Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེའི་འོད་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   


 
previousརིན་པོ་ཆེའི་འོད་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

རིན་པོ་ཆེའི་འོད་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ར ཏྣ པྲ བྷཱ ཏི སྨ །
རིན་པོ་ཆེ་འོད་བཞུགས།
རྒྱ་གར་སྐད་དུ། རཏྣ་པྲ་བྷཱ་ནཱ་མ། བོད་སྐད་དུ། རྣ་བརྒྱུད་རིན་པོ་ཆེ་ཡིས་སྙིང་པོའི་དོན་གསལ་བར་བྱེད་པས་འོད་ཅེས་བྱ་བ། རང་འོད་ཐུགས་དམ་གྱི་ལྷར་རང་སྣང་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །གནས་ལུགས་ལྷུན་གྲུབ་གསུམ་དུ་གསལ་བས་ཀུན་ཁྱབ་མི་འབྱེད་པའི་ཐུགས་རྗེ་རང་རིག་པ་ཉིད་ལ་རང་ཆས་སུ་གནས་པའི་དཔལ་ཏེ་སྐུ་གསུམ་རང་རིག་པ་པདྨ་གསུམ་པོ་ཉིད་ལྡན་པ་དེ་ལ་དགའ་བའམ་དང་བའི་ཚུལ་གྱིས་འདུད་ཅིང་ཕྱག་འཚལ་ལོ། ༈ །རྒྱལ་བའི་ཐུགས་༼ག༽རྗེའི་བྱིན་གྱིས་བརླབས་བའི་རྣ་བརྒྱུད་ཀྱི་གདམས་པ་ནི། འཕགས་པའི་སྐུ་དང་བྱིན་རླབས་ཀྱིས། །སློབ་དཔོན་ཤྲཱི་སིངྷ་ཉིད་ལ་རང་ཤར་བ་ནི་ཉི་མ་ལྟ་བུར་གསལ་བས་གཞན་གྱི་སེམས་ཉིད་ཀྱང་གསལ་བར་བྱེད་པའི་གདམས་ངག་རིན་ཆེན་སྣང་བ་འོད་འདི། །གྲངས་མཐའ་༼ཆ༽ཡས་པའི་འགྲོ་བའི་རིས་ཐམས་ཅད་ལའང་། །དབྱེར་མེད་ཀྱི་ཚུལ་གྱིས་ལྡན་མོད་གྱིས་ཀྱང་། །བདག་འཛིན་ལོག་པའི་སེམས་ཚོགས་བརྒྱད་ཀྱིས་དཀྲུགས་པས་ཡོད་ཀྱང་མི་གསལ་བ་ནི་ས་འོག་གི་གཏེར་གྱི་བུམ་པ་ཡོད་ཀྱང་མི་གསལ་བ་ཇི་བཞིན་པས། །གདམས་ངག་རིན་ཆེན་སྣང་བ་འོད་འདིས་རང་འབར་དུ་སྟོན་པ་ཡིན། །འགྲོ་༼ཁ༽བའི་བླ་མ་ཐུབ་པའི་དབང་པོ་ཡུན་མི་རིང་བ་ཞིག་བཞུགས་ནས་འདས་པར་གྱུར་ཀྱང་། །གང་ལ་བཞག་ན་འགྲོ་༼ང༽བ་མ་རིག་པའི་མུན་པ་ལ་གནས་པ་རྣམས་ཀྱི་ནང་ནས། །རྣལ་མའི་དོན་ལ་མོས་པའི་རྣལ་འབྱོར་པ་ཤེས་རབ་ཀྱི་མིག་མེད་པ་པ་རྣམས་ལ། །སྙིང་༼༡༽པོ་རྣལ་མའི་དོན་གསལ་བ་འོད་ཀྱི་དོན་དུ་རྣ་བརྒྱུད་ཀྱི་མན་ངག་འདི་བཞག་པར་བྱའོ། ༈ །མཚོ་ཆེན་པོའི་གཏིང་༼ཀ༽གསེར་དུ་ཡོད་པ་ལྟར་མི་བརྗོད་བྱ་གསལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། །སྙིང་པོ་རྣལ་མ་རྟོགས་པའི་སྐལ་༼ ཅ༽ལྡན་རྣལ་འབྱོར་འདིར་མོས་འཇུག་འབྲེལ་པ་གིས། །ཁམས་གསུམ་གྱི་སེམས་དང་སེམས་བྱུང་སྒྲོ་བཏགས་ཀྱི་རྟོག་པ་མེད་དགོས་པ་ཡུལ་མེད་རང་གསལ་དུ་མཐོང་བའི་ལམ་མངོན་སུམ་དུ་རྟོགས་པ་དང་གཟོད་ལམ་རིམ་པས་༼ཇ༽བགྲོད་མེད་དེ་མཐར་ཐུག་གི་འབྲས་ཉིང་དགོས་བུར་རང་ལ་སྣང་བ་ཡིན་ནོ། །ཤེས་པ་གསུམ་གྱིས་མ་གོས་པས་པདྨ་༼ཀ༽དབང་པོ་སྤྲུལ་གསང་བའི་ཆོས་སྙིང་ལོངས་གསུམ་གྱི་དཀྱིལ་འཁོར་རྟོགས་ནས། །བདེ་གཤེགས་གསུམ་གྱི་སྐུར་ལྡན་པ་ནི་རྣམ་གྲོལ་གྱི་འབྲས་བུ་རང་བཞག་ཏུ་གནས་པ་ཡིན་ཏེ་གཞི་ཕྱི་མོ་ནས་མ་གཡོས་པར་འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པར་བྱའོ། ༈ །ཆོས་ཉིད་སྐུ་ལ་དུས་གསུམ་དུ་འགྱུར་བ་མེད་དེ། །རང་རིག་པ་རྩོལ་བ་མེད་པ་བདེ་བ་ཆེན་པོའི་ངང་དུ་གནས་པས་རྒྱུ་ཡིས་བསྐྱེད་པ་ལ་མི་གནས་པར་སྒྲིབ་བྱེད་དང་བྲལ་བར་མཐར་ཐུག་པ་ནི། །ཐེག་ཆེན་གྱི་འབྲས་བུ་ཀུན་རྫོགས་པའི་འབྲས་བུ་ཡིན་ནོ། ༈ །དོན་དེ་གང་གིས་ཤེས་པར་འགྱུར་ན་བླ་ན་རིན་ཆེན་གྱི་གསུང་གིས་ཤེས་པར་འགྱུར་ཏེ། །གང་ཤེས་པར་འགྱུར་ན་གསལ་བྱེད་གདམས་ངག་དེའི་བརྗོད་བྱ་སྙིང་པོའི་ཡིན་ལུགས་ཀྱི་དོན་དེ་ཤེས་སོ། །ཐེག་པ་ཀུན་གྱིས་བརྗོད་པར་བྱ་བ་ནི་སེམས་ཀྱི་དབྱིངས་དེ་ལ་ཐེག་པ་རང་རང་མོས་པའི་ཤེས་པས་མུ་བཞི་སོ་སོར་རྟོགས། །ལམ་གྱི་བགྲོད་པའི་རྩོལ་བས་འབྲས་བུ་ཚོལ། །རང་རང་མོས་པའམ་བསམ་པའི་ས་ལ་གནས་ཏེ། །ཐོབ་པར་སྨོན་པའི་འདོད་པས་འབྲས་བུ་གཞན་ནས་རེ་བ་ཡིད་ལ་འཇོག ༈ །སྙིང་པོ་རྣལ་མའི་ལམ་ལ་འབྲས་བུ་སྨོན་པའི་འདོད་པ་བྲལ་ཏེ་རེ་བ། ཡིད་ལ་མི་བྱེད་དེ་འབྲས་བུ་རང་བཞིན་ཀུན་ཁྱབ་ཏུ་གནས་པ་ལ་རྟོགས་པ། རིག་པའི་གཟེར་གྱིས་དོན་ལས་འདའ་བ་མེད་པས་བསྒོམ་དུ་མེད་དེ་དོན་ལ་རྩོལ་བའི་བྱ་བ་བྲལ་ལོ། ༈ །ལྟ་བ་མཐོང་དུ་མེད་པའི་སྙིང་པོ་ནི། །རང་སོར་བཞག་པའི་སེམས་ཀྱི་རིག་པས་ཤེས། ༈ །རྡོ་རྗེ་ཐེག་པའི་བཀའ་ནི་རྟོགས་པར་བྱེད་པའི་ཚིག་གི་ལམ། །རྟོགས་པར་བྱེད་པའི་སྒྲ་ལ་དོན་དུ་གཉེར་བའི་སེམས་ཀྱིས་ཚུལ་བཟང་པོའི་རྩོལ་བ་ལ་རྣལ་འབྱོར་པ་གང་གནས་པ་ནི། བརྡ་སྤྲོད་པར་བྱེད་པའི་དོན་དང་ཕྲད་པར་གྱུར་ནས། །བརྗོད་པར་བྱ་བའི་རང་བཞིན་སྙིང་པོའི་དོན་ཤེས་པར་བྱ། ༈ །རྒྱལ་བའི་སྐུ་གསུམ་དགོངས་པ་ཉིད་རིག་པའི་ཐབས་ནི། །ཐུག་ཕྲད་གསུམ་གྱི་བྱེད་པའི་རིན་པོ་ཆེ་འོད་ཀྱིས་མཐོང་། ༈ །ཐུག་ཕྲད་གསུམ་གྱིས་ལྷུན་གྲུབ་གསུམ་གྱི་འོད་གསལ་བ་ནི་གཞི་ཡི་ལམ། །གསལ་བྱ་གསལ་བྱེད་དང་བྲལ་བའི་ངང་ཉིད་ལ་གནས། །ལམ་ཐུག་ཕྲད་གསུམ་གྱིས་ལམ་གྱི་འབྲས་བུ་སྐུ་གསུམ་མཐོང་། །འབྲས་བུ་སྐུ་གསུམ་དགོངས་པའི་རྒྱལ་བའི་ཐུགས་པོ། ༈ །དེ་ནི་རྟོག་པས་བསམ་དུ་མེད་དེ་རང་བཞག་རིག་པའི་ངང་ངོ་། ༈ །བདེ་ཆེན་མི་རྟོག་ཡིད་རྒྱུ་བའི་རྣམ་རྟོག་བྲལ་ཏེ། །ཡིད་ལ་མི་བྱེད་ཀྱང་རང་འོད་ཀྱི་སྣང་བ་དག ༈ །རིག་པ་མ་བཀག་པས་ཡེ་ཤེས་སུ་གསལ་ལོ། ༈ །དབང་པོ་ལྔའི་པདྨ་བཞི་ཆ་རིག་པ་རང་གསལ་ནི་རྒྱལ་བའི་ཐུགས་སོ། །དེ་ནི་འགྲོ་བ་ཀུན་ལ་རང་བཞིན་གྱིས་གནས། །ཡུལ་ལྔ་མཐོང་བ་ཡིན་དོན་ལས་ལོག་པ་རང་རིག་པ་ལས་གཞན་དུ་འདོད་ཀྱང་། སྤྲུལ་སྐུ་དང་པོ་སྐྱེས་ལ་མི་རྟོག་པ་ནི་ཡུལ་སྣང་ཉིད་ལས་གཞན་ལས་འབྱུང་བ་མིན། །དེའི་བསྐྱང་ཐབས་ཀུན་བཟང་རྒྱལ་བའི་དགོངས་པ་དེ་ཉིད། །སྣང་བའི་ཚུལ་གྱིས་ངོས་གཟུང་བ་བྱས་ལ་ཟིན་པའི་དོན་དེ་དྲན་པའི་ཚུལ་གྱིས་ཉམས་སུ་བླང་། །སྐྱེ་དུས་ཡུལ་ལྔ་ལ་རྣམ་ཤེས་ལྔ་འཕེན་པ་སྐད་ཅིག་དང་པོའི་དུས་ན་སྐྱེའོ། ༈ །གདམས་ངག་རིན་ཆེན་ཡུལ་ལྔ། མིང་། སེམས། གསུམ་གྱི་བརྟག་པ་ལས། ཐབས་ཀྱི་བྱེ་བྲག་བརྟག་ཐབས་ལྡོག་ཚུལ་ལོག་པའི་ཚད་རྣམས་ཤེས་པར་གྱུར་ན། །རང་གསལ། རྟོག་དཔྱོད་ཐ་སྙད་འདོགས་པའི་ཐོག་མའི་དབང་པོའི་པདྨ་ཇི་བཞིན་ནོ། །བཀྲ་གསལ་གཟུགས་ལ་སོགས་པའི་དཀྱིལ་འཁོར་ལྔ་ཡིས་ཡེ་ཤེས་འཕྲོ་བའི་རྟོགས་པ། དེ་དང་ལྡན་པའི་རྣལ་འབྱོར་པ་ནི་རྒྱལ་བའི་གྲལ་དུ་གནས་སོ། །རང་གནས་ཀྱི་ཐུགས་རྗེ་བཞི་ཆ་རང་གསལ་འགྲོ་བ་ཀུན་ལ་ལྡན་ཀྱང་གསུམ་ལྡན་འཁོར་བའི་རྙོག་པས་བསླད་ཀྱང་དྭངས་མ་ཆོས་ཉིད་ནི་དུས་གསུམ་དུ་འགྱུར་བ་མེད་༼ཀ༽པའོ། ༈ །གསང་བའི་པདྨ་སྔགས་ཀྱི་སེམས་རྩོལ་བྲལ་ཟིན་དང་མ་ཟིན་པར་དེ་ཡིད་རྟོག་པ་དང་དཔྱོད་པ་དང་བྲལ་བའི་དུས་ན་ངོ་ཤེས། །སྔར་གྱི་རྟོག་དཔྱོད་ཀྱི་བྱ་བ་བཏང་ཕྱིས་ཀྱི་བྱ་བ་བཞག་བར་པ་ནི་རང་བཞིན་གྱིས་བྱ་བ་དང་བྲལ་བས་འཁོར་བ་རྣམ་པར་མི་སེམས་ཏེ། །མྱ་ངན་འདས་པའི་རྒྱུ་བ་རྣམ་རྟོག་དང་འང་བྲལ། ༈ །རྫོགས་པའི་སངས་རྒྱས་ཆོས་སྐུ་དགོངས་པ་བྱ་བ་མེད་པ་ལ། །དུས་གསུམ་དུ་མ་ཡེངས་པར་སྲོག་ཏིང་ངེ་འཛིན་ཏུ་སེམས་ཤིག །དེ་ལ་བླང་དོར་མི་མངའ་ལྟ་བ་མེད་དེ་དེ་ཀ་རང་བཞིན་རྒྱལ་བའི་ལྟ་བ་ཡིན། །བློས་ཆེད་དུ་མི་རྩོལ་བ་ནི་དབུ་མ་དྲང་པོའི་ལམ། །གང་གིས་ཀྱང་མ་བཅོས་པ་རྒྱལ་བའི་ཐུགས་ཀྱི་ལམ་༼ག༽ ཡིན་ནོ། ༈ །༼ཁ༽སྙིང་གི་པདྨ་རིན་པོ་ཆེ། །༼ཉ༽འོད་གསལ་རིག་པའི་དཀྱིལ་འཁོར་ཡེ་ཤེས་ལྔ་རུ། །༼༡༽ཆགས་པ་ལ་སོགས་པ་ཉོན་མོངས་ལྔ། །མཐར་ཐུག་ཐ་མའི་དུས་ན་མཐོང་། །ཉོན་མོངས་པ་གང་སྐྱེས་དུས་ན་དེའི་ཡུལ་ལ་མི་དཔྱད་དེ་ཉོན་མོངས་པ་ཆེད་དུ་མི་དགག་པར་དེའི་ངོ་བོ་རང་གསལ་ཉིད་ལ་གཞག་༼ཅ༽གོ། ༈ །༼ང༽ གསང་བའི་པདྨ་ནི་ཆོས་ཀྱི་སྐུ། །མ་བཅོས་རང་གསལ་ཡིད་སྤྲོས་པའི་གཟུང་འཛིན་དང་བྲལ་བ་དང་། །རྫོགས་པའི་ལོངས་སྤྱོད་ཉོན་མོངས་རང་གསལ་བདེ་བ་ཆེན་པོའི་སྐུ་དང་། །༼ཉ༽སྤྲུལ་སྐུ་ཡུལ་ལྔ་གང་སྣང་ལའང་ངོས་གཟུང་མེད་པ་དང་གསུམ་དབྱེར་མེད་པར་རང་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་ལ་གནས་སོ། ༈ །ཡུལ་དུ་འཛིན་པའི་རྟོག་པ་དང་བྲལ་བའི་མངོན་སུམ་པ། །ཞེན་ཆགས་དང་བྲལ་བའི་བདེ་བ་ཆེ། ༈ །བརྗོད་པའི་ཐ་སྙད་ལྟ་བ་དང་བྲལ་བའི་ཐབས་ཀྱིས་མཚོན། །རྩོལ་དང་བྲལ་བའི་སྤྱོད་པས་དང་དུ་བླང་། །ཕར་སྤྲོ་བ་དང་ཚུར་བསྡུ་སྒོམ་པ་མེད་པའི་དགོངས་པས་གནས། ༈ །སྣང་བ་རྒྱ་མཚོ་ཆེན་པོ་མི་གཡོ་བ་བཞིན་དུ། །རང་བཞག་རིག་པའང་དེ་བཞིན་ནོ། །དེའི་ཡོན་ཏན་སྣ་ཚོགས་འཆར་བ་ནི་ནམ་མཁའི་ངང་ལ་ཀུན་འཆར་བ་བཞིན་ནོ། ༈ །༼ཀ༽དུས་༼ཁ༽ གསུམ་འགྱུར་མེད་ཀུན་ཏུ་བཟང་པོའི་ངང་ལ་སངས་རྒྱས་སེམས་ཅན་གཉིས་སུ་མེད་པས་འཁོར་བའི་དུས་ཉིད་ན་རང་བཞིན་གྱིས་རྣམ་པར་དག་སྟེ་དཔེར་ན་རིན་ཆེན་དག་པ་ཇི་བཞིན་ནོ། ༈ །འཁྲུལ་པ་ཇི་ལྟར་བཅོས་ཀྱང་ཡིན་ལུགས་ལ་འགྱུར་བ་མེད་དེ། །རང་བཞིན་ཆོས་ཉིད་ངོ་བོ་ལ་ཅིའི་ངོ་བོར་ཀྱང་མ་གྲུབ་པས་སྒྲོ་༼༡༽འདོགས་དང་སྐུར་འདེབས་༼ ༡༡༽སྤྲོས་པ་རང་གིས་མེད་དོ། ༈ །ང་བདག་ཏུ་འཛིན་པའི་ཤེས་པ་ལོག་པས་རྒྱུན་དུ་བསླད་པས་རང་བྱུང་རིག་པའི་དོན་མ་རྟོགས། །རང་བྱུང་ཀུན་མཁྱེན་རིག་པའི་ཐུགས་དེ་ནི་འགྱུར་བ་མེད་པར་འགྲོ་བ་ཀུན་ལ་རང་བཞིན་གྱིས་གནས། །ནམ་མཁའ་གདོད་ནས་གནས་པ་དང་འདྲ་བར་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། ༈ །ལོགས་ནས་བསྒྲུབ་ཏུ་མེད་པའི་དངོས་གྲུབ་ཆེན་པོ་ལ། །བསྲུང་དུ་མེད་པའི་དམ་ཚིག་རང་བཞག་སྟེ། །སྤྲོས་པའི་མཐའ་མེད་དེ་ལ་ལྟོས་པའི་དབུས་མེད་དེ་རིག་པར་གསལ་བ་དེ་ཉིད་རྒྱལ་བ་ཀུན་གྱི་ངོ་བོ་ལ། །སེམས་ཅན་ཀུན་གྱི་རང་བཞིན་ཡིན་ནོ། །ཡེ་ཤེས་རིག་པས་དོན་དེ་རྟོགས་པར་གྱུར་ནས། །ཐུགས་རྗེ་མཛད་པའི་ལམ་ཡང་འགྲོ་བ་ལ་སྟོན། །སེམས་ཀྱི་འབྲས་བུ་རང་བཞག་དུ་གནས་ན་འབྱུང་བ་ལ། །འདོད་པའི་རྩོལ་བས་གཞན་ནས་འགྲུབ་པར་མི་བྱེད་དོ། ༈ །༼ཇ༽བྱང་༼ཅ༽ཆུབ་སེམས་ཀྱི་ལམ་ཆེན་ནི། །རྣམ་དག་ཡེ་ཤེས་དགོངས་པའི་ལམ་སྟེ། །ཐུན་མོང་དུ་འགྲོ་བ་ཡོངས་ཀྱི་སེམས་ཀྱི་ཆོས་ཉིད་ལ་གནས་པས་དུས་གསུམ་སངས་རྒྱས་ཀྱང་སེམས་ལས་བྱུང་། །རྩོལ་བས་བགྲོད་དུ་མེད་པ་རང་རིག་ཡེ་ཤེས་ཀྱི་ལམ། །རང་རང་གི་འདོད་པས་བལྟས་པས་འགྲུབ་པ་མེད། ༈ །རང་བྱུང་ཐེག་པ་ཐམས་ཅད་རྫོགས་པའི་ལམ་ལ་གང་གནས་པ། །བློས་བསམ་གྱིས་མི་ཁྱབ་པར་རང་ལུགས་སུ་བཞག་པ་ལ། །ཆོས་ཉིད་ཡིད་ལ་མི་བྱེད་པས་ཆོས་ཅན་ལ་ཡེངས་པ་མེད་པས་རྣལ་འབྱོར་རྫོགས་པ་བཅོས་མེད་ལ། །འདོད་སྤྱོད་ཀྱི་ཐེག་ལེའི་སྤྲོ་བསྡུ་མེད་དོ། ༈ །ཡེ་ནས་རྫོགས་པ་རྣམ་དག་རང་བྱུང་ཡེ་ཤེས་ལ། །བསམ་གཏན་གྱི་ཡན་ལག་ཀུན་དང་རང་བཞིན་ནམ་ངང་གིས་ལྡན་པ་ལ། །རྟོག་པ་ངང་བེམས་པོའི་རླུང་གིས་འཇུག་པ་རང་བཞིན་གྱིས་ཞི། །ཡེ་ཤེས་འདོད་པའི་བློས་བཙལ་བ་མེད་པའི་བདེ་བ་ལ། །དགའ་བ་དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས་དགའ་བཞི་ཡི་ཡན་ལག་བཅུ་དྲུག་གནས། །གསང་སྤྱོད་ཐབས་ལ་མ་བརྟེན་ཡང་། །རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས། །བརྡ་སྤྲོད་པའི་ཚིག་གི་ལམ་ལ་གནས་པར་གྱུར་ཀྱང་། །ཐིག་ལེ་རང་བྱུང་གི་དགོངས་པ་གཞན་ནས་མ་ཡིན་ཏེ་ཉིད་ལས་འཆར། ༈ །རྟོག་དཔྱོད་ཀྱི་ཡན་ལག་གི་ཐེ་ཚོམ་དང་བྲལ་ཏེ། །སེམས་ཀྱི་དགའ་བདེའི་རྩོལ་བ་མེད་དོ། ༈ །རྟོགས་པའི་ངང་དུ་གནས་པ་རྩེ་གཅིག་ཡེངས་པ་མེད་པ་ལ་གནས་ན་ཏིང་ངེའི་རོ་བདེ་བའི་མཚན་ཉིད་ནི་རང་བཞིན་མེད་པ་ཆོས་སྐུར་གནས། ༈ །རང་བྱུང་གི་ཡེ་ཤེས་རང་ལ་གནས་པས་རང་སྣང་བར་བྱེད་པའི་ཐབས་ཆེན་དབང་གིས། །འཁྲུལ་པའི་སེམས་ཀྱི་བག་ཆགས་ཐབས་ཀྱིས་ཡེ་ཤེས་སུ་ཤེས། །སྣང་བ་རང་རིག་ཏུ་དེ་བདེ་བ་རུ་དེ་རིག་པ་འོད་གསལ་དུ་བསྒྱུར་བ་གསུམ་ལ་དེ་བཞིན་དུ་ཆོས་སྐུར་འགྱུར། །སེམས་ཀྱི་བདེ་བའི་ཡེ་ཤེས་རང་ལ་གནས་པའི་གཏེར་ཁ་དབྱེ། ༈ །རང་བྱུང་ཡེ་ཤེས་འོད་གསལ་བ་ལ། །རྒྱུ་རྐྱེན་མེད་པའི་རིག་པ་ཉིད་ཡེ་ནས་རང་གསལ། །ཡེ་ཤེས་རང་ལ་གནས་པས་རྩོལ་སྒྲུབ་མེད་པས་བདེ་བ་ཆེ། །འཁོར་འདས་ཀུན་མཁྱེན་མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟ་བུ་ཉིད། །མ་ལུས་པའི་སྣང་བ་ཐ་དད་རང་བཞིན་གྱིས་དག་སྟེ། སེམས་ཀྱི་ཆོས་ཉིད་བདེ་བར་ཤེས། །ཀུན་བཟང་ཉག་གཅིག་ལ་མུ་མཐའ་ཅིར་མ་ཡང་མ་མཐོང་། ༈ །ཡུལ་དུ་མཐོང་བ་མེད་པར་རང་གསལ་བའི་མེ་ལོང་ཉིད། །རང་རྒྱུད་པའི་དངོས་པོ་མེད་པའི་རིག་པ་ཡིན། ༈ །འབྲུ་དང་འདྲ་༼ང༽བར་མི་རྟག་པ་འམ་༼༠༽མི་འདྲ་བ་རྟག་པའི་རྒྱུ་གང་ཉིད་ཡིན་བརྟག་གྲང་དང་པོ་ལྟར་ན་བདག་གམ་གཞན་ནམ་རྒྱུ་དེ་ཉིད་གང་ཡིན། །བདག་ལས་སྐྱེ་ན་རྒྱུའི་བདག་ཉིད་གྲུབ་པའམ་མ་གྲུབ་པ་གང་གིས་འབྲས་བུ་ཇི་ལྟར་བསྐྱེད། ༈ །དེ་ལྟར་བ་ཉིད་གྲུབ་ཀྱང་སྐྱེ་དགོས་ན་ཐུག་པ་མེད་པར་འགྱུར་ལ། །དེ་ལྟ་མིན་ན་བདག་མ་གྲུབ་པས་སྐྱེད་པ་གང་ཞིག་ནི། །ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པས་རྒྱུ་འབྲས་གཉི་ག་མེད་པར་འགྱུར་རོ་དེ་རི་བོང་རྭ་བཞིན་ནོ། །གང་བདག་ཉིད་ལས་གཞན་པའི་རྒྱུ་ལས་འབྲས་བུ་དེ་འགྲུབ་ན། །རྒྱུ་གཅིག་ལས་འབྲས་བུ་གཅིག་གམ་དུ་མ་ཞིག་སྐྱེ་དུ་མ་ལས་འབྲས་བུ་གཅིག་གམ་དུ་མ་རྒྱུ་གང་གི་མཐུས་འབྲས་བུ་འགྲུབ། །འཇིག་རྟེན་ན་རིག་པའི་སྐད་ཅིག་སྔ་མས་ཕྱི་མ་བསྐྱེད་པ་བཞིན་གཅིག་གིས་གཅིག་བསྐྱེད་པ་དང་། མིག་གིས་རིགས་མཐུན་པའི་སྐད་ཅིག་དང་རང་གི་རྣམ་ཤེས་བསྐྱེད་པ་ལྟར་གཅིག་གིས་དུ་མ་དང་། འབྱུང་བ་བཞི་དང་ས་བོན་གྱིས་མྱུ་གུ་བསྐྱེད་པ་ལྟར་དུ་མས་གཅིག་དང་། མཚུངས་པ་དེ་མ་ཐག་ལས་རྟོགས་པའི་ངོ་བོ་ཡུལ་ལས་དེ་དང་འདྲ་བ་དབང་པོ་ལས་ཡུལ་སོ་སོར་འཛིན་པ་སྟེ། ཤེས་པའི་ཁྱད་པར་དུ་མ་བསྐྱེད་པ་ལྟར་རྒྱུ་འབྲས་ཀྱི་ཆོས་མུ་བཞི་ཡོད་པ་བཞིན་དུ་ཡང་དག་པའི་ཡེ་ཤེས་ཀྱང་ཡིན་ན། །ཡང་དག་པའི་ཡེ་ཤེས་དེ་སླུ་བ་དང་ཆོས་མཐུན་པས་བརྫུན་ནམ་ཅི། །དེ་ལྟར་ཆོས་དང་གང་ཟག་གི་བདག་ཏུ་ལྟ་བ་ལོག་པ་བཞིན་དུ་འཇིག་རྟེན་དུ་འབྲས་ཀྱང་སྤང་བྱ་ཉིད་དུ་འགྱུར་བས་ན་ཡང་དག་མིན་ནོ། ༈ །འབྲས་བུ་དང་མི་མཐུན་༼༠༽པར་གནས་པ་དབང་ཕྱུག་དང་བདག་དང་རང་བཞིན་ལ་སོགས་པ་རྟག་པའི་ཆོས་ཡིན་པར་འདོད་ན། །རང་རང་གི་ཞེན་པའི་ལོག་རྟོག་ཉིད་དུ་འགྱུར་བ་དེ་ཉིད་ཙམ་དུ་རིགས་ཀྱི། །དེ་ལྟ་མིན་ཏེ་ཡང་དག་ཏུ་འདོད་ན་རྟག་པ་གང་ཞིག་རིམ་དང་ཅིག་ཆར་གྱིས་བརྟག་ངན་རྒྱུར་ཇི་ལྟར་འཐད། ༈ །སྔགས་བསྐྱེད་པའི་རིམ་པ་ལྷ་བསྒོམ་པ་ལ་བློ་གནས་པ་ཐོབ་ནས་ནི། །རྫོགས་པའི་རིམ་པའི་དོན་མི་རྟོག་པ་ལ་གང་འཇུག་པར་འདོད་པ་དེ། །ལམ་པ་གང་གིས་བསྐྱེད་རྫོགས་གང་ཞིག་ལ་བློ་ཇི་ལྟར་གནས་ཏེ། །རྩོལ་བའི་བསྐྱེད་པའི་ལྷ་དེ་ལ་འཇུག་པ་ཉིད་དམ། །རང་གནས་ཀྱི་ཡེ་ཤེས་ཇི་ལྟ་བར་རིག་པའི་དོན་ཏིང་ངེ་འཛིན་ལ་འཇུག །བསྐྱེད་རྫོགས་དེ་ཉིད་དེ་ལྟར་སོ་སོར་ཉམས་སུ་ལེན་པ་ཡིན་ན་དེ་ལྟ་བུ་འཐད་མོད། ༈ །དེ་ལྟ་མིན་ན་དུས་གཅིག་གི་ཚེ་གང་ཞིག་འཐད་ཏེ། །རྒྱུ་གཅིག་གིས་བསྐྱེད་རྫོགས་ཐམས་ཅད་ནས་ཐམས་ཅད་དུ་གྲུབ་པའམ། ༈ །མ་ཡིན་ན་བསྐྱེད་རྫོགས་གཉིས་དུས་གཅིག་ལ་བློ་གནས་པ་དེ་ལ་འཐད་པ་གང་། ༈ །གཞི་འབྲས་དང་རྗེས་སུ་མཐུན་རྒྱུ་ཡིས་འབྲས་བུའི་ལམ་ལ་མ་གནས་ན། །རྒྱུ་ཡིས་འབྲས་བུ་བསྐྱེད་པ་དེ་བཞིན་དུ་རྒྱུ་མཚན་ཉིད་ཀྱི་རྗེས་སུ་མཐུན་པ་ཉིད་དུ་འགྱུར་བས་འབྲས་བུ་ལམ་དུ་བྱེད་པར་མི་འགྱུར་རོ། ༈ །དེས་ན་སེང་གེ་ཕྲུག་ཉིད་ལ་རྩལ་རྫོགས་པ་བཞིན་དུ། །གདོད་ནས་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པས་སྒྲུབ་པའི་རྩོལ་བ་མེད་པས་བདེ་བའི་ལམ་མོ། ༈ །རྩོལ་བས་བསྒྲུབས་པས་འབྲས་མཐར་འབྱུང་བ་ཡིན་ན། །འཇིག་རྟེན་གྱི་རྩོལ་བའི་ཆོས་ལའང་དེ་བཞིན་དུ་འབྲས་བུ་འབྱུང་བ་ཡིན་ནོ། ༈ །དེ་ལྟར་སྤང་བྱ་འཇིག་རྟེན་པའི་ཆོས་འབྲས་བུ་ལྷའི་དལ་ཡིན་པར་འདོད་པས་ན། །ཁྱོད་ལ་དག་པའི་ཡེ་ཤེས་ཉིད་གང་ཡིན། །དེ་ལྟར་འདོད་པ་ཉིད་ན་འབྲས་བུ་རྟག་པར་འགྱུར། ༈ །དེས་ན་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་མ་ལུས་པར་རྫོགས་པའི་ལམ་ནི། སྐྱེད་པའི་རྒྱུ་ལ་མི་གནས་འབྲས་བུ་ཚོལ་བའི་རྩོལ་བ་མེད་དེ། ༈ །རང་གནས་ཀྱི་ཡེ་ཤེས་གདོད་ནས་གྲུབ་པས་ཡེ་ནས་གྲུབ་པའི་རང་བཞིན་དེ་བསྐྱེད་མི་དགོས་པ་ནི་ཡེ་གསལ་ནམ་མཁའི་རང་བཞིན་ལས། །གསལ་བྱེད་ཀྱི་རྣམ་པ་མི་དགོས་པ་ཇི་བཞིན་ནོ། ༈ །སེམས་ཉིད་ལ་ཟླ་བའི་གཟུགས་དང་འདྲ་བར་བསྒོམས་པས་གསལ་བ་ངང་གིས་འབྱུང་། །དབྱིངས་ཀྱི་འབྲས་བུ་བློས་བསམ་མི་ཁྱབ། །དངོས་པོ་དང་མཚན་མ་ཅིར་ཡང་མི་རྟོག་པར་འབར་བའི་དཀྱིལ་འཁོར་ནས། །ཆེ་བའི་ཆོས་ལོངས་སྤྲུལ་སྐུ་གསུམ་མུ་མཐའ་དཔག་ཏུ་མེད། ༈ །ཡེ་ཤེས་ཀྱི་རིག་པ་རང་ལ་གནས་པ་དེ་ཐུག་ཕྲད་དུ། །གདམས་ངག་རིན་ཆེན་གྱི་སྣང་བས་རྟོགས་པའི་ངང་དུ་གཞག་པར་བྱ། །བརྗོད་པ་དང་བྲལ་ཀྱང་རིག་པའི་ཐོག་བབས་ཉིད་དུ། །མ་བཙལ་བར་རང་བྱུང་བདེ་བ་ཆེན་པོ་ཉིད་དོ། ༈ །ཡི་གེ་མེད་པའི་གསུང་མཆོག་ཡིན་སྟེ། །དེས་ཀུན་བཟང་རྒྱལ་བའི་དགོངས་པ་སྟོན། །ཆོས་ཉིད་མི་རྟོག་པའི་དོན་དང་མཇལ་བས་གོ་ཞིང་རིག །ཡི་གེ་མེད་པ་དང་རང་རིག་༼༡༽པའི་༼༡༽གསུང་གིས། །ལྗགས་༼༢༽ཀྱི་རྩེ་མོར་མ་བསྐྱོད་ཀྱང་། །དོན་གྱིས་ཆོས་ཉིད་མཇལ་བར་སྟོན། ༈ །གསང་སྔགས་ཀྱི་ཡོན་ཏན་མི་ཟད་པའི་གཏེར་གྱི་མཛོད་མི་གཏོང་བར་འཛིན་ཅིང་། །རྒྱལ་བའི་དྲག་སྔགས་བརྗོད་པའི་ཐ་སྙད་དང་བྲལ། །སྔགས་༼༡༽ཚིག་༼༡༽བྲལ་༼༡༡༽བའི་ནུས་མཐུ་ཅན། །ཕྲིན་ལས་བཞི་སོ་སོར་མེད་པའི་དོན་གྱིས་རང་གཞན་གྱི་དགོས་པ་གྲུབ། །རྒྱུ་འབྲས་དབྱེ་བ་མེད་ཀྱང་འབྲས་བུ་མཐར་ཐུག་པ་ཡིན་ནོ། ༈ །རིག་པ་མུ་བཞིའི་མཐའ་དང་བྲལ་བའི་དཀྱིལ་འཁོར་འདིར། །གང་དུ་ཡང་ཞེན་མེད་ཚུལ་གྱིས་བློ་འཇུག་ན་བདེ་སྟེ་དེ་ཡང་དང་པོ་རང་གི་སེམས་ཀྱི་ཚུལ་ལ་བློས་བརྟག་སྟེ། ༈ །གཟུགས་མིང་སེམས་ལ་རིམ་པར་བླ་མའི་གདམས་ངག་བཞིན་དུ། །བསྒོམས་པའི་མངོན་སུམ་དྲོད་དང་ལྡན་ནས་མ་བསྒོམས་པའི་མངོན་སུམ་པས་བརྡ་དོན་སྤྲད། ༈ །བཀྲ་གསལ་གཟུགས་ལ་སོགས་པ་དཀྱིལ་འཁོར་ཚོགས་དྲུག་གི་ཡེ་ཤེས་སྒོམ་པ་ལ། །བརྡ་སྤྲོད་པའི་སྒྲ་ཡི་མཐའ་ལ་བརྟེན་ནས་རྟོགས་པའི་ངང་ལ་གཞག་པར་བྱ། ༈ །བློས་མྱོང་བ་མེད་པའི་རྣམ་པ་ཤར་བ་ཡིན། ཚོར་བ་གསུམ་དང་བྲལ་བའི་རེག་བྱས་དོན་གོ། །ཕྱི་རོལ་གྱི་ཆུ་བོ་དྲག་དལ་གྱི་ཚུལ་བཞིན་དུ་ཉམས་སུ་ངེས་པར་བརྟན་པར་འགྱུར་ཏེ། །ཐ་མར་དྲན་པ་དང་རྟོག་པས་བསམས་པའི་རྒྱུ་བའི་ཡིད་དང་བྲལ། ༈ །དཔའ་བརྟུལ་ཟ་བྱེད་སྟག་གི་སེམས་མ་བཏུལ་བ་ལྟ་བུས། །ཤེས་པའང་རང་སོར་བཞག་སྟེ་གཉེན་པོས་མ་བཏུལ་ལ། །སྟག་མོ་ལྟ་བུའི་སེམས་མ་བཅོས་སོ་མ་ལ་ནི། །ཡེ་ཤེས་ཀྱི་རོལ་པ་ཅིར་ཡང་མི་འགག་པས། །ཆེད་དུ་བཙལ་བ་མེད་པའི་ཡེ་ཤེས་རང་རིག་པའི་ངང་ཡིན་པ། །དེས་ན་རང་བཞིན་ཇི་ལྟར་ཡིན་ནོ་ཅོག་གི་སོར་འཇོག་གོ། ༈ །ཕྱི་ནང་གི་དངོས་པོ་ཇི་ལྟར་བློ་ལ་སྣང་བ་ཡང་། །རང་ཉིད་གི་ཤེས་པ་ཉིད་དུ་མཐོང་། ༈ །དུས་གསུམ་སངས་རྒྱས་ལྷག་མ་མ་ལུས་པའི། །ཐུགས་ལས་བཞག་པའི་མན་ངག་གི་བཅུད། །གདམས་པ་རིན་ཆེན་ལ་བརྟེན་ནས་ཤར་བའི་ངང་ལ་རང་ཆས་སུ་རྫོགས། །བྱ་བྱེད་ཀྱི་རྩོལ་བ་དང་བྲལ་བའི་རིག་པ་མི་རྟོག་པ། །མ་བཅོས་རང་བྱུང་བདེ་བའི་ཀློང་། །རང་རིག་པའི་ཡེ་ཤེས་ལྷུན་གྲུབ་ཀྱི་ཀློང་དུ་ཤར་། །རང་བྱུང་ཡེ་ཤེས་ཀྱི་ནམ་མཁའ་ལྟ་བུར་ཆོས་ཀུན་ལ་ཁྱབ། །རྟོགས་པ་རང་གསལ་རིག་པའི་ངང་ལ་གོམས་པས་གནས། ༈ །སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐིག་ལེ་ཆེ། །རྣམ་པར་རྟོག་པ་དང་བྲལ་བའི་རྣམ་ངེས་ལས། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། དོན་གསལ་སྣང་བ་ཡོད་མ་ཡིན། ཞེས་པས། རིག་པ་གསལ། །རང་རིག་ཡུལ་ཅིར་ཡང་མི་རྟོག་པ། །ཡེ་ཤེས་རང་གསལ་སེམས་སུ་གསལ། ༈ །སེམས་ཀྱི་ངོ་བོ་ཅིར་ཡང་མི་རྟོག་སེམས་སུ་ཐིམ། །སེམས་ཀྱི་ངོ་བོ་ཅིར་ཡང་མ་ཡིན་པས་ཕྱོགས་གཅིག་གང་དུ་ཡང་དམིགས་སུ་མེད། །རྣམ་པར་རྟོག་པའི་སེམས་ཀྱི་རྒྱུ་བ་ཐམས་ཅད་དང་བྲལ། །རིག་པ་ཡེ་ཤེས་ནི་གཟུང་བ་དང་འཛིན་པ་ཀུན་དང་བྲལ། ༈ །ཡེ་ཤེས་ཀྱི་རང་སྣང་རང་འོད་ཀྱི་རོལ་པ་བྱང་ཆུབ་སེམས། །རྣམ་པ་སྒྱུ་མ་ཡེ་ཤེས་བདེ་བ་ཆེན་པོའི་ཀློང་། །མཚན་ཉིད་རང་རིག་ཡེ་ཤེས་ལ་ཡུལ་སྣང་ཡང་འཛིན་པ་མེད་དེ། །རང་བྱུང་སྒྱུ་མར་མངོན་སུམ་དུ་གསལ། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མ་བཅོས་པ། །བདེ་བའི་སྒྱུ་མར་ཤར་ཡང་རང་རིག་ཉིད་ཡིན་པས་ཐམས་ཅད་ཡེ་ཤེས་སེམས་སུ་འཆར། ༈ །རིག་པའི་ཡེ་ཤེས་ལ་སྒྲིབ་བྱེད་མེད་པར་འོད་གསལ་བས། །ཆོས་ཐམས་ཅད་ཡེ་ཤེས་ཉིད་དུ་མཐོ་སྟེ། །ཡེ་ཤེས་མ་ཡིན་པའི་ཆོས་གང་ཡང་མེད། །ཁམས་གསུམ་གྱི་དྭངས་མའི་ཡེ་ཤེས་ཉིད་ནི། །ཡེ་ཤེས་རིག་ཅིང་རྟོགས་པའི་ཐབས་ཀྱིས་ཤེས། །འགྲོ་བ་འཁྲུལ་པའི་ས་ནས་བརྡ་དོན་བཀྲོལ་ཏེ། །ཡེ་ཤེས་རིག་པས་རྒྱལ་བའི་གྲལ་དུ་གཞག ༈ །རྩོལ་བས་མ་བཅོས་པར་སྐུ་གསུང་ཐུགས་སུ་གནས། །རང་རིག་སེམས་ཀྱི་རང་འོད་འབར་བ་ཉིད། །ཡེ་ཤེས་སེམས་ཀྱི་ཕུར་པ་མི་འགྱུར་བར་ཐེབས་པས་རྣམ་པར་རྟོག་པ་བཞོན་པའི་རྟ་རླུང་དང་བྲལ་བས་དངོས་གྲུབ་བདེ་བའི་རང་བྱུང་ཉིད་ནི་ཐར་པའི་ལམ་མཆོག་བྱང་ཆུབ་སེམས། །འབྲས་བུ་མཐར་ཕྱིན་པའི་རིག་པ་ཉིད། །རང་བྱུང་སེམས་ཀྱི་ཇི་བཞིན་པ་དེ་ཁོ་ན་ཉིད་ལ། །ཆོས་ཅན་གྱི་རྣམ་པ་ཇི་སྙེད་པ་རིག་པ་ཐབས་ཀྱིས་གནས། །བཅོས་མེད་རང་ལུགས་དགོངས་པ་བདེ་ཆེན་འདི། །རང་རིག་པའི་མངོན་སུམ་མཐོང་བ་ལ་མུ་བཞིའི་ངོས་གཟུང་གང་ཡང་མེད། །ཆོས་ཉིད་རྟོགས་པ་རང་ཤར་ཀྱང་མཚན་མའི་དངོས་པོར་གྲུབ་པ་མེད། ༈ །བལྟ་རུ་མེད་པའི་ཆོས་ཉིད་བདེ་ཆེན་རིག་པ་མ་མཐོང་སྟེ། །ཐབས་འདི་དང་བྲལ་ན་རྟོག་པ་ཉིད་ཡིན་པས། །རྒྱལ་བའི་བཀའ་ཡི་དོན་དང་རྟོག་པ་དེ་མི་ལྡན། །དམུས་ལོང་མདུན་ན་གཟུགས་སྣང་ཡང་མི་མཐོང་བ་བཞིན། ༈ །འབྲས་བུ་མཐར་ཕྱིན་རྟོག་པ་དེ་ལ་ཡོད་མ་ཡིན་ཏེ་ཀུན་བཟང་རྒྱལ་བའི་ཡིན་ལུགས་ཀྱི་དོན་དང་འགལ། །རྟོག་མེད་རང་གསལ་དགོངས་པ་རྒྱལ་བའི་ཐུགས་རྟོག་པས་མ་རིག །འཛིན་པ་རྟོག་པའི་ཆ་ལ་གང་ཟག་གང་གནས་ཀྱང་། །འཁོར་བའི་འབྲས་བུ་སྡུག་བསྔལ་ཉིད་དུ་འགྱུར། །རྟོག་པའི་དབང་གིས་རང་འདོད་དོན་གྱིས་འབྲས་བུ་རྟོག་མེད་མཐར་མ་ཕྱིན། །ཡེ་ཤེས་གསལ་བ་བདེ་བ་རྟོག་པ་མེད་པའི་ས། །དེ་མུ་མཐའི་ཕྱོགས་སུ་འདོད་པས་མི་འགྲུབ་སྟེ་མཐར་འཛིན་གྱིས་ཐོབ་པ་མེད་དོ། ༈ །འོ་ན་དེ་གང་ལས་འབྱུང་ན་འདོད་མེད་རང་བཞག་ཉིད་ལས་འབྱུང་། །ཤེས་པ་རང་ལུགས་མ་བཅོས་སོ་མ་ཉིད་ཀ །ཀུན་བཟང་རྒྱལ་བའི་དགོངས་པ་ཡིན་པའོ། ༈ །སོ་སོ་སྐྱེ་བོ་ཐ་མལ་ཤེས་པ་འདི་ཉིད་ལ་ནོར་བ་གཞན་དུ་བསལ་བའི་སེམས་མེད་དེ་འདི་ཉིད་མ་བཅོས། རང་སར་བཞག་པ་ཀ་རྒྱལ་བའི་དགོངས་པ་ཡིན་ནོ། ༈ །བླ་མ་ངེས་པ་ཆུ་བོ་བཞི་ཡི་དོན་ལ་གནས་པས་ཡིད་ཆེས་ཏེ་བླ་མ་ཉིད་ལ་གུས། །རིན་ཆེན་གདམས་ངག་སེམས་ཀྱི་གཏེར་དུ་འཆང་། །རྒྱུད་ལུང་ཚིག་གི་ལམ་གིས་དོན་ལམ་དགོངས་པའི་དོན་ངེས་པར་གསལ་ཏེ། །དབང་རིག་པ་ལ་རང་ཤར་བས་གཏན་ལ་ཕེབས། །འབྲས་བུ་ཕེབས་པའི་ངང་དུ་གོམས་པས་མི་འགྱུར་རྡོ་རྗེ་སེམས་ལ་འཆང་། །མ་ནོར་ངེས་པའི་སྟོན་པ་རང་རིག་པའི་དགེ་བའི་བཤེས་གཉེན་ཉིད་ཡིན་པས། །དོན་ལ་བརྒྱུད་ནས་འདྲེན་པ་དྲང་བའི་དོན་ལ་སེམས་མི་འཇུག །ཕྱི་རོལ་ཁེང་གྲགས་ཀྱི་འདོད་རྩོལ་སེམས་དང་བྲལ། །རྫོགས་པའི་སངས་རྒྱས་ཀྱི་བཀའ་ནས་གསུངས་པ་ལ་ཡིད་མི་འགྱུར། ༈ །བླ་མ་རིན་ཆེན་རང་གི་སྲོག་ཏུ་འཛིན་ཅིང་། །མོས་པས་རང་གི་འདོད་པ་རྒྱལ་སྲིད་རང་ལུས་འཁོར་གཡོག་ལ་སོགས་གང་གཅེས་གཏོང་། །རིན་ཆེན་གཏེར་གྱི་མན་ངག་འདི། །སྲོག་དང་བྲལ་བ་ཤི་བའི་ཁ་བཞིན་དུ་སྣོད་མིན་ལ་བསྡམ་མོ། ༈ །རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་འདི་ལ། །ཡེ་ཤེས་དང་མ་རིག་གཉིས་ཐ་དད་མེད་དེ། །འཁྲུལ་པའི་སྣང་བ་དང་མ་འཁྲུལ་པ་གཉི་ག་རིག་པར་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་སུ་གཅིག་སྟེ་རྒྱས་པའི་རྒྱུད་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་གསུངས་སོ། །རིགས་དྲུག་གི་ཞེན་རྟོག་གི་བརྟགས་པ་མི་མཐུན་པ་སྣ་ཚོགས་དང་། །རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་ངོ་བོ་ཉིད། །གཅིག་གང་དུ་གཅིག་ན་འོད་གསལ་རང་བྱུང་སེམས་སུ་གཅིག་སྟེ་དེའི་ངོ་བོ་གང་ཡིན་ན་བྱང་ཆུབ་སེམས་ལ་ངོ་བོ་འདི་འདྲའོ་ཞེས་པ་དང་བྲལ་ལོ་དེ་ལྟ་བུའི་དོན་དང་ལྡན་པའི་རྣལ་འབྱོར་པས་འཁོར་བ་ཡེ་ཤེས་ཉིད་དུ་མཐོང་། །རང་རང་བསམ་པས་ཕྱིན་ཅི་ལོག་ཏུ་བརྟགས་པའི་ཞེན་པ་སྣ་ཚོགས་པ་ནི་ཐོག་མ་མེད་པ་ཅན་གྱི་འདུ་བྱེད་སྣ་ཚོགས་ཀྱི་བག་ཆགས་ཡིན་དོན་ལས་ལོག་པའི་རྐྱེན་གྱིས་མཐོང་ངོ་། ༈ །རང་རིག་པའི་ཡེ་ཤེས་ཡིན་དོན་ལ་འཇུག་པ་དང་། །ཕྱི་ཅི་ལོག་ཏུ་བརྟགས་པའི་བག་ཆགས་དངོས་པོ་གཉིས་ནི། །གྲིབ་མ་ལུས་བཞིན་གྲུབ་པ་དང་བདེ་བ་གཅིག །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི་རྒྱུ་ལ་མི་གནས་ཏེ་རང་སྣང་ཡིན་པས་ཐོག་མ་དང་བྲལ་ཐ་མ་མེད། །དུས་ཐོག་མ་མེད་པ་འཁོར་བའི་རང་བཞིན་འཁྲུལ་པ་འདི། །བྱང་ཆུབ་སེམས་རང་བྱུང་ཡེ་ཤེས་ལ་ཡེ་ནས་དག་སྟེ་གསང་བ་ལས་འཁོར་བ་རྣམ་པར་དག་པ་སྟེ། ཞེའོ། །སེམས་ཉིད་ནམ་མཁའ་ལྟ་བུ་བསྒྲིབས་པ་མེད་པ་ཡིན་པ་ལ། །གློ་བུར་དུ་གཟུགས་སྣང་སྤྲིན་གྱིས་བསྒྲིབས་ཀྱང་སྤྲིན་ནམ་མཁའི་ངོ་བོ་མ་ཡིན་ཏེ་རྐྱེན་གྱིས་སྣང་བ་ལྟར་རམ། དཔེར་ན། མེའི་རྐྱེན་དང་ལྡན་པའི་ལྕགས་ཀྱི་གནས་སྐབས་ཀྱི་རང་བཞིན་ཚ་བ་དང་འདྲ་བར་འཁྲུལ་པ་གཤིས་ལ་མ་གྲུབ་ཀྱང་། གློ་བུར་གྱི་རྐྱེན་གྱིས་སྣང་ངོ་། །ཞེས་པའི་ཐ་ཚིག་གོ། །རང་བཞིན་གནས་ལུགས་དང་བྲལ་བ་མ་ཡིན་ཏེ། །གཤིས་ལ་སྐྱེ་འགག་མེད་པས་དུས་གསུམ་མ་ཡིན་ཏེ་ནམ་མཁའ་བཞིན་ནོ། ༈ །ཆོས་སྐུ་རང་བཞིན་ཡེ་ནས་རྣམ་པར་དག །ལོངས་སྤྱོད་རང་རིག་དངོས་པོ་ཐམས་ཅད་ལ་བདེ་ལོངས་སྤྱོད་པས་བདེ་བ་ཉིད། །སྤྲུལ་པ་འགྲོ་འོང་མེད་པར་ཁྱབ་པས་ཆུ་ཟླ་ལྟ་བུར་སྣང་། །དེ་གསུམ་དབྱེར་མེད་རིག་པ་གཅིག་གི་ངང་ངོ་། ༈ །བཟང་པོ་བླང་ངན་པ་དོར་གཉིས་བྲལ་མཉམ་པ་ཉིད། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལ། །སྙིང་པོ་མཉམ་ཉིད་ཡེ་སངས་རྒྱས། །སྙིང་པོ་དོན་ལ་ས་ལམ་གྱི་རྩོལ་བ་མེད། ༈ །དོན་གྱི་རང་བྱུང་ལ་འཁྲུལ་གྲོལ་གཉིས་སུ་མེད། །སེམས་ཀྱི་རང་རིག་པ་རྟོག་པ་ཉིད་དུ་ཤར་བའི་རྣམ་རྟོག་རང་བྱུང་ཡེ་ཤེས་རྟོག་མེད་ཉིད་དུ་རང་འབར་བ་ནི་རྩོལ་བས་བཙལ་བ་མེད་པའི་འབྲས་བུ་མཐར་ཐུག་པ་ཉིད་དོ། ༈ །རྒྱལ་བའི་བཀའ་ཡི་བཅུད་བསྡུས་པའི་སྙིང་པོ་མན་ངག་རིན་པོ་ཆེ་འདི། །རྒྱ་མཚོའི་བཅུད་བསྡུས་པ་བཞིན་དུ་བདུད་རྩིར་འདུས། །སྙིང་པོའི་དོན་སྟོན་པའི་མན་ངག་འདི་གསང་བའི་མན་ངག་རྣམས་ཀྱི་བཅུད་དོ། ༈ །གསལ་བའི་སྒྲོན་མའི་འོད་ཀྱི་སྙིང་པོ་འདི། །བཀའི་བཅུད་མ་ལུས་འདུས་པའི་གསུང་གི་འཁོར་ལོ་ཡིན། །སྙིང་པོ་བརྗོད་པའི་གསུང་གིས་རྟོགས་པར་བྱ་བ་ནི། ༈ །སེམས་ཉིད་རང་བྱུང་སྙིང་པོ་ཉིད་དོ། །དེ་ཉིད་དུ་ཕྱི་༼༡༽རྡུལ་ཚོན་ནང་༼༡༽རྩ་གསང་བ་མཁའི་དཀྱིལ་༼༡༡༡༽འཁོར་འདུས། །འོག་མ་ལྟར་དལ་དུ་འབྱུང་བ་དང་འཇུག་པ་མི་མངའ་སྙིང་པོར་གསལ། །རང་བྱུང་ཡེ་ཤེས་རྫོགས་པའི་སངས་རྒྱས་ཀྱི་དགོངས་པར་གནས། །ཡེ་ཤེས་སྙིང་པོ་ནམ་མཁའ་དང་འདྲ་བ་སྟེ་མཐའ་དབུས་མི་མངའ་བླང་དོར་མེད། །གཞན་ནས་མི་ལེན་སྙིང་པོ་བདག་མེད་གསལ། ༈ །བཀའ་ཡི་བཅུད་བསྡུས་སྙིང་པོ་འདི། །གནས་ལུགས་རང་བཞིན་སྙིང་པོ་བྱང་ཆུབ་སེམས་ཀྱི་སྨན་ཆེན་རྩོལ་མེད་རྟོགས་པས་འཁོར་བ་སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པའི་མཆོག །བྱང་ཆུབ་སེམས་ཀྱི་སྨན་མེད་ན། །ལུས་ངག་གི་རྩོལ་བས་དགེ་བའི་དོན་ལ་འཇུག་པ་མཐོ་རིས་ཀྱི་རྒྱུ། །བྱང་ཆུབ་སེམས་ཀྱི་སྨན་ཆེན་རང་ལ་གནས་བཞིན་དུ། །དེ་ལ་མི་རྟོག་པར་བྱང་ཆུབ་སེམས་ཀྱི་སྨན་ཆེན་གཞན་ནས་འཚོལ་བར་བྱེད། །རྙེད་དུ་མེད་པའི་ཚུལ་གྱིས་རྙེད་དེ་རྟོགས་པས་གཞན་ནས་མ་འོངས་ཏེ་རང་སེམས་ཉིད་སྨན་ཆེན་དུ་མཐོང་ངོ་། ༈ །རྟོགས་པས་གཞན་ནས་མ་འོངས་ཏེ། །རང་བྱུང་སྙིང་པོ་ནི་ཐོག་མ་མེད་པ་ནས་རང་ལ་གནས་ཏེ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཉིད། །རྒྱལ་བའི་ཡེ་ཤེས་ཀྱི་སྐུ་དང་རང་བཞིན་ལྡན་ཏེ། །ཕྱི་གཟུང་བ་དང་ནང་འཛིན་པའི་སེམས་དང་བྲལ་བའི་ངང་ལ་རྟག་པར་བཞུགས། ༈ །བདེ་བའི་དོན་ལ་མ་ཆགས་རོལ། །སྣང་བ་ཐམས་ཅད་རང་བྱུང་ཡེ་ཤེས་རང་རིག་པར་གནས། ༈ །བྱང་ཆུབ་སེམས་ཀྱི་སྨན་ཆེན་འདི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱལ་བའི་དགོངས་པ་སྟེ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ལམ་དུ་བདེ། ༈ །བསམ་གྱིས་མི་ཁྱབ་དགོངས་པའི་དོན་ནི། །ཤེས་པ་མ་བཅོས་པར་རང་བཞག་སོ་མ་ཉིད་དོ། ༈ །སྙིང་པོ་དེ་ལྟ་བུའི་དོན་རྟོགས་ནས་གཏང་གཞག་གི་བྱ་བ་བྲལ། །རྟག་པར་རང་གསལ་རིག་པའི་ངང་ལ་བཞུགས། །སྐྱོན་བཅོས་སུ་མེད་ཏིང་ངེ་འཛིན་དུ་འཛིན་པ་དང་བྲལ་ཕར་འཕྲོ་ཚུར་འདུ་མེད། ༈ །བྱང་ཆུབ་སྙིང་པོ་ལ་རྣམ་པར་རྟོག་པའི་རྒྱུ་བ་བྲལ། །ཆོས་ཀུན་འབྱུང་ཡང་རང་རིག་པ་རང་བྱུང་ཡེ་ཤེས་ལ་འཕོ་འགྱུར་མེད། །རྒྱལ་བའི་ཐུགས་རྗེ་ཡང་རང་བྱུང་ཡེ་ཤེས་ཉིད། །ལ་རྩོལ་བ་དང་བྲལ་བ་རང་སྣང་གི་བྱིན་རླབས་ལས་འབྱུང་སྟེ། །ཕྱོགས་རིས་མི་མངའ་ཀུན་ལ་ཁྱབ། །གནས་ལུགས་སྙིང་པོ་ཉིད་དུ་འགྲོ་བ་ཀུན་སྒྲོལ་བར་མཛད་པ་ནི་སྙིང་རྗེའོ། །བྱམས་པས་འགྲོ་བ་ཐམས་ཅད་ཆོས་ཉིད་ངང་དུ་བསྐྱབས། །དགའ་བ་རང་རིག་རང་བྱུང་ཡེ་ཤེས་དང་མི་འབྲལ་བ། །བླང་དོར་གཉིས་མེད་བཏང་སྙོམས་ཆེ། །རང་བྱུང་སྙིང་པོ་འཁོར་ལོའི་དོན་ལ། །རྟོག་པ་དང་བྲལ་འཁོར་བའི་རང་བཞིན་རྣམ་པར་དག །འབྱེད་པ་མེད་པའི་ཐུགས་རྗེ་ལ་སེམས་ཅན་དུ་གྲུབ་པ་མེད་པས་དོན་མི་མཛད་དེ་ཡང་འཕགས་པ་སྡུད་པ་ལས། དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་ནི། སེམས་ཚོགས་སུས་ཤེས་སྙམ་ནས་ཐུགས་ཁྲལ་ཆུང་བར་མཛད། ཅེའོ། །ཡུལ་གྱི་དངོས་པོ་དང་སེམས་དམིགས་པ་མི་མངའ་རང་བྱུང་སེམས། ༈ །འོད་གསལ་སྙིང་པོ་རྫོགས་པ་འདིའི་དོན་བླ་མ་རིན་ཆེན་གསུང་གི་བརྟག་པས་ཤེས་ཏེ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་གནས་ཀྱི་ཡེ་ཤེས་ཉིད་ལྡན་པ་དེ། །བརྟག་པ་གསུམ་གྱིས་ཤེས་པར་འགྱུར་བ་ནི་ཆོས་སྐུ། །མིང་ལ་བརྟག་པ་དང་ལོངས་སྐུ་སེམས་ལ་བརྟགས་ཏེ་ཡེ་ཤེས་ཚོལ། །སྤྲུལ་སྐུ་ཡུལ་ལྔའི་དངོས་པོ་གང་ཡང་རུང་བ་དང་གསུམ་ལ། །བརྟགས་པས་རང་ལོག་པ་དང་རང་སར་ལོག་པའི་ཤེས་པ་འབྱུང་བ་ནི་ནོར་བུ་རིན་ཆེན་གསེར་བཞིན་དུ་འགྱུར་བ་མེད། །ལྕེ་མནན་ན་ན་ཏའི་ཡིག་གེའི་སྒྲ་ལ་སོགས་པ་བརྗོད་ཏུ་མི་བཏུབ་པ་ལྟར། ༈ །དེ་བཞིན་དུ་རྟེན་འབྲེལ་ལུས་ལ་བརྟག་པ་ལ་སོགས་པའི་གནས་སྐབས་གཞན་དུ་ཡང་། །སྙིང་པོ་ཡེ་ཤེས་ངོས་གཟུང་བར་བྱ། །བཀའི་སྙིང་པོའི་གསུང་འདི་རྣལ་མའི་དོན་དང་འབྲེལ། །རྣལ་འབྱོར་པ་སྐལ་ལྡན་རིན་ཆེན་ལྟ་བུ་ཡིས། །འབྱུང་བའི་དུས་དྲུག་ནི་གྲུབ་མཐའ་ངན་པ་ལ་གནས་པའི་དུས་སུ། །མན་ངག་འདི་ཡིས་དོན་ཀུན་རིག་པར་གྱིས་ཤིག །གལ་ཏེ་འདི་ཡིས་རང་སེམས་མ་རིག་ན། །རྟོག་གེ་སྒྲའམ་ཚད་མ་གང་གིས་ཀྱང་། །རིག་པའི་རང་བྱུང་ཡེ་ཤེས་རྙེད་པར་མི་འགྱུར་རོ། ༈ །གཞི་ཉིད་རང་བྱུང་དུས་གསུམ་དུ་འགྱུར་བ་མེད། །དེ་རྟོགས་པའི་རང་བྱུང་སེམས་ཀྱི་ལམ། །དེའི་ངང་དུ་གོམས་པས་མ་ཡེངས་པར་བྱང་ཆུབ་སེམས་སུ་གསལ། །རང་བྱུང་གི་འབྲས་བུ་མཐར་ཕྱིན་པ་རྣམས། །འགྲོ་དོན་མཛད་པ་ནི་ཡིན་དོན་རྟོགས་པས་སྒྲིབ་པ་ལས་གྲོལ་ཏེ་གཞི་ལམ་འབྲས་བུ་གསུམ་འོད་གསལ་དབྱེར་མེད་གཅིག་གི་ངང་ཡིན་པས་སོ། ༈ །བྱང་ཆུབ་སེམས་ཀྱི་རང་རིག་རང་བྱུང་ཡེ་ཤེས་འདི་ལ་བག་ཆགས་འཁྲུལ་པའི་དྲི་མས་བསྒོས་པའི་དབང་གིས་ན། །ཞེན་པས་བརྟགས་པའི་འདུ་བྱེད་སྣ་ཚོགས་ཐག་པ་ལ་སྦྲུལ་ལྟར་མེད་བཞིན་གྲུབ་དེ་ལྟར་འཁྲུལ་པའི་སེམས་ཀྱི་བག་ཆགས་བཟང་ངན་ཅིར་སྣང་ཡང་། །རིག་པ་འོད་གསལ་ལ་གཞི་ལམ་འབྲས་བུའི་དུས་གསུམ་ཀར་འགྱུར་བ་མེད། ༈ །སྣ་ཚོགས་སུ་སྣང་བའི་རང་བཞིན་འདི། །བཀའི་སྙིང་པོ་གསུང་གི་བརྗོད་བྱ་ཡིན་སྟེ། །འཁྲུལ་པ་མ་ཡིན་ཏེ་འཁྲུལ་པ་དེ་ལས་རང་ལོག་རང་སར་ལོག་པར་སྣང་བས། །སྣ་ཚོགས་ཀྱི་སྣང་བ་འདི་རང་རིག་བྱང་ཆུབ་སེམས་སུ་བརྗོད་དོ། ༈ །འཁྲུལ་པའི་རྟོག་པའི་རྩ་བ་ནི་བྱང་ཆུབ་སེམས། །རང་རིག་སེམས་ལ་རྟོག་པར་འཁྲུལ་བ་ཡང་། །ཡ་མཚམས་ཐོག་མ་མེད་པའི་དུས་ནས་དམིགས་པ་སྣ་ཚོགས་ཀྱི་བག་ཆགས་ཀྱི་དབང་དུ་གྱུར་པ་དང་། །རིན་ཆེན་གདམས་ངག་རྐྱེན་མེད་པས། །རྟོག་མེད་སྙིང་པོ་རྣལ་མའི་སེམས་མ་གོམས་པ་ནི། །ཐག་པ་སྦྲུལ་མིན་ཡང་སྦྲུལ་དུ་སྣང་བ་བཞིན་ནོ། ༈ །འདུ་བྱེད་ཀྱི་དངོས་པོ་སྣ་ཚོགས་སྣང་བའི་རང་བཞིན་འདིའི་རང་བཞིན་ཆོས་ཉིད་ཡིན་པས་གནས་ལུགས་དང་དབྱེར་མེད་པས། །རྒྱལ་བ་སྐུ་གསུམ་གྱི་དགོངས་པ་གསལ་བའི་སེམས་ཉིད་ལ། །ཆོས་ཉིད་མ་ཡིན་བག་ཙམ་ཡང་མི་སྣང་ཐམས་ཅད་སྣང་བའི་ངོ་བོ་སེམས་ཉིད་འདི། རང་བྱུང་ཡེ་ཤེས་སྙིང་པོ་ཉིད་དུ་མཐོང་ངོ་རྟོགས་སོ། །ངོ་བོ་ཉིད་ལ་ཚིག་བརྗོད་པ་བྲལ། ༈ །རང་བཞིན་རྣམ་དག་རིག་པ་བྱང་ཆུབ་སེམས་ལ། །བརྗོད་དུ་མེད་ཀྱང་ཚིག་དོན་དུ་མ་བརྗོད་ན་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེའོ། །རིག་པའི་དོན་དང་མཇལ་བ་མེད་དེས་ན་བརྗོད་པའི་སྒྲ་ལ་སེམས་བརྒྱུད་དེ་དྲངས་པས། །མ་བཅོས་རང་བྱུང་ཆོས་ཉིད་དུ་མཐོང་ངོ་། ༈ །རང་རིག་སེམས་ལ་དོན་རྟོགས་ན། །བློ་འཇུག་པའི་ཐབས་བྱ་བྱེད་མི་གཉིས་ཚུལ་གྱིས་གནས། ༈ །བགྲོད་མེད་ཅིག་ཅར་དུ་ལམ་གྱི་ཆ་རྐྱེན་རྫོགས་པའི་བདེ་བ་ཆེ་ན་པོ་ནི་གྲུབ་མཐའི་ཕྱོགས་སུ་མ་ལྷུངས་གཟུ་བོ་དྲང་པོའི་སེམས། །རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རྩོལ་བའི་རིམ་པའི་ལམ་མེད་མཐར་ཕྱིན་ས། ༈ །རང་བྱུང་རྟོགས་པའི་ངང་དུ་འཇུག་པ་ལ། །དེ་ཁོ་ན་ཉིད་སྙིང་པོ་རྣལ་མའི་དོན་རྟོགས་པས། །འབྲས་བུ་སྐུ་གཉིས་འདོད་པའི་ཚོགས་གཉིས་ལ་ཡིད་མི་འཇུག་ཀྱང་རྫོགས་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག །རང་བྱུང་རྫོགས་པའི་སེམས་ལ་གནས། །རྟོག་དཔྱོད་ཀྱི་བསམ་པ་དང་བྲལ་ཅིར་ཡང་མི་རྟོག་པའི་དགོངས་པ་ལ། དེ་ཉིད་དུ་ཕ་རོལ་ཕྱིན་དྲུག་ནི། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེའོ། །ལྡན། །མི་རྟོག་བཟོད་འཛིན་སྦྱིན་མེད་ཚུལ་ཁྲིམས་ལ་གནས། །མ་ཡེངས་བསམ་རིག་པ་རྒྱུན་བརྩོན་མི་འཆད། །དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །ཚིག་རྐང་དགུ་པོ་འདི་ལ། སྔ་རབས་པ་རྣམས་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ནས་གསུང་སྟེ། གཞུང་གི་དགོངས་པར་མི་གསལ་བས་མ་བྲིས་སོ། །སེམས་ཉིད་སྟོང་པ་མཚན་ཉིད་དངོས་པོ་མེད་པ་ལ། །ཆོས་ཉིད་དང་ཆོན་ཅན་གང་ཡང་ཐ་དད་དུ་མི་གནས་ཏེ། །དབྱེར་མེད་བདེ་བ་ཆེན་པོ་སྙིང་པོ་རྣལ་མའི་དོན་ཡིན་ལ་དེ་ལྟར་དངོས་པོ་མེད་ཀྱང་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་འགག་མ་ཡིན། །བདེན་བརྫུན་གཉིས་མཐར་མི་འཛིན་པ་ཡིས། །སྙིང་པོའི་དོན་ལ་རྟོགས་པར་འདོད་པའི་བློ་དང་བྲལ། །ཀུན་བཟང་རང་བྱུང་ཡེ་ཤེས་འོད་གསལ་བ་ནི་རྟོག་དཔྱོད་ཀྱི་བསམ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནམ་མཁའ་ཅིར་ཡང་མི་རྟོག་པ་དང་འདྲ་སྟེ། །དེ་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མ་བཅོས་པ་རྣལ་མའོ། ༈ །དུས་གསུམ་དུ་མི་འགྱུར་བ་ཆོས་ཉིད་དབྱིངས་ཀྱི་ཐུགས། །ཅིར་ཡང་མི་འགག་པའི་ཡེ་ཤེས་ནི་རང་རིག་པའི་གསུང་། །སྣང་སྟོང་ངམ་འཁོར་འདས་དབྱེར་མེད་ཆོས་ཀྱི་སྐུ་གཟུང་འཛིན་དང་བྲལ། །རང་རྒྱུད་པའི་སྐུ་གསུང་ཐུགས་དང་བྲལ་བའི་རང་བྱུང་གི་སྐུ་གསུང་ཐུགས། །ཕྱི་ཡུལ་དང་ནང་ཤེས་པ་མི་མངའ་བར་རང་གསལ་བ་ཉིད་ལ་ཡིད། །ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་མི་མངའ་བར་རང་བཞིན་གྱིས་གནས། །དབང་པོ་ལྔའི་ངོ་ལ་སྣང་བའི་ཡུལ་ལྔ་རྣམས། །སྣང་ལ་མི་འཛིན་པས་ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་། །ཉོན་མོངས་ལྔ་པོ་ཡེ་ཤེས་ལྔའི་ལམ། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་གཞི་སྟེ། །སངས་རྒྱས་ཉིད་ལས་གཞན་མ་ཡིན་པས་སོ། ༈ །སངས་རྒྱས་སུ་དག་པའི་སེམས་ལ་བཙལ་མེད་དེ། །ཆེད་དུ་བཙལ་བའི་ཀུན་རྫོབ་ནི་ནོར་བས་དེས་འབྲས་བུ་གྲུབ་མ་ཡིན། །དམ་པའི་དོན་རྣལ་མ་ལ་གང་འཇུག་པ། །སེམས་ཉིད་གསང་བ་ཡོན་ཏན་ཐམས་ཅད་རྫོགས་པའི་དོན་ཉིད་ལ། །ཆོས་ཉིད་གསང་བའི་དོན་ལ་དམིགས་ཏེ་བླ་མའི། ༈ །ངེས་པའི་གདམས་ངག་ཟབ་མོ་ཡིས། །བཙལ་མེད་རང་སོར་བཞག་པའི་བཙལ་བ་དང་། །མི་སྒོམ་རང་ལུགས་སུ་གནས་པའི་སྒོམ་པ་དང་། །ཕྱོགས་སུ་མི་གནས་པའི་ཚུལ་ལ་གནས་པ་དང་། །དམིགས་པ་ལ་བཞག་འཇོག་མེད་པའི་མཉམ་བཞག་རང་བྱུང་བ་ཆེན་པོ་མི་རྟོག་པའི་དོན་ལ་ཆེད་དུ་མ་བཙལ་བའི་གྱི་ན་བ། །དགེ་དང་མི་དགེའི་རྣམ་རྟོག་བྲལ་བ་ནི། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། ༈ །རང་བྱུང་ཡེ་ཤེས་བཙལ་བས་རྟོགས་པ་མིན། །བྱང་ཆུབ་འདོད་པའི་བློ་ལ་བྱང་ཆུབ་མེད། །ཡང་དག་དོན་གྱི་སྙིང་པོ་འདི། །རྩོལ་བས་བཙལ་བས་རྙེད་པར་མི་འགྱུར་ཏེ། །རྩོལ་བ་ལ་ཞེན་པའི་སེམས་ཉིད་ལས་འབྱུང་བར་མི་འགྱུར་བས་རྩོལ་མེད་དུ་ཉལ་བའི་བསམ་གཏན་འཁོར་ལོ་བདེའོ། །ཆོས་ཅན་མ་ལུས་བྱང་ཆུབ་སེམས་ཀྱི་ངང་། །ཆོས་ཉིད་བྱང་ཆུབ་ཀྱི་སེམས་མཉམ་པར་བཞག་པ་ལ། །དངོས་པོ་མེད་དེ་བྱང་ཆུབ་རང་བྱུང་ཡེ་ཤེས་ཀྱི་ངང་ནི། །འདུས་མ་བྱས་པས་བདེ་བ་ཆེན་པོའི་ཀློང་ངོ་། །སེམས་ཉིད་བློས་བསམ་དུ་མེད་ངག་ཏུ་བརྗོད་པ་ལས་འདས་ཏེ་དུས་ཡེ་ནས་རང་རྣམ་པར་དག་ཅིང་བསམ་དུ་མེད་བརྗོད་དུ་མེད་དོ། །རྫོགས་པ་ཆེན་པོའི་རྣལ་འབྱོར་བའི་རིག་པ་ཡིས། །དེ་ལ་མ་བཙལ་བར་གནས་ན་བསྒོམ་ཞེས་བྱ། །རིག་པའི་ཆོས་ཀྱི་དབྱིངས་ལ་ཡན་པར་བཞག་ན། །བཙལ་བའི་ནད་བྲལ་བསྒོམ་པ་ཡིན། ༈ །དེ་བས་སྙིང་པོ་སེམས་ཉིད་ལ་འཁྲུལ་པའི་དྲི་མ་མེད། །པས་རིག་པ་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་བསྒོམ། །དེ་ལྟར་འོད་གསལ་སེམས་ལ་གནས་འགྱུར་ན། །རྣམ་རྟོག་མཚན་མ་རང་བཞིན་ནམ་ངང་གིས་ཞི་སྟེ་དེ་ལྟར་སྐྱེ་བ་མེད་པའི་སྐྱེ་མེད་ལས་མི་འདའ་བའི་ཕྱག་རྒྱ་ཡིས། །རང་སྣང་ཀུན་བཟང་གི་རོལ་པ་འགྲུབ། ༈ །དངོས་མེད་དང་དངོས་པོ་ལ་བློ་མི་དམིགས་ཤིང་། །དབུ་མ་ཙམ་དུ་འཛིན་པའི་སེམས་དང་བྲལ་ཏེ་ཡིད་ཀྱི་རྒྱུ་བ་བྲལ་ལོ། །དེ་ལྟར་སེམས་ཀྱི་རྒྱུ་བ་མེད་པས་ན། །ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སྟོང་པ་ཉིད་དོ། །སེམས་ཉིད་རིག་པ་རང་བྱུང་ལ། །ཅིར་ཡང་འགྱུར་བ་མེད་དེ་སྤྲོས་བྲལ་དུ་གསལ་བས་ན། །བརྗོད་པའི་ཡི་གེ་མེད་པའི་སྙིང་པོ་གསུང་། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་གནས། །རྒྱལ་བའི་དམ་ཚིག་མ་བཅོས་པ་ནི་ཆེད་དུ་བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་། །ཐིག་ལེ་ཉག་གཅིག་ལས་འགྱུར་བ་མེད་པའི་ཕྱག་རྒྱ་ལ། །ཅིར་ཡང་བསྒྱུར་བ་མེད་པའི་དོན་གྱི་རྒྱས་བཏབ། །འཁོར་མཐའ་དང་གཙོ་བོ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་ཀྱི་ཕར་འཕྲོ་ཚུར་འདུ་བའི་ཏིང་ངེ་མེད་པར་གསལ། །བསམ་བྲལ་ལ་རྟག་ཏུ་རང་བཞག་ནི་དེ་ཉིད་རྒྱལ་བའི་ཐུགས། །ཏེ་དེས་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་འདའ་བ་མེད། ༈ །ས་འཛིན་བྱི་བའམ་སེང་གེའི་རྣམ་པའི་སེམས་བཞིན་དུ། །འབྲས་བུ་གཞན་ནས་རྙེད་པར་མི་འགྱུར་ཏེ། །བརྟགས་ན་རང་སེམས་ཉིད་ལ་ཐུག་པ་ནི། །བྱི་བའི་བུ་མོ་སྦྱིན་ས་བཙལ་བའི་ཕྱིར་ཉི་མ། སྤྲིན། རླུང་། རི་ལ་དྲིས་པས་མཐར་རང་ལ་ཐུག་པའམ། སེང་གེའི་གོང་ན་གཞན་མེད་པས་འཇིགས་ཤིང་ཉམ་ང་བ་མེད་པ་དང་འདྲའོ་གསུང་པས་གཞི་ལ་རང་སོར་བཞག་པ་ལས་གཞན་ཐོབ་པར་འདོད་པ་དང་བྲལ། ༈ །རང་སེམས་རིག་པ་དུས་གསུམ་དུ་འགྱུར་བ་མེད། །གཞི་ཇི་བཞིན་པ་ཅིར་ཡང་མི་རྟོག་པ་ནི་ཆོས་ཀྱི་སྐུ། །རྩོལ་བའི་བྱ་བ་དང་བྲལ་ཡོན་ཏན་ལྷུན་གྲུབ་གཞི་ཇི་བཞིན་དུ་གནས། །རང་བྱུང་འོད་གསལ་ལ་འཁྲུལ་པ་ཡེ་ནས་དག །མུ་མཐའ་ཅིར་ཡང་མི་དགོངས་པས་བློས་བསམ་མི་ཁྱབ། །རྟོགས་པའི་ཤེས་རབ་དང་འབྱེད་པ་མེད་པའི་སྙིང་རྗེ་དང་ལྡན་པས་འབྲས་བུས་རྩོལ་མེད་དུ་འགྲུབ་བོ། །སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཅིར་ཡང་བསམ་དུ་མེད་པར་རང་ལུགས་སུ་བཞག་པ་ནི་རྒྱལ་བའི་ཐུགས་སུ་ལྷུན་གྱིས་གྲུབ་པ་བདེ་བ་ཡིན་གྱི། ༈ །སྟེང་སྒོ་འཁོར་ལོའམ་འོག་སྒོ་རིག་མ་ལ་བརྟེན་པའི་བདེ་བ་ཡིས། །རང་གནས་ལྷན་ཅིག་སྐྱེས་པའི་རིག་པ་ཡེ་ཤེས་ཚོལ་བ་ཉིད་ནི། །རྣམ་རྟོག་ཡིན་ཏེ་དོན་ལ་དེས་རྙེད་པ་མིན། །ཆགས་པའི་འདུ་ཤེས་ཅན་དྲང་བའི་དོན་དུ་གསུངས་པ་ཡིན་གྱི། །ངེས་པར་ན་སྤྲོས་བྲལ་རང་བྱུང་གི་སེམས་དེ། །ཆགས་པའི་ལམ་གྱིས་ཤེས་པར་མི་འགྱུར་རོ། །གཙང་བླང་རྨེ་དོར་བ་མེད་པའི་བརྟུལ་ཞུགས་ཀྱང་། །ངེས་པར་བརྟགས་ན་དོན་ལ་བླང་དོར་ཉིད་དུ་འགྱུར། །རང་རིག་བསམ་བྲལ་དུ་ཆེད་དུ་བློས་བཞག་པ་དེ། །དོན་ལ་དངོས་པོ་འཛིན་པའི་ཞེན་པར་གནས་སོ། ༈ །འདིར་རང་བྱུང་གི་ཡེ་ཤེས་འོད་གསལ་བྱང་ཆུབ་སྙིང་པོ་འདི་ནི་དངོས་པོར་ཞེན་པའི། །མཚན་མ་མེད་པའི་རང་བཞིན་པས། །ཤེས་རབ་དང་ཐབས་གཉིས་ཀྱི་ཕན་ཚུན་བདེ་བའི་ཆགས་པ་དང་བྲལ། །ཐིག་ལེ་ལ་བརྟེན་ནས་འབྲས་བུ་འདོད་པའི་རྩོལ་བ་ཕར་སྤྲོ་བ་དང་ཚུར་བསྡུ་བ་མེད་དོ། །རང་རིག་ཐབས་ལམ་གྱི་རྩོལ་བ་དང་བྲལ་བ་བདེ་བ་ཆེན་པོའི་སེམས་དེ། །ཤེས་རབ་དང་ཐབས་ལ་སོ་སོར་མི་འཛིན་པར་སྙོམས་པར་འཇུག་པས། །རྩོལ་མེད་ཀྱི་བདེ་བའི་བསམ་གཏན་ཆེན་པོ་ཡིན། །སྒྱུ་མའི་རོ་བདེ་སྟོང་ལ་མ་ཆགས་པས། །ཆགས་པ་མེད་པའི་ཡེ་ཤེས་ལ་ལམ་གྱི་ཆ་རྐྱེན་ཐམས་ཅད་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རིག་པ་རང་གསལ་འདི། །དངོས་པོར་འཛིན་པ་མེད་པའི་ཤེས་རབ་དང་ཐབས་ཀྱིས་འགྲུབ་ནམ་མཁའ་ཆེ་ལས་ཀྱང་། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེའོ། །སྣང་བ་གསལ་བའི་འཁོར་ལོ་རིག་པ་འདི། །མུ་མཐའི་ངོ་བོ་མ་གྲུབ་ལ་སྣང་དུ་བཏུབ་པ་ནི་མེ་ཤེལ་ལ་མེ་དངོས་སུ་མེད་ཀྱང་རྐྱེན་དང་ཕྲད་ན་འབྱུང་བ་དང་འདྲ། །དངོས་མེད་ཀྱི་ཡེ་ཤེས་དེ་མཐོང་བས་འཁྲུལ་པ་རང་སར་གྲོལ། །གཟུགས་སྒྲ་སོགས་ཡུལ་ལྔར་སྣང་བ་རྣམས་བློས་ཕྱིན་ཅི་ལོག་ཏུ་བརྟགས་པ་ཡིན་ཏེ། །དངོས་པོའི་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན་༼༠༽ནོ། །དེ་༼༠༽ཉིད་བསྒྲུབ་པའི་ཐབས་སུ་ནི། །སྙིང་པོའི་དོན་རིག་པའི་ཉི་མ་ཤར་བས། །མུ་མཐའ་ཡི་མུན་པ་ངང་གིས་མ་སྤངས་པར་དག །རྩོལ་བས་བསྒྲུབ་མེད་རང་བྱུང་གི་བསྒྲུབ་པ་འདིས། །ཁམས་གསུམ་ཐམས་ཅད་འོད་གསལ་གྱི་ཐུགས་བྱང་ཆུབ་སེམས་སུ་གྲུབ། ༈ །ཆོས་ཐམས་ཅད་རང་སེམས་རིག་པའི་སྤྱོད་པར་བདེ། །རྟོགས་པའི་ཡེ་ཤེས་ཀྱི་སྤྱོད་པས་རང་ལུགས་སུ་བཞག་པ་ཉིད་དུ། །གསལ་ནས་སོ་སོའི་འདོད་པའི་གྲུབ་པའི་མཐའ་མི་འགེགས་ཏེ། །འགྲོ་འདུལ་ཐུགས་རྗེ་ཚོགས་ཀྱི་བསོད་ནམས་དཀར་སྤྱོད་དགེ་བ་རྣམས་ནི། །རང་བྱུང་རིག་པ་རྟོགས་པར་གྱུར་ནས་ཀྱང་། །མོས་པའི་འགྲོ་བ་གཞན་བརྒྱུད་ནས་དོན་ལ་དྲང་ཕྱིར་རྒྱུན་མི་བཅད། ༈ །སྙིང་པོ་སེམས་ཀྱི་དོན་རིག་ན། །རང་གནས་ཀྱི་ཡེ་ཤེས་མཐར་ཕྱིན་ཏེ་འབྲས་བུ་ཆོས་སྐུར་གནས། །གཞན་ལོངས་སྐུ་མཚན་དང་དཔེ་བྱད་བཟང་པོ་དང་ལྡན་པ་རང་བཞིན་འགྲུབ། །སྤྲུལ་པའི་སྐུ་འགྲོ་བ་རང་རང་གི་འདོད་པ་བཞིན་ཅིར་ཡང་འབྱུང་། །ཆུ་གསལ་བའི་ནང་དུ་རི་བོང་ཅན་གྱི་གཟུགས་བརྙན་འཆར་བ་བཞིན་ནོ། །ཡེ་ཤེས་ལུས་ཅན་གྱི་དེ་བཞིན་གཤེགས་པས། །མེ་ཤེལ་གྱི་གཟུགས་ལྟར་དུ་སྣང་ནས་འགྲོ་བ་སྒྲོལ། ༈ །ཡེ་ཤེས་རང་བྱུང་དེ་བཞིན་གཤེགས་པ་ནི། །ཡན་ལག་མི་མངའ་རྩིས་ལས་འདས་པ་ཡང་ལམ་མཐར་ཕྱིན་བཏང་སྙོམས་ཆེན་པོའི་དགའ་བ་རིག་པར་རང་གསལ། །དགོངས་པ་རང་བཞག་གི་ངང་དུ་ཡེ་སངས་རྒྱས་པས། རིག་པ་རང་ཤར་ཆོས་རྣམས་ལ་བློས་གང་དུའང་བསམ་དུ་མེད་པར་གནས། ༈ །དེ་ལྟར་བྱང་ཆུབ་སེམས་ཉིད་ལ། །མ་རིག་པ་གདོད་ནས་མེད་པས་དེས་ན་འཁོར་བའང་མེད། དེས་ན་སེམས་ཅན་སྐྱེ་བ་རྒྱུ་མ་རིག་པ་གདོད་ནས་མི་གནས། །རང་བྱུང་ཡེ་ཤེས་ཀྱི་སེམས་རྟོག་པ་མེད་པ་ལ་རྟག་པར་བཞུགས་ཏེ། །སྲིད་པ་འཁོར་བའི་ཆོས་ལ་རྒྱུ་མེད་པས་ན། །མྱ་ངན་འདས་པའི་ལམ་དང་བྲལ་ལོ། །གཟོད་མ་ནས་མ་སྐྱེས་པ་ཡི་ཆོས་རྣམས་ལ། །དུས་ནམ་དུ་ཡང་སྐྱེ་བར་མི་འགྱུར་ཏེ། །སངས་རྒྱས་དང་སེམས་ཅན་གཉིས་རང་བཞིན་དེ་ཉིད་དུ་གཅིག ༈ །སེམས་རང་བྱུང་ཀྱི་ཡེ་ཤེས་གསང་བ་འདི། །སྙིང་པོ་དོན་ཡིན་ལ་དེ་ཁྱད་པར་རྨད་དུ་བྱུང་བའི། །རང་བྱུང་ཆེན་པོའི་ཆོས་ཐམས་ཀྱི་བདག་པོ་ངོ་བོ་ཉིད་ཀྱི་སྐུ། །འཁྲུལ་པ་རང་སར་དག་པའི་དོན་ལྡན་ཆོས་ཀྱི་སྐུ། །རང་རིག་བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པའི་སྐུ། །གཉིས་སུ་མེད་པའི་ཐུགས་རྗེ་ཡིས་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་རྣམས། །ངོ་བོ་ཐ་དད་དུ་མ་གྲུབ་སྟེ་གསང་བའི་བྱང་ཆུབ་སེམས། །རང་བྱུང་གི་ཡེ་ཤེས་ལ་གཟུགས་སྐུ་སྣང་བ་དང་ཆོས་སྐུ་མི་སྣང་བ་དབྱེར་མེད་པ་ཉིད་དོ། །ཡོད་པ་དང་མེད་པ་ཀུན་གྱི་ངོ་བོ་བྱང་ཆུབ་ཀྱི་སེམས། ༈ །རང་སྣང་བས་རང་རིག་པ་ལས་ཐ་དད་པ། །ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་དོན་དང་རྟགས་ལ་སོགས་པ་རྣམས། །རྣམ་པ་ཐ་དད་དུ་འཛིན་པའི་བག་ཆགས་ཀྱི་སྟོབས་ཀྱི་སྣང་བ་ཡིན་པས་ཡང་དག་མ་ཡིན་ཏེ་འཁྲུལ་པའི་སེམས་ཀྱི། བསམ་ཞིང་སྒོམ་པའི་དབང་གིས་ཐ་དད་དེ་ལྟར་དུ་སྣང་བར་འགྱུར་རོ། ༈ །བདེ་གཤེགས་ཡེ་ཤེས་གསང་བའི་དོན་དེ། མ་མཐོང་སྟེ་རྣམ་རྟོག་སྤྲོས་པ་ལ་འཆེལ་བས། །དེ་ལ་སྟོང་ཉིད་རིག་པའི་མན་ངག་སྦྱིན། །དྲན་རྟོག་རིག་པའི་རླུང་གིས་རྒྱུ་བ་དབྲལ། །དེའི་མཐའ་རུ་མ་སྐྱེས་པའི་བསམ་གཏན་བྱ། །ཆོས་ཅན་དང་ཆོས་ཉིད་གང་ཡང་མིན་ཏེ། །ནམ་མཁའ་ལྟ་བུ་བདག་དང་སེམས་ཅན་མེད་པའི། །ཡེ་ཤེས་ཏེ་བདག་གིས་སྟོང་པའི་ངོ་བོ་འོ། ༈ །རང་བཞིན་སྟོང་པ་ལ་དངོས་པའི་མཚན་མེད་པ། །སྟོང་མཚན་སྨོན་པའི་རྣམ་ཐར་གསུམ་ལྡན་བདེ་བ་ཆེ། །དེ་ལ་ཆགས་མེད་གཞི་ཡིན་ལུགས་དང་མཐུན་པ་ཡི་ལམ་ནས་འཇུག་པ་ནི་མཚན་མ་མེད་པ་ཡང་དག་པའི་ལམ་ལ་གནས་པས་ན། །རང་བྱུང་ཡེ་ཤེས་རྟོགས་པའི་འབྲས་བུ་ངང་གིས་ཐིག་ལེའི་ཀློང་དུ་འཆར། ༈ །ཤར་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ༈ །རང་རིག་ཡེ་ཤེས་སྣང་བ་ལ། །དངོས་པོ་ཀུན་ཏུ་རང་འོད་འབར་བའི་དཀྱིལ་འཁོར་རྣམ་རང་བཞིིན་གྱིས་གསལ་བར་མི་ཟད་པ། །རྒྱན་གྱི་འཁོར་ལོ་ནི་སྐུ་ཡི་ངང་། །གང་ལ་ཡང་ཆགས་བྲལ་གྲགས་པ་ནི་གསུང་གི་རིག་པའི་རྒྱན། །དྲན་རིག་ཐམས་ཅད་ཐུགས་ཡེ་ཤེས་སུ་གསལ་བའི་ཏིང་འཛིན་ཉིད། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བློས་བསམ་དུ་མེད། ༈ །སྒྲོ་འདོགས་དང་སྐུར་འདེབས་དང་བྲལ་བ་སྟོང་པ་ཉིད་ཞི་གནས་ལ། །འདུ་ཤེས་གང་དུ་ཡང་འཇུག་པ་མེད་དེ་བློ་མཉམ་པར་བཞག་ན། །མཚན་མ་མེད་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ལོ། ༈ །འདི་ལྟ་བུ་ལ་མོས་པས་འཇུག་ཅི་ལམ་ལ་རྣལ་འབྱོར་པ་གང་གནས་པ་ནི་རྣམ་པར་མི་རྟོག་པ་གསལ་བའི་དོན་གྱིས་གོ། །བསམ་དང་བྲལ་བའི་ཡེ་ཤེས་ནི། །སྙིང་པོའི་གནས་ལུགས་དོན་ལ་རྟོགས་པས་འཇུག་གོ། ༈ །དེ་ལྟ་བུའི་ཐབས་དང་བྲལ་བའི་ལམ་གྱི་རིག་པས་རྩོལ་བས་འབྲས་བུ་ཚོལ་བ་ནི། ར་གན་ལས་གསེར་འབྱུང་བར་འདོད་པ་དེ་བཞིན་ནོ། ༈ །དེ་ལྟར་འདོད་པའི་སེམས་དང་མ་བྲལ་ན། །སྙིང་པོའི་ཕྱོགས་མེད་ཀྱི་དོན་ལ་བདག་ཏུ་འཛིན་པར་བྱེད། །བདེ་བའི་སེམས་ལ་རེ་བ་ན། །རང་རང་གི་ལྟ་བ་རྟོགས་པའི་རྗེས་སུ་ཏིང་ངེས་འཇུག་ཅིང་ཞི་གནས་ཀྱི་འབྲས་བུ་ཚོལ་ལོ། ༈ །རང་གི་ལུས་ཉིད་སེམས་སུ་མ་རྟོགས་པར། །ལུས་འདྲ་འབག་ལྷ་ཡི་རྣམ་པ་བཟུང་ནས་ཐ་མལ་གྱི། །ལུས་ཀྱི་དབེན་པས་ཆོས་ཉིད་ཚོལ་བ་ནི་འཁྲུལ་ལོ། ༈ །རང་ལུས་སེམས་སུ་ཤེས་པ་ན། །གནས་གང་ན་ལུས་གནས་ཀྱང་སེམས་ཉིད་དབེན། །སྣང་སྲིད་སེམས་སུ་ཤེས་པ་ན། །དབང་པོ་ཡན་པར་བཞག་ཀྱང་རང་བྱུང་ཡེ་ཤེས་གསལ། །སྙིང་པོ་དོན་གྱི་རང་བཞིན་ལ། །བློས་ཅི་ཡང་མི་བསྒོམ་ཕྱོགས་རིས་གང་ཡང་མན། །ཁྱུ་མཆོག་གླང་པོ་ཆེ་བཏུལ་བའི་སེམས་ལྟར་མ་བཅོས་པ། །རང་བཞག་རིག་པའི་འཁོར་ལོ་ཉིད་ལ་དུས་གསུམ་གང་དུའང་ཏིང་ངེ་ལ་བཏང་བ་དང་བཞག་པ་མེད། །ཡུལ་གང་ཡང་མི་འཛིན་པས་ཅི་ཡང་བཀག་པ་མེད། །སྙིང་པོ་དོན་གྱི་རང་བཞིན་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་པས། །རྫོགས་པའི་ལྟ་བ་བླང་དོར་མེད། །དམིགས་པ་འཇུག་ཏུ་མེད་ཏིང་འཛིན་ལས་མ་ཡེངས་པ་ནི། །འོད་གསལ་རིག་པའི་སེམས་ཉིད་ཡིན ། རྒྱུ་རྐྱེན་མེད་པས་རང་བྱུང་ཐུགས་ཀྱི་མ་བཅོས་པ་ནི། །རྣམ་དག་རྒྱལ་བའི་སྐུ་གསུང་ཐུགས། །བཙལ་མེད་སྙིང་པོ་དོན་ལ་བཞག་པ་ལས་འབྱུང་ངོ་། ༈ །བྱང་ཆུབ་སེམས་ཀྱི་དོན་ཉིད་ལ། །ངེས་པའི་ཐེག་པ་གཅིག་སྟེ་དེ་ནི་སྙིང་པོའི་དོན་ནོ། ༈ །རང་རང་གི་བསམ་པ་དང་མཐུན་པའི་ཐེག་པ་སྣ་ཚོགས་པ་ནི། །དྲང་བའི་དོན་ཉིད་དུ་འགྱུར་གྱི་ངེས་པའི་དོན་མིན། །ངོ་བོ་ཉིད་ཆོས་ཉིད་ལ་ཐེག་པ་མཐོན་དམན་མེད་མོས་པ་ཐ་དད་འཇུག་པའི་བསམ་པས་མཐོན་དམན་རྟོག་པས་བརྟགས་པར་ཟད་ལངྐར་གཤེགས་པ་ལས། །ཇི་སྲིད་འདུ་ཤེས་འཇུག་གི་བ། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་པ་དང་མཐུན་ནོ། །སེམས་ཉིད་ཉག་གཅིག་ཕྱོགས་བྲལ་ལ། །ཐེག་པ་དུ་མའི་འབྲས་བུ་མེད་ལ་ལམ་ཡང་དུ་མ་མིན། །མ་བཅོས་རྣལ་འབྱོར་རྫོགས་པ་ཆེན་པོའི་ལམ་ལ་ནི་ཐ་དད་མི་གནས་ཏེ་ཐམས་ཅད་ལམ་གྱི་རང་བཞིན་སེམས་སུ་གཅིག །དེ་ཡང་ས་ལམ་མ་བགྲོད་ཀྱང་མཐར་ཕྱིན་པ་འབྲས་བུའི་ལམ་འདི་ཉིད་ནི། དང་པོ་སྐྱེད་པའི་རྒྱུ་རྐྱེན་མེད་པས་ཐ་མའང་སྐྱེ་འཇིག་མེད་དེ། །གདོད་ནས་རང་བྱུང་སྙིང་པོར་གསལ། ༈ །རིས་དྲུག་ཇི་ལྟར་སྣང་བ་དང་། །མྱ་ངན་འདས་པའི་རང་བཞིན་ལ་ཐ་དད་དུ་འཛིན་ཀྱང་དོན་ལ་དབྱེར་མེད་རང་བྱུང་སེམས་སུ་གཅིག ༈ །རིགས་དྲུག་སེམས་ཀྱི་རྟོག་པ་དང་། །ཡེ་ཤེས་རང་གསལ་རིག་པ་ཉིད། །ཁྱད་པར་མེད་དེ་སྙིང་པོར་གཅིག་ཀྱང་གཉིས་སུ་སྣང་བ་ནི། །ཁམས་གསུམ་འཁོར་བའི་སྣང་བ་འཁྲུལ་པ་དང་། །མྱ་ངན་འདས་པའི་ཡེ་ཤེས་མ་འཁྲུལ་བ་༼༠༽ཉིད། །རྟོགས་༼༠༽མ་རྟོགས་ཀྱིས་གཉིས་སུ་བྱུང་། །རྟོགས་པས་རང་སེམས་ཉིད་ལ་ཐུག་པས། ༈ །གཞན་ནས་འདོད་ཅིང་རེ་བའི་རྩོལ་བ་བྲལ། །རང་སེམས་རྣམ་དག་ནི་ཡེ་སངས་རྒྱས་ཏེ་ཀུན་བཟང་རྒྱལ་བའི་སེམས་ཉིད་དུ་བདེ། ༈ །མཐའ་ཡས་འགྲོ་བ་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་རང་ཆས་སུ་ལྡན་ཏེ། །བསམ་བྲལ་རང་ལུགས་ཅིར་ཡང་མི་དགོངས་སོ། ༈ །ཡེ་ཤེས་ནམ་མཁའི་མཐའ་ལྟ་བུར་ཅིར་ཡང་། ༈ །ཡིད་ལ་མི་བྱེད་དེ་ཡིད་ཀྱི་བྱ་བ་བཏང་། །རང་ལ་འཁོར་བ་མྱ་ངན་འདས་པ་ཡི། །རྣམ་རྟོག་ཕྲ་རགས་ཅིར་སྣང་ཡང་། །རང་ལུགས་སུ་བཞག་པས་བསམ་བྲལ་ཉིད་དུ་བདེ། ༈ །ཆུ་ཡི་སྣང་བ་ཐམས་ཅད་རླན་པར་གཅིག་པ་ཇི་བཞིན་དུ། །ཕྲ་རགས་ཀྱི་རྣམ་རྟོག་ཡེ་ཤེས་ཉིད་དུ་རོ་གཅིག །རང་རིག་གཉུག་མ་པདྨ་འདྲ། །འཁོར་བར་གནས་ཀྱང་གདོད་ནས་དག །མཚན་མའི་རྣམ་པར་རྟོག་པ་ཅིར་བྱུང་ཡང་བརྟགས་ན་ཆུ་ཤིང་ལྟ་བུར་སྙིང་པོ་མེད། ༈ །མ་རིག་ཐིབས་པོའི་འཁོར་བ་ན། །རིག་པ་མར་མེའི་སྙིང་པོ་ལྟ་བུར་གསལ། །རྣམ་པར་རྟོག་པ་ཅིར་འགྱུར་ཡང་། །རང་རིག་གཉུག་མ་ནི་རྟག་ཏུ་རྒྱུན་མི་འཆད་ཀྱང་། །ཉི་མ་ལ་གསལ་འགྲིབ་མེད་པར་ནམ་ལངས་ན་གསལ་བར་འཛིན་པའི་སེམས་དང་ནུབ་ཁ་ན་མི་གསལ་བ་འཛིན་སེམས་བཞིན་དུ། །ཡེ་ཤེས་ཀྱི་དོན་ལ་གསལ་འགྲིབ་མེད་ཀྱང་རྟོགས་ན་གསལ་མ་རྟོགས་ན་མི་གསལ་བ་དེ་བཞིན་ནོ། །མ་བསྒྲུབས་པར་ཡེ་ཤེས་རང་གསལ་ངང་གིས་འབྱུང་ངོ་། ༈ །སྐལ་ལྡན་མ་བཅོས་རྣལ་འབྱོར་པས། །སེམས་ཉིད་ལྟེང་ཀའི་ཆུ་མི་གཡོ་བ་ལྟར་དུ་གནས་ན། །ལུས་ངག་གི་རྩོལ་བ་ངང་གིས་ཞི། །བདེ་བའི་ཡེ་ཤེས་མི་རྟོག་པ། །ཤེས་རབ་གསལ་བའི་སྙིང་པོ་འདི། །མཐར་ཕྱིན་ན་རང་བྱུང་གི་ཡེ་ཤེས་མི་རྟོག་པའི་ངོ་བོར་གྱུར་པའོ། ༈ །དྲན་མེད་སྒྱུ་མ་ཡེ་ཤེས་གསལ་ཏེ། །རང་གནས་འགྲོ་བ་ཡོངས་ལ་ཁྱབ། །ནམ་མཁའ་ལྟ་བུར་དབྱེར་མེད་པའི་གནས་ལུགས་འགྲོ་བའི་སེམས་ལས་གཞན་ན་མེད། །རྟོག་མེད་ངང་ལས་ཤར་བ་ཡི། །རིག་པ་བདེ་བའི་མཚན་ཉིད་ཅན། །འཛིན་པ་འཁྲུལ་པ་དག་བྱེད་ཡེ་ཤེས་ནི། །མ་བཅོས་པར་བཞག་ན་ངང་གིས་རང་རིག་གསལ། །བདེ་བའི་རང་རིག་རྟོག་པ་བྲལ། །རང་གནས་ཡེ་ཤེས་འོད་གསལ་བྱང་ཆུབ་སེམས་ཉིད་དེ། །མཐོང་བས་ཐེ་ཚོམ་རྒྱུ་བ་བྲལ། །ཡེ་ཤེས་རང་ལ་གདོད་ནས་གནས་པས་གློ་བུར་གྱི་རྟོག་པས་སྒྲིབ་པ་མེད། །ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བར་མཐོང་བས། །སྙིང་པོའི་དོན་ལ་གཞན་དུ་གོལ་ས་མེད། ༈ །རྣམ་དག་རིག་པའི་འཁོར་ལོ་འདི། །རྩོལ་བྲལ་རྒྱུ་རྐྱེན་མེད་པས་རང་བྱུང་ཡེ་ཤེས་ཡིན་ལ་རང་བྱུང་ཡེ་ཤེས་ནི་ཆོས་ཀུན་གྱི་བདག་ཉིད་དེ། །དེ་ལ་ལུས་དང་བྲལ་བས་ཡན་ལག་མེད། །དེ་ཉིད་སྒྲོ་སྐུར་ཀུན་དང་བྲལ་བའི་དངོས་གཞི་ཅན། །སྙིང་པོའི་དོན་ནི་མཐའ་ཀུན་བྲལ་ཡང་ཆོས་ཀུན་གྱི་བདག་ཉིད་ལས་མ་བཅོས་ནི་རིག་པའི་ཏིང་འཛིན་དུ་གསལ་ལོ། ༈ །རྩོལ་བའི་བྱ་བ་མེད་བཞིན་དུ་རང་གཞན་གྱི་དོན་ཀུན་རྫོགས་སོ། །རང་བྱུང་ཡེ་ཤེས་མ་བཅོས་གཉུག་མ་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་གཞི། །ས་བགྲོད་དུ་མེད་ཀྱང་འཁྲུལ་པ་ལས་རྣམ་པར་གྲོལ་ཏེ་ཡོན་ཏན་ལྷུན་གྱིས་གྲུབ་པ་ནི་ལམ། །གནས་ལུགས་ཇི་བཞིན་པ་ཆེ་བའི་ཡོན་ཏན་ཀུན་རྫོགས་པའི་འབྲས་བུ་ཉིད། །དེ་གསུམ་ཀ་ཐིག་ལེ་ཆེན་པོའི་ཀློང་དུ་དབྱེར་མེད་པས་གཞི་ལམ་འབྲས་བུ་གཅིག་གི་ངང་། ༈ །སེམས་ཉིད་ལ་རྩོལ་བའི་བྱ་བ་དང་བྲལ་བ་ལ་ཡོན་ཏན་རྫོགས་པའི་གཏེར། །བདེ་བའི་ཡེ་ཤེས་ཅིར་ཡང་མི་རྟོག་སྟེ་རྒྱལ་བའི་ཐུགས་དེ། །སྐལ་ལྡན་ལ་དང་པོ་ཉིད་ནས་རྫོགས་པར་འཆད། །འགྲོ་དྲུག་འཁོར་བའི་རྟོག་པ་དང་། །རྒྱལ་བའི་ཡེ་ཤེས་མྱ་ངན་ལས་འདས་པར། །བདེ་ཆེན་རིག་པར་གཅིག་གི་ངང་། །རང་བྱུང་མ་བཅོས་ཇི་བཞིན་པ་ནི། །ཡོན་ཏན་ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །བློས་བསམ་དུ་མེད་པའི་ཡེ་ཤེས་འདི། །རྣམ་པར་རྟོག་པའི་རྒྱུ་བ་བྲལ་ཏེ་དུས་གསུམ་མི་མངའ་ཡང་རྒྱུན་མི་འཆད་དོ། ༈ །སེམས་ཉིད་སྒྲུབ་པའི་ལམ་མཆོག་འདི། །སློབ་དཔོན་ཉིད་དང་དབྱེར་མེད་པར་འགྲོ་བ་ཀུན་ལ་ལྡན་བཞིན་དུ། །སྣང་བའི་འོད་ཀྱི་ལམ་མེད་པས་འཁོར་བར་འཁྱམས་ཏེ་ཞེན་དྲུག་སྡུག་བསྔལ་གསུམ་མམ་བརྒྱད་དང་ཐེག་བརྒྱད་རྩོལ་བའི་ནད་ཀྱིས་གདུངས། །དེས་ན་སྙིང་པོ་གནས་ལུགས་ཀྱི་དོན་གསལ་བར་བྱེད་པའི་སྒྲོན་མ་འོད་འདི། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་དུ། །གང་ལྟར་ན་བླ་མ་༼ཁ༽འཕགས་པའི་བྱིན་རླབས་དང་། །མོས་པའི་མཐུར་ལྡན་པས། གང་གིས་བདག་གིས་༼ཀ༽རྟོགས། །སྙིང་རྗེས་ཀུན་ནས་བསླང་སྟེ་བརྩམས་པའི་དགེ་བ་ཡོངས་ལ་བསྔོ། ༈ ། སྙིང་པོ་དེ་ཁོ་ན་ཉིད་རིན་པོ་ཆེ་འོད་ཅེས་བྱ་བའི་སྒྲུབ་ཐབས། ཡང་དག་པའི་ས་ལ་གནས་པའི་སློབ་དཔོན་ཤྲཱི་སིངྷས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །སེའི་བནྡེ་འབྱུང་ལྡན་གྱིས། མཆན་བུ་རང་གི་རྣམ་རྟོག་དང་མཐུན་པར་བཏབ་པའི་དགེ་བ་སངས་རྒྱས་སུ་བསྔོའོ།། །།


previousརིན་པོ་ཆེའི་འོད་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next