མཆན་བུ་བཏབ་པའོ། །དགེ་བ་རྫོགས་པའི་སངས་རྒྱས་སུ་སྨོན་ནོ།།


previousརིན་པོ་ཆེའི་ཕྲེང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next