Nitartha Digital Library
Tibetan
 
previousརྫོགས་པ་ཆེན་པོ་མུ་ཏིག་ཕྲེང་རྒྱུད་གསལ་བྱེད། དྲི་མེད་བཤེས་གཉེན།next

རྫོགས་པ་ཆེན་པོ་མུ་ཏིག་ཕྲེང་རྒྱུད་གསལ་བྱེད། དྲི་མེད་བཤེས་གཉེན།

རྫོགས་པ་ཆེན་པོ་མུ་ཏིག་ཕྲེང་རྒྱུད་གསལ་བྱེད་པཎ་ཆེན་བི་མ་ལས་མཛད་པ་བཞུགས་སོ། །མ།བབརམབཏྃཿ རྒྱ་གར་སྐད་དུ། རཏྣ་མུ་ས་ལ་པྲ་ཀ་རི་ན་ཡ། བོད་སྐད་དུ། མུ་ཏིག་རིན་པོ་ཆེ་གསལ་བར་འབྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་མཁའ་འགྲོ་མ། །རྒྱུད་ཀྱི་སྟོན་པ་འགྲོ་བའི་བླ། །གོང་མའི་བརྒྱུད་པ་བྱིན་རླབས་ལྡན། །མཆོད་པར་འོས་པ་རྣམས་ལ་འདུད། །རྫོགས་པ་ཆེན་པོ་མངོན་གསུམ་ལམ། །གསང་བའི་རྒྱུད་རྒྱལ་ངེས་ཕྱེ་ནས། །དབང་པོའི་ཡུལ་དུ་མཐོང་དོན་དུ། །དགོས་དོན་མན་ངག་བདག་གིས་དབྱེ། །གལ་ཏེ་འཁྲུལ་པའི་བློ་ཉེས་སམ། །འདོད་ཚིག་རྟགས་སུ་བཀོད་པ་དང་། །མི་ཤེས་ཡིད་ཀྱིས་དཔྱད་པ་རྣམས། །མཁས་པ་རྣམས་ལ་བཟོད་པར་མཛོད། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་རྣམ་པར་རྒྱས་ཤིང་། ཆོས་ཉིད་མངོན་གསུམ་གྱི་དགོངས་པ་ལས་དུས་ཐམས་ཅད་དུ་མི་འདའ་བ་ཉིད་ཀྱིས། གདུལ་བྱའི་རིགས་མི་འདྲ་བ་ཐ་དད་པ་ལས། དེ་ཉིད་འདུལ་བར་བྱེད་པའི་སྐུ་ཡང་ཐ་དད་པར་སྤྲུལ་ཏེ། བརྗོད་བྱ་ཚིག་གི་བྱེ་བྲག་ཀྱང་ཐ་དད་པ་ལས། ཁྱད་པར་གྱི་གདུལ་བྱ་བློ་མཆོག་ཏུ་གྱུར་པ་རྣམས་ལ་དགོངས་པས། ཚེ་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་པར་སངས་རྒྱ་བའི་གནད་དང་། རང་རིག་ཁྱབ་པ་མངོན་གསུམ་གྱི་གནད་ལ་དགོངས་ནས་དབང་པོ་ལ་རྣོ་བརྟུལ་མེད་ཅིང་། ལས་ལ་བཟང་ངན་མེད་པར་ཉིད་ཀྱི་སྒོར་ཞུགས་སོ་ལྕོག་ལ ས་རྣམ་པ་གསུམ་དུ་མི་བརྒྱུད་པར་བསྟན་པའི། གསང་བའི་རྒྱུད་ཁྱད་པར་མཆོག་ཏུ་ངེས་པར་བསྡུས་ནས་བསྟན་པའི་བཀའ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཅིག་ཆར་དུ་བསྟན་པ། མངོན་གསུམ་གནད་ཀྱིས་མ་ཐོག་ཏུ་གྲོལ་བར་བྱེད་པའི་རྒྱུད་མུ་ཏིག་འཕྲེང་བའི་རྒྱུད་ཆེན་པོ་གསུངས་ཏེ། དེའི་དགོངས་པ་ཚིག་ལ་ལྷད་མེད་ཅིང་དོན་ལ་འཁྲུལ་པ་མེད་པར་བསྟན་པ་ལ་གཉིས་ཏེ། དབང་པོ་མཆོག་གིས་ཅིག་ཆར་དུ་རྟོགས་པར་བྱ་བའི་ཕྱིར་རྒྱུད་ཀྱི་མཚན་བསྟན་པས་ཁམས་གསུམ་དོང་ནས་སྤྲུགས་པར་བསྟན་པ་དང་། གདུལ་བྱ་ཐུན་མོང་པ་རྣམས་རིམ་གྱིས་རྟོགས་ནས། ཁམས་གསུམ་རང་རྒྱུད་དུ་མི་ལྡོག་པར་བྱ་བའི་ཕྱིར་རྒྱུད་ཀྱི་གཞུང་བསྟན་པའོ། །དེ་ལ་མཚན་བསྟན་པ་ལ་གཉིས་ཏེ། གྲུབ་མཐའ་འདོད་རྒྱལ་བ་ཉམས་པར་བྱ་བའི་ཕྱིར་ན། རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་སུ་རྫོགས་པས་ཐེག་བརྒྱད་བློའི་ཆོས་གྲོལ་ལུགས་བསྟན་པ་དང་། རྒྱུད་མཚན་ངེས་པ་རང་གི་འདོད་པའི་ཁོང་འགྲེལ་བ་ལ་བརྟེན་ནས་གསང་བའི་རྒྱུད་འདི་ལ་འཇུག་ངོ་ཤེས་པར་བསྟན་པའོ། །དེ་ལ་གྲུབ་མཐའ་འདོད་རྒྱལ་བ་རྣམས་ཉམས་པར་བྱ་བའི་ཕྱིར་ན། རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་སུ་རྫོགས་པས་ཐེག་བརྒྱད་བློའི་ཆོས་ལས་གྲོལ་ལུགས་བསྟན་པ་ནི། དེ་ཡང་གྲུབ་མཐའ་འདོད་རྒྱལ་བ་ནི། སོ་སོའི་སྐྱེ་བོ་ལ་ལྟོས་པས་ཕྱི་རོལ་ཕྱིན་ཅི་ལོག་ཏུ་ལྟ་བ་རྣམས་འབྱུང་བ་བཞི་དོན་དམ་དུ་འདོད་པ་སྟེ། བག་ལ་ཉལ་རྒྱུན་གཅོད་པར་འདོད་པའི་མི་དང་། འབྱུང་བ་རྟགས་པ་རང་བཞིན་ཅན་རྐྱེན་དང་བཅས་པར་འདོད་པའི་མུ་དང་། འབྱུང་བ་བྱེ་བྲག་ཡན་ལག་དང་བཅས་པའི་མུ་ལས་མ་འདས་པས་ན། ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་གྱུར་པས་མུ་མཐའ་དང་བཅས་པ་ཞེས་བྱ་སྟེ། སེམས་ཅན་དམྱལ་བའི་སྐྱེ་གནས་སུ་འཁྲིད་པ་ལ་འདི་ལས་ལྷག་པའི་ཆོས་གཞན་མེད་དེ། དེ་ལྟར་ཀྱང་བཀོད་པ་ཆེན་པོ་ལས། །ཁམས་གསུམ་མུ་དང་བཅས་པའི་ཕྱིན་ཅི་ལོག །འདོད་ཁམས་མུ་མཐར་གནས་ནས་ནི། །འབྱུང་བའི་ཐེམས་ཀྱིས་གཏིམ་པའི་སྲོག་ཆགས་ཀྱིས། །མི་འདྲའི་ལུས་ནི་སྐྱེ་བ་འབུམ་ཕྲག་བརྒྱད། །དེ་ནས་ཡི་དྭགས་དྲག་པོའི་སྐྱེ་གནས་ཏེ། །དེ་འོག་དམན་པའི་ལུས་དང་རྨེ་ཤ་ཅན། །སྡིག་ལུས་འཁོར་བས་ཡང་ནི་མུ་མཐའོ། །ཞེས་པས་སོ། །ཡང་དེ་དག་ལ་ལྟོས་པས། ཉན་ཐོས་བྱེ་བྲག་པས་གང་ཟག་ལ་འབྱུང་བ་ཞེས་བཅིངས་པའི་བདག་མེད་ལ། ཆོས་ཀྱི་ཁམས་ཕྱོགས་གཅིག་ཙམ་ཞིག་གལ་ཏེ་ཡོད་པའི་མུ་སྟེ། ཆ་མེད་པའི་རྡུལ་ཕྲ་རབ་ཀྱི་ཕུང་པོ་ཁམས་དང་བཅས་པས་བཅིངས་བ་ཞིག འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་གཅིག་ཡོད་པར་འདོད་པའི་མུ་ལ་ཞེན་པས། །འདོད་ཁམས་ཕལ་པར་འཁོར་བར་འགྱུར། དེ་ལྟར་ཀྱང་རྡོ་རྗེ་རྩེ་མོ་རྣམ་པར་རོལ་པ་ལས། གལ་ཏེ་ཆོས་ཀྱི་བདག་ཉིད་ཆ། །འདོད་པའི་མུ་ཡི་འདོད་པའི་མཐའ། །ལུས་ཅན་མཐའ་ཡི་བྱེ་བྲག་ཐ་དད་དུ། །རྣལ་འབྱོར་སྤྱོད་ལས་ཁྱད་པར་ལོག་སྣང་བས། །བྱང་ཆུབ་གནས་སུ་འདི་ཉིད་མ་ཡིན་ནོ། །ཞེས་པས་སོ། །ཡང་མདོ་སྡེ་བས་གང་ཟག་ལ་བདག་མེད་པར་མཐུན་པ་ལ། ཆོས་ཀྱི་ཆ་ཡི་བདག་དེ་ཡང་། ཉན་པ་དང་། གང་དང་གང་ཐོས་པས། མཐར་གྱིས་སེལ་ལ། དེ་ཡང་མཐར་གྱིས་འཕྲ་བའི་མུ་ལ་ལྟས་པས། གཟུགས་ཀྱི་ཁམས་སུ་སྐྱེ་བར་ཡང་། བཀོད་པ་ཆེན་པོ་ལས། །གང་ཞིག་སྨྲ་བར་བྱེད་པའི་མདོ་སྡེ་པས། །འཕྲ་བའི་གཟུགས་ལ་ལྟས་པ་ཡིས། །རགས་པའི་ཁམས་ལ་དེ་བཞིན་ནོ། །ཞེས་པས་སོ། །དེ་གཉིས་ལས་ལྟོས་ཏེ། བྱེ་བྲག་ལས་ལྟོས་པས། རང་རྒྱལ་དང་བསེ་རུ་ལྟར་གནས་པའི་སྤྱོད་པ་ལ་བརྟེན་ནས། བསྒོམ་རྟེན་འབྲེལ་ལུགས་འ བྱུང་དུ་བསྒོམས་པས། ཤེས་བྱའི་གཞི་ལྔའི་མཐའི་རྟོག་པ་ལས་གྲོལ་བར་ལྟས་པས། ཆོས་ཐམས་ཅད་བདག་གམ་བདག་གིས་སྟོང་པར་ལྟ་བའི་མུ་ལ་ལྟས་པས་བདག་ཏུ་རྟོག་པ་དག་པ་སྟེ། དེ་ཉིད་ཀྱི་མུ་ལ་གནས་པས། ལྷ་མིན་གྱིས་སྐྱེ་བ་ཁྱད་པར་ཅན་དུ་སྐྱེ་བ་སྟེ། དེ་ལྟར་ཀྱང་བཀོད་པ་ཆེན་པོ་ལས། །སྟོང་པ་བདག་མེད་མུ་ལ་གནས་བཅས་ནས། །ཤེས་བྱ་མཐའ་ཡི་དྲི་མ་རྟོག་པས་སེལ། །ལྷ་མིན་ཁམས་གསུམ་ལས་ནི་འདོད་སྲིད་དོ། །ཞེས་པས་སོ། །ཡང་དེ་ཉིད་ལས་ལྟོས་པས་ནི་འཁོར་གནས་པའི་རང་རྒྱལ་བས། འགྲོ་བའི་གནས་མཚུངས་པར་ལྡན་པས་ཁྱད་པར་རྟེན་པས། ལྟ་སྤྱོད་ཁྱད་པར་གྱི་འཇུག་པ་ལ་བརྟེན་པས། བསྒོམས་པ་རྟེན་འབྲེལ་ལུགས་ལྡོག་ལ་བསྒོམས་པའི་མུས། མི་སྡུག་པའི་རང་བཞིན་བརྒྱད་རྒྱུད་ལ་སྐྱེས་པས། སྤྱོད་པའི་འཇུག་པ་ལ་རྟེན་ནས་ལྟ་བའི་དོན་ཡ་དང་བཅས་པས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ལྷ་མིན་ཁ་འཐོར་བའི་སྐྱེ་གནས་སུ་སྐྱེ་བ་ནི། ཡང་བཀོད་པ་ཆེན་པོ་ལས། །གང་ཞིག་ཚོགས་ལ་གནས་པའི་སྟོང་བློ་ཅན། །སྐྱེ་མཆེད་ལུགས་ཀྱིས་རང་གི་རྒྱུད་རྟན་པས། ཁ་འཐོར་ལུས་ཏེ་འཇུག་པའི་ལས་ཀྱིས་སོ། །ཞེས་པས་སོ། །དེ་ཉིད་ལ་ལྟོས་པས། བྱང་ཆུབ་སེམས་དཔའ་སྟེ། དེ་ཡང་སེམས་ཙམ་རྣམ་བདེན་པས་དོན་དམ་པ་རྣམ་པར་རིག་ཙམ་ལ་བརྟེན་ནས། ཕྱི་རོལ་དོན་ཡོད་པའི་མུ་ལ་གནས་པས། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་གནས་སུ་སྐྱེས་པ་སྟེ། དེ་ལྟར་ཀྱང་ཨུཏྤ་ལས་རབ་ཏུ་མཛེས་པའི་རྒྱུད་ལས། གང་གི་ཕྱི་རོལ་དོན་རྣམས་རིག་རྩལ་ཉིད། །རྣམ་ཤེས་མཐའ་ཡས་འཁོར་བའི་མཐར་ལྷུང་ནས། །པྲེ་མཐའ་འཇུག་པའི་ལུས་སུ་གྱུར་ཏ་རེ། །ཞེས་པས་སོ། །དེ་ལ་ལྟོས་པས་རྣམ་རྫུན་པས་ཕྱི་རོལ་དོན་མེད་པར། རང་རིག་དྲི་བཅས་དང་། དྲི་མེད་ལ་རང་རིག་རྒྱུན་ཆགས་སུ་གནས་པའི་མུས། ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་ཀྱང་གསེར་གྱི་སྙིང་པོའི་རྒྱུད་ལས། གང་ཞིག་རྣམ་པར་རྫུན་པས་བསླུས་པའི་གཟུགས་ཅན་ཉིད། །སྟོང་པ་རང་རིག་རྒྱུན་ལ་བཅས་པས་ན། །ཅི་ཡང་མེད་པའི་ཡིད་ཀྱི་ལུས་ཅན་རྣམས། །ཞེས་པས་སོ། །དེ་གཉིས་ལ་ལྟོས་པས། དབུ་མ་རང་རྒྱུད་པ་སྣང་པ་རྟེན་འབྲེལ་གཅིག་དང་དུ་མ་བཀག་པས། སྟོང་པའི་རང་རྒྱུད་དུ་འདོད་པས། འོད་གསལ་གྱི་སྐྱེ་གནས་སུ་སྐྱེས་པས། དེ་ལྟར་ཀྱང་བཀོད་པ་ཆེན་པོ་ལས། སྟོང་པ་གཞན་བཀག་འདོད་པའི་བློ་ཅན་རྣམས། །འོད་གསལ་གཟུགས་ཀྱི་ཁམས་སུ་འཇུག་པའོ། །ཞེས་པས་སོ། །དེ་ལ་ལྟོས་པས་དབུ་མ་ཐལ་འགྱུར་བ། ཁས་ལེན་མེད་པའི་སྟོང་པའི་སྤྱོད་ཡུལ་དུ་འདོད་པས། གཟུགས་མེད་པའི་ཁམས་ཕལ་པར་སྐྱེ་བ་སྟེ། དེ་ལྟར་ཀྱང་དེ་ཉིད་ལས། གང་གིས་གཞན་འདོད་བཀག་ནས་ཁས་མི་ལེན། །གཟུགས་མེད་ཁམས་ཀྱི་འབྲས་བུ་འབྱིན་པའོ། །ཞེས་སོ། །དེ་ལྟར་རྒྱུའི་ཐེག་པ་སུམ་བརྒྱ། རྟག་ཆད་བདག་དང་བཅས་པའི་མུ་ལས་གཞན་དུ་གྱུར་པ། བདག་མེད་པ་དང་། ཞི་བ་དང་། སྟོང་པའི་མུ་ལ་གནས་པས་ཁམས་གསུམ་ལས་མི་གྲོལ་བའོ། །དེ་དག་ལས་ཁྱད་པར་དུ་གྱུར་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་སྟོང་པར་སྨྲ་བ་ནི། ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་གསུམ་ལས། དབུ་མ་ལ་ལྟོས་པས། ཀྲི་ཡ་བས་བསྲུང་པ་ཆང་ལ་སོགས་པ་གཅིག་བསྲུང་པའི་མུ་དང་། དག་པ་གསུམ་དང་། དམིགས་པ་གསུམ་གྱི་སྒོ་ནས་འཇུག་པའི་མུ་དང་། ལྷ་དྲུག་རྗེ་ཁོལ་གྱི་རྣམ་པ་ལྟར་ལྟ་བའི་མུ་ལ་གནས་པས། གནས་ཐ་མའི་ལྷ་རིགས་རྣམས་སུ་སྐྱེ་སྟེ། དེ་ལྟར་ཡང་རྡོ་རྗེ་སྙིང་པོ་མངོན་པར་འབྱུང་བའི་རྒྱུད་ལས། གང་ཞིག་སྨྱུང་བར་གནས་ནས་ཟས་དཀར་ཟ། །གོས་གསུམ་རྗེ་དང་ལྷ་ལ་ལྷ། །གནས་གཙང་རིགས་ཀྱི་ལྷའི་སྐྱེ་གནས་སོ། །ཞེས་པས་སོ། །དེ་ལ་ལྟོས་པས་ཨུ་པ་ཡ། ལྟ་སྤྱོད་ཡ་འཁྱལ་བའི་མུ་ལ་གནས་པས། འོག་མིན་གྱི་ལྷ་ཡི་གནས་སུ་སྐྱེ་སྟེ། ཡང་མཁའ་འགྲོ་བརྩེ་བའི་སྙིང་པོའི་རྒྱུད་ལས། །གང་ལ་ལྟ་སྤྱོད་ཉིད་ལ་ས་ཟིན་མེད། །སྙིང་རྗེ་སྐྱོ་བའི་བདག་ཉིད་སེམས་རངས་པ། །འོག་མིན་ལྷ་ཡི་གནས་སུ་སྐྱེ་བ་ཁོ་ནའོ། །ཞེས་པས་སོ། །དེ་ལ་ལྟོས་པས་ཡོ་ག་བས། མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་ནས། དལ་རྒྱལ་མཆོག་ནས་ཞུགས་པའི་མུ་དང་། བདག་དང་ལྷ་སྤུན་གྲོགས་པོ་ལྟར་ལྟས་པའི་མུས་བདག་ཏུ་བཅིངས་པས་གཟུགས་ཀྱི་ཁམས་ལྷའི་གནས་སུ་སྐྱེ་བ་སྟེ། ཡང་དེ་ཉིད་ལས། གང་ཞིག་ཆོ་ག་འདུས་པའི་ཡན་ལག་ལས། །ལྷ་དང་བདག་གཉིས་བཟུང་དང་འཛིན་གྱུར་པས། །འདི་ཉིད་འཕགས་ལམ་རྒྱབ་ཕྱོགས་ནས། །གཟུགས་ཀྱི་ཁམས་སུ་གནས་ནས་གཞན་དུ་འཁོར། །ཞེས་པས་སོ། །དེ་ལ་ལྟོས་པས་མ་ཧཱ་ཡོ་ག་བས། འཇུག་པ་ཏིང་ངེ་འཛིན་རྣམ་པ་གསུམ་ལ་རིམ་གྱིས་པ་དང་། གཅིག་ཆར་དུ་འཇུག་པའི་མུ་དང་། ཕྲིན་ལས་བཞིའི་ལས་ཀྱི་ཁྱད་པར་མངོན་པར་རྟོགས་པའི་མུ་དང་། ཡང་དག་པའི་ཀུན་རྫོབ་ཀྱི་རྣམ་པ་ལ། འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བལྟ་བའི་མུ་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་དལ ལྷ་མོའི་་དུ་བལྟ་བའི་མུ་ལ་གནས་པས། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་སུ་སྐྱེ་བ་སྟེ། དེ་ལྟར་ཀྱང་ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། །དོན་དམ་ཀུན་རྫོབ་དབྱེར་མེད་འདོད་པ་ཡང་། །དངོས་ལ་སྟོང་པའི་རྒྱས་འདེབས་གཟུགས་ལ་རྗེས་འགྲོ་བས། གཞན་ལས་སྤྲུལ་པའི་ལྷ་ཡི་སྐྱེ་གནས་སོ། །ཞེས་པས་སོ། །དེ་ལ་ལྟོས་པས་ཨ་ནུ་བ་དབྱིངས་དང་ཡེ་ཤེས་ལས་གཅིག་ཆར་བ་དང་རིམ་གྱིས་དང་མཐར་ཆགས་དང་། ཐོད་རྒལ་དུ་ཞུགས་པའི་མུ་དང་། ཟུང་འཇུག་ལ་རྣམ་པར་ལྟ་བས་ཆུ་ལ་ཉ་ལྡང་ལྟ་བུའི་མུ་ལ་གནས་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བ་ནི། རྡོ་རྗེ་དུར་ཁྲོད་ཀྱི་རྒྱུད་ལས། གཉིས་འཇུག་ཁྱད་པར་འཇུག་པའི་ལས་ཀྱིས་ཀྱང་། རྣམ་པའི་བདེན་པས་ས་ཡ་བདེ་གནས་ཕྱིར། གང་དག་སྟོང་པའི་བདེན་པས་ཁྱད་པར་མེད་ཕྱིར་ཡང་། རྣམ་པར་ཤེས་ཙམ་ཉིད་དུ་འཁོར་བར་ངེས་པར་གནས། ཞེས་པས་སོ། །དེ་ལྟར་ན་དངོས་པོར་སྨྲ་བ་མུ་སྟེགས་རྟག་ཆད་ནས། སེམས་ཙམ་པ་ཡན་ཆད་ཀྱང་ཁམས་གསུམ་ལས་མི་གྲོལ་ལ། །དེ་ཡང་སངས་རྒྱས་ཀྱི་ཐེག་པ་རྣམས་ནི་རང་རང་གི་ལྟ་སྤྱོད་ཀྱི་འདོད་པ་མཐར་ཕྱིན་ན་མཐོ་རིས་སུ་སྐྱེ་ལ། འདོད་པ་ཚད་དུ་མ་ཕྱིན་ན་ངན་སོང་གསུམ་གྱི་སྐྱེ་གནས་སུ་སྐྱེའོ། །སྟོང་པར་སྨྲ་བའི་ཐེག་པ་སྔགས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀྱང་། ཁམས་གསུམ་ལས་མི་གྲོལ་བས་ན། བཀོད་པ་ཆེན་པོ་ལས། རིམ་རྩོལ་བློ་ཡི་ཐེག་པ་བརྒྱད། །ཁམས་སུ་འཁྲིད་པར་བྱེད་པའི་དམ་པའོ། །ཡིད་དཔྱོད་བློ་ཡི་ཆོས་དེ་ཚིག་ལ་ཞེན། །ཡང་དག་དོན་གྱི་བདེན་པ་མེད་པས་ལམ་གྱི་རྟོགས། །ཞེས་སོ། །དེས་ན་མུ་ཞེས་བྱའོ། །དེ་དག་ལས་ཁྱད་པར་དུ་གྱུར་པ་རང་བཞིན་རྫོགས་པ་ཆེན་པོ་སྟེ། ཀློང་སྡེ་ལྟ་སྒོམ་སྤྱོད་གསུམ་ལ་ཞེན་པས་ཀྱང་། ཆོས་ཉིད་མངོན་སུམ་དང་འགལ་བ་དང་། སེམས་སྡེ་སེམས་ཡིན་ལ་ལས་པས། ཆོས་ཉིད་མངོན་གསུམ་ལ་མཉམ་བྱེད་དུ་ལས་པས་ཡང་དག་པར་མ་ཡིན་པ་དང་། དེ་དག་ལས་ཁྱད་པར་དུ་གྱུར་པ་མན་ངག་གི་སྡེ་སྟེ། དེ་ལ་ཡང་བྱེ་བྲག་པ་རྣམས་ཀྱང་དོན་རང་ཐོག་ཏུ་མི་ཕེབས་སོ། །དེ་དག་ལས་ཁྱད་པར་མུ་ལས་གྲོལ་ཏེ་རིག་པ་ཕེབས་པ་འདི་ཉིད་དོ། །དེ་ཡང་ཆོས་མ་ཡིན་པའི་མཐའ་ལས་གྲོལ་བས། ཆོས་ཉིད་རྣམ་པར་དག་པའི་ལམ་ཉིད་ཡོངས་སུ་རྫོགས་པས། ཐེག་བརྒྱད་བློའི་ཆོས་ལས་གྲོལ་བས། ཡིད་དཔྱོད་ཚིག་ལ་འཛིན་པ་རང་ལོག་སྟེ། ཆོས་ཉིད་རང་ངོ་ལ་གནས་པས་རང་བཞིན་རྣམ་པར་དག་པའོ། །དེ་ཡང་ཚིག་གི་མཐའ་ལས་གྲོལ་བས་དཔྱོད་དུ་མ་སོང་ལ། གསལ་བའི་མཐའ་ལས་གྲོལ་བས་རིས་ཅན་མ་ཡིན་པས། སྟོང་པའི་མཐའ་ལས་གྲོལ་བས་ཕྱམ་མ་ཆད། ཡོད་པའི་མཐའ་ལས་གྲོལ་བས། དངོས་པོའི་སྐྱོན་མེད་ལ། མེད་པའི་མཐའ་ལས་གྲོལ་བས། ཡིད་དཔྱོད་ཀྱི་སྐྱོན་མེད་པར། ཡིན་པའི་མཐའ་ལས་གྲོལ་བས་འདི་འདྲ་གཅིག་ཏུ་ངེས་པ་མེད། མིན་པའི་མཐའ་ལས་གྲོལ་བས། རྟོག་དཔྱོད་བློའི་ཆོས་ལས་འདས་པའོ། །དེ་ལྟར་ན་སྣང་སྲིད་འཁོར་འདས་ཡོད་མེད་ཐམས་ཅད་ཡོངས་སུ་རྫོགས་པས། སྤང་བླང་ལས་འདས་པའི་ཏིག་ཞེས་བྱ། ཆོས་དང་ཆོས་མ་ཡིན་པའི་མཐར་འཛིན་པ་ཡོངས་སུ་རྫོགས་པས། བདག་དང་བདག་མ་ཡིན་པའི་རྣམ་རྟོག་དང་བྲལ་བ་ཉིད་དོ། །ཆོས་དང་ཆོས་ཉིད་ཀྱི་མཐའ་ལས་གྲོལ་བས། ལྟ་སྒོམ་སྤྱོད་པ་ལ་རག་མ་ལུས་པས། རང་གི་རང་བཞིན་གྱིས་གནས་པས། ཁམས་གསུམ་དུས་གཅིག་ལ་གྲོལ་བའོ། །རྟོགས་པ་དང་མ་རྟོགས་པ་ཡོངས་སུ་རྫོགས་པས། དབང་པོ་ལ་རྣོ་བརྟུལ་མེད་པས། མངོན་གསུམ་གནད་ཀྱིས་གྲོལ་བས། ཐོས་བསམ་རག་མ་ལུས་པའོ། །དེའི་ཕྱིར་ན་མངོན་གསུམ་མཐོང་བའི་གནད་ལ་བརྟེན་ནས། མཐོང་སྣང་ཆོས་ཀྱི་ཤར་བས། བསྒོམ་མི་དགོས་པས་གོམས་སྟོབས་ལ་རག་མ་ལུས་པའོ། །ཆོས་ཉིད་ཀྱི་སྣང་བ་མཐོང་བའི་གནད་གྱིས། འཁྲུལ་པའི་མིང་མེད་པས། དགེ་བ་དག་རྣམ་སྨིན་ལ་མི་ལྟོས་པས་ན། མཐའ་བྲལ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། ཁྱད་པར་ཆེན་པོའི་ལྟ་བ་ཞེས་བྱའོ། །དེ་ཡང་སྣང་བའི་ཏིག་ཀ་ཡིན་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར། སྟོང་པའི་ཏིག་ཀ་ཡིན་པས་ད་ལྟ་གཏན་ལ་ཕེབས་སོ། །སྣང་སྟོང་དབྱེར་མེད་པའི་ཏིག་ཀ་ཡིན་པས། དུས་ཐམས་ཅད་དུ་ཆོས་ཉིད་ཀྱི་འཕྲེང་པ་ལས་མ་འདས་པས་བགྲང་བྱ་ཡུལ་གྱི་རྟོག་པ་ཆོད། ཆོས་དང་ཆོས་མ་ཡིན་པ་ཏིག་ལ་ཕེབས་པས། བདག་གཞན་མཐའི་དྲི་མ་ལས་ཏེ། དུས་ཐམས་ཅད་དུ་ཉམས་སུ་མྱོང་པ་རང་ཐོག་ན་གསལ་བའི་འཕྲེང་བ་ལ་ག ནས་པའོ། །དེ་ལྟ་བུའི་རྒྱུད་དེ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པས། སངས་རྒྱས་དང་སེམས་ཅན་ཁྱད་མེད་པས། ལམ་གྱི་བཅོས་སུ་མེད་པས། རང་རིག་རང་ས་ནས་གསལ་བའོ། །དེ་ལྟར་ན་བྲེང་ཆགས་པས་རྒྱུད་ཅེས་བྱའོ། །ད་ནི་རྒྱུ་མཚན་ངེས་པར་རང་འདོད་པ་ཁོང་འབྲེལ་ལ་བརྟེན་ནས། གསང་བའི་རྒྱུད་འདི་ལ་འཇུག་ངོ་ཤེས་པར་བསྟན་པ་ལ་གཉིས་ཏེ། མཚན་རང་གི་ངོ་བོ་བསྟན་པ་དེ་ཉིད་མཚན་བསྟན་པ་ཙམ་ལ་བརྟེན་ནས་གཞུང་དོན་བདེ་བླག་ཏུ་རྟོགས་པར་བསྟན་པའོ། །དེ་ལ་མཚན་རང་གི་ངོ་བོ་བསྟན་པ་ལ་གསུམ་སྟེ། ཡི་གེ་བརྡའ་སྦྱོར་གྱི་མན་ངག་ལ་བརྟེན་ནས་སྣང་བརྟགས་ཐམས་ཅད་སྒྲ་དོན་འབྲེལ་པར་བསྟན་པ་དང་། འཁོར་འདས་ལྟར་སྣང་གི་མན་ངག་ལ་བརྟེན་ནས་ཐམས་ཅད་བརྡར་བསྟན་པ་དང་། དོན་ཆོས་ཉིད་མངོན་གསུམ་ལ་བརྟེན་ནས་སྐལ་བ་ཅན་ཁམས་གསུམ་དུ་མི་བརྒྱུད་པར་བསྟན་པའོ། །དེ་ལ་ཡི་གེ་བརྡའ་སྦྱོར་གྱི་མན་ངག་ལ་བརྟེན་ནས་སྣང་བརྟགས་ཐམས་ཅད་སྒྲ་དོན་འབྲེལ་བར་བསྟན་པ་ནི། སྒྲའི་ངོ་བོ་བརྗོད་བྱའི་མཐར་ཐུག་པ་ངེས་ཚིག་གྲགས་པས་ན་སྒྲ་ཡིན་པས་དེ་ཉིད་ཀྱི་དོན་མཚོན་ལ། བརྗོད་པས་ན་སྒྲ་ཡིན་པས། དེ་ཉིད་དོན་མཚོན་ལ་གནས་པས་ན་སྒྲ་ཡིན་པས། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྱུང་བ་གནད་ལ་འབེབས་པའི་ལས་ཉེ་པར་མཚོན་པའོ། །དབྱེ་ན་ལྔ་སྟེ། ཡི་གེ་བརྡའ་སྦྱོར་གྱི་སྒྲས་ཡི་གེའི་འབྲེལ་དུ་མ་ལ་བརྟེན་ནས་ཆོས་ཉིད་ཀྱི་དོན་མཚོན་པའོ། །བརྗོད་པ་རང་གཞན་གྱི་སྒྲས་སེམས་རིགས་ཀྱི་རྩས་སྟོན་པ་དང་། གནས་པ་རང་སྲོག་གི་སྒྲས་ལུས་སེམས་ཀྱི་འབྲེལ་འཚོལ་བའོ། །བཀོད་པ་འབྲེལ་སྦྱོར་གྱི་སྒྲས་ཚིག་གི་མཐའ་སྡུད་པ་དང་། རང་གཞན་འདུག་སྟོང་གི་སྒྲས་ཆོས་ཉིད་ཀྱི་ལམ་འཚོལ་བའོ། །དེ་ལ་ཡི་གེ་འབྲེལ་སྦྱོར་གྱི་སྒྲ་ནི། བཀོད་པའི་ཡི་གེ་སྐད་རིགས་མི་འདྲ་བ་སོ་སོའི་ཡི་གེར་བྲིས་པ་རྣམས་སོ། །གནས་པའི་ཡི་གེ་སོ་སོའི་རྩ་རྣམས་ཀྱི་ནང་ནས་རྩ་གནས་ཀྱི་ཡི་གེ་སུས་ཀྱང་བྱས་པ་མེད་པར་སྤུས་བྲིས་པ་ཙམ་ལ་རྫས་སུ་མ་གྲུབ་པ། ལ་ལས་ནི་འགྲོ་བ་སོ་སོ་རང་གི་ལུས་བསྐྱེད་པ་དང་། གནས་པ་དང་། འཁྲུག་པ་དང་། འཇིག་པའི་ལས་བྱེད། ལ་ལས་ནི་འགྲོ་བའི་འབྱུང་བ་སོ་སོའི་རྟེན་དང་། གནས་པ་དང་། སྤེལ་པ་དང་། འཛོམས་པ་དང་། གསོལ་བ་དང་། གསད་ཅིང་གཏན་དུ་བརླག་པའི་ལས་བྱེད། ལ་ལས་ནི་རླུང་དང་། ཡེ་ཤེས་དང་། སེམས་ཀྱི་རྩལ་སྦྱོང་། ལ་ལས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། དབང་པོ་དང་ཡུལ་གྱི་འབྲེལ་གཅོད་ཅིང་སྦྱོང་། ལ་ལས་ནི་ཁྲག་དང་ཆུ་སེར་དང་། ཤ་དང་རུས་པའི་འཕེལ་འགྲིབ་ཀྱི་ལས་ཉེ་བས་བྱེད་དོ། །ལ་ལས་ནི་བློ་དང་ཤེས་པ་དང་། ཤེས་རབ་ཀྱི་གསོས་འདེབས། ལ་ལས་ནི་སྲོག་དང་། རྣམ་ཤེས་ཀྱི་འཕེལ་དང་། འཇོམས་པ་དང་། གནས་དང་། འཁོར་བའི་ལས་བྱེད་དོ། །དེ་ལ་འདི་ནི་བཀོད་པའི་ཡི་གེའི་སྒྲ་དོན་ཏེ། དེ་ཡང་སྒྲ་དང་སྐད་གཉིས་ལས། འདི་ནི་སྐད་མ་ཡིན་ཏེ། ཡི་གེ་འདི་དག་རྒྱའི་སྐད་ལོ་ཙ་བས་རང་འཐད་དུ་བསྟན་པ་མ་ཡིན་ཏེ། རྒྱའི་སྐད་དང་མི་མཐུན་པས། སྒྲ་དོན་ལ་དགོངས་པ་ཞེས་བྱའོ། །ལ་ལ་ནས་དོན་རང་འཐད་དུ་ཡོད་པའི་ཕྱིར་ན། རྒྱ་གར་སྐད་དང་མཐུན་པས་བོད་སྐད་དུ་མཚམས་སྦྱར་བ་ཡང་ཡོད་དོ། །དེ་ལ་ཆོས་ཉིད་རྟག་པ་ཡིན་པས་ངོ་བོ་འགྱུར་བ་མེད་པའི་ཡེ་ཤེས་དེ་ཕྱོགས་གང་དུ་ཡང་མ་བྱུང་པས་ངོ་བོ་སྟོང་རིག་གསལ་བར་གཅིག་ལ། རྒྱ་གང་དུ་ཡང་མ་ཆད་པས། ཐམས་ཅད་ཀྱི་དངོས་གཞིར་བྱུང་པས་ཏ་ཡིན་ལ། དེ་ཡང་ཐོག་མཐའ་གང་དང་ཡང་མ་འདྲེས་པས། དེ་ཉིད་རིང་པོར་བྱུང་བའོ། །དེའི་ངང་ལས་མ་གཡོས་ཀྱང་འགྱུར་མེད་དག་པའི་འོད་ལྔ་རང་གསལ་བས་གུ་གུ་འོད་མཚོན་པར་བྱུང་བའོ། །དེ་ཉིད་མཐོ་རིས་ངན་སོང་ན་ཡོད་ཀྱང་མི་འགྱུར་བས་ས་ཞེས་པས་ནི་ཏཱིས། ཞེས་བྱའོ། །དེ་ལ་རྒྱན་གྱི་ཡི་གེ་སར་བྱུང་བས། གང་ཟག་བུ་ཐ་བའི་ཚེ་ན་ཡང་། དེ་ཉིད་ལས་འགྱུར་བ་མེད་པ་སྟ་ཞེས། རྟག་པ་ཀུན་གྲོལ་གྱི་ཡི་གེར་བྱུང་བའོ། །སྐད་ཀྱི་དབང་དུ་བྱས་ན་མུ་ཏིག་ཞེས་སྒྲ་རང་སོར་བཞག་པའོ། །དེ་ལྟ་བུའི་ཆོས་ཡང་དག་པ་ཉིད་ལ། འདོད་ཆགས་ཞེ་སྡང་གཏི་མུག་གང་ཤར་ཡང་། དེ་ཉིད་ལས་འགྱུར་བ་མེད་པས་ས་ཡིན་ལ། དེ་ལྟར་མི་འགྱུར་ཡང་། རང་རིག་པའི་ཡེ་ཤེས་འཆར་བྱེད་ཀྱི་སྒོ་མ་འགགས་པས་རྒྱན་གྱི་ཡི་གེར་ཡིན་ལ། དེ་ལྟར་ཀྱང་མ་རིག་པ་གསུམ་གྱིས་སྒྲིབས་པས་རྦ་ཡིན། སྐད་ལྟར་ན་ཐམས་ཅད་ཅེས་བྱའོ། །དེ་ལྟར་མ་རིག་པ་གསུམ་ལས་མ་འདས་པའི་རིག་པ་དེ་ལ་སྐྱེ་བ་ཡོད་མ་མྱོང་པས། ད་ལྟ་སྐྱེ་བ་ལ་མི་གནས། ཕྱིས་སྐྱེ་མི་སྲིད་པས། ཁམས་གསུམ་འཁོར་བའི་མིང་མེད་པས་ཨཱཿཞེས་རིང་པོར་བྱུང་བའོ། །དེ་ཡང་འདི་ཉིད་ཨ་ལ་ལྔ་ཡོད་པ་ལས་ཨ་གླང་པོའི་སྣ་ཞེས་བྱ་སྟེ་སྐྱེ་མེད་མཚོན་པའོ། །དེ་ཉིད་ལས་མ་བཅོས་ན་ཆོས་ཉིད་མཉམ་པའི་ལས་དུས་གསུམ་དུ་གཡོས་པ་མེད་པས། མ་ཞེས་རིང་པོར་བྱུང་བའོ། །དེ་ལྟར་སྐྱེ་མེད་མཉམ་པ་ཉིད་དུས་གསུམ་དུ་གསལ་འགྲིབ་མེད་པས། སྣོ་ར་དབྱིངས་གཅིག་ཏུ་འདུས་པར་བྱུང་བའོ། །དེ་ལྟར་གནས་པའི་ཆོས་ཉིད་ལ་སྐུ་གསུམ་རང་ཤར་ཏེ་དག་པ་རང་གྲོལ་དུ་བྱུང་བས་ཀཱ་ཞེས་རིང་པོར་བྱུང་བའོ། །སྐད་ལྟར་བྱས་ན་ཐང་ལོག་ཏུ་འགྱུར་ཏེ། ཞག་པ་ཞེས་བྱའོ། །དེ་ལྟ་བུའི་སྐུ་གསུམ་ལས་སོ་སོའི་འཆར་སྒ་ོམ་འགགས་པས་ར་ཡིན་ལ། དེ་ལ་ངོས་བཟུང་གང་དུ་ཡང་མ་གྲུབ་པས་ཡེ་ནས་སྟོང་པས་རང་ཆད་པས་ད་ཞེས་བྱ་བ། དེ་ཡང་འགྲོ་བའི་ལུས་ལ་གནས་བྱཱ་རིང་པོར་བྱུང་བའོ། །དེ་ལྟར་ལུས་ལ་གནས་པའི་ཆོས་ཉིད་དེ་ལུས་ཇི་སྲིད་དུ་གནས་པའི་རིན་ལ། རྟག་པར་བཞུགས་པས་ཏ་ཡིན་ལ། དེ་ཡང་འབྲས་བུ་སྐུ་གསུམ་གྱི་ལུས་སུ་གྲོལ་ནས་ན་ཡིན་ལ། དེ་ལྟར་རྟག་པའི་ཆོས་ཉིད་ལས། ཡེ་ཤེས་ལྔའི་འཆར་སྒོ་མ་འགགས་པས་ཏྲ་ཞེས་བྱའོ། །དེ་ཡང་ལུས་ཀྱི་སྒོ་དགུ་ལས་མི་གསན་འཆར་བས་ན་ཞེས་ཐུང་བར་བྱུང་བའོ། །དེ་ཉིད་ཐོག་མའི་གཞི་ལ་རང་ལོག་པས་མཱ་ཞེས་རིང་པོར་བྱུང་བའོ། །ཞེས་ཡི་གེ་བརྡའ་སྦྱོར་གྱི་མན་ངག་ལ་རྟེན་ནས་སྣང་བརྟགས་ཐམས་ཅད་སྒྲ་དོན་འབྲེལ་བར་བསྟན་ནས། འཁོར་འདས་བརྡར་སྣང་གི་མན་ངག་བརྟེན་ནས་ཐམས་ཅད་བརྡར་བསྟན་པ་ནི། བརྡ་ནི་སྤྱིར་ན་ཆོས་ཐམས་ཅད་བརྡས་བརྟགས་པས་ན། བརྡའ་ཉིད་ལ་རང་བཞིན་ནི། ངོ་བོ་གང་དུ་ཡང་གྲུབ་པ་མེད་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ། རྨི་ལམ་གྱི་རྣམ་པ་ལྟར་ཤེས་པས་གང་ལ་ཡང་ཞེན་པའི་བློ་མི་སྐྱེ་བས་ན་ཆོས་ཉིད་བུ་ཐོག་ཏུ་མ་གྲོལ་བས་ཞེས་བྱ་བ་ནས། བོད་སྐད་དུ་ཞེས་བརྡས་བརྟགས་པས། གང་དུ་འཛིན་པའི་བློ་མི་སྐྱེ་བའི་སྐྱེ་མེད་དོན་གྱི་ངོ་བོ་མི་ཟིན་པའོ། །དེ་ལ་ཆོས་དང་ཆོས་མ་ཡིན་པ་རྣམས་བརྡའ་ཙམ་མམ། ཟུར་ཙམ་མམ། ཚིག་ཙམ་ལས་མ་འདས་པས་ན། གང་ཡང་མ་ཡིན་པའི་ངོ་བོ་མངོན་གསུམ་དུ་སྣང་བས། དོན་ཆིག་ཆོད་དུ་གྲོལ་བས། ཁམས་གསུམ་དུས་གཅིག་ལ་ལྟ་བ་ཞེས་བྱའོ། །འཁོར་འདས་བརྡར་སྣང་གི་མན་ངག་ལ་བརྟེན་ནས་ཐམས་ཅད་བརྡར་བསྟན་པ་བསྟན་ནས། མཚན་དོན་ཆོས་ཉིད་མངོན་གསུམ་ལ་བརྟེན་ནས་སྐལ་བ་ཅན་ཁམས་གསུམ་དུ་མི་བརྒྱུད་པར་བསྟན་པ་ནི། མུ་ཞེས་ལུས་ཀྱི་གནད་ལ་བརྟེན་ནས་ཆོས་ཉིད་མངོན་གསུམ་དུ་འཆར་ཏེ། དེ་ཡང་ལུས་དབང་དང་འབྲེལ་བས། དད་པ་དང་ལྡན་པའི་གང་ཟག་ཐོག་མ་གཞི་མ་སྨིན་པ་སྨིན་པར་བྱེད་པས་ན་འདིའི་ལེའུ་བཞི་པ་ནས་ཕྱག་རྒྱ་ཆེན་པོ་མངོན་པས་ཤེས་པ་ལ་སོགས་པ་དབང་བསྐུར་བའི་མུ་ནི། བསྐུར་རྒྱུད་ཡོད་པ་སྤྲོས་བཅས་ཀྱི་དབང་དང་། བསྐུར་རྒྱུ་ཡོད་པ་དང་མེད་པ་ཕྱེད་མ་སྤྲོས་མེད་ཀྱི་དབང་དང་། བསྐུར་རྒྱུ་མེད་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་དང་། བསྐུར་རྒྱུ་ལས་འདས་པ་རབ་ཏུ་སྤྲོས་པ་མེད་པའི་དབང་ངོ་། །དེ་ལྟར་དབང་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པ་བླ་མའི་མན་ངག་གིས་ཏིག་ལ་འབེབས་པ་ནི། འདིའི་ལེའུ་བརྒྱད་པ་ལས་གནས་ལུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པས་བསྟན་ནོ། །དེ་ལྟར་ཉམས་སུ་བླངས་པ་ལས་གྲོལ་ལུགས་གཉིས་ཏེ། ཉམས་ཡར་འཕེལ་དུ་གྲོལ་བ་དང་། འབད་མེད་དུ་གྲོལ་པ་གཉིས་ལས། ཉམས་ཡར་འཕེལ་དུ་གྲོལ་བ་ནི། འདིའི་ལེའུ་དྲུག་པ་ནས། ལུ་གུ་རྒྱུད་ནི་གྲངས་མང་ལ་སོགས་པས་བསྟན། འབད་མེད་དུ་གྲོལ་བ་ནི། འདིའི་ལེའུ་ལྔ་པ་ནས། ལྕགས་ཀྱི་ལྕགས་རྣམས་ལ་སོགས་པས་བསྟན་པས་ན། ཏི་ཞེས་བྱའོ། །དེ་ཡང་སྟོང་པའི་མུ་ལས་གྲོལ་པས་གསལ་བའི་ཏིག་ཀ་འོད་དུ་གནས་ཏེ། ཆོས་ཉིད་ཀྱི་རང་གདངས་སོ། །དེ་ཉིད་ཀྱི་མུ་ལས་འདས་པས་གསལ་སྟོང་གང་དུ་ཡང་མི་འབྱེད་དོ། །དེ་ལྟར་མུ་ཏིག་ནི་མཐའ་བྲལ་ཡོངས་སུ་རྫོགས་པའི་ལྟ་བ་སྟེ། ཡོད་མེད་རྟག་ཆད་ཀྱི་རང་བཞིན་གྱིས་མཐའ་ལས་གྲོལ་བས། རིག་པ་ཉིད་ལ་གང་གིས་ཀྱང་མ་གོས་པས་ན། སྣང་བའི་དུས་ན་རང་སྣང་བས་གཞན་ལྟོས་ཀྱི་ཆོས་ལས་གྲོལ་ལ། གནས་པའི་ཚེ་ན་རང་གནས་པས། བཅས་བཅོས་བློའི་རྟོག་པ་མ་ཡིན་ནོ། །གྲོལ་བའི་དུས་ན་རང་གྲོལ་བས་གཉེན་པོ་གཞན་ལ་མ་ལྟོས་པའོ། །དེ་ལྟར་རྟོགས་པའི་དུས་ན། དབེན་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པའི་དུས་ན། ས་རྡོའི་བག་མེད་པ་དང་། རྣལ་འབྱོར་པ་དེས་འགྲོ་ཉལ་འདུག་སྡོད་བྱ་བ་ཅི་དང་ཅི་བྱེད་ཀྱང་། ཆོས་ཉིད་མངོན་གསུམ་གྱི་ངང་ལས་མ་གཡོས་པས། ཡིད་དཔྱོད་དང་ཚིག་ཏུ་རྟོག་པ་ལས་འདས་པའོ། །དེ་ཉིད་ཀྱི་གཟུངས་ལས་འདས་པ་མེད་པས་འཕྲེང་བ་ཞེས་བྱའོ། །རྒྱུད་ནི་རང་རྒྱུད་རྣམ་པར་དག་པ་དྲི་མ་མེད་པ་ཉིད་ལ། མངོན་གསུམ་གནད་ཀྱིས་ཟིན་པས། ལུ་གུ་རྒྱུད་འཕེལ་དང་བཅས་ཏེ་སྣང་བའོ། །དེ་ལ་གོམས་པས་བརྩོན་འགྲུས་རབ་འདི་ཉིད་ལ་ཟག་བཅས་མི་སྣང་སངས་རྒྱ། འབྲིང་པོ་ཆོས་ཉིད་ཀྱི་བར་མ་དོ་ལ་སངས་རྒྱ། ཐ་མ་རང་གཞན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱའོ། དེའི་ཕྱིར་ན་དོན་ཁམས་གསུམ་དུ་མི་བརྒྱུད་པས་དོན་ཟབ་མོ་དོན་གྱི་ཆོས་ཉིད་དོ། །ཞེས་མཚན་དོན་ཆོས་ཉིད་མངོན་གསུམ་ལ་བརྟེན་ནས་སྐལ་བ་ཅན་ཁམས་གསུམ་དུ་མི་བརྒྱུད་པར་བསྟན་ནས། དེ་ནས་མཚན་བསྟན་པ་ཙམ་ལ་བརྟེན་ནས་གཞུང་དོན་བདེ་བླག་ཏུ་རྟོགས་པར་བསྟན་པ་ནི། དེ་ཡང་གསང་བའི་རྒྱུད་འདི་ལ། ལེའུ་བརྒྱད་ཀྱིས་བསྟན་པའི་དང་པོ། གླེང་གཞིའི་ལེའུ་ལ། མུ་ཞེས་པ་བསྡུས་པའི་དོན་གཉིས་ཏེ། སྟོན་པ་རང་གི་འཁོར་འདུ་བའི་དོན་དུ་གཞི་སྣང་གི་རིག་པ་མངོན་གསུམ་དུ་བསྟན་པ་དང་། སྡུད་པ་པོས་རང་གི་འཁོར་གྱིས་རྟོགས་པར་བྱ་བའི་ཕྱིར་ཐུན་མོང་གི་གླེང་གཞི་བརྗོད་བྱ་རང་གི་ངོ་བོ་དང་བཅས་ཏེ་བསྟན་པ་གཉིས་ལས། དེ་ལ་འདི་སྐད་བདག་གིས་བསྟན་པའི་ཞེས་པ་ལ་སོགས་པས། རང་ངོ་རྣམ་དག་གི་གནད་ཡོད་པའོ། །བདག་གིས་ཐོས་པ་ལ་སོགས་པ་ཐེག་པ་ཐུན་མོང་བ་ལ་བརྒྱད་དུ་ཕྱེ་བས། གདུལ་བྱ་གང་ཟག་རྣམས་ཀྱིས་རྟོགས་པར་འགྱུར་རོ། །དེ་ཡང་ཐུན་མོང་མ་ཡིན་པའི་གླེང་གཞི་གནས་ལུགས་ལ་ཐུན་མོང་སྣང་ཐབས་སུ་བྱུང་བས། དེ་གཉིས་ཟུང་དུ་ཞུགས་པས་འཁྲུལ་པ་རང་དག་པའོ། །ལེའུ་གཉིས་པ་འཁྲུལ་པ་གཞི་ལ་བཟློག་པ་ནི། དཔེར་ན་མུ་ཏིག་དཀར་དམར་གྱི་འཕྲེང་བ་རབ་ཏུ་སྤེལ་ལེགས་པ། མདོ་འཛིན་ལ་འདུས་པ་ལྟར། རིག་པ་ཉིད་མངོན་གསུམ་དུ་སྣང་པས་འཁྲུལ་པ་རང་དག་པས། དེ་ཉིད་ལས་ཡོན་ཏན་གྱི་འཕེལ་སྒོ་བསམ་གྱིས་མི་ཁྱབ་པ་འབྱུང་ཡང་། བསྡུས་དོན་བཞིར་འདུ་སྟེ། དང་པོ་ཞུ་བ་སྔོན་དུ་འགྲོ་བས་ཡེ་ཤེས་རང་གི་ངོ་བོ་བསྟན་པ་ནི། སྡུད་པ་པོས་རྒྱུད་འདི་ཁྱད་པར་ལེགས་པར་བསྒྲུབས་པས། ཆོས་ཉིད་ལ་བྱན་ཚུད་པར་འགྱུར་པ་དང་། གཉིས་པ་དེ་ལྟར་བྱན་ཚུད་པས་འཁྲུལ་པ་ལྡོག་ཚུལ་བསྟན་པ་ནི། ཡེ་ཤེས་རང་ངོ་ཤེས་པས་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པའོ། །གསུམ་པ་དེ་ལྟར་ལོག་པའི་ཡེ་ཤེས་ངོས་བཟུང་བ་བསྟན་པ་ནི། རང་གི་རིག་པ་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པའོ། །བཞི་བ་དེ་ལྟར་ངོས་ཟིན་པའི་འཁྲུལ་བ་དེ་ལ་བཟླ་བ་ནི། འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་བསྟན་པའོ། །དེ་ཡང་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། དང་པོ་ལ་ཡན་ལག་གི་དོན་བརྒྱད། གཉིས་པ་ལ་དྲུག གསུམ་པ་ལ་བཅུ། དེ་ལྟར་ཉེར་དགུས་མུ་ཏིག་འཕྲེང་བ་བརྒྱུས་པ་ལྟར་བསྟན་པའོ། །ཡང་ལེའུ་གསུམ་པ་འཁྲུལ་པ་བདས་སུ་བརྡའ་བའི་ལེའུ་མུ་ཏིག་གི་འཕྲེང་བ་རྣམ་པར་བཀོད་པར་ནི་བསྡུས་པའི་དོན་ལྔ་སྟེ། དེ་དག་ཉིད་ཀྱིས་ཞུ་བ་སྔོན་དུ་འགྲོ་བ་འཁྲུལ་པ་ཉིད་ཀྱི་རང་བཞིན་བསྟན་པས། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་། གཉིས་པ་དེའི་སྣང་བ་དེ་ཉིད་རང་མ་འཁྲུལ་བར་བསྟན་པས། སྣང་སེམས་གཉིས་མེད་དུ་གྲོལ་བ་དང་། གསུམ་པ་འཁྲུལ་པ་ཉིད་ཀྱི་དོན་རྟོགས་ན་ཐམས་ཅད་རྫོགས་པ་ཆེན་པོའི་གནས་ཡིན་པར་བསྟན་པས། རང་བྱུང་གི་ཡེ་ཤེས་སྤང་བླང་ལས་འདས་པར་བསྟན་པའོ། །བཞི་པ་དེ་ལྟར་དོན་རྟོགས་པའི་རྣལ་འབྱོར་པས་སྣང་བ་ཐམས་ཅད་ལ་གནས་ལུགས་ཀྱི་རྒྱས་ཐེབས་པར་བསྟན་པ་ནི། གང་ལྟར་སྤྱད་ཀྱང་ཆོས་ཉིད་ལས་འདས་པ་མེད་པའོ། །ལྔ་པ་དེའི་ཕྱིར་ན་རྒྱུད་ཀྱི་རྒྱལ་པོ། བླ་མའི་གདམས་ངག་འབྲེལ་པར་བསྟན་པས། རིག་པའི་ངོ་བོ་ཀུན་ལ་ཁྱབ་ཀྱང་དེ་ཉིད་རང་བཞིན་གདམས་ངག་གིས་གྲོལ་བའོ། །དེ་ལ་ཡན་ལག་གི་དོན་ནི་འཕྲེང་བ་བརྒྱུས་པའི་རྣམ་པ་ལྟར་བཤད་ན། དང་པོ་ལ་བཞི། གཉིས་པ་ལ་ཡང་བཞི། གསུམ་པ་ལ་བཅུ་གསུམ། བཞི་པ་ལ་གསུམ། ལྔ་པ་ལ་དྲུག་སྟེ སུམ་ཅུས་མུ་ཏིག་འཕྲེང་བ་བརྒྱུས་ལེགས་བ་ལྟར་བ སྟན་པའོ། །ལེའུ་བཞི་པ་ལ་འབད་མེད་རང་གྲོལ་དུ་བསྟན་པའི་མུ་ཏིག་གི་འཕྲེང་བ་རྣམ་དཀར་བཀོད་པ་ནི་བསྡུས་པའི་དོན་དགུ་སྟེ། དང་པོས་ཆོས་ཉིད་ཀྱི་རྒྱན་དུ་ཐམས་ཅད་འདུས་པར་བསྟན་པས། རིག་པའི་ཆེ་བ་ངོས་ཟིན། གཉིས་པ་དེ་ཉིད་ལས་ཡེ་ཤེས་ཀྱི་བྱུང་ཚུལ་བསྟན་པས། འཁྲུལ་མ་མྱོང་པའི་ཡེ་ཤེས་ངོས་ཟིན། གསུམ་པ་དེ་ལ་རྒྱུན་དུ་སྤྱོད་པའི་ཐབས་བསྟན་པས། གོམས་པ་རང་རྒྱུད་ལ་ཤར། བཞི་པ་འཁྲུལ་པའི་སྣང་བ་འདི་དག་ཀྱང་རང་འབྱུང་དུ་བསྟན་པས། ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི་རོལ་པ་ངོས་ཟིན། ལྔ་པ་འཁྲུལ་པ་དེ་ཡང་རྐྱེན་ཁ་ནས་བཟློག་པར་བསྟན་པས། ཡེ་ཤེས་མ་བུའི་སྣང་བ་ངོ་སྤྲད། དྲུག་པ་དེ་ལྟར་ལོག་པ་ཉིད་ཞིང་ཁམས་སུ་སྐྱེལ་བར་བསྟན་པས། ཡེ་ཤེས་དག་པའི་སྣང་བ་རང་ངོ་ཤེས། བདུན་པ་རྟ་མགྲིན་ལ་སོགས་པའི་ཁྲོ་བོ་དེ་དག་ཀྱང་རྒྱལ་བ་བསླང་བའི་དོན་འདི་ལྟར་སྣང་བ་ཐམས་ཅད་རང་གྲོལ་དུ་བསྟན་པས། རྫོགས་པ་ཆེན་པོ་སྤང་བླང་ལས་འདས་པའི་ལྟ་བས་ཟིན། བརྒྱད་པ་མཁའ་འགྲོ་མ་ལ་སོགས་པས་ཞུ་བ་སྔོན་དུ་འགྲོ་ཞིང་རྗེས་སུ་ཡི་རང་བ་དང་བཅས་པས། སྣོད་བཅུད་ཀྱི་འཇིག་རྟེན་འདི་ལྟར་གྲོལ་ལུགས་བསྟན་པས། རང་བཞིན་རྣམ་དག་གི་ལྟ་བ་གཞི་ལ་སྐྱོལ། དགུ་པ་དེ་ལྟར་སེམས་དང་པོ་ཡང་གྲོལ་ན་བཅུད་ཀྱི་སེམས་ཅན་ཅིས་མ་གྲོལ་བར་བསྟན་པས། འགྲོ་བ་རྣམས་རང་འབྱུང་གི་ཡེ་ཤེས་ལས་མ་འདས། དེ་ཡང་ཡན་ལག་འཕྲེང་བས་མཛེས་པར་སྤྲས་པ་ནི། དང་པོ་ལ་ལྔ། གཉིས་པ་ལ་ཡང་ལྔ། གསུམ་པ་ལ་བཞི། བཞི་པ་ལ་གསུམ། ལྔ་པ་ལ་གཉིས། དྲུག་པ་ལ་བརྒྱད། བདུན་པ་ལ་བདུན། བརྒྱད་པ་ལ་གསུམ། དགུ་པ་ལ་བཞི་སྟེ་བཞི་བཅུ་རྩ་གཅིག་གིས་རྒྱུད་ཀྱི་ལེའུ་མུ་ཏིག་གི་འཕྲེང་བ་བརྒྱུས་པ་ལྟར་བཤད་པའོ། །ལེའུ་ལྔ་པ་གནས་ལུགས་ལ་འཁྲུལ་པ་རང་རྫོགས་སུ་བསྟན་པའི་ལེའུ་མུ་ཏིག་གི་འཕྲེང་བ་རྣམ་པར་བཀོད་པ་ནི་བསྡུས་པའི་དོན་གཉིས་ཏེ། དྲི་བ་མདོར་བསྟན་པས་རང་དོན་གྱི་ཐེ་ཚོམ་བསལ། ལན་རྒྱས་པར་བཤད་པས་རང་བཞིན་གྱི་དོན་མངོན་པར་རྟོགས་པའི་དེའི་ཡན་ལག་གི་འཕྲེང་བས་མཛེས་པར་སྤྲས་ན། ལན་ལ་དྲུག དེའི་ཉིད་ལག་གིས་སྤྲས་ན་། དེ་ལ་དྲུག་ཡོད་པའི་བསྡུས་དོན་དང་པོ་ལ་དྲུག གཉིས་པ་ལ་གཉིས། དེའི་གསུམ་པ་ལ་བརྒྱད། དེའི་བཞི་པ་ལ་དྲུག དེའི་ལྔ་པ་ལ་བཅུ་སྟེ། དེ་ལྟར་ཞུས་པ་དང་། ལན་གྱི་དང་པོ་དང་། སུམ་ཅུ་རྩ་བཞི་པ་ལེའུ་ལྔ་པའི་མུ་ཏིག་གི་ཕྲེང་བས་མཛེས་པར་སྤྲས་པའོ། །ལེའུ་དྲུག་པ་སེམས་ཅན་གྱི་སྣང་ཐབས་བསྟན་པའི་མུ་ཏིག་གི་འཕྲེང་བ་རྣམ་པར་བཀོད་པ་ནི། བསྡུས་པའི་དོན་གསུམ་སྟེ། དང་པོ་དྲི་བ་དང་བཅས་པས་དགོངས་པ་ངོ་བོ་ཉིད་ཀྱི་གནས་ལུགས་བསྟན་པ། རང་བཞིན་གནས་ཐབས་ཀྱི་སྣང་བ་ངོས་ཟིན། གཉིས་པ་ངོ་བོ་ཉིད་དེ་ལ་འཆིང་བྱེད་ཀྱི་དྲི་མ་གང་ཡིན་པར་བསྟན་པས། ཡེ་ཤེས་དང་ཉོན་མོངས་པའི་ཚད་ཟིན། གསུམ་པ་སེམས་ཅན་ལ་གཞི་ལམ་འབྲས་བུ་ཇི་ལྟར་ཚད་བསྟན་པས། རིག་པ་ཉིད་རྩོལ་བ་ལས་འདས་པར་ངོ་ཤེས། དེ་དག་གི་ཡན་ལག་གི་འཕྲེང་བས་མཛེས་པར་སྤྲས་ན། དང་པོ་ལ་དགུ། གཉིས་པ་ལ་གཉིས། དེའི་ཉིང་ལག་གིས་མཛེས་པར་སྤྲས་ན། དེའི་དང་པོ་ལ་བཞི། འོག་མ་ལ་ལྔ། བསྡུས་དོན་གཉིས་པ་ལ་གསུམ། དེའི་ཉིང་ལག་དང་པོ་ལ་ལྔ། གཉིས་པ་ལ་དྲུག གསུམ་པ་ལ་ཡང་དྲུག་སྟེ། དེ་ལྟར་སུམ་ཅུ་རྩ་དགུས་ལེའུ་དྲུག་པའི་འཕྲེང་བ་མཛེས་པར་སྤྲས་པའོ། །ལེའུ་བདུན་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པར་བསྟན་པའི་མུ་ཏིག་གི་འཕྲེང་བ་རྣམ་པར་བཀོད་ན། བསྡུས་པའི་དོན་དྲུག་སྟེ། དང་པོ་རིག་པའི་ངོ་བོ་དེ་ཉིད་འཁོར་བའི་ཆོས་དུ་མ་ལྟར་བྱུང་བ་བསྟན་པས། བྱས་བཅོས་ཅི་དང་ཅི་བྱས་པ་ཆོས་ཉིད་དུ་རང་གྲོལ་བར་ཤེས། གཉིས་པ་དེ་ཡང་སྦྱོར་བའི་ལུས་དང་སེམས་ལ་ཚང་བར་བསྟན་པས། གཞན་ནས་བཙལ་མི་དགོས་པར་ཐག་ཆོད། གསུམ་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣལ་འབྱོར་པའི་ལུས་དང་སེམས་ལ་ཚང་བར་བསྟན་པས། ཐམས་ཅད་རང་གྲོལ་ཆེན་པོ་གཅིག་གི་འཁོར་ལོ་ལས་མ་འདས་པར་རྩལ་འབྱོངས། བཞི་པ་དཀོན་མཆོག་གསུམ་རང་གི་ལུས་དང་སེམས་ལ་ཚང་པར་བསྟན་པས། མཆོད་པར་བྱ་བའི་ཡུལ་གཞན་ན་མེད་པར་ཡིད་ཆེས། ལྔ་པ་དཀར་པོའི་ཆོས་དེ་དག་རང་གི་ལྟ་བའི་ངོ་ལ་ཇི་ལྟར་གནས་བསྟན་པས། ལས་དགེ་སྡིག་གི་ཤན་ཕྱེས། དྲུག་པ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་དང་། ཀུན་གཞི་དང་ཆོས་སྐུ་གཏན་ལ་དབབ་པ་དང་། འབྱུང་བ་དྭངས་སྙིགས་སུ་དབྱེ་བ་བསྟན་པས། ཉམས་སུ་བླང་བྱ་དང་བླང་བྱ་མ་ཡིན་པ་ཉེ་བར་རྟོགས་པའོ། །དེ་དག་ལ་ཡན་ལག་གིས་རྣམ་པར་སྤྲས་ན། དང་པོ་ལ་དྲུག གཉིས་པ་ལ་གསུམ། གསུམ་པ་ལ་བཞི། བཞི་པ་ལ་གཉིས། ལྔ་པ་ལ་བཅུ་གཉིས། དྲུག་པ་ལ་བརྒྱད་དེ། སུམ་ཅུ་རྩ་གསུམ་གྱིས་ལེའུ་བདུན་པའི་དོན་མུ་ཏིག་གི་འཕྲེང་བས་རྣམ་པར་སྤྲས་པ་ལྟར་བསྟན་པའོ། །ལེའུ་བརྒྱད་པ་རྒྱུད་རྣམ་པར་བསྡོམས་ཏེ་བསྟན་པའི་མུ་ཏིག་གི་འཕྲེང་བ་རྣམ་པར་བཀོད་ན། བསྡུས་པའི་དོན་བཞི་སྟེ། དང་པོ་ཐབས་ཀྱི་རྒྱུད་ཀྱི་དོན་བསྟན་པས། འཁོར་བ་ལས་ཚེགས་མེད་པར་གྲོལ་བར་ངོ་ཤེས། གཉིས་པ་རང་གཞན་གྱི་རྒྱུད་ཀྱི་དོན་བསྟན་པས། འཁོར་འདས་གཉིས་མེད་དུ་ངོ་མཉམ་པར་ཐག་ཆོད། གསུམ་པ་ཚིག་གི་རྒྱུད་ཀྱི་དོན་བསྟན་པས་བློས་བརྟགས་པའི་སྤྲོས་པ་ཆོད། བཞི་བ་རྒྱུད་གསུམ་གྱི། དོན་སྤྱིར་བསྟན་པས། རྣལ་འབྱོར་པའི་ལམ་ཡེ་ཤེས་ཀྱི་ཆ་རྐྱེན་དང་གྲོས་བྱས་པར་བྱུང་བའོ། །དེ་ལ་ཡན་ལག་གི་རྒྱས་པར་བཤད་ན། དང་པོ་ལ་བརྒྱད། གཉིས་པ་ལ་དྲུག གསུམ་པ་ལ་ཡང་དྲུག བཞི་པ་ལ་ཡང་གཉིས་ཏེ། ཉེར་གཉིས་ཀྱིས་ལེའུ་བརྒྱད་པའི་མུ་ཏིག་གི་འཕྲེང་བས་མཛེས་པར་སྤྲས་པའོ། །དེ་ལྟར་གསང་བའི་རྒྱུད་འདི་ལ་ལེའུ་བརྒྱད་དུ་བྱུང་བས་ནི་མུ་ཞེས་བྱའོ། །དེ་ལྟར་ལེའུ་བརྒྱད་པ་བསྡུས་པའི་དོན་སུམ་ཅུ་རྩ་གཅིག་གིས་སྤྲས་པས་ནི་ཏིག་ཅེས་བྱའོ། །དེ་ཡང་ཡན་ལག་དང་རང་ཉིང་ལག་གིས་ཤིན་ཏུ་རྒྱས་པར་སྤྲས་ན། ཉིས་བརྒྱ་དང་སུམ་ཅུ་རྩ་དགུས་ལེའུ་བརྒྱད་པའི་རྣམ་པར་བཅད་པ་ནི། རིན་པོ་ཆེའི་འཕྲེང་བ་ཞེས་བྱའོ། །དེ་ལྟར་ན་མུ་ཏིག་ནི་ཁྱད་པར་གྱི་དོན་ཏེ། རྒྱལ་པོ་གཅིག་ལ་མུ་ཏིག་གི་ཕུང་པོ་གཅིག་ཡོད་ན། འཇིག་རྟེན་འདིའི་འདོད་པའི་དོན་ཡོངས་སུ་རྫོགས་པ་ལྟར། གསང་བའི་རྒྱུད་ནི་འཛིན་པའི་འགྲོ་བ་སྐལ་པ་ཡོད་པ་ལས། སངས་རྒྱས་ཀྱི་འབྲས་བུ་ཚེགས་མེད་པར་འབྱུང་སྟེ། དེ་ལྟར་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། །འགྲོ་བ་མཆོག་ཏུ་གྱུར་པའི་མིས། །མུ་ཏིག་འཕྲེང་བ་ཞེས་བྱའི། །རྒྱུད་འདི་འཛིན་དང་བཅངས་པ་དང་། །ཀླགས་པ་ཉིད་ཀྱིས་སངས་རྒྱས་ཞིང་། །མཛེས་ཤིང་ཉམས་དང་ལྡན་པར་སྐྱེ། ཞེས་པས་སོ། །ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པའི་མིས། ཉི་མ་དང་ཟླ་བ་གཟས་ཟིན་པའི་ཚེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། མཆོད་པ་ལྔ་ཕུལ་ནས་གསོལ་བ་བཏབ་ནས། འདོད་པའི་ཡོན་ཏན་ལྔ་ཇི་ལྟར་འདོད་པ་འབྱུང་བ་ལྟར། རྒྱུད་འདི་བླ་མའི་མན་ངག་གིས་བཀྲོལ་ནས། བརྩོན་འགྲུས་དང་བཅས་པར་ཐང་བཅད་དེ་ཉམས་སུ་བླངས་ན། བརྩོན་འགྲུས་རབ་འདི་ཉིད་ལ་འཁྲུལ་པའི་སྣང་བ་ནུབ་ནས་ཡེ་ཤེས་དག་པའི་སྣང་བ་འཆར། འབྲིང་ལ་ཆོས་ཉིད་ཀྱི་བར་མ་དོ་ལ་འཆར། ཐ་མས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་དེ་ཉིད་ལ་ཤར་ནས། མི་ལོ་ལྔ་བརྒྱ་ན་ཆོས་ཉིད་ཀ་དག་གི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལྟར་ཡང་ཨཱ་ཏི་བཀོད་པ་ཆེན་པོ་ལས། །གང་གིས་མུ་ཏིག་འཕྲེང་བའི་རྒྱུད། །བླ་མའི་མན་ངག་གིས་བཀྲོལ་ནས། །གོམས་པ་རྒྱུད་ལ་བརྟེན་པས་ནི། །ཁམས་གསུམ་དག་ཏུ་མི་ལྡོག་གོ །གལ་ཏེ་གོམས་པར་མ་གྱུར་ན། །དབུགས་འབྱིན་རྣལ་འབྱོར་མཆོག་དག་ཉིད། །ཆོས་ཉིད་བདེན་པའི་སྟོབས་ཀྱིས་ཀྱང་། །ཀ་ནས་དག་པའི་རིག་མཐོང་ངོ་། །ཞེས་པས་སོ། །འཕྲེང་བ་ཞེས་པ་ནི། རི་རབ་ཀྱི་ཟོམ་ན་ཡོད་པའི་གནོད་སྦྱིན་གྱི་ཕུག་ཅེས་བྱ་བ་ན། རིན་པོ་ཆེ་འབར་བ་ཡོན་ཏན་མངོན་པར་འབྱུང་བ་ཞེས་འཕྲེང་བ་ཡོད་དེ། དེ་ཁྲུས་བྱས་ནས་སུས་བགྲངས་པའི་ཚེ། གསེར་གྱི་དོང་རྩེ་ལྔ་བརྒྱ་ལྔ་བརྒྱ་འབྱུང་པ་གཅིག་ཡོད་པས། དེ་ལ་ལྷ་རྣམས་ཀྱིས་བརྐུས་ཤིང་འཕྲོག་པར་བལྟས་པས། འཕྲེང་བ་དེ་ཉིད་ཤར་ཕྱོགས་ཀྱི་འཇིག་རྟེན་ན། གསེར་གྱི་འཁོར་ལོ་རྣམ་པར་དག་པའི་ནམ་མཁའ་ཞེས་བྱ་བ་ལ་འཕར་བས། དེའི་ཚེ་ནམ་མཁའ་དེ་ཉིད་གསེར་གྱི་བྱེ་མ་སྣ་ཚོགས་སུ་འཕྲོས་པ་ཞེས་བྱ་བའི་ཆར་བབས་པས། ཕྱིའི་རྒྱ་མཚོ་ན་གནས་པའི་ཀླུའི་རྒྱལ་པོ་རྣམས་ཀྱི་གཙུག་གི་ནོར་བུའི་འོད་ཉམས་ཤིང་ཡོན་ཏན་སྟོང་པར་བྱས་སོ། །དེ་ལྟར་ན་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་གསུང་རྣམ་པར་དག་པའི་སྒྲ་སྒྲོགས་པའི་ཚེ། ནམ་མཁའ་ནས་མུ་ཏིག་གི་འཕྲེང་བ་རྣམ་པར་སྤྲས་པའོ། །ཞེས་ལན་གསུམ་དུ་གྲགས་པས། དེའི་བཅོམ་ལྡན་འདས་ཀྱི་འཁོར་བརྒྱ་སྟོང་བྱེ་བ་ཕྲག་ཁྲིག་དཔག་ཏུ་མེད་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ཡང་རྒྱུ་གང་ལས་བྱུང་ཞེ་ན། དེའི་ཚེ་འོག་མིན་གྱི་གནས་ན་རྒྱུད་ཀྱི་རྒྱལ་པོ་འདིས་སངས་རྒྱས་རྣམས་ཀྱི་གསུང་རྣམ་པར་དག་པས་ཡོངས་སུ་སྤྲས་པའི་བྱིན་གྱིས་རླབས་ལས་བྱུང་པའོ། །དེ་ལྟར་ཡང་བཀོད་པ་ཆེན་པོ་ལས། །གང་གིས་མུ་ཏིག་འཕྲེང་བའི་རྒྱུད། །འགྲོ་བ་ཕལ་པ་སུས་ཀྱང་ནི། རྣ་བར་ལན་གསུམ་ཐོས་པས་ཀྱང་། །སྐྱེ་མེད་ཆོས་ལ་ལོངས་སྤྱོད་དོ། །ཞེས་པས་སོ། །རྒྱུད་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འཐད་པ་དང་། རྒྱུད་དུ་འཇོག་པའི་རྒྱུ་མཚན་ནོ། །ངོ་བོ་ནི་བར་མ་ཆད་ཅིང་ཚིག་དོན་རྣམ་པར་ཆོད་པའོ། །ངེས་ཚིག་ནི་གནས་པས་རྒྱུད། བྲེང་མ་ཆད་པས་རྒྱུད། ཐབས་དང་ཤེས་རབ་ཏུ་འབྲེལ་བས་ན་རྒྱུད་དོ། །དབྱེ་ན་གཉིས་ཏེ། རྒྱུད་རང་ངོ་བོའི་དབྱེ་བ་དང་། རྣམ་པར་འཕྲུལ་པའི་དབྱེ་བའོ། །རང་ངོ་ནི་གསུམ་སྟེ། ཐབས་ཀྱི་རྒྱུད་དང་། རང་བཞིན་གྱི་རྒྱུད་དང་། ཚིག་གི་རྒྱུད་དང་གསུམ་མོ། །ཐབས་ཀྱི་རྒྱུད་ལ་གཉིས་ཏེ། མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་དོ། །དེ་ལྟར་ཡང་འདིའི་ལེའུ་བརྒྱད་པ་ནས། །མཚོན་བྱ་དང་ནི་མཚོན་བྱེད་དོ། །ཞེས་པས་སོ། །མཚོན་བྱའི་རྒྱུད་ལ་གཉིས་ཏེ། སྟོང་པས་ཁྱབ་པ་དང་། གསལ་བས་ཁྱབ་པའོ། །ཡང་དེ་ཉིད་ནས་ཁྱབ་པ་རྣམ་པ་གཉིས་ཡིན་ཏེ་ཞེས་པའོ། །རང་བཞིན་གྱི་རྒྱུད་གསུམ་སྟེ། གཞི་རང་བཞིན་གྱི་རྒྱུད་དང་། སྙིང་པོ་རང་བཞིན་གྱི་རྒྱུད་དང་། བཅུད་རང་བཞིན་གྱི་རྒྱུད་དོ། །དེ་ལྟར་ཡང་གཞི་དང་སྙིང་གི་བཅུད་ཉིད་དོ། །ཞེས་པས་སོ། །དེ་ཡང་བསྡུ་ན་ཚིག་གི་རྒྱུད་དང་། དོན་གྱི་རྒྱུད་དུ་འདུས་སོ། དོན་ནི་ཐབས་དང་། རང་བཞིན་གཉིས་སོ། །དེ་ལྟར་ཡང་དོན་རྒྱུད་དང་ནི་ཚིག་རྒྱུད་དོ་ཞེས་པས་སོ། །དེ་ལ་ཚིག་གི་རྒྱུད་ལ་བཅོ་བརྒྱད་ཡོད་ཀྱང་བརྒྱད་དུ་བསྡུས་ཏེ། རྩ་བའི་རྒྱུད་གཉིས་དང་། ཡན་ལག་གི་རྒྱུད་གཉིས་དང་། ལུང་རིག་གསལ་བའི་རྒྱུད་གཉིས་དང་། མན་ངག་གི་རྒྱུད་བཞི་དང་། བཤད་རྒྱུད་གཉིས་དང་། དགོངས་པ་རང་གནས་ཀྱི་རྒྱུད་གསུམ་དང་། འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་དང་། མཁས་པ་ཆོ་གའི་རྒྱུད་དང་བརྒྱད་དུ་འདུས་སོ། །རྩ་བ་ནི་རྫོགས་པ་རང་བྱུང་དང་ཡི་གེ་མེད་པ་གཉིས། བཤད་པ་ནི་རང་ཤར་རང་གྲོལ་གཉིས། ཡན་ལག་ནི་རིན་པོ་ཆེ་སྤུངས་པ་དང་སྐུ་གདུང་འབར་བ་གཉིས། ལུང་རིགས་གསལ་བའི་གཉིས་ནི་སྒྲ་ཐལ་འགྱུར་དང་། བཀྲ་ཤིས་མཛེས་ལྡན་གཉིས། མན་ངག་གི་བཞི་ནི། སྙིང་པོ་མེ་ལོང་དང་། ཐུགས་ཀྱི་མེ་ལོང་དང་། ངོ་སྤྲོད་སྤྲད་པ་དང་། མུ་ཏིག་འཕྲེང་བ་དང་བཞིའོ། །དགོངས་པ་རང་གནས་གསུམ་ནི། ཀློང་དྲུག་པ་དང་། སྒྲོན་མ་འབར་བ་དང་། ཉི་ཟླ་ཁ་སྦྱོར་དང་གསུམ་མོ། །འཇུག་པ་རང་གྲོལ་གཉིས་ནི་སེང་གེ་རྩལ་རྫོགས་དང་། ནོར་བུ་འཕྲ་བཀོད་གཉིས་སོ། །མཁས་པ་ཆོ་གའི་རྒྱུད་ནི་དཔལ་ནག་མོ་འཁྲོས་པའོ། །རྒྱུད་དུ་འཇོག་པའི་འཐད་པ་ནི། ཐབས་ཁྱད་པར་དང་ཐུན་མོང་ལས། དོན་གྱིས་མྱུར་བ་དང་། ཁྱབ་པས་ན་རྒྱུད་དུ་འཐད། རང་བཞིན་ནི་གཞི་གནས་ལུགས་དང་། སྙིང་པོ་སྐུ་དང་། བཅུད་རིགས་པས་ན་རྒྱུད་དུ་འཐད་དོ། ཚིག་ནི་སྤྲས་པས་ན་རྒྱུད་དུ་འཐད་པའོ། །རྒྱུན་དུ་འཇོག་པའི་རྒྱུ་མཚན་ནི། སྙིང་པོ་དང་། མེ་ཏོག་ལ་སོགས་རང་འབྱུང་རང་གྲོལ་དུ་རྟོགས་པའོ། །ཞེས་དེ་དག་རྣམས་བསྟན་པར་བྱ། ཞེས་སོ། །ཞེས་མཚན་བསྟན་པ་ཙམ་ལ་བརྟེན་ནས་གཞུང་དོན་བདེ་བླག་ཏུ་རྟོགས་པར་བསྟན་ནས། དེ་དག་གིས་ནི་རྒྱུད་ཀྱི་མཚན་བསྟན་པའོ། །ད་ནི་རྒྱུད་དེ་ཉིད་ཀྱི་བརྗོད་བྱའི་དོན་བསྟན་པ་ནི་གཉིས་ཏེ། དོན་གྱི་ངོ་བོ་རིག་པ་ཡེ་ཤེས་ལ་དབང་མི་ཟ་བའི་ཕྱིར་ཕྱག་བཙལ་བ་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པས་བསྟན་ཏེ། འདི་ལ་གཉིས་ཏེ། སྡུད་པ་པོས་དྲིན་ལན་གྱི་ཚུལ་དུ་བཙལ་བ་དང་། རྟོགས་པའི་བདག་ཉིད་རང་གཞུང་དུ་བཙལ་བའོ། །སྡུད་པ་པོའི་དབང་དུ་བྱས་ན། སྟོན་པའི་ཡོན་ཏན་ལ་དམིགས་ཏེ། སྟོན་པ་ཉིད་ལ་འཇིག་རྟེན་དགའ་བ་དེ་ལ་ཞེན་པ་མེད་པས་ལྷའི་བུའི་བདུད་བཅོམ། ཕུང་པོ་ལྔའི་རྡོས་པ་རང་རྒྱུད་དུ་མེད་པར། དེ་དག་རྣམས་རང་སྣང་རང་གྲོལ་དུ་ཡོད་པས། ཕུང་པོའི་བདུད་བཅོམ། རྟོག་པ་རྣམ་པ་ཐ་དད་པ་ལ་འཛིན་པའི་ཉོན་མོངས་པ་མེད་པས། ཉོན་མོངས་པའི་བདུད་བཅོམ། ཡེ་ནས་སྐྱེ་མ་མྱོང་བ་དང་། ད་ལྟ་སྐྱེ་བ་ལ་མི་གནས་པ་དང་། ཕྱིས་སྐྱེ་མི་སྲིད་པའི་དགོངས་པ་ལ་གནས་པས། འཆི་བདག་གི་བདུད་བཅོམ། དེ་ལྟར་བཞིར་ངེས་ལ། དེ་ལས་མང་བའམ་ཉུང་བའི་གཞོམ་བྱ་མེད་དམ་ཞེ་ན། སྤྱིར་འགྲོ་བ་རྣམས་ཀྱི་སྐྱེ་བ་བཞིའི་ཁུངས་སྟོངས་པར་བྱ་བ་ལ་གཟིགས་ལ་ནང་དུ་སེམས་ཅན་གྱི་སྐྱེ་རྒས་ན་འཆི་བཞི་ལས་གྲོལ་བ་ལ་གཟིགས་ལ། གསང་བ་སྐུ་བཞིའི་འབྲས་བུར་དྲིལ་བ་ལ་གཟིགས་པས་སོ། །དེ་ཡང་བདུད་བཞི་པོ་དེ་འཇོམས་ལ། གཞོམ་བྱའི་ཡུལ་གཞན་མེད་དམ་ཞེ་ན། གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་དུ་མ་འཚོགས་པ་དང་། སེམས་འཆིང་བའི་བདུད་བྱས་པས། སེམས་ཀྱི་ཁང་བུ་བཤིག་པས་འཁོར་འདས་དཔྱིས་འབྱིན་པའི་མན་ངག་ལ་བརྟེན་ནས་བཅོམ་པས། ལུས་སེམས་ཀྱི་འབྲེལ་ཆད་དེ་ཤིང་དང་བྱ་ལྟ་བུའོ། །ཚོར་བའི་ཕུང་པོ་བདེ་སྡུག་བཏང་སྙོམས་ལུས་སེམས་གཉིས་ཀ་འཆིང་བའི་བདུད། སྐྱེ་བ་སྔ་ཕྱི་འཚམས་འབྱེད་པ་སྣང་ཤེས་མི་བདེན་པའི་མན་ངག་ལ་བརྟེན་ནས་བཅོམ་པས། སྐྱེ་བ་སྔ་ཕྱི་མི་བདེན་པས་སེམས་ཀྱི་ལྟོས་ཟད་པ། མཁའ་ལ་མཁའ་ཐིམ་པ་ལྟ་བུའོ། །འདུ་ཤེས་ཀྱི་ཕུང་པོ་རྣམ་པར་རིག་རྩལ་གྱིས་ཤེས་པའི་རྟེན་བྱས་ནས། རིག་པ་ལུ་གུ་རྒྱུད་བཅིངས་པའི་བདུད། ཆོས་ཉིད་མངོན་གསུམ་མཐོང་བ་རང་གྲོལ་གྱི་མན་ངག་ལ་བརྟེན་ནས་བཅོམ་པས། བརྡའ་ལ་བྱང་བའི་སྐྱེས་བུ་ལ་ཟླ་བ་བསྟན་པ་ལྟ་བུའོ། འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་ཡུལ་དང་ཤེས་པས་འཆིང་བའི་བདུད། རྣམ་ཤེས་རང་གྲོལ་གྱི་མན་ངག་ལ་བརྟེན་ནས་བཅོམ་པས། མཁའ་ལ་མདུད་པ་བོར་བ་ལྟ་བུའོ། །རྣམ་ཤེས་ཀྱི་ཕུང་པོ་ཡུལ་ཡུལ་ཅན་དུ་འཛིན་པས། རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་སྤྲོས་པའི་མཐའ་ལས་གྲོལ་བ་བཅིངས་པའི་བདུད། མཐའ་བྲལ་ཡོངས་རྫོགས་ཀྱི་མན་ངག་ལ་བརྟེན་ནས་བཅོམ་པས། བ་མོ་དང་རེག་པ་ལྟ་བུའོ། །དེ་ལྟར་ན་ཕུང་པོ་ལྔ་ལ་ཚོད་དུ་འཛིན་པ་དང་ཞེན་པ་མེད་པས། ཕྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་འཁོར་མི་སྲིད་པའི་ཕྱིར་ན། དེ་ཉིད་ལ་དམིགས་ནས་ཕྱག་རྩལ་བས། བདག་གིས་ཀྱང་མན་ངག་ལྔའི་དོན་རྟོགས་པའོ། །དེ་ཡང་ཕྱི་འབྱུང་བ་ལྔའི་བཅིངས་པ་ལས་གྲོལ། ནང་དབང་པོ་ལྔའི་འདུ་མཆེད་ལས་གྲོལ། གསང་བ་རིགས་ལྔའི་སྐུར་སྨིན་པ་ལ་དགོས་པའོ། །དེ་ཡང་གཏི་མུག་དགེ་དང་མི་དགེ་ལུང་དུ་མ་བསྟན་པས་ཤེས་རབ་གཅོད་པར་བྱེད་པ་ལ་བཅིངས་པའི་བདུད། ཆོས་ཉིད་ཡིན་པ་ལ་བདག་ཏུ་མེད་པའི་མན་ངག་ལ་བརྟེན་ནས་བཅོམ་པས། གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ། །ཞེ་སྡང་རག་པ་ཡན་ལག་དང་བཅས་པས་རྣམ་པར་མི་རྟོག་པའི་བསམ་གཏན་ལ་བཅིངས་པའི་བདུད། རང་གྲོལ་ཆེན་པོ་འགྱུར་བ་མེད་པའི་མན་ངག་ལ་བརྟེན་ནས་བཅོམ་པས། སྦྲུལ་མདུད་རང་གྲོལ་བ་ལྟ་བུའོ། །འདོད་ཆགས་ཡུལ་མཐར་ཐུག་དང་བཅས་ཞེན་པས། སྣང་བ་དག་པའི་ཡེ་ཤེས་ལ་བཅིངས་པའི་བདུད། འགྱུ་བ་རང་དག་སྟོང་པ་ཀུན་ལམ་གྱི་མན་ངག་ལ་བརྟེན་ནས་བཅོམ་པས། བར་སྣང་གི་སེར་བུ་ལྟ་བུའོ། །ང་རྒྱལ་མིན་མཉམ་ལ་བདག་ཏུ་འཛིན་པས། ཆོས་ཉིད་ཉམས་སྐྱེ་བའི་ཡོན་ཏན་ལ་བཅིངས་པའི་བདུད། ཡེ་མེད་སེམས་ཀྱི་སྤྱིབས་འབྱིན་པའི་མན་ངག་ལ་བརྟེན་ནས་བཅོམ་པས། གྲོང་ཁྱེར་དགྲས་བཅོམ་པ་ལྟ་བུའོ། །ཕྲག་དོག་རྗེས་ཐ་དད་པ་ལ་རྟོགས་པ་དང་བཅས་པས། རང་སེམས་མཉམ་པ་ཉིད་མུ་མཐའ་དང་བྲལ་བ་ལ་བཅིངས་པའི་བདུད། སེམས་ཀྱི་ཡུལ་དབྱུང་བ་སྟོང་པ་ཀུན་སངས་ཀྱི་མན་ངག་ལ་བརྟེན་ནས་བཅོམ་པས། ཁྱིམ་སྟོང་གི་རྐུན་པོ་ལྟ་བུའོ། །དེ་ལྟ་ལྔ་ཡང་ཕྱིར་ཡུལ་ལྔའི་འཛིན་པ་སངས་སོང་པ་ལ་དགོངས། ནང་དུ་རླུང་ལྔ་ཟད་པ་ལ་དགོངས། གསང་བ་ཡེ་ཤེས་ལྔ་མངོན་དུ་ཤར་བ་འབྲས་བུ་ལ་དགོངས་པའོ། །དེ་ཡང་བཞི་པོ་དེ་བདུད་དུ་འགྲོ་བ་ཅི་ཞེ་ན། ཕུང་པོ་ལྔས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་བར་དུ་བཅད་ནས། ལུགས་མེད་པ་ལ་སྣང་དུ་མ་གཏུབ་པས་བདུད་ཡིན་ལ། ཉོན་མོངས་པ་ལྔས་སྐུ་གསུམ་ལམ་དུ་སྣང་བ་ལ་བར་དུ་བཅད་པས། ཕྱིས་འབྲས་བུ་རེ་བ་བདུད་ཡིན། ལྷའི་བུ་འཇིག་རྟེན་གྱི་འདོད་པ་དགའ་བ་དང་། བདེ་བ་སྟེ། ཡུལ་ཞིང་དང་། མཁར་ཁང་དང་། ནོར་ཟས་དང་། བུ་དང་། ཆུང་མ་དང་། གཉེན་འདུན་ལ་ཆགས་པས་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་བཅད་ནས། ལོ་ལེས་གཡེངས་ཏེ་མ་གོས་པའི་སྟོབས་མ་རྙེད་པས་བདུད་དོ། །འཆི་བདག་ལུས་སེམས་ཀྱི་རྟེན་ཉམས་པར་བྱེད་པས། བསྒོམ་བསྒྲུབ་རྣལ་འབྱོར་གྱི་སྤྱོད་པ་ལ་བར་དུ་བཅད་པས་གོམས་པའི་སྟོབས་སམ་གེགས་མ་སྙེད་པས་བདུད་དོ། །དེ་ལྟར་བཅོམ་པ་ལ་དམིགས་པས། སྟོན་པའི་ཡོན་ཏན་བདག་གིས་ལེན་པར་བྱེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་གདུལ་བྱ་མ་འོངས་པ་རྣམས་ལ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་བཅོམ་ཞེས་བྱའོ། །ལྡན་འདས་ནི་དྲུག་དང་། སྟོན་པ་དེ་ཉིད་གཟུགས་ཕུན་སུམ་ཚོགས་པ་དང་ལྡན། དཔེ་བྱད་བརྒྱད་ཅུས་སྤྲས་པ་དང་། སྐུའི་ཞབས་ཀྱི་འཁོར་ལོ་ལ་སོགས་ཏེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པས། འཇིག་རྟེན་པ་ལས་ཁྱད་པར་དུ་གྱུར་པའི་གཟུགས་དང་ལྡན་པའོ། །དེ་ཉིད་ཀྱི་རང་དོན་ཆོས་ཉིད་མངོན་གསུམ་དུ་རྟོགས་པས་བདག་གི་དཔལ་སྟོང་པ་ཉིད་ལ་ཐུགས་ལྡན་དང་། རྣམ་པ་ཐམས་ཅད་པ་མཁྱེན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའི་ཐུགས་རྗེ་གསུམ། གདུལ་བྱའི་ཡུལ་གསུམ་ལ་ཤར་བས། ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་པས། འགྲོ་བའི་དོན་རྫོགས་པར་མཛད་པའོ། །དེ་ཉིད་གྲགས་པ་དང་ལྡན་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱུང་། ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ཡང་ཡེ་ཤེས་ཕུན་སུ་ཚོགས་པ་དང་ལྡན་ཏེ་སྟོང་པ་ཉིད་ལ་ཐུགས་འབྱོངས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁྱེན་ལ། གསལ་བ་རིས་མེད་དུ་ཐུགས་སུ་ཆུད་པས། མེ་ལོང་ལྟ་བུའི་ཡེ་ཤེས་མཁྱེན། ཐུགས་མཉམ་པར་ལས་མ་གཡོས་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་མཁྱེན་ལ། འགྲོ་བ་ཐ་དད་པའི་བསམ་པ་ཐུགས་སུ་ཆུད་པས་སོ་སོར་རྟོག་པའི་ཡེ་ཤེས་སུ་ཐུགས་སུ་ཆུད་མཁྱེན་པའོ། །འགྲོ་བའི་དོན་ལ་ནན་ཏན་དུ་མཛད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་མཁྱེན་པས་ལོངས་སྐུའི་དུས་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་ལྡན། ཆོས་སྐུའི་དུས་ན་གཞི་གནས་ཀྱི་ཡེ་ཤེས་གསུམ། སྤྲུལ་སྐུའི་དུས་ན་ཤེས་བྱའི་ཡེ་ཤེས་གཉིས་དང་ལྡན་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་ནི། འཇིག་རྟེན་དུ་བདུད་རྣམས་བཅོམ་ལ་འདས་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་མཁྱེན་ནོ། །བརྩོན་འགྲུས་ནི་གོ་ཆའི་བརྩོན་འགྲུས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ལྷུར་བླངས་པའི་བརྩོན་འགྲུས་ཀྱིས་བར་དུ་བསྐལ་པ་གྲངས་མེད་པར་ཚོགས་བསགས། དཔུང་གི་བརྩོན་འགྲུས་ཀྱིས་བདུད་ལ་སོགས་པའི་བར་ཆོད་རྣམས་བསལ་ནས་སངས་རྒྱས་སོ། །དེ་ལྟར་དྲུག་དང་ལྡན་པ་ནི། ཕྱིར་འགྲོ་བ་རིགས་དྲུག་ལ་གཟིགས་ལ། ནང་དུ་སྐྱེ་མཆེད་དྲུག་ལ་གཟིགས་ལ། གསང་བར་ཡེ་ཤེས་དྲུག་གི་མཁྱེན་པ་རྫོགས་པས་དྲུག་དང་ལྡན་པ་ཁོ་ནའོ། །དེ་ཉིད་སེམས་ཀྱི་བློའི་རྟོག་པ་ལས་འདས་པས། བྱས་པ་མེད་པའི་ཐུགས་རྗེ་རང་ཤུགས་སུ་བྱུང་བས་རིག་པ་ནི་འཇིག་རྟེན་གྱི་རིག་པའི་གནས་ལྔ་ཕྱིན་ཅི་མ་ལོག་པ་མཁྱེན་ཡང་། འགྲོ་བ་རྣམས་ཀྱི་གདུལ་བྱའི་ཞིང་དག་འདས་པའི་རིག་པ་མངོན་གསུམ་དང་། ཤེས་པའི་ཆ་གཉིས་ཀ་མཁྱེན་པས། ཆོས་ཉིད་ལ་བྱན་ཚུད། བདག་ཉིད་ནི་དེ་ལྟ་བུའི་རིག་པ་ཉིད། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལ་སོགས་པའི་དྲི་མ། འཁྲུལ་པ་དེ་མ་ཡིན་ལ་དེར་འཛིན་པ་མི་མངའ་བས། ཆོས་ཉིད་སྟོང་པ་ཀུན་ཁྱབ་པའི་རིག་པ་ཉིད་རང་སྣང་བ་ལ་ཕྱག་འཚལ་ལོ། །ཞེས་སྡུད་པ་པོས་མངོན་འབྱུང་དུ་བཙལ་བས། སྡུད་པ་པོའི་ཕྱི་ལུས་ངག་ཡིད་གསུམ་གྱི་སྡིག་པ་མ་ལུས་པ། སྟོན་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་དམིགས་པས་བྱང་། ནང་དུ་སྟོན་པའི་ཡོན་ཏན་གྱིས་ཤེས་རབ་རྣམ་པར་དག་པ་སྐྱེས་པས་རྟོགས་པའི་གདེང་རྙེད། གསང་བར་སྟོན་པའི་གསུང་བདུད་རྩི་ལྟ་བུ་ཆོས་ཉིད་མངོན་གསུམ་གྱི་གནད་ཀྱིས། རིག་པ་ཉིད་མངོན་གསུམ་དུ་མཐོང་བས། ཁམས་གསུམ་དུ་མི་ལྡོག་པ་འདིས་ཐོས་པའོ། །མ་འོངས་པའི་དུས་ཀྱི་གདུལ་བྱ་འདི་ཉིད་ལ་མོས་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྱུར་རོ། །རྟོགས་པའི་བདག་ཉིད་ཀྱི་བཙལ་བ་ནི། སྔོན་འབྱུང་དུ་སྡུད་པ་པོས། སྟོན་པའི་བྱིན་རླབས་ཀྱིས་དེ་ལྟར་རྟོགས་པས་ཆོས་ཉིད་མངོན་སུམ་གྱི་གནད་ཀྱིས་མ་རིག་པ་ལ་སོགས་པ་བཅོམ། རིག་པ་ལུ་གུ་རྒྱུད་མངོན་སུམ་དུ་ལྡན། འཁྲུལ་བ་ས་ཆུ་མེ་རླུང་གི་སྣང་བ་ལས་འདས། ཆོས་ཐམས་ཅད་རང་གི་རིག་པའི་ངོ་བོ་ལས་མ་འདས་པར་ངོ་ཤེས། དེ་ལྟ་བུའི་རིག་པ་ཉིད་སངས་རྒྱས་ཀྱི་བདག་ཉིད་ཡིན་པར་ཡིད་ཆེས། དོན་དེ་ཉིད་ལ་སྔ་མ་ནས་འཁྲུལ་མ་མྱོང་བར་ཐད་ཆོད། དེ་ལྟ་བུའི་སྡུད་པ་པོ་ལ་འདོད་པ་གང་ཡང་མི་མངའ་བ་ཉིད་ཡིན་པས། རང་རིག་པ་འདུས་མ་བྱས་པ་ཉིད་ལ་ཕྱག་འཚལ་ལོ་ཞེས་ཕྱག་བཙལ་བ་བསྟན་ནས། ད་ནི་བསྡུས་དོན་གཉིས་པ་རྒྱུད་འབྱུང་བར་བྱ་བའི་ཕྱིར། ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཏེ། སྟོན་པ་རང་གི་འཁོར་འདུས་པའི་ཡན་ལག་ཏུ་གཞི་སྣང་གི་རིག་པ་མངོན་སུམ་དུ་བསྟན་པ་དང་། སྡུད་པོ་རང་གི་འཁོར་གྱིས་རྟོགས་པར་བྱ་བའི་ཕྱིར་ཐུན་མོང་གི་གླེང་གཞི་བརྗོད་བྱ་རང་གི་ངོ་བོ་དང་བཅས་ཏེ་བསྟན་པའོ། །སྟོན་པས་འཁོར་འདུ་བའི་ཡན་ལག་གཞི་སྣང་གི་རིག་པ་མངོན་སུམ་དུ་བསྟན་པ་ལ་ནང་དོན་གཉིས་ལས། དང་པོ་གཞུང་མཚན་གྱིས་མཚམས་སྦྱར་བས་ཆོས་ཉིད་ཀྱི་དོན་དགོངས་པའི་གནད་བསྟན་པ་ནི། དེ་ཡང་གང་ཟག་དད་པ་དང་ལྡན་པས། འཇིག་རྟེན་འདི་ལས་བློ་ལོག་པ། འདས་པའི་ཆོས་ཉིད་དང་དུ་ལེན་པ་གཅིག་གིས་དད་པ་རབ་དང་ལྡན་ཞིང་། གཏོང་བར་ནུས་པ། བླ་མ་སངས་རྒྱས་ཀྱི་འདུ་ཤེས་སུ་མཐོང་བ་གལ་ཆེའོ། །དེ་ལྟ་བུའི་གང་ཟག་ནི། འདིའི་ལེའུ་བརྒྱད་པ་ནས། གང་ཟག་བློའི་རིམ་པ་ཡིས། ཅེས་པས་སོ། །དེ་ལྟ་བུའི་འདོད་པ་དང་ལྡན་པའི་སློབ་མ་ལ། དད་པ་དང་ཤེས་རབ་ཡོད་ཀྱང་། བླ་མ་ཚད་མེད་དང་ལྡན་པ། གསང་བའི་རྒྱུད་ལ་མཁས་པ། ཐོས་པ་ཆེ་ཞིང་ཁོང་ཡངས་པ། མཛད་སྤྱོད་མི་དང་འདྲ་བ་ལ། དགོངས་པ་སངས་རྒྱས་དང་མཉམ་པ་དགོངས་ཏེ། དེ་ལྟར་ཀྱང་འདིའི་ལེའུ་གསུམ་པ་ནས། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ཞེས་པས་སོ། །དེ་ལྟ་བུའི་བླ་ལ་ལོ་གསུམ་གྱི་སྔོན་དུ་དབང་བསྐུར་བར་ཞུ་ཞེས་ཞུ་བ་ཕུལ་ལ། བླ་མས་ཀྱང་དེའི་དུས་སུ། ཕྱི་སྤྲོས་བཅས་ཀྱི་དབང་བསྐུར་རྒྱུ་དང་བཅས་པ་དང་། ནང་སྤྲོས་མེད་ཀྱི་དབང་བསྐུར་རྒྱུ་ཡོད་པ་དང་མེད་པ་ཕྱེད་མ་དང་། གསང་བ་ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡས་བསྟན་པ་དང་། ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་པ་མེད་པར་ལུས་གནད་དང་འདུག་སྟངས་ལ་རྟེན་ནས་བསྐུར་རྒྱུ་མེད་པ་རྣམས། བླ་མས་ཅི་རིགས་པར་བསྐུར་བ་ནི། འདིར་བསྐུར་རྒྱུ་མེད་པ། སེམས་ལ་རང་དབང་དུ་བསྐུར་བ་ནི། འདིའི་ལེའུ་བཞི་པ་ནས་སྟོང་གསུམ་ཐམས་ཅད་དལ་ལ་ཞེས་པ་ལ་སོགས་པས་སོ། །དེ་ལྟར་སྐལ་ལྡན་གྱིས་གཞི་མ་སྨིན་པ་དབང་བསྐུར་ནས་སྨིན་པར་བྱས་ནས། དབང་བརྟན་པའི་དོན་དུ་དམ་ཚིག་བསྟན་པ་ནི། ཡང་དེ་ཉིད་ལས་བསྲུང་རྒྱུད་མེད་པའི་དམ་ཚིག་འདའ་བར་འདོད་པ་དམ་ཚིག་ལ་ཞེན་པས་སོ། །དེ་ལྟར་དམ་ཚིག་དང་ལྡན་པ་དེ་ལ་སྨིན་པ་གྲོལ་བར་བྱེད་པ་བླ་མའི་གདམས་ངག་ནི། སྔོན་དུ་འགྲོ་བ་དང་། དངོས་གཞི་གཉིས་སོ། །དེ་ལ་སྔོན་དུ་འགྲོ་བ་ལ་གཉིས་ཏེ། འཁོར་འདས་རུ་ཤན་འབྱེད་པས་ལུས་ངག་ཡིད་ཀྱི་སྤྱོད་པ་བྱས་པས། འཁོར་བ་རུ་ཤན་ཕྱེད་ནས་བློ་ལྡོག་པའི་གནས་བསྟན་པ་དང་། ལུས་ངག་ཡིད་སོར་འཇུག་པ་རྣལ་དུ་འབེབ་པའི་ཆོ་གས། འགྲོ་བའི་དོན་རྫོགས་པའི་གནད་དང་། གཉིས་པ་འཁོར་འདུས་རུ་ཤན་འབྱེད་པའི་སྤྱོད་པ་ནི། འདིའི་ལེའུ་དྲུག་པ་ནས། སྡིག་པ་ལས་དང་རྣམ་སྨིན། འཇིག་རྟེན་སྣོད་དང་བཅུད་ཀྱང་དང་། ཅེས་པ་ལ་སོགས་པས་བསྟན་ཏོ། །རྣལ་འབེབས་པའི་གནད་ནི། འདིའི་ལེའུ་བཞི་པ་ནས། ཡན་ལག་མ་བསྐྱོད་ཡེ་ཕྱིན་པས་ཅེས་པའི་ཚིག་དྲུག་གིས་བསྟན་ཏོ། །དེ་ལྟར་སྒོན་འགྲོ་རྫོགས་ནས། ད་ནི་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྣལ་འབྱོར་པའི་རྒྱུད་ལ་རྟེན་པ་ལས། དང་པོ་ལུས་ངག་གི་གནད་གཟིར་བས་ཡེ་ཤེས་དངོས་སུ་སྣང་བར་བྱ་བའི་གནད་དང་། དེ་ལྟར་གནད་གཟིར་ནས། སྣོད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། དེ་ལྟར་མངོན་སུམ་ལ་མ་གོས་པར་བྱས་པས་སྣང་བ་བཞི་ཇི་ལྟར་འཆར་བ་དང་། གོང་མའི་གདམས་ངག་པ་ལ་ཡིད་ཆེས་པར་བྱ་བའི་ཕྱིར། མཐའ་རྟེན་གྱི་མན་ངག་དང་བཞིའོ། །ལུས་ངག་ཡིད་ཀྱི་གནད་ནི་སྔོན་དུ་རིག་པའི་ཡེ་ཤེས་གནས་པས། རིག་པའི་ཡེ་ཤེས་མངོན་དུ་སྣང་པར་བྱ་བའི་ཕྱིར་ན། ལུས་ཀྱི་གནད་དུ་བཞུགས་སྟངས་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱ་སྟེ། དཔེར་ན་སྦྲུལ་གྱི་རྐང་ལག་གཅུས་པས་མངོན་པ་དང་འདྲའོ། །དེ་ལྟར་ཀྱང་འདིའི་ལེའུ་བརྒྱད་པ་ནས། །ལུས་ཀྱི་གནད་ནི་རྣམ་པ་གསུམ། ཞེས་པ་ལ་སོགས་པས་བསྟན། དེ་ནས་བརྗོད་དུ་མེད་པའི་དོན་རྒྱུད་ལ་རྟེན་པར་བྱ་བའི་ཕྱིར་ངག་གི་གནད་གཟིར་ནས་ཆོས་ཉིད་བརྗོད་དུ་མེད་པ་ལ་གནས་པར་བྱ་བ་ཡང་། འདིའི་ལེའུ་བདུན་པ་ནས། བརྗོད་ཅིང་སྨྲ་བསམ་ཡུལ་མེད་པས། ཅེས་པས་སོ། །ཡིད་ཀྱི་གནད་དུ་གཏད་སའི་འབེན་དང་མི་འབྲལ་བར་བསྟན་པ་ནི། འདིའི་ལེའུ་གསུམ་པ་ནས། ཡིད་ཆེས་གསུམ་གྱིས་རབ་ཏུ་བསྟན། ཞེས་པས་སོ། །དེ་ནས་གཉིས་པ་དེ་ལྟར་གནད་གཟིར་ནས། གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་གསུམ་རང་ཐོག་ཏུ་དབབ་པ་ནི། དེ་ཡང་འཆར་སྒོའི་གནད་ལ་བརྟེན་ནས་སྒྲོན་མ་ཡུལ་གྱི་སྣང་བ་བསྟན་པ་ནི། །ཡང་འདིའི་ལེའུ་བརྒྱད་པ་ནས། སྒོ་ནི་དེ་ཉིད་མ་འགུལ་དང་། ཞེས་པས་སོ། །དེ་ལྟར་ཤར་བ་དེ་ཡུལ་གང་ལ་གཏད་པས་མ་གོས་པ་ནི། ཡང་དེ་ཉིད་ལས། ནམ་མཁའ་ཉིད་ཀྱང་འགུལ་བ་མིན། །ཞེས་པས་སོ། །དེ་ལྟར་ནམ་མཁའ་ལ་སྣང་བའི་རིག་པ་དེ་ཇི་ལྟ་བུར་སྣང་ན། འདིའི་ལེའུ་དྲུག་པ་ལས། དཔེར་ན་གསེར་གྱི་ལུ་གུ་རྒྱུད། ཅེས་པ་དང་། འབྲེལ་ཆགས་སོ་ཞེས་པས་བསྟན་ཏོ། །དེ་ལྟར་ཉམས་སུ་བླངས་པ་ལ་སྣང་བ་བཞི་ལས། ཆོས་ཉིད་མངོན་གསུམ་སྣང་བ་ནི། འདིའི་ལེའུ་བརྒྱད་པ་ནས། དེ་ཡང་ཟབ་མོའི་དོན་དུ་འདུ་ཤེས་ཞེས་པས་སོ། །དེ་ནས་ཉམས་གོང་འཕེལ་གྱི་སྣང་བས་ཆོས་ཉིད་མ་བུ་འབྲེལ་བ་ནི། འདིའི་ལེའུ་དྲུག་པ་ནས། །ལུ་གུ་རྒྱུད་ནི་གྲངས་མང་བས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཅེས་པས་སོ། །དེ་ལྟར་གོམས་པས་རིག་པ་ཉིད་ཚད་འཕེལ་གྱི་སྣང་བ་ནི། འདིའི་ལེའུ་བརྒྱད་པ་ནས། །ཚད་ནི་གདེངས་བཞིའི་རྣལ་འབྱོར། །ཞེས་པས་སོ། །དེ་ལས་ལྟོས་པའི་ཉམས་སྟོང་པས་ཆོས་ཉིད་ཟད་པའི་སྣང་བ་ནི། འདིའི་ལེའུ་དྲུག་པ་ནས། །སྒྲ་དང་དྲི་རོ་མྱ་ངན་འདས། ཞེས་པས་སོ། །མཐའ་རྟེན་གྱི་མན་ངག་ནི། ཡང་བརྒྱད་པ་ནས། །སྒོ་ནི་དེ་ཉིད་མ་འགུལ་དང་། ཞེས་པ་དང་། སྣང་བ་ཐམས་ཅད་སྡོད་པའོ། །ཞེས་པ་དང་། ལེའུ་བཞི་པ་ནས། གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་པ་ཉིད། ཅེས་པས་སོ། །དེ་ཡང་འཇུག་པ་སྒྲའི་ཡི་གེ་ལ་བརྟེན་ནས་ཆོས་ཉིད་ཀྱི་དོན་མཚོན་པ་ནི། ལོག་པས་འཁོར་བ་ལས་ལོག་པའི་ཤེས་རབ་ཀྱིས་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པས། མངོན་གསུམ་མཐོང་ཙམ་ལ་བརྟེན་ནས་གྲོལ། ཤེས་བྱ་གནས་ལུགས་སུ་གནས་པས་མངོན་གསུམ་རང་ཐོག་ན་གསལ། སྔར་གྱི་བདེན་ཐོག་ཏུ་གཤེགས་པས་སླར་མི་ལྡོག་པའོ། །དེ་ཡང་དངོས་པོའི་གཤིས་ཡིན་པས་ཆོས་ཉིད་མཐོང་། རྟོག་པ་ཐ་དད་པ་བཤིག་པས་རིག་པ་རང་ངོ་ན་གནས། ཆོས་ཉིད་ཤིན་ཏུ་རྣམ་པར་དག་པས། དྲི་མ་ལས་འདས་པའོ། །རྟོགས་པའི་ཤུགས་ཀྱིས་འཁོར་བའི་མཐའ་ཆོད། གོང་མའི་ཤུལ་དུ་གཤེགས་པས་མངོན་གསུམ་ལ་ཡིད་དཔྱོད་ཀྱི་ཚིག་མེད་པའོ། །དེ་ལྟ་བུའི་ཆོས་ཉིད་མངོན་གསུམ་དུས་ཐམས་ཅད་དུ་རྟག་པར་བཞུགས་པས་ལྷ་ཞེས་བྱའོ། །ད་ནི་ནང་དོན་གཉིས་པ་སྟོན་པས་རང་གིས་འཁོར་འདུ་བའི་ཡན་ལག་ཏུ་གཞི་སྣང་གི་རིག་པ་མངོན་གསུམ་དུ་བསྟན་པ་དངོས་ནི། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ཞེས་བྱ་བ་ནི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་། གཉུག་མ་གཉིས་སུ་མེད་པའི་རང་བཞིན་ལས་བཞེངས་ནས། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་ཐུགས་ཀྱི་དལ་ལས་སྤྲོས་ཏེ་ཞལ་འཛུམ་པར་མཛད་པས། སངས་རྒྱས་ཐམས་ཅད་མངོན་པར་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་སུ་ཞལ་གྱི་སྒོ་ནས་འོད་ཟེར་དཀར་དམར་དཔག་ཏུ་མེད་པ་འཕྲོས་པ་ལས། ཆོས་ཀྱི་སྒོ་མོ་བརྒྱ་སྟོང་བྱེ་བ་ཕྲག་ཁྲིག་དཔག་ཏུ་མེད་པ་རྣམས་འཕྲོས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་རབ་ཏུ་སྣང་བར་བྱས་སོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཔལ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། སྙིང་པོ་ཁྱད་པར་གྱི་སྟོན་པ་བཞེངས་ཏེ། གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་པའི་ཞིང་ཁམས་འདིར། གནས་ཕུན་སུམ་ཚོགས་པ་མ་རིག་པ་ལ་སོགས་པའི་འཁྲུལ་པས་བདག་ཏུ་རྟོག་པ་དང་བཅས་པར་མ་བསྒོམ་པའི། གནས་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ཡུལ་ཆོས་ཀྱི་དབྱིངས་དང་། རྣམ་དག་སྟུག་པོ་བཀོད་པ་དང་། འོག་མིན་གྱི་གནས་ལ་སོགས་པ་སོ་སོར་ཤར་རོ། །གནས་དེ་ལྟ་བུར་འདིར་སྟོན་པ་ཕུན་སུམ་ཚོགས་པ། ཕྱི་ཡུལ་ལས་འཁྲུལ་པ་དེ་མ་ཡིན་ལ་དེར་འཛིན་པ་དང་། ནང་སེམས་ལས་འཁྲུལ་པ་ཡིད་དཔྱོད་སྙམ་བྱེད་དང་། ཡུལ་སེམས་ཐ་དད་པས་འཁྲུལ་པ་ཆོས་དང་གང་ཟག་གི་རྟོག་པ་དུ་མ་དང་གཞི་གནས་ལུགས་ལས་འཁྲུལ་པ་མ་འཁྲུལ་བར་གཏན་ལ་འབེབས་པར་བྱེད་པ་རྣམས་མེད་པའི་རྡོ་རྗེ་འཆང་། ཕྱི་ནང་གི་ཆོས་ཐམས་ཅད་བདག་ཏུ་མེད་པར་རིག་པ་དང་གཉིས་སུ་མེད་པ་དང་། བདག་ཏུ་མེད་པ་དང་། སྤྲོས་པ་མེད་པ་ལས། དེ་འདིའི་དུས་འཁོར་ཕུན་སུམ་ཚོགས་པ། དེའི་ཚེ་རགས་པ་ས་རྡོ་རི་བྲག་གི་སྣང་བ་དང་། ཕྲ་བ་རྡུལ་འཕྲ་རབ་ཆ་དང་། ཆ་མེད་པ་རྣམས་དང་། འཕྲ་རགས་གཉིས་སུ་མེད་པ། སེམས་དང་སེམས་ཀྱི་རྟོག་པས་བསྡུས་པ་རྣམས་སོ། །དེ་ལས་བྱུང་ཚོར་གྱི་རྟོག་པ་ཡིད་ཀྱི་འདུ་བྱེད་ཀྱི་རྒྱལ་པོ་རྒྱུ་བདག་ཉིད་གཅིག་གི་མ་རིག་པས། སྙམ་བྱེད་ཡུལ་ལ་བདག་ཏུ་རྟོག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་ཟླ་སྡུད་པར་བྱེད་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ། ཡུལ་དུ་མ་ལ་འཇུག་པས་སྣང་བའི་རིགས་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་རྣམས་སུ་འབྱེད་པའི་རིག་པ་ངོ་བོ་ལས་མ་གཡོས་ཀྱང་། ཕྱི་ཡུལ་ལ་སྣང་བའི་རྟོག་པ་བདག་འཛིན་དུ་མ་ལྟར་བྱུང་བ་རྣམས་དང་། དེ་ལས་ཁྱད་པར་བདག་དང་བཅས་པ་ལས་ལྷུན་གྲུབ་རིན་པོ་ཆེའི་ལུས་སྣ་ཚོགས་སུ་འཁྲུལ་པའི་བདག་ཉིད་གཅིག་པའི་མ་རིག་པ་ལས་སེམས་ཅན་གྱི་སེམས་སྣ་ཚོགས་སུ་སྣང་བ་ཞེས་བྱ་བའི་འཁོར་ཡོད་དེ། ལྷུན་གྲུབ་རིན་པོ་ཆེའི་སྐྱོན་ཡོན་ཏན་དུ་མཐོང་པ་དེ་དག་ལས། འདི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རིགས་དང་། དབང་པོ་དང་། ཡུལ་དུ་སྣང་བའི་ལས་དང་ཉོན་མོངས་པའི་ཆོ་འཕྲུལ། འབྱུང་བ་རླུང་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། སེམས་དང་། ལུས་ལ་བརྟེན་ནས་ནང་བཅུད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཆེར་བྱུང་སྟེ། དེ་དག་རྣམས་ལ་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་དང་ལྡན་པའི་སྐད་ཀྱིས་བོས་ནས། ཀྱེ་མ་འདི་ལྟར་རང་ཤེས་རིག་གི་རྒྱལ་པོ་རང་སྣང་བའི་འཁོར། བརྟགས་པ་འཁྲུལ་པའི་བདག་ཉིད་ཆེན་པོ་ཤར་པ་རྣམས་ཉོན་ཅིག་ཞེས་བོས། དེའི་ཚེ་སྟོན་པ་ཕུན་སུམ་ཚོགས་པ། དེ་ལྟར་འཁྲུལ་པའི་སྣང་བ་དེ་དག་ཆོས་ཉིད་ཀ་ནས་དག་པ། དག་པ་ཡེ་ཤེས་ཀྱི་སྣང་བ། སངས་རྒྱས་ཀྱི་ཞིང་ཁམས་སུ་རིག་པ་ཉིད་གཞི་ལ་བཟློག་པའི་ཐབས་ཐུན་མོང་མ་ཡིན་པ་བླ་མའི་གདམས་ངག་ལ་བརྟེན་ནས། མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་རྡོ་རྗེ་འཆང་བདག་ཉིད་ཅེས། འཁྲུལ་པ་ཡུལ་ཐ་དད་དུ་ཤར་བའི་ངོས་ནས་ངས་བསྟན་གྱིས། ཞེས་པ་འདི་ཉིད་ཀྱི་དལ་དུ་ཞུགས་པ་རྣམས། ཁམས་གསུམ་དུ་མི་ལྡོག་པའི་ཐབས་གསང་བའི་རྒྱུད་ཀྱི་རྒྱལ་པོ་འདི་བསྟན་གྱིས་གདུལ་བྱ་མ་འོངས་པའི་དུས་ན་ཡང་། ལེགས་པའི་ཚུལ་དང་། ལུས་གུས་པ་དང་། ངག་དང་། སེམས་གདུང་བ་དང་གསུམ་གྱིས་ཉོན་ཅིག །ཅེས་གདམས་པས། དེའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་དེ་ཉིད་དུ་འདུས་པའི་འཁོར་རྣམས་ཁམས་གསུམ་ལས་གྲོལ་བའི་སྙིང་པོ་ཅན་ཞེས་བྱ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ཡང་དུས་ཕུན་སུམ་ཚོགས་པ་ཇི་ཙམ་ན་ཞེ་ན། དུས་ནི་གཅིག་ལས། ཐམས་ཅད་དུ་འབྱུང་པ་མ་ཡིན་ཏེ། ཆོས་ཐམས་ཅད་བདག་ཏུ་མེད་པ་རྟོགས་པའི་དུས་འཁྲུལ་པ་དང་། མ་འཁྲུལ་པར་འཛིན་པ་མེད་པའི་སྔོན་རོལ་ཀ་དག་གཞི་རིག་པ་ལས་འདི་ལྟར་ལུས་མེད་པའི་རིག་པ་གང་དུ་ཡང་མ་ཕྱེ་བའི་དུས། དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པའོ། །ཞེས་བསྡུས་དོན་དང་པོ། སྟོན་པས་རང་གི་འཁོར་འདུ་བའི་ཡན་ལག་ཏུ་གཞི་སྣང་གི་རིག་པ་མངོན་གསུམ་དུ་བསྟན་པ་བསྟན་ནས། ད་ནི་གཉིས་པ་སྡུད་པ་པོས་རང་གི་འཁོར་གྱིས་རྟོགས་པར་བྱ་བའི་ཕྱིར། ཐུན་མོང་གི་གླེང་གཞི་བརྗོད་བྱ་རང་གི་ངོ་བོ་དང་བཅས་ཏེ་བསྟན་པ་ལ། ནང་དོན་བརྒྱད་ཀྱིས་བསྟན་པའི་དང་པོ་ཐུན་མོང་གི་གླེང་གཞི་དངོས་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། ཐུན་མོང་མ་ཡིན་པའི་གླེང་གཞི་སྟོན་པས་གསུངས་པས། དེ་ནས་སྡུད་པ་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཡིས་རིག་པ་མངོན་སུམ་གྱི་དོན་ཁོང་དུ་ཆུད་ནས། རང་གི་ཆོས་སྐྱེ་བ་མེད་པའི་དོན་རྟོགས། འགགས་པ་མེད་པའི་དོན་གོ །གཞན་དོན་དུ་སེམས་ཅན་གདུལ་བྱའི་བསམ་པ་དང་མཐུན་པ་ཇི་ལྟར་གསུངས་པའི་དོན་གོ །སྡུད་པ་པོས་ཁོང་དུ་ཆུད་ནས་ཁོ་རང་གི་འཁོར་གྱི་ནང་དུ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སྨྲས་སོ། །དེ་སྐད་སྨྲས་པས། སྡུད་པ་པོ་རང་གི་འཁོར་ལ་རྟོག་པ་ཐ་དད་པར་སྐྱེས་ཏེ། ལ་ལ་ནི་འདི་ཞེས་གང་ཡིན་སྙམ་པ་དང་། ལ་ལ་ནི་སྐད་ཇི་ལྟ་བུ་ཞེས་པ་དང་། ལ་ལ་ནི་བདག་ཅེས་པ་སུ་ཡིན་སྙམ་པ་དང་། ལ་ལ་ནི་ཐོས་པས་ནི་གང་སུ་ཞིག་ལ་ཐོས་སྙམ་པ་དང་། དུས་ནི་ཇི་ཙམ་ན་ཐོས་སྙམ་པ་དང་། གྲངས་ནི་གཅིག་མ་ཡིན་པ་གཞན་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའི་རྟོག་པ་ཐ་དད་པ་སྐྱེས་པ་ལས། སྡུད་པ་པོས་འཁོར་གྱི་རྟོག་པ་རྣམས་ཐུགས་སུ་ཤར་ནས་འདི་ཞེས་བྱ་བ་ནི། གནས་ཕུན་སུམ་ཚོགས་པ་ནི། དངོས་པོ་གཤིས་ཀྱི་གནས་ཆ་ཡིས་མ་བ སྒོས་པ་དང་། ཐུགས་ཙི་ཏ་གཉིས་ཡིན་ཞེས་པས། རྟོག་པ་ཆོད་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་དཔལ་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། འཁོར་ཕུན་སུམ་ཚོགས་པ་ནི། ངོ་བོའི་འཁོར་རིག་པ་རྡོ་རྗེ་རྣོན་པོ་ལ་སོགས་པ་དང་། ནང་སྣང་བའི་འཁོར་དཀར་བ་ལ་སོགས་པ་དང་། ཕྱི་ཡུལ་གྱི་འཁོར་དེ་བཞིན་གཤེགས་པའི་རིགས་པ་ལ་སོགས་པ་དང་། དེའི་སྣང་བའི་འཁོར་ཡུལ་ལ་སོགས་པ་དང་། ཁྱད་པར་ཆོས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་། འཇིག་རྟེན་གཟུགས་སྣང་གི་ལྷ་དང་ཞེས་པ་ལགས་པ་ནི། གི་ཞེས་འབྲེལ་པ་མཚོན་པའི་ཚིག་ཏུ་བྱུང་བའི། །དེ་ལྟར་གཙོ་འཁོར་ལྡན་པ་ལ་བསྟན་པ་ནི། སྟོན་པ་ཉིད་ཀྱི་ལྷ་ཚངས་པའི་སྐད་ཀྱིས་འཁོར་རྣམས་ལ་ཉེ་རིང་མེད་པར་གསལ་ཞིང་ཡངས་པར་གསུངས་སོ། །ཞེས་པ་དང་། དེ་ཡང་གསང་སྔགས་ཀྱི་བསྟན་པ་ཐབས། གཅོལ་བས་ནི་ཐབས་ཞེས་པ་དང་། དེ་ལྟར་གནས་དང་། སྟོན་པ་དང་། འཁོར་དང་། བསྟན་པ་བཞི་དུས་འཛོམ་པས་དུས་ཞེས་པའོ། །དེ་ཁྱད་པར་དུ་བསྟན་པ་གསང་པའི་རྒྱུད་འདི་གཅིག་པུ་ལ་འཚོགས་ཤིང་འདུས་པས་གཅིག་ན་ཞེས་པས། གཞན་གཉིས་ལ་སོགས་པའི་སྒྲོ་འདོགས་ཆོད་པའོ། །དེ་ཡང་སྡུད་པ་པོ་རྟོགས་པ་ཆེ་བས་དུས་གཅིག་ཏུ་གསང་པའི་རྒྱུད་གཞན་ཀྱང་ཐོས་ལ། དེ་ཡང་ཐོས་ལུགས་རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པས་སྒྲོ་སྐུར་དང་བྲལ་བར་ཐོས་པའོ། །དེ་ཡང་ཐོས་པ་རྒྱ་ཆེ་བས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་ཐོས། ཞེས་པའོ། །དེ་ཡང་ཆ་ཡིས་ཞེས་པ་ནི། མ་འཁྲུལ་པའི་རིག་པ་ཉིད་ཀ་དག་ཏུ་གནས་པས་གནས་ཞེས་ཡིན་ལ། དེ་ཉིད་གང་སུས་ཀྱང་མ་བསྒོམ་པས་ཕུན་སུམ་ཚོགས་པ་ཡིན་ལ། སྣང་བ་སོ་སོར་རང་དག་པའི་གཞལ་ཞེས་ཚད་མེད། དེ་ཡང་རྟོག་པ་ཐ་དད་པའི་འདི་ཉིད་མཐོང་ནས་སེམས་མཐའ་ཡས་སུ་ཁྱེར་ན། ལུས་ཀྱི་འབུང་བ་དང་། ཁང་ཞེས་པ་ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་སྟེང་འོག་ཕྱོགས་མཚམས་སོ་སོ་ན་གསལ་བ། རང་བཞིན་རྣམ་པར་དག་པས་ན་དམ་པ་ཞེས་བྱའོ། །དེ་ནས་དངོས་པོ་གཤིས་ཀྱི་གནས་ལུགས། ཤེས་བྱ་རང་གི་མཚན་ཉིད། སངས་རྒྱས་དང་སེམས་ཅན་གང་གིས་ཀྱང་བཅས་བཅོས་མེད་པའོ། །དེ་ཡང་སངས་རྒྱས་ཀྱི་མཁྱེན་པ་ཡེ་ཤེས་དང་སྦྱར་ན་ཐུགས། གདུལ་བྱ་གང་ཟག་གི་རྒྱུད་དང་སྦྱར་ན་འགྲོ་བ་སོ་སོ་རང་རང་གི་རྩི་ཏོག་དཀྱོལ། རྩ་ཐམས་ཅད་འདུས་པ་རྩ་རྣམས་ཀྱི་ནང་ན་གནས། རླུང་དང་། ཁྲག་དང་། ཆུ་སེར་དང་། འོད་དང་། ཐིག་ལེ་རྒྱུ་བས་ན་འཁོར་ཞེས་བྱ་ལ། ན་ནི་འགྲོ་བའི་ལུས་ལ་སྨོས་པའོ། །གཉིས་པ་དཀོན་མཆོག་གསུམ་གྱི་དོན་མདོར་བསྟན་པ་རང་གི་ངོ་བོའི་འཁོར་བསྟན་པ་ན། དེའི་ནང་ན་རིག་པ་ནི་ཤེས་རིག་གིས་ཁྱབ་པ། རྡོ་རྗེ་ནི་མི་འགྱུར་བ། རྣོན་པོ་ནི་སྣང་བ་གཅོད་པའི་ཤེས་པ། སྐུ་ནི་སྣང་ཞིང་རང་གཞན་མེད་པའོ། །ཡང་རིག་པ་ནི་རང་གི་ངོ་བོ། རྡོ་རྗེ་ནི་འདུས་མ་བྱས་པ། ལུ་གུ་རྒྱུད་ནི་འབྲེལ་པ་ཆགས་ཤིང་རྒྱུན་དུ་གནས་པས། རིག་པ་མཁྱེན་པའི་ཆ། རང་སྣང་ནི་རང་གཞན་གྱི་སྣང་བ་ཡིད་ཀྱི་རྟོག་པ་མ་ཞུགས་པ། གི་སྐུ་དང་ཞེས་པ་ནི་འབྲེལ་ཞིང་དག་པའི་ཆོས། རིག་པ་ནི་བསྒོམ་པ་ཡུལ་གྱི་གནད། ཅོག་བཞག་གི་ནི་རླུང་བདག་རང་སར་དེངས་པས་འགྱུ་བ་རྒྱུན་ཆད་པའོ། སྐུ་ནི་སྤྲོས་པ་དང་བྲལ་པ། རིག་པ་ནི་ཡུལ་ཀུན་ལ་སྣང་བ། ཐེག་པ་མེད་པའི་ཞེས་པ་ནི། ཡུལ་ཤེས་གཉིས་མེད་དུ་གཅོད་པ། སྐུ་དང་ནི་རང་བཞིན་རྣམ་དག་གི་གཟུགས་སུ་གསལ་བའོ། །རིག་པ་ནི་གཅེར་གྲོལ་དུ་བྱུང་པ། ཅིར་སྣང་གི་ནི་སྣང་བ་ཉིད་སྣང་ཐོག་ཏུ་གྲོལ་བའི་གནད་དོ། །སྐུ་དང་ནི་རང་བཞིན་བསྟན་པ། རིག་པ་དྲུག་པོ་དེ་དག་ཐད་ཀྱང་རིག་པ་ཀ་ནས་དག་པ་ལ་འཁྲུལ་པ་ཡོད་མ་མྱོང་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ། དབྱེར་མེད་པ་ལས་མ་གཡོས་ཏེ། དེ་ཡང་ངོ་བོ་ཀ་དག་པའི་ཡེ་ཤེས་ལྷུན་གྲུབ་གྱི་ཡོན་ཏན་རྫོགས་ཚུལ་དུ་བྱུང་བས་གཞི་ལས་བྱུང་བའི་འཁོར་ཞེས་བྱ་ལ། བསམ་གྱིས་མི་ཁྱབ་པ་ནི་བརྗོད་དུ་མེད་པའི་དོན་ནོ། །ཞེས་ནང་དོན་གཉིས་པ་དཀོན་མཆོག་གསུམ་གྱི་དོན་མདོར་བསྟན་པ་རང་གི་ངོ་བོའི་འཁོར་བསྟན་ནས། ད་ནི་ནང་དོན་གསུམ་པ་དེའི་རང་བཞིན་གྱི་འཁོར་བསྟན་པ་ནི། དཀར་བ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་དཀར་བ་དང་ནི་རིག་པ་དྲི་མ་གང་ཡང་མེད་པའོ། །དམར་བ་དང་ནི་རིག་པ་ལ་མ་བརྩལ་རྫོགས་པའི་ཡེ་ཤེས་ལྔ་ལྷུག་པར་འཆར་བའོ། །སེར་བ་དང་ནི་རིག་པ་ལ་ཡོན་ཏན་རྫོགས་པའོ། །ལྗང་ཁུ་ནི་རིག་པ་ཉིད་ལ་ཕྲིན་ལས་ཐོགས་པ་མེད་པར་འབྱུང་བ་ཉིད་དོ། །མཐིང་ཀ་ནི་རིག་ཉིད་མི་འགྱུར་པ་ལ་སོགས་ཏེ་ནི་ཁ་དོག་ཉེར་ལྔ་ལ་སོགས་པ་རིག་པའི་སྣང་བར་བྱུང་པའོ། །ནང་ནི་རང་རིག །སྣང་གི་ནི་འོད་ལྔ། འདི་དག་ཀྱང་རིག་པ་ལས་བྱུང་པས་འཁོར་དུ་འགྲོ་བས་ན། སེམས་ཅན་གྱི་བསམ་པས་བཅམ་ན་མི་ཁྱབ་པ་དང་ཐབས་གཅིག་ཏུ་བ ཞུགས་སོ། །ཞེས་པ་དེའི་རང་བཞིན་གྱི་འཁོར་བསྟན་ནས། ད་ནི་དོན་བཞི་པས་ཕྱི་ཡུལ་གྱི་འཁོར་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་གཞུང་གིས་ཤེས་སོ། །འདི་དག་ནི་ཉིད་ལས་མ་ཞན་པའི་འཁོར་ཞེས་བྱའོ། །ཕྱི་ཡུལ་གྱི་འཁོར་བསྟན་ནས། ད་ནི་ནང་དོན་ལྔ་པ་འཛིན་བྱེད་འཁྲུལ་པའི་འཁོར་བསྟན་པ་ནི། རང་གི་རིག་པའི་ངོ་བོ་ལས་འཇིག་རྟེན་པ་ལྟར་བྱུང་པ་མདོར་བསྟན་པ་སྟེ་འོག་ནས་རྒྱས་པར་སྟོན་ནོ། །དེ་ཡང་མ་རིག་གསུམ་པོ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་ལགས་པ་གསུམ་ལས་བྱུང་ངོ་། །མ་དག་པའི་སེམས་སེམས་པ་སྣ་ཚོགས་སུ་འགྱུ་བ་ནི། རིག་པའི་རྒྱན་ལས་བྱུང། ཡིད་དྲུག་ནི་རིགས་དྲུག་ལས་བྱུང་། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་ལས་བྱུང་། ཕྱི་ཡུལ་ལ་འཛིན་པ་རྣམས་ནི། རིག་པའི་སྣང་བ་ལས་བྱུང་། ནང་སེམས་སུ་རྟོག་པ་རྣམས་ནི་བསམ་གཏན་ལས་བྱུང་། མི་དགེ་བ་བཅུ་རྣམས་ནི་མ་དག་པའི་བསམ་པ་ལས་བྱུང་། ལགས་པ་དང་ནི། རིག་པ་ཉིད་འཇིག་རྟེན་པ་ལྟར་ཀྱང་སྣང་བས་ན། གོང་ལྟར་ཡང་སྤྱད་ཀྱང་མེ་ཏོག་སྐྱེ་བའོ། །ཞེས་པ་ལྔ་པ་འཛིན་བྱེད་འཁྲུལ་པའི་འཁོར་བསྟན་ནས། ད་ནི་རང་དོན་དྲུག་པ་དེའི་སྣང་བའི་འཁོར་བསྟན་པ་ནི། དེའི་སྣང་བའི་འཁོར་ནི་འདི་ལྟར་ཞེས་པ་སྟེ། དེ་དག་གི་འོག་གི་དབང་པོ་ལ་སོགས་པའི་མདོར་བསྟན། ཡུལ་ནི་སྣོད་ཀྱི་འཇིག་རྟེན་རིགས་ལས་འབྱུང་ངོ་འོག་ནས་སྟོན། ཤེས་པ་དང་ནི་བཅུད་ཀྱི་སེམས་ཅན། དྲན་ནས་དང་ནི་ཡིད་དྲུག་གི་འཛིན་པ། མཐོང་བྱེད་དང་ནི་མིག་གིས་གཟུགས་མཐོང་། ཉན་བྱེད་རྣ་བས་སྒྲ་ཐོས། མྱོང་བྱེད་ལྕེས་རོ་མྱོང་། འདུ་བྱེད་ཡུལ་ཀྱིས་རེག་ཤེས། གཟུགས་དང་སྣང་སྟོང་དབྱེར་མེད། སྒྲ་སྟོང་དབྱེར་མེད། དྲི་དང་ཞེན་པ་རང་གྲོལ། རང་དང་ཐོབ་པ་བདེ་བ་ཉིད་དུ་གྲོལ། རེག་བྱ་དང་། ཐུགས་རྗེ་གཞི་སྣང་དུ་གྲོལ། ཆོས་ལ་སོགས་པ་དང་ནི། འབྱེད་མེད་ཡུལ་དག་ཏུ་གྲོལ་བའོ། །ཞེས་དྲུག་པ་དེའི་སྣང་བའི་འཁོར་བསྟན་ནས། ད་ནི་བདུན་པ་ཁྱད་པར་ཆོས་ཀྱི་འཁོར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་འཁོར་བསམ་གྱིས་མི་ཁྱབ་པ་དང་ནི། འོག་གི་རིག་པ་དང་ཡེ་ཤེས་དཀོན་མཆོག་གསུམ་གྱི་དོན་མདོར་བསྟན་དུ་བྱུང་བའོ། །འཇིག་པ་ནི་ལྟ་བ་ངན་པ་རྣམས་གསང་བའི་རྒྱུད་འདིས་འཇིག་ཚོགས་སུ་ལྟ་བ་དང་ནི། ཕྱི་རོལ་རྟག་ཆད་དུ་ལྟ་བ་རྣམས་རིག་པའི་རྒྱན་དུ་ཤར་བ་འོག་ནས་སྟོན། ཉན་ཐོས་དང་དགེ་འདུན་ཏེ། ཆོས་དང་གང་ཟག་རང་གྲོལ་དུ་ཤེས་པ་ཉིད་ལས་བྱུང་ངོ་། །རང་རྒྱལ་བའི་དགེ་འདུན་རྟེན་འབྲེལ་རང་དྭངས་སུ་གྲོལ། བྱང་ཆུབ་སེམས་དཔའི་དགེ་འདུན། དོན་དམ་ཀུན་རྫོབ་གཅེར་གྲོལ་དུ་རྟོགས། ཉན་ཐོས་ལ་སོགས་པ་འདི་དག་ནི་གྲུབ་མཐའ་འདོད་རྒྱལ་བ་ལྟར་ན་བློ་བརྟེག་གིས་ཤེས་སོ། །ཀྲི་ཡ་ལ་སོགས་པའི་གཞུང་གིས་ཤེས་སོ། །ཞེས་བདུན་པ་ཁྱད་པར་གྱི་འཁོར་བསྟན་ནས། ད་ནི་ནང་དོན་བརྒྱད་པ་འཇིག་རྟེན་གཟུགས་སྣང་གི་འཁོར་བསྟན་པ་ནི། ལྷ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ། འཇིག་རྟེན་ལས་འདས་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར། དེ་དག་གི་རིག་པའི་ཡེ་ཤེས་རིགས་དྲུག་ལྟར་བྱུང་བའི་མདོར་བསྟན་དུ་བྱུང་བའོ། །དེ་ཡང་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་དང་། དེ་ལ་སོགས་པ་མིའི་གཙོ་བོ་ཤཱཀྱ་ཐུབ་པ་དང་། བྱོལ་སོང་གི་སེང་གེ་རབ་བསྟན་དང་། ཡི་དྭགས་ཀྱི་ཁ་འབར་མ་དང་། དམྱལ་བའི་ཆོས་ཀྱི་རྒྱལ་པོ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་དང་། ཚངས་པ་ལ་སོགས་པ་འཁོར་བརྒྱ་སྟོང་བྱེ་བ་ཕྲག་ཁྲིག་དཔག་ཏུ་མེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ཡང་འདས་པ་དང་འཇིག་རྟེན་པ་རྣམས་དང་ཐབས་གཅིག་ཏུ་ནི། ཆོས་ཐམས་ཅད་ཀྱི་འདུན་པ་རབ་ཏུ་གསལ་བ་ཞེས་བྱ་བ་ལ་རོ་གཅིག་པར་བཞུགས་སོ། །ཞེས་ལེའུ་གཞུང་བསྟན་ནས། ཞེས་མུ་ཏིག་འཕྲེང་བའི་རྒྱུད་གསང་བ་ནི་མཚན་གྱི་སྐབས་སུ་བསྟན་ཏོ། །ལེའུའི་མཚན་ནི། གླེང་པ་ནི་གང་གླེངས་ན་གསང་བའི་རྒྱུད་གཞུང་ཚིག་དང་ཡི་གེར་བཅད་པ་གླེང་ལ། སུ་དང་གླེང་ན་སྡུད་པ་པོ་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་ལྷན་གཅིག་ཏུ་གླེང་། ཚུལ་ལམ་ཐབས་ཇི་ལྟར་གླེང་ན། ཚིག་དོན་འབྲེལ་པ་བྱ་ངང་མའི་མཐུན་ལྟར་གླེང། དེ་ལྟར་གླེང་པ་ལ་དགོངས་པ་ཅི་ཡོད་ན་འདི་ཉིད་ལ་མོས་པའི་འགྲོ་བ་རྣམས་ཁམས་གསུམ་དུ་མི་ལྡོག་པའི་དགོངས་པ་ཡོད། །གཞི་ཞེས་པ་ནི། མཚན་ལ་བརྟེན་ནས་གཞུང་འབྱུང་པས་ན་གཞི་ཡིན་ལ། འདི་ལ་བརྟེན་ནས་རྒྱུད་ལེའུ་བརྒྱད་ཀྱི་བདག་ཉིད་དུ་བྱུང་བས་ན་གཞི་ཞེས་བྱའོ། །ལེའུ་ནི་གཞུང་གི་ཚིག་དོན་ངེས་པའི་དུམ་བུ་ངེས་པར་སྟོན་པའོ། །དང་པོ་ནི་སྔུན་མའམ་གོང་མ་ཞེས་པ་སྟེ་གྲངས་ཀྱི་གཞི་མཚོན་པར་བྱེད་པ་གཅིག་ཞེས་པའི་ཚིག་གོ །ལེའུ་དང་པོའི་མུ་ཏིག་འཕྲེང་བ་བརྒྱུས་པ་ལྟར་བསྟན་པ་རྫོགས་སོ།། །།
༅། ཐཐ་སྲ་སྭཿ ད་ནི་ལེའུ་གཉིས་པ་འཁྲུལ་པ་གཞི་ལ་ལྷག་པའི་ལེའུ་མུ་ཏིག་གསལ་བར་ཕྱེ་ན། ལེའུ་འདི་ལ་བསྡུས་པའི་དོན་བཞིས་བསྟན་ཏེ། དང་པོ་ཞུ་བ་སྔོན་དུ་འགྲོ་བ་ཡེ་ཤེས་རང་གི་ངོ་བོ་བསྟན་པ་དང་། གཉིས་པ་ལ་འཁྲུལ་བའི་ལྡོག་ཚུལ་བསྟན་པ་དང་། གསུམ་པ་དེ་ལྟར་ལོག་པའི་ཡེ་ཤེས་ངོས་བཟུང་བསྟན་པ་དང་། བཞི་པ་དེ་ཉིད་ལ་བཟླ་བ་བསྟན་པའོ། །བསྡུས་པའི་དོན་དང་པོ་ཞུ་བ་སྔོན་དུ་འགྲོ་བ་ཡེ་ཤེས་རང་གི་ངོ་བོ་བསྟན་པ་ལ་ནང་དོན་བརྒྱད་ཀྱིས་བསྟན་པའི་དང་པོ། ཞུ་བ་སྣ་གཏད་ཀྱི་བསྐུལ་བར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལེའུ་དང་པོ་བཤད་པའི་འོག་ཏུའོ། །འཁྲུལ་པ་ལ་མ་འཁྲུལ་བར་ངོ་འཛིན་པའི་ལོག་རྟོག་བཅོམ། ལྷུན་གྲུབ་ཡོན་ཏན་དང་། སྐྱོན་སྣ་ཚོགས་པ་དང་ལྡན་པས་འཁྲུལ་པའི་གཞི་བྱས། ཀ་དག་བརྗོད་གཞི་ལས་འདས་ཀྱང་། ལྷུན་གྲུབ་ཡོན་ཏན་ལས་སྐྱོན་འཁྲུལ་པ་ནི་རིག་པ་ཉིད་མ་འཁྲུལ་བ་ཞེས་འདོད་པ་ལས། དེ་ཉིད་རང་འཁྲུལ་བར་སོང་པས། འཁོར་འདས་ཐམས་ཅད་པའི་མངའ་བདག་ཏུ་མེད་བྱུང་བས་ཏེ། དེ་ལ་གཞི་ཞེས་བྱ་སྟེ། རྣལ་འབྱོར་གྱི་ལམ་དུ་བྱུང་ལ། གདུལ་བྱའི་དབང་དུ་བྱས་ནས་འབྲས་བུ་ཞེས་བྱ་བ་ལ། གདུལ་བྱས་ལས་དག་པ་རྣམས་ཀྱི་སྟོན་པར་བྱུང་བའོ། །གསང་བའི་བདག་པོ་ལ་སོགས་པ་ནི་སྡུད་པ་པོའི་མིང་གིས་ཞུས་པའོ། ཀྱེ་ཀྱེ། ཞེས་ངོ་བོའི་སྒོ་ནས་བོས་ནས། འདོད་པ་དང་གཟུགས་དང་། གཟུགས་མེད་པ་ལ་སོགས་པ་ཁམས་གསུམ་གྱི་སེམས་ཅན་འདི་དག་རྣམས་ཞེས་ཇི་ལྟར་འཁྲུལ་པ་ལྡོག་ན་ཇི་ལྟར་པ་ལགས་ཞེས་བྲིས་པ་དང་། བདག་ཅག་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་སྟོན་པས་བཀའ་སྩོལ་ཅིག །ཅེས་དང་པོ་ཞུ་བར་སྣ་གཏད་ཅིང་བསྐུལ་བ་བསྟན་ནས། ད་ནི་གཉིས་པ་ལན་དུ་གནས་ལུགས་ལ་འཁྲུལ་པ་གློ་བུར་དུ་བྱུང་བ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བསྟན་ཏེ། ཞུས་པའི་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེས། འཁོར་དཔག་ཏུ་མེད་པའི་ནང་ནས་ཉེ་བ་རིགས་གསུམ་གྱི་མཁའ་འགྲོ་དེ་ལས་ཀྱང་ཉེ་བའི་འཁོར། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། བསྩལ་ལུགས་ཇི་ལྟར་སྩལ་ཞེ་ན། འོ་མ་ལས་མར་བྱུང་བ་བཞིན་དུ་བསྡུ་བའི་དོན་དུ་སྩལ་ལོ། །ངེས་པའི་སྙིང་པོ་ཡིན་པས་ཀྱེ་མ་ཞེས་བྱ། རྣ་བའི་དབང་པོའི་སྒོ་སོལ་ལ་ཉོན་ཅིག་གཞན་ལ། གསང་བའི་བདག་པོ་ཁྱོད་ཡིན་པས་ངས་བསྟན་ཞེས་པའོ། །དང་པོ་ནི་རྟོགས་སངས་རྒྱས་ཞེས་བྱ་བར་ཡང་མེད་ལ། མ་རྟོགས་སེམས་ཅན་དུ་ཡང་མེད་པའི་ངོ་བོ་ཀ་ནས་དག་པས་འཁྲུལ་པའི་མིང་མེད། རང་བཞིན་ལ་ལྷུན་གྱི་གྲུབ་པས་འཁྲུལ་མ་མྱོང་ཞེས་བྱ་བར་ཡང་གྲུབ་པ་མེད་པའི་གཞི་དེ་ལ། གནས་པ་ཡིན་པས་འཕོ་བ་མེད་བརྗོད་བྱ་ཙམ་དུ་མེད་པས། སྨྲ་བསམ་གྱི་ཡུལ་དུ་མ་གྱུར། ཀུན་གྱི་བྱུང་བ་ཡིན་པས་སྣ་ཚོགས་སུ་སྣང་ལ། འདི་འདྲ་ཞེས་གང་དུ་ཡང་མ་གྲུབ་པས་གཏན་ལ་དབབ་བྱའི་ཡུལ་དུ་མ་གྱུར་པས། འཁྲུལ་པ་མེད་ཀྱང་དཔེར་ན་ཉི་མའི་ངོ་བོ་ལ་སྤྲིན་པས་གོས་པ་མེད་ཀྱང་། གློ་བུར་དུ་སྒྲིབ་པ་ལྟར། སེམས་ཅན་གྱི་བློའི་རྣམ་པར་རྟོག་པ་རྩལ་དུ་ཡང་འཁྲུལ་པ་འདྲ་བྱུང་སྟེ། ཡང་དག་པར་འཁྲུལ་བ་དང་མ་འཁྲུལ་གང་དུ་ཡང་གྲུབ་པ་མེད་དོ། །ཞེས་གཉིས་པ་ལན་དུ་གནས་ལུགས་ལ་འཁྲུལ་བ་གློ་བུར་དུ་བྱུང་བར་བསྟན་ནས། དེ་ནི་ནང་དོན་གསུམ་པ་བླ་མའི་གདམ་ངག་གིས་འཁྲུལ་པ་བཟློག་པར་བསྟན་པ་ནི། དེ་ཡང་ལ་སོགས་པས་བསྟན་ཏེ། དེ་ཡང་སྣང་བ་ཐམས་ཅད་རང་སྣང་ཡིན་པའི་གནད་ཀྱིས་འཁྲུལ་པ་རང་གྲོལ། གྲོལ་པ་ཐམས་ཅད་རང་གྲོལ་ཡིན་པའི་གནད་ཀྱིས་མ་འཁྲུལ་པ་ཡང་རང་དག་པའི། རིག་པ་ཡེ་ཤེས་ཀྱི་གདམ་ངག་མངོན་གསུམ་གནད་ཀྱི་རྩི་དམ་པའི་གདམས་པས། དོན་མ་བུ་ཕྲད་པ་ལྟར་ཐེབས་པ་ནི་ཆང་དང་ར་རོ་བ་འདྲ་གྱུར་ན། རིག་པ་ཉིད་ཡེ་ནས་འཁྲུལ་མ་མྱོང་བས། ད་ལྟ་འཁྲུལ་པ་ལ་མི་གནས། ད་ལྟ་མ་གནས་པས་ཕྱིས་འཁྲུལ་མི་སྲིད་པའི་ཕྱིར་ན། དང་པོའི་གཞི་ཀ་དག་ལ་བཟློག་པ་ནི། ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །ཞེས་གསུངས་པ་བླ་མའི་གདམ་ངག་གིས་འཁྲུལ་པ་ལྡོག་པར་བསྟན་ནས། ད་ནི་དོན་བཞི་པ་དེ་ཇི་ལྟར་རྟོགས་པ་དངོས་བསྟན་པ་ནི། རང་རིག་ལ་སོགས་པས་བསྟན་ཏེ། རང་ནི་གནས་པ་ཡིན་ལ། གནས་པའི་དོན་དེ་རིག་པས་དེ་ལས་ཡེ་ཤེས་ཞེས་བྱ། དེ་ཉིད་བློའི་སྤྱོད་ཡུལ་དུ་མ་གྱུར་པས་རྟོགས་པར་དཀའ་བ་སྟེ། དེ་ཉིད་གཞི་ཡིན་པས་ཀུན་གྱི་འགྲོ་བ་སྟེ། ངོ་བོ་ལ་འགྱུར་བ་མེད། རིག་པ་ཉིད་བཅུད་དུ་འབྲེལ་བས། སྙིང་པོ་ཞེས་བྱ། སྒྲོན་མ་བཞི་རང་ལ་འཆར་བས་ཡེ་ཏོག་སྟེ། ཀུན་གྱི་མི་གནས་འཆར་བ་ཅན་ཞེས་བྱའོ། །དེ་ཉིད་རང་གི་ངོ་བོ་ལ་འཁྲུལ་པ་ལྟར་བྱུང་ཡང་། ཆོས་ཉིད་མངོན་གསུམ་གྱི་གནད་ལ་བརྟེན་ནས། གདར་ཤ་རང་གྲོལ་གང་ཡང་མ་སྤངས་པར་གཅད་པའི་ཐབས། ལུས་ངག་ཡིད་གསུམ་གྱི་གནད་དང་། མ་གོས་སྟོབས་ཀྱིས་ཁམས་གསུམ་ལས་གྲོལ་བའོ། །ཞེས་པ་དེ་ཇི་ལྟར་རྟོགས་པ་དངོས་བསྟན་ནས། ད་ནི་ནང་དོན་ལྔ་པ་དེ་རྟོགས་པར་བྱེད་པའི་ཐབས་ལ་གོམས་པར་བྱ་བ་བསྟན་པ་ནི་མ་རིག་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་མ་རིག་པ་གསུམ་ཡེ་ཤེས་གསུམ་དུ་རང་དག་ལ་སོང་བས། ཡེ་ཤེས་རང་ངོ་ན་གསལ་བས། འཁོར་བ་ཞེས་ཁམས་གསུམ་གྱིི་ཆོས་རང་གྲོལ་དུ་ངོས་སུ་བརྡས་པས། དེ་གང་ལས་བྱུང་ཞེ་ན། རིག་པ་མངོན་གསུམ་ལུ་གུ་རྒྱུད་དབྱིངས་ལ་གཏད་དེ་རྟག་ཏུ་ལྟས་པས། རང་རིག་རང་གྲོལ་དུ་སོང་བས། སྣང་བ་བཞི་འཆར་ཏེ། མངོན་གསུམ་གྱི་རང་གནད་ཀྱིས་ཐེབས་པས། གཅེར་གྱིས་ལྟས་ཚད་ཆོས་ཉིད་ཀྱི་སྣང་བ་སྣ་ཚོགས་སུ་རང་གྲོལ་བའི་ཕྱིར། གང་ཤར་རིག་པའི་ཀློང་འགགས་པ་མེད་པར་རང་ཤར། གཏད་མེད་ཕྱོགས་མེད་དུ་གྲོལ་བ་ཉིད་རླུང་འཁོར་འདས་གཉིས་སྐྱལ་བ་ལ་ཆོས་ཉིད་ཞེས་བྱའོ། །དེ་ཡང་གང་གིས་འགྲུབ་ཞེ་ན། རང་གི་རིགས་ནི་ངོ་བོ་ཀ་ནས་དག་པ་དང་པོའི་སྔ་སོ་མ་བཅོས་པ། ཕྱིས་སོ་མ་བསྒྱུར་བར་བཞག་པས། མ་རིག་པ་དང་རིག་པ་གཉིས་རྒྱུ་བདག་ཉིད་གཅིག་པའི་ཕྱིར། ཆོས་ཉིད་མངོན་གསུམ་རྩད་ནས་གཅོད་པ་ཞེས་བྱ་སྟེ། དེའི་གནད་གང་ཡིན་ན། གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་སྣང་བ་སྒྲོན་མ་བཞིར་རང་གི་མིག་ནས་འཆར་བ་ཡིན་པས་དེ་ལྟར་རབ་ཆོས་ཉིད་མངོན་གསུམ་པ་ཞེས་བྱའོ། །དེ་ཉིད་ཡིད་དཔྱོད་མ་ཡིན་པས་ཡེ་ནས་དག་སྟེ། འཁྲུལ་པའི་རྟོག་པ་ཆོས་ཉིད་ཟད་པའི་སྣང་བ་ལ་ཐོག་མའི་གཞི་དངོས་པོའི་གནས་ལུགས་ལས་ལོག་པ་གཞན་མེད་པས། ལམ་དུ་ནི་ཉིད་ཀྱི་བར་མ་དོ་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་སྣང་བ་རུ་རིག་པ་ཉིད་ལ་སྣང་བས། འབྲིང་པོ་བར་མ་དོ་ལ་སངས་རྒྱས་པའི་གནད་དོ། །ཞེས་ལྔ་པ་རྟོགས་པར་བྱེད་པའི་ཐབས་ལ་གོམས་པར་བྱ་བ་བསྟན་ནས། ད་ནི་དྲུག་པ་དེ་ཉིད་ཀྱི་དགག་བྱ་བཀག་པས་ཡེ་ཤེས་རང་གི་ངོ་བོ་གསལ་བར་བསྟན་པ་ནི་སེམས་ནི་ཞེས་པས་བསྟན་ཏེ་སེམས་ཀྱི་ཁང་བུ་གཏིབས་པས་གཞི་སྟོང་པའི་མན་ངག་དང་། རྩད་བཅད་པས་བྱུང་བ་ངོ་ཤེས་པའི་མན་ངག་དང་། རོ་མྱོང་པས་མཚན་ཉིད་གཏན་ཕེབས་པའི་མན་ངག་གིས། སེམས་དང་ཡེ་ཤེས་དབྱེ་བ་ཡེ་ཤེས་ཀྱི་ཀློང་དུ་འགྲོ་བའི་མན་ངག་ནི། བློ་བརྡེག་གི་གནད་དོ། །ཡང་མ་རིག་པའི་བྱུང་བ་བརྩལ་བའི་མན་ངག་གིས་འཁྲུལ་པ་གཞི་ལ་ལྡོག །བྱུང་ས་ལུགས་ལྡོག་པས་རང་ངོ་ལ་གཏན་ལ་ཕེབས། ཕུགས་དེད་པས་སྣང་བ་རང་དག་སྟེ་ལུ་གུ་རྒྱུད། འདབ་འབྱོར་དུ་སྐྱེ་བའི་མན་ངག་ཀྱང་བློ་བརྡེག་གི་གནད་དོ། །སྒོ་ལྔ་ནི་སྒྲོན་མ་ལ་གཏད་པའི་གནད་ཀྱིས་མཐོང་བ་ཡུལ་གྱི་རྒྱུན་བཅད་པའི་མན་ངག་དང་། རྣ་བའི་སྒོ་རླུང་གི་རང་སྒྲ་ལ་གཏད་པས་འགྱུ་བ་རྒྱུན་ཆད་པའི་མན་ངག་དང་། སྣའི་སྒོ་འགྱུ་ཚད་ཡེ་ཤེས་ཀྱི་རླུང་གི་གྲངས་བཟུང་བས། ལས་རླུང་རྟོག་པའི་རྒྱུན་འགགས་པའི་མན་ངག་དང་། ལྕེའི་སྒྱུར་བྱེད་ཡི་གེའི་སྒྲ་དོན་གྱིས་བསྒྱུར་བས། འབྱུང་བ་དུས་ཀྱི་ནད་འཕོ་བའི་མན་ངག་དང་། ལུས་ཀྱི་སྒོ་གནས་བ་རྩའི་གནད་སྟེམས་པས་བདེ་ཆེན་གྱིི་ལུས་རྒྱས་པའི་མན་ངག་གིས། རྟོག་པ་ལས་ཀྱི་རླུང་རྒྱུན་བཅད་དེ་ཡེ་ཤེས་སུ་གསལ་བར་འགྱུར་བ་ན། བློ་བརྡེག་གི་གནད་དང་སྦྱར་རོ། །རིག་པ་འཆར་བར་བྱེད་པའི་མཐོང་། སྤྱི་བོ་ཚངས་པའི་བུ་གར་ཕྱེ་བས། ཆོས་ཉིད་སྟོང་པ་དང་། རིག་པ་གསལ་བ་གཉིས་དབྱེར་མེད་དུ་གྱུར་ནས། ཡེ་ཤེས་ཕྱོགས་དག་པའི་སྣང་བར་འགྱུར་བའི་མན་ངག་ཀྱང་བློ་བརྡེག་གིས་གསལ་ལོ། །དེ་དག་གི་གནད་ལ་བརྟེན་ནས་འཁྲུལ་བའི་སྣང་བ་ཡུལ་ཕྱུང་བས། ཀ་དག་པའི་རིག་པ་རང་ལས་འདས་པ་མེད་དོ། །དེ་ལྟར་སྐྱེས་པས་གློ་བུར་བས་དྲིན་སད་པའི་ཡིད་རང་དྭངས་སུ་སོང་བས། འཁྲུལ་པ་རྒྱུན་བཅད་དེ། བསམ་པའི་ཞེན་པ་འགགས་པས། ཆོས་སྐུའི་ངང་ལས་འགྲོ་ས་མེད་དོ། །དེ་ཉིད་ཀྱི་ཉམས་རྒྱུད་ལ་སྐྱེས་པས་འཁོར་བའི་རྟོག་པ་ཐམས་ཅད་སྤྱི་བས་ཕྱུང་སྟེ། འཁོར་བ་ཉིད་མ་གྲུབ་པར་ཤེས་པས། དེ་ཉིད་རང་རྫོགས་སུ་བཞག་པས། ལུས་སྤྲུལ་སྐུ། ངག་ལོངས་སྐུ། སེམས་ཆོས་སྐུ་གསུམ་དུ་གསལ་ལོ། །ཞེས་དྲུག་པ་དེ་ཉིད་ཀྱི་དགག་བྱ་བཀག་པས་ཡེ་ཤེས་རང་གི་ངོ་བོ་བསྟན་ནས། ད་ནི་བདུན་པ་དེ་ཉིད་ཀྱང་འབད་རྩོལ་མེད་པར་རང་ལོག་གྲོལ་བར་བསྟན་པ་ནི། སྟོང་པ་ནི་གཞི་རྩ་བ་མེད་པའི་ཡེ་ཤེས། དེ་ཡང་དངོས་པོ་ལས་ལོག་པས་རང་རྒྱུད་དུ་མ་སོང་། དེ་ལ་བདག་དང་རང་རིག་ཅན་དུ་མེད་པས་འོད་ལྔའི་གསལ་བས་མཛེས་པར་བྱས་པ་ནི་སྟོང་པ་ལས་ལོག་པའོ། དུག་ལྔ་ཞེས་བྱ་བ་ནི་འགྲོ་བ་རྣམས་འཆིང་བར་བྱེད་པ་སྟེ། འདི་ལ་གནད་ཆེན་པོ་གཉིས་ཀྱིས་སྦྱོར་དུ་བྱ་བ་སྟེ། དུག་ལྔ་སྨན་དུ་བསྒྱུར་བས་ཡེ་ཤེས་རང་སར་གྲོལ་བའི་གནད་དང་། རྣམ་རྟོག་ཡེ་ཤེས་སུ་བསྒྱུར་པས་འགྱུ་བ་རང་སར་གྲོལ་བའི་གནད་གཉིས་ཀྱིས། འབྲས་བུ་གཅིག་ཆར་དུ་ཐོབ་པས། མིག་གཉིས་ཀྱི་མདོར་སྒྲོན་མ་ཉིད་ཕྱུང་པས་དུག་ཉིད་སྨན་གྱི་ངང་དུ་གྲོལ་བས། ཁམས་གསུམ་དུས་གཅིག་ཏུ་སྤྲུགས་པས་བློ་རྡེག་གསང་བའི་གནད་ལས་བྱུང་བའོ། །མུན་པ་ནི་འཁོར་བ་དེའི་རྒྱུ་ནི་མ་རིག་པ་དེ་ཟད་པར་བྱེད་པ་ལ་འཁོར་འདས་བསྲེས་པར་བྱེད་པ། སེམས་ཀྱི་ཁོང་བུ་གཞིག་པའི་གནད་ཀྱིས་སྒྲོན་མ་ཉིད། དངོས་སུ་སྣང་བར་བྱེད་པའོ། །འཁྲུལ་པ་ནི། མེད་པའི་དོན་སྣང་བ་དང་བཅས་པ། དེའི་རྒྱུ་ནི་མ་རིག་པ་ལས་བག་ཆགས་ཀྱིས་བསྡུས་པ། དེ་ཡང་ཡེ་ནས་རྒྱུ་མེད་དུ་རྟོགས་པ་དང་། སྣང་བ་ཡུལ་གྱི་གནད་ཀྱིས་ཆོས་ཟད་པས། མཐོང་སྣང་ཡེ་ཤེས་ཀྱི་གྲོགས་སུ་འཆར་བ་ཉིད་དོ། །དེ་ལྟར་ཤར་བས་གསལ་བ་འོད་ལྔས་ཁྱབ་བས། ཕྱི་རོལ་གྱི་སྣང་བ་ལོངས་སྐུ་ཁྲོ་བོ་འབར་བའི་ཆ་ལུགས་ཅན། ཡབ་ཡུམ་གཉིས་སུ་མེད་པའི་ངང་དུ་སོ་སོ་མ་ཡིན ། ཐ་མི་དད་པ་ཉིད་དུ་འགྱུར་བའོ། །བེམ་པོ་ས་ཆུ་མེ་རླུང་ལགས་པ་གཟུགས་ཀྱིས་སྡུད་པ་རྣམས། ཕྱི་ཡུལ་གྱི་གནད་ལ་བརྟེན་ན ས་རང་སར་གྲོལ་བ་སྟེ། རིག་པ་ནི་ཤེས་བྱ་ནང་གི་སྣང་བ་ལ་རྟེན་ནས། གཉིས་མེད་དུ་ཁོང་དུ་སངས་པས། འཁོར་འདས་ལྟོ་སྦྱོར་བ་ཉིད་དོ། །དེ་ཡང་འཁྲུལ་བ་རང་དག་པའི་གནད་ལས་བྱུང་བའོ། །དོན་གྱི་ཡེ་ཤེས་ནི་ལུ་གུ་རྒྱུད། གཞི་ནི་གསང་བའི་རིག་པ་རང་དག་པས། འཁོར་བའི་ཆོས་ལྡོག་པའོ། །ཞེས་བདུན་པ་དེ་དག་ཀྱང་འབད་རྩོལ་མེད་པར་རང་ལོག་པར་བསྟན་ནས། ད་ནི་བརྒྱད་པ་དེ་དག་གི་འཇུག་བསྡུ་བ་དོན་དམ་ཀུན་རྫོབ་ལས་འདས་པར་བསྡུ་བ་བསྟན་པ་ནི། དོན་དམ་པའི་ཆོས་ཉིད་སྤྲོས་བྲལ་སྒྲ་བློ་ལས་འདས་པར་བསྟན་ཏོ། །དེ་ཡང་སྣང་བརྟགས་གཅིག་ཏུ་བསྲེ་བ་སྟོང་པ་འབད་མེད་ཀྱི་གནད་ཀྱིས་འཁོར་འདས་ལྟོ་བཟློག་པའི་གཏན་ཚིགས་ལས་བྱུང་བའོ། །ཀུན་རྫོབ་སྣ་ཚོགས་སུ་སྣང་བ་སྟེ། ཚོགས་དྲུག་རང་སར་ལོག་པ་ལས་བྱུང་བའོ། །དེ་གཉིས་སུ་མེད་པ་ཆོས་ཉིད་ལས་བཅོས་སུ་མེད་པ་ལས་བྱུ་བའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་དང་པོ་ཞུ་བ་སྔོན་དུ་འགྲོ་བ་ཡེ་ཤེས་རང་གི་ངོ་བོ་བསྟན་པ་ལ་བརྒྱད་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གཉིས་པ་འཁྲུལ་པའི་ལྡོག་ཚུལ་བསྟན་པ་ལས་ནང་དོན་དྲུག་གིས་བསྟན་པའི་དང་པོ་རྒྱུ་རྐྱེན་མེད་པའི་ཡེ་ཤེས་བསྟན་པ་ནི། ཨེ་མ་ནི་དེ་ལྟར་གནད་ཀྱི་གདམས་པ་སྟེ་དེ་དག་ལ་བརྟེན་ནས། ཁམས་གསུམ་དུས་གཅིག་ལ་གྲོལ་བ་ངོ་མཚར་ཆེའོ། །ཞེས་པས་ཏེ། པདྨ་རིགས་ཀྱི་གསུང་རྣམ་པར་དག་པ་ལས་བྱུང་བའི་ཁྲོ་བོ་རྟའི་མགྲིན་པ་ཡོད་པ་འཁོར་བ་ལས་རྒྱལ་བ་ཆེན་པོ་ཁྱོད་ཉོན་ཅིག་ཙེས་བོས་ནས། སེམས་ནི་བསམ་པ་དུ་མའི་འཁྲུལ་འཁོར། གནས་ནི་ཀུན་གཞི་ཞབས་མེད་པ་དེ་ཉིད་བསམ་པས་མ་རྙེད་པའི་ཡེ་ཤེས་ཀུན་སྣང་ལ་བརྟེན་ནས་གྲོལ་བའི། །དེ་ལ་གཞི་གནས་ཀྱི་ཡེ་ཤེས་ནི་ཡིན་ནོ་ཞེས་སྔོན་བྱུང་དུ་རྟ་མགྲིན་ལ་གདམས་ལ་རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལའོ། །ཕྱི་རྐྱེན་གྱི་སྣང་བ་ནི་བློ་ཡིས་མ་བསྒྱུར། སྣང་བས་མ་བཅད། ཤེས་པ་རང་ངོ་ན་བཞག་པའོ། །དེ་ཡང་ཕྱི་སྣང་བས་མ་བཅོས་པ་ནི། ཡུལ་མེད་གཅིག་ཆར་དུ་གྲོལ་བ་ཞེས་བྱའོ། ཞེས་ནང་དོན་དང་པོ་རྒྱུ་རྐྱེན་མེད་པའི་ཡེ་ཤེས་བསྟན་ནས། ད་ནི་གཉིས་པ་རིག་པའི་ངོ་བོ་ཡིད་དང་བྲལ་བས་འཁྲུལ་པའི་ལྡོག་པ་ངོས་བཟུང་བ་བསྟན་པ་ནི། འཁྲུལ་པ་ནི། རྒྱུ་མ་རིག་པ་གསུམ་ལ་རྐྱེན་དག་པ་དང་། མ་དག་པའི་ཡུལ་སྣ་ཚོགས། ལྡོག་པའི་ལྡོག་པ་ནི། ངོ་བོ་ཀ་དག་པའི་གཞི། རིག་པ་རང་དག་ཏུ་བསྟན་པས་ལུ་གུ་རྒྱུད་བཙོན་དུ་བཟུང་བའི་གནད་ཀྱིས་འཁྲུལ་པ་ཐམས་ཅད་དུས་གཅིག་ལ་སངས་པའོ། །དྲན་པ་ནི་གློ་བུར་གྱི་རྟོག་པ་སྣ་ཚོགས་པ། དེ་མེད་པ་ནི། རིག་པ་ཉིད་མཁའ་ལ་སྟོན་པས། ཡིད་ཀྱི་བྱུང་ཚོར་འགག་པས་ཡིད་མེད་པ་སྟེ ནང་ཡེ་ཤེས་ཀྱི་ཡུལ་གྱི་དབྱིངས་ཉམས་ཀྱི་སྣང་བ། འཁོར་སྐུ་དང་ཡེ་ཤེས་སུ་འཆར་བ་དེ་ཉིད་དུ་རིག་པ་ཚད་ལ་ཕེབས་པས། འཛིན་པ་ཐ་དད་པའི་རྣམ་པར་རྟོག་པ་ལས་གྲོལ་བས་རང་གི་རྒྱུད་རིག་པ་ཉིད་དུ་གསལ་བས་རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་ཡེ་ཤེས་པ་ཐོག་ན་གསལ་བའོ། །དེ་ལ་ཡིད་དྲན་པའི་སྣང་བ་ཇི་སྙེད་པ། དེ་ལ་བདག་ཏུ་བཟུང་པས་འཁྲུལ་པ་ཆེན་པོའི་རང་རྒྱུད་འཆིང་བའི་རྒྱུ་ཡིན་པས་སྣང་བ་རང་སར་བཞག་པས་ཆོས་ཉིད་ཟད་པ་དང་དུས་མཉམ་པའོ། །ཞེས་གཉིས་པ་རིག་པའི་ངོ་བོ་ཡོད་པ་དང་བྲལ་བས་འཁྲུལ་པའི་རྟོག་པ་ངོས་བཟུང་བ་བསྟན་ནས། ད་ནི་གསུམ་པ་འཁྲུལ་པ་དེ་ཉིད་རྟོག་པ་ཡུལ་གང་ལ་ལོག་པ་བསྟན་པ་ནི། དྲན་པ་ནི་མིག་གི་ཕྱེད་བཙུམ་ལ་སོགས་པ་བྱ་བྱེད་དང་བྲལ་བ། སངས་པའི་ནི་དེ་ཉིད་དང་བྲལ་ཏེ་རབ་སོར་ཉམ་ཀ་ལ་བཞག་པས། འཁྲུལ་པ་དུས་གཅིག་ལ་འགག་པའོ། །དེ་ཡང་འཁྲུལ་པའི་དེ་ཉིད་ལྟ་སྟངས་གསུམ་ལ་བརྟེན་ནས་བཟློག་པར་བྱའོ། ཞེས་གསུམ་པ་འཁྲུལ་པ་དེ་ཉིད་ཡུལ་གང་ལ་ཟློག་པ་བསྟན་ནས། ད་ནི་བཞི་པ་ཡུལ་ལ་སྣང་བ་དེ་ཉིད་ལ་འཁྲུལ་པ་དང་མ་འཁྲུལ་ངོས་བཟུང་བ་བསྟན་པ་ནི། ཕྱི་རོལ་དུ་ཆོས་ཉིད་ཡུལ་གྱི་སྣང་བ་རང་གྲོལ་ཤར་ནས། དྲན་བསམ་རང་རིག་ཏུ་གསལ་བས། དངོས་པོ་ཇི་སྙེད་པ་ཐམས་ཅད་སེམས་སྣང་སྣ་ཚོགས་སྣང་བ་དངོས་པོ་རང་དག་པ་ནི། རིག་པ་ཉིད་མ་བཅོས་པ་ལས་བྱུང་བའོ། །དེ་ཉིད་དུ་མ་ཤེས་ན་སྣང་བ་འཁྲུལ་པ་དེ་མ་ཡིན་ལ་དེར་འཛིན་པའི་རྒྱུ་ལྟ་སྒོམ་རང་རྒྱུད་ཀྱིས་བཅིངས་པའོ། །མ་རིག་པའི་རྒྱུ་ཡེ་ཤེས་ལྔ་ལ་བདག་ཏུ་འཛིན་པ་ཡིན་པས། ཐམས་ཅད་རང་སྣང་རང་གྲོལ་དུ་ཤེས་པ་ནི་གནད་ཡིན་ནོ། །ཞེས་བཞི་པ་ཡུལ་ལ་སྣང་བ་དེ་ཉིད་ལས་འཁྲུལ་བ་དང་མ་འཁྲུལ་བ་ངོས་བཟུང་བ་བསྟན་ནས། ད་ནི་ལྔ་པ་འཁྲུལ་པ་ཉིད་མི་རྟོག་པའི་རང་བཞིན་དུ་བསྟན་པ་ནི། བསམ་པ་ནི་རླུང་རྣམ་པར་འཕྲོས་པས་སེམས་ཀྱི་འགྱུ་བ། འདས་པ་དང་། མ་འོངས་པ་དང་། ད་ལྟའི་རྣམས་སློང་བར་བྱེད་པའོ། །དེ་དག་མེད་པའི་རང་རིག་པ་ལ། དོན་གྱི་མིག་གིས་གཟིགས་སྟངས་དེ་ཉིད། ཆོས་སྐུའི་གཟིགས་སྟངས་སུ་གྱེན་ལ་བཟློག་པར་བྱས་པས། ཁམས་གསུམ་འཁོར་བའི་གཡུལ་བཟློག་པར་ངེས་སོ། །ཞེས་ལྔ་པ་འཁྲུལ་པ་ཉིད་མི་རྟོག་པའི་རང་བཞིན་དུ་བསྟན་ནས། ད་ནི་ནང་དོན་དྲུག་པ་འཁྲུལ་བ་ཉིད་མ་འཁྲུལ་ཡེ་ཤེས་སུ་བསྟན་པ་ནི། ལུ་གུ་ཞེས་སྤེལ་ལེགས་པའི་སྣང་བ་ལ་རྒྱུད་ཀྱི་ནི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། སྣང་བ་ལ་ནི་ཆོས་ཉིད་མངོན་གསུམ་ལ་བརྟེན་ནས། ཉམས་གོང་ནས་གོང་དུ་འཕེལ་བའོ། །དེ་ཡང་ཡུལ་ནམ་མཁའ་ལ་རིག་པ་སྟོང་པ་སུ་བཞག་པས། དེའི་ཚེ་ཡིད་འགྱུ་བའི་རླུང་དང་བྲལ་ཏེ། འཛིན་པ་ཡུལ་ལ་བརྟེན་པའི་རྟོགས་པར་གཞན་གྱི་སྤྲོས་པ་ཇི་སྙེད་པ། དགའ་བ་ལ་མངོན་པར་ཞེན་པ་དང་། མི་དགའ་བ་ལ་མངོན་པར་ཞེན་པ་དེ་ཉིད་འཁྲུལ་པའི་བདག་ཏུ་འཛིན་པ་ཡིན་པས། དེ་ཡང་འདི་ལྟར་སྣང་བ་ལ་འཇལ་བྱེད་ཀྱི་ཤེས་པས། དེ་རྟོགས་པར་བྱེད་པའི་རང་གི་ངོ་བོ་འཇལ་བྱེད་ཀྱི་ཚད་མས་བརྟགས་པས། ཤེས་རབ་ཀྱི་བདག་ཉིད་ཏིང་ངེ་འཛིན་གྱི་དབང་དུ་གྱུར་ཏེ། ཕྱི་ནང་གཉིས་ཀྱི་ཤེས་པ་རང་དག་པ་ནི། ཕྱི་ནང་གཉིས་ཀ་ལ་བརྟགས་ཏེ་དོན་རང་གི་རིག་པ་ཉིད་ལ་ལྟ་བ་མ་ལོག་ན་ལས་འཁྲུལ་པ་ཉིད་རང་གྲོལ་བའོ། ཞེས་དྲུག་པ་འཁྲུལ་པ་ཉིད་མ་འཁྲུལ་པའི་ཡེ་ཤེས་སུ་བསྟན་ནས། ད་ནི་བདུན་པ་འཁོར་འདས་གཉིས་ཀྱི་རྩ་བ་བསྟན་པ་ནི། ཆོས་རྣམས་ནི་འཁོར་བའི་དང་། འདས་པ་གཉིས་སུ་འདུས་ཏེ། དེ་གཉིས་ཀུན་ཀྱི་རྩ་བ་ན་འཁོར་བའི་རྩ་བ་དྲན་པའི་ཡིད། འདས་པའི་རིག་པ་ཡུལ་དག་པ་ལ་སྣང་བ་གཉིས་ལས་མ་འདས་པའོ། །ཞེས་དེ་དག་གིས་ནི་སྤྱི་དོན་གཉིས་པ་འཁྲུལ་པའི་ལྡོག་ཚུལ་བསྟན་པ་ལ་བདུན་དུ་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་གསུམ་པ་དེ་ལྟར་ལོག་པའི་ཡེ་ཤེས་ངོས་བཟུང་བ་ལ་ནང་དོན་བཅུས་བསྟན་པའི་དང་པོ་དབྱིངས་རིག་འདུ་འབྲལ་མེད་པའི་དོན་ལས་མ་ཡེངས་པར་ལྟ་བ་བསྟན་པ་ནི། ཀྱེ་མ་ཉོན་ཅིག་གཤིན་རྗེའི་རྒྱལ་པོ་ནི་སྐུའི་རིགས་ཀྱི་ཁྲོ་བོ་སྡུད་པ་པོ་ཁྱོད་ལ་བསྟན་པར་བྱ་ཞེས་པའོ། །རང་རིག་པའི་ཡེ་ཤེས་འོད་ལྔ་རང་གདལ་དང་བཅས་པ་སོ་སོའི་མིག་ནས་འབར་བས། དེ་ཉིད་ལ་རང་གིས་རྟོགས་པ་ཞེས་བྱ་སྟེ། གོང་ན་མེད་པས་རྒྱལ་པོ་ཀ་ནས་དག་པས་ངོ་བོ་ཉིད་ཅེས་བྱའོ། །དབྱིངས་ཀྱི་སྒྲོན་མ། ལུ་གུ་རྒྱུད་ངོ་བོ་སྐུ། དེ་ལ་གོམས་པས་རིག་པ་ཚད་ལ་ཕེབས་པའོ། །དེ་ལས་ཡུལ་རིག་གི་གནད། ཡེངས་པ་མེད་པས་ཉམས་སུ་ལེན་པ་ལས་མ་འདའ་བ། ཕྱིར་ནི་གཏན་ཚིགས་སོ། །རྒྱུན་གྱི་ནི་རྟགས་སུ། རྟགས་པ་ནི་ཉམས་རྒྱུད་ལ་རྟེན་པ་ཆེན་པོ་ནི་ཡར་འཕེལ་བ་ལ་བསྟན་པར་བྱ་བ་ཉིད་དོ་ཞེས་ནང་དོན་དང་པོ་དབྱིངས་རིག་འདུ་འབྲལ་མེད་པའི་དོན་ལ་མ་ཡེངས་པར་ལྟ་བ་བསྟན་ནས། ད་ནི་གཉིས་པ་དྲན་པ་སྣང་བྱེད་ཀྱི་བློ་རིག་པའི་ངང་དུ་གྲོལ་བར་བསྟན་པ་ནི། དྲན་བྱེད་ནི་ཡིད་རང་བྱུང་གི་ཡེ་ཤེས་སུ་བསྒྱུར་བའི་མན་ངག་གིས་འཁོར་འདས་དཔྱིས་འབྱིན་པར་བྱེད་པའོ། །བློ་ལ་སྣང་བ་ནི་ཚོགས་དྲུག་རང་བཞག་གི་མན་ངག་དང་སྦྱར་བ་རྣམས་ནི་རིག་པའི་ངང་དུ་གྲོལ་བས། འཁོར་འདས་མིང་མེད་པ་ཉིད་དོ། །དེ་ཡང་གང་ལས་བྱུང་ན་རིག་པའི་རྒྱལ་པོ། ལུ་གུ་རྒྱུད་དང་མ་བྲལ་ན། དེའི་སྐུའི་སྣང་བ་གྲངས་མེད་པ་སྣང་བས། གཟིགས་སྟངས་གསུམ་གྱིས་ལྟོས་ཞེས་གདམས་པའོ། །དེ་ལ་རྟག་ཏུ་ལྟས་པས་དེ་མི་འགྱུར་བ་ནི་རྡོ་རྗེ་ལུ་གུ་རྒྱུད་རང་རིག་པ་འགྱུར་བ་མེད་པ་དེ་ལས་ཡེ་ཤེས་ལྔའི་སྣང་བ། དབྱིབས་དང་། ཁ་དོག་དང་། སྐུ་ལྔའི་རང་ངོ་རྐྱང་པ་དང་། ཕྱེད་སྐུ་དང་། ཡབ་ཡུམ་ཟུང་འབྲེལ་དང་། ཚོམ་བུའི་སྣང་བ་མི་འགྱུར་བས་རིག་པར་གྲོལ་བའི་རྟགས་སོ། དེ་ཡང་ཡེ་ནས་རང་ལ་གསལ་བས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཞེས་བྱ་ལ། ཕྱིའི་ཡུལ་ན་ཀ་ལ་འཕྱོ་བས་དབྱིངས་རིག་ཞེས་བྱའོ། །ཞེས་གཉིས་པ་སྣང་བ་དྲན་བྱེད་ཀྱི་བློ་རིག་པའི་ངང་དུ་གྲོལ་བར་བསྟན་ནས། ད་ནི་གསུམ་པ་དེ་སྟོང་པ་ཉིད་སྤྲོས་པ་དང་བྲལ་བར་བསྟན་པ་ནི་ཆོས་ཉིད་ནི་ལུ་གུ་རྒྱུད། སྟོང་པ་ནི་དངོས་པོ་ལས་ལོག་པ། རང་དོན་ནི་དེ་ལས་མ་གཡོས་པ་གནས་པ་ནི་སེམས་བསྟན་པ། སྟོང་པ་ཉིད་ཀྱི་ནི་དངོས་པོ་ལས་འདས་པའི་ཡེ་ཤེས་དབང་པོ་དང་སྤྱོད་ཡུལ་དུ་བྱུང་བའོ། །དེ་ཡང་རིག་པའི་ངོ་བོ་ནི་འགྱུར་ཡང་དེ་ལས་ཆ་ཤས་ཀྱི་སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པ་རིག་པ་ཚད་ལ་ཕེབས་པའི་དུས་ན་སྣང་བའོ། །དེ་ལྟར་ནང་བའི་ཆོས་དེ་ལ་ཡེ་ནས་སྐྱེ་བ་མེད་པ་ལ། སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་པར་སྣང་བའོ། །ཞེས་གསུམ་པ་དེ་ལ་ཡང་སྟོང་པ་ཉིད་སྤྲོས་པ་དང་བྲལ་བར་བསྟན་ནས། ད་ནི་བཞི་བ་དྲན་པ་མེད་པའི་ཡེ་ཤེས་ཆོས་ལས་འདས་པར་བསྟན་པ་ནི། དེ་ཡང་ཆོས་སྐུ་སྐྱེ་བ་མེད་པ་ལས་གཟུགས་ཅན་མ་ཡིན་པ་དང་། ལོངས་སྐུ་ལ་སྐྱེ་བ་མེད་པར་འགྲོ་འོང་དུ་མ་ཡིན་པ་དང་། སྤྲུལ་སྐུ་ལ་སྐྱེ་བ་མེད་པས་དུས་ཐམས་ཅད་པ་མ་ཡིན་པ་དང་། གསུམ་གྱིས་ཆོས་ཉིད་སྐྱེ་བ་མེད་པ་ཞེས་བྱ་བར་གཏན་ལ་དབབ་ཏུ་བཏུབ་བོ། །བསམ་པ་ནི་སེམས་ཀྱི་རྟོག་པ་ལས་འདས་པའི་ཕྱིར། ཡུལ་དངོས་པོ་ལ་བདག་ཏུ་མི་འཛིན་པས། རིག་པའི་ངོ་བོ་ལུ་གུ་རྒྱུད་ཕྱི་སྐུ་ལྟར་སྣང་ཞིང་ནང་དུ་འོད་ལྔ་ལྟར་འབྱུང་པས་འཁྲུལ་པའི་སྣང་བ་ཟད་པར་བྱེད་པའོ། །དེའི་རང་བཞིན་ཆོས་ཉིད་རྣམ་པར་དག་པའི་སྣང་བ་ནི། ཡིད་དང་ཡེ་ནས་བྲལ་བ་དྲན་བྱེད་དུ་མེད། སེམས་ལས་འདས་པས་བསམ་པའི་ཆོས་རྟོགས་པ་ཐ་དད་པ་ལས་འདས་སོ། །ཞེས་བཞི་པ་དྲན་པ་མེད་པའི་ཡེ་ཤེས་ཆོས་ལས་འདས་པར་བསྟན་ནས། ད་ནི་ནང་དོན་ལྔ་པ་ཆོས་ཉིད་སྐྱེ་མེད་ཀྱིས་རྣམ་པར་རྟོག་པའི་མདུད་པ་ལས་གྲོལ་བར་བསྟན་པ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བས། དབྱིངས་ནི་ཕྱི་ནང་གཉིས་མེད་ཀྱི་ཉམས་དེ་ཡང་དེ་ཉིད་ལས་མ་གཡོས་ཤིང་རྒྱ་མ་ཆད་པར་རང་བྱུང་པས། ཡིད་ཀྱི་རྟོག་པ་གཞན་དུ་མ་ཡེངས་པ་ལ། རྣམ་རྟོག་རང་འགག་སྟེ། རྟོག་མེད་ཀྱི་ངང་གིས་རང་གནས་པས། བདག་དང་བཅས་པའི་མདུད་པ་རང་ཀ་མ་རང་བཞག་པས་གྲོལ་ལོ། །དེ་ལ་རྩོལ་སྒྲུབ་དང་། ལུས་ངག་གི་བྱ་བྱེད་རྒྱུན་ཆད་པས། འཁྲུལ་པ་ཉིད་མ་སྣང་པས། འཁྲུལ་པའི་ཡེ་ཤེས་སྣང་བ་རྟགས་ཆོས་ཉིད་དུ་ཤར་བ་དེ། ཆོས་ཉིད་ཀྱི་བར་དོ་ཆོས་ཉིད་མའི་སྣང་པ་ལ། བག་ལ་ཞ་བས། འཁྲུལ་པའི་མིང་མེད་དོ། །ཞེས་ལྔ་པ་ཆོས་ཉིད་སྐྱེ་བ་མེད་པས་རྣམ་པར་རྟོག་པའི་མདུད་པ་ལས་གྲོལ་བར་བསྟན་ནས། ད་ནི་ནང་དོན་དྲུག་པ་བར་སྣང་ལ་རང་བྱུང་གི་ཡེ་ཤེས་འདུ་འབྲལ་མེད་པར་ཤར་བ་བསྟན་པ་ནི། དེའི་ཚེ་རང་བྱུང་གི་ཡེ་ཤེས་བདག་མེད་པས་གཟུང་འཛིན་ལས་འདས་སོ། །དེའི་ངོ་བོ་ལུ་གུ་རྒྱུད་རང་གྲོལ་དུ་ཤར་བས། རྣམ་པར་རྟོག་པའི་རླུང་ཟད་པ་ཞེས་བྱའོ། །ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་དེ་ཉིད་ཀྱི་སྣང་བ་རང་བཞིན་མེད་པར་བསྟན་པ་ནི། དེ་ལྟར་ཤར་བ་དེ་ལ་གཅེས་སྤྲས་ཀྱི་འཛིན་པ་མེད་ན་རང་གི་སྣང་བ་རྣམ་པར་དག་པ་ནི། བཟུང་བས་མ་ཟིན་ཏེ་སྣང་ལ་རང་བཞིན་མེད་པ། ཆུ་ནང་གི་ཟླ་བ་དང་འདྲ་བ་ཉིད་དུ་སྣང་བ་ཀུན་འཆར་རོ། ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་ཤེས་རབ་ཀྱི་རྩལ་གྱིས་དེའི་དོན་རྩོལ་བསྒྲུབ་དང་བྲལ་བར་བསྟན་པ་ནི། ཐོགས་པ་མེད་པ་ནི་ཕྱི་ནང་གཉིས་ལ་རྩོད་རྟོགས་པ་སྟེ། རང་གྲོལ་ནི་ཤེས་རབ་ཀྱི་རྩལ་ཆེ་ཆུང་གི་བྱེ་བྲག་གོ །དེ་ཡང་དཔེར་ན་ཁྱུང་ཆེན་གཤོགས་པ་རྒྱས་པ་ནམ་མཁར་ངམ་གྲོག་དང་གཡང་ས་ཐམས་ཅད་བཅད་ནས་ལྡིང་པ་བཞིན་དུ་གཤོགས་པའི་རྩོལ་བསྒྲུབ་མེད་པ་ལྟར། རང་སེམས་སྤྲོ་བ་དང་བསྡུ་བ་བྱས་པར་རང་སར་བཞག་པས་གྲོལ་བ་རྫོགས་པ་ཆེན་པོའི་གནད་ཆེན་པོའི་གནད་ལས་བྱུང་བའོ། །ནང་དོན་བརྒྱད་པའོ། །ད་ནི་ནང་དོན་དགུ་པ་དེའི་དོན་ཡུལ་ལ་སྣང་ཡང་དྲན་པ་ལས་འདས་པར་བསྟན་པ་ནི། དེ་ཡང་རིག་པ་ཉིད་ཀྱི་ངོ་བོ་བཟུང་བར་དཀའ་ཡང་ཡེ་ཤེས་ཀྱི་རྩལ་དལ་བས་འགྲུབ་སྟེ། མངོན་གསུམ་མཐོང་བའི་གནད་ཀྱིས་དེ་ལ་ཚིག་གི་སྤྲོ་བ་མེད་པ་ཡིན་མཉམ་གྱི་མཐའ་ཆོད། ཡུལ་ལས་བསྡུ་བ་མེད་པས་མིན་མཉམ་གྱི་མཐའ་ཆོད། དེ་ཉིད་ཤུགས་ཀྱི་ངང་དུ་གྲོལ་བས་ཡིན་མིན་གང་ཡང་མཐའ་ལ་མ་གནས་པའོ། །ལུ་གུ་རྒྱུད་དུ་སྣང་བ་དེ་ཀ་ཆོས་སྐུའི་རང་གི་སྣང་བ་ནི་ཕྱི་རོལ་གྱི་ཡུལ་ཐད་ཀར་རྩལ་དུ་སྣང་བ་ལས། མ་རྟོགས་པ་གང་ཡང་མེད་དོ། །དེའི་ཕྱིར་ན་དངོས་པོ་ལས་གྲོལ་བའི་རིག་པ་དྲན་བྱེད་ཡིད་ལས་འདས་པ་ཞེས་བྱའོ། །ཞེས་ནང་དོན་དགུ་པ་བསྟན་ཏོ། །ད་ནི་ནང་དོན་བཅུ་པ་འཁྲུལ་པའི་སྣང་བ་དེ་ཡེ་ནས་མེད་པར་བསྟན་པ་ནི། ཕྱི་རོལ་མཚན་མར་སོང་པ་ལ་བདག་འཛིན་བློའི་རྟོག་པ་ཐམས་ཅད་ཀུན། ཡེ་ནས་སྐྱེ་བ་མེད་པར་ཤེས་པས་རིག་པ་ཉིད་ཆོས་སྐུ་རང་གྲོལ་དུ་ཐོས་པའོ། །ཞེས་དེ་དག་གིས་ནི་སྤྱི་དོན་གསུམ་པ་དེ་ལྟར་ལོག་པའི་ཡེ་ཤེས་ངོས་བཟུང་པ་ལ་བཅུར་བྱས་ནས་བསྟན་ཏོ། །ད་ནི་སྤྱི་དོན་བཞི་པ་དེ་ཉིད་ལ་བཟླ་བ་ན་དོན་ལྔས་བསྟན་པའི་དང་པོ་སྣོད་ཀྱི་འཇིག་རྟེན་ལ་རིག་པའི་ངོ་བོ་སྣང་བར་བསྟན་པ་ནི། ཨེ་མ་ཞེས་རང་ལ་རང་ངོ་མཚར་བ་ཉིད་དོ། །རིག་པའི་ཡེ་ཤེས་དེ་ཀུན་ལ་ཁྱབ་ཀྱང་། བླ་མའི་ལུང་མེད་པ་ལ་སྣང་བ་མེད་པས་ན། ཕྱི་རོལ་ས་ཆུ་མེ་རླུང་བེམ་པོའི་སྣང་བས། རང་བྱུང་གི་ཡེ་ཤེས་མི་བསྒྲིབ་སྟེ། བརྟན་གཡོ་ཀུན་ལ་ཁྱབ་པའོ། །ཞེས་ནང་དོན་དང་པོ། ད་ནི་ནང་དོན་གཉིས་པ་སྟོང་པ་ཕྱམ་ཆད་ཀྱི་ལྟ་བ་ལས་གྲོལ་བར་བསྟན་པ་ནི། དངོས་པོ་ལས་ལོག་པས་སྟོང་པའི་ཆོས་ཉིད་བློའི་སྤྱོད་ཡུལ་དུ་མེད་པས་དེ་ལ་བློས་བསྒོམ་མི་དགོས་པས། ཚིག་གི་སྟོང་པ་ཉིད་ལ་རང་གསལ་དང་བཅས་པའི་རིག་པ་མི་གནས་སོ་ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་སེམས་ཀྱི་དྲན་བྱེད་དེ་ཉིད་བློ་ལས་འདས་པ་བསྟན་པ་ནི། སྒོ་ལྔའི་ཡུལ་མཚན་མར་འཛིན་པའི་དངོས་པོ། རང་དག་པས་མིག་གཟུགས་ལ་འཛིན་པ་ལ་སོགས་པའི་ཆོས་ལ་ང་འཛིན་མེད་རང་གྲོལ་བ་ཉིད་མི་གནས་སོ། །ཞེས་ནང་དོན་གསུམ་པའོ། ད་ནི་ནང་དོན་བཞི་པ་ཚིག་དང་ཡི་གེའི་ཆོས་ལས་འདས་པར་བསྟན་པ་ནི། རིག་པའི་ཡེ་ཤེས་དེ་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པས་ཐོས་བསམ་ལས་འདས་པའི་ཤེས་རབ། མངོན་སུམ་ཆེན་པོ་རང་ལས་བྱུང་བས། དེ་ཉིད་ཚིག་དང་ཡི་གེ་ལས་གྲོལ་བས། བཀའ་སྡེ་སྣོད་རྣམ་པ་གསུམ་གྱི་ཆོས་ལ་ང་རྟོགས་པ་རང་བྱུང་གི་ཡེ་ཤེས་མི་གནས་སོ། །ཞེས་ནང་དོན་བཞི་པའོ། ད་ནི་ནང་དོན་ལྔ་པ་དེ་ཉིད་ཀྱི་ངོ་བོ་ལ་དགེ་སྡིག་ལས་འདས་པ་བསྟན་པ་ནི། ཐུགས་རྗེ་ཀུན་ཁྱབ་ཏུ་སྣང་བའི་ང་ཡེ་ནས་གྲོལ་བའི་ཆོས་ཉིད་ལ་ལས་དགེ་བས་སྐྱབས་སུ་མེད་ལ། སྡིག་པས་གོས་སུ་མེད་པས་ན། དགེ་སྡིག་གཉིས་ཀ་རྣམ་པར་སེལ་ཞེས་བྱའོ། །དེའི་ཕྱིར་ན་འཁོར་བ་སྣང་ཤེས་ཀྱི་ཆོས་ལ་ང་རིག་པ་ཡེ་སངས་རྒྱས་པ་ཉིད་མི་གནས་སོ། །ཞེས་དེ་དག་གིས་ནི་བསྡུས་དོན་ཐ་མ་ལ་ལྔ་སྟེ། ལེའུ་གཞུང་དེ་ལ་བསྡུས་པའི་དོན་བཞི་པ་ལ་ནང་དོན་སུམ་ཅུར་བྱས་ནས་བསྟན་ཏོ། །ཞེས་མུ་ལ་སོགས་པས་མཚན་གྱི་སྐབས་སུ་བསྟན་ཏོ། །ལེའུ་ནི་གཞུང་གི་དོན་དུ་མ་བུ་ངེས་པ། གཉིས་པ་ནི་གཅིག་ལས་གཞན་དུ་བྱུང་བའོ། །ལེའུ་གཉིས་པའི་མུ་ཏིག་གསལ་བར་ཕྱེ་བའོ། །རྫོགས་སོ།། །།
༅། ག྅རྚམ།ཎ།ཿ྅྅྅ ད་ནི་ལེའུ་གསུམ་པའི་མུ་ཏིག་གསལ་བར་དབྱེ་བ་ནི། ལེའུ་གསུམ་པ་འཁྲུལ་པ་དེས་སུ་བསྡུས་པའི་ལེའུ་ལ་བསྡུས་པའི་དོན་ལྔ་སྟེ། བསྡུས་པའི་དོན་དང་པོ་དེ་དག་གི་ཞུ་བ་སྔོན་དུ་འགྲོ་བས། འཁྲུལ་པ་ཉིད་ཀྱི་རང་བཞིན་བསྟན་པ་དང་། གཉིས་པ་སྣང་བའི་དེ་ཉིད་མ་འཁྲུལ་བར་བསྟན་པ་དང་། གསུམ་པ་འཁྲུལ་པའི་དེ་ཉིད་ཀྱི་དོན་རྟོགས་ན་ཐམས་ཅད་རྫོགས་པ་ཆེན་པོའི་གནས་ལུགས་ཡིན་པ་བསྟན་པ་དང་བཞི། བཞི་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པས་སྣང་བ་ཐམས་ཅད་ལ་གནས་ལུགས་ཀྱིས་རྒྱས་ཐེབས་པར་བསྟན་པ་དང་། ལྔ་པ་དེའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་བླ་མའི་གདམས་ངག་དང་འབྲེལ་བར་བསྟན་པའོ། །བསྡུས་པའི་དོན་དང་པོ་ལ་ནང་དོན་བཞི་པ་བསྟན་པའི་དང་པོ། གསང་སྔགས་ཀྱི་སྲི་ཞུ་ཁྱད་པར་ཅན་གྱིས་རིག་པའི་ལུང་གིས་རིག་པ་ཇི་ལྟར་མ་འཁྲུལ་བར་ཞུས་པ་བསྟན་པ་ནི། དེ་ནས་ནི་དེ་གཉིས་ལས་སོ། །ཁྲོ་བོ་ནི་གདུལ་དཀའ་བ་ལ་དགོངས་པའོ། །རྟ་མགྲིན་ནི་རྐང་ཐང་གི་ཚོགས་འདུལ་བ་ལ་དགོངས་པའོ། །འདི་ནི་ཚིག་སྐད་ནི་གདུང་པའི་སྒོ་ནས། ཞེས་གསོལ་ཏོ། །ཞེས་སྟོན་པ་ལ། ཀྱེ་ཀྱེ་ཞེས་ཞུ་བར་སྣང་གཏད་ཅིང་བསྐུལ་བ་སྟེ་གཞུང་གིས་ཤེས་སོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་ལན་དུ་སྔགས་ཀྱི་སྒྲ་དང་བཅས་པ་འ ཁྲུལ་པའི་རང་བཞིན་དེ་ཆོས་ཀྱི་སྐུ་དང་དབྱེར་མེད་པར་བསྟན་པ་ནི། ཞུས་པའི་དེ་ནས་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས་མ་ཞུགས་པ་ནི་བཞེངས་པ་མི་མངའ་བ་གདན་ལས་ནི་ལངས་ཏེ། སརྦ་དྷུ་ཧཾ། ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་འདུ་བ་ཞེས་བྱ་བའི་སྒྲ་བརྗོད་ནས། གནས་དེ་ཉིད་དུ་འདུས་པའི་ཚོགས་ལ་བཀའ་སྩལ་པ་ནི། བསྡུ་བའི་དོན་དུ་བརྩལ་བས། ཆོས་ཐམས་ཅད་རིག་པ་ལ་འདུས་པའོ་ཞེས་པ་སྟེ། ཀྱེ་ཀྱེ་ཉོན་ཅིག་དད་པས་འདུས་པའི་འཁོར་འཇིག་རྟེན་པ་དང་འདས་པ་རྣམས་ལ་ཉན་པར་རྣ་གཏད་དེ་བསྐུལ་ནས། བསྟན་པ་གཞན་ལས་ཁྱད་པར་དུ་རྒྱུད་འདི་ཆེ་བས། མུན་པ་ལས་སྣང་བ་སྟོན་པར་བྱེད་པའི་སྒྲོན་མ་འབར་བའི་འོད་དང་འདྲ་བ་འདི། རྒྱུད་ཀྱི་དོན་ཆོས་ཀྱི་སྐུའི་དགོངས་པ་དང་དབྱེར་མེད་པས་ན་དམ་པ་ཉིད་དུ་ཟུངས་ཤིག་ཅེས་གདམས་པའོ། །ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་འཁྲུལ་པའི་སྣང་བ་འདི་དག་རང་གཞན་གྱི་སྣང་བ་ངོ་བོ་ཉིད་དུ་བསྟན་པ་ནི། རྣལ་འབྱོར་པས་ལམ་དུ་རང་རིག་པ་ཕྱིའི་ཡུལ་ནམ་མཁའ་སྟོང་པ་ལ་གཏད། དེ་ཉིད་ཀྱི་སྤྱོད་ལམ་ནིརྒྱུན་ཏུ་རྟེནཔའོ། །ཐབས་བླ་མའི་གདམས་ངག སྐུ་དེ་ལ་རྒྱུན་དུ་གནས་པ་ལས་མི་འགྱུར་བ་དེ་ལྟར་བྱས་པ་ལས་ཤེས་པར་རྟོགས་ཚད་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེའོ། །དེ་སྐྱེས་པས་དབྱིངས་དག་པ་འགག་པ་མེད་པར་ཤར་བས། བྱས་བཅོས་ཅི་དང་ཅི་བྱས་པ་ཐམས་ཅད། ཆོས་ཉིད་ཀྱི་རོལ་པར་འཆར་རོ། །དེའི་ངང་ལ་གནས་པས་བློ་དམན་པ་ལ་གསང་བའི་ཡེ་ཤེས་དེ་རང་ལ་འགྱུར་བ་མེད་པས་ལས། རང་བཞིན་གྱི་སྣང་སོ་འདི་ལྟར་གྲོལ་བས། དབང་པོ་ལ་མ་འགག་པར་གསལ་ལོ། །དེ་ཡང་ངོ་བོ་ཀ་དག་ཉིད་ལས། སྐུ་གསུམ་ལྟར་རང་གི་མི་གནས་འཕྲོའོ། །རྩོལ་བསྒྲུབ་ཀྱི་མཐའ་བཅད་པ། བྱ་བ་ལུས་བྱེད་པ་སེམས་གཉིས་ལས་རབ་ཏུ་འདས་པས། སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀྱི་ཡུལ་ལ་གཟིགས་སྟངས་གསུམ་གྱིས་བལྟས་པས། སྣང་བ་བཞིའི་དོན་མཁྱེན་པའོ། །དེའི་ཐུགས་རྗེའི་གོ་མ་འགགས་པར་ཤར་བས། རྟགས་བྱང་ཆུབ་སེམས་ཀྱི་སྒྲོན་མའི་ཡེ་ཤེས་ནི་འོད་ཀྱི་ཐིག་ལེར་རང་གི་མིག་ནས་གསལ་ལོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་བ་དེ་དག་གི་དོན་འཇུག་བསྡུ་བ་སྒྲོན་མ་ཉིད་ཀྱི་སྣང་བ་བསྟན་པ་ནི། དེ་དག་ཐམས་ཅད་ཀྱང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཆོས་ཉིད་རྣམ་པར་དག་པ་གསལ་བ་ཡིན་ནོ། །སྒྲོན་མ་དབྱིངས་རྣམ་པར་དག་པ་ཉིད་ཀྱི་སྣང་བ་ནི་དབྱིངས་རིག་པ་འདུ་འབྲལ་མེད་པ་ཡིན་པས། དེ་ལ་རྟག་ཏུ་མ་གོས་པར་བྱས་པས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེ་དག་གི་བསྡུས་པའི་དོན་དང་པོ་ལ་བཞིར་བྱས་ནས་བསྟན་ཏོ། །ད་ནི་བསྡུས་དོན་གཉིས་པ་འཁྲུལ་པའི་སྣང་བ་དེ་ཉིད་མ་འཁྲུལ་བར་བསྟན་པ་ལ། ནང་དོན་བཞིས་བསྟན་པའི་དང་པོ་འཁྲུལ་སྣང་དེ་ཉིད་སངས་རྒྱས་ཀྱི་སྣང་བ་དང་ཁྱད་མེད་དུ་བསྟན་པ་ནི། དེ་ནས་ནི་འཁྲུལ་སྣང་ཡུལ་ལ་སྣང་བས་སྣང་བ་དེའི་གོང་དག་པ་དང་མ་དག་པ་གཉིས་སུ་འབྱེད་པས། སྣང་ཚད་ཙམ་ཅིག་ཡིན་པ་ནི་རིག་པའི་སྣང་བ་ཐ་དད་པའི་སྤྲོས་པ་དང་བྲལ་བས་གང་ཡང་མིན་ནོ། །གསང་བའི་ཕྱིར་རྟོགས་པར་དཀའ། ལྟ་བའི་དོན་གྱི་སྤྱིའི་རྒྱས། འགྲོ་བ་རྣམས་ལ་སྟབ་པས་མོས་པའི་སྙིང་ལ་བྱིན་རླབས་འཇུག་པར་བྱེད་པས་ཆེན་པོའོ། །ཚིག་གཉིས་གཞུང་གསལ་ལོ། །ཞེས་ནང་དོན་དང་པོའོ། །ད་ནི་གཉིས་པ་དོན་དམ་ཀུན་རྫོབ་ཀྱི་སྣང་བ་དེ་ལ་སྐུ་ལྷར་སྣང་ཞིང་རིག་པ་གཅིག་པུར་བསྟན་པ་ནི། གཞལ་བྱ་ལས་འདས་པས་དོན་རིག་པ་དམ་པ་གདམ་ངག ཡེ་ཤེས་མཁྱེན་པའི་ཆ། ལྔ་གྲངས་ཏེ་མེ་ལོང་ལྟ་བུ་ལ་སོགས་པ་སྣང་བ་ཁ་དོག་དེ་ཡང་བརྟགས་པ་ཙམ་དུ་བདེན་པས་ཀུན་འཚོགས་པ། རྫོབ་སྒྲིབ་པར་བྱེད་པ་ཡེ་ཤེས་མ་སྤངས་པར་གནས་སུ་དག་པ། སྣ་ཚོགས་མིང་གི་བྱེ་བྲག དེ་ཡང་ལུ་གུ་རྒྱུད་ཨར་ལ་གཏད་པས་དེ་ཉིད་སྐུ་ལྷར་སྣང་ཞིང་ངོ་བོ་རིག་པར་དོན་དམ་ཀུན་རྫོབ་དབྱེར་མེད་དུ་འདུའོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་འབྱུང་བ་ལས་གྲོལ་བའི་རིག་པ་ཡུལ་ལ་སྔོན་དུ་སྣང་བ་བསྟན་པ་ནི། འཕྲ་རག་ལ་སོགས་པའི་ཚིག་དྲུག་གཞུང་གསལ་ལོ། །ད་ནི་ནང་དོན་བཞི་པ་བླ་མའི་མན་ངག་གིས་ཐམས་ཅད་བརྗོད་དུ་མེད་པའི་ས་ལ་ཕྱིན་པར་བསྟན་པ་ནི། མན་ངག་རིན་པོ་ཆེ་ནི་སྔོན་དུ་འགྲོ་བ་རྣམ་པ་དྲུག་གིས་གཞི་སྦྱང་པ་དང་། དངོས་གཞི་བཞིས་གནད་དུ་གཟུད་པ་དང་། དེ་ཡང་མིག་གི་ངོ་བོ་མ་ཆོད་པས། མངོན་གསུམ་དུ་སྣང་བས། མན་ངག་འདིར་རབ་ཏུ་ཟབ་པར་བསྟན་པའོ། །དེ་ལྟར་བྱས་པས་ཕྱི་ནང་དུ་རྒྱུ་བའི་རླུང་བྱང་། རིག་པ་སྐུར་ཆུབ་པའི་ས། སྐུ་གསུམ་དབྱེར་མེད་པ་ལས། ཕ་རོལ་ན་ཆོས་ཉིད་ཟད་པས་ཞེས་བྱ་བ་ལ་ཕྱིན་པས། ཁམས་གསུམ་གྱི་མིང་མེད། དེའི་དོན་བརྗོད་དུ་མེད་པས་ཚིག་གིས་གཏན་ལ་མི་ཕེབས་པས། ཡུལ་ལ་མངོན་གསུམ་དུ་ཡོད་པའི་ཕྱིར་སྐུར་སྣང་བའོ། །ཞེས་དེ་དག་གིས་ནི་ལེའུ་གསུམ་པའི་བསྡུས་པའི་དོན་གཉིས་པ་ལ་གཞིར་བྱས་ནས་བསྟན་ཏོ། །ད་ནི་ལེའུ་གསུམ་པའི་བསྡུས་པའི་དོན་གསུམ་པ་འཁྲུལ་པའི་དེ་ཉིད་རྟོགས་ན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན་པར་བསྟན་པ་ལ་ནང་དོན་བཅུ་གསུམ་གྱིས་བསྟན་པའི་དང་པོ། འཁོར་འདས་གཉིས་མེད་དུ་བསྟན་པ་ནི། ཀྱེ་ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཞེས་བོས་ནས། འཁོར་བའི་ཆོས་སྣང་བ་སྣང་ཐོག་ཏུ་གྲོལ་བས་སྣང་དུ་ཤེས། ཤེས་པ་འགྱུས་ཐོག་ཏུ་གྲོལ་བའི་དོན་རྟོགས་ན། འགྱུ་བ་རང་དག་ཏུ་ཤེས་པས་ན། འཁོར་བ་ཉིད་རང་སར་གྲོལ་བས་ན། མྱ་ངན་ལས་འདས་པ། ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དུག་ལྔ་དང་ཡེ་ཤེས་གཉིས་མེད་དུ་བསྟན་པ་ནི། ཉོན་ལུས་ལ་མོངས་སེམས་ཏེ། དེ་ལྟར་ལུས་སེམས་འཆིང་བ་དུག་ལྔ་སྟེ། འདོད་ཆགས་འདོད་ཆགས་ཀྱིས་གྲོལ་བས་སྤང་ལ་མེ་མཆེད་པ་ལྟ་བུ་ཞེ་སྡང་དེ་ཉིད་ཀྱིས་གྲོལ་བས་ཆུ་ངོགས་སུ་རྡོ་བོར་བ་ལྟ་བུ། གཏི་མུག་དེ་ཉིད་ཀྱིས་གྲོལ་བ་མུན་པའི་སྨག་སངས་པ་ལྟ་བུ། ང་རྒྱལ་དེ་ཉིད་ཀྱིས་གྲོལ་བ་རྒྱས་པོའི་གཉའ་ལས་བཀྲོལ་བ་ལྟ་བུ། ཕྲག་དོག་དེ་ཉིད་ཀྱི་གྲོལ་བ་རི་གསུམ་གྱི་རྩེར་ཕྱིན་པ་ལྟ་བུའོ། །དེ་ལྟར་རྟོགས་ན་ཡེ་ཤེས་ལྔ་རང་གྲོལ་བའོ། །དེ་ལྟར་རྟོགས་པས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། གཞི་གནས་ཀྱི་ཡེ་ཤེས་མིང་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་བདེ་སྡུག་གཉིས་མེད་དུ་བསྟན་པ་ནི། སྡུག་ལུས། བསྔལ་བ་སེམས། དེ་གཉིས་ལ་བདེ་བ་སྐྱེ་བར་བྱེད་པའི་རྒྱུད་སྡུག་བསྔལ་ཡིན་པས། དོན་རང་སྣང་ཅོག་བཞག་ཏུ་རྟོགས་ན། དེ་ཉིད་རང་བདེ་བར་གྲོལ་བས་རྫོགས་པ་ཆེན་པོའི་གནད་ཡིན་པས་གཞན་ནས་བརྩལ་དུ་མེད་དོ་ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་སྐྱོན་ཡོན་གཉིས་མེད་དུ་བསྟན་པ་ནི། སྐྱོན་གྱི་མཐའ་མེད་ན་ཡོན་ཏན་བརྩལ་དུ་མི་སྙེགས་པས། དེ་ཆོས་ཉིད་དུ་ཤེས་པས་ན། དེ་ལ་གཏང་བཞག་མེད་པར་རྟོགས་ན། སྐྱོན་ཉིད་རང་གིས་རང་གྲོལ་བའི་ཕྱིར་ཡོན་ཏན་ཆེན་པོ་བརྩལ་མི་དགོས་སོ། །ཞེས་ནང་དོན་བཞི་པའོ། །ད་ནི་ལྔ་པ་འཁྲུལ་བ་དང་མ་འཁྲུལ་བ་གཉིས་མེད་དུ་བསྟན་པ་ནི། འཁྲུལ་བ་ཉིད་ཀྱི་དོན་རིག་པ་ཡེ་ནས་འཁྲུལ་མ་མྱོང་པར་ཤེས་ན། དེ་ཉིད་རང་ཐོག་ཏུ་གྲོལ་བས་འཁྲུལ་པ་མེད་པའི་རིག་པ། ཞེས་གཞན་ནས་བརྩལ་མི་དགོས་སོ། །ཞེས་ནང་དོན་ལྔ་པའོ། །ད་ནི་དྲུག་པ་འབྱུང་བའི་དྭངས་སྙིགས་གཉིས་མེད་བསྟན་པ་ནི། འབྱུང་བ་སའི་མཚན་ཉིད་བསྟན་ཞིང་བསྐྱེད་པ་དང་། མེ་ཚ་ཞིང་བསྲེགས། ཆུ་བརླན་ཞི ང་སྡུད་པ། །རླུང་ཡང་ཞིང་བསྐྱོད། ནམ་མཁའ་ཡང་ཞིང་སྐབས་འབྱེད་པ་ལྔ་ཉིད་ཀྱི་དོན་ས་སྲ་བ་མེད་པའི་བརྟན་པ། ཆུ་གཤེར་པ་མེད་པའི་ཁྱབ་པ། མེ་ཚ་བ་མེད་པའི་སྨིན་པ། རླུང་ཡང་བ་མེད་པའི་འདེགས་པ། ནམ་མཁའ་ཡང་པ་མེད་པར་གསལ་བར་རྟོགས་ན། ས་ཆེན་པོ་ལས་སེར་པོ། ཆུ་ཆེན་པོ་ལ་དཀར་པོ། མེ་ལས་དམར་པོ། རླུང་ལས་ལྗང་གུ། ནམ་མཁའི་ལས་མཐིང་ག་སྟེ། འོད་ལྔ་ཉིད་དུ་དྭངས་མ་ཡེ་ནས་བབས་ཀྱི་ཤེས་བྱ་ལ་གྲུབ་བོ། །ཞེས་ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་མ་རིག་པ་གཉིས་མེད་དུ་བསྟན་པ་ནི། མ་རིག་པ་ཉིད་ཀྱི་རྩལ་འཁོར་བ་རང་དག་ཏུ་ཆོད་ན། རིག་པའི་སྐུ་ཉིདདེ་ལས་གཞན་དུ་བརྩལ་དུ་མེད་པས། མ་བསྒྲུབ་པར་འགྲུབ་པའོ། །ཞེས་ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་བསྟན་པ་ནི། སེམས་ཅན་ཉིད་ཀྱི་དོན་ཡེ་སངས་རྒྱས་པར་ཤེས་ན། སངས་རྒྱས་པས་དེ་ཉིད་ཀྱང་གང་ནས་ཀྱང་མ་བརྩལ་བར་རང་ལ་རྙེད་པའོ། །ཞེས་ནང་དོན་བརྒྱད་པའོ། །ད་ནི་ནང་དོན་དགུ་པ་སྣང་བ་དང་། འོད་གཉིས་གཉིས་མེད་དུ་བསྟན་པ་ནི། འདི་ལྟར་སྣ་ཚོགས་སྣང་བའི་དོན་དབང་པོ་ལ་སོགས་པ་རང་གྲོལ་དུ་རྟོགས་ན། རང་རིག་པའི་རང་བཞིན་དག་པའི་འོད་སྣང་། གཞན་ནས་མ་བརྩལ་པ་རང་རྙེད་དོ། །ནང་དོན་དགུ་པའོ། །དེ་ནི་ནང་དོན་བཅུ་པ་རྟོག་པ་དང་མི་རྟོག་པ་གཉིས་མེད་དུ་བསྟན་པ་ནི། རྟོག་པ་ཉིད་ཀྱི་རྗེས་འཛིན་མེད་རང་དག་ཏུ་ཆོད་ན། འཁྲུལ་པའི་བདག་ཏུ་འཛིན་པ་ཟད་པས་དེ་ཉིད་རང་གྲོལ་བའོ། །ཞེས་ནང་དོན་བཅུ་པའོ། །ད་ནི་ནང་དོན་བཅུ་གཅིག་སྟོང་གསལ་གཉིས་མེད་དུ་བསྟན་པ་ནི། སྟོང་པ་སྣང་བའི་དོན་དངོས་མེད་ཟང་ཐལ་དུ་རྟོགས་ན། ཡེ་ཤེས་ཀྱི་སྐུ་སྣང་གསལ་ཞིང་མི་འགྱུར་བའི་ངོས་ནས་ལྷུན་གྱིས་གྲུབ་པའོ། །ནང་དོན་བཅུ་གཅིག་པའོ། །ད་ནི་ནང་དོན་བཅུ་གཉིས་པ་སྣང་སྟོང་གཉིས་མེད་དུ་བསྟན་པ་ནི་དེ་དངོས་པོར་སྣང་བའི་ཕུགས་སྟོང་པ་རང་གྲོལ་དུ་མཐོང་ན། མེད་པ་སྟོང་པ་ཉིད་ཀྱང་མ་སྒྲུབ་པར་རྫོགས་པའོ། །ནང་དོན་བཅུ་གཉིས་པའོ། །ད་ནི་ནང་དོན་བཅུ་གསུམ་པ་དེ་དག་ཀྱང་ཆོས་ཉིད་སྐྱེ་བ་མེད་པའི་དོན་ཅན་དུ་བསྟན་པ་ནི། ཆོས་ཉིད་ཨའི་དོན་སྐྱེ་མེད་རང་གྲོལ་དུ་རྟགས་ན། སྐྱེ་བ་མེད་པའི་ཆོས་ཉིད་རིག་པ་འཆི་མེད་དུ་རང་གྲོལ་བས་དོན་བཞི་པ་དེ་ལྟར་དོན་རྟོགས་པའི་རྣལ་འབྱོར་བས་སྣང་བ་ཐམས་ཅད་ལ་གནས་ལུགས་ཀྱི་རྒྱས་ཐེབས་པར་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ་དབྱིངས་དང་། རིག་པའི་ཡུལ་དུ་གྱུར་བར་བསྟན་པ་ནི། ཨེ་མ་ཧོ་ནི་སྣང་བ་ཡེ་ཤེས་ཀྱ་ིརྒྱས་བཏབ་པས་ངོ་མཚར་བའོ། །རང་སྣང་སྟོང་པ་ཉིད་ཀྱི་རྒྱ་ནི། སྣང་སྟོང་དབྱེར་མེད་པའོ། །སྟོང་འབྱམས་ཡེ་ཤེས་སྐུའི་རྒྱ་ནི་གསལ་སྟོང་དབྱེར་མེད་པའོ། །སྣ་ཚོགས་མཚན་ཉིད་རིགས་པའི་རྒྱ་ནི་བདེ་སྟོང་དབྱེར་མེད་པའོ། །རྣམ་དག་གླིང་ཡངས་པའི་རྒྱ་ནི། རིག་སྟོང་དབྱེར་མེད་པའོ། །མཚན་མ་དངོས་དག་རིག་པའི་རྒྱ་ནི་དྲན་པ་ལ་རིག་པའི་རྒྱས་བཏབ་པས། ཡུལ་རིག་དབྱེར་མེད་པའོ། །སྣང་བ་རང་རྫོགས་དབྱིངས་ཀྱི་རྒྱ་ནི་འབྱུང་སྣང་ལ་དབྱིངས་ཀྱི་རྒྱས་བཏབ་པས་དབྱིངས་འཁོར་མར་གསལ་བས་ཡེ་ཤེས་ཉིད་དོ། །ཞེས་བསྡུས་དོན་བཞི་པའི་ནང་དོན་བཞི་པའོ། །ད་ནི་ནང་དོན་གཉིས་པ་ལྟ་སྒོམ་སྦྱོད་པ་འབྲས་བུའི་དོན་གྱིས་སྣང་བ་རང་སར་དག་པ་རྒྱས་ཐེབས་པར་བསྟན་པ་ནི། སྤྱོད་པ་རྨད་བྱུང་རོལ་པའི་རྒྱ་སྣང་ལ་དབང་བསྒྱུར། བསྒོམས་པ་རྨད་འབྱུང་པ་ཉིན་མཚན་ཁ་སྦྱར་བས་སེམས་ལ་རྒྱས་ཐེབས་པས་ཁམས་གསུམ་དུ་མི་ལྡོག་ལྟ་བ་རྨད་དུ་བྱུང་བས། མངལ་གྱི་གྲོང་ཁྱེར་རྒྱུན་བཅད་པས། རིག་པ་དང་ནམ་མཁར་འབྲེལ་པའི་རྒྱུ་འབྲས་བུ་ཉིད་ཀྱང་རྒྱུར་མི་ལྡོག་པས་རྨད་དུ་བྱུང་སྟེ། བརྩོན་འགྲུས་རབ་ཟག་བཅས་མི་སྣང་། འབྲིང་བར་མ་དོ་ལ་ཐ་མ་ཚེ་གཅིག་ལ་ཆག་ཆད་མེད་དུའོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་དབྱིངས་རིག་པ་འདུ་འབྲལ་མེད་པར་རྒྱས་བཏབ་པར་བསྟན་པ་ནི། གཞི་འཛིན་པའི་ཡེ་ཤེས་གསུམ། རྨད་དུ་བྱུང་བས་སྟོང་པ་ཟང་ཐལ་དུ་རྟོགས་པས་འཁོར་བ་ལ་རྒྱས་ཐེབས་སོ། །གཞི་མ་བཅོས་པར་རང་སྣང་བས་ཆོས་ཉིད་རྨད་དུ་བྱུང་བས། རོལ་པས་ཐམས་ཅད་རང་གྲོལ་དུ་རྒྱས་བཏབ་པས། ཡེ་ཤེས་རང་ན་གསལ་ལོ། རང་རིག་ལྟ་བའི་གདེངས་ཀྱིས་བརྟགས་པ་རྨད་དུ་བྱུང་བ་ནི་རིག་པ། ཤེས་རབ་ཀྱིས་སྟོང་གསལ་ངོ་མཉམ་དུ་རྒྱས་ཐེབས་པའོ། །དེ་དག་གི་ངོ་བོ་རྨད་དུ་བྱུང་རིག་པ་ལུ་གུ་རྒྱུད་ཆད་མེད་པར་རང་སྣང་བས་ཕྱི་འཁྲུལ་པའི་ཡུལ་ལ་རྒྱས་ཐེབས་པའོ། །དེ་ལྟར་ཡང་དག་རིག་པ་ལ་དྲི་མ་མེད་པས། དབྱིངས་རིག་གང་དུ་ཡང་མ་ཕྱེ་པའི་རྒྱའོ། །ཞེས་དེ་དག་གིས་ནི་ལེའུ་གསུམ་པའི་བསྡུས་པའི་དོན་བཞི་པ་ལ་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལྔ་པ་དེའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་བླ་མའི་གདམས་ངག་དང་འབྲེལ་བར་བསྟན་པ་ནི། ནང་དོན་དྲུག་གིས་བསྟན་པའི་དང་པོ་བླ་མའི་གདམས་ངག་སྣོད་ཁྱད་པར་དང་ལྡན་པ་ལ་གསུམ་དུ་བྱས་ནས་བསྟན་ཏོ། །ལྟ་བ་གཉིས་མེད་ཀྱི་དོན་བསྟན་གྱིས་ཨེ་མ་ཧོ་གསང་བའི་བདག་པོ་ཆེན་པོ་ཁྱོད་ཉོན་ཅིག་ཅེས་གདམ་ནས། དེ་ཡང་བསྐལ་པ་དང་ལྡན་པ་ཅིག་གིས། ཕྱི་སྤྲོས་བཅས་ཀྱི་དབང་དང་། ནང་སྤྲོས་མེད་ཀྱི་དབང་དང་། གསང་བ་ཤིན་ཏུ་སྤྲོས་པ་མེད་པའི་དབང་། འོག་ནས་འབྱུང་བ་ལྟར་རྫོགས་པར་བྱས་ནས། དེ་ནས་རབ་ཏུ་སྤྲོས་པ་མེད་པའི་དབང་རྫོགས་པར་བྱས་ཏེ། དེའི་ཉེ་རྒྱུར་དམ་ཚིག་ལ་བརྟེན་པར་བྱའོ། །དེ་ནས་སྨིན་པ་གྲོལ་བར་བྱེད་པ་ལ། སྙིང་པོ་ནི་ཐབས་ཁྱད་པར་ཅན་དྲིལ་བ། བཅུད་ནི་སྔོན་དུ་འགྲོ་བ་དང་། དངོས་གཞི་ལ་བརྟེན་ནས་འཁོར་བའི་གཡང་ས་བཅད་པ། གདམས་པ་སྙིང་གི་སྙིང་ལ་གནག་པ། ངག་བླ་མའི་ཞལ་ནས་བྱུང་པ་འདི་ལ་རྟག་ཏུ་གནས་ན། རིག་པའི་བཅུད་སྙིང་པོ་སྟེ། དེ་ཉིད་ལ་ཉམས་སུ་བླངས་པས། སྙིང་པོ་སྣོད་ཁྱད་པར་ཅན་ལ་བསྟན་པས། འབྲས་བུ་ལ་ཚོགས་པ་མེད་པའོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དེ་ལྟར་བླ་མའི་ཐབས་ལ་བརྟེན་ནས་རྒྱུད་འདིའི་མཐའ་འདི་ཡིན་པར་བསྟན་པ་ནི། ངེས་པའི་བཅུད། གསང་སྔགས་ཀྱི་དམ་ཚིག་གསུམ་དང་འབྲེལ་བས། འབྲས་བུ་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །རྒྱུད་གྱི་རྩོལ་བ་མཐར་ཐུག་པ་ནི་འདི་ཉིད་ཡིན་པ་དང་། མ་འོངས་པའི་དུས་ན་ཡང་འགྱུར་རོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་དེའི་དོན་གོ་བའི་དུས་ན་སྣང་བ་ཐམས་ཅད་གཉིས་མེད་དུ་བསྟན་པ་ནི། དོན་དམ་ཀུན་རྫོབ་གཉིས། བདེན་པ་གཅིག་པ་དབྱེར་མེད་དུ་རྟོགས་པས། ཚིག་དྲུག་གཞུང་གསལ་ལོ། །ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་དེ་ལྟར་རྟོགས་ཤིང་གོ་བས་འཁྲུལ་པ་ཀ་ནས་དག་པར་བསྟན་པ་ནི། དེ་ཡང་གཅིག་ལས་འདས་པས་གྲངས་ཟད། དུ་མར་མི་འབྱེད་པས། གཅིག་ཙམ་དུ་ཡང་མ་གྲུབ། དེ་ལྟར་གཅིག་དང་དུ་མ་དང་བྲལ་བས་ཐ་དད་པ་མ་ཡིན་པས། དེ་ཉིད་རང་ཐོག་ཏུ་གྲོལ་བས་གཉེན་པོ་གཞན་ལ་རག་མ་ལུས་པར་རྟོགས་པའི་དུས་ན་གཉིས་སུ་མེད་པས་གཅིག་ཏུ་ཡང་མ་ཡིན་ལ། གཅིག་ཏུ་མི་གནས་པས་གཉིས་སུ་ཡང་མ་ཡིན་ནོ། །གསང་བ་སྣོད་མེད་པ་ལ། སྔགས་སྣོད་ལྡན་ལ། ཐབས་ཀྱིས་རྒྱུའི་ཐེག་པ་རྣམས་ལས་ཁྱད་པར་འཕགས་ཏེ། དེའི་ཚད་འདི་ཡིན་བྱ་བར་བཟུང་བར་མི་ཤེས་པས། དེ་དང་གཉིས་མེད་དུ་གོ་བའི་དུས་ན། ཐབས་ཉམས་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་སེམས་ཅན་གྱི་སྣང་བས་འཁྲུལ་པའི་ཡུལ་ལ་སྣ་ཚོགས་སུ་སྣང་ཡང་། དེ་ཉིད་ཐབས་ཀྱིས་གྲོལ་བས་ན། སྣང་བ་སྣང་ཐོག་དུ་གྲོལ་བའི་གནད་དེ་ཡང་དོན་དམ་པ་ཉིད་ལ་གཅིག་ལས་མེད་དེ། གལ་ཏེ་ཀུན་རྫོབ་དང་གཉིས་སུ་བྱུང་ན། གཅིག་ལ་བརྟེན་པའི་གྲངས་ལས་འདས་ཏེ། ཟད་པ་མེད་ཞེས་ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་པ་སྣ་ཚོགས་སུ་སྣང་ཡང་དེ་གོ་ན་གཅིག་དུ་བསྟན་པ་ནི། དེའི་ཕྱིར་ན་སྣང་བ་གཅེར་བཞག་ཏུ་བཞག་པས། ཕྱི་སྣང་བའི་ཡུལ་ལ། ནང་འཛིན་པའི་སེམས་ཀྱིས་མ་བཅད་ཡུལ་སེམས་གཅིག་མེད་ཀྱང་། དེ ཉིད་ཤེས་པའི་དུས་ན། ཐམས་ཅད་རང་གི་འབོར་གྲོལ་བའི་ཉམས་སྣ་ཚོགས་རང་སར་འབྱུང་ངོ་། །སྣ་ཚོགས་དེ་ཉིད་ལ་ཞེན་པ་རང་གྲོལ་བ་ནི། མ་རིག་པ་ཉིད་མ་རིག་པས་གྲོལ་བ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་ཐམས་ཅད་གཉིས་མེད་དུ་གོ་བས། གཉིས་མེད་དེའི་ངང་ལ་དུས་ཐམས་ཅད་དུ་གནས་ན། དེ་ལས་ཅི་ཞིག་བྱའོ། །ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་དེ་ལྟར་འཁྲུལ་པ་དག་པས་ཞིང་ཁམས་འདི་ཉིད་ལ་འཆར་བར་བསྟན་པ་ནི། འཁྲུལ་སྣང་གི་ཡུལ་སྣང་ཤེས་ཐ་དད་པ་རང་ལོག་དུ་རྩད་ཆོད་ན། དེ་ཉིད་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས། དེ་ལྟར་གཉིས་སུ་མེད་ན། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་མཚན་སྐབས་སུ་བསྟན། ལེའུའི་གཞུང་དེ་ལ་བསྡུས་དོན་ལྔར་བྱས་ནས་བསྟན་ཏོ། །ལེའུའི་མཚན་འཁྲུལ་པ་དེ་ནི་མ་ཡིན་ལ་དེར་འཛིན་པ་ནི། མ་འཁྲུལ་པའི་ཡེ་ཤེས་ལ་སྦྱོར། བརྡ བ་ནི་གཞུང་ཚིག་དང་ཡི་གེ་ལ་བརྟེན་ནས་འཁྲུལ་པ་རང་གྲོལ་བའི་ལེའུ་ལ་བསྡུས་པའི་དོན་ལྔ་ལ་ནང་དོན་ཡན་ལག་གི་དོན་སུམ་ཅུའི་ལེའུ་གསུམ་པའོ། །ཞེས་པ་ནི་ཚིག་དོན་གསལ་བ་བསྟན་པའོ་ཞེས་ལེའུ་གསུམ་པའི་མུ་ཏིག་གསལ་བར་ཕྱེ་བའོ། །རྫོགས་སོ།། །།
༅། གྲབདངི་ཉ྅ཊཤཿ྅྅྅ ད་ནི་འབད་པ་མེད་པར་རང་གྲོལ་དུ་བསྟན་པའི་ལེའུ་མུ་ཏིག་གསལ་བར་ཕྱེ་ན། ལེའུ་འདི་ལ་བསྡུས་པའི་དོན་དགུ་སྟེ། དང་པོ་ཆོས་ཉིད་ཀྱི་རྒྱན་དུ་ཐམས་ཅད་འདུས་པར་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། དེ་དག་གི་གྲོལ་ལུགས་ཇི་ལྟར་ཡིན་ཞུས་པ་ནི། དེ་ཡང་ཆོས་ཉིད་ཀྱི་རྒྱན་བསྟན་པ་སྟེ། དེ་ནས་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །ད་ནི་ནང་དོན་གཉིས་པ་ལན་བཀའ་སྩལ་པས་ཡེ་ཤེས་དངོས་བསྟན་པ་ནི། བཅོམ་ལྡན་འདས་ལ་སོགས་པའི་ཚིག་དགུ་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་རིག་པ་སྐྱེ་མེད་ཀྱི་སྣང་བ་བསྟན་པ་ནི། དེ་ཡང་རིག་པ་ཉིད་ཐོག་མ་སྐྱེ་མ་མྱོང་བས་ད་ལྟ་སྐྱེ་བ་མེད་པ་སྣང་བ་ནི། སྐྱེ་བྱ་བློའི་རིམ་པས་རྒྱུ་མེད་པས། སྐྱེ་བྱེད་ཡུལ་རྐྱེན་ཐ་དད་པ་མེད། དེ་ལྟར་རྒྱུ་རྐྱེན་གནས་ལས་འདས་པས། རིག་པ་ཉིད་དངོས་གང་དུ་ཡང་མ་གྲུབ་པས། གསང་བའི་སྐུ་ཞེས་བྱའོ། དེ་ཉིད་མི་འགྱུར་བ་དང་། ཤེས་རིག་མ་བཅོས་པས་རིག་པའི་ངང་འཁོར་འདས་དུས་གཅིག་ལ་གྲོལ་བའོ། །རྣམ་པར་དག་པའི་ཆོས་ཉིད་དེ་ལ་ཉོན་མོངས་པའི་རྟོག་པ་ཟད་པས། འབུ་ཐའི་ཐུགས་རྗེས་ཀྱང་བཅོས་སུ་མེད་དོ། །དེ་དག་ཐམས་ཅད་བག་ཆགས་ལས་འདས་པའི་ཕྱིར། གཉེན་པོ་གཞན་གྱིས་ཀྱང་བར་གཅོད་དུ་མེད་དོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཐིག་ལེ་དང་ལུ་གུ་རྒྱུད་ཀྱིས་སྐུ་བསྟན་པ་ནི། ཆོས་ཉིད་ཀྱི་ཐིག་ལེ་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྒྱན་བཟང་པོ་འོད་དང་། འོད་ཁྱིམ་ལ་སོགས་པའོ། །དེ་ལས་ཐིག་ལེའི་སྣང་བ་ནི། གཞི་ཐིག་ལེ་དབྱིངས་རང་གི་མཛོད་སྤུ་ན་གནས། ལམ་གྱི་ནི་སོར་བཞིས་མ་རེག འབྲས་བུའི་ནི་དབྱིངས་ཀྱི་གོ་ར་ལས་འདས་མོད། བཟང་པོའི་ཐིག་ལེ་ནི་མཐིང་ག་མི་འགྱུར་བའི་སྤྲོས་ལས་མི་འདའ། བཟང་པོའི་རྒྱན་དང་ལྡན་པའི་དེ་ལས་ཁ་དོག་ལྔར་གསལ། བཟང་པོའི་རྩེ་མོའི་ཐིག་ལེ་ནི་ལྗང་གུ་བྱ་སྩལ་དང་བྲལ་བའི་མཐའ་སྐོར་བ་ཐིག་ལེ་བདུན་གྱིས་རྣམ་པར་སྤྲེལ་བ་ལས། མཐའ་ཡས་ཞིང་ཞེས་པའོ། །དེ་ལྟར་ཐིག་ལེ་བདུན་འདུས་པའི་དབྱིངས་རྣམ་པར་དག་པའི་ནང་དུ་སྐུ་གསུམ་གྱི་ངོ་བོ་ལུ་གུ་རྒྱུད། རྒྱུན་མ་ཆད་པར་གནས་པས། འབད་པ་མེད་པའི་སངས་རྒྱས་གནད་དོ། །དེ་ལ་བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་ན་ཡེ་ཤེས་ཀྱི་སྣང་བ་ཁ་དོག་གི་སྣང་བ་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་ལ་སོགས་པའོ། །དབྱིབས་ནི་མདུང་རྩེ་དང་། མཆོད་རྟེན་ལྟ་བུ་དང་། མཁར་ཐབས་དང་། མིག་རྩགས་དང་། མིག་མང་རིས་དང་། གུར་ཁྱིམ་ལ་སོགས་པ་རང་བཞིན་གྱི་འོད་ཟེར་ལྔ་ལྟར་འབར་རོ། །ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་པ་དེ་ཡང་ལས་ཀྱི་རླུང་གིས་འཁོར་འདས་མཚམས་སྦྱར་བ་བསྟན་པ་ནི། སངས་པ་ལས་དང་ཉོན་མོངས་པ་རྒྱས་པ་ཐིག་ལེ་དང་སྐུ། ལས་ཀྱི་ནི་རིག་པ་ཉིད་དོ། །སྐུ་ནི་ཚད་ལ་ཕེབས་པ། ཆོས་ཉིད་ཡངས་པ་འདི་ལ། ནམ་མཁའ་ལ་རང་གསལ་བ། གསང་རྒྱ་ཀྱི་ཚིག་གཉིས་གཞུང་གསལ་ལོ། །དེ་དག་གིས་བསྡུས་པའི་དོན་དང་པོ་ཆོས་ཉིད་ཀྱི་རྒྱན་དང་ཐམས་ཅད་འདུས་པར་བསྟན་པ་ལ་ལྔར་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གཉིས་པ་བྱུང་ཚུལ་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ་རང་གི་རིག་པའི་ཕོ་བྲང་བསྟན་པ་ནི་ཨེ་མ་ལ་སོགས་པའི་ཚིག་ལྔ་གཞུང་གིས་གསལ་ལོ། །ནང་དོན་གཉིས་པ་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་མཚན་ཉིད་བསྟན་པ་ནི། རང་རིག་ཡེ་ཤེས་སྐུའི་ཀློང་། ཆོས་སྐུའི་རང་དག་གི་ཡེ་ཤེས་ངོ་བོ་ཀ་ནས་དག་པའོ། །སྟོང་པ་དངོས་མེད་ཡེ་ཤེས། གསལ་བ་མཁའ་ནམ་མཁའ་རོལ་པ་སྣ་ཚོགས་ལྷུན་གྲུབ་ཀྱི་ཡེ་ཤེས་གསུམ་གྱི། ཡང་དག་ཡེ་ཤེས་ནི། ངོ་བོ་ཀ་དག །མ་འགགས་པས་ནི་རང་བཞིན་ནི་ལྷུན་གྲུབ་བོ། །ལེའུ་གཉིས་པའི་བསྡུས་དོན་གཉིས་པའི་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་ཡེ་ཤེས་ཀྱི་རླུང་དང་ལས་ཀྱི་རླུང་གིས་ཚད་བཟུང་བ་བསྟན་པ་ནི། ཤེས་རབ་ཀྱི་རྩལ་སྐྱེ་པའི་དུས་ན། ཏིང་ངེ་འཛིན་སྤང་ལ་མེ་མཆེད་པ་དང་འདྲ་བ་སྐྱེས་པས། ཕྱིར་ཤེས་བྱའི་སྒྲོ་འདོགས་ཆོད། ནང་དུ་ལས་ཀྱི་རླུང་ཟད་པའོ། །དེའི་སྟོབས་ཀྱིས་ཡང་དག་པར་རྣམ་པར་རྟོག་པ་འཐོར་བས་རླུང་དང་འདྲའོ། །མི་སྐྱོད་པ་ནི་གཞི་ལས་མ་གཡོས་བར་རིག་པ་བཞག་པས། རྣམ་རྟོག་ལས་ཀྱི་རླུང་ཟད་དེ། ཡེ་ཤེས་ཉིད་ཐབས་ཁྱད་པར་དང་བཅས་པས། ཀུན་ཏུ་བཟང་པོའི་ངང་ལས་མ་གཡོས་པའི་ཏིང་འཛིན་ཞེས་བྱའོ། །དེ་ཉིད་གསང་ཞི་དཔྱད་ན་ཆོས་ཉིད་རྣམ་པར་དག་པའི་ལུས་ན་འོད་གསལ་གྱི་རྒྱན། ལོངས་སྐུའི་འོད་ལྔ་སྤྲས་པ་འདི་ཉིད་ལ་ཀུན་བཟང་གི་རང་བཞིན་ཉིད་དོ། །ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་སྤྱོད་པའི་རང་བཞིན་གཡོ་བ་མེད་པར་བསྟན་པ་ནི། ཆོས་སྐུའི་སྤྱོད་པ་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །ད་ནི་ནང་དོན་ལྔ་པ་དངོས་པོའི་ལྟ་བ་བླ་མའི་གདམས་ངག་ལ་རག་མ་ལུས་པར་བསྟན་པ་ནི། ལྟ་བའི་ནི་ཡུལ་གང་ལ་ལྟ་ན་ཕྱི་ནང་སྣ་ཚོགས་སུ་སྣང་བ་ལས་ལྟ་ལ། ཇི་ལྟར་ལྟ་ན་འོག་ནས་འབྱུང་བ་ལྟར་གྲོལ་ལུགས་ལྔའམ་དྲུག་གིས་ལྟ། དཔེ་ཇི་ལྟར་ན། མགྲོན་པོ་ལ་རྒལ་བ་ལྟར་དང་། སྒེག་མོ་མེ་ལོང་ལ་བལྟ་བ་ལྟར་ལྟའོ། བལྟས་པ་ལ་དགོས་པ་ཅི་ཡོད་ན་ཁམས་གསུམ་ལས་གྲོལ་ནས་རང་གི་ངོ་བོའི་སྒོ་ནས་ཡེ་ཤེས་ཅིག་ཆར་དུ་ཤར་བ་དེ། ཐབས་ནི་གནད་ཀྱིས་གྲོལ་བ་ལ་སོགས་པ་ལ་མཁས་པས། རིག་པ་ཉིད་གཞི་ལས་མ་བསྐྱོད་པར་གྲོལ་ཏེ། རྡོ་རྗེ་རིག་པའི་ཡེ་ཤེས་ལ་སེམས་པས། དེ་ལས་མ་བཅོས་པའི་ངང་དུ་གྲོལ་ལོ། །ཞེས་དེ་དག་གིས་བསྡུས་པའི་དོན་གཉིས་པ་ཡེ་ཤེས་ཀྱི་བྱུང་ཚུལ་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གསུམ་པ་དེ་ལ་རྒྱུན་དུ་སྤྱོད་པའི་ཐབས་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ་གསང་སྔགས་མང་ཡང་དཔེ་དོན་རྟགས་གསུམ་ལ་ཡིད་ཆེས་པར་བསྟན་པ་ནི། དེ་ཡང་ཕྱི་སྣ་ཚོགས་རོལ་པ་ལ་བསླབ་པས། ནང་སེམས་རིག་གཉིས་སུ་དོན་མེད་པའི་དོན་རང་ལ་ཤར་བས་ཡེ་ཤེས་དངོས་སུ་སྐྱེ་བའི་རྒྱུ་བསྟན་པ་ནི་བློ་བརྡེག་གོ །དེ་ལ་བསླབས་པས་འབྲེལ་ཆགས་ཤིང་བསླབས་པས། རིག་པ་ཉིད་རྒྱུན་དུ་སྣང་ཞིང་། ཕྱི་ནང་གཉིས་མེད་དུ་རྣམ་པར་གྲོལ་ལོ། །གསང་རྒྱ་ཐབས། སླ་བའི་གནད་ཀྱིས། ལུས་ཀྱི་གནད་ཤེས་པས་གྲོལ་བའི་དང་། ཐབས་ཆེ་བས་གཞན་ལ་གསང་བ་ཙམ་གྱིས་འགྲུབ་པ་དང་། ཐབས་ཀྱི་སྒོ་མང་བས་གང་ལ་བརྟེན་ཀྱང་གྲོལ་བའི་གནད་ཡོད་པའོ། །དེ་ཡང་དཔེས་ཕྱི་ལ་ཡིད་ཆེས་པས། སྣང་བ་ཐམས་ཅད་དཔེ་དོན་གྱི་མན་ངག་ཏུ་ཤེས། ནང་རྟགས་ལ་ཡིད་ཆེས་པས། རྩོལ་བསྒྲུབ་གཞན་ལ་བྱ་མི་དགོས། གསང་བ་དོན་ལ་ཡིད་ཆེས་པས། ཆོས་ཉིད་མངོན་གསུམ་ལས་འདས་པ་མེད་པ་དང་། གསུམ་གྱིས་རབ་ཏུ་བསྟན་པའི་བསྡུས་དོན་གསུམ་པའི་ནང་དོན་བསྟན་པ་ནི། ད་ནི་ནང་དོན་གཉིས་པ་རང་རིག་པའི་ངོ་བོ་བསམ་པ་ལས་འདས་པར་བསྟན་པ་ནི། ཆོས་རྣམས་ཀུན་གྱི་ལ་སོགས་པ་ཚིག་ལྔ་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་བག་ཆགས་འཐུག་པོ་བླ་མའི་གདམས་ངག་གིས་ཆོད་པར་བསྟན་པ་ནི། བག་ཆགས་ཕུང་པོ་སྣོད་འདྲ་བ་ལ། ལས་དང་ཉོན་མོངས་པ་དྲི་མ་དང་འདྲ་བ་ཆགས་པས། སྒོ་ལྔ་ལས་ཡུལ་ལྔའི་འཛིན་པ་ཐ་དད་པར་བྱུང་སྟེ། དེ་ལ་མིག་རྟེན་ལ་བསླབས་པས། གཟུགས་ལ་སོགས་པ་རྣམས་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་གསང་སྔགས་ཐམས་ཅད་ཀྱི་གནད་ཐབས་བླ་མའི་གདམས་ངག་ལ་རགས་ལས་ཏེ། སེམས་ཀྱི་གནད་ཀྱིས་ཁམས་གསུམ་ལས་གྲོལ་བའི་ཐབས་བཅུ་གཅིག་དང་། རིག་པའི་གནད་ཀྱིས་གྲོལ་བ་དགུ་དང་། སྐུ་གསུམ་གྱི་གནད་ཀྱིས་གྲོལ་བ་ཉེར་གཅིག་དང་། སྣང་བ་མ་བུ་སྦྱོར་བའི་གནད་ཉེར་གཅིག་དང་། དེ་ལྟར་བཞི་བཅུ་རྩ་གཉིས་ལ་ཐུག་གོ །དེ་དག་ལ་བརྟེན་ནས་ཆགས་པ་མེད་པས། ཡུལ་དེ་དག་ལ་བདག་ཏུ་མ་བཟུང་པས་ཡེ་ཤེས་བླ་མའི་གསུང་ལ་བརྟེན་ནས་ཆོས་ཉིད་ཀྱི་ངང་དུ་འགྱུར་རོ། །དེ་ཉིད་ནི་ལྷུན་མ་བཅོས་པ་ལ། སྣང་བརྟག་ཐམས་ཅད་ཡོངས་སུ་རྫོགས་ནས་དཔེར་རི་རབ་ཀྱི་རྩེར་ཕྱིན་ན་གླིང་བཞི་དུས་གཅིག་ལ་གསལ་བ་དང་འདྲ་བས། རྫོགས་པ་ཆེན་པོའི་ལྟ་བ་བྱ་བ་དང་བྲལ་བས་རྩོལ་བསྒྲུབ་མེད། ཀློང་དུ་གྱུར་པས་ཅི་བྱས་ཀྱང་ངོ་ལྟ་བ་མེད་པས་ཆེན་པོ་ཡིན་པས་གང་གིས་ཀྱང་གཏན་ལ་མི་ཕེབས་པར་བསྟན་པའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་དོན་བཞི་པ་ཐུགས་རྗེ་དང་ཤེས་རབ་ཀྱིས་སྣང་བའི་རྟོག་པ་གཅོད་པར་བསྟན་པ་ནི། །སངས་རྒྱས་ཀྱི་ཚིག་གསུམ་གཞུང་གསལ་ལོ། ཞེས་དེ་དག་གིས་ནི་ལེའུ་བཞི་པའི་བསྡུས་པའི་དོན་གསུམ་པ་དེ་ལ་རྒྱུན་དུ་སྤྱོད་པའི་ཐབས་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་བཞི་པ་འཁྲུལ་པའི་སྣང་བ་འདི་དག་ཀྱང་རང་འབྱུང་དུ་བསྟན་པ་ལ་དོན་གསུམ་གྱིས་བསྟན་པའི་དང་པོ། ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་རིག་པར་བསྟན་པ་ནི། སྟོང་པ་ནི་དངོས་པོའི་སྐྱོན་མེད་པས་མཐའ་གང་དུ་ཡང་མ་ལྷུང་། དག་པ་ནི་དེ་དྲི་མའི་ཉམས་མེད་པས་ཁམས་གསུམ་འཁོར་བའི་མིང་མེད། ཡེ་ཤེས་ནི་ཡེ་ནས་གསལ་འགྲིབ་དང་བྲལ་བས་རྒྱ་གང་དང་ཡང་མ་ཆད། རང་ནི་གཞན་ལ་ལྟོས་པ་དང་བྲལ་བས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ལས་འགྲོ་ས་མེད། བྱུང་ས་ནི་བྱས་པ་མ་ཡིན་པས་ཐ་མ་སྐྱེ་འཇིག་དུ་མ་ཡིན་པའོ། །དེ་ལྟ་བུའི་ཆོས་རྣམས་ཀུན་གྱི་རྩ་བ་ནི་རང་གི་རིག་པ་ཉིད་དོ། །གསང་སྔགས་ནི་རིག་པ་འབྲེལ་མ་ཆད་པར་གནས་པ། ལུ་གུ་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་འགྱུ་བ། རྒྱུད་ནི་སངས་རྒྱས་དང་སེམས་ཅན་གྱི་འབྲེལ། ངང་ནི་འཁོར་འདས་ཐམས་ཅད་དེ་ཉིད་ལས་འགྲོ་ས་མེད་པའོ། ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དེ་ཡང་དབྱིངས་ཀྱི་རྒྱས་བཏབ་ཏེ་ཉམས་སུ་བླང་པ་བསྟན་པ་ནི། ཆོས་ནི་ཉམས་སུ་བླང་བྱ། རྣམས་ནི་སྔོན་འགྲོ་དང་། དངོས་གཞི་ལ་བསྟན་པ་དང་། མ་བུ་སྦྱར་བའི་གནད་ཀུན་གྱི་རང་འབྱུང་གི་ཡེ་ཤེས་ནི། དབྱིངས་ནི་ཕྱིའི་ནམ་མཁའ་སྤྲིན་དང་བྲལ་བ། ནང་གི་རྣམ་པར་དག་པའི་སྒྲོན་མར་རིག་པ་བཅུག་པས་ལས་ཀྱི་རླུང་དང་བྲལ་ནས། རྟོག་པ་ཐ་དད་པ་འགགས་པ་ནི། དབྱིངས་རིག་འདུ་འབྲལ་མེད་པར་རྟོགས་པས་ཐབས་ཀྱི་རྒྱ་སྒྲོན་མ་དང་མ་བྲལ་བ་ཉིད་དོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་དེ་ཡང་བླ་མའི་གདམས་ངག་གི་གནད་དུ་འགྲོ་བར་བསྟན་པ་ནི། དེ་ཡང་ཆོས་སྐུ་ལ་སོགས་པ་ལམ་སྣང་ཡིན་པའི་ཕྱིར། དངོས་པོ་ལ་ནི་རང་གི་དབང་པོའི་སྤྱོད་ཡུལ་དུ་སྣང་། དེ་ཁོ་ན་ཀ་དག་ལམ་རིག་པའི་དྲི་མ་དག་པའི་ཡེ་ཤེས་ནི། རིག་པ་ཐབས་ཀྱི་གོ་རར་བཅུག་པའོ། །སྟོང་པ་ནི་རིག་པ་མངོན་གསུམ་དུ་སྣང་ཡང་དངོས་པོ་རྫས་སུ་མ་གྲུབ། ཡུལ་གྱི་ནི་ལུས་དངོས་པོ་ལ་རྩ་སྟོབས་ཁྱབ་པས། རྩའི་ནང་ན་རླུང་འགྱུས། རླུང་ལ་བརྟེན་ནས་རིག་པ་འགྱུ་པས། གནད་དུ་ནི་རྩ་ལྟེམས་པས་རིག་པའི་ཡུལ་སྙེད། རྩ་བརྩིར་བས་རིག་པ་མ་བུ་ཕྲད། རྩ་བཅུད་པས་རིག་པ་ཁུངས་སུ་ཚུད། རྩ་མཉེས་པས་རིག་པ་དངོས་སུ་འཐོན་པ་ནི་སྦྱོར་བ་རྟེན་གྱི་བརྡེག་པ་དང་། རང་གི་འཐེབ་འཛུབ་ཀྱིས་སོ། །དེ་ལྟར་བྱས་པ་ནི་མན་ངག་གི་རྒྱལ་པོ་སྟེ། སྤྱི་བཅིངས་ནི་ངོ་བོ་གཅིག་ཏུ་གྲོལ་བས་རྣམ་པར་རྟོག་པ་ཐ་དད་པའི་ཡུལ་དུ་མ་བཅིངས་པའི་ངང་། ཆོས་ཉིད་ལས་མ་འདས་པའོ། །དེ་ལྟར་རྩ་ལ་བརྟེན་པའི་བདེ་བ་དང་། རླུང་དང་ཐིག་ལེ་ལ་བརྟེན་པའི་བདེ་བ་ཐམས་ཅད་རང་སྣང་ལྷུན་གྲུབ་རིག་པ་ལུ་གུ་རྒྱུད་དུ་རྫོགས་པའོ། །ནང་དོན་གསུམ་པའོ། །དེ་དག་གིས་ནི་བསྡུས་དོན་བཞི་བ་འཁྲུལ་པའི་སྣང་བ་དེ་དག་ཀྱང་རང་འབྱུང་དུ་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལྔ་པ་འཁྲུལ་པ་དེ་ཡང་རྐྱེན་ཁ་ནས་བཟློག་པར་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། རྐྱེན་དེ་དག་རང་དག་ཏུ་བསྟན་པ་ནི། ཨེ་མ་ངོ་མཚར་བ། རྣལ་པ་ཆོས་ཉིད་ལ་གང་ཟག་གི་བློ་འབྱོར་བ་མ་སྡུག་བསྔལ་ཀུན་བདེ་བར་ཤར་བའི་ལྟ་བ་ནི། སེམས་ནི་རྟ་ལ་ལས་ཀྱི་རླུང་ཞོན་ནས། ཕྱི་ནང་ཀུན་ཏུ་འགྲོ་ལས་ཀྱིས་རྟོག་པ་ཐ་དད་པའི་གཞི་བྱེད། དེ་ཉིད་དངོས་མུས་བསྡུད་པའི་རྩེ་ལས་བྱེད་ཅིང་། ཉོན་མོངས་པའི་གཞི་ཡིན་པས། དེའི་སྒོ་སེམས་དང་ཡེ་ཤེས་ཀྱི་དབྱེ་བའི་མན་ངག་གིས། བྱུང་ཚོར་གྱི་རྣམ་པར་རྟོག་པ་འགགས་པས། འགྱུ་བ་ལས་ཀྱི་རླུང་གཅོད་པས། རྣམ་རྟོག་རང་ས་དྭངས་པ་ཆུའི་རྙོག་མ་རང་དེངས་པ་དང་འདྲའོ། །འབྱམ་པ་ནི་གཉིད་དབྱིངས་ཀྱི་ཐིགས་སུ་བསད་པ། ཡངས་པ་དབྱིངས་ཀྱི་སྒྲོན་མ་ལ་གཏད་པས། ཕུག་ལྟ་བ་རང་འབྱུང་གི་ཡེ་ཤེས་ལས་ཀྱི་དབང་དུ་མ་གྱུར་པ། བཏིབ་པ་ནི་རྟོགས་པ་རགས་པའི་མཐའ་རྨི་ལམ་འགགས་པ། ཀུན་གྱི་མན་ངག་ནི་གཉིད་དང་རྨི་ལམ་གྱི་ཐུན་མོང་མ་ཡིན་པའོ། །འདོད་པའི་སྒོ་ནི་དབང་པོ་རང་ཡན་པས་ཚོགས་དྲུག་གྱི་ན་དྷར་སོང་པས། ཆོས་ཉིད་མ་དང་འཕྲད་པའི་གནད་རླུང་ནང་དུ་སྟིབས་པ་ལས་བྱུང་སྟེ། རླུང་ཕྱི་ནང་གི་འགྲུལ་གཅད་ནས་ཡེ་ཤེས་སྙིང་གི་ནང་དུ་བཅུག་སྟེ། ཨའི་རྒྱས་བཏབ་པས་ནང་དུ་གསལ་པའོ། །ཆོས་ཉིད་ལམ་དུ་འཁྱེར་བ་ནི་དག་སྣང་ལ་གཅེར་བཞག་ཏུ་བཞག་པས། ཡེ་ཤེས་ཀྱི་སྣང་བ་དག་པ་ལྷུག་པར་འཆར་རོ། །ཀྱི་རྐུན་ནི་ཡིད་ནམ་མཁའ་ལ་འཕངས་པས་ལུས་སེམས་ཀྱི་འབྲེལ་ཆད་དེ། མདོར་ནི་མིག་ཕྱུང་པ་ནི་ནམ་མཁའ་ལ་སྦུར་བས། དྲན་མེད་དུ་རང་གྲོལ་བས་རིག་པའི་ངོ་བོ་རང་སར་ཟིན་ཏེ། མཚན་མ་ནི་དངོས་པོ་ཐམས་ཅད་སྟོང་པར་སྐྱལ་བས། རྟོག་པ་ཐ་དད་པ་ཟིལ་གྱིས་མནན་ནས། སྣང་བ་འཁྲུལ་པ་རྒྱ་ཡིས་སྟབ་པས། ཆོས་ཉིད་ལ་བྱན་ཚུད་པའོ། །ཞེས་ནང་དོན་བཞི་པའོ། །ད་ནི་བསྡུས་དོན་ལྔ་པའི་ནང་དོན་གཉིས་པ་དེ་ཉིད་རྐྱེན་དང་བྲལ་བར་བསྟན་པ་ནི། ཡེ་ཤེས་གང་ནས་ཀྱང་མ་བྱུང་མ་སྐྱེས། འགྱུར་མེད་རིག་པ་ཉིད་ལས་འགྲོ་ས་གཞན་མེད། ཀློང་། འོད་ལྔའི་སྣང་པས་ཀུན་ལ་ཁྱབ་པ། ཡངས་པ་དབྱིངས་གཅིག་གི་ཁོངས་ལས་མ་འདས་པ། ཀུན་ཏུ་རིག་པ་ཉིད་ཡུལ་ཀུན་ལ་ཁྱབ་ཅིང་སྣང་། ཆུབ་པ་དེ་ཉིད་ཆོས་སྐུ་ལས་འགྲོ་ས་མེད། ཤེས་རབ་ནི་བརྗོད་བྱ་ཐམས་ཅད་ཀྱི་གཞི་ཡིན་ལ། རང་སྣང་ནི་འབྱུང་རྐྱེན་ཐ་དད་པ་ལས་འདས་པ། ཆོས་ཉིད་ནི་དེ་ལས་མ་བཅོས་པར་བཞག་པས། སྒོ་ལྔའི་ཡུལ་དུ་མའི་རྟོག་པ་མེད་པའོ། །དེ་ཡང་རྒྱུ་ཡིས་མ་བསྐྱེད་པའི་ཕྱིར་རྐྱེན་དང་བྲལ་བའི་ཆོས་ཉིད་ཀུན་བཅུད་དུ་དྲིལ་བས་སྙིང་པོར་གནས་པའོ། །འཁྲུལ་པའི་སྣང་བ་སྐད་ཅིག་ཆོད་པས་རིག་པ་ཉིད་ནམ་མཁའ་ལ་རྒྱུག་པའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་ལྔ་པ་འཁྲུལ་པ་དེ་ཡང་རྐྱེན་ཁ་ནས་བཟློག་པར་བསྟན་པ་ལ་ཡང་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ལེའུ་བཞི་པའི་བསྡུས་པའི་དོན་དྲུག་པ་འཁྲུལ་པ་ཞིང་ཁམས་སུ་བསྟན་པ་ལ་ནང་དོན་བརྒྱད་ཀྱིས་བསྟན་པའི་དང་པོ། འཁོར་བ་ཉིད་ཀྱི་བཟློག་ཚུལ་བསྟན་པ་ནི། ཨེ་མ་ཧོ་ཞེས་རང་ལ་རང་ངོ་མཚར་དང་བཅས་པའི་ཚིག་གིས་གསུངས་ལ། རང་རིག་པའི་ཡེ་ཤེས་དབྱིངས་རིག་འདུ་འབྲལ་མེད་པ་ལས་མ་གཡོས་པའི་ངང་དུ་ངོ་བོ་བསམ་པ་ལས་འདས་པར་ཞོག་ཅེས་སྔོན་བྱུང་དུ་སྡུད་པ་པོ་ལ་གདམས་པ། རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལའོ། །མ་ཆོས་ཉིད། རིག་པ་ཆོས་ཉིད། དེའི་རིག་པའོ། །ཀློང་དབྱིངས་གཅིག རྒྱུ་བདག་ཉིད་གཅིག་པའི་ཕྱིར་ན་བསྐྱལ་ཞེས་བསྡམས་པའོ། །འཁོར་བ་ཡེ་ནས་ཡོད་མ་མྱོང་པས། སྣང་ཤེས་ཀུན་ཆོས་ཉིད་དུ་ཤར་བས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་བྱས་པས། དེ་ལས་བཟློག་པའི་སྐུ་གསུམ་དུ་གྲོལ་བས་བྱ་ཞེས་གདམས་པའོ། །དེ་ཡང་བཅོས་མའི་སྤྱོད་པས་སྤྱོད་བྱ་རྟོག་དཔྱད་ཀྱི་ཡུལ་དུ་མ་གྱུར་པས་གོང་དུ་ཡང་མ་ཕྱེ་བ་དེ་ཉིད་ཡིད་དཔྱོད་མ་ཡིན་པས། ཡུལ་དུ་མ་ལས་གཞལ་བྱར་མ་གྱུར་པའོ། །ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་སེམས་དང་ཡིད་ལ་ཡེ་ཤེས་ངོས་བཟུང་བ་བསྟན་པ་ནི། རྩ་བ་ལྔ་ནི་གཏི་མུག་མ་སྤངས་ལ་གནས་ལུགས་སུ་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་འབྲས་བུ་རྣམ་སྣང་གི་སྐུར་སྨིན་པའོ། །ཡང་རྒྱུ་འདོད་ཆགས་མ་སྤངས་ལ་གནས་སུ་དག་པས། ལམ་སོ་སོར་རྟོག་པའི་ཡེ་ཤེས་ལས། འབྲས་བུ་སྣང་བ་མཐའ་ཡས་ཀྱི་སྐུ་སྨིན་པའོ། །ཞེ་སྡང་མ་སྤངས་ལ་གནས་སུ་དག་པ་ལས། ལམ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་བས། འབྲས་བུ་སྐུ་རྡོ་རྗེ་མི་བསྐྱོད་པའི་སྐུར་སྨིན་པའོ། །ཡང་རྒྱུ་ང་རྒྱལ་ལས། ལམ་གཉམ་པ་ཉིད་འབྲས་བུ་རིན་ཆེན་འབྱུང་ལྡན། རྒྱུ་ཕྲག་དོག་མ་སྤངས་གནས་སུ་དག་པ་ལས། ལམ་བྱ་བ་གྲུབ་པའི་ཡེ་ཤེས་སུ་གསལ་པར་བྱས་ནས། འབྲས་བུ་དོན་ཡོད་གྲུབ་པའི་སྐུར་སྨིན་པར་བྱས་སོ། །ཡིད་ཀྱི་དྲན་བྱེད་འགྱུ་བྱེད་རང་སར་གྲོལ་བས། སངས་པའི་རིག་པ་ལ་ཉོན་མོངས་པའི་དྲི་མ་དག་པས། ཐམས་ཅད་རིག་པ་གཅིག་པུ་ཡིན་པར་ངོ་ཤེས་པས་ན། སེམས་ཅན་ཀུན་གྱི་ལམ་ལ། སྒྲོན་མ་བཞི་ལྟར་རྣམ་པར་སྣང་ངོ་། །དེ་ཡང་གང་ན་གནས་ན་ཀུན་རང་ལུས་རྩ་བའི་དྲྭ་བ་འདུས་པ་གཞི་རིག་པའི་ཡེ་ཤེས་གནས་པ། ལུས་རྩ་བའི་འཁོར་ལོ་བཞི་འདུས་པའི་ནང་ན་དོན་དམ་གྱི་འབྱུང་བ་བཞི་རྣམ་པར་དག་པའི་ཡེ་ཤེས་བཞི་གནས་པ་ནི། མེ་ལོང་ལ་བཞིན་བསྟན་པ་ལྟ་བུའོ། །སྣང་ཡུལ་དུ་ཡོད་ལ་བཟུང་ཡུལ་དུ་མེད་པས་སྟོང་པ། དེའི་གསལ་ཆ་གཟུགས་སུ་སྣང་པས་རིག་པ། དེ་ཡང་ཤེས་རིག་གཞན་ལ་མ་ལྟོས་པས། ཡེ་ཤེས་ལྔའི་རྩ་ལ་འོད་ལྔར་སྣང་པས་གསལ་པའི་བཞིན་གཟུགས་སུ་གསལ་བའོ། །བསྟན་པ་ནི་སྣང་ཡུལ་ཤར་པའོ། །དེ་ལྟར་གནས་པས་གཞན་ནས་འོང་དུ་རེ་བའི་རྟོག་པ་ཆོད་པས་བྱུང་། ཞེས་བྱ་བ་ཙམ་དུ་ཡང་མ་གྲུབ་འཁྲུལ་པའི་གཞི། མ་གྲུབ་པས་མ་འཁྲུལ་བ་ཙམ་དུ་ཡང་གནས་པ་མིན་པས། དེ་ཉིད་གཉིས་མེད་དུ་བསྐྱལ་ལོ། །བསྡུས་དོན་དྲུག་པའི་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་རང་གི་ལུས་ཀྱི་བྱ་བ་འཛིན་མེད་དུ་གྲོལ་པར་བསྟན་པ་ནི། ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་དངོས་མེད་ཟལ་ཐལ་དུ་ཤེས་པས། རྡུལ་དང་རྡུལ་ཕྲན་གྱི་ཞེན་པ་དང་བྲལ། ཚོར་བ་བདེ་སྡུག་ངོ་མཉམ་དུ་ཤེས་པས། མྱོང་རེག་ཐ་དད་པའི་ཞེན་པ་དང་བྲལ། འདུ་ཤེས་རང་སྣང་རྒྱ་ཆེན་པོར་ཤེས་པས་རང་གཞན་བདག་ཏུ་འདུ་ཤེས་པའི་ཞེན་པ་དང་བྲལ། རྣམ་ཤེས་ཡུལ་ཡུལ་ཅན་ལས་འདས་པར་ཤེས་པས། གཉིས་སྣང་མྱོང་བའི་ཞེན་པ་དང་བྲལ། འདུ་བྱེད་རང་གྲོལ་གཉེན་པོ་ལས་འདས་པར་ཤེས་པས། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཞེན་པ་དང་བྲལ་བ་ལྔ་ཉིད་ཀྱང་ཡེ་ནས་རང་དག་རྒྱུ་མེད་དུ་ཤེས་པས། རང་ལུས་ཡེ་ནས་སངས་རྒྱས་ཡིན་པར་ཐག་ཆོད། དེ་ཆོད་པས་འཁྲུལ་བ་འབྱུང་བ་ལྔ་ལས་གྲུབ་པའི་ལུས་ནི་མངོན་པར་རྫོགས་པར་སངས་རྒྱས་སོ། །འབྱུང་བ་ཞེས་གང་ནས་བྱུང་ན། དངོས་པོའི་གནས་ལུགས་ལས་བྱུང་བས་ན་འབྱུང་བ་ཞེས་བྱའོ། །ཕྱིས་བག་ཆགས་ལུས་ཀྱིི་གཞི་བྱེད་པས་ན་འབྱུང་བའོ། །ལྔ་ནི་སས་ལུས་ཀྱི་གཞི་འཛིན་པས། ཤའི་རྒྱུ་གཏི་མུག་གིས་བྱས། ཆུས་ལུས་ཀྱི་གཟུངས་སྦྲེལ་བས། ཁྲག་གི་རྒྱུ་འདོད་ཆགས་ཀྱིས་བྱས། མེས་ལུས་ཀྱི་རྩེ་འབྱིན་པས་དྲོད་ཀྱི་རྒྱུ་ཞེ་སྡང་གིས་བྱས། རླུང་གིས་ལུས་ཀྱི་སྟོབས་སྐྱེད་པས་དབུགས་ཀྱི་རྒྱུ་ང་རྒྱལ་གྱིས་བྱས། ནམ་མཁས་ལུས་སེམས་ཀྱི་འབྲེལ་བྱས། ཡིད་ཀྱི་རྒྱུ་ཕྲག་དོག་གིས་བྱས་སོ། །དེ་དག་རྒྱུར་ཅིས་འགྲོ་ཞེ་ན་འདོད་ཆགས་ཁྲག་ཡིན་པའི་རྟགས་སུ་འདོད་ཆགས་དྲག་པོ་སྐྱེས་པས་ལུས་ལ་རྡུལ་འབྱུང་ཞིང་བ་སྤུ་གྱེན་ལ་ལྡང་། གཏི་མུག་ཤ་ཡིན་པའི་རྟགས་སུ་གཏི་མུག་གི་དབང་དུ་སོང་བའི་དུས་ན། ལུས་སྦྲིད་ཅིང་རབ་ཏུ་འཐིབ། ཞེ་སྡང་མེའི་རྒྱུ་ཡིན་པའི་རྟགས་སུ་ཞེ་སྡང་སྐྱེས་པའི་དུས་སུ་ལུས་ལ་དྲོད་སྐྱེ་ཞིང་སེམས་འཁོར། ང་རྒྱལ་རླུང་གི་རྒྱུ་ཡིན་པས་རྟགས་སུ་ང་རྒྱལ་སྐྱེས་པའི་དུས་སུ་དབུགས་ཀྱིས་བརྒྱངས་ཤིང་རབ་ཏུ་འཁོན་དུ་འཛིན། ཕྲག་དོག་ནམ་མཁའི་རྒྱུ་ཡིན་པའི་རྟགས་སུ་ཕྲག་དོག་སྐྱེས་པའི་དུས་ན། ཡིད་རབ་ཏུ་འཕྲོ་ཞིང་འགྲན་སེམས་ཁྱད་པར་ཅན་སྐྱེའོ། །དེ་དག་ཆོས་ཉིད་འོད་གསལ་གྱི་ཡེ་གདངས་ཡིན་པས། དག་སྣང་ཆེན་པོ་ལ་ལོངས་སྤྱོད། དེའི་ཕྱིར་ན་འདི་ལྟར་སྣང་བ་འོད་གསལ་གྱི་ལུས་ཉིད་དུ་གྲོལ་བས་འབྱུང་བ་ཕྲ་རགས་ཀྱི་དྲི་མས་མ་སྒྲིབ་པའོ། །དབང་པོ་ནི་མིག་ག ཟུགས་ལ་དབང་བས་དེ་ཉིད་ལ་གཅེར་གྱིས་བཞག་པས་གཟུགས་སྟོང་པར་གྲོལ་ལ། སྟོང་པ་ཉིད་གཟུགས་སུ་གྲོལ་བའོ། རྣ་བ་སྒྲ་ལ་དབང་བས། དེ་ཉིད་ལ་གཅེར་གྱིས་བཞག་པས་སྒྲ་ཉིད་གསལ་བར་གྲོལ་ལ། གསལ་བ་ཉིད་སྒྲར་གྲོལ་ལོ། །དེ་བཞིན་དུ་དྲི་ཉིད་རིས་ཡལ་དུ་གྲོལ་ལ། རིས་ཡལ་ཉིད་དྲིར་གྲོལ། རོ་ཉིད་རང་སྣང་དུ་གྲོལ་ལ། རང་སྣང་ཉིད་རོར་གྲོལ། ལུས་ཉིད་སེམས་སུ་གྲོལ་ལ། སེམས་ཉིད་ལུས་སུ་གྲོལ་བས་འཇུག་པའི་གཞི་མེད་པའོ། །འཛིན་པའི་ཡུལ་སྣང་བ་ཡུལ་གྱི་གནད་ཀྱིས་གཟུགས་རང་གི་ས་རྡུལ་དང་ཕྲ་རབ་ལས་གྲོལ། བརྗོད་པ་སྐུར་པའི་གནད་ཀྱིས་སྒྲའི་རང་ས། ཚིག་ཙམ་བརྗོད་པར་གྲོལ། མཐོང་པ་ཡུལ་གྱི་གནད་ཀྱིས་དྲིའི་རང་ས། སྣོམ་བྱེད་མཐའ་ཡས་སུ་གྲོལ། མྱོང་བྱེད་སྟོང་པའི་གནད་ཀྱིས་རོའི་རང་སར་ཞེན་པ་རང་ཐད་ཀྱི་མཐའ་ལས་གྲོལ་བས་བརྟེན་པ་རྩའི་གནད་ཀྱིས་རིག་གི་རང་ས་བདེ་སྡུག་རང་ས་ལས་གྲོལ་བ་ལྔ་དེ་དང་རང་གི་སར་གྲོལ་བ་ནི། ཆོས་ལས་འདས་པའི་འཁྲུལ་གཞི་ཞེས་བྱའོ། །ཞེས་ནང་དོན་གསུམ་པ་རང་གི་ལུས་ཀྱི་བྱ་བ་འཛིན་མེད་དུ་གྲོལ་བར་བསྟན་ནས། ད་ནི་ནང་དོན་བཞི་པ་ལུས་ལས་འབྱུང་བའི་ཉོན་མོངས་པ་ཉིད་ཀྱང་རང་གྲོལ་དུ་བསྟན་པ་ནི། ཉོན་མོངས་ནི་གཏི་མུག་གིས་གྲོལ་བས་ཆུ་ལ་ཆུ་བཞག་པ་ལྟ་བུ། འདོད་ཆགས་དེ་ཉིད་ཀྱིས་གྲོལ་བས་མར་ལ་མར་མནན་པ་ལྟ་བུ། ཞེ་སྡང་དེ་ཉིད་ཀྱིས་གྲོལ་བས་ནམ་མཁའ་ལ་ནམ་མཁའ་ཡལ་བ་ལྟ་བུ། ང་རྒྱལ་དེ་ཉིད་ཀྱིས་གྲོལ་པས་རླུང་ལ་རླུང་ཐིམ་པ་ལྟ་བུ། ཕྲག་དོག་དེ་ཉིད་ཀྱིས་གྲོལ་བས་མེ་ལོང་ལ་བཞིན་ཡལ་བ་ལྟ་བུ་དང་། ལྔ་ཉིད་རང་གྲོལ་བ་ཡིན་པས། གཟུགས་ཀྱི་ཁམས་ཉིད་རྡུལ་ཕྲ་རབ་ལ་སྐྱལ་བས། ལུས་ཀྱི་གཞི་སྟོང་པ། གཟུགས་མེད་ཁམས་འཕྲ་བ་དང་། ཤིན་ཏུ་འཕྲ་བ་ལས་བསྐྱལ་བས། འཇུག་པ་སེམས་ཀྱི་ལམ་སྟོར། འདོད་པའི་ཁམས་རང་དང་གཞན་ལ་བསྐྱལ་བས་བརྗོད་པ་ངག་གི་འབྲས་བུ་རུལ་བ་ཙམ་ཉིད་ནི་ཡེ་ནས་རང་གྲོལ་ཡིན་པའི་ཕྱིར། །སོ་སོའི་གཞི་ལ་མ་བཅོས་པར་སྐྱལ་བས། ལུས་སེམས་འཁོར་བའི་འབྲེལ་ཆད་པ་ཞེས་བྱའོ། །མི་རིགས་ཆོས་ཉིད་རང་ལ་བྱུང་ཡེ་ནས་རིག་པར་གནས་པའི་རྒྱུ་ཡིན་ལ། འཁྲུལ་པའི་རྒྱུ་སྐུ་དང་ཡེ་ཤེས་དང་། ཆོས་ཉིད་ཡེ་ནས་རང་ལ་སངས་ཏེ་ཡེ་མེད་དུ་ཤེས་པས་སོ། །ཀུན་སྡུག་བསྔལ། འཕྲ་རབ་མང་པོ་དང་། ཕུང་པོ་ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་ལ་སོགས་པའོ། །གཞི་ནི་དེ་དག་འཚོགས་པ་དང་འབྲེལ་བ་དང་འདུས་སོ། །དེ་ལྟར་ཆོས་དུ་མ་ལས་སྐུར་བྱུང་བས། རང་ལུས་ཆོས་སྐུར་གཏན་ལ་དབབ་པ། གནད་འདུས་བྱེ་བྲག་པའི་མན་ངག་གི་བློ་རྡེག་གོ །དེ་ཉིད་རང་ཤར་བས་གསུམ་པོ་ཡང་ལམ་སྣང་ཡིན་པར་ཡིད་ཆེས་སོ། །དེ་ལྟར་ཆེས་པས་སྐྱེ་བ་སྔ་ཕྱི་ལུས་ཀྱི་རྒྱུད་བའི་རྩ་བ། ཕྱིས་ལུས་མི་ལེན་པར་རང་ལུས་ཆོས་སྐུར་གཏན་ལ་ཕབ་པས་གཅད་དོ། །ཡིད་གཞན་ལ་སོགས་པའི་ཚིག་དྲུག་གཞུང་གི་ཤེས་སོ། །ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་བ་སྤྱོད་པ་ཅི་བྱེད་པ་ཐམས་ཅད་སྟོང་པའི་ལྟ་བར་བསྟན་པ་ནི། ཡན་ལག་མ་སྐྱོད་པ་ནི། སྔོན་འགྲོའི་དུས་ན་རྣལ་དུ་འབེབས་པ་ཡིན་ལ། རླུང་བསྒོམ་པའི་དུས་ན་ལུས་ཀྱི་རྩ་མདོ་རྣམས་སུ་ཞིམ་རྩེའི་ཐིག་ལེ་བྱས་ལ། ཞག་ལྔར་གཉིད་སྤང་པ་ལ་ལུས་ཀྱི་ཡན་ལག་མ་སྐྱོད་པར་གནས་སོ། །དེས་ན་མ་སོང་གནས་སུ་ཕྱིན་པ་ཡེ་ཤེས་འོད་ཀྱི་ས་ཞེས་བྱའོ། །དེ་ལྟར་ལུས་ཀྱི་གནད་བསྟུན་པས་ཐར་བའི་སར་འགྲོ་བའི་ལམ་ཉིད་ཡེ་ནས་བསྒྲོད་པ་སྟེ། རང་བྱུང་དུ་གནས་པ་ལས་གཞན་དུ་འགྲོ་བའི་གནས་མེད་དོ། །སྨྲ་བའི་ངག་ནི་བརྗོད་མེད་པས། ཞེས་པ་ནི། སྔོན་འགྲོའི་དུས་ན་རྣལ་དུ་འབེབས་པའི་ཆོ་ག་ཞག་གསུམ་བརྗོད་པས་རྒྱུན་བཅད་པའོ། །ལར་ཉམས་ལེན་གྱི་དུས་ན་ངག་བཅད་པ་གནད་ཡིན་ནོ། །དྲན་སྟོང་ཡེ་གྲོལ་གྱི་གནད་ཀྱིས། མ་སྨྲས་གཞི་ལ་བཞག་པས་བརྗོད་མེད་ནང་དུ་འཆར་ཞེས་པའོ། །ཡེ་ནས་རིག་པ་ཉིད་ལ་བསམ་དུ་མེད་པས་སྨྲ་བརྗོད་ཀྱི་གཞི་སྟོང་སྟེ། བསམ་པའི་ཡུལ་བདག་ཚིག་བློ་ཟད་པས་བརྗོད་པ་ལས་འདས་པའི་དོན་རྒྱུད་ལ་འཆར་བའོ། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། ཞེས་པ་ནི་སྔོན་འགྲོའི་དུས་ན་སེམས་རྣལ་དུ་འབེབས་པའི་ཆོ་གའོ། །རྩ་བའི་བདེ་བ་བསྒོམ་པའི་དུས་ན་སེམས་ཀྱི་འཕྲོ་འདུས་བཅད་པ་ཞག་གསུམ་དུ་བྱའོ། །དེ་ཡང་སེམས་ལ་ཡེ་ནས་དྲན་པ་མེད་པའི་ཕྱིར། ཅི་ཡང་མ་གྲུབ་པར་གནས་པས་ན། ཡེ་ནས་རང་བཞིན་གྱི་བསམ་གཏན་གདོད་མ་ནས་གནས་པ་ཆེན་པོར་གནས་པས། བྱ་མེད་དང་འབད་རྩོལ་ལས་འདས་པའོ། །དེ་ལྟར་ལུས་ངག་སེམས་ཀྱི་གནད་བསྟུན་པས། ཕྱི་ལུས་འབྱུང་བའི་དྲི་མ་རྡུལ་ཕྲ་རབ་ཀྱིས་བཅིང་པ་དང་། ངག་ཚིག་འཁྲུལ་པའི་དྲི་མ་དང་། གསང་བའི་སེམས་ལ་ཉོན་མོངས་པའི་དྲི་མ་རྣམས་ནི་རང་དག་ལས། ལུས་སྤྲུལ་སྐུར་དྲི་མེད་ཟང་ཐལ། ངག་ལོངས་སྐུར། སེམས་ཆོས་སྐུར་དྲི་མེད་ཟང་ཐལ་ཆེན་པོར་གནས་སོ། །ཞེས་ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་དེ་ཡང་ཡེ་ཉིད་ནས་རང་གྲོལ་བར་བསྟན་པ་ནི། དེ་ཡང་སེམས་ཀྱི་སྔོན་དུ་འགྲ་ོབའི་དུས་ན་སེམས་ཀྱི་བྱུང་བ་ལ་བརྟགས་པས། བྱུང་ས་མ་རྙེད་པ་དེ་ཉིད་སྐུ་དང་ངོ་ཕྲད་པས་ཕྱི་ནས་སྐྱར་མི་དགོས། དེས་ན་བྱས་པས་བྱུང་ས་མེད་པའི་ཕྱིར་ཞེས་བྱ་འོ། །དེས་ན་སེམས་དེ་ལུས་ལ་གནས་པར་འདུག་པ་ལ། ཕྱི་རོལ་དང་ནང་དང་། སྤྱི་བོ་ནས་རྐང་པའི་མཐིལ་ཡན་ཆད་དང་། སོ་དང་། སེན་པོ་དང་། སྐྲ་དང་བ་སྤུའི་བུ་ག་ཐམས་ཅད་དུ་བརྩལ་བས་མ་རྙེད་པ་དེ་ལོངས་སྐུ་དང་ངོ་འཕྲད་པས་ཕྱི་ནང་སྐྱར་མི་དགོས། དེ་ནས་སེམས་འདི་ལུས་དང་བྲལ་ནས་འགྲོ་བའི་དུས་ན། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་ལ་སོགས་པ་གང་ལ་འགྲོ་བརྟགས་པས། འགྲོ་ས་མ་རྙེད་པ་ནི། སྤྲུལ་པའི་སྐུ་དང་ངོ་ཕྲད་པས་བསྐྱར་མི་དགོས་སོ། །དེ་ཡང་ཐོག་མ་ཉིད་ནས་བརྟགས་དཔྱད་དང་། བྱ་བྱེད་དང་བྲལ་བ་ནི། གཞི་ལ་རྩོལ་བསྒྲུབ་མེད་པའི་གནད་དོ། །དེ་ལྟར་ན་སེམས་དེ་བྱུང་ཡང་རང་བྱུང་ལ། གནས་ཀྱང་རང་གནས། གྲོལ་ཡང་རང་གྲོལ་བས་ན་དེ་ལྟ་བུའི་སེམས་ཀྱི་གཞི་དེ་ལ། ཡེ་ནས་གཞན་འབྱུང་ཆོས་མེད་པས་ཡེ་གདོད་མ་ནས་བྱུང་ཡང་རང་ལས་བྱུང་བ། སྣང་ཡང་རང་སྣང་། ཤར་ཡང་རང་ཤར་། གྲོལ་ཡང་རང་གྲོལ་བས་ན། དེ་ཉིད་བླ་མའི་མན་ངག་མེད་པར་ཡིད་དཔྱོད་ཀྱིས་རྟོགས་པར་དཀའ་ཞིང་ཟབ་པའི་ཕྱིར་ན། ཉག་གཅིག་ཞེས་བྱའོ། །ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་དེ་ཡང་གཅིག་དང་དུ་མ་དང་བྲལ་ཞིང་དངོས་པོ་གཤིས་སུ་རང་གྲོལ་བར་བསྟན་པ་ནི། དེ་ཡང་གཉིས་སུ་མེད་པའི་རིག་པ་ལ་གཅིག་ཏུ་གྲུབ་པ་མེད་པས། གྲངས་ཀྱི་གཞི་ཟད་དེ། གཅིག་གི་ཐ་སྙད་ཙམ་དུ་ཡང་ཤེས་བྱ་ལ་གྲུབ་པ་མེད་པ་ནི། རིག་པ་ཉིད་བསྒྲང་བྱ་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །དེ་ཉིད་མ་གྱུར་པས་གཉིས་ཀྱི་གྲུབ་པ་མེད་པས་ན། རིག་པ་ལ་གཉིས་སྣང་མེད་པའི་གནད་དོ། །གྲངས་ཟད་པས། སྤྲོས་པ་དང་བྲལ་ཏེ། ཐིག་ལེ་ཉག་གཅིག་ཡེ་ནས་ཟླ་དང་བྲལ་བའི་ཆོས་ཉིད་ཡིན་པས། མུན་པ་ནི་འཁོར་བའི་ཆོས་ཡེ་ནས་སངས་རྒྱས་པར་ཤེས་པ་ནི། གདོད་མ་ནས་རྣམ་པར་དག་པའི་ཡེ་ཤེས། དེ་ཡང་རིག་པ་ཉིད་རང་གི་ལུས་ལ་གནས་ཏེ། ཡིད་དཔྱོད་ཀྱིས་བརྩལ་བས་རྙེད་པའི་ས་མེད་དེ། མེད་པ་མ་ཡིན་པས། རིག་པའི་སྣང་བ་མིག་ནས་སྒྲོན་མ་འོད་ལྔ་གསལ་ཞིང་རང་ལུས་སེམས་ཀུན་ལ་ཁྱབ་བོ། །དེ་ལྟར་བྱས་པའི་གནད་ཤེས་པས། འཁོར་བ་འགྱུར་བ་མེད་པར་འགགས་སྒྲོན་མ་ལ་ཟིན་པས། གཞན་ལ་མེད་པར་ཡིད་ཆེས་པས། རིག་པ་ཡེ་ནས་རང་སངས་རྒྱས་པའི་ས་ཡིན་ནོ། །དེའི་ཕྱིར་ན་ཕྱི་མཚན་མའི་དངོས་པོར་རགས་པ་རྣམས་སྟོང་སངས་སུ་སོང་བ་ནི། ཡུལ་གཞན་ལ་བདག་ཏུ་འཛིན་བློ་དངོས་གཉིས་ཀ་ལས་འདས་པས། རྟོག་པ་ཐ་དད་པ་རྣམས་ཡེ་ནས་ཟད་པ་ལ་ཆོས་ཉིད་ཅེས་ཐ་སྙད་དུ་བྱའོ། །ཞེས་ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་དེ་དག་ཀྱང་གཉེན་པོ་གཞན་ལ་རག་མ་ལུས་ཏེ་དེ་ཉིད་ཀྱིས་གྲོལ་བར་བསྟན་པ་ནི། མེ་ལོང་གི་བཞིན་མེ་ལོང་གིས་གྲོལ་བ་བཞིན་དུ་རྐྱེན་མི་མཐུན་པ་རྣམས་རྐྱེན་ཉིད་ཀྱིས་གྲོལ་བ་ལས་མ་གཏོགས་པ་གཞན་མེད་དོ། །ཡུལ་རྐྱེན་སྣ་ཚོགས་པ་རྣམས་དེ་ཉིད་ཀྱི་གྲོལ་བའི་ཕྱིར། གཞན་ལ་ལྟོས་པ་རྣམས་ནི་དེ་ཉིད་ཀྱི་སྟེང་དུ་ཅོག་གིས་བཞག་པ་ཙམ་གྱིས་གྲོལ་བ་བླ་མའི་མན་ངག་གིས་ཤེས་སོ། །ཞེས་བསྡུས་པའི་དོན་དྲུག་པ་འཁྲུལ་པ་ཞིང་ཁམས་སུ་སྐྱལ་བར་བསྟན་པ་ལ་ནང་དོན་བརྒྱད་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་བདུན་པ་རྟ་མགྲིན་ལ་སོགས་པའི་ཁྲོ་བོ་དེ་དག་རྒྱལ་བ་བསླངས་པའི་དོན་དུ་འདི་ལྟར་སྣང་བ་ཐམས་ཅད་རང་གྲོལ་དུ་བསྟན་པ་ལ་དོན་བདུན་གྱིས་བསྟན་པའི་དང་པོ། །འདི་ལྟར་སྣང་བ་ཐམས་ཅད་རང་གྲོལ་བས་དེ་ཉིད་ལ་ངོ་མཚར་ནས་རིགས་གསུམ་གྱི་ཁྲོ་བོ་དེ་དག་རྒྱལ་བར་བསྟན་པ་ནི། དེ་ནས་ཀྱི་ཚིགས་བཞིའི་གཞུང་གསལ་ལོ། །ད་ནི་ནང་དོན་གཉིས་པ་དེ་དག་རྒྱལ་བ་བསླང་པའི་དོན་འཁྲུལ་པ་ཉིད་ཀྱང་གྲོལ་བས་ནམ་འཁྲུལ་པའི་ཆོས་ཉིད་ཡེ་ནས་གྲོལ་བ་བསྟན་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས། རྟ་མགྲིན་ལ་སོགས་པ་རྒྱལ་བ་བསླང་པའི་དོན་དུ་སྤྱོད་ལམ་ཐམས་ཅད་སངས་རྒྱ་བ་བསྟན་ཏེ། དེ་ཞེས་རྒྱལ་ཞེ་ན། འདི་ལྟ་བུའི་དོན་འདི་ཡེ་ནས་གནས་པས་འདུག་པས་སེམས་ཅན་ཀུན་གྱིས་མ་གོ་བ་འདི་དག་ཇི་ལྟར་གྲོལ་བར་བྱ་སྙམ་པའི་རྟོག་པ་བློ་དང་བཅས་པས་སེམས་རང་སར་འགྱུར་ཏེ་རྒྱལ་ལོ ། །དེ་དག་རྒྱལ་བ་བསླང་པའི་ཕྱིར་ན། སྟོན་པ་གསུང་གི་དལ་སྤྲོས་པ་ནི་འདི་སྐད་གསུང་ཞེས་ཁྲོ་བོ་དེ་དག་གི་ཆེད་དུ་བརྗོད་དོ། །ཨེ་མ་གོང་དུ་བསྟན་པའི་དེ་ལྟར་སྣང་བ་རྣམས། དེ་དག་འཁྲུལ་པའི་སྣང་བ་ཡིན་ཀྱང་ཆོས་ཉིད་དུ་རང་གྲོལ་ནས། འཁྲུལ་པ་མེད་པའི་སྣང་བ་ཐམས་ཅད་ངས་གྲོལ་ལུགས་བསྟན་ཏེ། ཅིས་མ་གྲོལ་ཏེ་གྲོལ་བའོ་ཞེས་བསྡམས་པའོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་སྤྱོད་ལམ་ཐམས་ཅད་དུ་ལྟ་སྒོམ་སྤྱོད་འབྲས་བཞིའི་ཉམས་དང་མི་འབྲལ་བར་བསྟན་པ་ནི། དེ་ཡང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་གིས་ཇི་ལྟར་ངག་ཏུ་སྨྲས་པ་རྣམས་ཆོས་ཀྱི་རང་སྒྲར་མཁྱེན་པ་གསང་བ་སྒྲར་རྒྱུད་ནས་བཤད་པ་ལྟར་ཁྱེར་བས་སྔགས་ཀྱི་བཟླས་པར་འགྲོ་བའོ། །ལུས་ཀྱིས་བྱ་བྱེད་ཅི་དང་ཅི་བྱས་པ་རྣམས། རྣལ་འབྱོར་གྱི་སྤྱོད་པར་ཁྱེར་བས། ལུས་ཆོས་ཉིད་དུ་གྲོལ་བས། ལུས་མ་སྤང་པར་སངས་རྒྱས་བའི་གནད་དོ། །ངག་དངོས་མེད་སྟོང་པར་ཤེས་པས་བརྗོད་དུ་མེད་དོན་རྒྱུད་ལ་འཆར་རོ། །ལུས་བདེ་བ་ཆེན་པོར་རིག་པས་ཤེས་བྱ་ཐམས་ཅད་ལ་བྱན་ཚུད། སེམས་འོད་གསལ་གཉིས་སུ་མེད་པར་ཤེས་པས་རྟོགས་པ་ཐམས་ཅད་དུས་གཅིག་ལ་འགག་གོ །བཟང་པོའི་རྟོགས་པ་ལ་རྨི་ལམ་གྱི་རྒྱས་སྟབས་པས་མཐོང་སྣང་དུས་གཅིག་ལ་འགགས། ངེས་པའི་རྟོགས་པ་ལ་གཉིད་ཀྱི་རྒྱས་བཏབ་པས། མ་དམིགས་པའི་ཡུལ་གསལ། དེ་ཉིད་ལུས་ཀྱི་བསྒོམ་དལ་བས་འགྲུབ། ངག་གི་ངག་བཅད་པ་ཙམ་གྱིས་འགྲུབ། སེམས་ཀྱིས་མ་བཅིངས་པས་གཞན་དུ་བསྒོམ་དུ་མེད་པས། དཔེར་ན་ཆུ་བོའི་ཀློང་ཆེན་པོ་ལ་ཚ་བ་མེའི་མཆེད་མེད་པ་དང་འདྲ་བ་ཡིན་ནོ། །དེ་ཡང་ཕྱི་རོལ་མུ་སྟེགས་པ་ལྟ་ལོག་སུམ་བ རྒྱ་དང་དྲུག་ཅུ་ཡོད་པ་ཡང་། རྣལ་འབྱོར་གྱི་ལམ་དུ་འགྲོ་སྟེ། ལུས་ཐ་མལ་པ་ལས་ལོག་པས། ལུས་ཀྱི་བྱ་བ་ཆོས་སུ་འགྲོ་བ་དང་། ངག་འཇིན་རྟེན་གྱི་ལོང་གཏམ་ལ་ལོག་པས་ངག་གི་བྱ་བ་ཅི་དང་ཅི་བྱེད་པ་རྣམས་ཆོས་དང་མཐུན་པར་སྨྲ་བ་དང་། སེམས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལས་ལོག་པས། སེམས་ཀྱི་འཕྲོ་འདུ་ཅི་དང་ཅི་བྱུང་ཡང་ཏིང་ངེ་འཛིན་ལས་མི་འདའ་བའི་ལོང་ཀ་བའི་ལྟ་བའོ། །ཡང་དག་པའི་ལྟ་བ་ཉན་ཐོས་མདོ་སྡེ་བ་དང་། བྱེ་བྲག་པ་གཉིས་ཀྱང་། ཕུང་པོ་ཁམས་དང་། སྐྱེ་མཆེད་ཀྱི་ཆོས་མཐུན་རྩི་བས། ཕུང་པོ་ལྔ་རིགས་ལྔ་ལ་སོགས་པར་བསྒྱུར་བ་ཙམ་གྱིས་གྲོལ་བར་འདོད་པ་ནི། རྫོགས་པ་ཆེན་པོ་ལམ་གཅིག་ཆར་བ་འདི་རྣམས་སོ། །དེ་ཡང་རྣལ་བ་ལུས་རྣལ་དུ་ཕབ་པས་རྩ་གནད་ལ་ཕེབས་པ་ཞེས་བྱའོ། །དེ་དང་རླུང་ཐིག་ལེར་འབྱོར་བས་བཟུང་འཛིན་ཁུ་བ་ཕྱུང་བ་ཞེས་བྱའོ། །ལྟ་བ་ནི་ཡུལ་དབྱིངས་རིག་ལ་བལྟས་པས། དོན་གཅིག་ཆར་དུ་གྲོལ་བས། དེ་ལ་ཕྱོགས་དང་རིས་མེད་པས་རྫོགས་པ་ཆེན་པོའི་ལྟ་བའོ། །འབྲས་བུ་རེ་དོགས་དང་བྲལ་བའམ། སྤང་བླང་མེད་པར་འཛིན་པ་ཀུན། འཁོར་བས་མ་གོས་བས་འདས་པ་ཟང་ཐལ། འདས་པ་མ་གོས་པས་འཛིན་མེད་དུ་ཟང་མ་ལ་གནས། འཁོར་འདས་གཉིས་ལས་ཐལ་བྱུང་རྐྱེན་གྱིས་མ་སྒྲིབ་པའི་འབྲས་བུའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པས་སྣང་བ་ཐམས་ཅད་རིག་པ་ཙམ་གྱི་དབང་དུ་བསྟན་པས་སྤྱོད་ལམ་ཅི་བྱས་པ་མ་བཟླས་པའི་བསྙེན་པར་ཡིན་པ་བསྟན་པ་ནི། ཕྱག་ནི་བཟུང་བྱ། རྒྱ་ནི་གདབ་བྱ། ཆེན་པོ་རྟོག་པ་གཞན་ལ་རག་མ་ལུས་པས་གདབ་བཟུང་གང་དུ་ཡང་མ་གྲུབ་པ། དེ་ཉིད་མངོན་གསུམ་དུ་ཐོབ་པར་འདོད་བས་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་དགོས་ཏེ། དེ་ཡང་དབང་བསྐུར་ཐུན་མོང་པ་ལ་དགོངས་པ་སྟེ། སྔོན་དུ་བསྙེན་པ་བྱེད་པ་ནི། འདི་ནི་ངག་གི་རྩོལ་བས་བྱ་མི་དགོས་པར། རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ཁ་ཟས་བཟའ་བ་ཅི་དང་། ཟ་བའི་དུས་སུ་རང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བསྒོམ་པས། ལུས་གཞལ་ཡས་ཁང་དུ་གྲོལ་བའི་དགོས་པ་ཡོད། ཆང་ལ་སོགས་པའི་བཏུང་བ་ཅི་དང་ཅི་འཐུང་པ་ཐམས་ཅད་ཁྲག་གི་རྒྱ་མཚོར་བསྒོམ་པས། ལུས་ལྷའི་རང་སྔགས་སུ་འགྲོ་བའི་དགོས་པ་ཡོད་དོ། །དེ་དག་བསྙེན་པར་ཅིས་འགྲོ་ན། རྡོ་རྗེ་ཁྲག་འཐུང་གི་རྒྱུད་ལས། །དུར་ཁྲོད་ཁྲག་གི་རྒྱ་མཚོ་ལ། །སུ་ཡིས་སྤྱོད་པར་ནུས་པ་དེ། །དབང་བསྐུར་བ་ཡི་བསྙེན་པའོ། །ཞེས་པས་སོ། །དེ་ཡང་བླ་མའི་ཉམས་སུ་ལེན་པ་ལས་མ་འདས་པའི་བསྙེན་པའོ། །རྟོགས་པ་པོ་དེ་ལ་ཉལ་བ་དང་། ཙོག་བུར་འདུག་པ་དང་། དེ་གཞན་འགྲོ་བ་དང་། འགྲེང་པ་དང་། རྒྱུག་པ་དང་། སྟངས་སྟབས་ལ་སོགས་པ་དབང་བསྐུར་བའི་བསྒྲུབ་པའོ། །དེ་བསྒྲུབ་པར་ཅིས་འགྲོ་ན། སྙིང་རྗེ་རོལ་པའི་རྒྱུད་ལས། །རྣལ་འབྱོར་ལུས་ཀྱི་སྤྱོད་པ་རྣམས། །ཉེ་བའི་ལྷ་ནི་བསྒྲུབ་པར་འདོད། ཞེས་པས་སོ། །དེ་ཡང་ལུས་ཀྱི་ཅི་དང་ཅི་བྱེད་པ་ཐམས་ཅད་དལ་ལྷག་པར་གནས་པའི་ཆོ་ག་ངག་གིས་ཅི་དང་ཅི་སྨྲས་པ་ཐམས་ཅད་བུམ་པ་སྟ་གོན། སེམས་ཀྱི་རྟོགས་པ་ཐ་དད་པ་རྣམས་ལྷ་སྟ་གོན། ལུས་དབྱེར་ཐ་དད་བ་རྣམས་སློབ་མ་སྟ་གོན་གནས་པའོ། །དེ་ལྟར་བྱས་ལས་རྣམས་སྟ་གོན་དུ་ཅིས་འགྲོ་ན། རྡོ་རྗེ་ལྷུན་པོ་ལས། རྣལ་འབྱོར་བསམ་གཏན་འདུ་བྱེད་ཉིད། དབང་བསྐུར་བ་ཡི་ལྷ་གནས་སོ། །ཞེས་པས་སོ། །དེ་ནས་སློབ་དཔོན་གྱིས་དལ་བས་བསྒྲུབ་པ། རྣལ་འབྱོར་བས་། གླལ་བ་འོད་ཀྱི་རླངས་པར་བསྒོམ་པ་དང་། ལུད་པ་མེ་སྟག་ཏུ་བསྒོམས་པས་དཀྱིལ་འཁོར་བསྒྲུབ་པའོ། །དལ་བསྒྲུབ་དུ་ཅིས་འགྲོ་ན། འོད་རླངས་མེ་སྟག་ལ་མཁས་པས། འདི་ནི་དལ་བསྒྲུབ་པའོ་ཞེས་པའོ། །ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་བ་དེ་ལྟར་བསྟེན་པ་ལ་སོགས་པ་བསྟན་པས་དབང་ཐོབ་པར་བྱེད་པའི་དལ། གཞན་ལ་རག་མ་ལུས་པར་བསྟན་པ་ནི། སྟོང་གསུམ་ནི་འགོ་ནས་སྟོན་ལ། །འདི་ནི་སྣང་བ་རང་བཞིན་གྱི་དལ་སྟོན་པའོ། །དེ་ཡང་དབང་བསྐུར་ཐུན་མོང་པ་ལ་དགོངས་ནས། ས་སྟེགས་གང་ཞེ་ན་འདི་ལྟར་སྣང་བ་ཐམས་ཅད་རང་བཞིན་ན་གཟུགས་བརྙན་གྱི་དལ་ལ། ནམ་མཁའ་ནས་རྩོལ་བསྒྲུབ་བྱ་མི་དགོས་བར་འཆར་བབ་པ་དང་། ཁུ་རླངས་ཆག་ཆག་རང་འབྱུང་དུ་བཏབ་པ་ནི་མ་བྱས་པའི་ཆོས་ཉིད་མཚོན་ལ། འགྲོ་བའི་ལམ་ལ་སོགས་པ་ཚིག་བཅོ་ལྔ་གཞུང་གསལ་ལོ། །ཞེས་ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་དེ་ལྟར་དབང་ཐོབ་པ་དེའི་རྐྱེན་བསྲུང་འཚམས་མེད་པའི་ཚིག་བསྟན་པ་ནི། འདའ་བར་འདོད་པ་ནི། ཡེ་བསྲུང་གདེང་དང་ལྡན་པ་སྟེ། དམ་པ་དོན་ཡིན་ལ། དེ་ལས་འདས་ན་ཚིག་པས་ན་དམ་ཚིག་ཞེས་བྱའོ། །དེ་ཡང་ཐེག་པ་ཐུན་མོང་པའི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་སོགས་ཏེ་ས་མ་ཡ་འབུམ་སྡེར་བསྲུང་པར་འདོད་པས་རང་གི་སེམས་བཅིངས་པས་ཆོས་ཉིད་ལས་འགལ་ཏེ། དེ་ཡང་ཅིས་འཆིང་བ། སེམས་མ་བཅོས་ན་ཡེ་ཤེས་གསལ་བའི་ཕྱིར་རོ། །དེ་ལས་སེམས་བཀྲོལ་བར་འདོད་པས་རང་གི་སེམས་ཉམས་ཏེ། ཁམས་གསུམ་དུ་འཁྲིད་པར་བྱེད་པའི་ལས། ཇི་ལྟར་ཉམས་ཞེ་ན། བྱས་ཞིང་བསྒྲུབས་པས་ན། སེམས་འདོད་པས་ཉམས་ཏེ་ཞེས་བྱའོ། །དེ་ཡང་སེམས་ཡེ་ནས་མེད་པར་འདོད་པ་ནི། དམ་ཚིག་ཐུབ་པ་ཡིན་ཏེ། སེམས་ཇི་ལྟར་མེད་ན། རྩ་བ་བཅད་པ་དང་། དངོས་པོར་སྤུར་བ་ལས་བྱུང་བས། དངོས་མེད་སེམས་ཀྱི་ཁང་བུ་བཤིག་པའི་གནད་ལས་བྱུང་བའོ། །དེས་དམ་ཚིག་ཇི་ལྟ་ཐུབ་ན། སེམས་མེད་པས་བསྐུར་བྱའི་དབང་མེད། དེ་མེད་བས་བསྒྲུབ་བྱའི་ཆོས་མེད། དེ་མེད་པས་བསྲུང་བྱ་བློའི་རྟོག་པ་མེད་དོ། །དེ་ནི་མཆོག་གི་དམ་ཚིག་ཞེས་བྱའོ། །ཞེས་ནང་དོན་དྲུག་པ་བསྟན་ནས། ད་ནི་ནང་དོན་བདུན་པ་དེ་ལྟར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ལ་རྫོགས་པ་ཆེན་པོ་བརྡའི་མན་ངག་བསྟན་པས་གནས་ལུགས་ཀྱི་ཉམས་གཞན་ལ་རག་མ་ལུས་པར་བསྟན་པ་ནི། མཐོང་བ་རྣམས་ནི་ལ་སོགས་པས་བསྟན་ཏེ། དེ་ལྟར་མ་སྨིན་པ་སྨིན་པར་བྱེད་པ་ལ། རང་བཞིན་མ་བཅོས་པའི་དབང་བསྐུར་ནས། དབང་དེ་རྒྱུད་ལ་བརྟེན་པས་བྱེད་པ་ལ། མེད་པ་དམ་ཚིག་དང་། ཕྱལ་བ་སྟེ་སྟོང་པ་དང་། གཅིག་པུ་སྟེ་ཟླ་དང་བྲལ་བས་བསྲུང་མཚམས་ལས་འདས་པར་བསྲུང་ལ། ལྷུན་གྲུབ་སྟེ་རང་བཞིན་དུ་གནས་པའི་དོན། དམ་ཚིག་བརྟེན་ནས། ད་སྨིན་པ་གྲོལ་བར་བྱེད་པ་ལ་བླ་མའི་གདམས་ངག་ཆེ་སྟེ། གདམས་ངག་ལ་གསུམ། བརྡའི་མན་ངག་དང་། ཉམས་ལ་དང་། གནད་ལ་བརྟེན་པའི་མན་ངག་གོ །དེ་ལ་འདིར་ནི་བརྡའི་མན་ངག་གིས་སྣང་སྲིད་ཐམས་ཅད་བརྡའ་དོན་གྱི་མན་ངག་དུ་བསྟན་པ་ནི། མིག་གིས་མཐོང་བ་གཟུགས་ཀྱི་ཁ་དོག་དང་། འོད་གསལ་གཉུག་མ། དབྱིབས་རང་སྣང་ཁོང་དག །དེ་ཡང་དཀར་དམར་ལ་བསླབ་པའི་ཐབས་ཀྱིས་སྣང་བར་འགྱུར་བའོ། །དེ་རྣམས་ནི་ཕྱག་ནི་འདིའི་དུས་ན་བླ་མའི་ཕྱག་གིས་སྟོང་པར་མཚོན་པ་དང་། གསལ་བ་དང་། བདེ་བར་མཚོན་པའི་རྒྱ་སྣང་བ་དང་། སྟོང་པར་ཡིད་ཆེས་ཏེ་བརྡའ་ཇི་ལྟར་བསྟན་ན། སློབ་མའི་ལུས་ཀྱི་གནད་བསྟུན་ཏེ། འཁྱོག་པའི་རྩ་གཉིས་མནན་པས། བདེ་བའི་བརྡའ་ཉམས་འཆར། བླ་མའི་ཕྱག་གི་སོར་མོ་ལ་བཀྲམ་པས། བདེ་སྟོང་དབྱེར་མེད་པའི་ཉམས་སྐྱེས་པ་ནི་ཐམས་ཅད་བརྡའ་དོན་གྱི་མན་ངག་དུ་གྲོལ་བའོ། །བརྡའ་དེ་ལ་ཆགས་པའི་སེམས་སྐྱེས་ན་སླར་འཆིང་པས། བླ་མས་བརྡའ་དཀྲོལ་བུ་དེ་ཉིད་ཉམས་སུ་མྱོང་བ་ཞེན་མེད་རང་གྲོལ་དུ་ཡེ་ནས་སངས་རྒྱས་པ་ཡིན་ཞེས་ངག་ཏུ་བརྗོད་པས་དེའི་ཤེས་པ་རང་རིག་གསལ་བའི་དྲན་བསམ་འགགས་པ་ནི་བུའི་རིག་པ་མ་བུ་སྤྲད་པའི་གདམས་ངག་ལ། དེ་ཡང་བཟུང་བ་ཡུལ་གྱི་གནད་བུའི་ཡུལ་བཅོས་པ། འཛིན་པ་སེམས་ཀྱི་གནད་གཏད་ལ་བོར་བ་དེ་གཉིས་འདུས་པ་སྨིན་ཕྲག་གི་གྱེན་རྩལ་ལ་ཐིག་ལེས་གདབ་བོ། །དེ་ལྟར་བྱས་པས་ཡུལ་ཙམ་ཆོས་ཉིད་དུ་ཤར་བས། སྐྱེས་བ་སྐྱེ་མེད་ཀྱི་ཉམས་སུ་མྱོང་པ་ཤར་བས་ལུས་སྦྲིད། རྒས་པ་རྟོགས་ཚད་དུ་ཤར་བས་མིག་ནས་འཆི་མ་འཛག་ནས་བདེ་སྡུག་ཐག་ཆོད་བློ་ལ་སྐྱེས་པས་ངག་རང་རྡོལ་གྱི་ཚིག་ཤུགས་ལས་འབྱུང་། འཆིའི་ས་སྟོང་པར་ཤར་བས། ལུས་ལ་ལས་འཕར་བ་ནི། འདིའི་དུས་ན་བྱིན་རླབས་ཀྱི་བརྡའ་དོན་སྐྱེས་པ་སྟེ། གོམས་པ་མང་པོ་བྱ་མི་དགོས་པས་བརྡའི་གནད་ཀྱིས་ཁམས་གསུམ་ལས་གྲོལ་བའོ། །དེ་ཡང་མིག་གཟུགས་ལ་གཅེར་བཞག་གཏད་པའོ། དེ་བཞིན་དུ་རྣ་བ་ལ་སོགས་པའོ། །དེ་ལྟར་ཚིག་དྲུག་གྱེན་རྡར་སོང་པས། གནས་ལུགས་ལ་རྒྱས་ཐེབས་ཏེ། ཡུལ་མ་འགགས་པར་སོ་སོར་ན་གསལ་བ་ནི། དབང་པོ་རང་ཡན་དུ་འགྲོ་བའི་གནད་སྔ་བསྟུན་པ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་བདུན་པ་རྒྱལ་བ་བསླང་པའི་དོན་དུ་འདི་ལྟར་སྣང་བ་ཐམས་ཅད་རང་གྲོལ་དུ་བསྟན་པ་ལས་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་བརྒྱད་པ་མཁའ་འགྲོ་མ་ལ་སོགས་པས་ཞུ་བ་སྔོན་དུ་འགྲོ་བས་སྣོད་ཀྱི་འཇིག་རྟེན་ཇི་ལྟར་གྲོལ་ལུགས་བསྟན་པ་ལས་དོན་གསུམ་གྱིས་བསྟན་པའི་དང་པོ། འཁྲུལ་པ་གྲོལ་ན་སྣོད་ཀྱི་འཇིག་རྟེན་ཅིས་ཇི་ལྟར་མི་གྲོལ་ཞེས་ཞུས་པ་བསྟན་པ་ནི། དེ་ནས་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །ད་ནི་གཉིས་པ་འབྱུང་བ་ལྔའི་གྲོལ་ལུགས་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པ་ལས། ཡན་ལག་གི་དོན་དང་པོ་འབྱུང་བ་ལྔའི་གྲོལ་ལུགས་མདོར་བསྟན་པ་ནི། རྡོ་རྗེ་འཆང་ལ་སོགས་པའི་ཚིག་བཅུ་འོག་ནས་རྒྱས་པར་བསྟན་ཏོ། །ད་ནི་ཡན་ལག་གི་དོན་གཉིས་པ་འབྱུང་ལྔ་དངོས་པོ་རྒྱས་པར་བཤད་པ་ལ་ཉིང་ལག་གི་དོན་ལྔས་བསྟན་པའི་དང་པོ། ནམ་མཁའི་མཚན་ཉིད་རྒྱས་པར་བཤད་པ་ནི། ནམ་མཁའི་རླུང་གི་དངོས་པོ་སྟེ་སྤྲིན་དང་ཁུ་རླངས་སུ་བྱུང་ལ། ནམ་མཁའི་མེས་ནི་སྡུད་པར་བྱེད་དེ་སེམས་སྟོང་པ་ལ་ཐམས་ཅད་འཚོགས་པའོ། །ནམ་མཁའི་ཆུས་ནི་བསྲེག་པར་བྱེད་པ་ནི་སྟོང་པ་ལ་རྫས་བརྟེན་དུ་མ་སྟུབ་བོ། །ནམ་མཁའི་སས་ནི་གོ་སྐབས་འབྱེད། ས་ནི་ཐམས་ཅད་ཤོང་ཞིང་དེ་ཉིད་ཐམས་ཅད་རྟེན་པའོ། །དེ་ཡང་ནམ་དབྱིངས་རྣམ་པར་དག་པ་ལ་རིག་པ་འཆར་བའི་གཞི་ཡིན་ལ། མཁའ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དྲི་མ་དང་བྲལ་བ་དབྱིངས་ཀྱི་ནང་དུ་ངོས་ཟིན་པ་དེ་ཉིད་དོ། །དེའི་ནམ་མཁའ་སེམས་ལ་སྣ་ཚོགས་སྣང་པའོ། །དེ་དག་གིས་ཤེས་བྱའི་ཆོས་བསྟན་ཏོ། །དེ་ཤེས་པ་ལ་དགོས་པ་ཅི་ཡོད་ན། ཤེས་བྱ་མཐའི་སྤྲོས་པ་ཆོད་པའོ། །དེ་དག་ཉམས་སུ་བླང་བྱ་དང་སྦྱར་ན། ཕྱི་རོལ་གྱི་ནམ་མཁའ་ལ་རླབས་པས། རྣལ་འབྱོར་པའི་སེམས་ལས་སུ་རུང་བར་བྱ་བའི་གནད་ནི། དད་པ་དང་ལྡན་པ་ཞིག་གིས། སྔོན་དུ་དབང་རྫོགས་པར་བྱ་ལ། དེ་ནས་རབ་ཏུ་དབེན་པའི་གནས་སུ། ནམ་མཁའ་ལ་འགྲོ་བ་བློས་བསྒོམ་ནི། ཅིའི་ཙམ་ན་སྡང་ཡེད་ཡོད་པ་དང་། ལུས་ནམ་མཁའ་ལ་འཕར་བ་དག་འབྱུང་ངོ་། དེ་ནས་ཟླ་བ་བཅུ་ན་ནམ་མཁའ་ཉིད་ལ་འཕུར་བར་འགྱུར་རོ། །འགྲོ་བའི་ལུས་དང་སྦྱར་ན། ནམ་མཁའ་རླུང་གིས་ལུས་ཁ་དོག་སྔོ་བས་ས་ལ་སོགས་པ་འབྱུང་པའི་གནད་ཡིག་ན་བསྟན། དེའི་མེའི་ལུས་སེར་གསལ། དེའི་ཆུ་སྔོ་ནག་དེའི་ས་སྐྱའོ། །དེའི་ནམ་མཁའ་དམར་གསལ་ལོ། །དེ་དག་གི་གདམས་པ་གདབ་པའི་ཡུལ་དང་། ལས་དང་། བྱེ་བྲག་ལ་སོགས་པ་འབྱུང་ཡིག་ཏུ་ལྟ་འོ། །ཞེས་ཉིན་ཞག་གི་དོན་དང་པོ་ནམ་མཁའི་མཚན་ཉིད་རྒྱས་པར་བསྟན་ནས། ད་ནི་ཉིང་ལག་གི་དོན་གཉིས་པ་རླུང་གི་མཚན་ཉིད་རྒྱས་པར་བསྟན་པ་ནི། རླུང་གི་ཕྱིའི་ནི་བསྟན་པ་སྟེ་འདི་ལྟར་སྣོད་ཀྱི་འཇིག་རྟེན་རླུང་གིས་འདེགས་པའོ། །རླུང་ཕྱིའི་ནམ་མཁའ་ཡི་ནག་གདངས་ཆེ། ས་ལ་སོགས་པའི་རྡུལ་རྣམས་འབུད་པར་བྱེད་པའོ། །རླུང་གི་ཕྱིའི་ཆུ་ནི་མྱུར་མགྱོགས་བྱེད་པ་ནི། ཐོགས་པ་མེད་པར་འགྲོ་བས་སོ། །རླུང་གི་ཕྱིའི་མེ་ནི་འཕན་སྡུད་ཆུད་དེ། རྡུལ་ལ་སོགས་པ་གཅིག་ཏུ་སྡུད་པར་བྱེད་པའོ། །རླུང་གིས་ས་ནི་གཟུགས་བརྙན་གསལ་བ་ནི། བྱ་རྒོད་ལ་སོགས་པ་འདེགས་ཤིང་གཟུགས་དེ་ཉིད་དུ་གསལ་བར་བྱེད་པའོ། །དེ་དག་ནི་ཤེས་བྱ་དང་སྦྱར་བའོ། །ཉམས་སུ་བླང་པ་ནི་གསང་བ་སྒྲ་རྒྱུད་ཀྱི་སྐབས་ནས་བསྟན་པ་ལྟར་བྱའོ། །དེ་ལྟར་བྱས་པས་ནམ་མཁའ་ལ་འཕུར་བར་ནུས་སོ། །ལུས་དང་སྦྱར་བ་ནི། འདིར་འབྱུང་བའི་ནང་ནས་ཉེར་ལྔ་རྩིས་པས། འགྲོ་བའི་ལུས་ཀྱང་མི་འདྲ་བ་ཉེར་ལྔར་འགྲོ་སྟེ། དེ་ལས་བྱེ་བྲག་ཏུ་ཕྱེ་ནས་འགྲོ་བའི་ལུས་མི་འདྲ་བ་རེ་རེ་ལ་ཉེར་ལྔར་ཕྱེ་བས་བདུན་བདུན་དང་ཉེར་ལྔ་ཡོད་དོ། དེ་ལས་བསྡུས་པས་བཞི་བརྒྱ་དང་བཞི། དེ་ལས་ཁྱད་པར་དུ་བསྡུས་པ་ཉེར་ལྔ། དེ་ལས་བཅུ་དྲུག་དེ་ལས་འབྱུང་བ་ཕོ་མོ་ཕྱེ་བ་བརྒྱད། དེ་ལས་རང་ངོ་ལ་བཞིར་འདུས་སོ། །དེ་ཡང་མཆོག་ཏུ་ངོས་འཛིན་ན། ཕྱི་ནང་གསང་བ་གསུམ་གྱིས་བཅུ་གཉིས་ཏེ། ཁྱད་པར་དུ་ངོས་འཛིན་ན། ལོ་བཅུ་གཉིས་སུ་ཤེས་པར་བྱའོ། །ཞེས་རླུང་གི་མཚན་ཉིད་རྒྱས་པར་བསྟན་ནས། ད་ནི་ཉིང་ལག་གི་དོན་གསུམ་པ་ཕྱིའི་ཆུ་ལྔའི་མཚན་ཉིད་རྒྱས་པར་བསྟན་པ་ན། ཆུའི་ཆུ་སྒྲ་མཉན་པ་ནི་སྒྲ་དང་སེར་སྒྲ་ལ་སོགས་པའོ། །དེ་ལ་བསླབས་པས་མཁའ་འགྲོ་མ་རྣམས་ཀྱི་སྒྲ་ལ་མཁས་པར་འགྱུར་རོ། །ཆུའི་ནམ་མཁའ་ཐོགས་པ་མེད། ས་ནི་རྒྱུན་མ་ཆད་པ་དང་མྱུར་བར་འགྲོ་བ་སྟེ། དེ་ལ་མིག་གི་དབང་པོས་བསླབས་པས། རྒྱ་མཚོ་གླིང་གི་རླུང་རྣམས་ཀྱི་སྐད་ལ་མཁས་པར་འགྱུར་རོ། །ཆུའི་རླུང་ནི་ཆགས་མེད་རྒྱུག་པ་ནི། གཅིག་ཏུ་མི་སྡོད་པ་སྟེ། དེ་ལ་སྣའི་དབང་པོས་བསླབ་པས། གླིང་དུ་མའི་འགྲོ་བའི་མཚན་ཉིད་ཤེས་པར་འགྱུར་རོ། །ཆུའི་མེ་ནི་སྡུད་པར་བྱེད་པ་ནི། གཟུང་དུ་མ་སྡུད་པ་སྟེ། དེ་ལ་ལྕེའི་དབང་པོས་བསླབས་པས། ཟས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་རོ། །ཆུའི་སས་ནི་ཁྱབ་པར་བྱེད་པ་ནི་བརླན་པ་སྟེ། དེ་ཉིད་ལུས་ཀྱིས་བསླབས་པས་དྲོད་ཀྱི་རྣལ་འབྱོར་དུ་འགྱུར་རོ། །ལུས་ལ་སོགས་པ་ནི་གོང་གིས་ཤེས་སོ། །ཉིང་དོན་གསུམ་པའོ། །ད་ནི་ཉིང་དོན་བཞི་པ་མེའི་མཚན་ཉིད་རྒྱས་པར་བསྟན་པ་ནི། མེའི་མེ་ནི་བསྐྱོད་པར་བྱེད་པ་ནི། མེ་ཕྲ་མོས་ཤིང་ཆེན་པོ་བསྲེག་པར་བྱེད་པ་སྟེ། དེ་ལ་ལུས་ཀྱིས་བསླབས་ན་རྡུལ་ཕྲ་རབ་ཀྱིས་མཚན་ཉིད་ཤེས་པར་འགྱུར། མེའི་ནམ་མཁའི་དངོས་པོ་བསྲེག་པ་ནི། བུད་ཤིང་བསྲེག་པ་སྟེ། དེ་ལ་སྣའི་དབང་པོས་བསླབས་པས་རོའི་བྱེ་བྲག་མི་འདྲ་བ་བརྒྱ་ཕྲག་ཕྱེད་དང་བརྒྱད་ཤེས། མེའི་རླུང་གིས་འབར་བར་བྱེད་པ་ནི། མེ་ལྕེ་ཤིན་ཏུ་འབར་བ་ལས་སྒྲ་འབྱུང་བ་ནི། རྣ་བའི་དབང་པོ་ལ་བསླབས་པས་རིགས་དྲུག་གི་སྒྲ་ལ་མཁས་པར་འགྱུར་རོ། །མེའི་ཆུས་ནི་རླག་པར་བྱེད་པ་ནི། ཤིང་ལ་སོགས་པ་དངོས་པོ་སྟོང་པར་བྱེད་པ་ལ། མིག་གི་དབང་པོས་བསླབས་པས། གཟུགས་མཐོང་བ་ཙམ་གྱིས་དེའི་མཚན་ཉིད་ཤེས་པར་འགྱུར་རོ། །མེའི་སས་ནི་འཛིན་པའོ། །རྫས་གང་ལ་རེག་པ་བསྲེག་པ་སྟེ། དེ་ལ་བསླབས་པས་སྟོང་པའི་མཚན་ཉིད་ཤེས་པའོ། །ལྷག་མ་ནི་གོང་དང་འདྲའོ། །ཉིང་དོན་བཞི་པའོ། །ད་ནི་ཉིང་དོན་ལྔ་པ་ཕྱིའི་མཚན་ཉིད་རྒྱས་པར་བསྟན་པ་ནི། སའི་སས་ནི་འགྲོ་ལ་ཁྱབ་པ་ནི། སས་གར་ཁྱབ་སར་ལ་འགྲོ་བས་ཁྱབ་བ་སྟེ། དེ་ཉིད་མིག་གིས་བསླབས་པས་གཟུགས་ཀྱི་མཐོང་བ་རྣམ་པར་དག་པ་ལ་སྤྱོད་པའི་ནམ་མཁའ་ཐེག་པར་བྱེད་པ་ནི་ཐམས་ཅད་འདེགས་པས་ཏེ། དེ་ཉིད་ལ་ཡིད་ཀྱིས་བསླབས་པས། སའི་འོག་ཏུ་འཛུལ་པར་ནུས་པའོ། །སའི་རླུང་གིས་གོང་སྟོང་བྱེད་པ་ནི། དབྱར་རྒུན་དུ་ཤིང་ལ་སོགས་པ་འདབ་མ་འགྱུར་བ་སྟེ། དེ་ཉིད་ལ་རྣ་བས་བསླབས། ཆོས་ཉིད་སྟོང་པའི་སྒྲ་ལ་མཁས་པར་འགྱུར་རོ། །སའི་ཆུས་ནི་དངོས་པོ་བསྐྱེད་པ་ནི། ཁང་ཁྱིམ་ལ་སོགས་པའི་བཟོའི་རྣམ་པ་ཇི་ཡང་སྟུབ་སྟེ་དེ་ཉིད་ལ་སྣའི་དབང་པོས་བསླབས་པས། དཔག་ཚད་ལྔ་སྟོང་གི་མཁའ་འགྲོ་མ་རྣམས་ཀྱི་དྲི་ཚོར་བར་འགྱུར་རོ། །སའི་མེས་ནི་སྐམ་པའོ། །ནི་ཆུ་གཅོད་པར་བྱེད་པ་སྟེ། དེ་ཉིད་ལ་ལྕེའི་དབང་པོས་བསླབས་པས་ཟས་དང་བྲལ་བ་དག་ཏུ་འགྱུར་རོ། །ཞེས་དེ་དག་གིས་ནི་འབྱུང་བ་ལྔའི་གྲོལ་ལུགས་བསྟན་པ་དང་རྒྱས་པར་བཤད་པ་གཉིས། རྒྱས་པར་བཤད་པ་ལ་འབྱུང་བ་ལྔ་དངོས་རྒྱས་པར་བསྟན་པ་ལ། ཉིང་དོན་ལྔར་བྱས་ནས་བསྟན་ནོ། །ད་ནི་ཞུ་བ་སྔོན་དུ་འགྲོ་བ་སྣོད་ཀྱི་འཇིག་རྟེན་ཇི་ལྟར་གྲོལ་པའི་ནང་དོན་གསུམ་པ་འདི་ལྟར་སྣང་བའི་དོན་ངེས་པར་འཇུག་བསྡུ་བ་དང་བཅས་པ་བསྟན་པ་ནི། ངེས་པ་མེད་པའི་བྱུང་བ་ནི་གཉིས་སྟེ། བརྟགས་པ་རྣམ་གྲངས་ལ་ངེས་པ་མེད་པ་དང་། དོན་རང་ངོ་ལ་ངེས་པ་མེད་པའོ། །དེ་ཡང་བརྟགས་པ་མིང་གིས་རྣམ་གྲངས་སུ་སང་པས་ངེས་པ་མེད་དེ། མིང་ཡང་དག་པར་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཀྱང་སེམས་སྡེ་ལས། གང་ལྟར་བརྟགས་པ་དེ་ལྟར་སྣང་། ཞེས་པའོ། །དེ་ཡང་མེ་ཆུ་གཉིས་ལྷན་གཅིག་ཏུ་མི་གནས་ཟེར་བ་ནི། མེ་ལ་མེ་ཡིན་པའི་དོན་མེད་དོ། །ཆུ་ཞེས་བརྟགས་ཀྱང་འགལ་བ་མེད་དོ། །ཐམས་ཅད་མེད་པའོ་དོན་སྣང་བས་སོ། དོན་རང་ངོ་ལ་ངེས་པ་མེད་པས། དམྱལ་བ་ཤེས་བྱ་ལ་གྲུབ་པ་མེད་པས། སངས་རྒྱས་ཡིན་ནོ་ཞེས་ཀྱང་བཀག་པ་མེད་དོ། །དེ་ལྟར་འཁོར་འདས་གང་དུ་ཡང་མ་གྲུབ་པས། དོན་དུ་ཡང་ངེས་པ་མེད་དོ། །དེ་ལྟར་སེམས་སྡེ་ལས་འདི་འདྲ་གཅིག་ཏུ་མེད་པ་པས་ཞེས་པས་སོ། །སྣ་ཚོགས་རང་གྲོལ་དུ་ཤར་བ་ནི་བྱ་རི་སྐེགས་ཀྱི་གཤོག་པ་ལྟ་བུའོ། །དེ་ལྟར་ངེས་པ་མེད་པའི་ཕྱི་རོལ་གྱི་འབྱུང་བ་ལྔས། ངེས་པ་ནི་སེམས་ཀྱི་ངོ་བོ་ལ་ཇི་ལྟར་ཤར་ཅིང་སྣང་ཡང་འགྱུར་བ་མེད་པར་བཞག་པས། སེམས་ཉིད་བརྟགས་པ་མིན་པས་སེམས་རྐྱེན་ལ་རག་མ་ལུས། སྣང་བ་ལ་ཡིན་པ་མེད་པས་སྣ་ཚོགས་རང་སར་གྲོལ་བའོ། །གཟུགས་ནི་དངོས་པོ་དབྱིབས་ཀྱི་རྣམ་པར་རི་རབ་ཙམ་ཏིལ་འབྲུའམ། རྡུལ་ཕྲ་རབ། གྲུ་བཞི་དང་། ཟླུམ་པོ་དང་། གྲུ་གསུམ་དང་། ཟླ་གམདང་། ནར་མོ་དང་། གྲུ་ཡོན་ལ་སོགས་པར་སྣང་བ་ཐམས་ཅད་ནི། དེ་དག་ལ་བརྟགས་པས་མིང་དུ་ཡང་མ་གྲུབ་པས་མེད་པ་དང་། དོན་དུ་ཡང་མ་གྲུབ་པས་རང་བཞིན་མེད་པའི་ཕྱིར། ཐམས་ཅད་སེམས་ཀྱི་འཁྲུལ་པ་ཡིན་པས་སོ། །དེ་ཉིད་ཀྱི་རང་རང་སར་བཞག་པ་ཙམ་གྱིས་གྲོལ་བ་ནི། རྫོགས་པ་ཆེན་པོ་བྱ་བ་རྩལ་ལས་འདས་པའི་གནད་དོ། །དེ་ཡང་གཟུགས་སུ་མེད་པ་ཞེས་པ་འདི་ཡང་། ངེས་པ་མེད་པས་ན། བརྟགས་པ་མིང་ཡིན་གྱི་ཧེ་དུས་གྲུབ་སྟེ། དེ་ཡང་བརྟགས་པ་ཐམས་ཅད་མིང་ཡིན། མིང་ལ་ངེས་པ་མེད་དེ། དོན་གང་དུ་ཡང་ངེས་པ་མེད་དོ། །དེ་ཡང་མེའི་མཚན་ཉིད་བརླན་པ་ཡིན་ནོ་ཞེས་པ་དང་། ཚ་ཞིང་བསྲེག་པ་ཡིན་ནོ་ཞེས་གཉིས་ཀ་མིང་ལས་མ་གཏོགས་པ་གང་ཡང་མེད་པས་སོ། །མིང་མིང་ཙམ་དུ་གཅིག་ལ། བརྟགས་པ་བརྟགས་པ་ཙམ་དུ་གཅིག་པའི་ཕྱིར་རོ། །མིང་ཡང་དག་པར་ཆོས་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དངོས་པོ་མེད་ན་གཟུགས་མེད་པའི་ཕྱིར། དེ་ཡང་ཆོས་ནི་ཆོས་རང་གིས་གྲོལ་བས་མ་གཏོགས་པ་གཞན་མེད་དོ། །རང་གིས་རང་གྲོལ་བས་རྐྱེན་གཞན་ལ་རག་མ་ལུས། མེད་པ་ལ་ཡང་མེད་པས་གྲོལ། ཞེས་བྱ་བ་ནི། དངོས་མེད་ཡིན་པའི་ཕྱིར། དེ་ཡང་གཅིག་ཐོག་ཏུ་གཅིག་གྲོལ་བ་ཆུ་ལ་ཆུ་བཞག་པ་ལྟ་བུའོ། །རྣམ་པར་དག་པའི་ཞེན་པ་དང་བྲལ་བ། གཅིག་རོ་ལ་གཅིག་རྩེགས་པ་ལྟ་བུའོ། །གཉིས་སུ་གནས་ལུགས་དང་། སྣང་ཐབས་སུ་སྣང་བ་གཉིས། ཡིན་ཚུལ་དུ་གྲོལ་བའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་བརྒྱད་པ་མཁའ་འགྲོ་མ་ལ་སོགས་པ་ཞུ་བ་སྔོན་དུ་འགྲོ་བས་སྣོད་ཀྱི་འཇིག་རྟེན་ཅིས་མི་གྲོལ་བར་བསྟན་པ་ལ་དོན་གསུམ། ཡན་ལག་གི་དོན་ཉིང་དོན་དྲུག་ཏུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་དགུ་པ་དེ་ལྟར་བེམ་པོ་ལ་སོགས་པ་གྲོལ་ན་བཅུད་ཀྱི་སེམས་ཅན་ཅིས་མི་གྲོལ་བར་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ། ཞུ་བ་སྔོན་དུ་འགྲོ་བས་སེམས་ཅན་འདི་དག་ཇི་ལྟར་གྲོལ་ལུགས་ཞུས་པ་བསྟན་ནས་ནི། རྟ་མཆོག་དཔལ་ནི་སྡུད་པའོ། །ཀྱེ་བཅོམ་ལྡན་འདས་ཞེས་བོས་ནས། སྣོད་ཀྱི་ནི་འགྲོ་བ་རྣམས་རྟེན་པར་བྱེད་པ་རླུང་ལས་སྐྱེད་པ། དེ་ཡང་ཐ་མ་རླུང་གི་འཇིག་པས་ན་འཇིག་པ་ལ། དེ་ལ་འགྲོ་བ་རྣམས་བརྟེན་པས་སོ། །རླུང་ལ་ཆུ་བརྟེན། ཆུ་ལ་ས་བརྟེན་པ་དེ་ཡང་གྲོལ་བར་གྱུར་བས། བཅུད་ནི་དེ་ལྟར་ཕྱི་རོལ་གྱི་འབྱུང་བའི་བཅུད་ནང་ལུས་ཀྱི་འབྱུང་བ་ལྔ་སྟེ། དེའི་བཅུད་ཀྱིས་དེ་ལ་སེམས་བརྟེན་པས་ལྡན་པའི་ཚིག་ཅན་ཞེས་བྱའོ། །དེ་ལྟར་སྣོད་བེམ་པའི་རྣམ་པ་རྣམས་གྲོལ་ན། བཅུད་ལུས་སེམས་དང་ལྡན་པ་ཅིས་མ་གྲོལ་བ་ལགས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་རྣམས་གྲོལ་བར་མ་གྱུར་ན། གཞན་ས་ཆུ་མེ་རླུང་ལ་སོགས་པ་གྲོལ་བ་རྣམས་ལ་དོན་མེད་པར་འགྱུར་ལགས་ན། ཡང་ན་བེམ་པོ་ལ་སོགས་པ་གྲོལ་བ་དེ་དག་ཀུན། ཇི་ལྟར་གྲོལ་བ་ལགས། ཡང་ན་གོང་དུ་བསྟན་པ་དེ་དག་ཀུན་འབད་པ་ཅི་ཡང་བྱར་མེད་པར་གྲོལ་བ་ལགས་སམ་འབད་རྩོལ་གྱིས་གྲོལ་ལམ་ཅི་ལགས། གལ་ཏེ་འབད་རྩོལ་གྱིས་གྲོལ་ན་གོང་དུ་བསྟན་པའི་ས་ཆུ་མེ་རླུང་བེམ་པོ་རྣམས་ནི་གྲོལ་བ་མི་རིགས་ན། གྲོལ་བ་ཞེས་བྱ་བའམ། མ་གྲོལ་བྱ་བར་རིག་པ་མ་ལགས་ན། ཡང་ན་དེ་དག་གྲོལ་བས་སེམས་ཅན་རྣམས་ཀྱང་འབད་པ་མེད་པར་གྲོལ་ལམ་ཇི་ལྟར་གྲོལ་བ་ལགས་ཞེས་བདག་ལ་བསྟན་དུ་གསོལ་ཞེས་དྲིས་པའོ། །ཞེས་ནང་དོན་དང་པོ་བསྟན་ནས། ད་ནི་ནང་དོན་གཉིས་པ་འབད་པ་མེད་པར་རང་གྲོལ་བར་ལན་བཏབ་པར་བསྟན་པ་ནི། རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་བཀའ་སྩལ་ལུགས་འབད་པ་མེད་པར་རང་གྲོལ་བར་བརྩམ་ཏེ། འབད་པས་གྲོལ་བ་མ་ཡིན་ཏེ་རྫོགས་པ་ཆེན་པོ་རྩོལ་བསྒྲུབ་ལས་འདས་པའི་ཕྱིར་ན། དེ་ཡང་ཡེ་གྲོལ་ཆེན་པོ་ཉིད་ལ་བསྐྱར་གཞི་མེད་པའི་གནད་ལ་བརྟེན་ནས། འགྲོ་བའི་ལུས་སྐྱར་གཞི་མེད་པར་བསྟན་པ་ནི། ཞེས་ནང་དོན་གཉིས་པའོ། ད་ནི་ནང་དོན་གསུམ་པ་རང་གི་ཤེས་པ་ཕ་དང་མའི་རྒྱུ་རྐྱེན་ལས་བྱུང་བ་ཐམས་ཅད་རང་གི་བདེ་བ་ཆེན་པོ་ཉིད་ཀྱི་རང་བཞིན་བསྟན་པ་ནི། དེ་ཡང་ཐབས་རང་རིག་པའི་རྒྱུ་ཡིན་ཏེ། བླ་མ་ལ་རག་ལས། དེ་ཡང་རྒྱུ་དག་པར་བྱེད་པའི་མན་ངག་ཤེས་རབ་འཁོར་བ་གཅོད་པ་མའི་རྐྱེན་དག་པར་བྱེད་པ་སྟེ་རང་ལ་རག་ལས། དེ་ཡང་སྦྱོར་བ་བྱས་པ་ལས་ནི་རླུང་བསྒོམ་པའི་བསྐྱོད་པའི་མན་ངག་ཐབས་ལ་བརྟེན་པས་འདས་བ་ཉེ་བར་གྱུར་པ། ཤེས་རབ་ཀྱི་བཅད་པས་འཁོར་བའི་མཚན་ཉིད་རྟོགས་པ། དེ་ཡང་ཐབས་ཀྱིས་ཕའི་རྒྱུ་ཁུ་བ་དག་པས་རླུང་རྣམ་པར་དག་པའི་ཡེ་ཤེས་ལ་སྤྱོད། མའི་རྒྱུ་ཁྲག་དག་པ་ལས་རྐྱེན་རྣམ་པར་དག་པས་སྣང་བ་རང་གྲོལ་དུ་འགྲོ་བའོ། །དང་པོ་རྣམ་ཤེས་མའི་ལྷུམས་སུ་ཞུགས་པའི་ཚེ། འཕེན་པའི་སྟོབས་རླུང་གིས་བསྐྱོད་པ་ནི། སྣང་བ་ཐམས་ཅད་རང་གྲོལ་བའི་སྟོབས་ཡིན་ནོ། །དེ་ཡང་རླུང་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་རང་རིག་པ་བདེ་བ་ཆེན་པོ་ཉིད་དུ་སྨིན་པའོ། །དེ་ཡང་རྒྱུའི་བྱང་ཆུབ་སེམས་དེ་ལ་འབྱུང་ལྔའི་རྒྱུ་ལས་ནི། བསྐྱེད་པ་སའི་རྒྱུ་ཡོད་པས། ལུས་གཅིག་གི་རང་བཞིན་དུ་འགྱུ་ལ། རླུང་ཡོད་པས་འཕེན་ཅིང་བསྐྱོད་པ་ལས་བྱེད། མེ་ཡོད་པས་དྲོད་འབེབས། ཆུ་ཡོད་པས་གཤེར་ཞིག་རླན། ནམ་མཁའ་ཡོད་པས་སྟོང་ཞིང་བར་སྐབས་སུ་བྱེད་པས། ལུས་བསྐྱེད་པའི་ས་བོན་ནི། བདེ་ཆེན་ཤུགས་སུ་རྣམ་པར་དག་པའོ། །དེ་ཡང་ཆོས་ཉིད་སྟོང་པ་ཉིད་ཀྱི་ཡུལ་ལས་རྣམ་པར་ཤར་རོ། །གཉིས་ནི་ཕ་དང་མའི་ཀུན་རྫོབ་ཀྱི་བདེ་བའི་སྙོམས་པར་འཇུག་པ་ནི། བླ་མའི་ཐབས་ལས་བྱུང་བའི་རང་གི་ཤེས་རབ་ཉིད་དུ་རྣམ་པར་དག་གོ །མངལ་གྱི་ལྷུམས་ལ་སོགས་པའི་ཚིག་བཅུ་གཉིས་གཞུང་དུ་བརྟགས། གཞན་ནས་རྒྱས་པར་བཤད་དོ། །ནང་དོན་གསུམ་པ་བསྟན་པའོ། །ད་ནི་ནང་དོན་བཞི་པ་འབད་པ་དང་བཅས་པའི་ལྟ་སྤྱོད་ཀྱིས་འཆིང་བར་བསྟན་པ་ནི། ཨེ་མ་ངོ་མཚར་བའི་ཆོས། བྱམས་པ་དང་བཅས་པའི་སྤྱོད་པས་རང་སེམས་མ་བསྒྱུར་བར་རང་སོར་བཞག་ན། ཡོད་པ་དང་། མེད་པའི་སྣང་བ་ཐམས་ཅད་རང་སྣང་གྲོལ་བ་ནི། ནམ་མཁའ་ལ་སྤྲིན་དེ་སང་པ་ལྟ་བུའོ། །དྲན་པ་དང་བསམ་བས་མ་བཤིག མ་བཅོས་པའི་དམིགས་གཏད་དང་བཅས་པའི་བསྒོམ་པས་སེམས་མ་བཅོས་པ་གང་སྣང་གཅེར་བཞག་ཏུ་བཞག་ན། ཕྱིའི་ཆོས་ཅན་ཐམས་ཅད་རང་སར་གྲོལ་བར་ངེས་སོ། །ལྟ་བས་ནི་ཡིན་ཆེན་དང་། གོལ་སྒྲིབ་ཀྱི་རྩིས་དང་། སེམས་ཕྱི་ནང་ལ་མ་བརྟག་པར། སེམས་རིག་མཁའ་ལ་བྱུང་ན། རྟག་ཆད་མཐར་འཛིན་པ་ལས་རང་དག་སུ་གྲོལ་ལོ། །འབྲས་བུ་ནི་འཁོར་བ་ལས་དོག་པ་དང་། འདས་པ་ལས་རེ་བས་སེམས་གཉིས་འཇོག་གིས་མ་བཅིང་པར། ཡེ་གྲོལ་ཆེན་པོར་རྒྱས་བཏབ་ན། རང་ལུས་ཕྱག་ཏུ་རྣམ་དག་ཏུ་གྲོལ་བའོ། །དེ་ལྟར་ན་སྣང་བ་ཐམས་ཅད་རང་གིས་རང་གྲོལ་བས་ནས་ཡེ་ནས་ཆོས་ཉིད་ཀྱི་རྒྱས་ཐེབས་པས། ད་སྐྱར་མི་དགོས་པ་ལ་དགོངས་པའོ། །ཞེས་དེ་དག་གིས་ནི་ལེའུའི་གཞུང་དེ་ལ་བསྡུས་པའི་དོན་དགུར་བྱས་ནས། ཡན་ལག་གི་དོན་བཞིའམ་བཅུ་གཅིག་གིས་ཞེས་མུ་ཏིག་ལ་སོགས་པ་མཚན་སྐབས་སུ་བསྟན། འབད་པ་མེད་པར་འགྲོ་བ་རྣམས་རང་གྲོལ་བར་བསྟན་པའི་ལེའུ་བསྟན་པའོ། །དེ་ཡང་འབད་པ་ལུས་ཀྱི་འབད་པ་ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་ཅི་ཡང་བྱ་མི་དགོས་པར། འབྱུང་བ་རང་གནད་ཀྱིས་གྲོལ་བས། འགྲོ་བ་དྲུག་དུ་སླར་མི་ལྡོག་ངག་གི་འབད་པ་སྙིང་པོ་བཟླས་པ་ལ་སོགས་པ་བྱ་མི་དགོས་པར་བརྗོད་པ་གསལ་དག་སུ་གྲོལ་བས། སྨྲས་ཚད་སྒྲ་དོན་གྱི་མན་ངག་གིས་གྲོལ་ལ། སེམས་ཀྱི་འབད་པ་རིག་འཛིན་ལ་སོགས་པ་བསྒོམ་པ་བྱ་མི་དགོས་པས་ཅི་བསམ་དགོངས་པའི་གནད་ཀྱིས་གྲོལ་བས་ཏེ། གཉེན་པོ་ཡོད་མི་སྲིད་པའོ། །དེ་ལྟར་ན་རང་གྲོལ་ལ་གཉེན་པོ་མེད་པའི་གནད་དོ། །འོག་ནས་ལྕགས་ཀྱི་ལྕགས་རྣམས་གཤོག་པ་ལ་སོགས་པ་བཤད་དོ། །གྲོལ་ཞེས་བྱ་བ་འདི་ལ་བཞག་པ་ཙམ་གྱིས་གྲོལ་བ་དང་། ཤེས་པ་ཙམ་གྱིས་གྲོལ་བ་དང་། གནད་ཐོག་ཏུ་གྲོལ་བ་དང་། ཡེ་གྲོལ་དང་། རང་གྲོལ་དང་། ཡོངས་གྲོལ་ལ་སོགས་པར་འདོད་པ་མང་ཡང་། འདི་ནི་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པས་འབད་མི་དགོས་པར་བསྟན་པའོ། །ལེའུ་སྟེ་ནི་གཞུང་གིས་དུམ་བུ་ངེས་པའི་དོན་ནོ། །ཡང་ན་སྡེ་ཚན་སྟོན་པར་བྱེད་པའོ། །བཞི་པོ་ནི་གསུམ་ལས་གཞན་དུ་གྱུར་པ་གྲངས་ཀྱི་བྱེ་བྲག་གོ །ལེའུ་བཞི་པའི་མུ་ཏིག་གསལ་བར་ཕྱེ་བའོ། །རྫོགས་སོ།།
༅། གྱམ།ཐཎ།།གཐ།ཿ ད་ནི་ལེའུ་ལྔ་པ་གནས་ལུགས་ལ་འཁྲུལ་པ་རང་རྫོགས་སུ་བསྟན་པའི་ལེའུ་མུ་ཏིག་གསལ་བར་ཕྱེ་ན། བསྡུས་པའི་དོན་གཉིས་ཀྱིས་བསྟན་ཏེ་དྲི་བ་མདོར་བསྟན་པ་དང་། ལན་རྒྱས་པར་བསྟན་པའོ། །དང་པོ་ནི་དེ་ནས་ལ་སོགས་པའི་ཚིག་བཅད་གཅིག་ལ་ཞུ་བ་ལྔ་ཞུས་པས་འོག་ནས་སྟོན་ཏོ། །བསྡུས་དོན་བསྟན་ཏེ་དྲི་བ་མདོར་བསྟན་ནས། ད་ནི་གཉིས་པ་ལན་རྒྱས་པར་བསྟན་པ་ལ་ཡན་ལག་གི་དོན་དྲུག་གིས་བསྟན་ཏེ། དང་པོ་བསྡུས་པས་རང་ལ་བོས་ནས་འདི་ཟུངས་ཤིག་པར་བསྟན་པ་ནི། རྡོ་རྗེ་འཆང་གིས་ཚིག་གཉིས་གཞུང་གསལ་ལོ། །གཉིས་པ་སེམསཅན་ལ་སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་གནས་པ་ལ་ཉིན་ཞག་གི་དོན་དྲུག་གིས་བསྟན་པའི་དང་པོ་གནས་ལུགས་ཀྱི་ངོ་བོ་ལ་སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་བསྟན་པ་ནི། སེམས་ཅན་དང་སངས་རྒྱས་གཉིས་ནི་གཞི། དངོས་པོའི་གནས་ལུགས་ལ་གཅིག་པས། གང་གིས་ཀྱང་དབྱེར་མི་ཕྱེད་དོ། །དེ་ཡང་གཞི་དང་བྱ་བ་ཁྱབ་པ་སྤྱིར་བཏང་ནས། གཞི་ཤེས་པའི་ཁྱད་པར་ལས། རང་བཞིན་གྱི་སྣང་ཆ་ལྷུན་གྲུབ་འཁྲུལ་པའི་གཞིར་ཤར་བའོ། །དེ་ཡང་བརྗོད་དུ་མེད་ཅིང་ཟླ་དང་བྲལ་བ་ལས། སྤྲོས་པ་མེད་པ་ཡིན་ནོ། །ཞེས་བྱ་བ་ཙམ་འཁྲུལ་པར་སོང་སྟེ། འཁྲུལ་པ་དེ་ཉིད་ཉག་རིང་བས་མཚན་ཉིད་ཤེས་པར་དཀའ། གཅིག་ལས་མེད་པས་ཐ་དད་དུ་བཏགས་པས་བསལ་དཀའ་འོ། །ལྟ་བ སྒོམ་གྱི་འབད་དུ་མེད་པ་ལ་ད གོངས་པར་གནས་པར་འདོད་པས། འཁྲུལ་པ་ཉིད་ཉིང་འཁྲུལ་དུ་སོང་བས། སངས་རྒྱས་དང་སེམས་ཅན་གཉིས་སུ་འབྱུང་བའོ། །འོ་ན་འཁྲུལ་པ་དེ་ལས་མ་འཁྲུལ་པ་མེད་དམ་ཞེ་ན། རྟོགས་པ་ཁྱད་པར་ཅན་སྐྱེས་པས་འཁྲུལ་པ་ལས་གྲོལ་བ་སྟེ། དེ་ཡང་ལུས་ཀྱི་རྩ་རྒྱུ་རྐྱེན་གཉིས་སྟོང་དག་ཏུ་ཤེས་པ་ལས། ལུས་ཀྱི་བདེ་བ་ལུས་ལ་དྲོད་འབར་བས། ལུས་ཀྱི་འབུ་སྲིན་ལ་སོགས་པ་མེད་པའོ། །ངག་ལ་བདེ་བ་སྔོན་ཆད་ཐོས་མ་མྱོང་བའི་ཆོས་ཀྱི་ཚིག་ཐམས་ཅད་རང་རྡོལ་དུ་འབྱུང་བ་ལས། སེམས་ལ་མངོན་པར་ཤེས་པ་དུ་མ་འཆར་བ་ནི། རྣལ་འབྱོར་ཆེན་པོ་སྤྱོད་ཡུལ་ཏེ་ཐིག་ལེ་ལྟར་བྱུང་ནས་ལམ་འགྱུར་བ་མེད་པའི་སྣ་ཟིན་པ་ལ་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་རྫོགས་པའོ། །དེ་ལྟ་བུ་ལས་རང་བཞིན་མ་བཅོས་པ། སེམས་ཅན་སངས་རྒྱས་དབྱེར་མེད་ཐ་སྙད་དུ་བྱའོ། །དེ་ཡང་སེམས་ཅན་དང་སངས་རྒྱས་ཀུན་དང་བདག་གཉིས་དཀྱིལ་རིག་པ་འཁོར་ཡེ་ཤེས་སུ་གཅིག་པ་ཞེས་བྱའོ། །དེ་ཡང་ངོ་བོ་ཀ་ནས་དག་པ་གཅིག་པའི་ཕྱིར་རོ། །ངོ་བོ་དེ་དྲི་མ་ཐམས་ཅད་དང་བྲལ་ནས་ཟང་ཐལ་དུ་གནས་པ། ཀ་ནས་དག་པའི་ཡེ་ཤེས་སུ་གནས་པ་ལས། དེའི་རང་བཞིན་ཉིད་ལ་ལྷུན་གྲུབ་ཀྱི་ཡོན་ཏན་སྣ་ཚོགས་སུ་ཤར་པ་ལ་ཡོན་ཏན་དུ་བཟུང་པའི། །དེ་སྐྱོན་དུ་སོང་སྟེ། དཔེར་ན་མིང་མེད་ཅེས་མིང་དུ་སོང་པ་དང་འདྲའོ། །དེ་ཉིད་སྐྱོན་ཅན་ཡིན་པར་ངོ་ཤེས་པས་ནི་རྟེན་མེད་ཀྱི་རིག་པ་དམིགས་མེད་ཀྱི་དབྱིངས་སུ་བཅུད་པའི་ཕྱོགས་མེད་དུ་ཤར་བས། གཏད་མེད་ཡེ་ཤེས་ཡུལ་མེད་དུ་སྣང་བ་ལ། ཁ་དོག་རིས་ཅན་གྱི་འོད་ལས་འདས་པས་མཚན་མ་རྣམས་རང་སར་གྲོལ་བའོ། །དེ་ཡང་རྟག་པ་མཐར་འཛིན་ལས་ལོག་པས་ཡོད་དང་ཞེས་དངོས་པོ་རྫས་གྲུབ་དུ་ནི་མ་ཡིན་ཏེ། དེ་ཆད་པ་མཐར་འཛིན་ལས་ལོག་པས་མེད་དང་། ཞེས་གཉུག་མ་འོད་གསལ་ཆེན་པོར་གནས་པས། དེ་ལྟར་སྣང་ཡང་གསལ་བ་ལ་བདག་ཏུ་འཛིན་པ་ནི་མེད་དོ། །དེ་ལ་ཡི་གེ་མེད་པས་སྒྲ་གཏན་ལ་མི་ཕེབས། གཞལ་བྱའི་ཡུལ་དུ་མ་གྱུར་པས་ཚད་རིག་པས་བརྟགས་དཔྱད་དུ་མེད། གཞི་དེ་ལུང་རིགས་ཀྱི་གཞལ་བྱར་མ་གྱུར་པས་དེ་རྣམས་ཀྱི་སྤྱོད་ཡུལ་མིན་པའོ། །སྟོང་གསལ་དངོས་པོ་རིས་ཅན་ལས་འདས་པའི་ཆོས་ཉིད་ཞེས་བྱའོ། །དེ་ཡང་གཅིག་དང་བྲལ་བས་གཉིས་ལ་སོགས་པའི་དུ་མ་དང་ཡང་བྲལ་གཅིག་དང་དུ་མ་དང་བྲལ་བས་རྩིས་མེད་པའི་རིག་པ་ཡུལ་དུ་མར་ཤར་ཡང་བགྲང་བར་བྱ་བའི་ཡུལ་གཅིག་དང་། དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཡང་གཅིག་ཞེས་ཐ་སྙད་དུ་མ་འགགས་པ་ཙམ་ལ་དགོངས་པ་ཡིན་ལ། གཅིག་ཞེས་འཁོར་འདས་རང་ངོ་ལ་མ་གྲུབ་པས། སྣང་བ་རྟེན་ཅིང་འབྲེལ་པས་འབྱུང་བ་ཡང་མ་གྲུབ་བོ། །དེ་ལྟར་བརྟགས་ཤིང་དཔྱད་པས་སྣང་བ་དེ་ཁོ་ན། སྟོང་པ་ཙམ་དུ་བརྗོད་པར་མེད་ཀྱང་། གཞི་ཆེན་པོ་ལས་བབས་ཀྱིས་གྲུབ་པས་བཅོས་སུ་མེད་པའོ། །དེ་ཡང་ཡེ་ནས་ཡོད་པས་སྤངས་དུ་མི་བཏུབ་ལ། དེ་ཉིད་དུ་གྲོལ་བས་སྦྱང་མི་དགོས་པ་ཉིད་དོ། །ཞེས་ཉིང་དོན་དང་པོ་བསྟན་ཏོ། །ད་ནི་ཉིང་དོན་གཉིས་པ་ཆོས་སྣ་ཚོགས་ཀྱི་ཚིག་གིས་དེའི་དོན་རྙེད་པར་དཀའ་བ་བསྟན་པ་ནི། ལུས་བྱས་པ་དང་། བརྟན་པ་གཉིས་ཀྱང་ཚིག་ཡིན་པས། རིག་པ་ཚིག་གིས་གཏན་ལ་མི་ཕེབས་ཏེ། དེ་ལ་རིག་པ་ནི་ཆོས་ཅན་འགོག་པར་བྱེད་པའི་རིག་པ། བྱ་བ་བྱེད་པ་དང་། ལྟོས་པའི་དང་། ཆོས་ཉིད་ཀྱི་རིག་པ་ལ་སོགས་པ་བློ་དང་ཐ་སྙད་ཡིན་པས། རིག་པ་ནི་མ་ཡིན་པས་ཐ་སྙད་དང་བྲལ་ལ། ཆོས་ཉིད་འགོག་པའི་རིག་པ་ནི། གཅིག་ཤེས་ཀུན་ཤེས་ཀྱི་རིག་པ་དང་། རྒྱུ་འབྲས་རྗེས་མེད་ཀྱི་རིག་པ་དང་། རྒྱུ་མཚན་གོ་བཟློག་པ་ལ་སོགས་པ་ནི། ཆོས་ཉིད་ཡིན་ཏེ། འདི་ཡང་གཞི་དང་གཉེན་པོ་ལ་ལྟོས་པ་ནི། རིག་པ་ཉིད་གཞི་མེད་པས་ལྡོག་པ་མེད། ཚིག་མེད་པས་ཡི་གེ་མེད། ལྟ་བ་མེད་པས་ཡུལ་མེད། མཚན་ཉིད་མེད་པས་མཐོང་བྱེད་ལས་འདས། རྒྱུ་མེད་པས་འབྲས་བུ་མེད་པའོ། །དེ་དག་གི་སྤྱོད་ཡུལ་མངོན་སུམ་དུ་མེད་པས་གཏན་ལ་མི་ཕེབས། རྗེས་དཔག་མ་ཡིན་པས་གཞལ་བྱའི་ཡུལ་མིན་པའོ། །ཚིག་ཏུ་བཀོད་པའོ་རྒྱུད་ཀྱི་ཚིག་གིས་བརྟགས་དཔྱད་དུ་མ་ཡིན་པ་དང་། བླ་མའི་མན་ངག་གིས་བརྟགས་དཔྱད་དུ་མ་བྱས་ཀྱང་མཚོན་པ་མ་ཡིན་ནོ། །དེ་ཡང་རིག་པ་ཉིད་མངོན་གསུམ་དུ་སྣང་བ་ལྟ་བ་དང་བྲལ་བའི་ཆོས་ཉིད་དོ། །དེ་ལྟར་རིག་པའི་སྒྲོན་མ་དང་། དུས་ཐམས་ཅད་དུ་མི་འབྲལ་བས། ལུས་ངག་བཅོས་པའི་བསྒོམས་པ་དང་བྲལ་བའི་ཆོས་ཉིད་དོ། །དེ་དག་དང་རྟག་ཏུ་གནས་པས་བྱ་བ་དང་བཅས་པའི་སྤྱོད་པས་ནི། རིག་པ་མངོན་གསུམ་དེའི་དོན་རྣམས་ཤེས་པར་མི་འགྱུར་རོ། །དེའི་དོན་ལས་རྒྱུ་འབྲས་ཀྱི་རྣམ་པར་ཙམ་དུ་ཡང་གྲུབ་པ་མེད་དོ། དབུ་མ་དང་ཚད་མ་ལ་སོགས་པའི་ཆོས་ཀྱི་ཐ་སྙད་བློ་དང་བཅས་པ་ལ་རིག་པ་མངོན་གསུམ་དེ་ཉིད་ལ་སླར་ཡིད་ཀྱིས་དཔྱད་པས་སྒྲིབ་པར་འགྱུར་རོ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས་ཐོས་པ་ལ་རག་མ་ལས། ཡིད་དཔྱོད་མ་ཡིན་པས་བསམ་བས་དེ་ཉིད་འགྲུབ་པ་མ་ཡིན་ཏེ། བློ་ལས་འདས་པའི་རིག་པ་རང་དྭངས་སུ་གནས་པ་དེ་ལ། ཚིག་མེད་པས་ཤེས་རབ་ཀྱིས་ཀྱང་བརྟགས་ཤིང་དཔྱོད་དུ་མེད་དོ། །རིག་པ་དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ཡིས་རིག་པ་མངོན་གསུམ་དེ་ཉིད་ལ། གནོད་པ་ཡང་མེད་ལ་དེ་ཕན་པའི་འབྲས་བུ་དང་ཡང་བྲལ་བའི་ཕྱིར་རོ། །རིག་པའི་ཡེ་ཤེས་དེ་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པས། དབང་པོའི་སྤྱོད་ཡུལ་གསལ་བའི་ཕྱིར་ཐོས་པའི་ཤེས་རབ་དང་། བསམ་པ་དང་། བསྒོམས་པས་ན་རིག་པ་དེ་ཉིད་མཆོག་ཏུ་དེ་ལ་བརྟགས་ཀྱང་དེའི་དོན་མི་མཐོང་བའོ། །དེ་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པས་ན། དེ་ཉིད་ལས་བཅོས་སུ་མེད་དོ། །ཞེས་ཉིང་དོན་གཉིས་པ་ཆོས་སྣ་ཚོགས་ཀྱིས་དེའི་དོན་རྙེད་པར་དཀའ་བ་བསྟན་པ། ད་ནི་ཉིང་དོན་གསུམ་པ་དེ་ཡང་རྩོལ་བཅས་ཀྱི་དབང་ལས་འདས་པར་བསྟན་པ་ནི། དེ་ལ་ནི་རིག་པ་མངོན་གསུམ་ལ་དཀྱིལ་འཁོར་རྫས་སུ་བཀོད་པ་མེད་དོ། །རང་ལུས་ཀུན་བཟང་གི་དལ་ལ་བརྟེན་པའོ། །རིག་པ་ལ་ཡོད་པ་མིན་པས། རྡུལ་ཚོན་ལ་བརྟེན་པའི་དབང་མི་ཐོབ་སྟེ། རང་ལ་ཀུན་བཟང་ཡབ་ཡུམ་གྱི་དལ་དུ་གནས་པས། དངོས་པོ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་པས་ལྷ་མེད། དེ་ཉིད་མེད་པས་བསྐྱེད་པའི་ས་བོན་ཧཱུྃ་ལ་སོགས་པ་མེད་དོ། །དེ་ཡང་རང་བཞིན་རྩ་གནས་ཀྱི་ཡི་གེར་གནས་པས་སོ། །དེ་ཉིད་ལ་ལྷ་མེད་པས་རྩ་བའི་སྔགས་དང་། བསྙེན་བསྒྲུབ་ལས་ཀྱི་སྔགས་མེད་པས་ནི། རྩ་གནས་ཀྱི་ཡི་གེ་ལ་དམིགས་པས། ངག་ཏུ་བརྗོད་ཚེ་སྔགས་སུ་འགྲོ་བའི་གནད་ཀྱིས། ཡི་གེ་སྦྱོར་འབྲེལ་གྱི་སྔགས་ལ་བརྟེན་མི་དགོས་པའོ། །ལྷ་བསྒོམ་མི་དགོས་པའི་གནད་ཀྱིས། རྩ་བའི་ཕྱག་རྒྱ་དང་། དམ་ཚིག་གི་དང་། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཡན་ལག་གི་འདུ་བྱེད་ཀྱི་བསྒྱུར་མི་དགོས་པ་ནི། བརྡའི་ཕྱག་རྒྱ་ལས་གྲོལ་བའི་དོན་ནི། །དོན་གྱི་ཕྱག་རྒྱ་ནི། བདེ་བས་སྟོང་པ་རྒྱས་བཏབ་པ། མཉུག་མ་རང་གསལ་ཆེན་པོའི་དོན་ལས་མི་འདའོ། །གསལ་བས་རིག་པ་ལ་རྒྱས་བཏབ་པས། རིག་སྟོང་དབྱེར་མེད་དུ་གྲོལ་བའོ། །དེས་ན་ལུས་ཚི་ཆད་པ་ལ་སོགས་པ་ཅི་ཞིག་བྱ་སྟེ། དེའི་ཕྱིར་ན་ཕྱི་ནང་གསང་བའི། མཆོད་པ་དང་། བསྟོད་པ་ལ་སོགས་པ་དང་། གསོལ་བ་གདབ་པ་དང་རྡོ་རྗེའི་གླུ་བླང་པ་ལ་སོགས་པ་ངག་གིས་སྤྲོ་མི་དགོས་པ་ནི། བཟའ་བཏུང་ཅི་ཟ་བ་ཚོགས་སུ་རོལ་པའི་གནད་ཀྱིས་སོ། །དེའི་ཕྱིར་ན་དབང་བསྐུར་མི་དགོས་ཏེ། ཡེ་ནས་རྫོགས་པའི་སྐུ་གསུམ་རང་ལ་ཚང་པའི་ཕྱིར་རོ། །དེས་ནས་བཟའ་བ་དང་བཏུང་བའི་དམ་ཚིག་ག་ལ་ཡོད་དེ། མེད་པས་གཅིག་ཏུ་ཤེས་པས་བསྲུང་འཚམས་ལས་འདས་པའོ། །བསྙེན་པ་གཙོ་བོ་དང་། འཁོར་གྱི་བསྙེན་པ་དང་། བསྒྲུབ་པ་དལ་དང་། རྫས་བསགས་པ་དང་། དལ་བསྒྲུབ་མི་དགོས་པ་ནི། རྩ་རྟེན་པ་ཡི་གེ་རྟེན་པ་འོད་ལྔའི་གོང་བུ། འོད་རྟེན་པ་ལྷའི་སྐུ་རེ་གནས་པ། རྩའི་ཡི་གེ་སྐྲོགས་པའི་གནད་ཀྱིས་མེད་པའོ། །དེ་ལྟར་ན་དལ་གྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་ཡོད་པ་ཡིན་པ་ནི། འགྲོ་ཉལ་འདུག་སྡོད་ཀྱི་དུས་སུ་སྐུ་དང་ཡེ་ཤེས་སུམ་རྩེགས་ལས་འགྲོ་ས་མེད་པའི་གནད་ཀྱིས་སོ། །རང་དང་གཞན་བསྲུང་བ་མེད་པས་བསྲུང་བ་མེད་པས་བསྲུང་བར་བྱ་བའི་ཡུལ་བདག་དང་གཞན་དུ་ཡང་མ་གྲུབ་པས། དེ་ལྟར་ལུས་ཀྱི་སྤྱོད་པ་ཅི་བྱས་པ་ཡི་དམ་གྱི་ལྷའི་མཛད་སྤྱོད། ངག་ཏུ་ཅི་བརྗོད་པ་སྔགས་ཀྱི་བཟླས་པ། སེམས་ཀྱི་རྟོག་པ་ཅི་འགྱུས་པ་ཐམས་ཅད་ཏིང་ངེ་འཛིན་གྱི་འཕྲོ་འདུར་གྱུར་པས། དེ་ལ་གདོན་གྱིས་བར་ཆོད་བྱ་བ་དང་། རང་གཞན་ལ་གནོད་པའི་ཡུལ་མེད་པ་ནི། ལུས་ངག་གི་སྤྱོད་པ་དེ་ལྟར་སོང་བས་བགེགས་མ་གྲུབ་པས་སོ། །ཞེས་ཉིང་དོན་གསུམ་པ་བསྟན་ནས། ད་ནི་ཉིང་ལག་གི་དོན་བཞི་པ་དེ་ལྟར་གནས་པའི་གཞི་དེ་ལས་ཐམས་ཅད་འབྱུང་ཞིང་དེ་ཉིད་ཀྱི་ཆེ་བ་བསྟན་པ་ནི། གོང་གི་དལ་ལ་སོགས་པ་དེ་ནི་ང་རིག་པའི་ཡེ་ཤེས་ཉིད་ལ་འདི་ལྟར་སྣང་བ་ཐམས་ཅད་འབྱུང་བས་ན། དེ་ཡང་ང་ཡི་གནད་བསྒྱུར་བ་ལ་བརྟེན་ནས། མཐོང་སྣང་ཆོས་ཉིད་དུ་འཆར་བ་དང་། ང་རླུང་དང་བསྲེ་བའི་གནད་ལ་བརྟེན་ནས་ཆོས་ཉིད་མ་ལ་བསྐྱལ་བ་དང་། ངའི་སྤུ་རྗེ་བའི་གནད་ལ་བརྟེན་ནས། སངས་རྒྱས་ཀྱི་ཞིང་ཁམས་གསལ་བའོ། །དེ་ཉིད་སྟོང་པ་ཀུན་གྲོལ་བ་ཡིན་པས་སོ། །དེ་ལྟར་ན་གྲོལ་བ་རིས་དྲུག་གི་སྣང་བ་ཐམས་ཅད་ཀྱང་རིག་པ་ཉིད་ཡིན་ནོ། །སེམས་ནི་དྲུག་རྩ་བའི་ཉོན་མོངས་པ་ཡང་སེམས་ཉིད་རིག་པར་གྲོལ་བ་ཉིད་ཡིན། སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་ཀྱང་ང་རིག་པ་བྱང་ཆུབ་སེམས་ལས་ལོག་པ་མེད་དོ། །བརྟེན་པ་སྣོད་དང་། གཡོ་བ་བཅུད་ལ་ཁྱབ་པས་དུ་མ་ལྟར་ཀྱང་བྱུང་བ་ཡིན་ནོ། །འདི་ལྟར་སྣང་བ་ཐམས་ཅད་རང་འབྱུང་གི་ཡེ་ཤེས་ཡིན་པའི་ཕྱིར། ཆོས་སྐུའི་ངང་ནས་ལྟས་ན་ཉག་གཅིག་ཀྱང་ཡིན་ཏེ། རིག་པ་གཅིག་པུ་ལས་མ་རྟོགས་པ་གང་ཡང་མེད་པའི་ཕྱིར་རོ། །འཁོར་དང་ནི་བྱས་པའི་ཆོས་ཐམས་ཅད་ཀྱང་རང་བྱུང་རིག་པའི་རྒྱལ་པོ་ཡུལ་རིག་གཉིས་སུ་དབྱེར་མེད་པ་ཡིན་ལ། མྱང་འདས་བུའི་རྒྱན་དང་རོལ་པ་རང་འབྱུང་གི་ཡེ་ཤེས་ཀུན་ལ་ཤར་བ་ཡིན་ནོ། །འོ་ན་དལ་དང་། ལྷ་དང་། སྔགས་ལ་སོགས་པ་མེད་ན་ཆོས་མ་ཡིན་ནོ་ཞེ་ན། དེ་དག་ལྟར་བྱུང་ཀྱང་བཀག་པ་མེད་དེ། གོང་གི་དལ་གྱི་འཇུག་སྡུད་དུ་བྱུང་བའོ། །དེ་བཞིན་དུ་དཀྱིལ་གཙོ་བོ་དང་། འཁོར་གྱི་ལྷ་ལ་སོགས་པ་དབང་རིམ་པ་ལ་འཇུག་པ་དང་། དམ་ཚིག་དང་། བསྐྱེད་རིམ་ཐམས་ཅད་དུ་ཡང་ང་རང་འབྱུང་གི་ཡེ་ཤེས་སུ་བྱུང་བ་ཡིན་ནོ། །ཆོས་ཐ་སྙད་བརྟགས་པའི་ཆོས་ཡིན་པས་ཚིག་ཐམས་ཅད་དུ་བྱུང་ལ། འཁོར་འདས་ཀྱི་ཆོས་སུ་སྣང་བ་ཡིན་པས་བྱས་བཅོས་ཐམས་ཅད་ཀྱི་བདག་ཉིད་དུ་ང་རང་འབྱུང་གི་ཡེ་ཤེས་ལས་བྱུང་བའོ། །གང་དུ་ཡུལ་ཡང་མི་འགྲོ་བར་ལུས་ལ་གནས་པ་ཡིན་ལ། སྣང་བཏགས་ཐམས་ཅད་ལ་ཁྱབ་ཅིང་རླུང་གི་བསྐྱོད་པས་འགྲོ་བ་ཡང་ཡིན། དེ་ལྟར་ན་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་འདུག་པའི་དུས་ན་ཡང་ཆོས་ཉིད། ཉལ་བའི་དུས་ན་ཡང་གཉིད་ཀྱི་བསམ་གཏན་ལས་མ་འདས། འཆག་པའི་ཚེ་ཡང་ང་རང་འབྱུང་གི་ཡེ་ཤེས་ཀྱི་ཀྱི་སྤྱོད་ལམ་ལས་མ་འདས་སོ། །རང་གི་དང་གཞན་གྱི་སྲོག་དང་ཕ་རོལ་གྱི་གཅོད་པ་ཉིད་ཀྱི་ལུས་དང་། རྣམ་ཤེས་ཀྱི་འབྲེལ་ཆད་པར་བྱེད་པ་ཡིན་ཀྱང་ང་རང་འབྱུང་གི་རིག་པ་ཡིན་ནོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་པ་དེ་ཉིད་སྣོད་བཅུད་ཐམས་ཅད་པ་ལྟར་ཡང་བྱུང་ཞིང་དཀར་པོའི་ཆོས་ཐམས་ཅད་དང་ཡང་བྱུང་བ་བསྟན་པ་ནི། དེའི་ཕྱིར་ན་རིག་པའི་ཡེ་ཤེས་ལས་འཇིག་རྟེན་པ་ཐམས་ཅད་སྐྱེས་པ་ནི། འཇིག་པ་ཕྱི་སྣོད་ཞིག་པས་ནམ་མཁའ་སྟོང་པ་ལྟར་སོང་བ་ལས། བར་སྣང་ལ་རླུང་ཁྱབ་འཇུག་སྐྱོབ་པ་ཞེས་བྱ་བའི་ས་བོན་ཡཾ་འུང་ཞེས་བྱ་བ་སངས་ལས། རླངས་པ་ལྟ་བུར་གྱུར་ཏེ། དེ་ལས་སྤྲིན་ཕུང་འཁྲིགས་པའི་རྣམ་པ་དང་འདྲ་བ་རྡོ་རྗེ་རྒྱ་གྲམ་པ། བུམ་པ་ལ་ཡི་གེ་ཡཾ་གྱིས་མཚན་པ། རབ་ཏུ་སྲ་ཞིང་འཁྲེགས་པ་ལས་སྣོད་བཅུད་གཉིས་ཀ་བརྟེན་པས་ན་རྟེན་ཞེས་པའོ། །གསུམ་པ་ནི་འདོད་པའི་འཇིག་རྟེན་འདོད་ཆགས་རང་རྒྱུད་པ་ཆུའི་དལ་ལས་སྐྱེས། གཟུགས་ཁམས་ཞེ་སྡང་རླུང་ལས་སྐྱེས། གཟུགས་མེད་པའི་ཁམས་གཏི་མུག་ས་ལས་སྐྱེས་པས། འགྲོ་བའི་གཟུགས་ཐ་དད་པར་བྱུང་བའོ། །དེ་ལྟར་འབྱུང་བའི་གནད་ཀྱིས་ལྷ་དང་སྟེ་ཞལ་ཕྱག་གི་རྣམ་པ་ལྟར་ཡང་བྱུང་། རྩ་བ་དང་། བསྟེན་པའི་སྔགས་ལགས་པ་ལྟར་ཡང་བྱུང་། བརྡའ་དང་། དོན་གྱི་ཕྱག་རྒྱ་ལྟར་འབྱུང་ངོ་། །དོན་གྱིས་སྣང་བ་བརྡའ་དོན་གྱི་མན་ངག་ཏུ་ཤར་བའོ། །དགེ་བ་བཅུ་ལྟར་བྱུང་ཞིང་དེ་ལྟར་ནང་སྤྱད་ཀྱང་འགལ་བ་མེད་པ་དང་། དེ་གཞན་དུ་མི་དགེ་བ་བཅུ་ལྟར་ཡང་བྱུང་ཞིང་། དེ་ཉིད་ལྟར་སྤྱད་ཀྱང་བཀག་པ་མེད་དོ། །དེའི་འབྲས་བུ་ནི་དགེ་བ་ལ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་གཉིས་ཏེ། མི་དགེ་བ་བཅུའི་ངན་སོང་གསུམ་ལ་སོགས་པ་ལྟར་ཡང་བྱུང་བ་མི་གཏོང་སྟེ། ཐམས་ཅད་འགག་མེད་དུ་ཤར་བའི་ཕྱིར་རོ། །དེ་ཡང་འཕྲུལ་པའི་ཕ་རོལ་ན། བཏང་བཞག་མེད་པའི་སྦྱིན་པ་ཡོད་དེ། དེ་གང་ཞེ་ན་འདི་ནི་བཏང་བར་བྱ་བ་ཡིན་ནོ། །ཞེས་བློས་མ་བཅོས། འདི་ནི་བཞག་པར་བྱ་བ་ཡིན་ནོ་ཞེས་ཡིད་མ་བསྒྱུར་བ་ནི། སྦྱིན་པའི་ཕ་རོལ་ན་རྫོགས་པ་ཆེན་པོ་བཏང་བཞག་མེད་པའི་ལྟ་བ་ལ་གནས་ཏེ། དེ་ལས་གཞན་དུ་གྱུར་པའི་ཚུལ་ཁྲིམས་གནས་སོ། །དེ་ལྟར་ཡང་རྩལ་རྫོགས་ལས་གཏང་བཞག་མེད་པའི་སྦྱིན་པ་ཡུལ་ལ་འགྱེད་ཅེས་པས་སོ། །ཚུལ་ཁྲིམས་དེ་གང་ཞེ་ན། དྲི་མ་མེད་པས་ཏེ། ཚུལ་འཆོས་པའི་དྲི་མས་མ་བཅིངས་པར་ངོ་ལྐོག་མེད་པ་དང་། ཉོན་མོངས་པའི་དྲི་མས་མ་བཅིངས་པར་སེམས་ལ་ཟོལ་མེད་པ་དང་། རློམ་སེམས་ཀྱི་དྲི་མས་མ་བཅིངས་པར་ལུས་སེམས་དུལ་བས་ཏེ། དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་འབད་རྩོལ་དང་བྲལ་བ་གནས་ཏེ། དེ་ཉིད་ལས་གཞན་དུ་གྱུར་པ་བཟོད་པ་གནས་པའོ། །དེ་ལྟར་ཡང་དེ་ཉིད་ལས། དྲི་མ་མེད་པའི་ཚུལ་ཁྲིམས་རྣམ་པར་དག །ཅེས་པས་སོ། །བཟོད་པ་དེ་ཇི་ལྟ་བུ་ཞིག་ཡོད་ན། ཡུལ་མཆོག་དང་དམན་པ་ལས་འདས་པའོ། །དེ་ཡང་ཡུལ་དམན་པས་རང་བས་དབང་ཆུང་བ་ལ་བཟོད་པ་བསྒོམ་པ་མ་ཡིན་ལ། མཆོག་ཏུ་གྱུར་པས་རང་བས་ཆེ་བ་ལ་བསྒོམ་པ་མ་ཡིན་པར། ཐམས་ཅད་ལ་སྙོམས་པར་བསྒོམ་པ་ཡིན་ནོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་རང་གྲོལ་ཕན་གནོད་མེད་པར་གནས་ཏེ། དེ་ལས་གཞན་དུ་གྱུར་པ་བརྩོན་འགྲུས་གནས་ཏེ། ཡང་རྩལ་རྫོགས་ལས། རྟོག་ཞེན་མེད་པའི་བཟོད་པ་ཡུལ་ལ་སྣང་། ཞེས་སོ། །དེ་གང་ཞེ་ན། འཇིག་རྟེན་གྱི་ཆོས་མ་ཡིན་པ་ལ། རང་གི་བྱ་བ་ཆོས་ལྡན་དུ་རྩོལ་བར་བྱེད་པའོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་དལ་འབྱོར་བྱ་བ་དང་བྲལ་བ་གནས་ཏེ། དེ་ལས་གཞན་དུ་གྱུར་པ་བསམ་གཏན་གནས་སོ། །བསམ་གཏན་ནི་དམིགས་གཏད་མེད་པའི་དོན་ཏེ། དེ་ལ་ཡང་འདི་ལྟ་བུ་ཞིག་འདོད་བྱ་བའམ། འདི་ནི་བསྒོམ་མོ། །འདི་ནི་སྤང་བྱ་ཡིན་ནོ། །ཞེས་གྲུབ་པ་མེད་དོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་གནས་ཏེ། དེ་ལས་གཞན་དུ་གྱུར་པའི་ཤེས་རབ་གནས་སོ། །དེ་གང་ཞེ་ན་ཚིག་ལས་འདས་པ་ཞེས་བྱའོ། །དེ་ཡང་ཚིག་ལས་འདས་པས་ཡིད་དཔྱོད་མ་ཡིན་པ། བློ་འདས་པས་རྟོག་པ་ཐ་དད་པ་མ་ཡིན་པའོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་ཐོས་བསམ་ལས་འདས་པ་ཞེས་བྱ་བ་གནས་སོ། །དེ་ལ་གཞན་དུ་གྱུར་པ་ཐབས་གནས་ཏེ། དེ་དག་ཀྱང་ཐབས་ཀྱིས་མ་ཟིན་ན་ཡལ་བར་དོར་བས་ཏེ། དེ་གང་ཞེ་ན། ཚེགས་ཆུང་ལ་དོན་ཆེ་བས་ཏེ། ཚེགས་མེད་པར་ཐབས་ལ་བརྟེན་ནས་བྱུང་ལ། དོན་ཆོས་ཉིད་ལ་བྱན་ཚུད་པའོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་རང་སྣང་རང་གྲོལ་བ་གནས་ཏེ། དེ་ལས་གཞན་དུ་གྱུར་པ་སྟོབས་གནས་ཏེ། དེ་ལྟར་ཡང་རྡོ་རྗེ་རྣོན་པོ་རྣམ་པར་རོལ་པ་ལས། །ཆུང་དུ་གྱུར་པས་དོན་ལ་ཕོག །དཔེར་ན་དུག་གི་དུམ་བུ་བཞིན། །སུ་ཡི་ཟོས་པར་འཆི་བར་ངེས། །ཞེས་པས་སོ། །དེ་གང་ཞེ་ན། དེ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་དྲིལ་ནས་ཐབས་ཀྱིས་མ་ཟིན་ན་ལམ་ལོག་པར་འགྱུར་ལ། ཐབས་དེ་ལ་སྦྱངས་པའི་སྟོབས་མེད་ན། བར་ཆད་ཅན་གྱི་ལམ་དུ་གྱུར་པས་སོ། །དེ་ཡང་སྟོབས་ཀྱིས་སྣང་བ་ཐམས་ཅད་ཟིལ་གྱིས་ནོན་པ འོ། །དོན་གྱིས་ངག་གིས་ཀྱང་ཕན་གནོད་དུ་མ་གྲུབ་པའོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་གནས་སོ། །དེ་ལས་གཞན་དུ་གྱུར་པ་ཐབས་སྨོན་ལམ་གནས་ཏེ། དེ་ནི་རང་གི་འདོད་པའི་དོན་རྫོགས་པས་ད་རེ་ལྟོས་དང་བྲལ་བའོ། །དེ་ཡང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན། བདག་ནི་བར་ཆད་དང་བྲལ་བའི་ས་ཐོབ་པར་ཤོག །ཞེས་སྨོན་ལམ་བཏབ་པས། དེའི་དོན་མཐར་ཕྱིན་པས་ཏེ་གོང་མའི་སྟོབས་ཀྱི་ལུང་གི་ཁྱུང་ཆེན་གཤོག་རྫོགས་ལས། སྣང་བ་ཟིལ་གྱིས་གནོན་པས་འཁྲུལ་པ་རང་ལོག་ཏེ། ཆོས་ཉིད་སྟོབས་ཀྱིས་ཁྱད་པར་དེ་ཉིད་དོ། །ཞེས་པ་དང་། སྨོན་ལམ་དེ་ཉིད་ལས། འདོད་པ་རྫོགས་པས་གཞན་ལྟོས་མེད། ད་ནི་སྨྱོན་པ་དག་དང་བྲལ། ཞེས་པས་སོ། །དེའི་ཕ་རོལ་ན་རྫོགས་པ་ཆེན་པོ་འདོད་པ་རང་ཟད་པ་གནས་ཏེ། དེ་ལས་གཞན་དུ་གྱུར་པའི་ཡེ་ཤེས་གནས་ཏེ། དེ་ཡང་གང་ཞེ་ན། ཐམས་ཅད་མཁྱེན་པ་འཁོར་འདས་དུས་གཅིག་ལ་གཟིགས་པས། རང་གཞན་གྱི་དོན་མཐར་ཕྱིན་པས། ད་རྩོལ་སྒྲུབ་ལས་འདས་པའོ། །དེ་ཡང་གསེར་གྱི་མཁའ་ལྡིང་ལས། ཐམས་ཅད་མཁྱེན་པས་གཟིགས་པ་བྲལ། །མཐར་ཕྱིན་ངག་གིས་འབྲས་བུར་འདོད། །ཞེས་པས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་གོ་རིམ་ལྟར་རྫོགས་པ་ཆེན་པོ་ཡང་འཐད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། རིམ་པས་ཡོད་པ་མ་ཡིན་ཏེ། འདི་དག་ནི་ལམ་སྐྱེ་བའི་རིམ་པ་ག ང་ཟག་གི་བློ་དང་སྦྱར་བའོ། །དེ་དག་ཐམས་ཅད་ཀྱི་ཕ་རོལ་ན་རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་སུ་རྫོགས་པ་རང་འབྱུང་གི་ཡེ་ཤེས་གནས་པས། དེ་ཉིད་ལ་མཐའ་དང་བྲལ་བས། ཡོད་མེད་རྟག་ཆད་གང་དུ་ཡང་ཡོད་པ་མ་ཡིན་ལ། ཡོངས་སུ་རྫོགས་པས་སྤང་བླང་དགག་བསྒྲུབ་གང་དུ་ཡང་མེད་པས་དེ་ལྟར་ཕ་རོལ་ཕྱིན་པ་བཅུ་ཡང་དེ་ཉིད་ལས་བྱུང་བས། བྱས་བཅོས་རྩོལ་བསྒྲུབ་ཀྱི་མཐའ་ལས་འདས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རག་མ་ལུས་པས། རེ་བ་མེད་དེ་འདི་ཉིད་ལ་རྫོགས་པས་བསྒྲུབ་ཅིང་སྦྱང་མི་དགོས་སོ། །དེ་ལྟར་བཅུའི་གྲངས་ཀྱིས་ས་བཅུ་རྒྱུན་དུ་ཞུགས་ནས། ས་དང་བོ་ལ་བརྟེན་ནས་གཉིས་པ་དེ་ལ་བརྟེན་ནས་གསུམ་པ་ལ་སོགས་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་འདོད་པ་ཡང་། འདི་ཉིད་བླ་མའི་མན་ངག་གཅིག་ལ་བརྟེན་ནས་ཉམས་སུ་བླང་བས། ཉམས་གོང་འཕེལ་གྱི་སྣང་བ་གོང་དུ་བྱུང་བ་ལས། ང་རང་བྱུང་གི་ཡེ་ཤེས་སུ་བྱུང་བའོ། །དེ་ལྟར་ནང་རིག་པའི་ཡེ་ཤེས་ཉིད་འཁོར་འདས་ཀྱི་ཆོས་སུ་བྱུང་བ་ལས་ཐམས་ཅད་ང་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་ཞེས་བྱའོ། །ཆེད་དུ་བྱས་པ་དང་ཤུགས་ལས་བྱུང་བའི་སྤྱོད་པ་ལྟར་བྱུང་ལ་དེ་ཉིད་ལ་བརྟེན་ནས་གཞུང་མ་ནོར་བར་སྤྱད་ན་ཁམས་གསུམ་ལ་སོགས་པ་གྲོལ་བའི་ཕྱིར། བསྒོམས་པ་ནི་ལྷ་མི་དག་པའི་སེམས་འཛིན་པའི་བསྒོམ་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའི་བསམ་གཏན་དང་། མཐར་ཐུག་རྫོགས་པའི་རིམ་པ་ལ་གནས་པའི་དགོངས་པ་རྣམས་སུ་ཡང་བྱུང་བས། དེ་ཉིད་ལ་བརྟེན་ནས་ཡུན་རིང་དུ་བསྒོམས་པས་ཁམས་གསུམ་ལས་འདའ་བའོ། དེ་ཡང་ལྟ་བ་ནི། ཕྱི་ཆོས་ཅན་ལ་བལྟས་པས་ཆོས་ཅན་གྱི་རང་བཞིན་ནི་མ་རྙེད་པས། སྒྱུ་མའམ་རྨི་ལམ་ལྟར་མཐོང་ན་ཆོས་ཉིད་ལ་བལྟས་པས་ཆོས་ཉིད་ཀྱང་སྒྱུ་མའམ་རྨི་ལམ་དུ་མཐོང་བས་ཆོས་ཟད་ལ། གསང་བ་རིག་པ་ལ་བལྟས་པས་རིག་པ་ཉིད་མངོན་གསུམ་དུ་མཐོང་བས་ཁམས་གསུམ་དུ་མི་འཇུག་པར་ཡང་བྱུང་བའོ། །དེ་ལ་སོགས་པ་གསང་བ་སྒྲ་རྒྱུད་ནས་བཤད་པ་ལྟར་མན་ངག་གི་ཡི་གེ་བརྒྱ་དང་བཅུ་དགུ་ཀུན་ཀྱང་ང་རང་བྱུང་གི་རིག་པའི་ཡེ་ཤེས་ལས་བྱུང་བས། དེ་དག་ཡང་རུང་བ་ལ་བརྟེན་ནས་ཉམས་སུ་བླངས་པས་འབྲས་བུ་འདི་ཉིད་ལ་རྫོགས་པས། རབ་ཏུ་ཟབ་པར་བྱུང་བའོ། །རྫོགས་པ་ཆེན་པོའི་ངོ་ལ་ཐེག་པ་ཆེ་བ་སྔགས་དང་། ཕ་རོལ་ཕྱིན་པ་དང་། ཆུང་བ་ཉན་ཐོས་ལྟར་ཡང་བྱུང་སྟེ། ཞི་བ་ཕྱོགས་གཅིག་ཏུ་གྲོལ་བས་དེ་ཉིད་ལྟར་བྱུང་ལ། དེ་ཡང་ཕྱི་རོལ་གྱི་རྡུལ་ཕྲ་རབ་གཞལ་བྱ་རྟོག་དཔྱོད་དུ་མ་ཡིན་པས་དེ་ཉིད་རང་སར་གྲོལ་བས་སོ། རང་ལྟར་བྱུང་བས་སྣང་བ་རྟེན་འབྲེལ་ལུགས་སུ་བྱུང་པས་རང་ལུགས་སུ་གྲོལ་ལ། ལུགས་ལས་བཟློག་པས་ཅི་ཡང་མ་ཡིན་པར་གྲོལ་བའོ། །དེ་ལྟར་རིམ་པའི་ཐེག་པ་སྣ་ཚོགས་ཀྱི་འཇུག་སྒོ་ཡང་། རང་རིག་པ་དེ་ལས་སྔགས་ཕྱི་ནང་གི་ཐེག་པ་ལྟར་བྱུང་བས། བསྐྱེད་པ་དང་། རྫོགས་པ་ཟུང་འཇུག་གཉིས་སུ་མེད་པ་ལ་བརྟེན་ནས་གྲོལ་བའི་ཕྱིར་རོ། །དེ་དག་མདོར་བསྡུ་ན་སེམས་ལ་ཇི་ལྟར་སྣང་བའི་ཆོས་འཁོར་འདས་ཀུན་རང་རིག་པ་བདེ་བ་ཆེན་པོ་དེ་ལས་བྱུང་བའོ། ཞེས་ཉིང་དོན་ལྔ་པ་དེ་ཉིད་སྣོད་བཅུད་ཐམས་ཅད་ལྟར་ཡང་བྱུང་ཞིང་དཀར་པོའི་ཆོས་ཐམས་ཅད་དུ་ཡང་བྱུང་བར་བསྟན་ནས། ད་ནི་ཉིང་ལག་གི་དོན་དྲུག་པ་དེ་ཉིད་འཁྲུལ་པའི་སྣང་བ་ལྟར་ཡང་བྱུང་ཞིང་གཟུགས་ཐ་དད་པ་ལྟར་བྱུང་བ་བསྟན་པ་ནི། ས་ཆུ་ལ་སོགས་པའི་ཚིག་ཉེར་དགུའི་གཞུང་གིས་ཤེས་ཏེ། དེ་ཉིད་དུ་བྱུང་བས་སྤང་བླངས་གང་ཡང་མེད་པར་གྲོལ་བའོ། །ཞེས་ཡན་ལག་གི་དོན་གཉིས་པ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་གནས་པར་བསྟན་པ་ལ་ཉིང་ལག་གི་དོན་དྲུག་ཏུ་བྱས་ནས་བསྟན་ཏོ། །ད་ནི་ཉིང་ལག་གི་དོན་གསུམ་པ་དེ་ཉིད་ལ་འཁྲུལ་པ་གདོད་ནས་མེད་པར་བསྟན་པ་ལ་ཉིང་ལག་གི་དོན་གཉིས་ཀྱིས་བསྟན་པ་དང་པོ། དེ་ཉིད་ལ་འཁྲུལ་པ་ཀ་ནས་དག་པས་འདི་ཉིད་གློ་བུར་དུ་བསྟན་པ་ནི། དེ་ལ་གོང་གིས་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་གནས་ཞེས་ལེའུ་འདིའི་འགོར་དྲིས་པའི་ལན་བསྟན་ནས། འདི་དག་གིས་གོང་དུ་དེ་ཉིད་སེམས་ཅན་ལ་གནས་ན་འཁྲུལ་པར་མི་རིགས་ལགས་ཞེས་དྲིས་པའི་ལན་དུ། ཀྱེ་ཁྲོ་བདག་ཞེས་བོས་ནས། དེ་ལྟར་གནས་པའི་སྣང་བཏགས་ཀྱི་ཆོས་ཐམས་ཅད་སེམས་ཅན་ལ་གནས་པའི་ཆོས་ཉིད་དེ་ལ། འཁྲུལ་པ་འབྱུང་བར་མི་རིགས་ཟེར་བ་ནི། དེ་ལྟར་གནས་པ་འཁྲུལ་པ་ཡེ་གདོད་མ་ནས་ཡོད་མ་མྱོང་པས་ད་ལྟ་ཡང་འཁྲུལ་པ་མེད་པ་སྟེ། དེའི་གནད་ཀྱིས་སེམས་ཅན་སངས་རྒྱས་སུ་གཏན་ལ་ཕེབས་པའོ། །དེས་ན་ཕྱིས་འཁྲུལ་མི་སྲིད་པས། ཁམས་གསུམ་དུ་མ་ལྡོག་པ འོ། །དེ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངོས་ནས་ནམ་མཁའ་ལྟ་བུར་གནས་པ་སྟེ། མཐའ་དབུས་དང་ཕྱོགས་རིས་དང་། གསལ་འགྲིབ་གང་དུ་ཡང་མ་གྲུབ་པས། སྒྲོ་བཀུར་དང་བྲལ་བའི་ཆོས་ཉིད་དུ་གནས་པས། ཀ་དག་པས་མ་རིག་པ་ཡོད་མ་མྱོང་ཀྱང་། གཞི་དང་གཞི་ཤེས་པའི་ཁྱད་པར་ལས། གློ་བུར་དུ་མ་རིག་པ་བྱུང་བས་སེམས་ཅན་དུ་བྱུང་སྟེ། གཞི་ལ་ཡོད་པ་མ་ཡིན་ནོ། །དཔེར་ན་ནམ་མཁའ་ལས་སྤྲིན་གྱིས་ཉི་མའི་འོད་དང་ནམ་མཁའི་གདངས་སྒྲིབ་པ་ལྟ་བུ། ཡེ་གདོད་མ་ནས་མ་འཁྲུལ་པའི་ཆོས་ཉིད་ཡིན་ཀྱང་། སེམས་ཅན་གྱི་བློ་ལ་འཁྲུལ་པ་ཡོད་པར་བཟུང་སྟེ། གཞི་ལ་མེད་ཀྱང་། ལྟར་སྣང་ལ་ཡོད་པའི་ཚུལ་དུ་སྣང་བ་ནི། ཐག་པ་ལ་སྤྲུལ་དུ་མཐོང་བའམ། ཐོ་ཡོར་ལ་མིར་འཁྲུལ་པ་ལྟ་བུའོ། །དེ་ཡང་མེད་པ་ལ་ཡོད་པར་མཐོང་སྟེ། དེ་ཡང་འཁྲུལ་པའི་རྒྱུ་མ་རིག་པ་གསུམ་སྟེ། དོན་གྱིས་མ་འཁྲུལ་བ་ཞེས་བྱ་བ་དེ་འཁྲུལ་བ་སོང་སྟེ། དེ་ཉིད་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་སྟེ། གང་ཟག་གི་དུས་ན་རྟོགས་སངས་རྒྱས། མ་རྟོགས་སེམས་ཅན་ཤེས་པས་སོ། །དེ་ཉིད་ངོ་མ་ཤེས་པ་ལ་ལྷན་གཅིག་སྐྱེས་པའི་མ་རིག་པ་སྟེ། འཁོར་འདས་གཉིས་གྱི་སྣང་ཆར་བྱུང་བའོ། །དེ་ཡང་ཡུལ་ཐ་དད་པར་སྣང་བས། ཀུན་ཏུ་བརྟགས་པས་ཏེ། དེ་ཉིད་མ་བརྟགས་ཤིང་དཔྱད་པས་དེ་རང་འཁྲུལ་པའི་རྩ་བར་སོང་པས། མིང་ཐ་དད་པར་བྱུང་སྟེ། དེ་ཡང་མིན་པ་ལ་ཡིན་པར་བརྟགས། ཡིན་པ་ལ་མིན་པར་བརྟགས་པས་མིང་ལ་ངེས་པ་མེད་པས། བརྟགས་པའི་མིང་ཡིན་གྱི་ཧེ་དུས་གཞིགས་པས། གང་ཡང་མི་རྙེད་པའོ། །དེ་ལྟར་མ་རིག་པ་གསུམ་གྱིས་འཁྲུལ་པའི་རྒྱུར་སོང་བ་ནི་དཔེར་ན་ཀ་ལིང་ཏའི་འབྲས་བུ། སྲོག་ཆགས་པ་ཧ་རིས་རྒྱུར་སོང་བ་ལྟ་བུའོ། །གང་ཟག་གི་དུས་ན། མིང་ལ་ངེས་པ་མེད་པས་གང་ལ་ཡང་མི་བརྟེན་པས་འཁྲུལ་པ་ཉིད་མ་འཁྲུལ་བ་གཏན་ལ་ཕེབས་པའོ། །དེ་ལྟ་བུའི་རྒྱུ་རྐྱེན་དེ་ལ་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དེ་ལྟར་མ་རིག་པ་གསུམ་འདུས་པས། སྐྱེས་བུ་གཟུགས་དང་ཡན་ལག་ཚང་པ་ལ་བྱད་རང་ཆས་སུ་བྱུང་བ་ལྟ་བུའོ། །དེ་ལས་དམིགས་པའི་རྐྱེན་མེ་ལོང་དང་འདྲ་བར་ཕྱི་ཡུལ་ལ་ཤར་བ་དང་། དེ་ལས་རྒྱུ་བཞིན་ཡོད་པས་རྐྱེན་མེ་ལོང་གི་ནང་ཤར་བ་ལྟར། དམིགས་པའི་ཡུལ་འོད་ཕྱིར་ཤར་བ་ལས་བདག་པོའི་རྐྱེན་མེ་ལོང་དང་། བཞིན་དང་། བདག་དངོས་གསུམ་དུ་བཟུང་བས་བཞིན་དང་མེ་ལོང་དུ་རྟོག་པ་ལྟར། འོད་དང་། རིག་པ་དང་། ཆོས་ཉིད་གསུམ་དུ་རྟོག་པ་དང་བཅས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལྟར་རྒྱུ་མ་རིག་པ་དང་། རྐྱེན་གསུམ་དུས་མཚུངས་པས། མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། འཁྲུལ་པ་དངོས་སུ་བྱུང་བའོ། །རྐྱེན་བཞི་པོ་དེ་ཡང་གང་ཟག་གི་དུས་ན། རྒྱུ་སངས་རྒྱས་དང་སེམས་ཅན་དུ་གཅིག་པས། སྤང་བླང་ལས་འདས་པའི་ཡེ་ཤེས་སུ་ངོས་ཟིན་པས། རྒྱུའི་རྐྱེན་རང་སར་གྲོལ་བས། ཡུལ་སྣ་ཚོགས་སུ་ཤར། ཆོས་ཉིད་རང་སྣང་དུ་གྲོལ་བས། དམིགས་པའི་རྐྱེན་ཡུལ་ཐ་དད་པ་རང་སར་གྲོལ། དེ་ཡང་རང་འབྱུང་གི་ཡེ་ཤེས་སུ་ཤར་ཞིང་གྲོལ་བས་བདག་པོའི་རྐྱེན་རང་སར་གྲོལ་བའོ། །དུས་ལ་ངེས་པ་མེད་པས་དུས་སྔ་ཕྱི་ཕན་ཚུན་གྱི་འགལ་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་རང་སར་གྲོལ་བའོ། །དེ་ལྟར་རྒྱུ་རྐྱེན་གཉིས་སུ་འཁྲུལ་པའི་རང་བཞིན་བྱས་པས། དེ་གཉིས་ཀྱི་སྨིན་སོ་ལུས་ཀྱི་རྐྱེན་བྱས་པས་བསགས་པ་ཐ་དད་པར་བྱུང་ལ། སེམས་ཀྱིས་རྒྱུ་བྱས་པས་འདུ་ཤེས་ཡུལ་ཐ་དད་པས། ལུས་སེམས་ཐ་དད་པར་འཁྲུལ་ཏེ། ལུས་སེམས་དང་བཅས་པ་དེ་ཡང་སྐད་གཅིག་མ་དང་པོ་ལ་འཁྲུལ་ལོ། །འོན་ཀྱང་འཁྲུལ་ཡུལ་ལ་རྒྱུ་རྐྱེན་དང་བཅས་པ་དེ་ལྟར་སྣང་མོད་ཀྱང་། ཐོག་མར་རྟོགས་པའི་སངས་རྒྱས་མ་བྱུང་མ་རྟོགས་པའི་སེམས་ཅན་མ་བྱུང་བའི་མ་རིག་པ་མེད་པའི་ཀ་དག་ཉིད་ལ། འཁྲུལ་ཞེས་བྱ་བ་ཙམ་དུ་ཡེ་ནས་ཡོད་མ་མྱོང་བས། བརྗོད་པ་ཚིག་ཙམ་དུ་ཡང་གྲུབ་པ་མེད་པས། ད་ལྟ་ཚིག་གིས་སངས་མི་རྒྱ་བའི་གནད་དོ། །དེ་བཞིན་དུ་མ་འཁྲུལ་པ་ཞེས་བྱ་བར་ཡང་གྲུབ་པ་མེད་པས་ངོ་བོ་གང་དུ་ཡང་མ་ཕྱེ་བས་འབྱེད་པ་མེད་པའི་ཡེ་ཤེས་སུ་བཞུགས་པས། ད་ལྟ་འཁྲུལ་པའི་སྣང་བས་རིག་པའི་ངོ་བོ་ལ་ཅི་ལ་ཡང་སྒྲིབ་པ་མེད་དོ། །དེའི་ཕྱིར་ན་ཡེ་ནས་འཁྲུལ་མ་མྱོང་པའི་གནད་ཀྱིས་གདོད་མ་ནས་རང་དག་པས། དེ་བསྐྱལ་ནས་འབད་རྩོལ་བྱ་མི་དགོས་པ་ནི། ཆོས་ཉིད་མངོན་གསུམ་མཐོང་བ་ཙམ་གྱིས་ཕྱི་ནས་བསྐྱལ་ནས་མཐོང་མི་དགོས་པ། ཁམས་གསུམ་དུ་ལྡོག་པ་མ་ཡིན་ཏེ། དཔེར་ན་བརྡ་ལ་བྱང་བའི་སྐྱེས་བུ་ལ་ཟླ་བ་བསྟན་ནས། དང་པོ་བསྟན་པ་ཙམ་གྱིས་ངོ་ཤེས་པས་ཡང་ཡང་སྐྱར་མི་དགོས་པ་དང་འདྲའོ། །དེ་ལྟར་ན་གོམས་མི་དགོས་པའི་གནད་ནི། རིག་པ་མངོན་གསུམ་དུ་མཐོང་བ་ལ་བརྟེན་ནས་ཡིད་དཔྱོད་འཛིན་པའི་ལྟ་བ་ལས་ལོག་པའོ། །ཞེས་ཡན་ལག་གི་དོན་གསུམ་པའི་ཉིང་དོན་དང་པོ་བསྟན་ནས། ད་ནི་ཉིང་དོན་གཉིས་པ་གློ་བུར་པ་དེ་ཉིད་ཀྱང་གནས་ལུགས་མཐོང་པའི་རྣལ་འབྱོར་པས་བརྟགས་ན་འཁྲུལ་པ་དེ་གདོད་མ་ནས་མེད་པར་བསྟན་པ་ནི། དེ་ཡང་ཀ་ནས་དག་པའི་གཞི་སྣང་ལ་གང་དུ་ཡང་མ་ཕྱེ་ལ། གར་ཡང་གནས་པ་དང་། འགྱུར་བ་མེད་པ་དེ་ཉིད་ལ། རྒྱུ་རིག་པ་དང་ཁྱད་མེད་པའི་ཕྱིར་མ་རིག་པ་ཞེས་བརྟགས་པ་ཙམ་དུ་ཡང་གྲུབ་པ་མེད་པས། ཡེ་ནས་རིག་པ་ཉིད་ལ་འཁྲུལ་པ་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། དྲི་མ་དག་པ་ཞེས་ཚིག་ཙམ་དུ་མེད་པས་བློ་ཞེས་ཀུན་དུ་མ་བརྟགས་པས། ཉོན་མོངས་པ་དང་། ལས་དང་། ཤེས་བྱའི་དྲི་མ་འཁྲུལ་པའི་མིང་ཙམ་དུ་ཡང་གྲུབ་པ་མེད་དོ། །དེས་ན་བཏགས་པ་ཐམས་ཅད་མིང་ཡིན་པས། མིང་ལ་ངེས་པ་མེད་པས། ཡིན་པ་དང་། མིན་པ་གང་དུ་ཡང་གྲུབ་པ་མེད་དོ། །དེའི་ཕྱིར་ན་བརྟགས་པ་མིང་གི་ཡི་གེའི་ཚོགས་ཨ་ལི་དང་ཀ་ལི་སོགས་པ་མེད་པས་བརྗོད་པ་ཚིག་ཙམ་དུ་ཡང་མ་གྲུབ་བོ། །དེའི་ཕྱིར་ན་ཡོད་མ་མྱོང་བའི་གནད་ཀྱིས། བརྟགས་པའི་འཁྲུལ་པ་སྟེ། མ་འཁྲུལ་པ་ཞེས་བརྟགས་ཀྱང་འགགས་པ་མེད་དེ་མིང་ཡིན་པའི་ཕྱིར་ན། གང་ལ་ཡང་ངེས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཞེས་བྱ་བ་ཙམ་དུ་ཡང་མེད་དེ་དངོས་པོ་ལ་པོ་ཏི་དང་གླེགས་བམ་དུ་གྲགས་པ་ཞེས་མིང་ལས་མ་གཏོགས་པ་མེད་པས། ཚིག་ཙམ་དུ་མ་གྲགས་པས། གང་ཟག་གི་བློས་བརྟགས་པའི་འཁྲུལ་པའི་མིང་ཙམ་ཡང་མེད་དོ། །དེ་ཡང་བསམ་པ་དང་བྲལ་བའི་རིག་པ་ཉིད་ལ་སེམས་མ་གྲུབ་པས་རྟོགས་པ་ཐ་དད་པ་མེད། དྲན་པ་རྒྱུན་འགག་པའི་རིག་པ་ལ་ཡིད་དུ་མ་གྲུབ་པས། འགྱུ་བྱེད་དུ་མ་མེད་པའོ། །དབུགས་ཕྱི་ནང་དུ་རྒྱུ་བར་བྱེད་པ་རང་བཞིན་གྱི་སྟོང་པས་འགྱུ་བྱེད་འཁྲུལ་པ་ཆོས་ཉིད་ཀྱི་ངང་། མ་བཅོས་པ་ཉིད་ལ་མེད་དོ། །དེ་ཅིའི་གནད་ཀྱིས་མེད་ན། རླུང་རྣམ་པར་དག་པས། ཡེ་ཤེས་རང་ངོ་ན་གསལ་བའི་ཕྱིར་རོ། །འབྱུང་བའི་འཕྲ་བ་རྡུལ་འཕྲ་རབ། དོན་དམ་པ་ལ་མེད་པས། ཆོས་ཀྱི་བདག་ལས་འདས་པས་གྲུབ་མཐའ་རང་རྒྱུད་དུ་འཛིན་པ་མེད། རགས་པ་རི་རབ་དང་། རི་དང་། ཁང་ཁྱིམ་ལ་སོགས་པ་མེད་པའི་དོན་སྣང་བ་ཡིན་པས། ཤེས་བྱ་གནས་ལུགས་ལ་མ་གྲུབ་པས། འབྱུང་བ་ལུས་ཀྱིས་བཅིངས་པ་ལས་གྲོལ། ཉོན་མོངས་པའི་འཕྲ་བ་འཕྲ་རྒྱས། འཕྲ་བ་དང་། ཤིན་དུ་འཕྲ་བ་དང་། བག་ལ་ཉལ་བ་རྣམས་སུ་གྲུབ་པ་མེད་པས། གཉེན་པོ་ཡེ་ཤེས་ལས་འདས་པས་སྤང་བླང་དུ་མེད་དོ། །རགས་པ་འདོད་ཆགས། ཞེ་སྡང་གཏི་མུག་རྣམས་སྔོན་དུ་རྒྱུ་རྣམ་ཤེས་རང་ངོ་ལ་མ་གྲུབ་པས། དེ་ཉིད་རང་གི་རང་གྲོལ་བས་དྲི་མ་འབྱུང་བས་སེམས་ལ་སྒྲིབ་པ་དང་། ཉོན་མོངས་པས་ལུས་སེམས་འཆིང་པ་གཉིས་མེད་པས། འབྱུང་བ་ལྔའི་རྐྱེན་གྱིས་ལུས་ཉེ་བར་བླངས་པས། ཁམས་གསུམ་དུ་འཆིང་པའི་འཁྲུལ་པ་རིག་པ་ཉིད་ལས་ངང་གི་མེད་པས། བློ་རྟོག་པའི་བྱ་བ་དང་ལུས་རྟོག་པའི་འཁྲུལ་པའི་བྱེད་པ་གཉིས་མེད་པའོ། །དེ་ཡང་གནས་སྐབས་ཀྱི་འཁྲུལ་པ་ནི་གཉིས་ཏེ། ཕྱི་བཟུང་པ་ཡུལ་ལས་འཁྲུལ་པ་དང་། ནང་འཛིན་པ་སེམས་ལས་འཁྲུལ་པ་སྟེ། ཡུལ་ནི་བཟུང་ཡུལ་ཙམ་པོ་ལས་འཁྲུལ་པ་རྐྱེན་གྱི་རྣམ་པ་དང་། བཟུང་བའི་ཡུལ་བྱེ་བྲག་པ་ལས་འཁྲུལ་པ། མིག་གིས་དུང་དཀར་པོ་ལ་སེར་པོར་འཁྲུལ་པ་ལྟ་བུའོ། །འཛིན་པ་སེམས་ཀྱི་འཁྲུལ་པ་ནི། རང་གཞན་གྱིས་འཁྲུལ་པ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དང་། རྟོག་པ་བྱེ་བྲག་པ་ལས་འཁྲུལ་པ། སྙམ་བྱེད་དང་། ཐེ་ཚོམ་དང་། ཡིད་དཔྱོད་དང་། གཉིས་པའི་ཡིད་དང་། སྤྱད་པའི་ཡུལ་དང་། ལོག་པའི་ཤེས་པ་རྣམས་ཏེ། འཁྲུལ་པ་དེ་རྣམས་རང་འབྱུང་རིག་པ་ཉིད་ལ་གང་ལ་མེད་དེ། ཡུལ་སེམས་གཉིས་མེད་དུ་གྲོལ་བའི་གནད་ཀྱིས་མེད་དོ། །དེ་ལྟར་ན་ཡུལ་གཟུགས་ལ་སོགས་པ་རང་སར་གྲོལ་བས། དབང་པོ་མིག་ལ་སོགས་པ་ལྔ་དང་གཉིས་སུ་མེད་པས་ཕྱི་བཟུང་བ་ཡུལ་དུ་གྲུབ་པ་མེད་པས། སྣང་བ་སྣང་ཐོག་ནས་གྲོལ་ལ། ནང་འཛིན་པ་སེམས་སུ་གྲུབ་པ་མེད་པས། འཁྲུལ་ཞེས་བྱ་བ་ཡང་གྲུབ་པ་མེད་པའོ། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་གསུམ་དེ་ཉིད་ལ་འཁྲུལ་པ་གདོད་ནས་མེད་པར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ཡན་ལག་གི་དོན་བཞི་པ་གློ་བུར་གྱི་འཁྲུལ་པ་དེའི་ལྡོག་ཚུལ་བསྟན་པ་ལ་ཉིང་ལག་གི་དོན་བརྒྱད་ཀྱིས་བསྟན་པའི་དང་པོ། དེ་ཉིད་ཀྱང་འབད་རྩོལ་མེད་པར་རང་ལོག་ཏུ་བསྟན་པ་ནི། ཀྱེ་ཁྲོ་བདག་ཅེས་པ་ལ་སོགས་པས་བསྟན་ཏེ། འདི་དག་ནི་ལེའུ་འགོ་དོད་དུ་འཁྲུལ་པ་ཇི་ལྟར་ལྡོག་ཚུལ་ནི། གང་དང་གང་གིས་ལྡོག་པ་ལགས་ཞེས་སྡུད་པ་པོས་དྲིས་པའི་ལན་དུ་བྱུང་བའོ། །ཀྱེ་ཞེས་རིགས་གསུམ་ཀྱི་ཁྲོ་བོའི་བདག་པོ་ལག་ན་རྡོ་རྗེ་ཆེན་པོ་ལ་སོགས་པ་ཁྱེད་རྣམས་ལེགས་པར་ལུས་ཀྱི་སྤྱོད་པ་མ་ལོག་པ་དང་། སེམས་ཀྱི་བསམ་པ་མ་ལོག་པ་དང་། རྣ་བའི་དབང་པོ་སྒྲ་གཞན་ལ་མ་ལོག་པར་ཉོན་ཅིག་ཞེས་བོས་ནས། ངོ་བོ་ཉིད་མ་བཅོས་པ། རང་བཞིན་དུ་འདི་ལྟར་སྣང་བའི་ཆོས་འཁོར་བ་དང་། འདས་པ་རྣམས་ལ། རིག་པ་ཉིད་ལ་ཤེས་བྱ་དང་། ཉོན་མོངས་པའི་དྲི་མ་མེད་པས་འབྱུང་བ་དང་། ཉོན་མོངས་པའི་འཕྲ་རགས་ལས་ལོག་པས་འོད་གསལ་ཆེན་པོའི་གཞལ་ཡས་ཁང་དུ་གྲོལ་བ་འོ། །བཟུང་བ་ཕྱི་ཡུལ་དང་། ནང་འཛིན་པའི་སེམས་མེད་པས་མ་འཁྲུལ་པའི་རིག་པར་ཡེ་ནས་ཡོད་པས། ཕྱི་འཁྲུལ་པའི་སྣང་བ་རང་ལོག་པས་དག་པ་འོད་གསལ་ཆེན་པོ་ཉམས་མྱོང་བའོ། །རླུང་གི་འགྱུ་བ་ཉིན་ཞག་ཕྲུགས་གཅིག་ལ། ཉི་ཁྲི་དང་། སྟོང་དྲུག་བརྒྱ་འགྱུ་ཡང་རིག་པའི་ངོ་བོ་ལ་འགྱུར་བ་མེད་པས་ལས་ཀྱི་རླུང་དབུགས་རྒྱུ་བ་དང་མི་རྒྱུ་བ་ཉིད་ཡེ་ཤེས་དག་པའི་རླུང་དུ་ལོག་པས། རྣམ་པར་རྟོག་པ་ཐ་དད་པ་ཡོད་མི་སྲིད་པའོ། །རླུང་དེ་ཡང་རྫས་གྲུབ་ཏུ་ཡོད་པ་ནི་མ་ཡིན་ཏེ། ཕྱི་ནང་མེད་པར་ཙ་ནས་ཟང་གི་བྱུང་ནས། འདོད་པའི་སྒོ་ལས་ཐལ་གྱིས་བྱུང་བས་འཁོར་འདས་གཉིས་མེད་དུ་ཤེས་པ་ཡིན་པས་དངོས་པོར་འཛིན་པའི་ལྟ་བ་ལས་ལོག་པ་ནི། རྟག་ཆད་མཐའ་གྲོལ་རླུང་ཟད་ཟད་པའི་ལྟ་བ་ཞེས་བྱའོ། །དེ་ཡང་སེམས་ཉིད་ཡེ་ནས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་ན་སྟོང་ལ་མཐར་འཛིན་པའི་ལྟ་བ་ལས་ལོག་སྟེ། གཉུག་མ་འོད་གསལ་ཟུང་འཇུག་ཕྱག་རྒྱའི་རང་བཞིན་དུ་གནས་པའོ། །ཡེ་ནས་རྩོལ་བསྒྲུབ་ཀྱི་མཐའ་དང་བྲལ་ཏེ། རང་གི་ལུགས་ཀྱིས་རྫོགས་པས་བསྐྱེད་པའི་རིམ་པས་བསྐྱེད་མི་དགོས་ཏེ། རང་ལ་རང་ཆས་སུ་ཡོད་པས། བསྐྱེད་པའི་རིམ་པ་ལས་ལོག་པས་རང་རྫོགས་གནས་བསྒྱུར་ཞེས་བྱའོ། །དེ་ཡང་བྱས་པ་མེད་པའི་རིག་པ་ལ་རྩོལ་བ་བརྒྱད་པས་བརྟུལ་ཞུགས་ཀྱི་ཡོད་པ་ཉེར་གཅིག་ལས་ལོག་པས། བླང་དོར་ཟུང་འཇུག་ཏུ་གྲོལ་བ་ཞེས་བྱ་སྟེ། བླངས་པ་དེ་ཆོས་ཉིད། དོར་ཡང་ཆོས་ཉིད། བླང་པ་དང་། དོར་བ་གཉིས་དང་། གཉིས་མ་ཡིན་པ་ལ་སོགས་པ་ཆོས་ཉིད་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་ཕྱི་རོལ་ནས་མ་རྩལ་བར་རིག་པ་རང་སོ་ལ་བཞག་པ་ལ་ནི་བྱ་ཞིང་བསམ་པ་མ་ཡིན་པས། ཡིད་ཀྱིས་ཕྱོགས་གཅིག་ལ་གཏད་པའི་བསྒོམ་པ་ལོག་པ་ནི། དབང་པོ་རང་ཡན་པས་ཚོགས་དྲུག་རྡར་འགྲོ་བའི་གནད་དོ། །འབད་པ་མེད་པའི་རིག་པ་ཉིད་རང་གི་རང་གྲོལ་བ་ཡིན་པས་ཕྱི་སྣང་བའི་ཆོས་ལས་ལོག་པ་ནི། ཆོས་ཉིད་མངོན་གསུམ་ལ་གོམས་པའི་གནད་ལས་བྱུང་བའོ། །དེ་ཡང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་དབང་པོའི་སྤྱོད་ཡུལ་དུ་སྣང་པས་ཡིད་དཔྱོད་ཚིག་གི་ལྟ་བ་ལས་ལོག་པ་ནི། ཐེག་པ་རིམ་པ་དགུའི་འདོད་པ་འདི་དག་གིས་སངས་རྒྱ་བ་ལ་ཕན་བཏགས་པ་དང་གནོད་པ་སྐྱལ་བ་གང་ཡང་མེད་དེ། ཕན་ཡོན་དང་བྲལ་བའི་གནད་ཡིད་བྲལ་བའི་གནད་ལས་བྱུང་བའོ། །འདི་ལྟར་སྣང་བའི་ཆོས་ཡེ་ནས་ཡོད་མ་མྱོང་བས་དངོས་པོ་གདོས་བཅས་ལ་ཞེན་པ་དང་། ཡུལ་མི་སྣང་བས་ཡིད་དཔྱོད་ཀྱི་རྣམ་པ་ལ། ཞེན་པ་ལོག་པ་ནི། ཐམས་ཅད་སྒྱུ་མའམ། རྨི་ལམ་ལྟར་ཤེས་པ་ལས་བྱུང་བའོ། །རིག་པ་ཉིད་རང་གི་ལུས་ལ་ཁྱབ་པས་མེད་མ་མྱོང་སྟེ། དུས་ཐམས་ཅད་དུ་ལྷན་གཅིག་ཏུ་གནས་པས་ན། རེ་བ་དང་དོགས་པ་ལས་འདས་པས། གཞན་ལ་ལྟོས་པའི་ཆོས་ལས་ལོག་པ་ནི། རང་འབྱུང་གི་ཡེ་ཤེས། ལས་དང་བག་ཆག་གི་དབང་དུ་མ་གྱུར་པའི་གནད་ལས་བྱུང་བའོ། །རྫས་སུ་མ་གྲུབ་པའི་རིག་པ་ཉིད་ལ་བཟུང་དུ་མེད་པས། མིང་དོན་གང་དུ་ཡང་མ་གྲུབ་པས། བློས་བཏགས་པའི་ཆོས་ལས་ལོག་པ་ནི། མིང་གི་མཐའ་ཟད་པར་བྱེད་པ་གཅིག་ཤེས་ཀུན་གྲོལ་བའི་གནད་ལས་བྱུང་བའོ། །ཆོས་སྐུ་ཟང་ཐལ་ཉག་གཅིག་ཡིན་པས་གཅིག་དང་གཉིས་དང་། བརྒྱ་སྟོང་ལ་སོགས་པའི་གྲངས་ཀྱི་མཐའ་ལས་ལོག་པའི་ཆོས་ནི། གཅིག་རྒྱབ་ཀུན་ལ་ཕོག་པ་སེམས་ཀྱི་སྤྱིབས་ཕྱུང་པའི་གནད་ལས་བྱུང་བའོ། །ཞེས་ཡན་ལག་གི་དོན་བཞི་པའི་ཉིང་དོན་དང་པོ་བསྟན་ནོ། །ད་ནི་ཉིང་དོན་གཉིས་པ་དེ་ཉིད་བླ་མའི་མན་ངག་དུ་མས་ལྡོག་པར་བསྟན་པ་ནི། རིག་པ་ཉིད་ཀྱིས་ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ་བས། དོན་རང་ཐོག་ཏུ་གྲོལ་བ་སྟེ། སྔ་ཕྱི་གང་ལ་ཡང་མི་ལྟོས་པས་གཞན་ལས་བྱུང་པས་འགག་སྟེ། དེ་ནི་དྲན་པ་དབྱིངས་སུ་ཡལ་བའི་གནད་བྱུང་བ་སྟེ། དེ་ལྟར་ཡང་སེམས་སྡེ་ལས། སྔོན་མེད་ཕྱིས་མེད་གདོད་ནས་མེད། ཅེས་པས་སོ། །དེ་ལྟར་རིག་པ་ཉིད་རང་ཤར་བ་ཡིན་པས་འཁོར་བའི་མུན་པ་སངས་པ་ནི་སྒྲོན་མ་བཞིའི་མངོན་གསུམ་དུ་སྣང་བའི་གནད་ལས་བྱུང་བའོ། །ཡེ་ནས་རང་འབྱུང་གི་ཡེ་ཤེས་ཉིད་སྙིང་པོ་ཡིན་པས། བསམ་པ་དང་བྲལ་བའི་ཆོས་སྐུར་ཁྱབ་པ་ནི། མིག་གི་དེ་ཁོ་ན་ཉིད་མ་བཅོས་པ་ལས་བྱུང་བའོ། །དེ་ཉིད་མ་བཅོས་པས་འོད་ལྔ་གསལ་བར་དབང་པོའི་སྤྱོད་ཡུལ་དུ་སྣང་བས། དེ་ལས་ཐིག་ལེ། དེ་ལས་ལོངས་སྐུར་མཚན་དང་དཔེ་བྱད་ཀྱིས་རྒྱས་པ་ནི་མངོན་གསུམ་གྱི་གནད་ལས་བྱུང་བའོ། །དེ་ལྟར་སྣང་བའི་ཚེ་ཆོས་ཉིད་མའི་སྣང་བ་ཡིན་པས། །དེ་ལ་རིག་པ་བུ་གཉིས་ཕྲད་པས་ཕྱིའི་སྣང་བ་སྣ་ཚོགས་རང་གྲོལ་བ་དང་། དེ་ཉིད་ལ་རང་འབྱུང་དུ་བྱུང་བས། སྣང་བ་ཐམས་ཅད་སྤྲུལ་སྐུར་རང་བྱུང་བ་ནི། ཉམས་རྒྱུད་ལ་བརྟེན་པའི་གནད་ལས་བྱུང་བའོ། །དེ་ལྟར་བྱུང་བའི་རིག་པ་དེ་ཤེས་རབ་ཀྱིས་རྟོགས་སུ་ཡོད་པས། བླ་མའི་གདམས་ངག་དམ་བའི་ཐབས་ཐུན་མོང་མ་ཡིན་པ་ལས་བྱུང་སྟེ། དེ་ཉིད་ནི་ལུས་ཀྱི་གནད་བསྟན་པ་ལས་བྱུང་བའོ། །བསྒོམ་བསྒྲུབ་ཡིད་ཀྱི་དཔྱད་པ་ལས་འདས་པའི་རིག་པ་དེ་བསམ་པ་ལས་འདས་པ་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་རང་དག་ཏུ་སོང་བས། དྲན་བློའི་རྟོགས་པ་སངས་པ་ནི། སྐྱེ་མེད་ལམ་དུ་བྱས་པའི་གནད་ལས་བྱུང་བས་སོ། །དེ་ལྟར་སྐྱེ་བ་མེད་པའི་རིག་པ་དེ་སྟོང་བར་གནས་པས་རྟག་མཐའ་ལས་ལོག །དེ་ཉིད་གསལ་བར་གནས་པས་ཆད་མཐའ་ལས་ལོག །དེ་ལྟར་རྟག་ཆད་གཉིས་སུ་མེད་པས་སྟོང་གསལ་རིག་པའི་སྙིང་པོ་ཅན་དུ་གནས་སོ། །དེ་ཡང་འཇིག་རྟེན་པའི་གྲུབ་མཐའ་ལྟར་བྱུང་བས། ཅིར་སྣང་ཆོས་ཉིད་ཀྱི་གྲོགས་སུ་ཤར་བས། འདས་པའི་གྲུབ་མཐའ་ལྟར་རྫོགས་པས་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པའོ། །དེ་ནི་སྣ་ཚོགས་ཐབས་ཀྱི་སྒོ་མ་འགགས་པ་ལས་བྱུང་བའོ། །ཐབས་དེ་བཅུད་དུ་དྲིལ་བས་ནི་རིག་བའི་རང་གདངས་དེ་འོད་གསལ་དུ་ཤར་བས་སོ། །དེ་ནི་ལུ་གུ་རྒྱུད་རྟག་ཏུ་གཟིར་བའི་གནད་ལས་བྱུང་བའོ། །དེ་ལྟར་ཤར་བ་ཉིད་གཞན་གྱིས་མ་ཡིན་པར་རང་གྲོལ་ཡིན་པས་སྣང་བ་རང་གྲོལ་ཅོག་གིས་བཞག་པ་ནི། ངང་ཀུན་ཏུ་བཟང་པོ་ཆོས་ཉིད་མ་བཅོས་པ་ལས་བྱུང་བའོ། ཞེས་ཉིང་ལག་གི་དོན་གཉིས་པ་དེ་ཉིད་བླ་མའི་གདམས་ངག་དུ་མས་རྟོགས་པར་བསྟན་ནས། ད་ནི་ཡན་ལག་གི་དོན་གསུམ་པ་དེ་ཡང་ཡེ་ནས་འབད་མེད་རང་གྲོལ་ཡིན་པར་བསྟན་པ་ནི། རིག་པ་དེ་ཉིད་ལ་འཁྲུལ་པ་ཡོད་མ་མྱོང་བས། གཞི་ལ་ལོག་པའི་རིག་པ་ནི། ཐོག་མ་ཡང་རང་ལས་བྱུང་བས། ཐ་མ་ཡང་རང་གྲོལ་ཞེས་བྱ་སྟེ། དེ་ཡང་འདི་དག་བཅུ་ནི་འཁྲུལ་པའི་མཚན་ཉིད་བཅུ་སྟེ། འོག་གི་དཔེ་བཅུ་བོ་གོ་རིམ་གྱིས་འདི་དག་ལ་སྦྱར་བར་བྱའོ། །དེ་ཡང་རིག་པ་ལས་དང་ཉོན་མོངས་པ་ལས་གྲོལ་བའི་ཚད་ཞེན་ཆགས་ཆུང་བས་བཟུང་། ཁྱབ་པའི་ཚད་སྣང་བས་མི་གནོད་པའོ། །རིག་པ་ལ་དངོས་པོས་མ་གོས་པས་སྟོང་པའི་ཚད་རང་གི་ལུས་ཟང་ཐལ་དུ་མཐོང་བས་བཟུང་། རིག་པ་ཕྱི་ཡུལ་ལ་ཤར་བའི་ཚད་ཐིག་ལེ་སྐུ་དང་བཅས་པས་བཟུང་། རིག་པ་འཁོར་བའི་ཆོས་ལས་ཟང་ཐལ་བའི་ཚད་ཉིན་མཚན་མེད་པས་བཟུང་ངོ་། །རིག་པ་འཁྲུལ་པའི་རྣམ་པ་ལས་ལོག་པའི་ཚད་དག་སྣང་ཤར་བས་བཟུང་ངོ་། །རིག་པ་ལ་རྣམ་པར་རྟོག་པ་སངས་པའི་ཚད་རླུང་གི་འགྱུ་བ་ཟད་པས་བཟུང་ངོ་། །རིག་པ་མ་རིག་པའི་ཟླ་དང་བྲལ་ནས་གཅིག་པུར་གནས་པའི་ཚད་མཐོང་སྣང་གྲོགས་སུ་ཤར་བས་བཟུང་ངོ་། །རིག་པ་དེ་རྒྱུར་རྟོགས་པའི་ཚད་ལུས་ལས་འབྱུང་བའི་གནོད་པ་དང་བྲལ་བས་བཟུང་ངོ་། །རིག་པ་དེ་འབྲས་བུས་གྲོལ་བའི་ཚད་ཆོས་ཟད་པས་བཟུང་ངོ་དེ་དག་བཅུ་ནི་ཕ་རོལ་ཏུ་ཕྱིན་པ་ནས། ས་བཅུ་ལ་རྟགས་དང་ཡོན་ཏན་བཤད་ནས་འདུག་སྟེ། འདི་དག་ནི་གང་ཟག་གི །བློ་འཁྲིད་པ་ཙམ་ལས་མ་གཏོགས་ཏེ། དོན་སྔོན་དུ་སྐྱེ་བ་མེད་པས། བློ་འབྲིད་པ་ལ་དགོངས་པའོ། །དེ་ལྟར་ཡང་རྣམ་དཔྱོད་དུས་ལ་ལྟོས་པ་རྣམས་དུས་དེར་འབྱུང་བར་མི་འགྱུར་རོ། །ཞེས་པས་སོ། །འདི་ནི་གསང་སྔགས་མངོན་གསུམ་གྱི་ས་བཅུ་ཞེས། ད་ལྟ་རྒྱུད་ལ་སྐྱེ་ངེས་པ་ལས་དུས་སྔ་ཕྱི་ལ་ལྟོས་པ་མེད་པའོ། །ལྷག་མ་ནི་གཞུང་གསལ་ལོ། །དགེ་བཅུ་ཚད་ལ་ཕེབས་པའི་དུས་ན། སྣང་བ་འདི་དག་སོ་སོའི་དཔེ་ལྟར་འགྱུར་རོ། །འདི་དག་ནི་གསང་སྔགས་ཀྱི་ལམ་སྐྱེ་བའི་རིམ་པ་ལ་དགོངས་པའོ། །ཞེས་ཉིང་དོན་གསུམ་པའོ། །ད་ནི་ཉིང་ལག་གི་དོན་བཞི་པ་དེ་ལྟར་གནས་པའི་དོན་དཔེས་གོང་མ་རྣམས་ཀྱི་དོན་གོ་བར་བསྟན་པ་ནི། ས་བཅུ་རང་ལ་རྫོགས་པ་དེ་ལྟ་བུའི་སེམས་ཉིད་རྣམ་པར་རྟོག་པའི་རླུང་བརྒྱད་ཀྱིས་མ་བསླད་པ་ནི། གྲོལ་བའི་དུས་ན་ནོར་བུ་རིན་པོ་ཆེ་དང་འདྲ་བའི་ཡོན་ཏན་འབྱུང་། ཁྱབ་པའི་དུས་ན་ཕྱུག་པོའི་བང་མཛོད་ལྟ་བུའི་ཡོན་ཏན་འབྱུང་དཔེ་འདྲའོ། །དེ་དག་ཉམས་སུ་བླང་བྱ་དང་སྦྱར་ན། ནོར་བུ་རིན་པོ་ཆེ་མིག་མ་ཕུག་པ་ལ་བསླབ་པ་ལ་སོགས་བློ་རྟག་གི་གནད་དོ། །ལྷག་མ་ནི་གཞུང་གིས་ཤེས་སོ། །ཡན་ལག་གི་དོན་ལྔ་པའི་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་པ་རིག་པའི་ཚད་དེ་ཉིད་ཀྱིས་གྲོལ་ལུགས་བསྟན་པ་ནི ། འགག་པ་ཡུལ་དང་དབང་པོ་མེད་པས། ཕྱི་ནང་གཉིས་མེད་དུ་ཟང་ཐལ་བའི་རིག་པ་ལ། གཞི་མེད་པའི་གནད་ཀྱིས་ད་འཁྲུལ་པའི་རྒྱུ་མེད་པས་རྩ་བ་དང་བྲལ་བའི་རིག་པ་ལ་ལམ་མེད་པས་རྟོགས་པ་མེད་པ་ནི། ཡེ་ནས་གྲོལ་བའི་གནད་ལས་བྱུང་བའོ། །དེ་ཡང་གྲོལ་ལུགས་ལྔ་པོ་འདི་དག་གི་གོ་བ་ནི། ཡེ་གྲོལ་ལ་སྐྱར་གཞི་མེད་པའི་གནད་ལ་བརྟེན་ནས་ལྟ་བསྒོམ་འབད་རྩོལ་ལ་རག་མ་ལུས་པར་བསྟན་པ་དང་། རང་གྲོལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས་བླ་མའི་མན་ངག་ལ་རག་མ་ལུས་པར་བསྟན་པ་དང་། ཅེར་གྲོལ་མཐོང་ཡལ་གྱི་གནད་ལ་རྒྱུད་ལུང་མན་ངག་ལ་རག་མ་ལུས་པར་བསྟན་པ་དང་། མཐའ་གྲོལ་ལྟོས་པ་དང་བྲལ་བའི་གནད་ལ་བརྟེན་ནས་ལྟོས་པ་གང་ལ་ཡང་མི་འཆའ་བ་དང་། གཅིག་གྲོལ་ལ་ཟླ་མེད་པའི་གནད་ལ་བརྟེན་ནས་ཐབས་དང་ཤེས་རབ་ལ་རག་མ་ལུས་པར་བསྟན་པའོ། །དེ་ལ་ཡེ་ནས་གྲོལ་བའི་གོ་བ་དང་། འཇོག་པའི་འཐད་པ་དང་། གྲོལ་ལུགས་དང་། ཚིག་གི་དོན་དང་བཞིར་ཤེས་པར་བྱའོ། །གོང་ནི་གློ་བུར་མ་ཡིན་པར་ཐོག་མ་ནས་གྲོལ་ཟིན་པས། དེ་སྐྱར་ནས་གྲོལ་རྒྱུ་མེད་པའི་གནད་ནི། རིག་པ་ཉིད་འཁྲུལ་མ་མྱོང་པ་ལས་བྱུང་བའོ། །ཡེ་ནས་གྲོལ་བར་འཇོག་པའི་འཐད་པ་ནི། རིག་པའི་འཐད་པ་དང་། ལུང་གི་འཐད་པ་དང་། ཧེ་དུས་འཐད་པའོ། །རིག་པ་ནི་ཡེ་ཉིད་ནས་རིག་པ་ཉིད་གྲོལ་བ་ཡིན་པའི་གནད་ནི། རིག་པ་ལ་གཞི་མེད་པས་ལྟོས་པ་མེད་པ་དང་། རྩ་བ་མེད་པས་བྱུང་ས་མེད་པ་དང་། མཚན་བརྒྱད་མེད་པས་གཏན་ལ་མི་ཕེབས་པ་དང་། སྐྱེ་བ་མེད་པས་གྲོལ་རྒྱུ་མེད་པས་སོ། །དེ་ཡང་ཡེ་ནས་གྲོལ་ཟིན་པའི་རྟགས་དང་། བསྒོམ་བསྒྲུབ་གང་གིས་ཀྱང་མཚན་ཉིད་མཐོང་བ་མེད་དོ། །དེ་ཡང་རྒྱུ་འབྲས་ལ་རྗེས་མེད་པའི་རིག་པས་འཐད་དོ། རིག་པ་ལ་རྒྱུ་མེད་པས་འབྲས་བུ་མེད་པས། ལས་དང་རྣམ་སྨིན་ཡོད་མི་སྲིད་དོ། །གཞན་དུ་ཡང་བསྟན་ནས་ཡོད་དོ། །དེ་ལུང་གི་འཐད་པ་ནི། བརྩོན་པ་དོན་ལྡན་ལས། །ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། ཅེས་པས་སོ། །ཧེ་དུས་འཐད་པ་ནི། གཏན་ཡལ་བ་རང་བཞག་གི་ཧེ་དུས་འགྲུབ་སྟེ། གཏད་ས་ཡེ་ནས་གྲོལ་བས་དེ་ཉིད་རང་སར་གྲོལ་ཏེ། ཡེ་ཉིད་ནས་གྲོལ་བའི་ཕྱིར་རོ། །དེ་ཡང་སེམས་ལ་བྱུང་བ་མེད་པ་དང་། གནས་པ་མེད་པ་དང་། འགྲོ་བ་མེད་པའི་གནད་ཀྱིས་ཡེ་ནས་གྲོལ་བར་ཤེས་སོ། །ཡེ་ནས་གྲོལ་ལུགས་ནི། སེམས་སྟོང་པ་ཡིན་པས། གྲོལ་ཞེས་བྱ་བའམ། མ་གྲོལ་ཞེས་ཐ་སྙད་ཙམ་དུ་གདགས་སུ་མེད་པས། ཡེ་ནས་གྲོལ་ཟིན་པའི་རྟགས་སོ། །དེ་ལ་བསྐྱར་ནས་གྲོལ་མི་དགོས་པ་ནི། སེམས་ཡེ་ནས་སངས་རྒྱས་པས་སོ། ཡེ་ནས་གྲོལ་བ་དེ་ལ། ད་གྲོལ་རྒྱུ་མེད་པས་ཤེས་སོ། ཚིག་གི་དོན་ནི། ཡེ་ཞེས་ཁྱབ་པ་སྤྱིར་གཏང་པས། བྱ་བ་དང་བཅོས་པ་མེད་པའི་དོན་ཏེ། གང་ནས་ཀྱང་མ་བྱུང་། གང་དུ་ཡང་མ་སོང་། གར་ཡང་གནས་པ་ལས་འགྱུར་བ་མེད་པའི་དོན་ནོ། །གྲོལ་ཞེས་བཀྲོལ་བ་ལྟ་བུ་མིན་པས་ལྟ་བསྒོམ་གྱིས་འབད་མི་དགོས། གྲོལ་ཞེས་རང་ལུགས་སུ་གནས་པ་ལས་བཅས་བཅོས་མེད་པའི་དོན་ནོ། །དེ་ལྟར་ཡིན་པས་ལུས་ངག་ཡིད་རང་ཤུགས་ལ་ལྷོད་ཆགས་ཤིང་། སེམས་ཉིད་རྣལ་དུ་འབེབས་པ་ལ་གྲོལ་ཞེས་བྱའོ། །དེ་ཡང་གཏན་དུ་དེ་ལྟར་གནས་པས། ཐེག་པ་ཐུན་མོང་ལས་འཕགས་པའོ། །ཡེ་ནས་གྲོལ་བའི་དཔེ་ནི་ཨ་ལི་ཀ་ལིའི་འབྲས་བུ་ཡེ་ནས་སྨིན་ཟིན་པ་ལས། ད་སྨིན་རྒྱུ་མེད་པ་ལྟ་བུའོ། །རང་གྲོལ་ལ་ཡང་ལྔ་སྟེ། རང་གྲོལ་བའི་གོ་བ་ནི། གཉེན་པོ་མེད་པའི་དོན་ཏེ། སྣང་བ་ཉིད་སྣང་ས་ནས་རང་གྲོལ་བས། སྣང་བ་ལས་མ་གཏོགས་པའི་ཆོས་ལོག་པ་གང་ཡང་མེད་དོ། །དེ་བཞིན་དུ་སྟོང་པ་ལ་སོགས་པ་དེ་ཉིད་གྲོལ་བ་ལ་སོགས་པ་མེད་པའོ། །དཔེར་ན་ཆང་ནད་ཅན་ལ་ཆང་གིས་འཇོམས་པ་དང་། དུག་གིས་དུག་འཇོམས་པ་དང་། ལྕགས་ཀྱིས་ལྕགས་གཅོད་པ་ལ་སོགས་པ་འདྲའོ། །ཉོན་མོངས་པ་དེ་ཉིད་ཀྱིས་གྲོལ་བས་ན་རང་གྲོལ་ཞེས་བྱའོ། །རང་གྲོལ་དུ་འཇོམས་པའི་འཐད་པ་ནི། རིག་པ་དང་། ལུས་དང་། གཏན་ཚིགས་ཀྱི་འཐད་པའོ། །རིག་པ་ནི་ཆོས་ཉིད་ཀྱི་རིག་པས་འཐད་དེ། གྲོལ་བ་ཐམས་ཅད་རང་གྲོལ་ཡིན་པ་ལས་གཞན་གྱིས་བཀྲོལ་བ་ལྟ་བུ་མ་ཡིན་པར་འཐད་ལ། གལ་ཏེ་གཞན་གྲོལ་ཡིན་ན་དངོས་པོ་གཅིག་ལ་གཟུགས་ཐ་དད་དུ་སྣང་པ་མི་སྲིད་པ་བཞིན་ནོ། །དངོས་པོའི་མཚན་ཉིད་དངོས་པོས་གཏན་ལ་ཕེབས་པ་བཞིན་ནོ། །ལུང་ནི་སེམས་སྡེ་ལས་གྲོལ་བ་རང་གཞན་ལས་མིན་ཞེས་པས་སོ། །དེ་ལ་སོགས་ཏེ་ལུང་བགྲངས་ན་དཔག་ཏུ་མེད་དོ། །ཧེ་དུ་ནི། རང་གྲོལ་ཆེན་པོ་ལ་རྩོད་གཞི་མེད་པའི་ཧེ་དུས་འགྲུབ་ཅིང་འཐད་དེ། འདི་ལྟར་སྣང་བ་རང་གྲོལ་བ་ཡིན་ཏེ། གཉེན་པོ་གཞན་ལ་རག་ལུས་པ་མེད་པའི་ཕྱིར་རོ། །རང་གྲོལ་ལུགས་ནི། རང་གིས་རང་གྲོལ་བ་མ་གཏོགས་པ་གཞན་མ་ཡིན་ཏེ། གཞུང་གཞན་ནས་ཀྱང་འདོད་ཆགས་ཅན་འདོད་ཆགས་ལམ་དུ་བྱས་པས་གྲོལ་བ་བཤད་པ་དང་། སྣང་བ་སྣང་བ་རང་གི་ཐོག་ནས་གྲོལ་བ་ཉིད་སྣང་བ་ལས་མ་རྟོགས་པའི་གྲོལ་རྒྱུའམ། གྲོལ་རྐྱེན་གཞན་མེད་པའོ། །དེ་ཉིད་དེ་ཉིད་དུ་གྲོལ་བས་གནས་པའི་རྟེན་མེད་པས། གཞི་རྩ་མེད་པའི་སེམས་ཉིད་དོ། །དེ་ཉིད་རང་ལས་མ་རྟོགས་པ་ལྟོས་པའི་ས་མེད་པས། འགྲོ་ས་མེད་པས་སྐྱེ་མ་མྱོང་པའོ། །གང་ནས་བྱུང་བའི་ས་མེད་དེ། དེ་ཉིད་རང་མ་ཡིན་པའི་ཆོས་ལོག་པ་མེད་པས། རང་གྲོལ་ཞེས་བྱའོ། །དཔེ་ནི། དཔེར་ན་སྤྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་བར་རང་གྲོལ་བ་བཞིན་ནོ། །ཚིག་གི་དོན་ནི། འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང་ལ། གྲོལ་ཡང་རང་གྲོལ་བས་སོ། །དཔེར་ན་ནམ་མཁའ་དང་སྤྲིན་བཞིན་ནོ། །དེ་ལྟར་ཡིན་པས་ཡུལ་གཞན་ལ་རྟེན་པའི་བསྒོམ་པ་དང་། ལྟ་བ་དང་། སྤྱོད་པ་རྐྱེན་ཅན་མིན་པས་ན། དོན་གྱི་ཞེས་བྱ་བ་ཆོས་ཟད་པ་ལ་བྱའོ། །གཅེར་གྲོལ་མཐོང་ཡལ་ལ་ཡང་ལྔ་སྟེ། གཅེར་གྲོལ་གྱི་གོ་བ་ནི། གཅེར་གྱིས་མཐོང་བ་ཙམ་གྱིས་དེ་ཉིད་མཐོང་སར་གྲོལ་བ་ནི། སྐད་གཅིག་མ་དང་པོ་རང་ལ་མཐོང་པའམ་ཐོས་པའམ། རིག་པ་ཙམ་གྱི་གྲོལ་བས་ཏེ། དེ་ནི་ཆོས་ཉིད་མངོན་སུམ་གྱིས་རྩིས་ཐེབས་པའོ། །གཅེར་གྲོལ་ཏུ་འཇོག་པའི་འཐད་པ་ནི། རིག་པ་དང་། ལུང་དང་ཧེ་དུས་འཐད་དེ། རིག་པ་ནི་གཏད་ཡལ་གང་དུ་ཡང་མ་དམིགས་པས་འཐད་དེ། སྣང་བ་སྣང་ཐོག་ཏུ་སྣང་བ་ཙམ་གྱིས་གྲོལ་ཏེ། སྟོང་པ་པོའི་གནད་ཀྱིས། གཟུགས་གཅེར་གྱིས་མཐོང་བས། གཟུགས་ཡིན་པ་ཙམ་ལ་བརྟེན་ནས། དེ་ཉིད་ཀྱིས་གྲོལ བའོ། །དེ་བཞིན་དུ་སྒྲ་ལ་སོགས་པའོ། །དེ་གྲོལ་བ་ཅིས་ཤེས་ན་གཟུགས་སུ་མཐོང་བས་གཟུགས་མ་ཡིན་པའི་སྤྲོས་པ་ཆོད། དེ་གཅེར་གཅེར་བཞག་པས་དེ་ཉིད་གྲོལ་ཏེ། གཞན་ལ་འཇུག་པའི་ཤེས་པ་མི་སྐྱེ་བས་སོ། །ལུང་ནི་གསེར་གྱི་སྙིང་པོའི་རྒྱུད་ལས། གཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཅེས་པས་སོ། །གཏན་ཚིགས་ནི། ཕྱོགས་བྲལ་གཅེར་བཞག་གི་ཧེ་དུས་འཐད་དེ། འདི་ལྟར་སྣང་བ་གཅེར་གྲོལ་ཡིན། དེ་ཉིད་གཅེར་སར་བཞག་ལ་བཞག་སར་གྲོལ་ལ། གྲོལ་སར་ཡལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཅན་དུམ་བུ་ལ་བསླབས་པས་དུམ་བུ་གཅེར་གྲོལ་ཏེ། གང་དུ་ཡང་སོང་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པ་དང་། གང་དུ་འགྲོ་ཡང་འགྲོ་བ་མེད་པའོ། །གར་ཡང་གནས་པ་ལས་འགྱུར་བ་མེད་པའོ། ཆོས་ཅན་སྤྱི་ལ་བསླབས་པས་སྣང་བ་ཐམས་ཅད་གཅེར་གྲོལ་དུ་སོང་བའོ། །དཔེ་ནི་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུ་སྟེ། མཐོང་པ་ལ་རིས་མེད་པའོ། །ཚིག་གི་དོན་ནི་གཅེར་གྱིས་མཐོང་བ་ཙམ་གྱིས་དེ་ཉིད་དུ་གྲོལ་བ་ནི། མ་བུ་འཕྲད་པས་གྲོལ་བ་ཡིན་པས སྣང་བ་དེ་ཉིད་བློས་མ་བསྒྱུར། སྣང་བས་མ་བཅད་པར་བཞག་པས་རང་དག་ལ་འགྲོ་བའོ། མཐའ་གྲོལ་ལ་ཡང་ལྔ་སྟེ། གོ་བ་ནི། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པའི་མཐའ་གང་ལ་ཡང་ལྟོས་པ་མི་འཆའ་བའོ། །དོན་གྱིས་འདི་ཡིན་འདི་མིན་གྱི་རྩིས་ལས་འདས་པའོ། །མཐའ་གྲོལ་དུ་འཇོག་པའི་འཐད་པ་ནི། རིག་པ་ལྟོས་བྲལ་ངོ་བོ་ཉིད་ཀྱི་རིག་པས་འཐད་དོ། །གང་ལ་ཡང་མ་ལྟོས་པར་མཐའ་དང་བྲལ་བ་ཡིན་པས། དབུས་ལ་ཡང་གནས་པ་མ་ཡིན་ནོ། དེའི་ཕྱིར་ན་མཐའ་དང་བྲལ་བས་དབུས་མ་དམིགས་པའི་ལྟ་བ་ཞེས་བྱའོ། །ལུང་ནི་རྩལ་ཆེན་ཡོན་ཏན་རྫོགས་པའི་རྒྱུད་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ། །ཞེས་པས་སོ། །ཧེ་དུ་ནི་གཅིག་ཤེས་པས་ཀུན་གྲོལ་བའི་ཧེ་དུས་འཐད་དོ། །གཅིག་མཐའ་དང་བྲལ་བར་ཤེས་པས། འདི་ལྟར་སྣང་བཏགས་ཐམས་ཅད་ལས་གྲོལ་བ་ཡིན་ཏེ། ལྟས་པ་གང་ལ་ཡང་གཅར་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི་ཡོད་མཐའ་ལ་མི་གནས་པས་མེད་མཐར་གྲོལ་ལ། མེད་མཐའ་ལ་མི་གནས་པས་ཡོད་མཐར་གྲོལ་ལ། ཡོད་མེད་གཉིས་ཀ་ལ་མི་གནས་པས་གཉིས་ཀར་གྲོལ། གཉིས་ཀ་མ་ཡིན་པས་གཉིས་ཀ་ཡང་ཡིན་པར་གྲོལ་བའོ། །དེ་བཞིན་དུ་སྣང་ཤེས་ཀུན་ལ་བསྒྲེས་པས་གྲོལ་བ་ཡིན་ནོ། །ཚིག་གི་དོན་ནི། གཅིག་གི་མཐའ་ལས་གྲོལ་བ་ཡིན་པས་གཉིས་སུ་མི་གནས་ལ། གཉིས་ལས་གྲོལ་བས་གཅིག་ཏུ་ཡང་མི་གནས་པས་སོ། །དེ་བཞིན་དུ་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལ་སོགས་པའོ། །མུ་ནི་ཡོད་པའི་མུ་སྣང་བ་དང་། མེད་པའི་མི་སྣང་བ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་གཞན་འགགས་པ་ལ་གྲོལ་བ་ཞེས་བྱའོ། །གཅིག་གྲོལ་བ་ལ་ཡང་ལྔ་སྟེ། །གཅིག་གྲོལ་གྱི་གོ་བ་ནི། གྲོལ་བ་དེ་ཡང་འཐད་པ་མ་ཡིན་ཏེ། རིག་པ་གཅིག་པུར་གྲོལ་བ་ལས་མ་གཏོགས་པ་གང་ཡང་མེད་དོ། །དེས་ན་རིག་པ་ཡེ་ནས་གྲོལ་མ་གྲོལ་གྱི་ཐ་སྙད་ལས་འདས་པའོ། །གཅིག་གྲོལ་དུ་འཇོག་པའི་འཐད་པ་ནི། གཅིག་ལས་གཞན་མེད་པས་གྲོལ་ཞེས་བྱ་སྟེ། གཅིག་པུ་ནི་རིག་པ་ཉིད་དོ། །རང་རིག་པ་གཅིག་པུ་མ་ཡིན་པའི་ཆོས་ལོག་པ་མེད་པས། ལུང་ནི་གསེར་གྱི་སྙིང་པོ་ལས། གཅིག་ཏུ་གྲོལ་བའི་ཆོས་ཉིད་ནི། དུ་མ་རོ་གཅིག་ཡིན་པའི་ཕྱིར། ཞེས་པ་དང་། ཧེ་དུ་ནི། གཅིག་ཤེས་ཀུན་གྲོལ་ཀྱིས་འཐད་དེ། གཅིག་རིག་པར་ཤེས་པས། ཀུན་འཁོར་འདས་གྲོལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཉིད་དུ་ངོ་ཤེས་པས། སྣང་ཤེས་ཀུན་གྲོལ་བའོ། །དཔེ་ནི་དུ་མ་རོ་གཅིག་ཏུ་ཤེས་པས། ཚྭ་གཅིག་གི་རོ་གཏན་ལ་ཕེབས་ན། ཚྭ་ཀུན་གྱི་རོ་གཏན་ལ་ཕེབས་པ་བཞིན་ནོ། །ཚིག་གི་དོན་ནི། གཅིག་ནི་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ཉིད་དེ། དེའི་ངང་དུ་གྲོལ་བ་ཡིན་པས། དུ་མ་གྲངས་ཀྱི་མཐའ་ཐམས་ཅད་སྟོང་པའོ། །དེ་ལྟར་གྲོལ་ལུགས་ལྔ་པོ་གང་ཟག་གཅིག་གཅེས་པ་མ་ཡིན་ཏེ། དབང་པོའི་བྱེ་བྲག་གིས་གང་ལ་གང་མོས་ཀྱིས་གྲོལ་བ་ཡིན་ནོ། །འདི་དག་ནི་གསང་བ་སྒྲ་རྒྱུད་ནས་ཀྱང་ཤིན་ཏུ་ཞིབ་པར་བཤད་དོ། །ཞེས་ཉིང་དོན་ལྔ་པ་རིག་པའི་ཚད་དེ་ཉིད་ཀྱི་གྲོལ་ལུགས་བསྟན་ནས། ད་ནི་ཡན་ལག་གི་དོན་བཞི་པའི་ཉིང་ལག་གི་དོན་དྲུག་པ་དེ་ཡང་གཉེན་པོ་གཞན་ལ་མ་ལྟོས་པར་རང་གྲོལ་དུ་བསྟན་པ་ནི། དེ་ཡང་རྐྱེན་ངན་པ་རྣམས་ཡེ་ཤེས་ཀྱི་གྲོགས་སུ་ཤར་བ་རྐྱེན་གྱིས་གྲོལ་བས་ན། རང་གྲོལ་བ་ཡིན་པའི་འཐད་པ་དང་། དེ་ཡང་འདིར་ནི་གྲོལ་ལུགས་ལྔ་པོ་དེ་ལྟོས་གཞི་དང་བྲལ་བ་ནི། རང་གྲོལ་ཡིན་པས་དམིགས་པའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པའི་ཆོས་ཀྱི་ལྟོས་པ་དང་བྲལ་བ་དང་། ཡེ་གྲོལ་ལ་གཟུང་འཛིན་ཟུང་འཇུག་གི་ལྟོས་པ་དང་བྲལ་བ་དང་། མཐའ་གྲོལ་ཐ་སྙད་ཀྱི་ཚིག་ལ་མི་ལྟོས་པ་དང་། གཅིག་གྲོལ་བྱེད་བློ་ལ་མི་ལྟོས་པའོ། །ཚིག་རྣམས་ནི་གཞུང་དུ་བརྟག་གོ །ཞེས་ཉིང་དོན་དྲུག་པའོ། །དེ་ནི་ཉིང་ལག་གི་དོན་བདུན་པ་དེའི་དོན་དཔེ་ཡིས་གཏན་ལ་དབབ་པ་བསྟན་པ་ནི། །དེ་ཡང་རང་གིས་རང་གྲོལ་བ་དཔེར་ན་དྲི་མས་དྲི་མ་འཁྲུད་བཞིན་ཏེ་གཞན་ལ་རག་མ་ལུས། དེ་བཞིན་དུ་དག་པས་དག་པ་གྲོལ་ཏེ། ཀ་དག་ཀ་དག་གིས་གྲོལ་ལ། རིག་པ་རིག་པས་གྲོལ་བའོ། །ཡེ་ནས་གྲོལ་བ་ནི། དུག་གིས་དུག་རྣམས་བོང་ང་དཀར་པོས་བཙན་དུག་འཇོམས་པ་དང་འདྲའོ། །གཅེར་གྲོལ་ནི། ལྕགས་ཀྱིས་ནི་ས་གདར་དང་། རྫོང་སོ་གིས་ལྕགས་རྣམས་གཤོག་པ་དང་འདྲའོ། །མཐའ་གྲོལ་ནི་ཤིང་ལས་མེ་བྱུང་བས་ཤིང་རྣམས་སྲེགས་པ་ལྟ་ཡོད་པ་མེད་མཐར་གྲོལ་པའོ། །གཅིག་གྲོལ་ནི། དཔེར་ན་བརྩོལ་རྡོ་ཡིས་རྡོ་རྣམས་གཅོག་པ་དང་འདྲ་སྟེ། རིག་པར་གྲོལ་བ་ནི། རྡོ་ཡིས་རྡོ་བཅག་རྡོ་མ་བཅག་ཀྱང་རྡོ་ལས་གཞན་མ་ཡིན་པ་བཞིན་ནོ། །དེ་ལྟར་རང་རང་དགྲ་རང་གིས་བྱེད་པ་ལ་མ་གཏོགས་པ། གཉེན་པོ་རིགས་མཐུན་པས་གྲོལ་བ་ཡིན་ནོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་བརྒྱད་པ་དེ་ཡང་ཡེ་ཉིད་ནས་རང་ལ་རྫོགས་པར་བསྟན་པ་ནི། ཧེ་དུ་དེའི་ཕྱིར་རང་གི་གཞི་ལ་གནས་པའི་རིག་པ་ལ། རིག་པ་ཉིད་ལ་འཁོར་འདས་དུས་གཅིག་ཏུ་རང་ཤར་བ་ཡིན་པའི་ཕྱིར་ན་སྣང་བ་ཐམས་ཅད་རྫོགས་པ་ཆེན་པོའོ། །ཐོག་མ་ནས་རང་ལས་བྱུང་བ་ཡིན་པའི་ཕྱིར་གཞི་རྫོགས་པ་ཆེན་པོ་ཞེས་བྱའོ། །གཞན་ལྟོས་ཀྱིས་ཆོས་ལས་རང་གྲོལ་བ་ཡིན་པའི་ཕྱིར་འཁྲུལ་པ་ཐམས་ཅད་ཀྱང་རྫོགས་པ་ཆེན་པོར་བྱུང་བའོ། །དྲི་མ་རང་དག་པ་ཡིན་པའི་ཕྱིར་ལམ་རྫོགས་པ་ཆེན་པོར་ཀྱང་བྱུང་བའོ། །ཡེ་ནས་རང་རིག་ཡིན་པའི་ཕྱིར་ཤེས་བྱ་རྫོགས་པ་ཆེན་པོར་བྱུང་བའོ། །རིག་པ་ཉིད་ཡེ་ནས་རང་ལ་ཁྱབ་པ་ཡིན་པའི་ཕྱིར་ན་འབྲས་བུ་རྫོགས་པ་ཆེན་པོར་བྱུང་བའོ། །གང་ནས་ཀྱང་མ་འོངས་པའི་རིག་པ་རང་གིས་ཡིན་པའི་ཕྱིར་རྒྱུ་རྐྱེན་རྫོགས་པ་ཆེན་པོར་བྱུང་བའོ། །རྐྱེན་གཞན་ལ་རག་མ་ལུས་པ་རིག་པ་ཉིད་རང་གིས་རང་རྟོགས་པ་ཡིན་པའི་ཕྱིར་ཆོས་ཉིད་རྫོགས་པ་ཆེན་པོར་བྱུང་བའོ། །འབད་པ་མེད་པར་ཡེ་ནས་གྲོལ་བར་གནས་པའི་རིག་པ་རང་ལ་ལོག་པ་ཡིན་པའི་ཕྱིར་འཁོར་འདས་རྫོགས་པ་ཆེན་པོར་བྱུང་བའོ། །ཚིག་གི་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་ནས་རང་ལ་གནས་པ་ཡིན་པའི་ཕྱིར་རྒྱུད་ལུང་རྫོགས་པ་ཆེན་པོ་བྱུང་བའོ། །ཐོག་མ་ནས་མ་སྐྱེད་པར་རང་ལ་རྫོགས་པ་ཡིན་པའི་ཕྱིར་དུས་གཅིག་ལ་རྫོགས་པ་ཆེན་པོ་ཞེས་བྱའོ། །རང་གིས་རྟོགས་ཤིང་ཤེས་ལ་གཞན་གྱིས་མ་བཅོས་པ་ཡིན་པའི་ཕྱིར་ན་བླ་མའི་གདམས་ངག་རྫོགས་པ་ཆེན་པོར་བྱུང་བའོ། །བློས་བསྒྱུར་བ་མ་ཡིན་པར་རང་གི་སར་བཞག་པ་ཡིན་པའི་ཕྱིར་བསམ་གཏན་རྫོགས་པ་ཆེན་པོའོ། །རང་གིས་རང་བྱས་པས་འཇིག་པ་དང་བྲལ་བའི་ཡེ་ཤེས་ཡིན་པའི་ཕྱིར་དབྱིངས་རྫོགས་པ་ཆེན་པོའོ། །དེ་དག་གིས་ནི་ཡན་ལག་གི་དོན་བཞི་པ་གློ་བུར་གྱི་འཁྲུལ་པ་དེའི་ལྡོག་ཚུལ་བསྟན་པ་ལ་ཉིང་ལག་གི་དོན་བརྒྱད་དུ་བྱས་ནས་བསྟན་ཏོ། །ད་ནི་ཡན་ལག་གི་དོན་ལྔ་པ་ལོག་ནས་འཁྲུལ་པ་ཡེ་ཤེས་ཇི་ལྟ་བུ་ཡིན་པར་བསྟན་པ་ལ་ཉིང་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ངོ་བོ་ཇི་ལྟ་བུ་ཡིན་པར་བསྟན་པའོ། །འདི་དག་ནི་ལེའུ་འདིའི་འགོར་སྡུད་པ་པོས་ཞུས་དོན་བཞི་པ་མ་འཁྲུལ་པའི་ཡེ་ཤེས་ཇི་ལྟ་བུ་ཞེས་པའི་ལན་དུ་བྱུང་བའོ། །ཨེ་མ་ཞེས་བོས་ནས། གོང་དུ་བསྟན་པ་དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དོན་གྱིས་ཆོས་ཀྱི་སྐུ་ནི། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་སུ་རང་སྣང་བས་བློ་དང་དངོས་པོ་དྲི་མ་ཟད་པ་ནི། རྣལ་འབྱོར་པ་རྐྱེན་གྱིས་མི་གནོད་པའི་དུས་སོ། །ཐོག་མར་ང་རང་བྱུང་གི་ཡེ་ཤེས་ཡིན་པས། སྐྱེ་བ་སྔ་ཕྱིའི་རྒྱུད་པ་ཟད་པ་ནི། གྲུབ་པའི་མཐའ་ཞིག་པའི་དུས་ནའོ། །དེ་ཡང་མ་རིག་པའི་ཟླ་དང་བྲལ་བས་ནི་རྣལ་འབྱོར་བའི་ཡིན་མིན་གྱི་རྩིས་ལས་འདས་ཏེ་རྒྱུན་མེད་པར་སོང་པའོ། །ལུས་ངག་ཡིད་ལ་སྡུག་བསྔལ་རྒྱུ་མེད་པ་ནི་བདེ་བའི་སྣང་འདི་ཉིད་ཀྱིས་འདྲེས་པས། ལུས་ལ་དྲོད་སྐྱེས་པས་ལུས་ནི་བདེ་བ་ཆེན་པོ་ཡིན་ལ། ངག་གཏན་གྱི་ཟུང་ཟད་པ་དང་། ཡིད་ལ་བྱེད་པ་དང་བྲལ་བའོ། ཚིག་ལས་འདས་པའི་ཡེ་ཤེས་བརྗོད་པའི་རྒྱུ་མེད་པར་བྲག་ཆ་ལྟར་ཤེས་པའི་དུས་ན། །ཕྱི་ལྐུགས་པ་ལྟར་འགྱུར་ལ། ནང་དུ་སྨྲ་བ་རྒྱུན་ཆད། གསང་པར་བསམ་པའི་འཕྲོ་འདུ་རྒྱུན་ཆད་པའོ། །དེ་དག་ནི་ཡེ་ཐོག་མ་ནས་རང་ལ་གནས་པ་སྟེ། དེ་རང་གི་རྣམ་པར་དག་པའི་རྟགས་སུ་བྱུང་བའོ། །དེ་ཡང་འདི་ཉིད་ལ་བརྩོན་འགྲུས་རབ་ཟག་པ་ཟད་ནས་འབུ་བ་ཐ་བ་ནི། གཟུགས་སུ་གྲུབ་པ་མེད་པས་ལུས་ཟང་ཐལ་དུ་སོང་བའི་སྡེས། ས་ནི་འབྱུང་བའི་ལུས་ཀྱིས་སེམས་སྡེས་སུ་བཅུག་པ་དང་འདྲའོ། །དེ་སེམས་དང་བཅས་པ་ནི་མིན་པས་འདི་ཉིད་ལ་གྲོལ་བའོ། །འདིའི་དུས་ན་ཕྱི་ལུས་ཀྱི་དངོས་པོ་ཟད་པས། རྡུལ་འཕྲ་རབ་ཀྱི་གྲངས་དང་། བར་དོ་ཤེས་ལ། ནང་སེམས་ཀྱི་བྱུང་ཚོར་གྱི་མཚན་མའི་དངོས་པོ་ཟད་པས་རྟོག་པ་ངན་པ་མི་རྒྱུ། གསང་བ་གྲུབ་མཐའི་འཛིན་པའི་དངོས་པོ་ཟད་པས་ཆོས་ལས་འདས་པའི་ཕྱིར། ཕྱི་ནང་ཀུན་སྟོང་པར་གནས་སོ། །འདིའི་དུས་དབྱིངས་རིག་པའི་འཕེལ་ཟད་པས། འཁོར་འདས་གཉིས་ཀྱི་འཕེལ། དུ་མ་ཕྱེ་བ་གང་ཡང་མེད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །བློའི་སྒྲོ་འདོགས་པས་ཆོས་དང་བྲལ་ཏེ། ཉམས་སུ་བླང་བྱའི་སྟོབས་མེད་པས་ཐབས་ལས་འདས་པའི་རྟགས་སུ། ཆོས་ཀྱི་ཚིག་སྣ་ཚོགས་ཁ་ནས་རང་བྱུང་དུ་འོང་བའོ། །དེའི་དུས་ན་ཤེས་རིག་རང་སོ་ན་གསལ་བས་རྟོག་པ་མེད་པ་ལ་ཕྱི་ནང་གི་དངོས་པོ་གསལ་བས། རླུང་ཕྱི་ནང་དུ་འགྱུ་བ་སངས་ཏེ། གང་སྡོད་པའི་སར་སར་གྱིས་འགྲོ་བའོ། །འདིའི་དུས་ན་ཕྱི་ནང་གཉིས་སུ་མི་འཛིན་པས་སེམས་སྣང་བ་མེད་པ་དང་། ནང་རིག་པ་སར་སྣང་བ་གཉིས་མེད་པའི་ཚེ། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་གཉིས་རྫོགས་པ་ནི། ཇི་ལྟར་བསམ་པའི་དངོས་པོ་བསྒྱུར་བར་ནུས་ཏེ། འགྲོ་བ་ལ་ཕན་བདག་ཏུ་འགྱུར་རོ། །འདིའི་དུས་ན་རིག་པ་ཉིད་རང་དག་པས་འདྲེས་པའི་ཟླ་མ་རིག་པ་མེད་པའི་རྟགས་སུ་གང་གཏད་པ་ལ་ལྕོག་གིས་བཞག་པས་རང་བྱུང་གི་ཡེ་ཤེས་སུ་གསལ་བའོ། །དེའི་ཚེ་ཚིག་གཞན་གྱིས་བསྒྱུར་དུ་མི་བཏུབ་སྟེ། གཞན་གྱིས་བཅོས་པའི་ཚིག་མེད་པ་ནི་འབྲེལ་བ་མེད་པའི་གཏམ་གྱི་ཚིག་ཀུན་ཏུ་ལུས་པར་བྱུང་ངོ་། དེ་ནི་བརྗོད་དུ་མེད་པས་དོན་ཁོང་དུ་ཆུད་པའི་རྟགས་སོ། །སྔ་བསམ་དང་ཕྱིས་བསམ་པར་བྱེད་པའི་སེམས་མེད་པས། ཡིད་རྟོག་པའི་དྲན་པ་འཛིན་མེད་རང་གྲོལ་དུ་སོང་བས། གང་ཡང་ཆེད་དུ་བྱེད་པ་དང་བྲལ་བའོ། །ཞེས་ཉིང་དོན་དང་པོའོ། །ད་ནི་ཉིང་ལག་གི་དོན་གཉིས་པ་དེ་ལྟར་གནས་པའི་གཞི་དེ་ལ་གཉེན་པོ་གཞན་གྱིས་བཅོས་སུ་མེད་པར་བསྟན་པ་ནི། རིག་པ་རང་ས་ལས་མ་གཡོས་པས་སོ་མ་ཉིད་ཡིན་ལ། དེ་ཉིད་སྟོང་པ་གཟུགས་དང་བྲལ་བས་གཉུག་མའི་ཆོས་ཉིད་ལ། དེ་ལ་མ་གོས་པས་ངང་ཞེས་བྱའོ། །དེ་ཡང་ལུས་ངག་མ་བཅོས་པའི་གཞི་བརྡལ་བ་ཀུན་ཁྱབ་ཉིད་ལ་བརྟན་ནས། མཆོག་གི་དངོས་གྲུབ་ཐོབ་པ་ཡིན་པས། དེ་ལ་གཉེན་པོ་གཞན་མེད་ལ། གསལ་འགྲིབ་དང་བྲལ་བས་རྣལ་མར་གནས་པའི་གཞི་ཡིན་ལ། དེ་ཡང་ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་དུ་བཞུགས་པས་བཅོས་མ་ལས་གྲོལ་བའོ། །ཞེས་ཉིང་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་དེ་ལྟ་བུའི་དེ་ཡང་ཡེ་ནས་གནས་པར་བསྟན་པ་ནི། ཐོག་མ་ནས་འདི་ཁོ་ན་ལྟར་གནས་པས་ད་བཅོས་མི་དགོས་པར་ཤེས་བྱ་ནི་གང་དག་ཤེས་པར་བྱ་བའི་ཡུལ་ཡིན་ཞེ་ན། བློ་བྲལ་དངོས་འདས་ཀྱི་དོན་དེ་ཤེས་པ་ལ་དགོས་པ་ཅི་ཡོད་ན་ཁམས་གསུམ་དུ་མི་ལྡོག་པའི་དགོས་པ་ཡོད། ཤེས་ལུགས་ཇི་ལྟར་ཤེས་ན་བློ་དང་བྲལ་བས་ཡིད་དཔྱོད་དུ་མ་སོང་། དངོས་པོ་ལས་འདས་པས་ཞེ་འདོད་དང་བྲལ་བ་ཤེས་སོ། །དེའི་བབས་རང་སྟོབས་ཀྱིས་འགྲུབ་པའོ། །དེ་ཉིད་སྔོན་རྒྱུ་བྱུང་ས་མེད་པས་འདས་པ་ལ་མི་ལྟོས། ཕྱིས་ནས་འབྱུང་དུ་རེ་བ་མེད་པས་མ་འོངས་པ་ལ་རྟེན་མི་འཆའ། གདོད་ནས་མེད་པའི་ཕྱིར་ད་ལྟ་སྣང་བ་ལ་རྟེན་མི་འཆའ་བས། དུས་གསུམ་ལ་སྔ་ཕྱི་མེད་པ་ཞེས་བྱའོ། །དེའི་ཕྱིར་ན་འགྱུར་བ་མ་ཡིན་པར་གསང་སྔགས་ཀྱི་ལམ་དྲང་པོ་ལ་གནས་པའོ། །དེ་ལྟར་སངས་རྒྱས་དང་སེམས་ཅན་ཡོངས་ལ་ཁྱབ་པའི་སེམས་གཅིག་པོ་དེ་ནི། སྣ་ཚོགས་སུ་སྣང་སྟེ། དེ་ལ་སྣ་ཚོགས་སྒྱུས་མར་གྲོལ་བ་ཞེས་བྱའོ། །གཅིག་པོ་དེ་ལ་གྲུབ་པའི་མཐའ་ཐེག་པ་ཀུན་གྱི་སྤྱི་ཕུང་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་སྟེ་འདས་པའི་དུས་ན་ཡང་སེམས་དེ་རང་། བར་དང་སྟེ་ད་ལྟ་ཡང་དེ་རང་ལས་མ་རྟོགས་པའི་སེམས་མེད་ལ། ཐ་མར་ཡང་དེ་ཉིད་རང་དུ་གྲུབ་པ་ལས་གཞན་མ་ཡིན་པའོ། ། དེའི་ཕྱིར་ན་གཅིག་ཤེས་པས་ཀུན་གྲོལ་བ་ཞེས་བྱའོ། །ཞེས་ཉིང་དོན་གསུམ་པའོ། །ད་ནི་ཡན་ལག་གི་དོན་བཞི་པ་དེ་ཡང་སེམས་ཅན་ལ་ཇི་ལྟར་གནས་ཚུལ་བསྟན་པ་ནི། དེ་ལྟར་སེམས་ལ་གནས་པའི་འཁྲུལ་པ་མེད་པའི་གཞི་དེ་ནི། དེ་ཡང་རང་རིག་པ་ལས་བྱུང་པའི་ཡེ་ཤེས་མཁྱེན་པ་ཕྱོགས་མེད་དུ་གསལ། ཡེ་ཤེས་ལས་བྱུང་པའི་འོད་དེ་གསལ་བ་ནི་ཁ་དོག་ལྔར་བྲིས་ལེགས་པའོ། །དེ་ཡང་ཆོས་སྐུ་ལས་བྱུང་བའི་ལོངས་སྐུ་ཞལ་ཕྱག་ཏུ་རྫོགས་ལ། ལོངས་སྐུ་ལས་བྱུང་པའི་སྤྲུལ་སྐུ་གཟུགས་སུ་རྫོགས་པ་གསུམ་ནི་ཡེ་ནས་རང་ལ་མ་བསྐྱེད་རྫོགས་པས་གཞན་ནས་བརྩལ་མི་དགོས་སོ། །བསྒྲུབ་ཏུ་མེད་པའི་འབྲས་བུ་ཡེ་ནས་རང་ལ་གནས་པས། དེ་ལ་ཆོས་ཀྱིས་རྩོལ་སྒྲུབ་དང་བཅས་པས་ཡེ་ནས་བཅོས་སུ་མེད་པས། དེ་ཉིད་རང་གྲོལ་བའི་གནད་ཀྱིས་སོ། །དབུ་མ་སེམས་ཙམ་ལ་སོགས་པའི་གྲུབ་མཐའ་མཁན་པོ་རྣམས་ཀྱིས་ཡེ་ནས་གཞན་འདོད་དགག་པ་དང་། རང་འདོད་སྐྱབས་པ་དང་བྲལ་པའི་གཞི་དེ་ནི་འདོད་པ་ཕྱོགས་ཆ་དང་བྲལ་བ་ཞེས་བྱའོ། །གཞི་རིག་པ་ཆོས་ཀྱི་སྐུ་དེ་ལ་གཏི་མུག་ལ་སོགས་པའི་དུག་ལྔས་ཡེ་ནས་གོས་པ་མེད་པ་ནི། སྟོང་པ་ཉིད་ཀྱི་གཞི་ལ་ལས་དང་བག་ཆགས་ཀྱིས་མི་གོས་པའི་གནད་དོ། །དེ་ཡང་ཉམས་སུ་བླང་བྱ་དང་སྦྱར་བ་ནི། གཏི་མུག་ཅན་ནི་གཏི་མུག་གི་ལམ་དུ་ཞུགས་པ་དང་། དེ་བཞིན་དུ་ཆགས་པ་ཅན་འདོད་ཆགས་ལ་ལམ་དུ་བྱ་བ་དང་། ཞེ་སྡང་ཅན་ཞེ་སྡང་ལ་ལམ་དུ་བྱ་བ་དང་། དེ་བཞིན་དུ་ང་རྒྱལ་དུ་བྱ་བ་དང་། ཕྲག་དོག་ཅན་ཕྲག་དོག་ལ་ལམ་དུ་བྱ་བ་ནི་གཞན་ནས་བསྟན་ནས་ཡོད་དོ། །དེ་ཡང་འཁོར་འདས་གཅིག་ཏུ་བསྲེ་བ་སྟོད་བཅུད་པ་དང་། བར་དཀྲུག་པ་དང་། སྨད་གདམས་པའི་མན་ངག་གིས་འདུ་འབྲལ་གང་ལ་ཡོད་པ་ནི། སྣང་བ་ཐམས་ཅད་དེ་ལྟར་འགྱུར་བའི་མན་ངག་ཏུ་ཤེས་པ་ལས་བྱུང་བའོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་པ་ངོ་བོ་ཉིད་དེའི་རྒྱན་ནམ་རོལ་པར་ཐམས་ཅད་འབྱུང་བར་བསྟན་པ་ནི། གསལ་བ་ནི་མིག་ནས་སྒྲོན་མའོ། །དེ་ཡང་ད་ལྟ་བྱས་པ་ལྟ་བུ་མ་ཡིན་པས་སྔོན་ནས་གནས་པའོ། །དེ་ཉམས་སུ་བླངས་སྔོན་དུ་སྣང་བས་འཁོར་བའི་སྣང་བ་ལོག་པས་བརྗིད་རེ་ཆེའོ། །སྣང་བ་ནི་མ་དག་པ་འཁྲུལ་པའི་སྣང་བ་བདེ་སྡུག་གི་གཞི། དག་པ་ཡེ་ཤེས་ཀྱི་སྣང་བ་ཆོས་ཉིད་ཀྱི་འདི་དཔུང་ལྷུན་ཏེ་སངས་དང་མེར་བར་སྣང་བ། རི་སྡུག་པ་ནི་ཡིད་དུ་འོངས་པ་ལ་ཆགས་པས། ཐོག་མ་ཡང་ཁམས་གསུམ་དུ་ཁྲིད་ལ། དེ་ཡང་ཉམས་ཀྱི་དགའ་བདེ་ལ་ཆགས་ན་ཁམས་གསུམ་དུ་འཁྲིད་པར་བྱེད་དོ། །དེ་ཡང་དབང་པོ་རབ་ལ་ཆོས་ཀྱི་སྐུ་ལ་ངོ་སྤྲོད་པས་བརྡའ་དང་རྟེན་འབྲེལ་ལ་བརྟེན་ནས་སྤྲད་པས། རང་སྣང་ཐིག་ལེའི་དལ་ལ་དང་རེ་སྤྲོའོ། །དབང་པོ་འབྲིང་པོས་ལོངས་སྐུ་ལ་ངོ་སྤྲོད་པས་གཟུགས་དང་རི་མོ་ལ་བརྟེན་ནས་སྤྲད་པས་འཁྲུལ་སྣང་ཞིང་ཁམས་དང་རེ་སྤྲོ། དབང་པོ་ཐ་མས་སྤྲུལ་པའི་སྐུ་ལ་ངོ་སྤྲད་པས་འདྲ་འབག་དང་མར་མེ་ལ་བརྟེན་ནས་སྤྲད་པས། རང་ལུས་འོད་གསལ་དུ་མཐོང་བ་དང་རེ་སྤྲོའོ། །དེ་ཡང་ཕྱིའི་ངོ་སྤྲོད་གསུམ་དང་སྦྱར་ན། སྤྲུལ་པའི་སྐུ་དཔེ་མན་ཤེལ་གྱི་མདངས་ལ་བརྟེན་ནས་ཕྲད་དོ། །ལོངས་སྐུ་རྟགས་བྱང་ཆུབ་སེམས་ཀྱི་སྒྲོན་མ་ལ་བརྟེན་ནས་ཕྲད། ཆོས་སྐུ་དོན་རང་རིག་པ་འོད་གསལ་བདེ་བ་ཆེན་པོ་ལ་བརྟེན་ནས་ཕྲད་དོ། །ངོ་བོ་ནི་ཀ་ནས་དག་པའི་ཡེ་ཤེས་སོ། །ཟང་ཐལ་ནི་རིག་པའི་གསེང་ལམ་སྟེ་སྤྱི་བོ་ཚངས་པའི་བུ་ག་སྟེ་རྩ་སྟོང་པ་སྦུབས་རེ་ཡངས་ཏེ་སྣང་སྲིད་འཁོར་འདས་ཀུན་འགྱུ་བས་སོ། །དེ་ཡང་རང་བཞིན་དུ་ལྷུན་གྲུབ་རིན་པོ་ཆེའི་སྣང་བས་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཀུན་ཏུ་ཁྱབ་པས་དེ་ལ་སུས་རྟོགས་ཤིང་ཁོང་དུ་ཆུད་པ་བདལ་རེ་ཆེ་སྟེ། ཕྱོགས་མེད་དུ་རང་ཤར་ལ། རང་གྲོལ་བས་སོ། །ཐུགས་རྗེ་ནི་བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་མོས་པ་དང་ལྡན་པ་ལ་འཆར། རྐྱེན་ཡུལ་དང་ཕྲད་པའི་ཐུགས་རྗེ་གང་ཟག་ལས་སད་པ་ལ་འཆར། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སེམས་ཅན་ཀུན་ལ་བྱུང་བ་ནི་སོ་སོ་ལ་སྐྱེད་རེ་ཆེ་སྟེ། ལས་སད་པའི་འགྲོ་བ་སྐད་ཅིག་ལ་སངས་རྒྱ་བར་ངེས་སོ། །དེ་ལྟར་ཡང་འཇམ་དཔལ་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་པའོ། །གཞི་རིག་པ་གང་ན་ཡོད་པ་ན་འོད་ཡོད་དེ། དཔེར་ན་ཉི་མ་གང་ན་ཡོད་པ་ན་འོད་ཡོད་པ་བཞིན་ནོ། །དེ་ཡང་ཀུན་ལ་ཁྱབ་པས་སྟེ། དེ་ཡང་ཡེ་ནས་ཆོས་ཉིད་ཀྱི་གདངས་སྣང་བའི་བསྐྲག་རེ་གསལ་བ་ནི། ཡེ་ཤེས་ཕྱོགས་དག་པའི་སྣང་བའོ། །གནས་པ་གཞི་གནས་ལུགས་ཐོག་པ་མེད་པ་ཤེས་རབ་ཀྱི་རྩལ་གྱིས་ཚིག་དོན་དབྱེར་མེད་དུ་གཅོད་ལ་བང་མགྱོགས་པ་ནི་རླུང་གི་འགྱུ་བར་བརྟེན་ནས་མྱུར་དུ་གཅོད་ཅིང་འཁོར་འདས་སྡུད་པ་དང་འཐོར་བའི་ལས་བྱེད་པའོ། །རིག་པ་ལས་བྱུང་བའི་ཡེ་ཤེས་ཀྱི་རྩལ་འོད་ཀྱི་རང་གདངས་སུ་བྱུང་བས། ཕྱི་ནང་མེད་པ་འོད་རེ་གསལ་བ་ནི་སྒྲོན་མ་མིག་ནས་འཆར་བའོ། །སྟོང་པ་ནི་སྣང་ཡུལ་དུ་ཡོད་ལ། བཟུང་ཡུལ་དུ་མ་གྲུབ་སྟེ། དཔེར་ན་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་ལ་ཀུན་འབྱུང་བ་དེ་ངོ་མཚར་ཆེ་སྟེ། སྣང་ལ་རང་བཞིན་མེད་པ་ལས་ཐམས་ཅད་ཀྱི་ངོ་བོར་བྱུང་བའོ། །བསྒོམ་པའི་གནད་ཉིན་མཚན་ཁ་སྦྱོར་དུ་བྱུང་བ་དེ་མ་བརྩལ་རང་སར་བཞག་པས་རྒྱུན་རེ་རིང་པ་ནི་ཐུན་འཚམས་ལས་འདས་པའོ། །སྤྱོད་པའི་གནད་སྣང་བ་ལ་དབང་བསྒྱུར་ནུས་པས་སྣང་བ་མ་བཀག་རང་ལས་བྱུང་བའི་སྤྱོད་པ་བརྡལ་རེ་ཆགས་པ་ནི་ལུས་ངག་ཡིད་ཚི་ཆད་པ་ལས་འདས་པའོ། །ལྟ་བའི་གནད་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པ་ཡིན་པས་ན། སྣང་བ་གཟུགས་དང་། གཟུགས་མ་ཡིན་པས་ཆོས། སྲིད་པ་འཁོར་བའི་ཆོས་སྣང་བ་དང་ཤེས་པས་བསྡུས་པ། གཞི་འཁོར་འདས་ཀྱི་ཆོས། བཞེངས་པ་རང་གི་བློ་ཐོག་དུ་ཕུང་གིས་ཤར་བ། སྤངས་མཐོ་བ་ནི། འཁོར་འདས་ལས་མ་གཏོགས་པ་གཞན་མེད་པས་དེའི་གོང་ན་ལྟ་བ་གཞན་མེད་དོ། །འབྲས་བུའི་གནད་ཕྱིར་མི་ལྡོག་པ་ཡེ་ཐོབ་ཆེན་པོའི་རྒྱས་ཐེབས། དེ་ལ་འབད་པ་བྱར་མེད་པས་རང་གིས་རང་གྲོལ་བས་ཏེ། དེ་སུ་ཡིས་རྟོགས་པ་ཙམ་གྱིས་གྲོལ་བས་རྒྱ་རེ་ཆེའོ། །ཡེ་ནས་རང་ཐོག་ཏུ་རང་གྲོལ་བ་རྟོགས་པའི་གནད་ཡིན་ཏེ། རྫོགས་པ་ཆེན་པོ་བློ་དང་བྲལ་བའི་དོན་རྒྱུད་ལ་སྐྱེས་པ་ནི། རང་ལ་འཁོར་རེ་མཁས་པ་ནི་ཉམས་རྒྱུད་ལ་བརྟེན་པ་ལས་བྱུང་བའོ། ཁ་དོག་ནི་དཀར་བ་དང་། དམར་བ་དང་། སེར་བ་དང་། ལྗང་བ་དང་། མཐིང་ཀ་དང་ལྔར་ལྡན་པ་ནི་མ་འདྲེས་པ་སོ་སོ་ན་གསལ་བས་བྲི་རེ་ལེགས་ཏེ་སོ་སོའི་ཁ་དོག་ཐོན་པའོ། །སྣང་བ་ནི་དག་པ་ཡེ་ཤེས་ཀྱི་སྣང་བ། སྲིད་པ་ལུས་ཅན་འགྲོ་བ་རྣམས། རྣམ་དག་ནི་འཁྲུལ་སྣང་ཡེ་ཤེས་སུ་ཤར་བ། དེ་ལྟར་ཤར་བ་དེ་ཁོད་རེ་སྙོམས་པ་ནི། མཐོ་དམན་དང་། ཕན་ཚུན་དང་། ཡན་མན་དུ་མེད་པའོ། །ཉམས་གོང་ནས་གོང་དུ་འཕེལ་བའི་གཞི་ནི་རང་ལས་བྱུང་བའི་འོད་གསལ་གྱི་སྣང་བ་བཀོད་རེ་ལེགས་པ་ནི། མུ་ཁྱུད་ཀྱི་རྭ་བས་ཀུན་ནས་མཛེས་པར་བྱས་པ་འོ། །གཞི་ནས་ནི་ཀ་ནས་དག་པའི་རིག་པ་ལས། ལམ་དུས་སུ་དབྱིངས་རིག་པ་འདུ་འབྲལ་མེད་པས་ཆེན་པོ་སྟེ དེར་མ་འདུས་པ་མེད་པས། སངས་རྒྱས་དང་སེམས་ཅན་ཙམ་གནས་པས་ཤོང་བ་རེ་ཆེ་བའོ། །འཁོར་འདས་གཉིས་པོ་གཅིག་ཏུ་བསྲེ་བའི་མན་ངག་གིས་སྣང་སྲིད་ལྟོ་སྦྱར་བ་ཞེས་བྱ་བ་ནི་འབྲེལ་རེ་མཁས་ཏེ། ད་གཉིས་སྣང་མི་སྲིད་པའོ། །སྐུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ། ངོ་བོ་ཉིད་དང་། རྡོ་རྗེ་འཆང་དང་། ལུས་ཀྱི་འཁོར་ལོ་བཞི་སྒྲོན་མ་དང་ལྡན་རྩེགས་རེ་ལེགས་པ་ནི་ཡེ་ཤེས་དག་པའི་སྒྲོན་མ་དང་བཅས་པའོ། །ཞེས་ཉིང་དོན་ལྔ་པ་ངོ་བོ་ཉིད་དེའི་རྒྱན་ནམ་རོལ་པ་ཐམས་ཅད་འབྱུང་བར་བསྟན་ནས། ད་ནི་ཉིང་ལག་གི་དོན་དྲུག་པ་དེ་ཡང་སེམས་ཅན་ལ་ཇི་ལྟར་གནས་པ་བསྟན་ནས་དེའི་ངོ་བོ་ལ་གང་གིས་ཀྱང་མ་གོས་པར་བསྟན་པ་ནི། རང་ངོ་བོ་ལ། བཞིན་སྣང་བ། དེ་ཡང་སེམས་ཅན་ལ་གནས་པའི་ངོ་བོ་གང་ཡིན་པ་ནི། འཁོར་འདས་གཉིས་མེད་དུ་འདྲེས་པས་སངས་རྒྱུ་མེད་པས་ལས་དང་ཉོན་མོངས་པ་ལས་གྲོལ། རྒྱས་རྒྱུ་མེད་པས་སྐུ་དང་ཡེ་ཤེས་ལས་གྲོལ། སེམས་ཅན་མེད་ལྟ་བསྒོམ་སྤྱོད་པ་ལས་གྲོལ། མ་རིག་མེད་པས་རྒྱུ་དང་རྐྱེན་ལས་གྲོལ། འཁྲུལ་བ་མེད་པས་བཟུང་བ་དང་འཛིན་པ་ལས་གྲོལ། སེམས་མེད་པས་ནི་བསམ་པའི་ཕུགས་དེད་པས་ལས་ཀྱི་རྡོས་ཟད་པ་དང་། ཡུལ་ཕྱུང་པས་སླར་ལྡོག་པ་མེད་པ་དང་། རྩད་བཅད་པས་ཕྱིས་སྐྱེ་བའི་རྒྱུན་ཆད་པ་དང་། རྩེ་ཕབ་པས་བཞུགས་པའི་རྟེན་མེད་པའོ། །གནད་དེ་དག་ལ་བརྟེན་ནས་ཁམས་གསུམ་དུ་མི་ལྡོག་པའི་གནད་དོ། །ཡིད་ཀྱང་ནི། ཡིད་བརྩོན་དུ་བཟུང་བས་འགྱུ་བ་རྒྱུན་ཆད་པ་དང་། ངོས་བཟུང་པས་སྐྱོན་ཡོན་ཏན་དུ་གྱུར་པ་དང་། མདོར་ཕྱུང་པས་འགྲོ་བའི་ལམ་ཟད་པ་དང་། མཁའ་ལ་སྦུར་བས་སེམས་ཀྱི རྟེན་བྲལ་བའོ། རྟེན་ལགས་པ་མེད་པ་ལ་སོགས་པ་ཁམས་གསུམ་འཁོར་བ་དང་། འདས་པ་སྐུ་གསུམ་ཡོད་པ་མིན་ནོ། །འཇིག་རྟེན་ལས་འདས་པའི་རིག་པ་ལ་དགྲ་མེད་པས། དེ་ལས་ལྟོས་པའི་བཤེས་མེད་པ་ནི། དགྲ་གཉེན་ངོ་མཉམ་པས་ཆགས་སྡང་ཡང་དག་པའི་ལམ་དུ་བསློངས་པ་ཞེས་བྱའོ། །འདིའི་དུས་ན་ངོ་མཉམ་དྲུག་གིས་མན་ངག་གིས་ལས་ཀྱི་མཐའ་བསྡུ་བའོ། །འདིའི་དུས་ན་ཞེན་པའི་ཡུལ་འགག་པས་ཉོན་མོངས་པ་མེད་ཅིང་དེ་ལ་ངར་འཛིན་པའི་ཤེས་པ་མེད་པས། གསེར་གཡུ་དང་། ས་རྡོ་ངོ་མཉམ་པའི་དུས་སོ། །འདིའི་དུས་ན་ལུས་འགྲོ་བ་དང་འོང་བ་དང་བྲལ་ནས། ས་གཅིག་ཏུ་འདུས་པ་ལས་ལུས་བྱ་བ་མེད་པ་སྟེ། རྩོལ་མེད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་སོ། །དེ་ལྟར་ཡང་བྱ་བ་མེད་པས་གྲོལ་བས་གྲོལ་ཞེས་པའོ། །འདིའི་དུས་ན་བློའི་ཆོས་ཚིག་དང་ཡི་གེ་ལས་འདས་པས། ཁྲིག་ཆགས་སུ་སྨྲ་བ་མེད་པ་ནི། ཆོས་ཟད་པའི་རྟགས་ཡིན་ཏེ། འཁྲུལ་པ་དག་པའི་སྣང་བ་ཙམ་དུ་ཡང་མེད་དོ། །ཐབས་མེད་པས་བླ་མའི་མན་ངག་དང་བྲལ། ཤེས་རབ་མེད་པས་ཚིག་ལས་འདས་པའོ། །དེ་ལྟར་རྟོགས་པའི་དུས་ན་ཕུང་པོ་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་སོ་སོ་ནས་སིལ་བུར་འགྱུར་བ་དང་། ཚོར་བའི་མྱོང་རེག་འགགས་པ་དང་། འདུ་ཤེས་མཐའ་ཡས་དང་། རྣམ་ཤེས་ཀྱི་གྲོང་མཐོར་བ་དང་། འདུ་བྱེད་བྱ་བ་ལས་གྲོལ་བ་དང་མེད་ཅིང་དེ་ལྔའི་མཚན་ཉིད་མཐོང་པས་ཟད་པས་ཏེ། ཁམས་དང་རྟེན་འབྲེལ་གྱི་ཆོས་ཀྱང་ཞིག་ནས་མྱོང་བ་ནི། འཁྲུལ་པ་ཞིག་པ་ཞེས་བྱའོ། །འདིའི་དུས་ན་ཡུལ་ལྔ་ལ་ཞེན་པ་མེད་པས། དེ་ལ་འཛིན་པར་བྱ་བ་ཙམ་དུ་ཡང་མེད་པ་ནི། འཁོར་བའི་རྡོས་ཟད་པའི་རྟགས་ཡིན་ནོ། །འདིའི་དུས་ན་མིག་གི་དབང་པོས་གཟུགས་ཀྱི་མཐོང་བའི་དོན་འགགས་པ་དང་། དེ་བཞིན་དུ་རྣ་བ་ལ་སོགས་པས་ཐོས་པའི་དོན་འགགས་པ་མེད་ཅིང་། ཞེས་འཛིན་མེད་རང་ཤར་བའོ། །གཟུགས་ལ་སོགས་པའི་ཡུལ་ལ་སྔོན་པོར་ཞེན་པ་སོགས་མེད་པས་རྣལ་འབྱོར་པས་ལུས་ཀྱི་མ་བཅིང་པར་མཐོང་བ་ཞེས་བྱའོ། །ཡུལ་ལ་བཟུང་པ་འདི་ལྟར་བྱ། ཞེས་པ་དང་། མི་བྱ་ཞེས་པར་ཡང་མེད། དེ་ལ་འཛིན་པ་མེད་པ་ནི། བདག་ཏུ་རྟོག་པའི་བློ་ཟད་པའི་རྟགས་སོ། །དེ་ཉིད་རང་རིག་པ་ཡིན་པས་དེ་ལ་ཆ ོས་སྐུ་ལོངས་སྐུ་སྤྲུལ་སྐུ་མེད་པས། དེ་ལས་བྱུང་བའི་ཡེ་ཤེས་ལ་བདག་ཏུ་འཛིན་པ་མེད་པ་ནི། འདས་པའི་ལས་མ་ནོར་བ་རྙེད་པའི་རྟགས་ཡིན་ནོ། །ཤེས་པས་བསྡུས་པའི་ཡེ་ཤེས་མེད་པས་སངས་རྒྱས་དང་སེམས་ཅན་གཉིས་མེད་ཤེས་བྱའི་ཡེ་ཤེས་མེད་པས་མཁྱེན་པ་ཁ་ཕྱིར་མ་ལྟས་ཏེ་ནང་དུ་གསལ། དེ་ལ་བདག་ཏུ་འཛིན་པའི་བློ་མེད་པས་འཁོར་འདས་གང་དུ་ཡང་མ་གྲུབ་པ་ཞེས་བྱའོ། །དེ་ལ་ཉམས་ཀྱི་འཕེལ་ཟད་པས་འོད་མེད་པ། དེ་ཉིད་རིག་པ་ལ་ཞེན་པ་མེད་པས་ཁ་དོག་དུ་ཡང་ཡོད་པ་མ་ཡིན་ནོ། ངོ་བོ་ཀ་ནས་དག་པའི་ཕྱིར་རོ། །དེ་ལ་སྒྲ་མེད་པས་མཉན་བྱའི་ཡུལ་མེད། དྲི་མེད་པས་སྣོམ་བྱའི་ཡུལ་མེད་པ་ལ་སོགས་པ་འདོད་ཡོན་མེད་པའི་ཕྱིར་རོ། །ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤེས་པ་ལས་བྱུང་བའོ། །དེ་ལ་ཞེའི་འདོད་པ་མེད་ཅིང་འདོད་པ་དེ་ལ་ཞེན་པ་ཙམ་དུ་ཡང་མེད་པ་ནི། ཡུལ་བདག་ཏུ་མ་བཟུང་པ་ལས་བྱུང་བའོ། །དེ་ལ་ཕྱི་ནང་མེད་པས་དབྱིངས་མེད། ལྷ་བསྐྱེད་མི་དགོས་པས་གཞལ་ཡས་ཁང་ཡང་མེད་པ་ནི། བརྟེན་པར་བྱ་བའི་གཞི་མེད་པ་ལས་བྱུང་པའོ། །རང་རིག་རང་གི་ལྷ་ཡིན་པའི་ཕྱིར། ཞལ་ཕྱག་ཏུ་འཛིན་པའི་ལྷ་མེད་པས། དེ་ལ་མཆེད་པར་བྱ་བའི་ཡུལ་ལས་འདས་བ་ནི། རང་ལུས་གཞལ་ཡས་ཁང་ལ། རང་སེམས་ལྷར་ཤེས་པ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་ལྔ་པ་ལོག་ནས་འཁྲུལ་པའི་ཡེ་ཤེས་ཇི་ལྟར་བུ་ཡིན་པར་བསྟན་པ་ལ། ཉིང་ལག་གི་དོན་དྲུག་ཏུ་བྱས་ནས་བསྟན་ཏོ། །ད་ནི་ཉིང་ལག་གི་དོན་དྲུག་པ་དེ་ལ་གཉིས་སྣང་ཇི་ལྟར་ཡིན་བསྟན་པ་ལ་ཉིང་ལག་གིས་དོན་བཅུས་བསྟན་པའི་དང་པོ། དེ་ཡང་རྐྱེན་གྱིས་འཁྲུལ་ཏེ་དེ་ལ་འཛིན་པའི་རྣམ་པ་ཇི་ལྟར་བྱུང་བ་བསྟན་པ་ནི། དེ་ཡང་འདི་དག་ནི་སྡུད་པ་པོས་ལེའུ་འདིའི་འགོ་དོད་དུ་ཞུས་དོན་ལྔ་པ་དེ་ལ་གཉིས་སྣང་ཇི་ལྟར་ལགས་ཞེས་དྲིས་པའི་ལན་དུ་བྱུང་བའོ། །སྟོན་པས་ཀྱེ་མ་ཞེས་ངེས་པར་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག་ཞེས་བོས་པ་ནི། རིགས་གསུམ་གྱི་ཁྲོ་བོ་ལས་ཁྱད་པར་དུ་གསང་སྔགས་ཀྱི་བདག་པོར་དབང་བསྐུར་བས་ནའོ། །གཞན་ལས་ཁྱད་པར་ཆེན་པོའི་སྣང་བ་ནི། ངོ་བོ་ཀ་ནས་དག་པས་འཁྲུལ་རྒྱུ་དང་། འཁྲུལ་རྐྱེན་གང་དུ་ཡང་མ་གྲུབ་ལ། རང་བཞིན་འཆར་བྱེད་མ་འགགས་པས། ཇི་ལྟར་ཡང་ཤར་ཅིང་སྣང་དུ་སྟུབ་ལ། ཐུགས་རྗེ་ཀུན་ལ་ཁྱབ་པས་སྤང་བླང་དང་དགག་སྒྲུབ་གང་དུ་ཡང་མེད་པའི་གཞི་དེ་ལས། ཡོད་ཅེས་དངོས་པོའི་ཆོས་དང་། མེད་པ་ཞེས་སྟོང་པའི་ཆོས་གཉིས་བྱུང་བས་ཏེ་དེའི་གནད་ཀྱིས་འཁོར་འདས་གཉིས་སུ་བྱུང་བའོ། །དེ་ལྟར་བྱུང་བས་སྤྱི་པའི་གཞི་ནི་ལྷུན་གྲུབ་སྣ་ཚོགས་སུ་སྣང་བས་གང་དུ་ཡང་མ་འགགས་ལ། གར་ཡང་མ་དམིགས་པས་ཏེ། གཞི་ཞེས་ཁྱབ་པ་སྤྱིར་བཏང་ནས། གཞི་ཞེས་འདོད་པ་རང་ཤུག་པ་བཞག་སྟེ་ཤེས་པའི་ཁྱད་པར་ཞེས་འཁྲུལ་པ་མ་འགགས་པའི་གཞིར་བཞག་པ་ནི། ངོ་བོ་ཀ་ནས་དག་པ་ཉིད་འཁྲུལ་མ་མྱོང་ཞེས་བྱ་བ་བརྗོད་པ་ཚིག་ཙམ་ལ་བརྟེན་ནས། དེ་ཉིད་རང་འཁྲུལ་བར་སོང་པ་ནི། དཔེར་ན་རབ་རིབ་ཅན་གྱིས་མིག་གིས་ནམ་མཁའ་ལ་སྐྲ་ཤད་པར་མཐོང་པའི་དུས་ན། ང་ནི་མ་འཁྲུལ་ལོ་ཞེས་བརྗོད་ཀྱང་འཁྲུལ་པ་སོང་པ་དང་འདྲའོ། །དོན་གྱིས་ཀ་ནས་དག་ཞེས་པའམ། ལྷུན་གྱིས་གྲུབ་ཞེས་པའམ། མ་ངེས་པའམ། ངེས་པ་དོན་གྱི་དངོས་གཞི་པ་ཡིན་ཞེས་པས་འཁྲུལ་པ་སོང་བའོ། །དེ་ཉིད་མ་རིག་པ་གསུམ་ཆོས་ཉིད་ཡིན་ཞེས་དེ་དང་སྦགས་པའི་ནི། གཞི་ལ་ལྷུན་གྱིས་གྲུབ་ཞེས་སྤང་དཀའ་བའི་ཕྱིར་རོ། །དེ་ཡང་དོན་གྱི་སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ་ཞེས་བྱ་སྟེ། མ་འཁྲུལ་བ་འདོད་པ་ཉིད་འཁྲུལ་པར་སོང་པ་ནི། མིང་མེད་མིང་དུ་སོང་བ་ལྟ་བུའོ། །དེ་ཤེས་པར་བྱ་བའི་ཡུལ་ངོ་བོ་ཉིད་ཀྱི་གཞི་ཀ་དག་སྟེ། མིང་མེད་མིང་དུ་སོང་བ་ལྟར། རིག་པ་ཞེས་མ་རིག་པར་སོང་བས། དེ་ཉིད་རང་ཡང་དྲི་མར་སྣང་བ་ནི། དཔེར་ན་ལུས་ཡོད་པས་གྲིབ་མ་ཡོད་ལ། སྐྱེས་བུ་གླེན་པ་ཞིག་མཚན་མོ་ཉའི་ནུབ་མོ་སྔོན་དུ་ཤར་དུ་ཕྱིན་པས། གྲིབ་མ་ནག་པོ་དེ་འདྲེར་མཐོང་ནས་བྲོས་པས། ཕྱི་བཞིན་འབྲོང་ཏེ་རབ་ཏུ་བྲེད་པ་ལྟ་བུར་དང་། དེ་ནས་ནུབ་ཏུ་ལོག་པས་སྔོན་དུ་ཞུགས་ནས་སོང་པས། སྡུག་བསྔལ་གྱིས་ཟིན་པ་ལྟ་བུའོ། །དེ་བཞིན་དུ་སེམས་ལ་དྲན་པ་དང་། བསམ་པའི་ཆ་ཤར་བའི་ཕྱིར། ལུས་ལས་གྲིབ་མ་འབྱུང་བ་མ་ཤེས་པ་བཞིན་དུ། རིག་པ་ལས་མ་རིག་པར་ཤེས་པ་ལས། ངོ་བོ་ཉིད་ནི་ཀ་ནས་དག་ཀྱང་དེའི་རང་གཞན་གྲིབ་མ་ལྟར་ལྷུན་གྲུབ་ཏུ་བྱུང་བའོ། །མ་རིག་པ་དང་། རིག་པའམ། འཁྲུལ་པ་དང་མ་འཁྲུལ་པར་བརྟགས་པས་གཉིས་སུ་སྤགས་པ་ལས། རྟོག་པ་དེ་ཡུལ་དུ་འཚོལ་བྱེད་ཀྱི་ཡིད་དུ་སོང་པས་ཡུལ་ཀུན་ལ་འཇུག་པར་བྱེད་ལ། དེ་ལ་ཞེན་པས་བདག་དང་གཞན་དུ་ངའི་དང་ཁོའི་གཏན་ལ་ཕབ་པས་གཏན་ལ་འབེབས་པའི་ཡིད་དུ་སོང་ལ། དེ་ཉིད་ལ་ཞེན་ལ་མཐར་ཐུག་དང་བཅས་པ་འཇུག་པ་དང་། འཇོག་པས་ངའི་ཕ་དང་། མ་དང་བུ་ཚ་ལ་སོགས་པ་ངེས་པ་ཅན་དུ་འཇོག་པས་ངེས་པར་འཇོག་པའི་ཡིད་དུ་སོང་ངོ་། །དེ་ལ་རང་མ་ཡིན་པ་གཞན་གྱི་སྡུག་བསྔལ་ལ་རྣམ་པར་རྟོག་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་སོང་བའོ། །དེ་དག་ལ་བརྟེན་ནས་ཉོན་མོངས་པ་ལ་སྤྱོད་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་གི་འཛིན་པ་ཡུལ་དང་ཤེས་པ་གཉིས་ལ་མ་འཕགས་པའི་ཕྱིར། རིག་པ་ཆོས་ཀྱི་སྐུའི་བདག་ཉིད་ཀྱང་བཟུང་བ་ཡུལ་ཙམ་པོ་དང་བྱེ་བྲག་པས་བཅིངས་པ་ཆོས་ཉིད་ཟང་ཐལ་ཡིན་པའོ་དོན་རྒྱུད་ལ་མ་སྐྱེས་སོ། །དེ་ནས་ཆ་མེད་པའི་རྡུལ་འཕྲ་རབ་ལས་བྱུང་བའི་ལུས་སེམས་དང་བཅས་པ་བླང་པའི་ཕྱིར་ན། དང་པོའི་རླུང་ལྔའི་ཡུལ་དག་པའི་འོད་ལྔ་ཕྱིར་ཤར་བ་དེ་ལས་འཁྲུལ། འོད་གསལ་ཉིད་འབྱུང་བའི་བག་ལ་ཆགས་ནས། ཕྱིར་ཡུལ་མེད་པ་ལ་མངོན་གསུམ་དུ་སྣང་མ་ནུས་སོ། །ཞེས་ཉིང་དོན་དང་པོ་བསྟན་ཏོ། །ད་ནི་ཡན་ལག་གི་དོན་གཉིས་པ་དེ་ཡང་རྐྱེན་གྱིས་འཁྲུལ་ཏེ་ལས་འཛིན་པའི་སྣང་བ་ཇི་ལྟར་བྱུང་བསྟན་པ་ནི། དེ་ལྟར་རང་ལས་བྱུང་བ་ངོ་མ་ཤེས་པ་ལ་རྒྱུའི་རྐྱེན་ལུས་ཡོད་ན་བཞིན་ཡོད་པ་ལྟར་བྱུང་ལ། དེ་ལ་ཡང་མ་རིག་པ་གསུམ་འདུས་པ་ལས་སོང་པའོ། །དེ་ཉིད་ཡུལ་དུ་མར་ཤར་བས་དམིགས་པའི་རྐྱེན་ཞེས་བཞིན་ཡོད་པས་མེ་ལོང་གི་ནང་དུ་ཤར་བ་ལྟར་བྱུང་བའོ། དེ་གཉིས་ལ་བཏགས་པས་ངའི་དང་བདག་གིར་བཟུང་པས། བདག་པོའི་རྐྱེན་ཞེས་དང་ཡུལ་ཅན་དུ་རྟོག་པའོ། །དེ་ལྟར་གསུམ་འདུས་པས་འགྲོ་བའི་ལུས་ངག་ཡིད་གསུམ་དུ་སྨིན་པར་བྱས་ནས། དེ་མ་དག་པའི་རྐྱེན་ཞེས་གྲིབ་མ་རང་ལས་བྱུང་བར་མ་ཤེས་པས་ན་མ་དག་པ་སྟེ། འཁྲུལ་པ་རང་ལས་བྱུང་བར་མ་ཤེས་པའོ། །དེ་ལྟར་བཞིས་དམིགས་པ། རང་བྱུང་དུ་མ་ཤེས་ཏེ། གཞན་སྣང་དུ་བཟུང་པས་མ་དག་པའི་ཕྱིར་ན། ལུས་སེམས་ཀྱི་འབྲེལ་སྣང་བ་དེ་ཉིད་ལས་དུ་མར་བྱུང་ཞིང་ཤར་བས། འགྲོ་བ་སོ་སོ་ལ་སྣང་བ་དེ་ཉིད་ཡིད་ཀྱི་འགྱུ་བ་རང་འབྱུང་དུ་བྱུང་པའི་ཕྱིར། ཡུལ་མི་འདྲ་བ་སོ་སོ་ལ་རེ་རེ་སྣང་བའི་ཕྱིར་ན་འཁྲུལ་པའི་སྣང་བ་ཞེས་གང་དུ་འཁྲུལ་དུ་ཡོད་པས་སོ། །ཞེས་ཉིང་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་དེ་ལས་དངོས་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་བྱུང་བ་བསྟན་པ་ནི། དེ་ལྟར་འགྲོ་བའི་ལུས་ངག་ཡིད་ཀྱི་ས་བོན་གྱི་ཆ་སྨིན་པ་ལས། དངོས་སུ་མེད་པ་ལ ས་ནམ་མཁའ་སྟོང་པའི་དལ་དུ་གཟུགས་མེད་པའི་ཁམས་ཞེས་བྱ་བ། རྣམ་ཤེས་བཟུང་པའི་ལུས་ཅན་འབྱུང་བའི་ཆ་ས་བོན་ད ང་བཅས་པར་བྱུང་བའོ། །དེའི་དུས་ན་རྣམ་པར་ཡིད་གདངས་པ་ཞེས་བྱ་བའི་ནམ་མཁའ། ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ་ཤིན་ཏུ་དཀར་བ་ལས་གླིང་བཞི་རི་རབ་དང་བཅས་པ་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་རྟེན་པར་བྱེད་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་གདངས་པའི་ནམ་མཁར་ཆགས་སོ། །དེ་ལྟ་བུའི་ནམ་མཁའ་དེ་ལས་རྣམ་པར་སྲུབས་བྱེད་ཀྱི་རླུང་ཞེས་བྱ་བ་བྱི་བ་ཁྲ་མོའི་ཁ་རླངས་ཙམ་རབ་ཏུ་སྔོ་བ་ལ་འབུར་བ་ལངས་པ་ལས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་ཕྱོགས་ཀུན་བདལ་བས་ནི། མཁའ་ལ་ན་བུན་འཁྲིགས་པ་ལྟར་འཁྲིགས་པ་ལས། རྩུབ་འགྱུར་གྱི་རླུང་ཞེས་པའི་རང་སྒྲ་ཡཾ་ཞེས་པ་ཕྱོགས་ཀུན་ནས་གྲགས་པས། ན་བུན་འཁྲིགས་པ་དེ་ལྟ་བུ་རབ་ཏུ་ཞིབ་སྟེ་ནམ་མཁའ་ལ་སྤྲིན་གཏོར་བ་ལྟར་དུམ་བུར་སོང་ངོ་། །དེ་ནས་རྣམ་པར་སྡུད་ཞེས་ཆུའི་རླུང་ཞེས་བྱ་བ་གསེར་གྱི་རྡོ་རྗེ་གྱེན་ལ་ལངས་པ་འདྲ་བས་གསེར་གྱི་སྒྲ་བྱུང་པས། དེ་དག་གཅིག་ཏུ་བསྡུས་ཏེ་རྡོ་རྗེའི་དབྱིབས་དང་འདྲ་བས་འདྲ་བས་རྒྱ་ཆེན་ཞིང་སྤང་སྡུག་པ་གཅིག་ཏུ་བྱས་སོ། །དེ་ལས་སྨིན་བྱེད་མེའི་རླུང་ཞེས་བྱ་བ་ཁ་དོག་དམར་ལ་གསལ་བའི་མེ་མཆེད་ནས། དེ་དག་བསྲེགས་པ་ལས་ཡཾ་གྱི་དལ་འཇམ་ཞིག་ཁོད་སྙོམས་པར་ཆགས་སོ། །དེ་ནས་འབྱེད་བྱེད་རླུང་གི་རླུང་ཞེས་བྱ་བ། ཁ་དོག་སྣ་ཚོགས་པ་ཕྱོགས་ཀུན་སྦུད་པ་ཕུ་བ་དང་འདྲ་བ། འུར་སྒྲ་དང་བཅས་པས་ལངས་པ་ལས། ཡང་དེ་དག་སོ་སོ་གཏོར་རོ། །དེ་ནས་སྲུབ་བྱེད་ཀྱིས་བསྲུབས་པ་ལས། གྲང་ཞིང་གསེང་བའི་སྒྲའུ་བྱུང་པས། རླུང་དང་སྣ་ཚོགས་རྡོ་རྗེ་དང་འདྲ་བ། བུམ་པ་ལ་རླུང་གི་ལྷ་མོ་བཞིས་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པར་འོད་འབར་བ་ལས། ལས་ཀྱི་མཐའ་སྨིན་པར་བྱེད་པ་ལ་དགོངས་ཏེ། ཁ་དོག་ལྗང་གུ་ཨིནྡྲ་ནཱི་ལའི་རྣམ་པ་དང་འདྲ་བ་རྒྱ་ཆེ་ལ་སྤངས་སྡུག་པ་ཆགས་པ་ནི། ནམ་མཁའི་རླུང་གིས་འདེགས་པའི་སྟོབས་བྱས། དེ་ནས་ཆུའི་རླུང་གིས་གཅིག་ཏུ་བསྡུས་ཏེ། ཡར་ལ་མི་འཕར་བའི་གཟུངས་བྱས་པ་ནི། རྡོ་རྗེའི་རྩེ་མོ་བཞི་ནས་འཐབས་པའི་རྩལ་ལྕགས་ཀྱི་ཕག་མོ་བཞི་འཕྱང་དུ་སྟོང་། མེའི་རླུང་གིས་སྨིན་ཅིང་མ་འདྲེས་པར་བྱས། དེ་ནས་རླུང་གིས་ཁོད་མཉམས་ཤིང་ཕན་ཚུན་དུ་འཆུག་མེད་པར་བསྡམས། དེའི་སྟེང་སའི་རླུང་རབ་ཏུ་གང་སྟོང་བྱེད་པ་ཞེས་བྱ་བས་མནན་ནས་སྲ་ཞིང་འཁྲེགས་པའི་ལས་བྱས་ནས་ཆགས་སོ། །དེ་ཡང་འཕགས་པ་རྣམས་ཀྱིས་ནི་རླུང་གི་དལ་དེ་དག་ལྔའི་བར་བར་ན། སྟོབས་ལྡན་གྱི་ནམ་མཁའ་རེ་རེ་ཡོད་པས་མཐོང་ལ། ཉན་ཐོས་རྣམས་ཀྱི་རྡུལ་ཕྲ་རབ་ཏུ་བཀོད་ལེགས་པར་མཐོང་ལ། རང་སངས་རྒྱས་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་བཅས་པར་མཐོང་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཅན་གྱི་རང་བཞིན་དུ་མ་གྲུབ་པར་གཟིགས་སོ། །དེ་ཡང་རླུང་དེའི་རྔམས་སུ་ས་ཡ་གཅིག་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཏུ་ཆགས་སོ། །དེ་ཡང་ལས་ཀྱི་རྟོགས་པ་རླུང་ལ་བསླབས་པས་ཆོད་དོ། །རླུང་ག ི་ཡུལ་ལས་སུ་རུང་པ་ལས་ས་ཡ་བཞི་དང་། དྲུག་འབུམ་གྱི་ལས་ཀྱི་མཐའ་སྟོངས་པར་བྱེད་པའི་རྟགས་སོ། །དེ་ནས་རླུང་གི་དལ་དེའི་བུམ་པ་ལ་མཐར་འབྱེད་རགས་པའི་རླུང་ཞེས་བྱ་བ་དངུལ་གྱི་རྣམ་པར་དང་འདྲ་བ་སྟེང་གི་ནམ་མཁའ་ལ་གཡས་གཡོན་གང་དུ་ཡང་མི་འཕོ་བར་ལངས་པས། ནམ་མཁའ་ནས་བདུད་རྩི་དག་བྱེད་ཀྱི་ཆུ་ཞེས་བྱ་བའི་ཐིག་པ་ཡང་དང་ཡང་དུ་ཕབ་པ་ལས། རླུང་རྡོ་རྗེ་རྒྱ་གྲམ་གྱི་བུམ་པའི་ནང་གང་པ་ལས། ཞི་བ་གསལ་དག་གི་ཆུ་ཞེས་པའི་རང་བཞིན་དུ་ཁཾ་གི་ས་བོན་ལས་རབ་ཏུ་འཕེལ་ཏེ་འོ་མའི་རྒྱ་མཚོ་ལྟ་བུ་ཆགས་སོ། །དེ་ནས་ལས་དཀྲུག་མེའི་ཆུ་ཞེས་བྱ་བ་ཕྱོགས་ཀུན་ནས་རབ་ཏུ་ལྡབ་པའི་སྒྲ་དང་བཅས་པ་བྱུང་སྟེ། ཆུ་གོང་མ་རྣམས་དཀྲུགས་པ་ལས་ཁྲག་གི་རྒྱ་མཚོ་དམར་མེར་གྱིས་སོང་ངོ་། །དེ་ཡང་ཕྱོགས་ཀུན་ནས་འདར་བའི་སྒྲ་དང་བཅས་པའོ། །དེ་ནས་ཆུའི་ཆུ་རབ་འཁོད་ཞེས་བྱ་བ། ནམ་མཁའ་ནས་ལོ་བདུན་གྱི་བར་དུ་བབས་པས་དེ་དག་མར་ཁོལ་མ་ལྟར་རབ་ཏུ་སྤངས་མཐོ་བ་གཅིག་ཏུ་གྱུར་ཏེ། དེའི་དུས་ན་ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པར་ཆགས་སོ། །དེ་ནས་ཆུའི་རླུང་རྣམ་པར་སྐྱོད་བྱེད་ཞེས་བྱ་བའི་སོང་བའི་སྒྲ་དང་བཅས་པ་ལངས་པས། ཆུ་དེ་དག་ཀྱང་དུམ་བུར་དུམ་བུར་སོང་སྟེ། དངུལ་ཆུའི་ཐིག་པ་ལྟར་གྱུར་ཏེ་དེ་ཡང་རབ་ཏུ་འཚེག་པའི་སྒྲ་བྱུང་བས། དེ་དག་གཅིག་ཏུ་འདྲེས་ཤིང་ཁ་དོག་དངུལ་ལས་བྱུང་བའི་མདོག་ལྟ་བུར་གྱུར་ཏེ། ཕྱོགས་ཀུན་ནས་རྒྱ་མཚོ་འཁྲུག་པར་བྱེད་པའི་རླབས་ཀྱིས་དབུས་སུ་སྤུངས་པས་ཆུའི་ས་རབ་ཏུ་སྤངས་མཐོང་བ་སྤེལ་ལེགས་པར་གྱུར་ཏེ་གནས་སོ། །དེ་ནས་སའི་ཆུ་ནམ་མཁའ་ནས་གསེར་གྱི་ཆར་སིལ་མ་ཞག་བདུན་དུ་བབས་པ་ལས། ཆུ་དེ་དག་མཉམ་པོ་སྟེ། ལེགས་པར་འཁྲིགས་པར་ཆགས་པ་ལས། ཆུ་དེ་དག་ཀྱང་གཡང་དང་བྲལ་བའི་གསེར་གྱི་ཁ་དོག་དང་འདྲ་བ་ཆགས་སོ། །ཕྱོགས་ཐམས་ཅད་དུ་རབ་ཏུ་མཉམ་པའི་རང་བཞིན་དུ་འགྱུར་རོ། །དེ་ཡང་ཁ་དོག་སེར་བ་དང་། ཤིན་ཏུ་སེར་བ་དང་། གསེར་དུ་སྣང་བའོ། །ཁ་དོག་གསལ་ཞིང་ཡང་པ་དེ་ལྟ་བུ་ལ། དབྱིབས་རབ་ཏུ་བཟླུམ་པོ་ཟླ་བ་ཉ་གང་པ་དང་འདྲ་བར་ཆགས་སོ། །དེ་ཡང་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་ཉི་ཤུ་བར་གྱི་སྐལ་པ་ཉི་ཤུའི་བར་དུ་འཇིག་རྟེན་ཆགས་པའི་རྟགས་སོ། །རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཡོད་པ་ནི། འཇིག་རྟེན་པའི་ལས་ཀྱི་མཐའ་རྫོགས་པའོ། །དེ་ནས་ཡུན་འགའ་ཞིག་གི་བར་ལ་བྱ་བ་དང་བྱེད་པ་གང་ཡང་མེད་པར་གནས་སོ། །དེ་ནས་བར་གྱི་བསྐལ་བ་གཅིག་ན་རླུང་གི་དལ་གྱི་འོག་ནས་བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། རབ་ཏུ་གཟིར་པའི་སྒྲ་དང་ལྡན་པ་གཅིག་ལངས་པ་ལས། འོག་མ་ནམ་མཁའི་ས་བོན་གྱི་དལ་རྟེན་པའི་ཨེ་དེ་ཡང་རྣམ་པར་ལྡོག་པ་དང་། འུར་བ་དང་། ཆེམ་པ་དང་། འཚེག་པ་དང་། འཐུག་པའི་སྒྲ་དང་ལྡན་པར་འགྱུར་རོ། །རླུང་དེ་ཉིད་གསེར་གྱི་རྡོ་རྗེ་དཔག་ཚད་གཉིས་ཀྱི་རྒྱ་ཁྱོན་ཡོད་པའི་དང་ལྡན་པ་གཅིག་ཏུ་གྱུར་ཏེ། ཆུའི་དལ་གྱི་སྟེང་དུ་ཐལ་གྱིས་སོང་པ་ལས། འོག་རླུང་གི་དལ་ཐམས་ཅད་ཀྱང་རབ་ཏུ་གཡོས་ཏེ། ཡཾ་ཡཾ་དང་། ཕྱལ་ཕྱོལ་དུ་གྱུར་ཏེ། ཤར་དམའ་ན་ནུབ་མཐོ་བ་དང་། ནུབ་མཐོ་ན་ཤར་དམའ་བ་ལ་སོགས་པར་འགྱུར་རོ། །དེ་ནས་དེ་ཉིད་ཐུར་ལ་ཕོག་པས་ཐལ་གྱིས་བྱུང་པ་ལས། རླུང་དང་ཆུ་ལ་སོགས་པ་ཐམས་ཅད་གཅིག་ཏུ་འདྲེས་སོ། །དེ་ནས་ཡང་སྟེང་དུ་འཕར་བ་ལས། དེ་དག་སོ་སོ་གནས་གནས་སུ་གྱུར་ཏོ། །རྡོ་རྗེ་དེ་ནི་དཔེར་ན་ལག་ན་རྡོ་རྗེས་རྡོ་རྗེ་ཤིན་ཏུ་སྟོབས་དང་ལྡན་པར་འཕང་པས། གང་ལ་ཡང་ཐོག་པ་མེད་པ་ལྟར་ཅི་ལ་ཕོག་ཀྱང་ཐོགས་པ་མེད་པ་དང་འདྲ་བར། གང་ལ་ཡང་ཟང་ཐལ་དུ་འགྲོ་བའོ། །དེ་ལན་བཞི་པ་ལ་ཆུ་དང་རླུང་གི་བར་དུ་ཡིད་འབྱེད་པ་ཞེས་བྱ་བའི་ནམ་མཁའ་དཔག་ཚད་ལྔ་སྟོང་སྤངས་དུ་ཡོད་པར་ཕྱེའོ། །དེ་ནས་ལན་ལྔ་པ་ཆུའི་དལ་དེ་དག་གི་ཕྱོགས་ཀུན་དཀྲུགས་པས། ཁྱབ་མེད་ཆུའི་ཆུ་ཞེས་བྱ་བ་རབ་ཏུ་འདར་བའི་སྒྲ་དང་ལྡན་པར་བྱུང་བ་ལས། ཆུའི་སྟེང་དུ་འོ་མ་ལས་སྤྲིས་མ་བྱུང་བ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་པར་ཆགས་སོ། །དེ་ནས་ཆགས་པའི་ས་ཞེས་བྱ་བ་རྡུལ་འཕྲ་རབ་དཔག་ཏུ་མེད་པ་ཕྱོགས་རབ་ཏུ་འཕྲོས་པ་ལས། དེའི་སྟེང་དུ་སའི་རྡུལ་གཅིག་ལ་གཅིག་བརྟེན་ན ས་ཆགས་པས། དེའི་སྟེང་དུ་སྨིན་པར་བྱེད་པའི་མེ་ཞེས་བྱ་བར་རབ་ཏུ་བསླབས་པའི་སྒྲ་དང་བཅས་པ་ཕྱོགས་ཀུན་ནས་རླུང་ལངས་རྣམ་པར་དང་འདྲ་བ་བྱུང་པ་ལས། སྐལ་པའི་མེ་དང་འདྲ་བ་ཕྱོགས་ཐམས་ཅད་དུ་རབ་ཏུ་འབར་བའོ། །དེ་ཉིད་འབར་བས་གོང་མ་རྣམས་བསྲེགས་སོ། །དེ་ནས་མེའི་རྡུལ་བག་ཆགས་གཅིག་ལ་གཅིག་ཆགས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པའི་རླུང་ཞེས་བྱ་བ། དཔེར་ན་རྒྱ་མཚོ་ལས་རླངས་པ་བྱུང་པ་ལྟར་ཏུ་ཕྱུང་པ་དང་ལྡན་པ་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བས་ཏེ། དཔེར་ན་བར་སྣང་ལས་ཁ་བ་བབས་པའི་རྣམ་པ་དང་འདྲ་བ་གཅིག་ལ་གཅིག་ཆགས་སུ་བབས་པས། སྔར་གྱི་རྡུལ་ཕྲན་དེ་དག་ཀྱང་རབ་ཏུ་འཁྲུགས་ཤིང་གཡོ་བ་དང་ལྡན་པར་གྱུར་ཏེ། དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེ་ནས་གསེང་བྱེད་པའི་ནམ་མཁའ་ཞེས་བྱ་བ་སྔོ་བ་ལ་གཡུའི་བརླངས་དང་འདྲ་བ་ལངས་པ་ལས། ནམ་མཁའ་ནས་ནམ་མཁའི་རྡུལ་ཕྲན་དཔག་ཏུ་མེད་པ་བབ་པས། སྔར་གྱི་རྡུལ་འཕྲ་རབ་དེ་དག་རབ་ཏུ་འཁྲུགས་ཏེ། དེ་དག་གི་བར་བར་དུ་རྡུལ་རེ་རེ་ཤོང་བའི་ནམ་མཁར་བྱས་སོ། །དེ་ནས་གནོད་བྱེད་པའི་ས་ཞེས་བྱ་བ་འབྲུག་སྔོན་པོ་གྱེན་ལ་ལངས་དང་འདྲ་བའི་དབྱིབས། ཕྱོགས་ཀུན་ཏུ་འཕར་བ་ལས་དེ་དག་རབ་ཏུ་འཁྲིགས་ཏེ། རང་བཞིན་གྱི་བྱེད་པའི་ལས་ཀྱི་རྒྱ་མཚོ་ལ་དར་ཆགས་པ་དང་འདྲ་བ་དལ་ཞིང་ཁོད་སྙོམས་པ། དབྱིབས་གྲུ་བཞི་པ་འབུམ་ཕྲག་གཅིག་ཏུ་ཆགས་སོ། །སའི་དལ་དེ་དག་ནི་དབྱིབས་གྲུ་བཞི་པ། ཟུར་བཞི་ན་སའི་ལྷ་མོ་གསེར་གྱི་བུམ་པ་ཐོགས་པ་བཞིས་བཟུང་བ། ལོགས་བཞི་ཀླུའི་བུ་རབ་ཏུ་སྟོབས་དང་ལྡན་པ་བཞིས་ལག་པས་བཟུང་བ་ནི། སའི་ལས་བརྟན་པ་དག་གཡོ་བར་བྱེད་པའོ། །དེ་ཡང་དཔང་དུ་རྡུལ་འཕྲ་རབ་རྣམས་འབུམ་ཕྲག་བཞི་དང་ཁྲི་ཕྲག་གཅིག །བར་གྱི་ནམ་མཁའ་ལ་དེ་སྙེད་དེ་འབུམ་ཕྲག་བརྒྱད་དང་ཁྲི་ཕྲག་གཉིས་སོ། །སྲིད་དུ་ནི་ས་ཡ་གཉིས་དང་སྟོང་ཕྲག་ལྔས་སྲིད་པ་ནི། འབྱུང་བའི་ལས་སོ་སོར་བྱེད་པ་ལས་བྱུང་བའོ། །འབྱུང་བའི་དལ་དེ་དག་ཀྱང་མཆོད་རྟེན་བང་རིམ་དང་འདྲ་བར་གཅིག་ལ་གཅིག་བརྟེན་དུ་ཆགས་སོ། །མདོ་ནས་ནི་དེ་དག་གི་བར་ནས་ཡང་གོང་མའི་དཔག་ཚད་གཅིག་ཙམ་ཡོད་པས་བར་མཚམས་བཅད་ནས་ཡོད་པར་བཤད་དོ། །བཀོད་པ་ཆེན་པོ་འཇིག་རྟེན་བཀོད་པའི་ལེའུ་ནས་ཆུ་དང་སའི་བར་ན་ཡང་ནམ་མཁའ་ཡིད་སྐྱོབ་པ་ཞེས་བྱ་བ་དཔག་ཚད་ལྔ་སྟོང་གིས་བཏེགས་ནས་ཡོད་པར་བཤད་དོ། །ནམ་མཁའ་དེའི་དབུས་ན་མེའི་དལ་དཔག་ཚད་རྔམས་སུ་སྟོང་ཕྲག་གཅིག་པ་སྲིད་དུ་འབུམ་ཕྲག་ལྔ་པ་གཅིག་ཁ་དོག་དམར་བའི་འོད་ད ང་ལྡན་པ་གཅིག །འབྱུང་བ་སྤྱི་མཐུན་གྱིས་སྨིན་པར་བྱེད་པའི་ལས་སུ་ཡོད་པར་བཤད་དོ། །དེ་ཡང་སའི་ཆུས་ཁྱབ་པའི་ལས་བྱས་པ་ནི། འགྲོ་བའི་ལས་ཀྱི་བྱེ་བྲག་སྟོན་པའོ། །སའི་མེས་སྨིན་པར་བྱས་པ་ནི། འགྲོ་བའི་ལུས་ཀྱི་ཁ་དོག་གསལ་པ་ཡིན། སའི་རླུང་གིས་རྡུལ་འཕྲ་རབ་ཏུ་བྱས་པ་ནི། འགྲོ་བ་དབང་པོ་རྫོགས་པར་བྱེད་པ་ཡིན། སའི་ནམ་མཁས་པར་ཕྱེ་བའི་ལས་བྱས་པ་ནི། འགྲོ་བའི་སེམས་གནས་པར་བྱེད་པ་ཡིན། སའི་སས་གནས་པར་བྱས་པ་ནི། འགྲོ་བའི་ལས་བསོད་ནམས་སྟོན་པར་བྱུང་པའོ། །འདི་དག་ཀུན་ལ་དོན་རྟགས་ཀྱིས་བཤད་པ་ནི་གཞན་ནས་བསྟན་པ་ཡོད་དོ། །དེ་ནས་སྣོད་ཀྱི་བཅུད་ལ་སྐྱབས་པ་ཞེས་བྱའོ། །དེ་ནས་ཡང་འོག་ནས་སྨིན་པ་ལས་ཀྱི་རླུང་ཞེས་བྱ་བ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རང་བཞིན་མྱུར་པའི་སྟོབས་དང་ལྡན་པ་གཅིག་གིས་ས་དང་ཆུའི་དལ་ཐམས་ཅད་དཀྲུགས་པ་ལས། དཔེར་ན་འོ་མའི་ཞོ་བསྲུབས་པས་མར་དང་འཁྲོགས་པ་ལྟར། དངུལ་གྱི་སྙིགས་མ་གསེར་དུ་འགྱུར་ཏེ་ལྕི་བས་གཏིང་དུ་སོང་ནས་དྭངས་མ་སའི་རྡུལ་ལ་སོགས་སྟེང་དུ་འཕར་བ་ལས། དབུས་ཀྱི་རི་རབ་དཔག་ཚད་བརྒྱད་ཁྲི་དང་བཞི་སྟོང་། ཐུར་དུ་སའི་དལ་ལ་ཡང་དེ་སྙེད་ཟུག་པ། བང་རིམ་བཞིར་ལྡན་པ། འོག་མ་རླུང་གི་བང་རིམ་གི་བང་རིམ་གཡུའི་རྡོ་རྗེ་ཅན་ཞེས་བྱ་བ། གཡུའི་རྡོ་རྗེས་གཏམས་པའོ། །དེའི་སྟེང་ལ་ཆུ་ལས་གྲུབ་པའི་བང་རིམ་པདྨ་རྣམ་པར་སྤུངས་པ་ཞེས་བྱ་བ། ཤེལ་ལས་གྲུབ་པ་རང་བཞིན་གྱིས་འོད་འབར་བའོ། །དེའི་སྟེང་མའི་བང་རིམ་འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱ་བ་གསེར་ལས་གྲུབ་པ། སྐབས་སུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་རབ་ཏུ་འཕྲ་བ་རྡུལ་འཕྲ་རབ་དང་འདྲ་བ་འཕྲོས་པས། འགྲོ་བ་རྣམས་ལ་བདེ་བ་དང་མི་བདེ་བའི་རྣམ་པ་རྣམས་ཀྱི་ལས་ཀྱི་བྱེ་བྲག་སྟོན་པར་བྱེད་པའོ། །དེའི་སྟེང་ན་རིན་པོ་ཆེ་རབ་ཏུ་འོད་འབར་བ་ཞེས་བྱ་བའི་བང་རིམ་འབྱུང་བ་མེ་ལས་གྲུབ་པ། བྱེ་རུའི་རྒྱུ་ལས་བྱུང་པ། དེ་ལས་མེའི་འོད་རབ་ཏུ་འབར་བ། དེས་ནི་འགྲོ་བའི་ཆར་འབབ་པ་དང་མི་འབབ་པའི་ལས་ཀྱི་མཐའ་སྟོན་པར་བྱེད་པའོ། དེ་ལ་གཅོག་ལྔ་ཡོད་པ་དང་། དཔག་བསམ་གྱི་ཤིང་དང་། སོ་སོའི་འདོད་པའི་ལྷ་དང་བཅས་པ། གླིང་བཞི་དང་། གླིང་ཕྲན་བརྒྱད་དེ་བཅུ་གཉིས་དང་། བཀོད་པ་ནི་གླིང་ཉི་ཤུར་བཤད་པའོ། །གསེར་གྱི་རི་བདུན་དང་། རོ་སོ་སོ་དང་ལྡན་པའི་མཚོ་བདུན་དང་། མཐའ་ལྕགས་རི་ནག་པོ་དང་ལྡན་པ་ཆགས་སོ། །འཛམ་བུ་གླིང་གི་བྱང་ཕྱོགས་ན། གཉའ་ཤིང་འཛིན་ལ་སོགས་པའི་རི་བདུན་པོ་དེ་ལ། གནོད་སྦྱིན་ཆེན་པོ་གསེར་རྐང་དང་། སྟོབས་ལྡན་དང་། དྲག་ལྡན་དང་། འཇུག་སྲིད་དང་། རྔག་པའི་དཔལ་དང་། རི་འདེགས་དང་། མཆོག་སྲིད་དང་བདུན་གྱི་ཁང་བུ་སོ་སོའི་འཁོར་དང་བཅས་པའི་གནས་ཡོད་དེ། དེ་དག་རྣམས་ཀྱིས་འཛམ་བུའི་གླིང་དུ་མིའི་ནད་དང་། ཕྱུགས་ནད་དང་། མཚོན་གྱི་བསྐལ་པ་དང་། སད་དང་། མུ་གེ་ལ་སོགས་པའི་ལེགས་ཉེས་སུ་བྱེད་པ་ནི། དེ་དག་གི་འཁོར་ན་བསྲེག་བྱེད་ཀྱི་མ་མོ་བདུན་གནས་པས་བྱེད་དོ། །དེ་དག་གི་བར་གྱི་མཚོ་བདུན་པོ་དེའི་ནང་ན་ཀླུ་ཆེན་པོ་བརྒྱད་ཀྱི་ཕོ་བྲང་རང་རང་གི་འཁོར་དང་བཅས་པ་གནས་ཏེ། འཛམ་བུ་གླིང་དུ་ཆར་ཆེ་བ་དང་། ཆུང་པའི་ལས་ཀྱི་བྱེ་བྲག་རྣམས་ནི་ཀླུའི་རྒྱལ་པོ་དེ་དག་གིས་བྱེད་པ་ཡིན་ནོ། །རི་རབ་ཀྱི་བང་རིམ་གྲུ་བཞི་ནི་འདེགས་དུས་ཀྱི་གནོད་སྦྱིན་རབ་ཏུ་སྟོབས་དང་ལྡན་པའི་ཕོ་བྲང་གནས་ཏེ། འདི་དག་གིས་ནི་དབྱར་དགུན་སྟོན་དཔྱིད་དུ་འབྱེད་པའི་ལས་བྱེད་པའོ། །རླུང་གི་ལྷ་མོ་ལ་སོགས་པའི་འགྲོ་བ་འདི་དག་ནི། སྲིད་པ་ལས་ཀྱི་འགྲོ་བ་ཞེས་བྱ་སྟེ། སྣོད་ཀྱི་མཚན་ཉིད་ཉེ་བར་སྟོན་པའོ། །དེ་ཡང་གནས་པ་ནི་དང་པོ་ཆགས་པ་དང་མཉམ་ཞིང་། ཐ་མ་འཇིག་པ་དང་མཉམ་མོ། །དེ་ལྟར་བར་གྱི་སྐལ་བ་ཉི་ཤུའི་བར་ལ་ཆགས་སོ། །ད་ག ནས་པ་ཡང་དེ་ཙམ་མོ། །འཇིག་པ་ལ་ཡང་དེ་སྙེད་དོ། །དེ་ལྟར་བར་གྱི་བསྐལ་པ་དྲུག་ཅུ་ལ་ཡུན་གྱི་བསྐལ་པ་གཅིག་གོ །ཡུན་གྱི་བསྐལ་པ་དྲུག་ཅུ་ལ་དུས་མཐའི་གཅིག །དུས་མཐའི་དྲུག་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཡིན་ནོ། །དེ་ལ་བར་གྱི་བསྐལ་པ་ནི། དང་པོ་འགྲོ་བའི་ཚེ་ལོ་དཔག་ཏུ་མེད་པ་ལས། ལོ་བརྒྱ་བརྒྱས་ལོ་རེ་མར་བྲི་བའི་རྩིས་ཀྱིས། ཐ་མ་ཚེ་ལོ་བཅུ་པ་ལ་ཐུག་པ་དེ་ལས་ཡང་ཡར་བརྒྱ་བརྒྱས་ལོ་རེ་ལ་ཡར་འཕེལ་བས། དཔག་ཏུ་མེད་པ་ལ་ཐུག་པ། དེ་ལྟར་ཡར་འཕེལ་བ་དང་། མར་བྲི་བའི་ཉི་ཤུ་བར་གྱི་བསྐལ་པ་གཅིག་ཡིན་ནོ། །དེ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་ལུགས་ཏེ། ནང་ལུས་ཆགས་པ་ཡང་དེ་དང་སྒོ་འདྲའོ། །ཐེག་པ་ཆུང་ངུ་ནས་དེ་ལྟར་མ་ཡིན་པར་བཤད་པ་ཡང་འདུག་གོ །འདི་ལྟར་ནི་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་རྒྱུད་ལས་ཞིབ་ཏུ་བཤད་དོ། །དེ་དག་དཀྱུས་དང་སྦྱར་ན། མཁའ་ལ་ནམ་མཁའ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས་རང་བཞིན་དུ་འབྱུང་བའི་བྱེད་པའི་ལས་ཀྱིས་ཨེ་ལ་སོགས་པ་གོང་དུ་བཤད། དེ་སྟེང་དུ་རླུང་ཞེས་བྱ་བའི་སྤྱིའི་ཆོས་བཞི་འོག་ནས་ཆགས་དང་ཞེས་པས་བསྟན་ཏེ། ཆགས་པར་བྱེད་པ་ནི། འབྱུང་བར་བྱེད་པའི་དུས་ན་རྡུལ་འཕྲ་རབ་བརྟེན་ཅིང་ཆགས་པའི་ལས་ཀྱང་རླུང་གིས་བྱེད་ལ། ཆུང་ཕུང་པོ་ཡང་ཆགས་པར་བྱེད་དོ། །ནང་ལུས་ཀྱི་དུས་ན་ཡང་ལུས་ཆགས་པའི་བརྟེན་རླུང་གིས་བྱེད་ལ། དེ་ལ་སེམས་ཆགས་པའི་རྟེན་ཀྱང་། རླུང་གིས་བྱེད། ཐ་མ་ལུས་འཇིག་པའི་དུས་ན་རླུང་ལ་བརྟེན་པའི་ཉམས་སུ་མྱོང་བ་སེམས་ལ་འཆགས་པར་བྱེད་པའོ། །དེ་ཡང་འཇིག་རྟེན་ཆགས་པའི་དུས་ན་འབྱུང་བ་རྣམས་རླུང་གིས་སྡུད་པར་བྱེད་ལ། ནང་ལུས་ཀྱི་དུས་ན་ཡང་རྒྱུ་རྐྱེན་སེམས་དང་བཅས་པ་གཅིག་ཏུ་བསྡུས་ནས་འགྲོ་བར་གྲུབ་པར་བྱེད་པའོ། །འཕེལ་པའི་ལས་ནི། དང་པོ་རླུང་གིས་ནམ་མཁའ་སྐྱོད་པའི་ལས་བྱེད་ལ། ནང་ལུས་ཀྱི་དུས་ན་འགྲོ་བའི་ལས་ཀྱི་བྱེ་བྲག་རྣམས་འཕེན་པ་དང་། སྤེལ་བའི་ལས་བྱེད་དོ། །འདེགས་པའོ་ནི་ཕྱིའི་དུས་ན་རྡོ་རྗེ་རྒྱ་གྲམ་གྱིས་ཆུ་འདེགས་ལ། ལུས་ཀྱི་དུས་ན་འགྲོ་བའི་ལུས་ཀྱི་སྟོབས་བསྐྱེད་ཅིང་རྩའི་འཁོར་ལོ་འདེགས་པར་བྱེད་པའོ། །དེ་ལ་གང་བརྟེན་ན་ཆུའི་དལ་བརྟེན་པ་ཡིན་ལ། ནང་ལུས་ཀྱང་རླུང་ལ་བརྟེན་པ་ཡིན་པས་རླུང་གི་བྱེད་པའི་ལས་འགྱུར་ན་ཕུང་པོ་འཇིག་གོ །ཕྱིའི་དུས་དེ་ལ་ཆུ་ནི་དབྱེ་ན་ཁྱབ་པ་ནི་རླུང་གི་དལ་ལ་ཁྱབ་སྟེ། རླུང་བས་བག་ཆུང་སྟེ། མཆོད་རྟེན་གྱི་བང་རིམ་དང་འདྲ་བར་ཁྱབ་པོ་ལུས་ཀྱི་དུས་ན་ཁྲག་གིས་ལུས་མགོ་འཇུག་ཏུ་ཁྱབ་པས་ལུས་ཀྱི་གཟུགས་བྱེད་ལ། འཛིན་པ་དང་ནི་སའི་དལ་འཛིན་པ་སྟེ། ལྕགས་ཀྱུའི་རྣམ་པ་དང་འདྲ་བས་བཟུང་པས་སོ། །ལུས་ཀྱི་དུས་ན་ཁྲག་གིས་འགྲོ་བའི་སྲོག་འཛིན་པའོ། །སྨིན་བྱེད་དང་ནི་གསེར་གྱི་ས་གཞི་ལས་གཟུགས་རྡུལ་འཕྲ་རབ་དུ་བསྡུས་པའོ། །ལུས་ཀྱི་དུས་ན་ཁྲག་གིས་དྭངས་མ་ལས་དབང་པོ་ལ་སོགས་པ་སོ་སོར་སྨིན་པར་བྱས་པ་དང་གསུམ་ཡིན་ནོ། །འབུམ་ཕྲག་བཅུ་གཅིག་དག་གིས་གྲངས་བསྟན་པ། ཟླུམ་པས་ནི་དབྱིབས་བསྟན། འོ་མ་ལས་མར་ཆགས་པའི་དཔེ་བསྟན། ས་ནི་འབུམ་ཕྲག་གི་གྲངས་བསྟན་གོང་མའི་རླུང་རྔམས་སུ་ཡེ་ཤེས་དང་འབུམ་ཕྲག་དྲུག་བསྟན་ཐེག་པ་ཆུང་ངུ་ནས་བཤད། སྲིད་དུ་གྲངས་མེད་པ་བཤད་དོ། །གོང་མ་ནི་བློའི་བྱེ་བྲག་ལས་དགོངས་པའོ། །ས་ནི་བསྒྲུབ་པར་བྱེད་པ་ནི། དང་པོ་གསེར་གྱི་བརླངས་པ་ཙམ་ལས་གསེར་གྱི་གཞི་གྲུབ་ལ། ལུས་ཀྱི་དུས་ན་ཤེས་གཟུགས་ཀྱི་ཕུང་པོར་བསྒྲུབ་པར་བྱེད་པའོ། །འཕྲ་བ་དང་ནི་ཕྱི་དུས་ན་རྡུལ་འཕྲ་རབ་ཏུ་བྱེད་ལ། ནང་གི་དུས་ན་ཡང་ཤ་ལ་བརྟེན་ནས་ཤེས་པའི་རྩལ་སྦྱོང་བར་བྱེད་པའོ། །རག་པ་ཉིད་དང་ནི་རི་རབ་ལ་སོགས་པ་རྡུལ་ཕྲ་རབ་འདུས་པ་ལས་གཟུགས་ཀྱི་རྣམ་པར་ཕྱེ་ལ། ནང་གི་དུས་ན་ཕུང་པོ་ལྔའི་ཆོས་འཚོགས་པ་ལ་བརྟེན་ནས་ལུས་སུ་གྲུབ་ཅིང་རག་པར་བྱེད་པའོ། །དེ་གསུམ་ནི་དོན་གྱིས་འགྲོ་བ་གཅིག་གིས་ལུས་ལ་ལུས་ངག་ཡིད་གསུམ་འདུས་པ་ཡིན་ནོ། །བཀྲོག་ནས་མར་ལོག་པའི་གླིང་དང་རི་རབ་ཀྱི་ཆགས་ལུགས་གཞན་དུ་བཤད་པས་འདིར་མི་སྤྲོའོ། །ཞེས་ཉིང་དོན་གསུམ་པ་དེ་ལས་དངོས་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་བྱུང་བ་བསྟན་ནས། ད་ནི་ཉིང་དོན་བཞི་པ་དེ་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་པ་བསྟན་པ་ནི། དེ་ལ་གཟུགས་མེད་ཀྱང་ཞེས་པ། དེ་ལྟར་ཆགས་ནས་ཀྱང་བར་གྱི་བསྐལ་པ་གཅིག་ཏུ་སྟོང་པ་ཅང་མེད་པ། རི་དང་རི་ཕྲན་རྣམས་ལ་ཤིང་རིགས་མི་འདྲ་བ་མང་པོ་ཡོད་པ། ལུང་པ་སོ་སོ་རྣམས་ཀྱང་ཤིང་ནགས་དང་ལྗག་མའི་གླིང་དུ་ཡོད་པར་གནས་པ་ལས། ནམ་མཁའ་ནས་བདུད་རྩིའི་ཆར་བབ་པ་ལས། ས་ལས་བརླངས་བྱུང་པས། རིན་པོ་ཆེའི་ཤིང་སྣ་ཚོགས་པདྨའི་རང་བཞིན་དུ་སྨིན་པར་བྱས་ཏེ། དེ་ལ་གང་གི་འཇིག་རྟེན་སྲིད་པའི་གཟུགས་འཛིན་པ་དེ་དག་གི་ཡིད་ཞུགས་པ་ལས། པདྨའི་གསུང་སྒྲ་དབྱངས་ཕྱོགས་ཀུན་ཏུ་འཕྲོས་པ་ལས། སྣང་བ་ཟང་ཐལ་དུ་འགྲོ་བ་རྣམ་ཤེས་མཐའ་ཡས་པའི་གཟུགས། རེས་ཡོད་པ་ལྟར་སྣང་ལ། རེས་མེད་པ་ལྟར་ཡང་སྣང་ལ། དེ་འདྲ་བ་འགའ་ཙམ་དུ་འབྱུང་ལ། འགྲོ་བ་དེ་དག་ཀྱང་པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ་བརྟེན་ནས་གནས་ཏེ། དེ་དག་ལས་དཔག་ཏུ་མེད་པ་མཆེད་པ་ལས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཞེས་བྱ་བར་བརྟགས་སོ། །དེ་ཡང་ནམ་མཁའ་ལ་ཡིད་ལས་སྐྱེ་ལ། དེ་ལ་གཟུགས་རེས་ཡོད། རེས་མེད་པར་མཆེད་པས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་བརྟགས་སོ། །དེ་ནས་འགྲོ་བ་དེ་དག་དགའ་བ་དེ་ལ་ལོངས་སྤྱོད་མཐའ་ཡས་པ་ལ་སྤྱོད་པས་ཏེ། སེམས་དཔའི་དོན་དུ་དཔའ་བར་འགྲོ་བའི་ཞེས་བྱའི་ཏིང་ངེ་འཛིན་ལ་གནས་སོ། །དེའི་འོག་ན་ཡིད་རྣམ་པར་རོལ་པའི་འཁོར་ལོ་ཅན་ཞེས་བྱ་བའི་ནམ་མཁའ་ལ། གསེར་གྱི་རྡོ་རྗེ་ཆེན་པོ་གཅིག་གྱེན་ལ་བླངས་ཏེ། འོད་ཟེར་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་བ་ཅན་གཅིག་ཡོད་དོ། །དེ་ཤིན་ཏུ་མཛེས་པར་རབ་ཏུ་དཔའ་བའི་ཉམས་དང་ལྡན་ཏེ། གོང་མའི་འགྲོ་བ་དེ་དག་ནམ་མཁའ་ལ་ཏིང་ངེ་འཛིན་གྱིས་བཏེགས་ནས་འགྲོ་ལ། དེའི་རྗེས་ལ་འོག་མའི་རབ་ཏུ་དཔའ་བའི་རྡོ་རྗེ་མཛེས་ཤིང་སྡུག་པ་ཙམ་དུ་ལྟ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱའོ། །རྡོ་རྗེ་དེ་ལ་ཡིད་རབ་ཏུ་གཡོས་པས། འགྲོ་བ་དེ་དག་གི་རྣམ་པ་ཙམ་ལས་སྐྱེས་པའི་འགྲོ་བ་དེ་དག་ལས་འགའ་ཙམ་ཐེག་པ་ལྟར་ཡས་ཆད་པ་ལས། གོང་གི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡལ་ནས་ཅི་ཡང་མེད་དོ་ཞེས་བརྗོད་པ་གོང་མ་བས་འདུ་ཤེས་ཙམ་དུ་ལས་གཞན་མི་བྱེད་པར་གནས་པ་ལས་འགྲོ་བ་དཔག་ཏུ་མེད་པར་མཆེད་དེ། ཅི་ཡང་མེད་ཞེས་ཀྱང་བྱ། ཅུང་ཟད་མེད་ཞེས་ཀྱང་བྱ་སྟེ། གོང་མ་བས་ལུས་བོང་ཆུང་ཞིང་འོད་མདངས་ཀྱང་ཆུང་བ། གོང་མའི་ཏིང་འཛིན་བསྒོམ་པའི་སྟོབས་ཀྱིས་ཉོན་མོངས་པ་ནི་ཅུང་ཟད་ཙམ་ལས་མི་གནས་པས་ཅུང་ཟད་ཞེས་བྱ། ཅི་ཡང་ཞེས་བྱ་བ་མེད་པར་གནས་ཏེ། གོང་མ་ལས་སྐྱེས་པ་དང་། དེ་ལས་མཆེད་པས་སྐྱེ་མཆེད་ཞེས་བྱའོ། །འགྲོ་བ་དེ་དག་ཀྱང་ཉོན་མོངས་པ་ནི་བག་ལ་ཉལ་བ་ཙམ་ལས་མེད། ཚེ་ལོ་ལ་སོགས་པ་ནི་ཀློང་དྲུག་པའི་སྐབས་སུ་སྟོན་ནོ། །འདི་དག་ནི་རིན་པོ་ཆེ་ཟ་མ་ཏོག་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་སོ། །དེའི་དུས་ན་དེ་ནས་དཔག་ཚད་སྟོང་ཕྲག་སུམ་ཅུའི་འོག་ན། ཡིད་བྱེད་རྣམ་པར་རོལ་པ་ཞེས་བྱ་བའི་ནམ་མཁའ་འཁོར་ལོ་དཔག་ཏུ་མེད་པ་འཕྲོ་ཞིང་གཅིག་ལ་གཅིག་འཕྲད་པའི་སྒྲ་འབྱུང་པ་ཡོད་དེ། དེར་འོག་མའི་འགྲོ་བ་དེ་དག་ཏིང་ངེ་འཛིན་ཞི་གནས་ཕྱོགས་གཅིག་ཏུ་སོང་པ་ལས འོག་ཏུ་འགའ་ཙམ་ལྷུང་པ་ལས། གཅིག་ལ་གཅིག་རྣམ་པར་ཤེས་པ་ཙམ་ལས། འགྱུར་བ་ཡིད་ཀྱི་སྦྱོར་བ་ལས། འགྲོ་བ་དེ་དག་མང་པོར་མཆེད་པ་ལས། རྣམ་པ་ཡུལ་འཁོར་ལ་འཇིག་པ་ཤེས་པ་ཙམ་ལས་བདག་ཏུ་རྟོག་པ་ཙམ། མཐའ་ཤེས་པ་ཙམ་ཡས་ཏེ། བསྡུ་བའི་དངོས་པོ་མེད་པ། དེ་དག་ལས་སྐྱེས་ནས་འགྲོ་བའི་གཟུགས་མཐའ་ཡས་པར་མཆེད་པ་ནི། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ཞེས་བྱའོ། །དེ་དག་ཀྱང་གོང་མ་བས་ཚེ་ཚད་ཐུང་ཞིང་། ལུས་བོང་ཆུང་ཞིང་འོད་མདངས་མི་གསལ་པ་ནི། བསོད་ནམས་ཀྱི་སྟོབས་ཉམས་པའི་རྟགས་སོ། །དེ་དག་གི་འོག་དཔག་ཚད་སྟོང་ཕྲག་གཉིས་ན་སྤྲིན་ཆེན་པོ་རྣམ་པར་རོལ་པའི་ནམ་མཁའ་ཞེས་བྱ་བ་སྤྲིན་ཁ་དོག་སྣ་ཚོགས་པའི་དུམ་བུ་བར་བར་དུ་བརླབས་པ་ཡོད་དེ། དེར་གོང་མའི་འགྲོ་བ་དེ་དག་ཐིག་པའི་ཚུལ་དུ་བབ་པ་ལས། །ཡང་ནམ་མཁའ་སྤྲིན་གྱིས་དུམ་བུ་དུམ་བུར་སོང་པ་ལ་ཤེས་པ་མཆེད་པ་ལས། འགྲོ་བ་མང་པོ་དཔག་ཏུ་མེད་པར་མཆེད་དོ། །དེ་ནས་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཞེས་བྱ་བར་བཏགས་སོ། །འདི་དག་བཞི་ཡང་སྣང་བ་འོད་ཀྱི་གཟུགས་མེད་པར་རྣམ་པར་ཤེས་པ་ཙམ་ལ་གནས། འབྱུང་བ་ཤ་ཁྲག་གི་ལུས་མེད་པས་རྣམ་ཤེས་ཙམ་པོར་གནས། འགྱུར་བ་ཡིད་ཀྱི་ལུས་མེད་པས་ཤེས་པ་ནང་དུ་གསལ་བའོ། །མྱོང་རེག་སྡུག་བསྔལ་གྱི་ལུས་མེད་པས་དགའ་བ་དང་བདེ་བར་གནས་སོ། །དེས་ན་གཟུགས་མེད་པ་ཞེས་བྱའོ། །ཁམས་ནི་དེ་དག་རྣམས་འདུས་འཚོགས་པ་ལས་སོ། །དེ་དག་ལས་ནམ་མཁའ་མཐའ་ཡས་སེམས་རྣམ་པར་འཕྲོས་པ་ལས། དེ་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན། རིན་པོ་ཆེ་འཆིང་བུ་རྣམ་པར་བཀོད་པའི་ས་གཞི་ལ། ཕྱི་ནང་མེད་པར་ཟང་ཐལ་བ་དང་། ཕན་ཚུན་ཡན་མན་ཡང་རླུང་གིས་བསྐྱོད་ཅིང་འགྲོ་བའོ། །དེར་ཤེས་པ་དུམ་བུར་ཆད་པ་ལས། སྣང་བ་འོད་དུ་སྣང་བ་ལས། སྔར་གྱི་ཤེས་པ་ཡས་གཅིག་ཏུ་གྱུར་པ་ལས་འོད་ཀྱི་ལུས་ཁ་མིག་རྣ་བར་ལྡན་པ་ཀུན་ཏུ་ཟང་ཐལ་བ། དཔག་ཏུ་མེད་པར་མཆེད་དེ། འདི་དག་ཀྱང་འགྲོ་བ་དང་། ལྡིང་པ་དང་། འཕྱོ་བ་ལ་སོགས་པ་ཡང་འོད་དང་རླུང་གིས་བྱེད་དོ། །འགྲོ་བ་དེ་དག་གི་གནས་ནི་གོང་མ་གཟུགས་མེད་རྣམས་ལས་འོག་ཏུ་གྱུར་པ་ལས་འོག་མིན་ཞེས་བྱ་སྟེ། གོང་མ་ལས་འོག །གཞན་ལས་གོང་དུ་གྱུར་པས་མི་ཞེས་བྱའོ། །འདི་དག་གི་ལུས་དང་། ཚེ་དང་། འོད་དང་། བསོད་ནམས་དང་། གཞལ་ཡས་ཁང་ལ་སོགས་པ་གཞན་ནས་བསྟན་ཏོ། །དེ་ཡང་གོང་རྣམ་པར་ཤེས་པ་ཙམ་ལས་ལུས་མེད་པ། འདིར་ནི་རྣམ་པར་ཤེས་པ་ལ་ཕྱི་འོད་ཀྱི་ལུས་སུ་གྲུབ་པས་གཟུགས་སོ། །གཟུགས་སུ་ཅིས་འགྲོ་ན། རི་མོའི་རྣམ་པ་དང་འདྲ་བར་ཡོད་པས་ན་གཟུགས་ཞེས་བྱའོ། །དེ་ཡང་རྒྱུའི་གཟུགས་ཡོད་ལ། འབྲས་བུའི་གཟུགས་བཅུ་གཅིག་ལ་སོགས་པ་དངོས་སུ་མེད་པ་ནི། གོང་མའི་ཤེས་པའི་དབང་གིས་སོ། །དེའི་འོག་ན་རིན་པོ་ཆེ་འཐོན་མཐིང་གི་རྣམ་པར་སྤྲས་པའི་ནམ་མཁའ་ཡོད་དེ། དེར་གོང་མའི་འགྲོ་བའི་ཤེས་པའི་བག་ཡལ་བ་ལྷུང་བ་ལས། དེ་ལས་འགྲོ་བ་དཔག་ཏུ་མེད་པར་མཆེད་པ་ལས། ཤིན་ཏུ་མཐོང་བ་ཞེས་བྱ་བའི་འགྲོ་བ། གཅིག་ལ་གཅིག་མཐོང་ན་དགའ་བ་ཡོད་པས་མཐོང་ན་དགའ་བ་ཞེས་བྱའོ། །གོང་མ་བས། ལུས་དང་། ཚེ་དང་འོད་ལ་སོགས་པ་ཆུང་བའོ། །དེའི་འོག་ཏུ་རིན་པོ་ཆེ་རབ་མཛེས་ཀྱི་གཞི་ལ། གོང་མ་ལས་གྱ་ནོམ་སྣང་བ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །འདི་དག་ལ་ཡང་གང་ལས་བྱུང་བ་དང་ཅི་ལས་གྲུབ་པ་ལ་སོགས་པ་འདུག་སྟེ་འདིར་མ་བྲིས་སོ། །དེ་ལ་གོང་མ་ལ་གྱ་ནོམ་པར་འདོད་པས་གྱ་ནོམ་པ་ཞེས་བྱའོ། །དེའི་འོག་ཏུ་རིང་པོ་ཆེ་ཟེ་རྨུག་གུའི་ནམ་མཁའ་ལས་མི་གདུང་བའི་འགྲོ་བར་འབྱུང་ངོ་། །དེའི་འོག་ཏུ་རིན་པོ་ཆེ་ཤེལ་གྱི་ཁང་བུ་བརྩེགས་བའི་ནམ་མཁའ་ལ་མི་ཆེ་བ་ཞེས་བྱ་བར་འགྲོ་བ་དཔག་ཏུ་མེད་པར་ཆགས་སོ། །གོང་མའི་མི་གདུང་པ་ནི། སྣང་བ་དགའ་བདེའི་སྣང་བ་ཅིར་ཤར་ཡང་དེ་ལ་གདུང་པ་མེད་པས་ན་མི་གདུང་བ་ཞེས་བྱའོ། །དེ་ལས་གདུང་བ་མི་ཆེ་བས་མི་ཆེ་བ་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་རབ་མཛེས་ཀྱིས་རྣམ་པར་བརྡལ་བ་ན། ཡང་གོང་མའི་ལྷ་འགའ་ལྷུང་བ་ལས་འབྲས་བུ་ཆེ་བ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པར་མཆེད་པ་ནི། འདི་དག་ནི་ལས་དགེ་བའི་འབྲས་བུ་ཆེ་བ་ལས་བྱུང་པ་ཤ་སྟག་གོ །དེས་འབྲས་བུ་ཆེ་བ་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་ཀ་ལི་མདོག་མཛེས་ཀྱིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ཡོད་དེ། དེར་ཡང་གོང་མ་ལས་ཐིག་པའི་རྣམ་པ་ལྟར་འགྲོ་བ་འགའ་ཆད་པ་ལས། བསོད་ནམས་སྐྱེས་ཞེས་བྱ་བའི་འགྲོ་བ་རྣམས་བྱུང་བའོ། །དེ་དག་ནི་སྔར་བསོད་ནམས་ཀྱི་དཔག་ཏུ་མེད་པ་བསགས་པ་ལས་བྱུང་པའོ། །འདིས་ཀྱང་བསོད་ནམས་ཀྱི་ཚོགས་དགའ་བདེ་ལས་སྐྱེས་པ་དེ་བསོད་ནམས་སྐྱེས་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་སྤྲིན་རྣམ་པར་སྟུག་པ་ཞེས་བྱ་བའི་ནམ་མཁའ་ཡོད་དོ། །དེར་གོང་མའི་འགྲོ་བ་རྣམས་ཆད་པ་ལས། སྤྲིན་མེད་འོད་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་དལ་འཇམ་འགྲོ་ཚད་དང་ལྡན་པ་སྤྲིན་མེད་པའི་ཉི་མའི་རྣམ་པ་དང་འདྲ་བས་ན། སྤྲིན་མེད་འོད་ཅེས་བྱའོ། །དེའི་འོད་ཅེས་བྱའོ། །དེའི་འོག་ན་རིན་པོ་ཆེའི་འོད་རྣམ་པར་འབྱིན་པ་ཞེས་བྱ་བའི་ནམ་མཁའ་ལ་ཡང་སྤྲིན་མེད་འོད་ཀྱི་འགྲོ་བ་འགའ་ཆད་པ་ལས། ཚད་མེད་དགེ་བ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་དག་ནི་དགེ་བའི་རྩ་བ་ཚད་མེད་ལ་སྤྱོད་པས་ཚད་མེད་དགེ་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་ཨིན་དྲ་ནི་ལ་ལས་གྲུབ་པའི་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། ཡང་ཚད་མེད་དགེ་བའི་འགྲོ་བ་དགེ་བའི་བག་ལས་ཡངས་པ་འགའ་ཆད་པ་ལས། དགེ་རྒྱས་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །འདི་དག་ནི་གོང་མ་ལས་དགེ་བ་རྒྱས་པ་ཙམ་ལ་སྤྱོད་ལ་སྤྱོད་པས་ན་དགེ་རྒྱས་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་པ་ཏང་ཀ་ལིང་གིས་རྣམ་པར་སྤྲས་པའི་ནམ་མཁའ་ལ། དགེ་བ་རྒྱས་པའི་བག་ཡལ་བའི་འགྲོ་བ་འགའ་ཆད་པ་ལས། དགེ་ཆུང་ཞེས་པའི་འགྲོ་བ་བསམ་གྱིས་མི་ཁྱབ་པར་མཆེད་དོ། །དེ་ཡང་གོང་མ་བས་བག་དགེ་བའི་ཆ་ཆུང་བས་ན་དགེ་ཆུང་ཞེས་བྱའོ། །དེའི་འོག་ན་ནོར་བུ་ཀེ་ཀེ་རུ་ལས་རྣམ་པར་སྤྲས་པའི་ནམ་མཁའ་ལ་ཞེས་བྱ་བ་ལས། གོང་མའི་དགེ་བ་ཆུང་ངོ་སྙམ་པའི་བར་ལ་འགྲོ་བ་འགའ་ལྷུང་བ་ལས། ཚད་མེད་འོད་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །འདི་དག་ནི་རང་གི་ལུས་ལ་འོད་ཚད་མེད་པ་ཡོད་པས་ཚད་མེད་འོད་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་དཔལ་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མའི་འོད་རྣམ་པར་འཁྲུགས་པ་ལས་འགྲོ་བ་འགའ་མཆེད་པ་ལས། འོད་གསལ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་འོད་གསལ་བ་འབའ་ཞིག་ལ་སྤྱོད་པས་འོད་གསལ་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་དཔའ་བའི་འོད་ཅེས་བྱ་བའི་ནམ་མཁའ་ལ། གོང་མའི་འོད་གསལ་ལས་འགྲོ་བ་འགའ་ཆད་པ་ལས། འོད་ཆུང་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །གོང་མ་བས་འོད་ཆུང་བས་འོད་ཆུང་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་མ་ཀི་ཞེས་བྱ་བའི་ནམ་མཁའ་ལ། གོང་མའི་འོད་མདངས་ཡལ་བ་ལས་འགའ་ཆད་པ་ལས། ཚངས་པ་འདུན་ན་འདོན་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པར་མཆེད། དེ་ཡང་དེ་དག་རེ་རེའི་འདུན་ན་ཁ་དོན་འདོན་པ་རེ་རེ་ཡོད་པས་འདུན་ན་འདོན་ཞེས་བྱའོ། །དེའི་འོག་ན་རིན་པོ་ཆེ་རབ་ཏུ་སི་ཀ་ཏ་ཞེས་བྱ་བའི་ནམ་མཁའ་ལ། གོང་མའི་འདོན་པའི་རྩར་འགྲོ་བ་འགའ་ཆད་པ་ལས། ཚངས་པ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པར་མཆེད་དོ། །དེ་ཡང་དགེ་བ་ལ་ཚངས་བར་སྤྱོད་པས་ན་ཚངས་པ་ཞེས་བྱའོ། །འདི་དག་ལ་ལུས་ཀྱི་ཚད་དང་། ཚེ་ཚད་དང་། འོད་དང་། བསོད་ནམས་དང་། གནས་དང་སྣང་བ་ཇི་ལྟར་སྣང་བ་དང་། སྔ་མ་ལས་ཅི་ལས་བྱུང་བ་དང་། ཕྱི་མ་གང་དུ་སྐྱེ་བ་དང་། རེ་རེའི་གཞལ་ཡས་ཁང་གི་ཚད་ལ་སོགས་པ་ནི་གཞན་ན་བསྟན་ནས་ཡོད་དོ། །དེ་དག་ནི་གཟུགས་ཀྱི་ཁམས་ཞེས་བྱ་སྟེ་གཟུགས་ནི་འོད་དང་གཟུགས་ལ་སོགས་སྤྱོད་པས་སོ། །ཁམས་ན་མང་པོ་འཚོགས་ཤིང་འདུས་པ་ལ་བྱའོ། །གོང་མས་ནི་འོད་དང་གཟུགས་བརྙན་ལ་མི་སྤྱོད་པས་གཟུགས་མེད་ཅེས་བྱ་ལ། འོག་རྣམས་ནི་དེ་ཉིད་ལ་སྤྱོད་པས་ན་གཟུགས་ཀྱི་ཁམས་སོ། །འདི་དག་ལ་རིགས་མི་འདྲ་བ་བཅུ་བདུན་དུ་བྱུང་བ་ནི། ལས་ཀྱི་བསགས་པའི་ཁྱད་པར་ལས་བྱུང་བའོ། །དེ་ལ་འོག་ཏུ་འདོད་པའི་ཁམས་ཞེས་བྱ་བ་ཆགས་ཏེ། དེ་ཡང་གོང་མའི་ལོངས་སྤྱོད་ལ་འདོད་པས་ན་འདོད་ཁམས་ཞེས་བྱའོ། །དེ་ལྟར་འདོད་ཀྱང་ལས་ཀྱིས་བསགས་པའི་ཁྱད་ཀྱིས་ཐོབ་པ་ནི་མེད་ལ། ཡིད་ལ་འདོད་པ་ནི་འདི་དག་མངོན་པར་ཤེས་པའི་ཆ་ཡོད་པས་མཐོང་བ་ལས་བྱུང་བའོ། །དེའི་འོག་ན་དཔག་བསམ་གྱི་ཤིང་རིན་པོ་ཆེ་རབ་ཏུ་རྒྱས་པ་ལས་གོང་མའི་ཚངས་པའི་སེམས་ཅན་འགའ་ཆད་ན་ནི། སྔོན་གྱིས་བསགས་པའི་ཁྱད་ཀྱིས་ལྷུང་བ་ལས་གཞན་འཕྲུལ་དབང་བྱེད་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་ལུས་གཞན་ལས་སྤྲུལ་པ་ཙམ་ལས་བྱུང་བས་ན། གཞན་འཕྲུལ་དབང་གཞན་ལ་བྱེད་པས་སོ། །འདི་དག་ལ་ཚེ་ཚད་ལ་སོགས་པ་གཞན་ནས་བཤད་དོ། །དེའི་འོག་ན་དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བ་ལ། གོང་མའི་འགྲོ་བ་དེ་དག་འགའ་ལྷུང་པ་ལས། འཕྲུལ་དགའ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་རང་ལུས་ཀྱི་འོད་ལས་བུ་སྟོང་ངམ་བརྒྱའམ་དཔག་ཏུ་མེད་པ་སྤྲུལ་པ་ལས་དགའ་བས་འཕྲུལ་དགའ་ཞེས་བྱའོ། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་དམིགས་མཛེས་ཞེས་བྱ་བ་ལ། གོང་མའི་འགྲོ་བ་དེ་དག་འགའ་ལྷུང་པ་ལས། དགའ་ལྡན་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་དགའ་བ་དང་ལྡན་པ་འབའ་ཞིག་ལ་སྤྱོད་པས་ན་དགའ་ལྡན་ཞེས་བྱའོ། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་ཡིད་འགྱུར་བ་ཞེས་པ་ལ། ཡང་གོང་ལས། འཐབ་བྲལ་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པ་མཆེད་དོ། །དེ་ཡང་འཐབ་བྲལ་ཞེས་བྱ་བ་ནི། ལྷ་མིན་དང་འཐབ་པ་མེད་པས་ན་འཐབ་བྲལ་ཞེས་བྱའོ། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བཏོལ་ཞེས་བྱ་བ་ལ། མཐའ་བྲལ་གྱི་འགྲོ་བ་འགའ་ལྟུང་བ་ལས། ཡང་སུམ་ཅུ་རྩ་གསུམ་པ་ཞེས་བྱ་བའི་འགྲོ་བ་མཆེད་དོ། །དེ་ཡང་སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི། ཤིང་དེ་ལ་གླང་པོ་ཆེ་རབ་ཏུ་བརྟན་ཞེས་བྱ་བ་ལས། གསེར་ཞོ་སུམ་ཅུ་རྩ་གཉིས་གཡུ་གཅིག་དང་སུམ་ཅུ་རྩ་གསུམ་ཡོད་པ་ལ། ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་སྲས་དང་བཅས་པས་ན། སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །དེའི་འོག་ཏུ་རི་རབ་ཀྱི་སྟེང་དུ་སྣ་ཅོག་རྣམས་ལ། གོང་མ་ལས་ལྟུང་བའི་གནས་སུ་གྱུར་པ་ལས། རྒྱལ་ཆེན་རིགས་བཞི་ཞེས་བྱ་བའི་འགྲོ་བ་དཔག་ཏུ་མེད་པར་མཆེད་དོ། །འདི་དག་ནི་འོག་མའི་གླིང་བཞིའི་ས་བོན་དུ་གྱུར་པས་ན། མི་ལས་རྒྱལ་ལ་རིགས་བཞི་ཡོད་པས་ན། རྒྱལ་ཆེན་རིགས་བཞི་པ་ཞེས་བྱའོ། །དེ་དག་ནི་རིགས་དྲུག་ལས་འགྲོ་བ་ལྷའི་རིགས་ཞེས་བྱའོ། །ལྷ་ཞེས་བྱ་བ་སྟེ་མཛེས་ཤིང་འོད་དང་ལྡན་པས་ན་ལྷ་ཞེས་བྱ་བའོ། །དེ་ཡང་ཁམས་གསུམ་ག་ལྷ་ལ་ཚང་པས་ནི། སྔ་མ་ལས་ལུས་ངག་ཡིད་ཀྱི་དགེ་བ་བརྩོན་པ་ལས་བྱུང་ངོ་། །དེ་ནས་དེའི་འོག་ཏུ་བསོད་ནམས་ཀྱང་བགས་ཀྱིས་བྲི་སྟེ་ལུས་ཀྱི་འོད་ལ་སོགས་པ་ཡང་ཡང་དུ་ཉེ་བ་ལས། ཚེ་ལོ་ཡང་རིམ་གྱིས་བྲི་ནས། འདོད་པ་ཁམས་ཀྱི་བྱེ་བྲག་གོང་ས་ལས་དཔག་ཚད་སྟོང་བཞི་ཁྲིའི་འོག་ན། དགའ་ལྡན་བརྩེགས་པ་ཞེས་བྱ་བའི་ཡུལ་ན། ཉི་མ་དང་ཟླ་བ་ལ་སོགས་པའི་སྣང་བ་ནི་མེད། རང་སྣང་ཙམ་ལས་མེད་དོ། །སྣང་བ་ཐམས་ཅད་རབ་ཏུ་མཛེས་པའི་པདྨས་སྤྲས་པ་ལས། ལྷའི་བུ་གཉིས་ལྟུང་སྟེ། པདྨ་ལས་རྫུས་སྐྱེས་ཀྱི་ཚུལ་དུ་བྱུང་སྟེ། གོང་མའི་འོད་ཀྱི་མདངས་ཡོད་པའི་བསོད་ནམས་ཀྱིས། འོད་ཀྱི་སྣང་བ་རབ་ཏུ་གསལ་བ་ལས་སྤྱོད་པ་ལ། དེ་གཉིས་ཀྱི་ཡིད་རྣམ་པར་གཡོས་པ་ལས། རྫུས་སྐྱེས་ཀྱི་ལྷའི་བུ་འགའ་ཙམ་མཆེད་དོ། །དེ་དག་ཀྱང་མཐོང་ན་དགའ་བ་དང་། འགྲོ་བ་བདེ་བ་ཙམ་ལ་སྤྱོད་དོ། །འགྲོ་བ་དེ་དག་འགྲོ་ན་ནམ་མཁའ་ལ་འགྲོ་བ་ནི་གོང་མའི་ལྷ་གནས་ལས་སྐྱེས་པས་སོ། །འདུག་ན་ཡང་ནམ་མཁའ་ལ་འདུག་པ་ནི་ལུས་འོད་ལས་བྱུང་བས་སོ། །དེ་ནས་འགྲོ་བ་དེ་དག་ནི་རང་གི་འོད་ལ་འདུས་ཅིང་། ཟས་སུ་དགའ་བ་དང་བདེ་བ་ཟ་བ་ནི། གོང་མར་ཟས་གོས་ལ་ལོངས་སྤྱོད་པ་ལས་བྱུང་བའོ། །འགྲོ་བར་འདོད་ཀྱང་བསམ་པ་ཙམ་གྱིས་ཕྱིན་པ་ན། གོང་མའི་ཏིང་ངེ་འཛིན་ལས་བྱུང་བའོ། །ཚེ་ཡང་དཔག་ཏུ་མེད་པ་ཐུབ་བོ། །ཉོན་མོངས་པ་མངོན་དུ་རྒྱུ་ནི་མེད། བདེ་བ་ལ་འབའ་ཞིག་ཏུ་གནས་སོ། །འདི་ནང་འགྲོ་བ་དེ་དག་འདུལ་བའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཁྱད་པར་ལས་ཀྱི་སྟོང་པ་དེ་གནས་དེ་ཉིད་ནས་པདྨ་རབ་དུ་མཛེས་པ་འདབ་མ་སྟོང་དང་ལྡན་པ། སྦུགས་ཡང་ཤིང་མཛེས་པ་ལ་རྫུས་ནས་སྐྱེ་བའི་ཚུལ་བསྟན་པ་ནི། གཟིགས་སྟངས་གསུམ་ལས་བྱུང་བ་སྟེ། འགྲོ་བ་དེ་དག་ལ་འགྲོ་བ་འདུལ་བའི་སྤྱན་གྱིས་གཟིགས་པས། གོང་མའི་ལྷའི་བུ་དེ་གཉིས་ཟླ་བ་དྲི་མ་མེད་པར་ཞེས་བྱ་བ་དང་། ཉི་མ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བ་བྱུང་བ་ནི་ཐབས་དང་ཤེས་རབ་ལ་བརྟེན་ནས་འགྲོ་བ་འདུལ་བའི་སྟོན་པ་བྱུང་བའི་རྟགས་སོ། །དེ་ནས་སྣང་བ་འདུལ་བྱེད་ཀྱི་སྤྱན་གྱིས་པདྨ་ལ་གཟིགས་པས། ནམ་མཁའ་ནས་འབྱུང་བ་ཚ་གྲང་གི་རང་སྒྲ་ལ་མི་སྣང་ངོ་ཞེས་བྱ་བ་ལན་གསུམ་དུ་བྱུང་བས། འགྲོ་བ་དེ་ཀྱང་མི་ཞེས་བྱ་བ་ཐོག་མ་ལུས་ཀྱང་འབྱུང་བ་ཤ་ཁྲག་ལས་དངོས་སུ་གྲུབ་ལ། སྐབས་སུ་གོང་མའི་འོད་ལ་བརྟེན་ནས་ཟང་ཐལ་དུ་སྣང་ལ། འདོད་ཆགས་ལ་སོགས་པ་མངོན་དུ་རྒྱུ་མེད་པས་དབང་པོ་ལྔ་དང་། ཡན་ལག་ལ་སོགས་པ་རབ་ཏུ་མཛེས་པར་ལྡན་ལ། ཕོ་མོའི་དབང་པོའི་སྒོ་ནི་མ་དོད་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་བསྟན་པ་ལ་གཟིགས་པས། བསྟན་པ་ཐམས་ཅད་ཀྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོ་ཞེས་བྱ་བ་བྱུང་བའོ། །དེའི་དུས་ན་ནམ་མཁའ་ལ་འོད་ཀྱི་སྐར་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། འོད་ཀྱི་ཡང་ཞུན་བཅུ་བདུན་དང་བཅས་པར་སྣང་ངོ་། དེ་ནས་འགྲོ་བ་ཡང་མང་དུ་འཕེལ། ཚེ་ཡང་བགས་ཀྱིས་བྲི། ལུས་ཀྱ་ི འོད་ལ་སོགས་པ་ཡང་ཡལ། བསོད་ནམས་ཀྱང་ཆུང་དུ་སོང་། སྔོན་གྱི་ལས་ཀྱི་དབང་གིས་ཉོན་མོངས་པ་ཡང་བགས་ཀྱིས་ལངས་ཏེ། བདེ་བའི་དུས་ན་དེ་དག་ལས་ཤར་ལུས་འཕགས་ཀྱི་གླིང་དུ་གཉིས་ཆད་པ་ལ། ལུས་འཕགས་གླིང་པའི་འགྲོ་བ་རྣམས་རྫུས་སྐྱེས་ལ་སོགས་པ་ཉེ་བར་མཆེད་དོ། །དེ་ལ་བྱང་སྒྲ་མི་སྙན་པའི་མི་ཡང་ངོ་། །དེ་ནས་བ་གླང་སྤྱོད་ཀྱི་མི་རྣམས་སོ། །དེ་ཡང་ཐོག་མར་འཛམ་བུ་གླིང་ནས་ཆགས་ཤིང་མཆེད་པ་སྟེ། དེས་ན་འཛམ་བུ་གླིང་པའི་སེམས་ཅན་ནི་ལས་ཀྱི་ས་པ་ཞེས་བསོད་ནམས་ཆེ་ཞིང་བསྒྲུབ་ཐག་ཉེའོ། །དེ་ནས་འགྲོ་བ་དེ་དག་དགའ་བ་དང་བདེ་བའི་བག་ལ་ཡེངས་པས། ཚེ་ལོ་བྱེ་བར་ཐུང་བར་སོང་། འགྲོ་བ་དེ་དག་ཀྱང་སྒོ་ང་ལས་སྐྱེ་བར་སོང་། འདིའི་དུས་ན་འོད་ནི་བདུན་ཚད་དུ་གསལ་བ་དང་། འགྲོ་བ་ཡང་ལས་ཀྱི་རླུང་གིས་ནམ་མཁའ་ལ་འགྲོ་ལ། ཟས་སུ་ནི་འབྱུང་བའི་དྭངས་མ་ཟའོ། །གོས་སུ་ནི་ཅི་ཡང་མེད་པ་ལས། གཅེར་བུ་ལ་དྲེག་པ་ཆགས་པ་ལས། འགྲོ་བ་དེ་དག་ལ་ཡང་། ལྷའི་བུ་དྲི་མ་མེད་པའི་དྲེག་པ་ཅན་ཞེས་གཅིག་ལ་གཅིག་བལྟས་ཤིང་བརྗོད་དོ། །འདིའི་དུས་ན་སྔོན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་ལུས་ཀྱི་དྲེག་པ་དེ་འཁྲུ་བའི་ཆེད་དུ། ཁྲུས་ཀྱི་རྫིང་བུ་དལ་ཞིང་འཇམ་ལ་མཐོང་ན་དགའ་བ་དང་། རེག་ན་བདེ་བ་བྱུང་ཞིང་། དེའི་ནང་ན་ཁྲུས་དང་གཙང་སྦྲ་ལ་གནས་སོ། །འདིའི་དུས་སྟོན་པ་དང་། གནས་དང་། བསྟན་པ་ལ་སོགས་པ་ནི་འདིར་མ་བྲིས་ཏེ་གཞན་དུ་བལྟའོ། །རང་བཞིན་གྱི་དགེ་བ་བཅུ་ལ་སྤྱོད་དོ། །དེ་ནས་སྔོན་གྱི་ལས་ཀྱི་སྟོབས་ཀྱིས་ཚེ་ཡང་བགས་ཀྱིས་བྲི། ལུས་ཀྱི་འོད་ལ་སོགས་པ་ཡང་ཡལ་ཏེ། འབྱུང་བ་ཚ་བས་དྲོད་དུ་བྱས་གྲངས་པ་ལས་རྒྱུ་རྐྱེན་དུ་གྱུར་ནས། དྲོད་གཤེར་ལས་སྐྱེས་པ་ཤ་སྟག་ཏུ་གྱུར་ཏེ། ཚེ་ལོ་ཡང་འབུམ་པ་ལ་ཐུག་གོ །དེར་ཡང་ལྗོན་ཤིང་ཟས་སུ་ཟ་སྟེ། མི་རེ་སྐྱེས་པ་དང་ཤིང་རེ་སྐྱེའོ། །དེའི་འབྲས་བུ་ཟས་སུ་ཟ་སྟེ། ཁམས་ཀྱི་ཟས་དགོས་པ་ནི། སྔོན་འདོད་སྲིད་རྗེས་སུ་ཆགས་པ་ལས་བྱུང་བའོ། །སྔར་གྱི་རང་དྲོད་ཡལ་ཏེ། གོས་ཀྱི་མགོ་ཟུག་པས་ཤིང་ལོ་ལྡེབ་པོ་ཆེ་གྱོན་པ་དག་བྱུང་ངོ་། དེ་ནི་གཏི་མུག་བག་ལ་ཉལ་གྱིས་གཞི་ཆོས་ཉིད་མ་ཤེས་པ་ལས་བྱུང་བའོ། །འདིའི་དུས་ན་འགྲོ་བ་དེ་དག་མོ་དང་ཕོའི་མཚན་མ་དོད་པ་ནི་མེད་དེ། གཅིག་ལ་གཅིག་མཐོང་ན་དགའ་བ་དང་། རེག་ན་བདེ་བ་ཙམ་དུ་བྱུང་བ་ནི། སྔོན་གྱི་ལས་ཀྱིས་འདོད་ཆགས་བག་ལ་ཉལ་ལོངས་སུ་ཉེ་བའི་རྟགས་སོ། །དེ་དག་ལ་བསོད་ནམས་ལ་སོགས་པ་གོང་ལྟར་རིམ་གྱིས་བྲི་ནས། ཚེ་ལོ་ཡང་བརྒྱད་ཁྲི་ལ་ཐུག་པར་གྱུར་ཏེ། འགྲོ་བ་འདི་དག་ཉོན་མོངས་པ་ཡང་རིམ་གྱིས་ལངས་པའི་མགོ་བཙུགས་ཏེ། སྔོན་འདོད་པའི་ཁམས་སུ་ལྷུང་བས་འདོད་ཆགས་བྱུང་སྟེ། དེའི་དུས་ན་ལས་དང་དབང་པོའི་བྱེ་བྲག་ལས། ཕོ་མོའི་དབང་པོའི་སྒོ་དོད་པ་ཙམ་བྱུང་ལ། འདིའི་དུས་ན་གཅིག་ལ་གཅིག་བལྟས་པས་ཚིམ་པ་ཙམ་གྱི་འདོད་ཆགས་སྐྱེས་ནས་འགྲོ་བ་མང་དུ་མངལ་ནས་སྐྱེས་པ་ལས་འཕེལ་ལོ། །འདིའི་དུས་འོད་ནི་རང་གསལ་བ་ཙམ་ཡོད་ལ། གོས་སུ་ཤིང་ཤུན་གྱོན་ནོ། །སྔོན་གྱི་ལས་ཀྱི་སྟོབས་ཀྱིས་ཟས་སུ་འདོད་འཇོའི་བ ར་བྱུང་སྟེ། རང་ནམ་འདོད་པའི་དུས་ན་བ་ཞོས་ལུས་གསོ་བའི་རྐྱེན་དུ་བྱུང་ལ། རླུང་གི་རྣམ་ཤེས་བག་ལ་ཉལ་བས། འགྲོ་བར་འདོད་པ་ལ། ལུས་ཀྱི་སྟོབས་ཆུང་བས་འགྲོ་བར་འདོད་པ་ལ། ཅང་ཤེས་ཀྱི་རྟས་གར་འགྲོ་བར་འདོད་པར་ཕྱིན་པ་དང་། དེ་ལྟ་བུའི་བསོད་ནམས་ཀྱི་རྐྱེན་མང་པོ་བྱུང་ངོ་། །དེ་ལས་ཀྱང་རིམ་གྱིས་ཞེ་སྡང་གི་འགོ་བྱུང་བས་གཅིག་གི་བ་དེ་བསད་པས། དེའི་དབང་གིས་ཞེ་སྡང་མངོན་དུ་རྒྱུ་ལངས་པ་ལས་དེ་ཡང་ནུབ། རྟ་ཡང་ནུབ་ནས་སོར་བཞི་ས་ལ་མ་རེག་པར་འགྲོ། ཟས་ཀྱང་སའི་ཚིལ་ཞག་བཟང་པོ་སྦྲང་རྩིའི་རོ་དང་འདྲ་བ་གཅིག་བྱུང་ནས། དེ་ལ་ཟས་ཟ་ཞིང་འདུག་གོ །གོས་ནི་ཤིང་ལས་རས་ཀྱི་བལ་འཇམ་པོ་ཅིག་བྱུང་སྟེ། དེ་གྱོན་ཅིང་འདུག་གོ །འདིའི་དུས་ན་འདོད་ཆགས་ཀྱི་དབང་གིས་གཅིག་ལ་གཅིག་ལྟ་བ་ལ་སོགས་པ་བྱུང་སྟེ། དེའི་དབང་གིས་གཅིག་ལ་གཅིག་བལྟས་ཤིང་བགད་པས་ཚིམ་པའི་འདོད་ཆགས་བྱུང་སྟེ། དེ་ལ་འགྲོ་བ་མང་དུ་མཆེད་དེ། དེ་ལས་ཀྱང་ཉོན་མོངས་པ་སྐྱེས་པའི་དབང་གིས་ལུས་ཀྱི་འོད་མོག་མོག་པོར་སོང་ནས་མི་གསལ། ས་ཚིལ་དེ་སྔར་རང་ནམ་འདོད་ཙམ་ན་སོང་ཞིང་ཟ་བ་ལས། ལེ་ལོ་ཅན་ཞིག་གིས་ནང་མ་འགའ་ཙམ་བླངས། དེ་ལས་ཞག་དང་། ཟླ་བ་དང་། ལོ་ཙམ་གྱི་བླངས་པས་དེ་ཡང་ནུབ་པ་ནི། དེ་ལེགས་སོ་ཞེས་གཞན་གྱིས་ཀྱང་བསླང་ཤིང་ཟོས་པས། ལེ་ལོ་དང་གསོག་འཇོག་གིས་དེ་ཡང་ནུབ་བོ། །དེ་ནས་བར་དེར་ལས་ཀྱི་དབང་གིས་གོས་དང་ཟས་གཉིས་མེད་པ་ཡང་ལོ་མང་དུ་གནས་སོ། །དེ་ནས་འགྲོ་བ་དེ་དག་ཀྱང་རབ་ཏུ་རིད་པ། ལུས་ཀྱི་སྟོབས་ཀྱང་མེད། འོད་ཀྱང་ཡལ་ནས་མུན་པར་གནས་པ་ནི་གཏི་མུག་གི་དབང་གིས་སོ། །དེ་ནས་བསོད་ནམས་ཀྱི་སྟོབས་ཀྱིས་ནམ་མཁའ་ལ་ཉི་མའི་སྣང་བ་ཤར་བས། འདི་ནི་ཉེ་རིང་དུ་མི་འོང་བར་མར་འདུག་ཅེས་ཉི་མར་བཏགས་སོ། །དེ་ནས་ཟླ་བ་ཤར་བས་འདི་ཡང་དེའི་ཟླ་བར་འདུག་ཞེས་བརྗོད་བས་ཟླ་བར་བཏགས་སོ། །འདི་ཡི་དུས་ན་ཟླ་བ་ཡང་དུས་མཚན་མོ་ཙམ་དུ་འཆར་ལ་དྲོད་དང་ལྡན་པར་ཡོད་པ་ལས། ཡང་འགྲོ་བ་ལས་འདི་ལྟར་གཉིས་དྲོ་བའི་སྣང་བ་ཡལ་ནས་བསིལ་བར་གྱུར་ཅིག་ཅེས་བརྗོད་པས། སྔོན་གྱི་སྨོན་ལམ་གྱི་དབང་གིས་དྲོད་ཀྱི་སྟོབས་འགགས་ནས་བསིལ་བར་གྱུར་ཏོ། །དེ་ལ་ལ་ལས་ཧ་ཅང་བསིལ་དྲགས་སོ་ཞེས་བྱས་པས་དེ་རང་ཡང་ཡར་སྐྱེ་མར་འགྲིབ་ཏུ་སོང་ངོ་། །དེ་ལ་བསོད་ནམས་ཀྱི་སྟོབས་ཀྱིས་འབྲས་ས་ལུ་བཟང་པོ་གཅིག་བཏབ་མ་དགོས་པར་སྐྱེ་སྟེ། ཟ་ཟ་ཞིང་འདུག་གོ །དེ་ཡང་ནང་རྔས་ན་ནང་རང་སྐྱེ། ནུབ་རྔས་ན་ནུབ་རང་སྐྱེ་བའོ། །དེའི་མཆོག་ཟོས་པས་ལུས་རབ་ཏུ་སྟོབས་དང་ལྡན་པར་གྱུར་ནས། གོས་སུ་རས་བལ་དེ་གཡོག་ནས་ཐགས་སུ་བྱས་ནས་གྱོན་པས། དེའི་དབང་གིས་འདོད་ཆགས་ནི་འཁྱུད་པའི་འདོད་ཆགས་བྱུང་ནས་དབང་པོའི་སྒོ་མ་སྦྱར་ན་མ་ཚིམ་པས། དབང་པོའི་སྒོ་སྦྱར་བ་དག་བྱུང་ངོ་། དེ་ལྟར་དབང་པོའི་སྒོ་སྦྱར་བ་ལ་གཅིག་ལ་གཅིག་ལྟས་པས། ངོ་ཚ་བའི་འདུ་ཤེས་སྐྱེས་པས། ཤིང་དང་རྡོ་ལ་སོགས་པས་སོ་སོའི་ཁང་བུ་བྱས་ཏེ་ལོགས་སྐྱར་རོ། །དེ་ལ་ནམ་མཁའ་ནས་བདུད་རྩིའི་སིལ་མའི་ཆར་བབ་པས་འཇག་མས་བཀབ་པས། ཁྱིམ་ལ་སྔ་བ་འཇག་མའི་སྤྱིལ་པོ་བྱུང་ངོ་། །དེ་ནས་འབྲས་ཀྱི་ཞིང་ལ་ང་རྒྱལ་ཅན་ཞིག་གིས་འདི་རྣམས་དབང་ཞེས་རི་མོ་བྱས་ཏེ། ཀུན་གྱི་བསྒོས་ནས་བྱས་སོ། །དེ་ནས་འདོད་ཆགས་ཀྱི་ཟླ་ང་རྒྱལ་བྱུང་ངོ་། །དེ་ལས་ལས་ངན་པ་རྣམས་ཀྱི་ཞིང་ངན་པ་ལས་མ་སྐྱེས་པས་མ་སོས། ལས་བཟང་པོ་རྣམས་ཀྱི་ནི་བཟང་དུ་ཤེས་པ་ལ། ངན་པའི་བདག་པོས་བརྐུས་པས་ཏེ། བརྐུ་འཕྲོག་གི་ལས་ཞེ་སྡང་གི་དབང་ལས་བྱུང་བས་དེ་ཡང་ནུབ་བོ། །དེ་ནས་ཤིང་གི་ཐོང་པས་རི་ལ་བརྐོས་ཏེ། འབྲུ་ལ་སྔ་བ་སོ་བྱུང་སྟེ། དེ་བག་ཙམ་བཏབ་ཅིང་ཟ། དེས་ཀྱང་མ་འཚོ་ནས་རྨོ་བརྐོའི་ལས་བྱུང་སྟེ། རི་རྩེ་མོ་ལ་འཇག་ཁྱིམ་བྱེད་ཅིང་ཡུན་འགའ་གནས་སོ། །དེ་ནས་རིམ་གྱིས་རི་རྐེད་ལ་སོགས་པ་ནས་ཐ་མ་ཁུང་དུ་ཁྱིམ་ལ་སོགས་པའམ་སོ་སོའི་ཞིང་ལ་སོགས་པར་བྱུང་ངོ་། །དེ་ཡང་དེ་དག་རིམ་གྱིས་ཡལ་བའི་དབང་གིས་འགྲོ་བ་འདི་དག་ནི་ཉོན་མོགས་པ་རགས་སུ་སོང་སྟེ། སྤྱོད་པ་ངན་པ་ལ་སྤྱོད་པ་དཔག་ཏུ་མེད་པའི་སྐལ་བ་ཐ་མ་ལས་བྱུང་ངོ་། །དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས། མི་དགེ་བ་བཅུ་ལ་སྤྱད་པའི་དབང་གིས་ངན་སོང་གསུམ་པོའི་སྐྱེ་གནས་རྣམས་ཀྱང་རིམ་གྱིས་ཆགས་སོ། །དེ་དཀྱུས་དང་སྦྱར་ན། འདོད་དང་ཞེས་པ་འདོད་པའི་ཁམས་འདོད་ཆགས་ལས་བྱུང་ལ། ཞེ་སྡང་ལ་གཟུགས་དང་ཞེས་པས་ལས་གཟུགས་ཀྱི་ཁམས་སུ་བྱུང་། གཏི་མུག་ལས་གཟུགས་མེད་ཀྱི་ཁམས་ཞེས་པས་སོ། །དེ་ལྟར་ཁམས་ནི་འདུས་པ་དང་འཚོགས་པ། གསུམ་ནི་གྲངས་ཏེ་གོང་དུ་བསྟན་ནོ། །དེ་ནི་ས་ཆུ་མེ་རླུང་ལ་བསྟན་པའོ། །ཡོད་ཞེས་རེས་གཟུགས་ཡོད་པའོ། །རེས་ཅི་ཡང་མེད་པ་དང་། རྣམ་པ་ནི་ཡུལ་ཤེས་པ་ནི་རིག་པ་ཙམ་མོ། །ཅུང་ནི་ནམ་མཁའི་རྡུལ་ཟད་ནས་མེད་པའི་ཕྱིར་རོ། །གཟུགས་རྡུལ་ཕྲ་རབ་ཏུ་མེད་ལ། ཁམས་ནི་ཤེས་བྱེད་མང་པོ་འདུས་པའོ། །དེ་ལས་ནི་ཡོད་མིན་མེད་མིན་ལས་སྐྱེས་ཏེ་རྣམ་པར་རིག་ཙམ་མོ། །གནས་པ་ལྷའི་གནས་གཙང་ནི་ས་རྡོའོ་བག་མེད་པ་ལ་སོགས་ནི་རིགས་ཀྱི་ལྷ་ལྔ་ལ་སོགས་པའོ། །གཟུགས་ཀྱི་ཁམས་ཀྱི་ལྷ་འོད་ཀྱི་ལུས་ཅན་ནི། གོང་གཟུགས་མེད་པ་ནས་འོག་མིན་གྱི་ལྷ་འོག་ཏུ་ནམ་མཁའ་ནས་ཐིག་པ་བབ་པའི་ཚུལ་དུ་མས་ཆད་པའོ། །དེའི་འོག་གཟུགས་ཁམས་གནས་རིགས་བཅུ་བདུན་མིན་པ་གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པ་ཁམས་ལྷ་རིགས་མི་འདྲ་བ་དྲུག་གོང་དུ་བསྟན་ནོ། །ལྷ་དང་ཞེས་པ་ལ་གཟུགས་མེད་ལ་སྐྱེ་མཆེད་མུ་བཞི་དང་། གཟུགས་ཀྱི་ཁམས་ལ་གནས་རིགས་བཅུ་བདུན་དང་། འདོད་པའི་ཁམས་ལ་རིགས་དྲུག་སྟེ་ཉེར་བདུན་ནི་ལྷའི་རིགས་སོ། །དེ་ཡང་ལྷ་ཞེས་བྱ་བ་ཁྱད་པར་དུ་བཟོད་པ་མཆོག་དང་ལྡན་པ་བསྒོམས་པ་ལས་བྱུང་བའོ། །ལྷ་མིན་ནི་གོང་མའི་ལྷ་མིན་ཀྱང་འདོད་པ་ཁམས་ཀྱི་ལྷ་རིགས་དྲུག་གི་གསུམ་མན་ཆད་ལ་རྩོད་པར་བྱེད་པས་ལྷ་མིན་ལ། དེ་དག་འཁོར་དང་ལོངས་སྤྱོད་མི་མཉམ་པས་མིན་ཞེས་བྱའོ། །འདི་ལ་ཡང་སྟོབས་ཆེན་གནོད་སྦྱིན་གྱི་རིགས་དང་། ཚེ་སྤྱོད་ལྷའི་རིགས་དང་། རྩུབ་འགྱུར་བདུད་ཀྱི་རིགས་དང་། གསོད་དགའ་སྲིན་པོའི་རིགས་ལ་སོགས་པ་ལྔ་ཡོད་དོ། །མི་ཞེས་པ་མངོན་པར་མཐོང་བའི་ཁྱད་པར་གྱིས་བསགས་པ་བསོད་ནམས་དང་ལྡན་པ་སྟེ། དེ་ཡང་ཉེ་བར་མཚོན་པ་གླིང་བཞི་ལ་རིགས་མི་འདྲ་བ་བཞི་ནི། ཁྱད་པར་གོང་མ་རྒྱལ་ཆེན་རིགས་བཞི་ལས་ཆད་བས་སོ། །དེ་ལས་ཀྱང་ལྷོའི་འཛམ་བུ་གླིང་ན་མི་བུ་རིགས་བཞིའི་དབང་བྱས་པ་ནི། རྒྱལ་ཁམས་འདི་ན་དང་པོ་འདི་ཡོད་ལ། བར་དུ་འདི་ཐ་མ་ཚེ་ལོ་འདི་ལ་དབང་བྱེད་དོ་ཞེས་བྱ་བ་ནི། བཀྲ་ཤིས་མཛེས་ལྡན་གྱི་སྐབས་སུ་བསྟན་པར་བྱའོ། །དེ་རྣམས་ནི་མིའི་འཇིག་རྟེན་ཞེས་བྱའོ། །མངོན་མཐོ་ནི་ལས་དགེ་བ་བཅུ་སྤྱད་པ་ལས་བྱུང་བའོ། །དེ་ནས་ནི་མི་ལ་གནས་དགེ་བཅུ་སྤྱད་པའི་དབང་གིས་གླིང་ལ། ལྷ་མིན་རིགས་གཉིས་ཏེ། འདོད་པའི་ལྷ་དང་། གཟུགས་གཉིས། གཟུགས་མེད་དང་མཐོ་རིས་གནས་བཅུའོ། །གསུམ་པ་ཞེས་པ་མི་དང་། ལྷ་མིན་རྣམས་སོ། །དེ་ལས་མི་ལས་དགེ་བ་བཅུ་ལས་བྱོལ་ནས། ངན་སོང་དུ་སོང་པའི་རིགས་བཞི་འམ་ལྔ་ནི། མི་དགེ་བ་བཅུ་སྤྱད་པ་ལས་བྱུང་བའོ། །ཡིད་ཞེས་ཡིད་ཀྱི་ལུས་ཡོད་པས་སོ། །དེ་ཡང་ཟས་དང་སྐོམ་ཡིད་ལ་བཏགས་པས་ན། ཡི་དྭགས་ཞེས་བྱའོ། དེ་ནི་བྱོལ་སོང་ལས་མཆེད་པའོ། །འདི་ལ་རིགས་བཞི་ཡོད་དོ། །དམྱལ་བ་ནི་སྡུག་བསྔལ་དང་ལྡན་པའི་ལུས་དེ་ཡང་ཡིད་བཏགས་ལས་ཆད་པའོ། །འདི་ལ་རིགས་ཉེར་གཅིག་ཏུ་བསྟན། ཐེག་པ་ཆུང་ངུ་ནས་བཅོ་བརྒྱད་བཤད་དོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་ལུས་ལ་སེམས་དང་ལྡན་པས་སེམས་ཅན་ཞེས་བྱ་བ་ལ། ཁམས་གསུམ་པོ་དེ་དག་སྐྱེས་པ་ནི་ཐོག་མ་བརྫུས་སྐྱེས་དང་། དེ་ནས་སྒོང་ང་ལས་སྐྱེས་པ་དང་། དེ་ནས་དྲོད་གཤེར་དང་། མངལ་སྐྱེས་དང་བཞི་ལས་སྐྱེས་སོ། །ད་ལྟ་ཡང་འདི་དག་ནི་མི་ལ་ཉེ་བར་མཚོན་པའོ། །འགྲོ་བ་རིགས་དྲུག་པོ་དེ་དག་ཀྱང་སྐྱེ་བ་བཞིས་བསྡུས་ཏེ། དེ་ལས་འགྲོ་བ་མེད་དོ། །ཞེས་ཉིང་དོན་བཞི་པ་དེ་ལ་བརྟེན་པ་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་པ་བསྟན་ནས། ད་ནི་ཉིང་ལག་གི་དོན་ལྔ་པ་དེ་ཡང་ཁྱད་པར་དུ་མི་ལུས་ཏེ་སྐལ་པ་དང་པོའི་མིའི་བསོད་ནམས་ཀྱི་ཚད་བསྟན་པ་ནི། དེ་ཡང་ཉེ་བར་མཚོན་པའོ། །བསྐལ་པ་ནི་ཡུན་ལ་བརྟེན་པ། དེས་གང་བསྐལ་ན་ཡེ་ཤེས་བསྐལ་པས་ན་བསྐལ་པ་ཞེས་བྱའོ། །དང་པོ་ནི་ཚེ་ལོ་དཔག་ཏུ་མེད་ནས་བརྒྱད་ཁྲི་ཡན་ཆོད་ཀྱི་མི། གཟུགས་ནི་ཁྲུ་ཚད་སུམ་ཅུ་རྩ་གཉིས། བཟང་ཞིང་གཞོན་ཤ་ཆགས་པ་ནི་ལང་ཚོ། །དཔེ་བྱད་ནི་གོང་མའི་ལྷའི་ལུས་ལས་གྱུར་པས་ལེགས་པ་དང་ལྡན་པའོ། །རང་ལས་བྱུང་བའི་འོད་ཀྱིས་འགྲོ་བ་དེ་དག་གི་ལུས་ཁྱབ་སྟེ། ཚེ་ལོ་འབུམ་པའི་དུས་ན་ནམ་འདོད་པ་ན་འཇོ་བའི་བ་བྱུང་། དེའི་འོག་ཏུ་བརྒྱད་ཁྲི་པའི་ཐོག་བསོད་ནམས་ཀྱི་ཟས་ས་ཚིལ་བྱུང་། དེའི་འོག་ཏུ་འབྲས་ས་ལུ་བྱུང་ངོ་། །དེ་དག་ཀྱང་སྔ་མའི་བསོད་ནམས་ལས་གྲུབ་པའོ། །དཔག་ཏུ་མེད་པ་ལས་སྐྱེ་བ་ནི་ལུས་འབྲེལ་པ། དགའ་ནི་ཁམས་གསུམ་ལས་དགུ་ཡོད་པས་སོ། །དེ་ལས་བྱེ་བ། དེ་ལས་ལོ་བརྒྱ་བརྒྱ་ན་རེ་རེ་བྲི་ནས་བྱེ་བ། དེ་ལས་འབུམ་པ། དེ་ལས་ཚེ་ལོ་ཡང་བརྒྱད་ཁྲིའོ། །དེ་ལས་རིམ་གྱིས་བྲི་ནས་ཐ་མ་བཅུ་པ་ལ་ཐུག་པའོ། །དེའི་དུས་ཚེ་ལོ་འབུམ་པ་ལ་ཕོ་དང་མོའི་དབང་པོའི་སྒོ་དོད་པ་ལ་སོགས་པའི་ཡོན་ཏན་གོང་དུ་བསྟན། ཞེས་ཉིང་དོན་ལྔ་པའོ། །ད་ནི་ཉིང་ལག་གི་དོན་དྲུག་པ་དེ་ནས་དེ་དག་ལོངས་སྤྱོད་ལ་སོགས་པ་བགས་ཀྱིས་བྲི་སྟེ་ད་ལྟའི་ལུས་འདི་ལ་ཐུག་བར་དུ་བསྟན་པ་ནི། དེ་ནས་ཉོན་མོངས་ཆེར་སོང་བས་འཁྲུལ་པའི་རྒྱུ་ཡུལ་དང་ཤེས་པ་གཉིས་ལས། འདོད་པ་ལ་ཡིད་གཡོ་བས། དེ་ལ་ལུས་སེམས་གཉིས་ཀ་ཆགས་ཏེ། ཚེ་ལོ་བརྒྱད་ཁྲི་ལ་བལྟས་པས་ཚིམ་པ་ལ་སོགས་པའི་ལུས་ཉོན་མོངས་པ་སེམས་ཀྱི་ལས་སུ་གྱུར་པ་ན། བགས་ཀྱིས་ནི་ཇེ་ཆེ་ལ་སོང་པའོ། །རགས་པ་ནི་ཞེ་སྡང་ལ་སོགས་པ་མངོན་དུ་འགྱུར་བ་ཉིད་དུ་འགྱུར་བའོ། །དེ་ནས་ཕོ་མོའི་དབང་པོའི་མཚན་མ་དོད་ནས་གཅིག་ལ་གཅིག་བལྟས་པས། བལྟས་པས་ཚིམ་པའི་ཆགས་ལས་སོགས་པ་འདོད་པའི་དབང་གིས་བྱུང་སྟེ། འགྲོ་བ་དེ་དག་གི་བསོད་པ་ལས་དང་བག་ཆགས་མེད་པ། ནམས་འཕེལ་བ་དང་བཅས་པ། དེ་ཟད་པའི་ཕྱིར་ལུས་ཀྱི་འོད་ལ་སོགས་ཟས་དང་། ལོངས་སྤྱོད་རྣམས་བྲི་ནས། དེ་ནས་ཚེ་ལོ་བརྒྱད་ཁྲི་པའི་འོག་ལ་གོང་མའི་ལྗོན་ཤིང་ལ་སོགས་པ་རིམ་གྱིས་ཡལ་ནས། སའི་ཚིལ་ཞག་སྦྲང་རྩིའི་རོ་དང་འདྲ་བ་གཅིག་བྱུང་ནས་དེ་ཟ། དེ་ཡང་ཡལ་ནས་འབྲས་ས་ལུ་བཟང་པོ་མ་བཏབ་པར་ལ་ཟས་སུ་ཟ་བ་ལ་སོགས་པ་ཟས་དེ་རྣམས་ལ་སྤྱོད་དོ་ཞེས་ཉིང་དོན་དྲུག་པའོ། །ད་ནི་ཉིང་ལག་གི་དོན་བདུན་པ་དེ་ལྟར་གྱི་གཟུགས་དེ་ཕུང་པོ་དང་ཉོན་མོངས་པ་ཆོས་མཐུན་གང་དང་ལྡན་པ་བསྟན་པ་ནི། གོང་དུ་བསྟན་པ་དེ་ལྟར་འཇིག་པ་ཆུ་རྟེན་པ་རླུང་ལ་རྟེན་པ། ས་འོག་གི་དང་། ས་བླ་དང་། ས་སྟེང་དང་གསུམ་པོའི་མི་ཉིད་ནི། ཕུང་པོ་གཟུགས་རྡུལ་དང་། འཕྲ་རབ་འདུས་པ་དང་། རྣམ་ཤེས་འཚོགས་པ་དུ་མ་འདུས་པས་ཕུང་པོའོ། །ཚོར་བ་མྱོང་རེག་སྣ་ཚོགས་འདུས་པས་ཕུང་པོ། །འདུ་ཤེས་གཅིག་དང་ཐ་དད་པ་འདུས་པས་ཕུང་པོ། འདུ་བྱེད་རྟོག་དཔྱོད་སྣ་ཚོགས་པ་འདུས་པས་ན་ཕུང་པོ་སྟེ་ལྔ་དང་། མིག་ཆུའི་སྨིན་སོ་དང་། རྣ་བ་རླུང་དང་། སྣ་སའི་དང་། ལྕེ་མེའི་དང་། ལུས་སྣ་ཚོགས་འདུས་པའི་དབང་པོ་ལྔའི། དེ་ཡང་རིགས་ལྔའི་རྒྱུ་མ་དག་པ་ལས་བྱུང་ལ། དབང་པོ་ནི་རིགས་ཀྱི་བདག་པོ་ལྔ་མ་དག་པ་ལས་བྱུང་པའོ། །མགོ་ལ་སོགས་པ་ཡན་ལག་ལྔ་ཡེ་ཤེས་ལྔའི་རྩལ་མ་དག་པ་ལས་བྱུང་། སྙིང་ལ་སོགས་པ་དོན་སྙིང་ལྔ་ནི་འོད་ལྔའི་མཚན་ཉིད་མ་དག་པ་ལས་བྱུང་། གཟུགས་ལ་སོགས་པའི་ཡུལ་ལྔ་དང་ནི་འོད་ལྔའི་སྣང་བ་རང་སྣང་དུ་མ་ཤེས་པ་ལས་བྱུང་ངོ་། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་མ་དག་པ་ལས་བྱུང་། སྣ་ཚོགས་སུ་སྡུད་པའི་སེམས་ལ་སོགས་པ་ལྔ་ནི། ཆོས་ཉིད་ཀྱི་གདངས་ལྔ་མ་དག་པ་ལས་བྱུང་། ཀུན་དུ་འཚོལ་བྱེད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་བའོ། །བསམ་དྲན་བས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང་། ཤེས་པ་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང་། ཆོས་རྣམ་པར་སེམས་དཔའ་དང་བཅས་པ་ལ་བདག་ཏུ་རྟོག་པ་ནི་ལྔ་ནི་འགྱུ་བ་མཆེད་པ་ལས་བྱུང་བའོ། །ལུས་ལ་འཚོགས་པའི་ཆོས་དེ་དག་གིས་གཟུང་བ་ཡུལ་དང་། འཛིན་པ་སེམས་དང་གཉིས་འདུས་པས་འཁོར་བའི་སེམས་ཅན་ཉིད་དུ་གྲུབ་བོ། །འཁྲུལ་པ་ནི་མ་རིག་པ་ལས་བྱུང་བ་གཉིས་ནི་ཡུལ་སེམས་ཀྱི་སྣང་བ་དེ་ལྟ་བུ་བྱུང་བའོ། །དཔེར་ན་ཟོ་ཆུའི་འཁོར་ལོ་ལྟར་ཐུར་དུ་འགྲོ་བའི་འཁོར་ལོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར་རོ། །དེ་ཡང་གཅིག་ཏུ་བརྒྱུད་དེ། ལུས་མི་འདྲ་བ་ཐ་དད་པ་བླངས། དེ་ཉིད་ལ་ཆགས་པའི་དབང་གིས་འཁོར་བ་དེ་ཉིད་ལ་ཡུན་རིང་བ་དེ་ཉིད་བསྐལ་པ་དཔག་ཏུ་མེད་པ་རིང་པོར་གནས་པ་ནི། རང་འ བྱུང་གི་ཡེ་ཤེས་རང་ལ་སྣང་བར་མ་ཤེས་པ་ལས་བྱུང་བའོ། །ཞེས་ཉིང་དོན་བདུན་པ་བསྟན་ནས། ད་ནི་ཉིང་དོན་བརྒྱད་པ་དེ་ལྟར་སྣོད་བཅུད་ཀྱི་འཁྲུལ་པ་ཉིད་རང་གྲོལ་ཡིན་པར་དཔེའི་སྒོ་ནས་གཏན་ལ་ཕབ་སྟེ་བསྟན་པ་ནི། དེ་ལྟར་གང་གི་ཕུང་པོ་དང་ཁམས་ལ་སོགས་པའི་སྣང་བ་ནི་སྤྱི་པའི་གཞི་ལ་འདི་ལྟར་ལྡོག་པ་རྒྱས་པར་བཤད་པ་ནི་ལུས་ཀྱི་འཚོགས་པའི་ཆོས་དེ་དག་ལ་བརྟེན་ནས། སེམས་ཀྱི་འཁྲུལ་པ་སྣ་ཚོགས། ཡོད་པ་དང་། མེད་པ་དང་། རྟོག་པ་དང་། མི་རྟོག་པ་རྣམས་ནི། དཔེར་ན་ནམ་མཁའ་དག་པའི་དུས་སུ་སྒོར་ཐོན་པས་མིག་རབ་རིབ་ཏུ་སོང་བའི་དབང་གིས། ཐག་པ་ལས་ནི་སྦྲུལ་དུ་མཐོང་བས་རབ་ཏུ་བསྔངས་ནས་ལོག་སྟེ། རྣམ་དག་ནས་ཐག་པར་མཐོང་བ་བཞིན་དུ། ཐག་པ་དེ་སྦྲུལ་མ་ཡིན་པ་ལ་སྦྲུལ་དུ་བཟུང་བ་ལྟར། དེ་ཡང་ཕྱི་སྣོད་དུ་འཛིན་པ་ཡང་མེད་པ་ཉིད་ལས་ཡོད་པར་འཛིན་པའི་ཤེས་པའོ། །ནང་བཅུད་ཀྱི་སེམས་གཉིས་སུ་ཆགས་པ་འདི་ཡང་མི་བདེན་པ་སྟེ། མེད་པའི་དོན་སྣང་བ་སྟེ་རྨི་ལམ་གྱི་རྣམ་པ་དང་འདྲ་བའོ། །དེ་ཡང་དག་པར་བརྟག་ན་ཐག་པ་ཉིད་དུ་བདེན་པར་ཤེས་པ་ལྟར། རིག་པ་ཉིད་ལ་ཡེ་ནས་སྣོད་བཅུད་དུ་གྲུབ་སྟེ། ཡེ་ནས་སྟོང་པའི་ཕྱིར་རོ། །ཞེས་ཉིང་དོན་བརྒྱད་པ་བསྟན་ནས། ད་ནི་ཉིང་ལག་གི་དོན་དགུ་པ་བདེན་པ་གཉིས་ཀྱི་དོན་དགག་སྒྲུབ་མེད་པར་བསྟན་པ་ནི། དེ་ཡང་བརྟགས་པས་ཐག་པར་བདེན་པ་ལྟར་དོན་དམ་པའི་ཆོས་སུ་བདེན་ལ། འདི་ལ་ཡང་ངོ་བོ་ངེས་ཚིག་དབྱེ་བ་གསུམ་དུ་གཏན་ལ་ཕབ་པ་འདུག་སྟེ་འདིར་མི་སྤྲོའོ། །ཀུན་རྫོབ་སྣང་ཚད་ཙམ་དུ་བདེན་ལ། ཡང་དག་པར་མ་གྲུབ་བོ། །གཟུགས་ནི་དོན་དམ་པར་སྨྲ་བསམ་བརྗོད་པ་ལས་འདས། ཀུན་རྫོབ་སྣང་ཤེས་སྣ་ཚོགས་པ་ཅན་དུ་བྱུང་བའོ། །དེ་ཡང་དཔེར་ན་སྦྲུལ་མཐོང་པའི་དུས་སྦྲུལ་དུ་མཐོང་བ་ཙམ་གྱིས་བདེན་པ་བཞིན་དུ། ཀུན་རྫོབ་སྣང་ཚད་ཙམ་དུ་བདེན་ལ། ཐག་པ་མཐོང་བ་དོན་དམ་པ་ཡང་དག་པ་ཉིད་དུ་བདེན་པ་ནི། དོན་དམ་པའི་ཆོས་ཉིད་དོ། །དེ་ཡང་སེམས་ཅན་ཞེས་དཔེར་ན་མཐོ་ལ་བྱ་ཆགས་པས། མཐོ་བྱ་ཅན་ཞེས་བྱ་བར་སོང་པ། ལུས་དང་སེམས་འདུས་པས་སེམས་ཅན་དུ་སོང་པས་སོ། །བྱ་འཕུར་བས་འཐོ་དང་བྱ་ལ་འབྲེལ་བ་མེད་པ་བཞིན་དུ་ལུས་སེམས་གཉིས་ལ་ཡང་འབྲེལ་པ་མེད་དོ། །དེ་ཡང་བདེན་པ་གཉིས་ཀྱང་དོན་དམ་པའི་ངོས་ནས་འབྲེལ་བ་མེད་དོ། །དེ་རང་བཞིན་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །འཇིག་རྟེན་པའི་ངོས་ནས་ཀུན་རྫོབ་ཙམ་དུ་བདེན་པ་སྟེ། ཡང་དག་པ་ཉིད་ལ་དོན་དམ་དང་ཀུན་རྫོབ་གཉིས་ལ་འབྲེལ་པ་མེད་དོ། །ཅིའི་ཕྱིར་མེད་ན། ཀུན་རྫོབ་རྣམ་པ་དང་ཡང་འཁྲུལ་པ་ལ། དོན་དམ་པ་མ་འཁྲུལ་པ་ཡང་དག་པ་ཡིན་པས་སོ། །ཞེས་ཉིང་དོན་དགུ་པ་བསྟན་ཏོ། །ད་ནི་ཉིང་ལག་གི་དོན་བཅུ་པ་དེ་ལྟར་སྣོད་བཅུད་ཐམས་ཅད་དག་པའི་དབྱིངས་སུ་ཡེ་ནས་གྲོལ་བ་ཡིན་པར་བསྟན་པ་ནི། རླུང་ལ་སོགས་པ་སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། ཡེ་ནས་སྟོང་པ་ལས་མ་གཏོགས་པ་གང་ཡང་མེད་པ། དེ་ཡང་སྣོད་ཀྱི་འཇིག་རྟེན་ཇི་ལྟར་གྲོལ་ཞེ་ན། དེའི་ངོ་བོ་ཡེ་ནས་འཁྲུལ་མ་མྱོང་པས་ཀ་དག་ཏུ་རྟོགས་པས་ཐམས་ཅད་རང་གྲོལ་བ་ལས་གཞན་པའི་ཆོས་མེད་དོ། །འདོད་ཁམས་ལ་སོགས་ཁམས་གསུམ་ཇི་ལྟར་གྲོལ་ཞེ་ན། དེ་ཡང་རང་གི་རིག་པ། ངོས་བཟུང་མེད་པས་སྟོང་ཉིད་དུ་རང་དག །གཟུགས་ཀྱི་ཁམས་འོད་གསལ་དུ་རང་གྲོལ། འདོད་པའི་ཁམས་ཤེས་རིག་ཏུ་རང་གྲོལ། གཟུགས་མེད་པའི་ཁམས་སྟོང་པ་ཉིད་དུ་རང་གྲོལ། གཟུགས་ཀྱི་ཁམས་འོད་གསལ་ཆེན་པོར་རང་གྲོལ་བ་ནི་ཆོས་ཉིད་ཁྱབ་ཆེ་བ་ལས་བྱུང་བའོ། །དེ་ཡང་བཅུད་ཀྱི་སེམས་ཅན་དེ་རྣམས་སྙིང་པོ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་གྲོལ་ཏེ་ཆོས་ཉིད་དུ་དྲིལ་བ་ལས་བྱུང་བའོ། །སེམས་ཅན་གྱི་གཟུགས་དེ་དག་ཇི་ལྟར་གྲོལ་ཞེ་ན། གོང་དུ་བསྟན་པའི་ཕུང་པོ་ལྔ་ལ་སོགས་པ་མིའི་ལུས་ཀྱི་མཚན་ཉིད་གྲོལ་ལུགས་ནི། དེ་ལ་འགྲོ་བའི་ལུས་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་གནས་པ་དེ་ཉིད་ལ། ཕུང་པོ་ལྔ་སྐུར་ལྔར་གྲོལ་བ་ནི། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གྲོལ་བ་ལ་སོགས་པའོ། །དབང་པོ་ལྔ་ཡེ་ཤེས་ལྔར་གྲོལ་བ་ནི། མིག་གི་དབང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་བ་ལ་སོགས་པ་ལྔ་དང་ནི་ཞེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་ལྔ་འོད་ལྔར་གྲོལ། དོན་ལྔ་ཁ་དོག་རྣམ་པ་ལྔར་གྲོལ་བའོ། །ཉོན་མོངས་པ་ལྔ་ཆོས་མ་བཅོས་པ་ལ་སོགས་པ་ལྔར་གྲོལ་ལོ། །ཡན་ལག་ལྔ་ཡེ་ཤེས་ཀྱི་རླུང་མེ་དང་མཉམ་པ་ལ་སོགས་པ་ལྔར་ཉིད་དུ་གྲོལ་ལོ། །ངོ་བོ་སྐུ་ལྔར་སྣོད་ལྔར་གྲོལ། རང་བཞིན་འོད་མདངས་ལྔར་འབྱུང་བ་ལྔར་གྲོལ། ཐུགས་རྗེ་ནི་རང་བཞིན་ཤུགས་དང་། རྐྱེན་ཡུལ་དང་ཕྲད་པའི་དང་། བསྐུལ་ཞིང་གསོལ་བཏབ་ཀྱི་དང་། མཛད་པ་སྣ་ཚོགས་པའི་དང་། གདུལ་བྱ་མོས་འགྱུར་གྱི་ཐུགས་རྗེ་དང་ལྔར་མེ་ལྔ་གྲོལ་བས་ནི་ཀུན་ལ་ཁྱབ་པའོ། །དེ་ལྟར་གྲོལ་བའི་ཆོས་ཉིད་ལ་དྲན་པ་མེད་པས་ཡིད་ཀྱི་འགྱུར་བ་ཉིད་ཀྱང་མེད་པ་ནི། རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཆོ་འཕྲུལ་ལ་མ་གཏོགས་པ་མེད་དོ། །དེ་ཡང་ངོ་བོ་ལས་རང་བཞིན་གྱི་སྣང་བ་དེ་ལས་ཐུགས་རྗེ་བྱུང་བའོ། །དེ་ཡང་རིག་པ་ཡང་རང་བཞག་པས་ཐམས་ཅད་གྲོལ་བ་དེའི་ངང་མ་བཅོས་པར་འདུ་བའོ། །དེ་ཡང་གཅིག་རང་ནི་ཆོས་སྐུ་སྟོང་པ། དེ་ལས་བྱུང་བའི་འཁོར་འདས་གཉིས་ནི་ངོ་བོ་ཐིག་ལེ་ཉག་གཅིག་ལས་མ་གཏོགས་པའི་ཆོས་མེད་དོ། །ཞེས་ཡན་ལག་གི་དོན་དྲུག་པ་དེ་ཉིད་ལ་གཉིས་སྣང་ཇི་ལྟར་ཡིན་པར་བསྟན་པ་ལ་ཉིང་ལག་གི་དོན་བཅུར་བྱས་ན་བསྟན་ཏོ། །ཞེས་མུ་ཏིག་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ཏོ། །ལེའུའི་མཚན་ནི་གནས་ལུགས་ནི་ངོ་བོ་ཀ་ནས་དག་པ་ལ་འཁྲུལ་རྒྱུ་མེད་ཀྱང་། དེའི་རང་བཞིན་འཁྲུལ་བ་རང་རྫོགས་སུ་བསྟན་པ་ནི། སྣང་ལུགས་ཀྱི་ཆོས་ཐམས་ཅད་རྫོགས་པར་བསྟན་པའོ། །ལེའུ་གཞུང་གི་མཚམས་ཕྱེད་པར་བྱེད་པ་སྟེ། ལེའུ་དེ་ལ་བསྡུས་པའི་དོན་གཉིས་སུ་བྱས་ཏེ། ཡན་ལག་གི་དོན་དྲུག་ཏུ་བྱས་པ་ལ། ཉིང་ལག་གི་དོན་སུམ་ཅུ་རྩ་གཉིས་སུ་བྱས་ནས་གཞུང་གི་ལེའུ་ཚིག་དང་ཡི་གེར་བཅད་ནས་བསྟན་པའོ། །ལྔ་པ་ནི་གཞི་ལས་གཞན་དུ་གྱུར་པ་དྲུག་གི་གོང་མའོ། །མུ་ཏིག་རིན་པོ་ཆེ་གསལ་བར་འབྱེད་པར་བྱེད་པ་ལས་ལེའུ་ལྔ་པའི་དོན་རྣམས་པར་ཕྱེ་བའོ། །རྫོགས་སོ།། །།རྒྱ་རྒྱ་རྒྱ།
༅། མཐགཔཾམེ།༔྅྅྅ ད་ནི་ལེའུ་དྲུག་པ་མུ་ཏིག་གསལ་བར་དབྱེ་བ་ནི། ལེའུ་དྲུག་པ་སེམས་ཅན་གྱི་སྣང་ཐབས་བསྟན་པའི་ལེའུ་ལ་བསྡུས་པའི་དོན་གསུམ་གྱིས་བསྟན་ཏོ། །དང་པོ་དྲི་བ་དང་བཅས་པའི་དགོངས་པ་ངོ་བོ་ཉིད་ཀྱི་གནས་ལུགས་བསྟན་པ་དང་། གཉིས་པ་ངོ་བོ་ཉིད་དེ་འཆིང་བྱེད་ཀྱི་དྲི་མ་གང་ཡིན་པར་བསྟན་པ་དང་། གསུམ་པ་སེམས་ཅན་གཞི་ལམ་འབྲས་བུ་གསུམ་ཇི་ལྟར་ཚང་པར་བསྟན་པའོ། །དང་པོ་ལ་ནང་དོན་དགུས་བསྟན་པའི་དང་པོ། དྲི་བ་མདོར་བསྟན་པ་ནི། རྡོ་ནི་ཆགས་པ་རྗེ་ནི་དེ་གཅོད་པར་བྱེད་པ། འཛིན་པས་ཆགས་པ་གཅོད་བྱེད་ཀྱིས་སྡུད་པ་པོ་ཞེས་བྱའོ། །གསོལ་བ་ནི་སྟོན་པ་ལ་ཞུས་པ། ཀྱེ་ཞེས་གསོལ་བ་བཏབ་པའི་ཚུལ་གྱིས་བོས་ནས། རྡོ་སྟོང་པ་རྗེ་གསལ་བ། འཆང་བ་གསལ་སྟོང་དབྱེར་མེད་པའི་སྟོན་པ་ཆེན་པོ་ཞེས་བོས་ནས། གསང་བ་དེའི་དོན་གསང་བ་ཙམ་གྱིས་དངོས་གྲུབ་འབྱུང་ལ། དེ་སྐལ་ལྡན་གྱི་རྣ་བར་བསྒྲགས་པ་ཙམ་གྱིས་ངེས་ཤེས་བསྐྱེད་པར་བྱེད་པ། དེ་ཉིད་ལ་དབང་བསྐུར་བས་བདག་ཅེས་བྱའོ། །འཁོར་བའི་ལས་དང་ཉོན་མོངས་པ་སངས་པས་འདས་པའི་སྐུ་དང་ཡེ་ཤེས་སུ་རྒྱས་པ། ཀུན་འདས་པ་དང་མ་འོངས་པ་དང་། ད་ལྟའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་པ་ཉིད་ཅི་ལ་གསུང་པ་ལགས་ཞེས་པ་དང་། དེ་ཉིད་ཀྱི་ངོ་བོའི་དོན་ནམ་གནས་ལུགས་སམ་དགོངས་པ་ཇི་ལྟར་ལགས། ཞེས་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་ལྔའི་དྲི་མ་ཡིས་ཁམས་གྱི་སེམས་ཅན་ཇི་ལྟར་འཆིང་བར་འགྱུར་བ་ལགས་ཞེས། ཉོན་མོངས་པ་བཅོམ་པའི་ཡེ་ཤེས་ལྔ་ལྡན་འཁོར་འདས་ཀྱི་མཐའ་ལས་འདས་པའི་བསྟན་པས་བདག་སྔར་མ་འཚལ་བས་འདི་གཉིས་གསུངས་དང་དྲིས་སོ། །ཞེས་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་ལན་བཀའ་སྩལ་པ་མདོར་བསྟན་པ་ནི། །བཅོམ་ལྡན་འདས་ལ་སོགས་པ་ཚིག་བཞི་འོག་ནས་སྟོན། ད་ནི་ནང་དོན་གསུམ་པ་ངོ་བོར་རང་བཞིན་གྱི་དོན་རྒྱས་པར་བཤད་པ་བསྟན་པ་ནི། དེ་ཡང་ངོ་བོ་ནི་ཀ་ནས་དག་པའི་རིག་པའི་ཡེ་ཤེས་སུ་རང་སྣང་ལ། རང་བཞིན་ནི་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པ་མི་བསྐྱོད་པ་ལ་སོགས་པའི་སྐུ་ལྔ་ལྡན་ནི། དེའི་འབྲས་བུ་སྤྲོས་པ་ཐམས་ཅད་ཀྱི་མཐའ་ཉེ་བར་ཞི་བས་ཐིག་ལེ་ལས་བྱུང་བ། ཉག་དེའི་དོན་རྟོགས་པ། གཅིག་དུ་མ་ཐ་དད་བྲལ་བའོ། །དེའི་སྣང་བ་ཆོས་ཉིད་ལ་ཟུང་འཇུག ཡུལ་དང་རིས་མེད་དེ། དེའི་དངོས་པོ་སྟོང་པ་ལ་རང་བཞིན་འོད་གསལ་བའོ། །རང་གྲོལ་གྱི་ངོས་ནས་སྟོང་པའི་ངོ་བོ་ཆོས་ཉིད་རྟོག་པ་དང་བྲལ་བ་ལས་ནི་རྟོགས་པ་གཅིག་ཆར་ཤར་ཏེ། དེའི་རིགས་ཀྱི་སྣང་བ་ཉིད་ལ་འཆར་ལུགས་རིམ་གྱིས་སོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་རིག་པའི་ངོ་བོ་དེ་ཉིད་ལ་ཁྱབ་ཅིང་དེ་ཉིད་ལ་ཐམས་ཅད་རྫོགས་པ་ནི་དྲི་མའི་མཐའ་གང་གིས་ཀྱང་མ་གོས་པར་བསྟན་པ་ནི། རིག་པའི་ངོ་བོ་དེ་ཡང་ཆོས་ཉིད་སྟོང་པ་སེམས་ཅན་ཀུན་ལ་ཁྱབ་པ་ཕྱི་རོལ་པ་མཐར་འཛིན་པའི་རྡུལ་དང་མུན་པ་དང་། སྙིང་སྟོབས་དང་བྲལ་བའི་ཆོས་ཉིད་ལ་དེའི་རང་བཞིན་གྱི་སྣང་བ་ཡེ་ཤེས་དང་། ཡེ་ཤེས་ལས་བྱུང་བའི་འོད་དུ་གསལ་ལོ། །དེ་ལྟར་ངོ་བོ་རང་བཞིན་གཉིས་ཐབས་ཤེས་རབ་དུ་བྱུང་བ་ལ་མ་རིག་འཁྲུལ་པའི་དྲི་མ་དང་བྲལ་བའི་ཆོས་ཉིད་ནི། ཀ་དག་འཕྲུལ་མ་མྱོང་བའོ། །དེ་ཡང་མི་འགྱུར་པའི་རིག་པ་ཉིད་ཆོས་སྐུར་བྱུང་ལ། དེ་ཉིད་སྒྲོན་མ་ལ་བརྟེན་ནས་ཉམས་སུ་བླང་པས། ལུས་ངག་ལ་བདེ་བ་ཆེན་པོའི་དྲོད་རྟགས་འཆར་ཏེ། ས་རྡོ་རི་བྲག་གི་དངོས་པོའི་མཐའ་རྡུལ་ཕྲ་རབ་རྣམས་སྟོང་པ་ནི་ཉམས་སུ་བླང་བ་ལས་བྱུང་བའོ། །དེ་གཞན་ལ་མ་བརྟེན་པས་རང་བྱུང་ཤེས་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པས་རིག་པ་སྟེ། མཁྱེན་པ་ཐམས་ཅད་དུ་གསལ་བ་ཡིན་ལ། མཆོག་ཏུ་གྱུར་པས་རྒྱལ་པོ་སྟེ། དགེ་བརྩེགས་གཞན་ལ་རག་མ་ལུས་པའོ། །མཐོ་དང་ཐམས་ཅད་རང་བྱུང་ཡིན་པས། དམའ་བ་རང་གྲོལ་བའི་གནད་ཡུལ་ཐམས་ཅད་རྣམ་པར་དང་པས་བརྗོད་པ་ལས་འདས་པས་ཚིག་གི་སྤྱོད་ཡུལ་མ་ཡིན་པའོ། །ཞེས་ནང་དོན་བཞི་བའོ། །ད་ནི་ཉིང་དོན་ལྔ་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པས་འཁོར་འདས་ཐམས་ཅད་དེ་ཉིད་ལས་བྱུང་ཞིང་དེ་ཉིད་ཀྱི་རྒྱན་ནམ་རོལ་པར་བསྟན་པ་ནི། གཞི་གནས་རང་འབྱུང་གི་ངང་རང་བྱུང་གི་རིག་པ་ཉིད་ལོ་ཀའི་བྱ་བ་དང་བྱེད་པ་སངས་པས། ཉམས་དང་རྟོགས་པ་རྒྱས་པའི་དགོངས་པ་ནི་མ་བཅོས་རང་སར་གྲོལ་བའོ། །རིག་པ་ཉིད་ཡེ་སངས་རྒྱས་པས་འཁོར་བ་ཡང་ང་རང་འབྱུང་གི་ཡེ་ཤེས་ལས་མ་འདས། དེ་ལྟར་ན་མྱ་ངན་འདས་པ་ཡང་ང་རང་རིག་པའི་ཡེ་ཤེས་མ་གཏོགས་པ་མེད་དོ། །གཞི་རིག་པ་དེ་ཉིད་མཚོན་བྱ་ལྟར་སྣང་བས་ཆོས་འཁོར་བ་དང་། མྱ་ངན་ལས་འདས་པ་ཡང་ང་རིག་པའི་ཡིན་ལ། དེ་མ་ཡིན་པའི་ནག་པོའི་ཆོས་མིན་པ་རྣམས་ཀྱང་ང་རིག་པའི་ཡེ་ཤེས་ཉིད་དོ། །དེ་ཡང་གདེང་རྙེད་པའི་རྣལ་འབྱོར་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་ཡ་ང་ཞིང་བག་ཚ་བ་མེད་པ་ནི། རིག་པ་ཉིད་ཡེ་ནས་སངས་རྒྱས་པ་ལ་འཁོར་བ་མ་གྲུབ་པའོ། །དེ་ལ་སོགས་པ་ལས་ངན་པས་སྡུག་བསྔལ་དང་ལྡན་པར་སོང་བ་ཡང་ང་རང་འབྱུང་གི་ཡེ་ཤེས་ལས་མ་གཏོགས་པ་མེད་པ་ནི། རིག་པ་ལ་རྒྱུ་མེད་པར་རྟོགས་པའི་གནད་ལས་བྱུང་བའོ། །དཀྱིལ་རིག་པ་འཁོར་ཡེ་ཤེས་ལ་རང་དབང་དུ་གྱུར་པ་ནི། རང་ལུས་ལྷ་དང་འབྲལ་བ་མེད་པར་གནས་པ་ནི། རྩ་བ་ཁྱབ་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོས་སོ། །རང་བཞིན་རྩལ་གནས་པའི་ཡི་གེ་ལ་བརྟེན་ནས་ངག་ཏུ་ཅི་བརྗོད་པ་སྔགས་ཀྱི་བཟླས་པར་སོང་པས། ཚིག་ཏུ་ཅི་བརྗོད་པ་ཉིད་ཀྱང་ང་རང་འབྱུང་གི་ཡེ་ཤེས་མ་གཏོགས་པ་མེད་པ་ནི། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པ་ལས་བྱུང་བའོ། །དེ་ཡང་སངས་རྒྱས་དཀོན་མཆོག་གི་དབྱེ་བ་དང་། ངོ་བོ་དང་། ངེས་ཚིག་འཐད་པའོ། དབྱེ་བ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་པའི་སྐུའི་སངས་རྒྱས་དང་གསུམ། དེ་ལ་ཆོས་སྐུའི་ཞིང་ཁམས་དང་། རྣམ་འཕྲུལ་གྱི་དབྱེ་བ་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །ངེས་ཚིག་ནི་ལས་དང་། ལས་ཀྱི་བྱེ་བྲག་སངས་པས་ན་སངས་ཞེས་བྱ་བ་ལ། ཡང་དག་པའི་ཡོན་ཏན་རྣམས་ཀྱིས་རྒྱས་པས་ན་རྒྱས་ཞེས་བྱའོ། །ངོ་བོ་ཡང་སྤང་བྱ་ལས་འདས་ནས་བསྒྲིབ་བྱེད་གང་གིས་ཀྱང་མ་བསྒྲིབས་པར་བཞུགས་སོ། །འཐད་པ་ནི། འཁོར་འདས་ཀྱི་རྟོག་པ་སངས་པ་དང་། རྣམ་པར་བྱང་བའི་ཡོན་ཏན་གྱིས་རྒྱས་པས་འཇིག་རྟེན་ན་དཀོན་པ་དང་། དེ་ལ་གཞན་གྱིས་བསྐུར་བར་འོས་པས་མཆོག་ཡིན་ནོ། །ལས་བསགས་པ་ནི་ཆོས་ཏེ། དབྱེ་བ་ནི་བསྒྲུབ་པའི་ཆོས་ཡན་ལག་བཅུ་གཉིས། ལམ་གྱི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ། དོན་དམ་པའི་ཆོས་ཞི་བ་མྱ་ངན་ལ་འདས་པ་ནི། ཐེག་པ་ཆུང་ངུའི་ལུགས་སོ། ངོ་བོ་ནི་བརྗོད་བྱའི་དོན་ཕུན་སུམ་ཚོགས་པའོ། །ངེས་ཚིག་ནི། ལུས་ངག་ཡིད་ཁྱད་པར་གྱིས་ལམ་སྲོལ་དུ་འཇུག་པ་ཡན་ཆོས་སོ། །འཐད་པ་ནི། ཆོས་ཀྱི་ཡུལ་ཆོས་ཉིད་དེ་འདྲེས་པར་བྱས་ནས། ཁམས་གསུམ་ལས་དབུགས་འབྱིན་པར་བྱེད་པས་ཏེ། དེའི་དོན་ཆོད་པ་འཇིག་རྟེན་ན་དཀོན་པ་སྟེ། དེ་ལས་ཡར་ལྡན་དུ་འཕེལ་བས་ན་མཆོག་ཅེས་བྱའོ། །དགེ་འདུན་གྱི་དབྱེ་བ་ནི། ཐེག་པ་ཆུང་བའི་དབང་དུ་བྱས་ན། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ངོ་བོ་རྟག་པར་བརྟེན་ནས་དོན་ཉིད་ལ་སྦྱོར་བའོ། །ངེས་ཚིག་ནི་དགེ་བ་ལ་དུས་ཐམས་ཅད་དུ་འདུན་པ་སྐྱེད་པ་སྟེ། དེ་ལྟར་རྟག་ཏུ་བྱེད་པ་དཀོན་པ་དང་། དེ་ལས་འབྲལ་བ་མེད་པར་ཆེད་དུ་བྱེད་པ་ནི་མཆོག་ཡིན་ནོ། །དེ་དག་གསུམ་ཀྱང་ང་རིག་པ་ལས་མ་གཏོགས་པར་ལོག་ན་མེད་དོ། །རང་བྱུང་ཤེས་རིག་གི་རྒྱལ་པོ་སྟོན་པ་སྟེ། རིག་པ་ལས་མ་གཏོགས་པའི་ཤེས་བྱ་ལོག་ན་མེད་པའི་ཕྱིར། སྒོ་ལྔའི་ཡུལ་རྗེས་སུ་འགྲོ་བ་ལྡོག་པ་ལས་མ་གཏོགས་པ་གཞན་མེད་པས་འཁོར་དུ་ཡང་བྱུང་ལ། དེ་ཉིད་ལ་བརྟེན་ནས་ཡུལ་དུ་རྟོག་པའི་འཛིན་པ་དང་བྲལ་བར་བྱེད་པ་ནི། རྩ་རླུང་ཐབས་ཀྱི་བདེ་བ་ལ་བརྟེན་ནས་བུ་ཐ་བས། བསྟན་པ་ཡང་ང་གཞི་འཛིན་པའི་རིག་པ་ལས་མ་གཏོགས་པ་གཞན་ན་མེད་དོ། །ཡུལ་དང་ཡུལ་ཅན་རང་དག་ཏུ་ཤེས་པས་རང་གི་འཁོར་སྡུད་པར་བྱེད་པའི་སྡུད་པ་པོ་ཡང་རིག་པ་ཉིད་དོ། །རིག་པ་དེ་ཉིད་ཐབས་དུ་མ་ལྟར་སྣང་བས་ལྟ་བ་དང་། དེ་ལ་མ་ཡེངས་བར་གནས་པས་སྒོམ་པ་དང་། དེ་ལ་དུས་རྒྱུན་དུ་བྱེད་པས་སྤྱོད་པ་ཡང་ང་རིག་པ། དེ་ཉིད་ལ་དབང་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་ཀྱང་རིག་པ་དམ་ཚིག་སྲུང་བྱ་ཡུལ་གྱི་དང་། སྲུང་མཚམས་ལས་འདས་པ་རང་བཞིན་གྱི་དམ་ཚིག་ཀྱང་ང་རིག་པ་དེ་ལུས་ངག་ཡིད་ཀྱི་སྡོམ་པ་ཡང་། རིག་པ་ཉིད་དེ། མཆོད་པ་ལ་སོགས་པ་ཡང་རིག་པ་སྟེ། ཚིག་ལྔ་གཞུང་གིས་ཤེས་སོ། །ཞེས་ནང་དོན་དྲུག་པ་བསྟན་ནས། ད་ནི་ནང་དོན་བདུ ན་པ་དེ་ལྟར་ཤེས་ནས་འདི་ལྟར་སྣང་བ་ཐམས་ཅད་རང་གི་རིག་པ་ཡིན་པར་བསྟན་པ་ནི། དེ་ལ་འཇིག་རྟེན་པའི་ཆོས་ཐམས་ཅད་དུ་ཡང་རིག་པའི་ཡེ་ཤེས་བྱུང་སྟེ། དེ་ཡང་སྡིག་དང་ཞེས་པ་ནི། རིག་པ་ཉིད་ཡེ་ནས་གྲོལ་བའི་གནད་ཀྱིས། ལས་དགེ་སྡིག་གི་ཕན་གནོད་དང་བྲལ་བ་སྟེ། མིང་ལ་ངེས་པ་མེད་པ་གཏན་ཚིགས་ཀྱིས། རྣམ་གྲངས་མིང་འགྱུར་གྱི་ལས་ཀྱིས་དགག་བསྒྲུབ་ཀྱི་མཐའ་དབྱེ་བ་ནི། །དེ་ལ་འདིར་སྡིག་པ་ནི་མིང་གི་རྣམ་གྲངས་ཡིན་པས། མིང་ལ་ངེས་པ་མེད་པར་དགེ་བ་ཡིན་ནོ། །ཞེས་བྱས་ཀྱང་འགལ་བ་མེད་དོ། །དེ་ཡང་ཐམས་ཅད་མིང་ལས་མ་གཏོགས་པ་གང་ཡང་གྲུབ་པ་མེད་དོ། །དེ་ལྟར་ན་གང་ལྟར་བཏགས་པ་དེ་ལྟར་སྣང་ཞེས་སོ། །དེ་ལ་ཡང་བཏགས་པ་མིང་ཡིན་གྱི་གཏན་ཚིགས་ཀྱིས་གཞིག་པས། མིང་ལ་ངེས་པ་མེད་དོ། ཡང་དག་པར་དེ་ཉིད་ཡིན་པའི་རྒྱུ་མེད་དོ། །མིང་གི་མཚན་ཉིད་གཏན་ལ་ཕེབས་པ་མེད་དེ། དཔེར་ན་མི་རྒན་པོ་ལ་མི་གཞོན་ནུ་འགོན་ཞེས་པར་བཏགས་པ་བཞིན་ཏེ། རྒན་པོ་གཞོན་པར་མི་འགྱུར་ལ་དེ་བཞིན་དུ་མི་སྡིག་ཅན་ཡིན་ཀྱང་དོན་དགེ་བ་ཡིན་ན་ཅི་སྟོང་སྟེ། ངེས་པ་མེད་པའི་ཕྱིར་རོ། །སྡིག་པ་ཉིད་ང་ཡིན་པས་ལས་དང་རྣམ་པར་སྨིན་པས་གོས་པ་མེད་དོ། །རྒྱུ་སྡིག་པ་མི་བདེན་པས་འབྲས་བུ་རྣམ་པར་སྨིན་པ་ཡང་མི་བདེན་ནོ། །དེ་ཡང་རིག་པ་རྒྱུ་འབྲས་རྗེས་མེད་ཀྱི་རིག་པ་ལས་རྣམ་པར་སྨིན་པ་མི་བདེན་པ་ནི། ཐེག་པ་ཐུན་མོང་པ་རྣམས་རྒྱུ་སྡིག་པ་མི་དགེ་བ་སྤྱད་པས་འབྲས་བུ་ངན་སོང་དུ་འགྲོ་བ་ཞེས་ཟེར་བ་འདི་ཡང་དག་པར་བདེན་པ་མིན་ཏེ། རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ལས་མ་གཏོགས་པ་མེད་པས་སོ། །དེ་ལ་སྡིག་དང་རྣམ་པར་སྨིན་པ་ལ་འབྲེལ་བ་མེད་པས་ཀྱང་མི་བདེན་ཏེ། དེ་གཉིས་རྒྱུ་མི་གཅིག་པས་རྒྱུ་བདག་ཉིད་གཅིག་པའི་འབྲེལ་བ་ཡང་མེད་དེ། རྒྱུ་སྲོག་བཅད་པས་འབྲས་བུ་ཡང་ཚུར་ལ་སྲོག་གཅོད་ལོ་བར་ཡང་མི་འཐད་དེ། རྒྱུ་ཕར་སྲོག་གཅོད་པ་དང་། འབྲས་བུ་ཚུར་འོང་བ་གཉིས་རྒྱུ་བདག་ཉིད་གཅིག་པའི་འབྲེལ་པ་ཡང་མེད་དེ། རྒྱུ་མི་གཅིག་ལ། དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་དོ། །སྡིག་པ་ལས་རྣམ་པར་སྨིན་པ་མ་བྱུང་། རྣམ་པར་སྨིན་པ་ལས་སྡིག་པ་མ་བྱུང་བའི་ཕྱིར་རོ། །འབྲས་བུ་མི་བདེན་པའི་དབང་གིས། འབྲས་བུ་ལྟར་རྒྱུ་ད་ལྟ་སྲོག་གཅོད་པས། མ་འོངས་པའི་དུས་ན་རང་གི་སྲོག་ལ་འོང་ན་རྣམ་སྨིན་ཕན་ཚུན་འཁོར་བ་ཡིན་ཏེ། རྒྱུ་སྡིག་སྤྱད་པ་ལ་འབྲས་བུ་མཐོ་རིས་སུ་འགྲོ་བ་ཡང་ངེས་པས་འགལ་བ་མེད་དོ། །རྒྱུ་མཐུན་པའི་འབྲས་བུ་བདེན་ན། རྒྱུ་ད་ལྟ་བདག་གིས་སྲོག་བཅད་པས། མ་འོངས་བའི་དུས་ན་ཡང་ཕ་རོལ་གྱི་སྲོག་གཅོད་པ་འོང་དགོས་པས་མི་བདེན་ནོ། །དེ་ཡང་མྱོང་བ་རྒྱུ་མཐུན་པའི་འབྲས་བུ་མི་བདེན། འདི་ལ་མྱོང་བའི་ཕྱི་མ་ལ་མི་མྱོང་སྟེ། འདི་ལ་དབུལ་པོ་ཕྱི་མ་ལ་དབུལ་པོ་འོང་བར་མི་སྲིད་པ་དང་། བྱེད་པ་རྒྱུ་མཐུན་པ་ད་ལྟ་ཤན་པ་བྱེད་པས་ཕྱི་མ་ཤན་པ་བྱེད་པའི་རྒྱུ་མེད་པས་སོ། །གཏན་ཚིགས་ལུང་གིས་ཀྱང་ཤེས་ཏེ། སྡིག་དང་རྣམ་སྨིན་དགེ་བའི་གྲོགས་ཆེ་བ་ཞེས་བྱ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་ཞེས་པ་དང་། དེས་ན་རྒྱུ་འབྲས་ལ་རྗེས་མེད་པས་སོ། །གཏན་ཚིགས་ནི་རྒྱུ་མཚན་གོ་བཟློག་གི་གཏན་ཚིགས་ཀྱིས་འགྲུབ་སྟེ། རྒྱུ་སྡིག་བྱས་པས་འབྲས་བུ་དགེ་བར་འགྲོ་བར་ཡིན་ཏེ། རྒྱུ་དང་མཚན་ཉིད་གོ་བཟློག་ཕྱིར་རོ། །དེ་ལྟར་མི་བདེན་པས་ལས་དང་ཞེས་པ་དེའི་ཐོག་ཏུ་མི་འབབ་བོ། །དེའི་རྣམ་པར་སྨིན་པ་ཡང་རིག་པ་ང་ཡིན་པའི་ཕྱིར་རོ། །དེ་ཡང་ང་རང་འབྱུང་གི་ཡེ་ཤེས་དེས་འཇིག་རྟེན་བརྟན་པ་སྣོད་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཀྱང་ང་རིག་པ་ཉིད་ཡིན་པས། སྤངས་བླང་ལས་འདས་པའི་ཆོས་ཉིད་དོ། །དེའི་ཕྱིར་ན་གཡོ་བ་བཅུད་ཀྱི་འགྲོ་བ་སེམས་ཅན་དང་མི་འགྲོ་བ་བརྟན་པ་སྣོད་ཀྱི་འཇིག་རྟེན་རིག་པ་མི་འགྱུར་བ་དང་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་གཡོ་བ་ང་ཡིན་ནོ། །རིག་པ་ལས་འཚོགས་པའི་ཆོས་རྣམས་འབྱུང་བའི་ལུས་སུ་སྣང་བའོ། །མ་དག་པའི་དུས་ན་ཉོན་མོངས་པར་སྣང་བས་རིག་པ་ཉིད། བླ་མའི་ལུང་མེད་པ་རྣམས་ལ་དྲི་མ་ལས་དང་ཉོན་མོངས་པ་ལྟར་ཀྱང་ང་རིག་པ་ལས་བྱུང་བའོ། །སྒོ་ལས་འཛིན་པས་དབང་པོ་གཟུང་འཛིན་ལས་འདས་པས། གཟུགས་ལ་ཡང་མིག་གིས་མཐོང་བའི་དུས་ན་ཁྱབ་པས། དེ་རྣམས་ཀྱང་ང་རིག་པ་ཉིད་དོ། །རིག་པ་དེའི་ཡུལ་སྣ་ཚོགས་སུ་སྣང་བའི་ཕུང་པོ་ལྔ་ཡང་སྤང་དུ་མེད་པས་རིག་པ་དེ་ཉིད་འཁོར་འདས་ཀྱི་ཆོས་འདུས་པས་ཁམས་བཅོ་བརྒྱད་དཔག་ཏུ་མེད་པ་དང་། དེ་ཉིད་སྣ་ཚོགས་པར་སྣང་བས་སྐྱེ་མཆེད་བཅུ་གཉིས་སུ་བྱུང་བ་ང་རིག་པ་དེ་ཐམས་ཅད་སྡུད་པས་ཤ་དང་ས་ཀུན་ལ་ཁྱབ་པས་ཁྲག་དང་རིགས་མཚོན་ཅིང་གཞི་ལ་ཆགས་པས་རུས་པ་ཡང་ང་རིག་པ། དེ་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་འགྱུར་པས་མིག་དང་། ཚིག་གི་བསྒྱུར་ནུས་པས་ཡི་གེ་དང་། བཏགས་པ་སྣ་ཚོགས་སུ་བྱུང་བས་སྒྲ་དང་། སྣང་བ་སྣ་ཚོགས་སུ་ཤར་བས་གཟུགས་སུ་ཡང་ང་རིག་པ་ཉིད་དུ་བྱུང་བའོ། །དེ་ཉིད་སེམས་ཀྱི་རྟོག་པ་ཐ་དད་དུ་བྱུང་བས་གཟུང་བ། དེ་ལ་རྟོག་ཅིང་དཔྱོད་པས་འཛིན་པ་དང་། དེ་ཉིད་འཛིན་པ་མེད་པར་རང་གྲོལ་བས་ཡུལ་དང་། དེ་ཉིད་བཞག་པ་ཙམ་གྱིས་གྲོལ་བས་བདག་ཏུ་རྟོག་པ་ཡང་། དེ་ཉིད་བདེ་བ་དང་སྡུག་པའི་སྣང་བ་དུས་གཅིག་ཏུ་རྫོགས་པས། སྡུག་པ་ལུས་དང་། བསྔལ་བ་སེམས་དང་། དེ་ཉིད་ཀུན་ལ་ཁྱབ་པའི་མ་རིག་པ་དང་། རྒྱུ་རྐྱེན་སྣ་ཚོགས་པར་བྱུང་བས་འཁྲུལ་པ་ཡང་ང་ཉིད། དེ་ཉིད་ཀྱི་རྒྱན་དུ་སྣང་བ་ཐམས་ཅད་ཤར་བས། སྒྲ་དང་དྲི་དང་རོ་དང་རེག་གི་དམིགས་རྟེན་ལ་བརླབས་པས། འདོད་པའི་ཡོན་ཏན་ལྔ་ལམ་དུ་ཁྱེར་ནས་འབུད་ཐ་བ་ཡང་རིག་པ། དེ་ཉིད་སྡུག་བསྔལ་གྱི་མཐའ་ཟད་པས། དམྱལ་བ་ཚ་བ་དང་གྲང་བའི་རེག་པ་གཉིས་ལྷན་གཅིག་ཏུ་ཉམས་སུ་མྱོང་བའི་ཤེས་པ་འཁྲུལ་ནས། ལོག་པར་འཛིན་པ་ཡང་ང་རིག་པ་ཉིད་ཡེ་གྲོལ་དུ་མ་ཤེས་པ་ལས་སོ། །དེ་ཉིད་ཞེ་འདོད་བྲལ་བས་ཡི་དྭགས་བཀྲེས་པའི་སྡུག་བསྔལ་དུ་སྣ ང་བ་ཡང་ང་རིག་པ་ཉིད་ཞེན་མེད་རང་གྲོལ་དུ་མ་ཤེས་པ་ལས། བྱོལ་སོང་རྨོངས་པ་གཏི་མུག་གི་བྱེད་པ་ཅན་དུ་སྣང་བ་ཡང་། ང་རང་གསལ་སྤྲོས་པ་དང་བྲལ་བར་མ་ཤེས་པ་ལས་བྱུང་བའོ། །རིག་པ་ཉིད་མི་རྣམས་རེས་བདེ་བ་དང་། རེས་སྡུག་བསྔལ་བ་སེམས་ཀྱི་རྟོག་ཚོགས་རང་སྣང་དུ་མ་ཤེས་པ་ལས། རེས་བཏང་སྙོམས་སུ་གནས་པས་ང་རིག་པ་རྒྱུན་ཆད་སུ་མ་ཤེས་པ་ལས་སོ། །མདོར་ན་སེམས་ཅན་ལ་ཇི་ལྟར་སྣང་ཡང་། རང་འབྱུང་གི་ཡེ་ཤེས་ལས་མ་གཏོགས་པ་ཡང་མེད་པར་བསྟན་པའོ། །དེ་དག་ནི་དོན་གྱིས་རྟོགས་པ་ཆེན་པོའི་རྣལ་འབྱོར་པས་གང་ཡང་སྤང་མི་དགོས་པ་ལ་དགོངས་པའོ། །ཞེས་ནང་དོན་དྲུག་པ་དེ་ལྟར་ཤེས་པས་འདི་ལྟར་སྣང་བ་ཐམས་ཅད་རང་གི་རིག་པ་ཡིན་པར་བསྟན་ནས། ད་ནི་ནང་དོན་བདུན་པ་དེ་ལྟར་བྱུང་བས་དེ་ཉིད་ཀྱི་གོང་ན་གཞན་མེད་པར་བསྟན་པ་ནི། ང་ནི་ཞེས་འགྲན་པའི་ཟླ་མེད་པའི་རིག་པ་ངན་སོང་གསུམ་ལས་མི་འཕམ་པ་གཞི་གནས་ཀྱི་རིག་པ་ལྷག་མཐོང་དུ་བསྟན་པས་ལས་དང་བག་ཆགས་ཀུན་ལས་རྒྱལ་བའི་ཞེས་ལྟ་བ་ཉིད་སྤང་བླང་ལས་འདས་པའོ། །ང་ནི་བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་འདས་པས་བཅོས་པའི་ཚིག་བྱས་པ་ལས་འདས་པའི་ཕྱིར། ཡིད་དཔྱོད་དུ་མེད་པས་བརྗོད་བྱེད་ཀུན་ལ་མངོན་གསུམ་གནད་ཀྱིས་འཕགས་པའོ། །ང་ནི་ལྟ་བ་ཡིན་པ་དང་མིན་པ་ལས་འདས་པས་དངོས་པོ་རྫས་སུ་གྲུབ་མེད་པས་རྟགས་ཤེས་བྱ་ལ་གྲུབ་པ་མེད། སྟོང་པ་རང་རྒྱུད་དུ་མ་སོང་བས་རང་ཤེས་རིག་ཏུ་གསལ་པས་ཆད་པ་གཉིས་མེད་ལ་འཁོར་འདས་ཀུན་ལྟར་ཟུང་འཇུག་གཉིས་སྣང་འདས་པར་འཇུག་པར་ཡིན་ནོ། །ང་ནི་ཡིད་དཔྱོད་ཀྱིས་བརྟགས་ཤིང་དཔྱད་ཀྱང་མཐོང་བའི་ཡུལ་མེད་པས། དངོས་པོ་ཟད་པའི་རིག་པ་ཉིད་གསལ་ཆ་དང་བཅས་པ་བླ་མའི་ལུང་ཡོད་པ་ཀུན་ལ་མངོན་གསུམ་དུ་སྣང་བའོ། །ང་ནི་སྐུ་དང་ཡེ་ཤེས་ཐམས་ཅད་གཏིང་ནས་རྫོགས་སོ་བས་ཟབ་པའི་རིག་པ་ཡུལ་ཀུན་ལ་ཁྱབ་པས་བརྟན་པ་རྣམ་གྲངས་ཀྱི་ཆོས་ལས་ཆེ་བ་ཡིན་ནོ། །ང་ནི་ས་དང་། ལམ་ཚོགས་དང་། སྦྱོང་བ་དང་། མཐོང་བའི་ལམ་ལ་སོགས་པ་གཅིག་ནས་གཅིག་ཏུ་བགྲོད་པའི་ལམ་རིག་པ་ཉིད་དུ་འགྱུར་བ་མེད་པའི། ས་བཅུ་ལ་སོགས་པ་ཀུན་ལས་ཕ་རོལ་དུ་ཟང་ཐལ་ཆེན་པོར་ཕྱིན་པས། རྫོགས་པ་ཆེན་པོ་ས་གཅིག་པ་ཞེས་བྱའོ། །ང་ནི་དང་། རིག་པ་གཅིག་པུ་ཉིད་ཡིན་པ་ལ་འཁོར་འདས་ཀུན་དང་གཉིས་མེད་ཟུང་འཇུག་ཏུ་འབྲེལ་བ་ཡིན་ནོ། །ང་ནི་གང་ལ་ཡང་མི་གནས་པ་མངོན་གསུམ་དུ་སྣང་བས། གཞན་དུ་གནས་པ་མེད་པ་ནི་བརྟན་གཡོ་ཀུན་ལ། དངོས་མེད་ཟང་ཐལ་དུ་བརྟན་པས་ནི། ང་ནི་འཁྲུལ་བ་ཟད་པའི་རིག་པ་རང་གི་ངོ་བོར་དག་པ་ལས་འགྲན་པའི་ཟླ་མ་རིག་པ་མེད་སངས་རྒྱས་སེམས་ཅན་ཀུན་ལ་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །ད་ནི་བརྟན་གཡོ་ལ་ཁྱབ་པའི་རིག་པའི་ངོ་བོ་གཅིག་པུ་ལ་བེམ་པོ་ས་ཆུ་མེ་རླུང་ལ་སོགས་པ་རིག་པ་ཤེས་པས་བསྡུས་པས་གཉིས་མེད་པས། སྣང་ཤེས་ཀུན་ལ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་ཁྱབ་པ་ཡིན་ནོ། །ང་ནི་མུན་པས་གཏུམ་པའི་རིག་པ་ལ་གོས་འཁོར་བའི་རྟོག་པ་ཐ་དད་པ་གྱོན་པས་རྟོག་པ་རྣམས་ཀྱི་གཞི་ལ་ནམ་མཁའ་ལ་ཀུན་ཏུ་ཟང་ཐལ་མཐའ་ཡས་པའི་འོད་ཀྱིས་སྣང་བ་སྟོན་བྱེད་པའོ། །ཞེས་ནང་དོན་བདུན་པ་བསྟན་ནས། ད་ནི་ནང་དོན་བརྒྱད་པ་དེ་ལྟར་རང་གི་རིག་པས་རང་གི་དོན་དེ་ཉིད་དུ་གོ་བར་བསྟན་པ་ནི། ང་ཡི་ཤེས་རབ་ཀྱི་སྲིད་པ་གསུམ་འདུས་པའི་རི་བོ་ལུས་ཀྱི་རྒྱས་རིག་པ་ཉིད་འཐུམས་པས་ཐེག་པའི་སྟོབས། འཁོར་བ་ཉིད་དུ་བཟློག་པས་འདས་པའི་སྟོབས་ཁམས་གསུམ་དུ་མི་བཟློག་པས་ཆེ་བའོ། །རྒྱུན་དུ་བརྟགས་པའི་རིག་པ་ལས་དང་བག་ཆགས་ཀྱི་རྒྱ་མཚོ་ལ་རིག་པ་མངོན་གསུམ་གྱི་ཧུབ་ཀྱིས་གཉིས་མེད་དུ་བཏབ་པས་ཉོན་མོངས་པ་ཐམས་ཅད་དུས་གཅིག་ལ་ཟད་དེ། ལྟོ་ཉོན་མོངས་ཡེ་ཤེས་སུ་འགྱུར་བས་ཆེའོ། །ང་ཡིས་ཡེ་ཤེས་རྣམ་པར་དག་པའི་རི་བོ་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་དུ་ཁྱབ་པ་ཉིད་ཏིལ་འབྲུ་མིག་ཆུང་བར་རིག་པ་བཅུད་པས་མེད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པས། འཁོར་བ་ལས་བསྒྲལ་བས་ཆེ་བ་ཞེས་བྱའོ། །ང་ཡི་ནི་འཁོར་འདས་གཉིས་མེད་དུ་འབྲེལ་བས་མུན་པའི་གོ་ཆ་ནི་འཁོར་བ་ལྟ་བ་ལ་སྦྱར་བའོ། །དེ་ཉིད་ཆོས་ཉིད་དུ་ཁྱེར་བ་གྱོན་པས། ཞེས་འཁོར་བའི་གཡུལ་ཆོས་ཉིད་དུ་བཟློག་པས་དཔའ་བོ་ཆེན་པོ་ཞེས་བྱའོ། །ང་ཡིར་ཉི་ཤུ་བ་རིག་པའི་སྐད་ཅིག་མ་གསུམ་ལ་གྲོལ་བས་འཁོར་བ་རང་གྲོལ་འདས་པའི་དོན་སྐད་ཅིག་ལ་མཐོང་བས། གོམ་གཅིག་ཆོས་ཉིད་སྐད་ཅིག་ལ་རྟོགས་པས་འཁོར་བ་ལས་མཆོངས་པ་ནི་མཆོངས་པ་ལྔ་དང་ལྡན་པས་ཆེ་བའོ། །ང་ཡིས་ནི་རིག་པ་གཞི་གཅིག་ལ་འཁོར་འདས་དུས་གཅིག་ལ་ཟིལ་གྱིས་གནོན་པ་ནི་ས་དང་པོ་ལ་སོགས་པ་རྣམས་འདི་ཉིད་དུ་དུས་སྐད་ཅིག་ལ་རྟོགས་པ་གཟུགས་སྟོང་པར་གྲོལ་བས་སྟོང་པ་ཉིད་གཟུགས་སུ་འགྱུར་བའི་ལྕིད་འགྱུར་མཐོང་བའི་རིག་པ་ཆེ་བའོ། །ང་ཡིས་ནི་ཤེས་རབ་ཉི་མའི་སྣང་བ་ལུས་ཀྱི་ཆོས་སྟོང་ཉིད་དུ་རྟོགས་ལ། ཐབས་ཟླ་བའི་སྣང་བ་ལྟ་བུས་ལུས་ངག་ལ་བདེ་བ་དངོས་སུ་སྐྱེས་པས་སོ། །དེ་གཉིས་ཟུང་འཇུག་དབྱེར་མེད་པའི་བདེ་ཆེན་རང་གནས་རྫོགས་པ་ཆེན་པོར་བཏིང་བས་འོད་དང་ཟེར་གྱིས་བརྒྱན་པས་བརྗིད། བདེ་སྟོང་ཟུང་དུ་ཞུགས་པས་ཆེའོ། །ཞེས་ནང་དོན་བརྒྱད་པའོ། །ད་ནི་ནང་དོན་དགུ་པ་དེ་ལྟར་རྟོགས་པའི་གང་ཟག་གིས་ཆོས་ཉིད་མི་འགྱུར་བའི་གདེངས་རྙེད་པར་བསྟན་པ་ནི། ང་ལ་ནི་ཁྱབ་ཆེ་བའི་རིག་པ་རྩོལ་བསྒྲུབ་ལས་འདས་པ། འཁོར་འདས་གཉིས་དུས་གཅིག་ལ་མཐའ་བྲལ་ཡོངས་སུ་རྫོགས་པས། ཕྱི་ལུས་ངག་གི་བྱ་བ་དང་བྲལ་བས་ལུས་ངག་ཡིད་རང་སྣང་ཅིག་པར་གྲོལ་ལ། ནང་རླུང་ཕྱི་ནང་དུ་རྒྱུ་བའི་བྱ་བ་དང་བྲལ་བས་གཟུང་འཛིན་གྱི་མིང་མེད། གསང་པ་རིག་པའི་བྱ་བ། རླུང་བསྐྱོད་ཀྱི་འགྲོ་འོང་དང་བྲལ་བས་ད་བཟློག་པ་མེད་པའོ། །ང་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་རིག་པ་ལ་ཡིད་ཀྱི་འགྱུ་བ་མེད་པས་མ་བཅོས་པའི་ཆོས་རྣམས་རང་བྱུང་བས་ཐོག་མའི་བྱུང་ཁུངས་ཀྱང་རིག་པ་ཉིད་དེ། ང་རང་ཤར་བའི་རིག་པ་ལ་ཕྱི་ནང་གི་སྣང་བ་ཐོགས་པ་མེད་པར་ཤར་བས་བྱས་པ་མེད་པའི་རིག་པ་རང་ལ་ཤར་བ་ཉིད་དོ། །ང་ཡེ་ནས་འབུད་ཐ་བའི་རིག་པ་ལ་རྟོག་ཅེས་བྱ་བའམ། རིག་པའི་བཞག་པར་རག་ལུས་པ་མེད་ལ། མ་རྟོགས་ཞེས་ཐ་མལ་དུ་སོང་པ་མེད་པ་ནི། དབང་པོ་ལ་རྣོ་རྟུལ་མེད་པའི་གནད་ཀྱིས། རིག་པ་ཉིད་ཡེ་སངས་རྒྱས་པར་ངོས་ཟིན་པའོ། །ང་མ་སྤྱད་བའི་རིག་པ་ལ་ཆོས་ཐམས་ཅད་དུས་གཅིག་ཏུ་རྫོགས་པས་འབུད་ཐལ་རེ་བ་དང་། སེམས་ཅན་ལ་དོག་པ་མེད་པའི་ཕྱིར་འཁོར་བ་དང་འདས་པ་ལ་དུས་ལ་སྔ་ཕྱི་མེད་པར། བྱ་བྲལ་ཐིག་ལེ་ཉག་གཅིག་དུ་རྫོགས་སོ། །ང་བག་ཆགས་དང་བྲལ་བའི་རིག་པ་སྡུག་བསྔལ་ལས་གྲོལ་པ་ལ་འཁོར་བ་ལ་ཡ་ང་བ་མེད། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་བག་ཚ་བ་མེད་པས། ངན་སོང་གསུམ་གྱི་འཇིགས་པ་དང་། རྣམ་པར་རྟོག་པ་ཐ་དད་པ་དང་། ཉོན་མོངས་ཀུན་དང་ཡེ་ནས་བྲལ་ལོ། །ང་ཚིག་ལས་འདས་པའི་རིག་པ་བདེ་བརྡལ་བ་ལ། ལུས་ངག་ཡིད་འཆོས་པའི་མཁན་པོ་ཡིད་ཀྱི་ཤེས་པ་མེད་པས་ཐོག་མ་ནས་རང་ལྟ་བུ་གནས་པ་ཉིད་དོ། །ང་ཡུལ་སེམས་ལས་འདས་པའི་རིག་པ་གཞི་གནས་ལུགས་སུ་གནས་པ་ལ་བཟུང་བ་དང་འཛིན་པའི་ཡུལ་དུ་མེད་པས་ཐོག་མ་ནས་རང་ལ་གནས་པ་ཉིད་དོ། །ང་ཕྱི་ནང་ལས་འདས་པའི་རིག་པ་གཉིས་སུ་མེད་པ་ལ་སྣོད་དང་ནང་བཅུད་གཉིས་སུ་མེད་པ་འདི་ལྟར་སྣང་བ་ཐམས་ཅད་ང་རང་བྱུང་གི་ཡེ་ཤེས་ཉིད་དོ། །ང་འཁྲུལ་པ་རང་དག་པའི་རིག་པའི་ངོ་བོ་གཅིག་ཏུ་གྲོལ་བ་ལ་ཆོས་ཅན་རྣམ་གྲངས་དང་། ཆོས་ཉིད་རྣམ་གྲངས་མ་ཡིན་པ་མེད་པས་ཆོས་ཐམས་ཅད་ངོ་བོ་གཅིག་པའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་དང་པོ་དྲི་བ་དང་བཅས་ང་དགོངས་པ་ཉིད་ཀྱི་གནས་ལུགས་བསྟན་པ་ལ་ནང་དོན་དགུར་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གཉིས་པ་ངོ་བོ་ཉིད་དེ་ལ་འཆིང་བྱེད་ཀྱི་དྲི་མ་གང་གིས་འཆིང་བར་བྱ་བ་བསྟན་ཏེ། འཆང་བྱེད་གྱི་དྲི་མ་དངོས་བསྟན་པ་དང་། དེ་ཉིད་འབད་མེད་རང་གྲོལ་དུ་བསྟན་པའོ། །དང་པོ་ལ་ཉིང་ལག་གི་དོན་བཞིའི་བསྟན་པའི་དང་པོ་དེ་ཉིད་གྱི་དྲི་བ་མདོར་བསྟན་པ་ནི། རྡོ་རྗེ་ནི་ཡེ་ཤེས་ལྔ་ལས་གྲུབ་པ། དེ་རྟག་ཏུ་འཛིན་པས་ན་སྡུད་པོའི་ཁྱད་བར་གྱི་ཆོས་སོ། །ཡང་ན་མནན་པ་གསོལ་པ་ནི་སྟོན་པ་ལ་གོང་དུ་སྟོན་བས་གསུང་པ་དེ་ལྟར་འཇིག་པ་ཕྱི་སྣོད་དེ་ལ་ནང་བཅུད་ཀྱི་སེམས་ཅན་བརྟེན་པའི་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་གསུང་པ་རྣམས། ཐམས་ཅད་ངོ་བོ་ཉིད་ཀྱི་ཆོས་ཡིན་གསུང ས་པས་ན། སེམས་ཅན་འདི་རྣམས་འབད་པ་མེད་པར་གྲོལ་བ་ལགས་སམ། འོག་ཏེ་གང་གིས་འ ཆིང་བ་ལགས། སྔར་གསུང་པ་ལྟར་ན་སེམས་ཅན་དེ་དག་འཆིང་བར་མི་རིགས་ལགས་ན། ཡང་ནི་སེམས་ཅན་ཀུན་གང་གིས་ཀྱང་མ་བཅིངས་པ་དེ་ཉིད་རང་དོན་ད་ལགས་སམ། འོན་ཏེ་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་དག་མ་ལགས་པ། གཞན་དག་གིས་དེ་རྣམས་མ་རྟོགས་པས་སེམས་བཅིངས་པ་ལགས་པ། སེམས་རྣམས་ནི་མ་གྲོལ་བར་འདུག་པས་འདི་དག་བདག་གིས་མ་འཚལ་ན། རྟོག་པ་ཐ་དད་པའི་ཚོགས་བཅོམ་པའི་སྟོན་པ་ལེགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པ། ཁམས་གསུམ་ལས་འདས་པ་ཉིད་ཀྱིས་བདག་ལ་གསུངས་དང་ཞེས་དྲིས་སོ། །ཡན་ལག་གི་དོན་གཉིས་པ་དེ་ཡང་གློ་བུར་གྱི་དྲི་མ་དེ་ཉིད་ཀྱིས་ངོ་བོ་ལ་འཆིང་བྱེད་དང་བྲལ་བ་བསྟན་པ་ནི། །འཁོར་བའི་ཉེས་པའི་སྐྱོན་བཅོམ་པ་ལ་ལེགས་པའི་ཡོན་ཏན་དང་ལྡན་པ། ལེགས་ཉེས་ལས་འདས་པའི་སྟོན་པས་བཀའ་དངོས་སུ་སྡུད་པ་པོ་ལག་ན་རྡོ་རྗེའི་རྣ་བའི་དབང་པོར་སྩལ་པ། སེམས་ཅན་ཐམས་ཅད་ལ་གནས་པའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཆོས་ཉིད་ཡིན་པ་ལ། འདོད་ཆགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དོན་དམ་པ་ལ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་རིག་པ་མཁའ་ཡེ་ཤེས་ཏེ། ཕྱི་ཡི་ནམ་མཁའ་སྟོང་པ་ལས་སྤྲིན་གློ་བུར་དུ་བྱུང་བ་བཞིན་དུ་སེམས་ཅན་རྣམས་ལ་གློ་བུར་དུ་རྒྱུ་མ་རིག་པ་རྐྱེན་བཞི་དང་། ལུས་དང་སེམས་སུ་བཅས་པས་ཆོས་ཉིད་བསྒྲིབ་པ་ལྟར་སྣང་ངོ་། །སྤྲིན་དེ་ཉིད་ནམ་མཁའ་ཉིད་ལས་གཞན་གང་ནས་ཀྱང་མ་འོངས་ཏེ། དེ་རང་ལས་བྱུང་བ་བཞིན་དུ། དེ་བཞིན་དུ་དང་པོ་ཡང་ནམ་མཁའ་ལས་བྱུང་ལ། བར་དུ་ཡང་ནམ་མཁར་གནས་ལ། ཐ་མ་ཡང་ནམ་མཁར་ཐིམ་པར་ཤེས་ན། ནམ་མཁའ་དང་སྤྲིན་པ་དབྱེར་མེད་པས། དོན་གཅིག་གི་ངང་དུ་ཐིམ་པ་ཞེས་བྱ་བ་ལྟར། དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཆོས་ཉིད་དུ་རང་གྲོལ་ནས། སེམས་ཅན་འཆིང་བ་ག་ལ་འགྱུར་ཏེ། དེ་ཉིད་རང་གྲོལ་བའི་གནད་ཀྱིས་སོ། །གལ་ཏེ་ཉོན་མོངས་པ་དེ་ཉིད་ལ་བདེན་པར་བཟུང་ན། དེའི་ངོ་བོ་ཉིད་ལས་བྱུང་བའི་ཕྱིར་ལས་དང་ཉོན་མོངས་པ་སངས་ནས། མཁྱེན་པའི་ཡེ་ཤེས་སུ་རྒྱས་པ་ཉིད་ཀྱང་འཆིང་བར་འགྱུར་བ་ནི། མེད་པར་ལས་ཡོད་པར་བཟུང་པའི་རྣམ་པ་དང་འདྲའོ། །སེམས་རྣམ་པར་རྟོག་པ་དུ་མས་བསྡུས་པ་ལས་ལུས་འབྱུང་བས་བསྐྱེད་པ་ཅན་རྣམས་ནི་རང་བདེན་དུ་བཟུང་པས་ན། ཅིས་མི་འཆིང་སྟེ་མེད་པ་ལས་ཡང་དག་ཏུ་བཟུང་བས་སོ། །དེ་ཡང་ཀུན་རྫོབ་ཙམ་དུ་བདེན་ཏེ་དོན་དམ་པ་རང་བཞིན་མེད་པར་ཤེས་ན། ལས་དང་ཉོན་མོངས་པའི་དྲི་མ་རྣམས་ནི་རང་གི་སར་དག་པའོ། །དཔེར་ན་ཆུའི་སྙོགས་མ་དེ་མ་བརྙོགས་པར་བཞག་རང་སར་དྭངས་པ་ལྟར། འཁོར་འདས་ཀྱི་ཆོས་ཀུན་དོན་དམ་པར་རང་བཞིན་མེད་པར་གཅིག་གོ །ཞེས་ཉིང་ལག་གི་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་ཆོས་ཉིད་སྟོང་པ་ཉིད་དེ་མ་ཤེས་པས་དེ་ཉིད་ཀྱི་འཆིང་བྱེད་ཀྱི་རྒྱུ་བསྟན་པ་ནི། གོང་དུ་བསྟན་པ་དེ་ལྟར་དངོས་པོ་མེད་པར་མ་ཤེས་ན། སེམས་ཅ ན་རྣམས་ཁམས་གསུམ་དུ་འཆིང་སྟེ་ཕུང་པོ་ལ་སོགས་པ་ནི། འོག་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ནི། རིགས་དང་རིགས་ཀྱི་བདག་པོར་གྲོལ། ཞེས་པས་རྒྱས་པར་སྟོན་ནོ། །ཞེས་ཉིང་དོན་གསུམ་པའོ། ད་ནི་ཉིང་ལག་གི་དོན་བཞི་པ་དངོས་པོ་དེ་དག་གིས་འཆིང་བྱེད་རང་གི་ངོ་བོ་བསྟན་པ་ནི། ཁམས་གསུམ་པོའི་ཁང་པ་རུ་ཞེས་པ་འོག་ཏུ་ཆོས་ཉིད་གཞལ་ཡས་ཀྱིས་རྒྱས་པར་བསྟན་ནོ། །ཞེས་ཉིང་ལག་གི་དོན་བཞི་པའོ། །དེ་དག་གི་ནི་ཡན་ལག་གི་དོན་དང་པོ་འཆིངས་བྱེད་དྲི་མ་དངོས་བསྟན་པ་ལ་ཉིང་ལག་དོན་བཞིར་བྱས་ནས་བསྟན་ཏེ། ད་ནི་ཡན་ལག་གི་དོན་གཉིས་པ་དེ་ཉིད་ཀྱང་འབད་མེད་རང་གྲོལ་དུ་བསྟན་པ་ལ་ཉིང་ལག་གི་དོན་ལྔས་བསྟན་པའི་དང་པོ། དེ་ཉིད་ཀྱང་ཐམས་ཅད་མཉམ་པ་རིས་མེད་དུ་རང་གྲོལ་བར་བསྟན་པ་ནི། གསང་བའི་བདག་པོ་ལ་ཉེ་བར་བསྐུལ་ནས། རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བོས་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཁམས་གསུམ་དུ་འཁོར་བའི་སྡུག་བསྔལ་དེ་དག་ནི་གཞན་ལས་མ་བྱུང་བར་རང་གི་རྣམ་པར་རྟོག་པའི་ལས་ཀྱིས་བཅིངས་ནས་གནས་ཀྱང་། རང་བཞིན་དུ་མ་བཅོས་པས་གྲོལ་བ་ནི། གནད་རྣམ་པ་བཞི་ལ་བརྟེན་ནས་གྲོལ་བ་སྟེ དེ་ཡང་ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ལ་བརྟེན་ནས་འགྲོ་བ་རྣམས་འབད་རྩོལ་མེད་པར་གྲོལ་བ་དང་། རང་གྲོལ་ལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་སས་མ་བཅིངས་པར་རང་གྲོལ་བ་དང་། ཡོངས་གྲོལ་ལ་མཐའ་མེད་པའི་གནད་ལ་བརྟེན་ནས་གཅིག་ཤེས་པས་ཀུན་གྲོལ་བར་བསྟན་པ་དང་། ཅེར་གྲོལ་མཐོང་ཡལ་གྱི་གནད་ལ་བརྟེན་ནས་འཕྲལ་གཅེར་མཐོང་དུ་གྲོལ་བའོ། །དེ་ཡང་སྤྱོད་པ་ཅེར་གྲོལ་གྱིས་འདོད་པའི་ཡོན་ཏན་ལྔ་ཆོས་ཉིད་དུ་འགྱུར་བ་ནི། གོམས་སྟོབས་ལ་བརྟེན་པ་དང་། ཤེས་པས་གྲོལ་བའོ། །གོམས་སྟོབས་ནི་བསླབ་བྱའི་ཡུལ་དུ་གྱུར་པ་དེ། གཟུགས་ཀྱི་དམིགས་རྟེན་ལ་བསླབ་པས་གཟུགས་ཆོས་ཉིད་དུ་གྲོལ་བ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་གི་དམིགས་རྟེན་ལ་བསླབ་པར་རིག་ཆོས་ཉིད་དུ་གྲོལ་བའོ། །ཤེས་པས་གྲོལ་བ་ནི། དབང་པོ་རང་ཡན་དུ་བཞག་པས་ཚོགས་དྲུག་གི་བརྡར་འགྱུར་བ་ནི། དབང་པོ་རང་སར་བཞག་པའི་གནས་བརྩལ་པ་གསུམ་གྱིས་ཡུལ་སེམས་རོ་མཉམ་པ་དང་། དབང་པོ་རང་སོའི་འཕུལ་གཉིས་ཀྱིས་སྣང་སེམས་ཀྱི་དབྱིབས་དབྱུང་བ་དང་། ཡན་པའི་གགས་བཟུང་བ་དྲུག་གིས་འགྲོ་བ་དྲུག་གཅེར་མཐོང་དུ་གྲོལ་བའི་གནད་དོ། །དེ་ལྟར་གནད་བཅུ་གཅིག་གིས། སྣང་བ་སྣང་ཐོག་ཏུ་གྲོལ་བ་བྱེའུ་ཁྲས་ཁྱེར་བ་ལྟར། བརྟགས་དཔྱད་བློ་ལས་གྲོལ་བ་དང་། དེ་ལ་བརྟེན་ནས་ཤེས་པ་འགྱུས་ཐོག་ཏུ་གྲོལ་བ་བར་སྣང་གི་སེར་བུ་ལྟར། ངོས་འཛིན་བློའི་རྟོག་པ་དང་བྲལ་བའོ། །དེ་ལྟར་ན་གཅེར་བཞག་གཅེར་གྲོལ་བས། སྣང་ཤེས་གཉིས་ཀྱི་རྟེན་ཟད། གཅེར་མཐོང་གཅེར་ཡལ་བས་ཡུལ་སེམས་གཉིས་ཀྱི་གཞི་སྟོང་། གཅེར་གྲོལ་གཅེར་དག་པས་ལུས་སེམས་གཉིས་ཀྱི་འབྲེལ་ཆད་པས་ན། སྤྱོད་པ་སྣང་བ་རང་ཡན་བ་ཞེས་བྱ་བ་ལས་བྱུང་བའོ། །དེ་ལ་བསྒོམ་པའི་མན་ངག་དུ་ཡོངས་གྲོལ་ལ་མཐའ་མེད་པའི་གནད་དེ། གཅིག་ཤེས་ཀུན་གྲོལ་བའི་འགག་འགྱུ་བ་ཡུལ་གཏད་པས། བྱུང་ཚོར་གྱི་རྟེན་ཉམས་པར་བྱེད་པའི་གནད་ནི། གཅིག་རྒྱབ་ཀུན་ལ་ཕོག་པའི། འགགས་གཉིས་ཀྱིས་འཁོར་འདས་ལྟོ་སྦྱར་བ་དང་། ཀུན་བརྒྱབ་གཅིག་གསད་བའི་མཚོན་དྲུག་གིས་འཁྲུལ་པ་འགགས་ལ་གཏད་པའོ། །དེ་གཅིག་ཤེས་པས་ཡོངས་གྲོལ་བ་མདུད་པ་གཅིག་བཀྲོལ་བས་དོ་ཐག་བརྒྱ་ཆད་པ་ལྟ་བུ་སྟེ། བེམ་རིག་མཐའི་འཛིན་པ་ལས་གྲོལ་བའོ། །དེ་ལྟར་བསྒོམས་པ་ཉིན་མཚན་ཁ་སྦྱར་བས། འཁོར་འདས་དུས་གཅིག་ལ་འགགས་པས། ཡོངས་སུ་གྲོལ་བ་ཞེས་ཐ་སྙད་དུ་བྱའོ། །རང་གྲོལ་ལ་གཉེན་པོ་མེད་པ་ནི་ལྟ་བའི་མན་ངག་ཏུ་བྱུང་བ་ནི། །འཁྲུལ་པ་ཉིད་ཀྱིས་འཁྲུལ་པ་གྲོལ་བས་གཞན་མ་འཁྲུལ་བ་བརྩལ་དུ་མ་རྙེད་པས་འཁྲུལ་པའི་མིང་མེད་པ་སྟེ། དེ་ཡང་ཡོངས་དྲུག་གི་གནད་ལ་བརྟེན་ནས་ལུས་སེམས་ཀྱི་འབྲེལ་གཅད་པས་འགྲོ་བ་དྲུག་རང་ས་ནས་གྲོལ་བ་བསྟན་པ་དང་། རང་ལུགས་གཉིས་ཀྱི་གནད་ཀྱིས་འགག་བསྡམ་པས་འཁོར་འདས་ཀྱི་ལྟོ་བཟློག་པའོ། །དེ་ཡང་སྣང་བ་རང་གྲོལ་བ་མཁའ་ལ་འཇའ་ཚོན་ཡལ་བ་ལྟ་བུའོ། །ཤེས་པ་རང་གྲོལ་དེ་མཁའ་ལ་སྤྲིན་དེངས་པ་ལྟ་བུར་རང་བྱུང་རང་གྲོལ་བ་ལ། གོང་མའི་དོན་སྣང་རང་ཡལ་ལ། བློ་མ་ཐོག་ཏུ་གྲོལ་བས་རྟོག་པ་རྒྱུན་ཆད། དེ་ལྟར་ཆད་པ་དེ་ལྟ་བ་མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་པས་ཁམས་གསུམ་མིང་མེད་པའོ། །དེ་ཡང་རང་སེམས་ལ་རྩ་བ་མེད་པས་སྐྱེ་བའི་རྒྱུ་མེད་པ་དང་། གཞི་མེད་པས་བཟློག་པ་མེད་པ་དང་། དང་པོ་བྱུང་ས་མེད་པས་འགྲོ་བའི་ལམ་སྟོང་པ་དང་། གནས་པའི་ས་མེད་པས་འཇུག་པའི་ཡུལ་མེད་པ་དང་། འགྲོ་བའི་ས་མེད་པས་རྒྱུ་མཚན་ཉིད་དུ་གཏན་ལ་ཕེབས་པ་དང་། བརྟེན་མེད་པས་ཆགས་པའི་ས་མེད་པའི་གནད་ཀྱིས། གྲོང་ཁྱེར་རྒྱུན་ཆད་ནས་རང་གིས་རང་གྲོལ་བས་གཉེན་པོ་གཞན་མེད་པའོ། །འབྲས་བུ་གནད་དུ་ཡེ་གྲོལ་བྱུང་སྟེ། དེ་སེམས་ཀྱི་ཁང་བུ་གཞིག་པའི་མན་ངག་གིས་སེམས་ཀྱི་ལྟོས་ཟད་པར་ཁྱབ་སྟེ། བརྡེག་པའི་རྫོང་དྲུག་གི་གནད་ཀྱིས་འབྲམ་བསྒྱེན་པ་རྩ་བ་བཅད་པའི་མན་ངག་དང་། བརྡུང་པའི་ཐོ་ཆེན་བཞིས་ལ་སོགས་བསྒྱོན་པའི་འབྱུང་གཞི་གནད་ལ་བོར་བའི་མན་ངག་དང་། དབབ་པའི་ཐོག་ཆེན་གསུམ་གྱིས་ཐིག་བསྟིམས་པས་སེམས་གྲངས་གཅོད་པའི་མན་ངག་དང་། འཇུག་པའི་ཐབས་གཉིས་ཀྱི་རྩེ་རྗེ་ཕབ་པས་དྲན་ཤེས་འགག་ལ་གཏད་པའི་མན་ངག་དང་། འགྱོགས་བྱེད་ཀྱི་ཕོ་ཉ་གཉིས་ཀྱིས་བྱ་ར་བ་བསད་པས་འགྱུ་བའི་ཁུངས་འགགས་པའི་མན་ངག་སྟེ། དེ་ཡང་ཡེ་གྲོལ་བས་རྒྱས་ཐེབས་པ་དང་། གཏད་པའི་འབེན་མེད་པས་བསྐྱར་དུ་མེད། འགྱུ་བའི་ལྟོས་མེད་པས་དགགས་སུ་མེད། དྲན་པའི་བརྟན་ཉམས་པས་བསླང་དུ་མེད་པའོ། །དེས་ན་རང་བཞིན་རྣམ་དག་གི་འབྲས་བུ་ལ་གྲོལ་བའི་ས་མེད་པས་བྱུང་ས་མེད། རྒྱུ་མེད་པས་རྐྱེན་ལ་རག་མ་ལུས། འབྲས་བུ་མེད་པས་ཡེ་ནས་གྲོལ་བའི་གནད་མེད་དོ། །དེས་ན་འགྲོ་བ་རྣམས་གྲོལ་བར་ངེས་པའི་གདེང་བཞི་ལ་བརྟེན་ནས་གྲོལ་ལོ། །དེ་ཅིའི་ཕྱིར་གྲོལ་ན། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་མཉམ་པའི་ཕྱིར་ན་གྲོལ་བར་ངེས་སོ། །ཞེས་ཉིང་དོན་དང་པོ་ཐམས་ཅད་མཉམ་པ་རིས་མེད་དུ་གྲོལ་བར་བསྟན་ནས། ད་ནི་ཉིང་ལག་གི་དོན་གཉིས་པ་རྒྱུའི་འཁྲུལ་པ་དེ་དག་རང་སྣང་དུ་གྲོལ་བར་བསྟན་པ་ནི། གོང་དུ་བསྟན་པའི་གྲོལ་ལུགས་འདིར་བྱུང་སྟེ། ཕུང་པོ་གཟུགས་ཀྱི་ཕུང་པོ་ཕྲ་བ་དང་རགས་པའོ། །ཕྲ་བ་ནི་རྡུལ་ཕྲ་རབ་བདག་ཏུ་མེད་པ་ལས་བྱུང་བས་ན། འབྲུའི་ཕུང་པོ་སྤུངས་པ་ལྟ་བུ་དང་། རགས་པ་ནི་ཁ་དོག་དང་། དབྱིབས་ཏེ་ཁ་དོག་ནི་དཀར་པོ་དང་། སེར་པོ་དང་། དམར་བ་དང་། ལྗང་བ་དང་། མཐིང་ཀ་དང་། ཁྲ་བོ་དང་། སྨུག་ནག་དང་། སྔོ་སངས་ལ་སོགས་པའི་རིགས་རྣམས་སོ། །དབྱིབས་ནི་གྲུ་བཞི་ལས་གྲུ་ཡོན་དང་། གྲུ་གསུམ་དང་། གྲུ་ལྔའམ་དགུ་ལ་སོགས་པའོ། །དེ་བཞིནཟླ་གམ་དང །ཟླུམ་པོ་དང་། ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དང་། ནར་མོ་དང་། ལྗང་མོ་ལ་སོགས་པའོ། །དེ་ཡང་རྒྱུའི་གཟུགས་རྡུལ་ཕྲ་རབ་དང་། འབྲས་བུ་ཡན་ལག་ལྔ་དང་། དབང་པོ་ལྔ་དང་། ཤ་དང་། ཁྲག་དང་། དྲོད་དང་། དབུགས་ལ་སོགས་པའོ། །དེ་ལྟར་ན་བརྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་འཚོགས་པའི་ཆོས་མང་པོ་འདུས་པས་ན་འབྲས་བུའི་ཕུང་པོ་སྤུངས་པ་ལྟ་བུའོ། །ཚོར་བའི་ཕུང་པོ་གཟུགས་ལ་སོགས་པ་མྱོང་རེག་ཉམས་སུ་མྱང་བ་སྣ་ཚོགས་ཏེ། ལས་དང་ཉོན་མོངས་པའི་དབང་གིས་སྡུག་པ་ཉམས་སུ་མྱོང་བ་དང་། རེས་བདེ་བར་དང་། རེས་བཏང་སྙོམས་སུ་གནས་པ་རྣམས་སོ། །དེ་ཡང་རྟོག་པ་རག་པ་མང་པོ་འདུས་པས་ན་ཕུང་པོའོ། །རྣམ་པ་ཤེས་པའི་ཕུང་པོ་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཡུལ་རྣམས་ལ་རྗེས་སུ་འགྲོ་བ་ལྡོག་དུ་བྱེད་པ་སྟེ། མིག་གི་རྣམ་པར་ཤེས་པས་ཡུལ་གཅོད་པ་དང་། འབྱེད་པ་ལས་སོགས་པ་བྱེད་པའོ། །དེ་ལྟར་ཤེས་པ་འདུས་པ་དང་། རྣམ་པར་འབྱེད་པ་ལ་སོགས་པ་འདུས་པ་ན་ཕུང་པོའོ། །འདུ་ཤེས་ནི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་ལ་སོགས་པ་སྟེ། མིག་གི་འདུས་ཏེ་རེག་བའི་རྐྱེན་གྱིས་ཚོར་བའི་མྱོང་བ་ལ་སོགས་ཏེ་མང་པོ་འདུས་པས་ན་ཕུང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་ནི་དྲུག་རྩ་བའི་ཉོན་མོངས་པ་དང་ཉི་ཤུ་ཉེ་བའི་དང་ལྔ་ཀུན་དུ་འགྲོ་ལ་སོགས་ཏེ་འདུ་བྱེད་ལྔ་བཅུ་རྩ་གཉིས་འདུས་པས་ཕུང་པོ་ཞེས་བྱའོ། །དེ་ལྟར་ཕུང་པོ་ལྔ་འགྲོ་བ་བཅིངས་པ་ནི། གཟུགས་ལ་འཆིང་བྱེད་ཡོད་པས་དངོས་པོ་ལ་འཇུག་པའི་སེམས་སུ་འཁྲུལ་པ་དང་། དེ་ཡང་ཆ་མེད་པའི་རྡུལ་ཕྲ་རབ་ཀྱི་བཅིངས་པས་ལུས་དང་སེམས་ཡང་མི་འབྲལ་བའོ། །ཚོར་བ་ལ་འཆིང་བྱེད་ཡོད་པས། བདེ་སྡུག་སྣ་ཚོགས་པས་སེམས་ཉམས་སུ་མྱོང་བས་ལས་བཅིངས་པའོ། །རྣམ་ཤེས་ལས་འཆིང་བྱེད་ཡོད་པས་ཡུལ་དང་ཤེས་པ་ཐ་དད་པར་མ་ཡིན་པ་སེམས་རྣམ་པར་ཤེས་པ་ཙམ་དུ་བཅིངས་པས་སེམས་ཀྱི་དྲན་ཤེས་འགག་མེད་དུ་བྱུང་བའོ། །འདུ་ཤེས་ལ་འཆིང་བྱེད་ཡོད་པས། སེམས་བྱུང་ཚོར་འགག་པ་མེད་པར་ཤར་ཡང་དེ་ཉིད་གཏན་ལ་མ་ཕེབས་པའོ། །འདུ་བྱེད་ལ་འཆིང་བྱེད་ཡོད་པས་སེམས་མི་དགེ་བ་སྣ་ཚོགས་སུ་སློང་བར་བྱེད་པའོ། །དེ་ལྟར་ལ་ནི་རིགས་ལྔའི་རྒྱས་སུ་གྲོལ་ཏེ། གཟུགས་ཀྱི་ཕུང་པོ་ཉིད་རྣམ་པར་སྣང་མཛད་དུ་གྲོལ་ལ། རྣམ་སྣང་ཉིད་གཟུགས་སུ་གྲོལ་བས་གཉིས་མེད་སྤང་བླང་ལས་འདས་པ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའོ། །ཁམས་ནི་མིག་གི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་བཅོ་བརྒྱད་ཀྱིས་སེམས་དཔའ་དང་སེམས་མར་གྲོལ་ལ། །མིང་དང་། གཟུགས་དང་། རྣ་བ་དང་། སྒྲ་ལ་སོགས་པ་བཅུ་གཉིས་ཕྱིའི་ལྷ་མོ་བརྒྱད་ནི་ལྷ་མོ་བཞི་སྟེ་བཅུ་གཉིས་སུ་གྲོལ་ལོ། །རིགས་དང་། ཞེས་པ་རིགས་ལྔ་ཡབ་ཡུམ་བཅུ་ལ། རིགས་ཀྱི་བདག་པོ་ནི་གཙོ་བོ་ལྔར་གྲོངས་པས་དེ་དང་དབྱེར་མི་ཕྱེད་དོ། གོང་མའི་གཟུང་བ་ནི་ཡུལ་ཙམ་ལས་འཁྲུལ་པ་མ་ཡིན་པ་ལས་ཡང་དག་པར་བཟུང་བའོ། །ཙམ་པོ་ལས་འཁྲུལ་པས་དེ་ལྟར་སྣང་ཤེས་ཀྱིས་བསྡུས་པའི་དོན་སྣང་བ་ཡིན་པས་སོ། །བྱེ་བྲག་པ་ནི་དུང་དཀར་པོ་ལས་སེར་པོར་བཟུང་པའོ་ལྟ་བུའོ། །དེ་ལ་འཛིན་པའི་སེམས་ཀྱིས་ཞེན་པས་ཆོས་ཅན་དུ་སྣང་བས་འཁྲུལ་པ་ནི། དེ་ཡང་ཐབས་བླ་མའི་གདམས་པས་ལུས་ངག་ལ་བདེ་བ་བསྐྱེད་ན་འཛིན་པ་ཞེན་པ་རང་རྒྱུད་པ་ལས་གྲོལ་བས་འཛིན་པ་སེམས་ཀྱིས་འཁྲུལ་པའི་མིང་མེད་ཤེས་རབ་ཀྱིས་སྟོང་པར་བརྟག་པས་བཟུང་བ་ཡུལ་གྱི་འཁྲུལ་པ་སྟོང་པར་གྲོལ་ལོ། །དེ་ལྟར་འཁོར་བ་ཞེས་བྱ་སྟེ་ཡང་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་བྱ་སྟེ། ཁམས་གསུམ་འགྲོ་བ་ཉིད་དེ། ཡང་པའི་འཁྲུལ་འཁོར་དུ་བྱུང་བའོ། །དེ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་བརྟེན་ནས། ཆོས་ཀྱི་དབྱིངས་སྟོང་པ་མཐའ་དང་དབུས་མེད་པ་ཉིད་དུ་གྲོལ་སྤང་བླང་དང་རྩོལ་བསྒྲུབ་ལས་འདས་པའོ། །ཞེས་ཉིང་ལག་གི་དོན་གཉིས་པ་རྒྱུའི་འཁྲུལ་པ་དེ་དག་རང་གྲོལ་དུ་བསྟན་ནས། ད་ནི་ཉིང་ལག་གི་དོན་གསུམ་པ་ཉོན་མོངས་དེ་དག་ཀྱང་ཡེ་ནས་འདི་ལྟར་གྲོལ་བར་བསྟན་པ་ནི། གོང་དུ་ཁམས་གསུམ་པོའི་ཁང་པར་ཞེས་པ་སྟེ། དེ་ཡང་འདོད་པའི་ཁམས་འདོད་པའོ་རྒྱུ་ལྔ་ལས་བྱུང་བ་དང་། གཟུགས་ཀྱི་ཁམས་གཟུགས་ཀྱི་འདུ་བྱེད་བཅུ་གཉིས་ལས་བྱུང་བ་དང་། གཟུགས་མེད་པའི་ཁམས་མེད་པའི་ལམ་བརྒྱད་ལས་བྱུང་པའོ། །འདོད་པའི་རྒྱུ་ལྔ་ནི། འདོད་པའི་རྒྱུ་དངོས་དྲན་པ་ལ་དེ་ལ་ཆེར་ཆགས་པས་འདོད་ཆགས་ཞེས་བྱ་སྟེ། འདོད་ཆགས་ཀྱིས་འབྲས་བུ་སྲོག་གཅོད་པར་བྱུང་ལ། འདིའི་གཏི་མུག་མ་བྱིན་པར་ལེན་པར་བྱུང་ལ། དེའི་ཞེ་སྡང་གི་འབྲས་བུ་བརྫུན་དུ་བྱུང་ངོ་། །དེའི་ང་རྒྱལ་གྱི་འབྲས་བུའི་ངའི་སྙམ་པར་བྱུང་། དེའི་ཕྲག་དོག་གི་འབྲས་བུ་གཞན་སེལ་བ་བྱུང་ངོ་། །གཏི་མུག་གི་ལམ་ལ་ཕྱིན་ཅི་ལོག་ཏུ་འགྱུར། དེའི་གཏི་མུག་གི་འབྲས་བུ་ཉིད་དུ་བྱུང་ལ། དེའི་འདོད་ཆགས་ཀྱི་འབྲས་བུ་མི་ཚངས་པར་སྤྱོད་པ་བྱུང་ལ། དེའི་ཞེ་སྡང་གི་འབྲས་བུ་རྒོལ་བར་བྱུང་ལ། དེའི་ང་རྒྱལ་གྱི་འབྲས་བུ་ཁེངས་པར་བྱུང་ལ། དེའི་ཕྲག་དོག་གི་འབྲས་བུ་འཁོན་དུ་འཛིན་པར་བྱུང་ངོ་། །ཡང་དེའི་བྱེད་པའི་རྒྱུ་ཞེ་སྡང་གིས་གཟུགས་སྣ་ཚོགས་པར་བྱས་ལ། དེའི་ཞེ་སྡང་གི་འབྲས་བུ་ཕྱིར་རྒོལ་བར་བྱས་ལ། དེའི་གཏི་མུག་གིས་རྣམ་པར་རྨུགས་བྱས། དེའི་འདོད་ཆགས་ཀྱིས་རྒྱགས་པར་བྱས། དེའི་ང་རྒྱལ་གྱིས་རྒོལ་པར་བྱས། དེའི་ཕྲག་དོག་གིས་རྣམ་པར་གཡེང་བར་བྱས་སོ། །འཛིན་པའི་རྒྱུ་ང་རྒྱལ་གྱིས་བྱས་པས་དབང་པོ་མི་འདྲ་བ་ཐ་དད་པར་བྱས་ཏེ། དེའི་ང་རྒྱལ་གྱིས་ཁྲོ་བར་བྱས། དེའི་གཏི་མུག་གིས་བྱིང་བར་བྱས། དེའི་ཞེ་སྡང་གིས་མ་བྱིན་པའི་ལས་སུ་བྱས། དེའི་འདོད་ཆགས་ཀྱིས་རྣམ་པར་རེངས་པར་བྱས་སོ། །དེའི་ཕྲག་དོག་གིས་ཁོང་ཁྲོ་བར་བྱས། དེའི་བསགས་པའི་རྒྱུ་ནི་ཕྲག་དོག་གིས་ལས་ཐ་དད་པར་བྱས་ཏེ། དེའི་ཕྲག་དོག་གིས་བདག་ཏུ་ལྟ་བར་བྱས་ཏེ། དེའི་གཏི་མུག་གིས་མ་རིག་པར་བྱས། དེའི་ཞེ་སྡང་གིས་ཕྱིན་ཅི་ལོག་ཏུ་བྱས། དེའི་འདོད་ཆགས་ཀྱིས་ཐེ་ཚོམ་དུ་བྱས། དེའི་ང་རྒྱལ་གྱིས་བདག་ཏུ་འཛིན་པར་བྱས་སོ། །དེ་ལྟར་ཉེར་ལྔ་ལས་གྲུབ་པས་འདོད་པའི་ཁམས་ཞེས་བྱའོ། །དེ་ཡང་འདི་ལ་ལམ་རྒྱུད་ལྔ་ལས་བྱུང་བས་རྒྱུ་ལྔར་སོང་པའོ། །གཟུགས་ཁམས་འདུ་བྱེད་བཅུ་གཉིས་ནི་སྣང་པའི་འདུས་བྱེད་པས་འོད་དུ་བྱུང་། དེ་ཉིད་གསལ་བའི་འདུ་བྱེད་ལས་འོད་ཀྱི་ལུས་སུ་བྱུང་། རབ་ཏུ་མཆེད་པའི་འདུ་བྱེད་ལས་གཟུགས་ཀྱི་ཚད་བཟང་བར་བྱུང་། རྒྱུ་མངོན་པར་རྟོག་པའི་འདུ་བྱེད་ལས་ཤེས་པ་རང་བཞིན་གྱིས་གསལ་བར་བྱུང་། མིང་རྣམ་པར་སྦྱང་བའི་འདུ་བྱེད་ལས་ཚེའི་ཚད་བྱུང་། ལས་མངོན་པར་བརྩོན་པའི་འདུ་བྱེད་ལས་ལོངས་སྤྱོད་ཀྱི་ཚད་བྱུང་། ཤེས་བྱེད་རྟོག་པའི་འདུ་བྱེད་ལས་མངོན་ཤེས་བྱུང་། འགྱུ་བ་རྣམ་པར་དག་པའི་འདུ་བྱེད་ལས་རྡུལ་དང་བྲལ་བའི་ཕུང་པོ་བྱུང་། ཆོས་རྣམ་པར་འབྱེད་པའི་འདུ་བྱེད་ལས་ཁམས་དང་སྐྱེ་མཆེད་པར་བྱུང་། རང་བཞིན་རྣམ་པར་དག་བའི་འདུ་བྱེད་ལས་སེམས་རྣམ་པ་གདངས་པར་བྱུང་། རིགས་རྣམས་པར་གསལ་བའི་འདུ་བྱེད་ལས་སོ་སོའི་གནས་དང་གཞལ་ཡས་ཁང་དུ་བྱུང་། རང་བཞིན་ཀུན་ཏུ་ཡིད་གདངས་པའི་འདུ་བྱེད་ལས་ལྟུང་བའི་རྒྱུར་བྱུང་བའོ། །དེ་དག་ནི་གཟུགས་ཀྱི་རིགས་རྣམ་པར་བརློམ་པའི་བདག་ལས་བྱུང་བས། ཐ་མ་ཡང་གཟུགས་ལ་སྡུག་པར་འཛིན་པར་ངན་སོང་དུ་ལྟུང་བའོ། །གཟུགས་མེད་ཁམས་མེད་པའི་ལམ་བརྒྱད་ལས་བྱུང་བ་ནི། ལུས་སུ་མེད་པའི་ལམ་ཡིད་ཀྱི་འདུ་བྱེད་ལས་བྱུང་བའོ། །དངོས་སུ་མེད་པའི་མཐའ་རྣམ་པར་དག་པ་འཛིན་པ་ལས་བྱུང་པའོ། །ཡིད་རྣམ་པར་ལྟ་བ་མེད་པའི་ལམ་ཙམ་གྱི་ལུས་སུ་བྱུང་པའོ། །འདུས་པ་ལ་ལས་སུ་མེད་པའི་ལམ་ཤེས་པ་མཐའ་བར་བྱུང་པའོ། །སྐྱི་བའི་ལས་མེད་པའི་ལམ་མཆེད་པ་རྣམ་པར་གྲོལ་བར་བྱུང་བའོ། །ལས་ཀྱི་རྟོགས་པ་མེད་པའི་ལམ་ལ་ཏིང་ངེ་འཛིན་དུ་བྱུང་བའོ། །འགྱུ་བ་སྣ་ཚོགས་སུ་མེད་པའི་ལམ་དབུགས་ཕྱི་ནང་དུ་མི་རྒྱུ་བར་བྱུང་བའོ། །ཁམས་ཀྱི་ཟག་པ་མེད་པའི་ལམ་ཉོན་མོངས་ཁོང་ཁྲོ་མེད་པར་བྱུང་བའོ། །དེ་ལྟར་གསུམ་འདུས་པའི་ཁང་པ་ནི་འགྲོ་བ་དེ་རྣམས་དེ་ལས་འགྲོ་བ་གཞན་མེད་པས་སོ། །དེ་དག་ཀྱང་ཆོས་ཉིད་སྤྲོས་པ་མེད་པས་གང་དུ་ཡང་ཡང་ལ། དེ་ལ་གཞལ་དུ་མེད་པས་ཤེས་པ་ཡས་ཏེ་རྟོག་པ་ཟད་པས། འཁྲུལ་པ་ལས་ཟང་ཐལ་དུ་སོང་པས་སོ། །དེ་ལ་མིང་ནི་བརྟག་པ་དང་། གནས་པ་དང་། བསྒྱུར་བའི་མིང་ངོ་། །དེ་ལྟ་བརྟགས་པ་ཙམ་གྱིས་ཆགས་པས་མིང་ཞེས་བྱ་ལ ། དེ་ལ་བརྟེན་ནས་ཞེན་པ་བསྐྱེད་དོ། །དེ་ལ་བརྟེན་ནས་ཡི་གེའི་བརྡས་བསྒྱུར་བ་ལས་གཟུགས་ལ་མངོན་པར་ཞེན་སྟེ། དེ་ལྟར་མིང་གཟུགས་གཉིས་ལ་མངོན་པར་ཞེན་པས། དཔེར་ན་རྒྱལ་པོའི་བཙོན་རར་ཆུད་ནས་ཐར་བའི་ཐབས་མེད་པ་འདྲ་བ་ནི། དོན་དམ་པར་མིང་ལ་ངེས་པ་མེད་པས་མིང་དོན་གང་དུ་ཡང་མ་གྲུབ་ལ། དོན་དམ་པ་རང་ལ་ངེས་པ་མེད་པས། འདོགས་བྱེད་ཡི་གེར་མ་གྲུབ། ཡི་གེར་གྲུབ་པ་མེད་པས་གཟུགས་དབྱིབས་དང་ཁ་དོག་ཏུ་གྲུབ་པ་མེད་པས་ཆོས་ཉིད་ཡངས་པ་ཆེན་པོར་གྲོལ་བས་བརྩོན་ར་ལས་ཐར་བས་སླར་ལྡོག་ཏུ་མེད་པའོ། །མ་རིག་པ་གསུམ་གྱི་ལས་ཐ་དད་པའི་རྟོག་པ་ལྕགས་དང་འདྲ་བས་བསྡམ་པ་ནི། རང་གི་རྒྱུད་ལ་ཡེ་ཤེས་སྣ་ཚོགས་འཕྲུལ་དང་འདྲ་བ་སྐྱེས་པའི་ཤེས་རབ་ཀྱི་ལྡེ་མིག་གིས་མ་རིག་པའི་ལྕགས་ཕྱེ་ནས་ཆོས་ཉིད་ལ་མངའ་བརྙེས་པའོ། །རང་གི་སྒྲོན་མ་འོད་གསལ་བ་ལ་རྫས་སུ་མེད་པས་སྟོང་པའི་ཡེ་ཤེས་མར་མེ་དང་འདྲ་བས་རང་བྱུང་སྒྲོན་མ་གསལ་བར་བྱས་སོ། །རང་གི་རིག་པ་རང་ལ་སྣང་བའི་འོད་ཆེན་པོས་འཁོར་བའི་མུན་ནག་སྟུག་པོས་གཡོག་པ་གྲོལ་བར་བྱས་སོ། །ཡུལ་གཞན་ལ་ཆགས་པས་མ་བཅིངས་བར་འདོད་ཆགས་ཚྭ་ཆུ་འཐུངས་བ་དང་འདྲ་བའི་རོ་ལ་ཆགས་པ་ནི། དེ་ཉིད་ཀྱི་གྲོལ་བ་ནི་དཔེར་ན་སྦྲུལ་གྱི་མདུད་པ་བཞིན་དུ་དེ་ཉིད་དེ་ཉིད་ཀྱིས་གྲོལ་ལོ། །རང་ལ་ཉམས་སུ་མྱོང་བ་བདེ་བ་སྐྱེས་པས། གཏི་མུག་གིས་དམ་དུ་བཅིངས་པ་ལས་གྲོལ་བ་ནི། རོ་བདེ་བ་དང་སྟོང་པར་ཆགས་པ། རང་གི་ལུས་ཐུགས་རྗེ་རང་ཤུགས་ཀྱི་ཞགས་པས་རང་གི་ལུས་བདེ་ཆེན་དུ་བཅིངས་པས་གཏི་མུག་གི་འཆིང་བྱེད་རང་གྲོལ། ཤེས་རབ་ཀྱི་མེ་ཡིས་ཉོན་མོངས་པ་ཞེ་སྡང་བསྲེགས་པས། ཞེ་སྡང་གི་མེས་ཚིག་པ་ལས་གྲོལ་ལོ། །རང་བྱུང་འོད་གསལ་ཆེན་པོའི་གོས་རང་གི་ལུས་ལ་གྱོན་པས་གཏི་མུག་ང་རྒྱལ་གྱིས་མགོ་བཏུམས་པ་ལས་ཟང་ཐལ་དུ་གྲོལ་ལོ། །རང་ལ་གནས་པའི་ཆོས་སྤྱོད་ཀྱི་མཛོད་སྙིང་གི་སྒོ་མིག་ཏུ་ཕྱེ་བས། ཕྲག་དོག་གི་སྒོ་ཕྱེད་པའོ། །རང་རིག་རང་ལ་ཤར་བས་གཞི་གནས་རིག་པ་རྣོན་པོ་རང་ཤར་བས་མཚན་ཐོག་པའི་དཔའ་བོ་དང་འདྲ་བའི་ཁོང་ཁྲོའི་དམག་གི་དཔུང་བཟློོག་པ་བྱེད་པའོ། ། ལྟ་བ་སྟོང་པའི་ཡེ་ཤེས་སྤྱོད་པ་རང་སྣང་ཞེན་མེད་གཉིས་ཐབས་ཤེས་རབ་ཟུང་འཇུག་ཏུ་ལུས་ལ་བརྟེན་པས་དྲན་བསམ་གྱི་གཞི་སྟོང་པར་བྱས་སོ། །བཟུང་བ་དང་འཛིན་པའི་ཞག་པ་དེ་གཅད་པ་ལས་རྟོགས་པའི་ཤེས་རབ་ཀྱི་ཞགས་པ་རང་རྒྱུད་ལ་ཤར་བས་འཁོར་བའི་རྣམ་པར་རྟོག་པས་བཅིངས་པ། ཡུལ་དང་ཤེས་པའི་འབྲེལ་ཆད་པའོ། །ཉམས་སུ་མྱོང་བའི་ཆག་པའི་གང་ཟག་ལ་རང་རིག་པ་རང་ཤར་བས། སྔ་མའི་ཞེན་པ་རང་འགགས་ཕྱི་མའི་རྟོག་པ་རང་དེངས་ནས་བག་ཆགས་འདམ་ལས་ཐར་ནས་སྣང་བ་རྣམ་པར་དག་གོ །རྟོག་པ་མེད་པའི་ཆོས་ཉིད་དང་རང་འབྲལ་བ་མེད་པར་ལག་སྦྲེལ་བས། རྣམ་པར་སྨིན་པའི་ལག་པ་དང་བྲལ་བར་འགྱུར་རོ། །འཁོར་བའི་རྟོག་པ་ཆོས་ཉིད་མའི་སྣང་བ་དང་། རིག་པ་བུའི་སྣང་བ་དང་། རིག་པ་གཉིས་ཕྲད་པ་ནི། གོང་མའི་ལས་ཀྱི་མ་བུ་དང་འ ཕྲད་པའོ། །སྟོང་གསལ་ཆེན་པོའི་ཡུལ་རྙེད་ནས་གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན་དུ་འཁོར་བ་ལས་གྲོལ་ལོ། །དེ་ལ་འཛིན་པ་མེད་པའི་ཆོས་སྐུ་ཐོབ་པས་བཟང་ངན་གྱི་རིམ་པ་རྣམས་ཆད་ནས། ལས་དགེ་སྡིག་ལས་འདས་པར་ངོས་ཟིན་ཏོ། །ཏིང་ངེ་འཛིན་རྒྱུན་དུ་ཆགས་པའི་རབ་ཉམས་རང་གྲོལ་དུ་སྒལ་བས། རིགས་དྲུག་སོ་སོའི་གཟུགས་སུ་སྐྱེས་བའི་རྒྱུན་གཅོད་པའོ། །སྡུག་པ་ལུས་ལ་བསྔལ་བ་སེམས་བག་ཆགས་འདུས་པའི་རྒྱ་མཚོའི་གྲུ་ལས་ཐར་བ་ནི། བྱིང་བ་ལས་རང་གྲོལ་བའོ། །གསང་བའི་དོན་རིག་པ་དེ་རང་གི་རྒྱུད་ལ་སྡགས་བདེ་ཐབས་ཀྱི་དགོངས་པ་གཅིག་ཡིན་པས། ངན་སོང་ལས་གྲོལ་བའོ། དེ་ལྟར་ན་ཡེ་ཤེས་ནི་གཞི་གནས་ཡེ་ཤེས་རང་རྫོགས་པས་འཁོར་འདས་དུས་གཅིག་ལ་གྲོལ་བའོ། །ཞེས་ཉིང་ལག་གསུམ་པའོ། །ད་ནི་ཉིང་ལག་གི་དོན་བཞི་པ་དེ་དག་ཀྱང་ཡེ་ནས་མྱ་ངན་ལས་འདས་པའི་བདག་ཉིད་དུ་བསྟན་པ་ནི། འཁོར་འདས་ཐམས་ཅད་དེ་ལྟར་གྲོལ་བའི་ངོ་བོ་རང་ཅི་ཡིན་ཞེ་ན། དེ་ལྟར་མ་རིག་པ་ལས་བྱུང་བའི་འཁྲུལ་པ་ཉིད་རྣམ་པར་དག་པས་རིག་པ་ཉིད་ཆོས་ཀྱི་སྐུར་གྲོལ་བ་ལ། དེའི་རང་བཞིན་འོད་ལྔ་གང་དང་ཡང་མ་འདྲེས་པར་རྫོགས་པ་ཆེན་པོར་གནས་པས་དེ་ལྟར་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས། ལུས་བདེ་བ་ཆེན་པོའི་རང་བཞིན་དུ་གྲོལབས། ལུས་སེམས་ཀྱི་འབྲེལ་ཆད། ངག་གི་བདེ་བས་བརྗོད་པ་ཚིག་གི་གཞི་ཉམས། སེམས་ཀྱི་བདེ་བས་རྟོག་པ་དུ་མའི་མཐའ་འགགས་སོ། །དེ་ལྟར་ན་དང་པོ་དང་། ཞེས་བསྟན་པ་སྣོད་ཀྱི་འཇིག་རྟེན་ས་རྡོ་དང་རི་བྲག །དེ་ལ་དངོས་མེད་ཟང་ཐལ། སེམས་དང་སེམས་ལས་བྱུང་བའི་ཆད་པའི་མཐའ། འཁོར་བའི་ཆོས་དང་མཚན་ཉིད་མྱངས་པས་རྒྱུ་ངན་ཏེ་སྡུག་བསྔལ་མེད་པ་ཤེས་ལ། འབྲས་བུ་ངན་ཏེ་ངན་སོང་གསུམ་དུ་འགྲོ་བར་ཤེས་པས། དེ་ཉིད་ལ་ཞེན་པ་ལོག་པས་དེ་རྣམས་ལས་འདས་པའོ། ། འདས་ལུགས་བློ་བྲལ་ངོ་བོ་ཉིད་དུ་འདས་པས་ཡིན་མིན་གྱི་རྩིས་མེད་པ་དང་། བྱ་བྲལ་ཡོངས་རྫོགས་སུ་འདས་པས་སྤང་བླང་ལས་འདས་པའོ། །སྟོང་པའི་ནི་དངོས་པོ་མཐར་འཛིན་པ་མ་ཡིན། དེ་ལ་དངོས་མེད་ཟང་ཐལ་བས་ཡེ་ཤེས་ཏེ། དེ་ཡང་ངོ་བོས་སྟོང་ཉིད་དོ། །རང་བཞིན་དུ་སེམས་ཅན་ཀུན་ལ་འོད་དང་འོད་ཁྱིམ་གྱི་ཚུལ་དུ་ཁྱབ་པའི་ཡེ་ཤེས་ནི། སྒྲ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཉིད་སྤྲོས་པ་ལས་འདས། དྲི་དང་རོ་དག་འདོད་པའི་ཡོན་ཏན་ལྔ་ལ་ལམ་དུ་བྱས་ནས་སངས་རྒྱ་བ་སྟེ། དེ་ཡང་སྒྲ་སྙན་པ་དང་། མི་སྙན་པ་མྱང་ནས་སྒྲ་གྲགས་སྟོང་དབྱེར་མེད་དུ་འདས་པ་དང་། དྲི་ཞིམ་པ་དང་མི་ཞིམ་པ། རོ་བདའ་བ་དང་། མི་བདའ་བ་མྱངས་ནས། དེ་དག་ངན་པར་ཤེས་པས། དེ་དག་ལས་འདས་པ་ནི། སྒྲ་མ་བཅིངས་མ་གྲོལ། དེ་བཞིན་དྲི་ལ་སོགས་པའོ། །ཚིག་གིས་སྤྲོས་པ་ཐ་སྙད་སྣ་ཚོགས་པའི་རྟོག་པ་དང་། བློའི་སྤྲོས་པ་ཡིན་སྙམ་ལ་སོགས་པ་སྙམ་བྱེད་སྣ་ཚོགས་པ་དང་། ལྟ་སྒོམ་གྱི་སྤྲོས་པ་སོ་སོའི་གཏད་རྣམ་མེད་པའི་ཆོས་ཀྱི་སྐུ་ནི། གཟུགས་ཀྱི་ཕུང་པོ་རྡུལ་དང་རྡུལ་ཕྲན་གྱི་ཞེན་པ་རང་གྲོལ་བ་དང་། དེ་ལྟར་མ་ཤེས་ཏེ་རྡུལ་ཕྲ་རབ་ཀྱིས་བསྡུས་པ་མྱངས་པ་དང་། ཚོར་བ་བདེ་སྡུག་སྣ་ཚོགས་པ་དང་། འདུ་བྱེད་རྟོག་པ་སྣ་ཚོགས་པ་དང་། འདུ་ཤེས་ལས་འདས་ཀྱི་མཐའི་བྱེ་བྲག་དང་། རྣམ་ཤེས་ཡུལ་ཡུལ་ཅན་གྱི་རྣམ་པ་མྱངས་པས་དེ་དག་ངན་པར་ཤེས་ཏེ། དེ་དག་ལས་འདས་ཏེ། འདས་ལུགས་ཚིག་གི་སྤྲོས་པ་བརྗོད་དུ་མེད་པ་དང་། བློའི་སྤྲོས་པ་རྟོག་མེད་ཀྱི་ངང་དུ་འདས་པས་དྲན་པ་བསམ་བློའི་སྤྱོད་ཡུལ་མ་ཡིན་པའོ། །རིག་པའི་ཡེ་ཤེས་ཡུལ་ཀུན་ལ་ཁྱབ་པས་ཐམས་ཅད་སྤང་དུ་མེད་དེ། དེ་ཉིད་བདེ་བ རྡལ་བས་ས་ཐམས་ཅད་ལ་ཁྱབ་པའི་གནད་ཀྱིས། གླིང་བཞི་རི་རབ་དང་བཅས་པའི་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་དང་པོ། དེ་ལྟ་བུ་གསུམ་ལ་འཇིག་རྟེན་གྱི་ཁམས་གཅིག་སྟེ། དེ་དག་གི་ཆགས་པ་དང་། འཇིག་པ་དང་། གནས་པའི་མཚན་ཉིད་མྱངས་པས་ངན་པར་ཤེས་པས་དེ་དག་ལས་འདས་པ་སྟེ། འདས་ལུགས་འབྱུང་བ་འཕྲ་རགས་ཀྱིས་བཅིངས་པ་ལས་འདས་པའོ། །ཐམས་ཅད་ཀྱི་དབྱིངས་སུ་རྣམ་པར་དག་པ་ནི། དྲི་མ་ལས་འདས་ཤིང་བརྗོད་དུ་མེད་པ་སྟེ། ཕྱིའི་འབྱུང་བ་ལྔ་དང་ནང་གི་འབྱུང་བ་འདུ་འབྲལ་མེད་པར་འབུད་ཐ་བ་སྟེ། དེ་ལྟར་ཡང་། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། འགྲོ་བ་ཀུན་ལ་རང་བཞིན་གནས། ཞེས་པས་སོ། །དེ་ཡང་ཕྱི་རོལ་གྱི་ས་ལས་ནང་དུ་ཤས་བཅིངས་པས་སེམས་སྲ་བ་ལྟར་སྣང་པ་དང་། ཕྱིའི་ཆུའི་ནང་གི་ཁྲག་གིས་བཅིངས་པས་སེམས་སྡུད་པ་ལྟར་སྣང་བ་དང་། ཕྱི་མེས་ནང་དུ་དྲོད་བཅིངས་པས་སེམས་ཚ་བ་ལྟར་སྣང་བ་དང་། ཕྱིའི་རླུང་གིས་ནང་དུ་དབུགས་སུ་བཅིངས་པ་སེམས་ཡང་ཞིང་བསྐྱོད་པ་ལྟར་སྣང་བ་དང་། ཕྱིའི་ནམ་མཁའ་ན ང་དུ་བཅིངས་པ་སེམས་སྟོང་པ་ལྟར་སྣང་བ་མྱངས་པ་སྟེ དེ་དག་ངན་པར་ཤེས་པས་དེ་ལས་འདས་ཏེ། འདས་ལུགས་ནི་འབྱུང་བ་འཕྲ་རགས་ཀྱི་རྟོག་པ་ལས་འདས་པས། ཡེ་ཤེས་དག་པའི་སྣང་བར་རང་གྲོལ་བའོ། །མ་རིག་པའི་དྲི་མ་སངས་པས་ངོ་བོ་ཀ་དག་ཏུ་རྒྱས་པའི་སྐུ་གཅིག་གིས་འགྲོ་བ་ཀུན་ལ་ཁྱབ་པས་ན། བཏགས་པའི་མིང་ལ་ངེས་པ་མེད་པ་དང་གནས་པའི་མིང་ལ་འགྲུབ་པ་མེད་པ་དང་། བྲིས་པའི་ཡི་གེ་བྱས་པའི་ཕྱིར་འཇིག་པ་དང་། གནས་པའི་ཡེ་ཤེས་བལྟར་མེད་པས་མ་ཤེས་པ་དང་། བརྗོད་པའི་ཡི་གེ་སྒྲ་ཡིན་པས་མི་རྟག་པ་རྣམས་མྱོང་བས་ངན་པར་ཤེས་པས། དེ་དག་ལས་འདས་ཏེ། འདས་ལུགས་སྤྲོས་པ་ཚིག་གི་བྱེད་པ་ལས་འདས་པས། བརྗོད་དུ་མེད་པའི་ཆོས་ཉིད་ལོངས་སྤྱོད་པའོ། །རིག་པ་དེ་ཉིད་ངག་གིས་ཀྱང་མ་ཤིགས་པས་སྐྱེ་ཤི་མེད། དེ་ཉིད་ལས་འགྱུར་བ་མེད་པས་རྡོ་རྗེ་ཡེ་ནས་གནས་པའ ི་དོན་ད་ལྟ་རྟོགས་ཤིང་ཤེས་པས་ཡེ་ཤེས་ཉིད་ཤར་བས་ན། བེམ་པོའི་རང་བཞིན་རྡུལ་ཕྲ་རབ་ལས་གྲུབ་པས་ལུས་བཅིངས། རྡོ་རྗེ་སྲ་བའི་རྟོག་བས་བཅིངས། རི་དང་བྲག་གིས་ཡེ་ཤེས་ཀྱི་སྣང་བ་བསྒྲིབ་པ་དེ་ཉིད་ལ་མྱངས་པས་ཏེ། དེ་ཉིད་ངན་པར་ཤེས་པས་དེ་དག་ལས་འདས་ཏེ། འདས་ལུགས་དང་ཡེ་ཤེས་ཀྱི་སྣང་བ་ལས་འདས་སོ། །ཆོས་ཉིད་ལ་ཚིག་གི་སྤྲོས་པ་དང་བྲལ་བ་ཉིད་ལ། ཚིག་གིས་འབུད་མི་ཐ་བའི་གནད་ཀྱིས་ཐ་སྙད་ཚིག་ཡིན། ཚིག་བློའི་རྟོག་པ་ཡིན། རྟོག་པ་འཁོར་བ་ཡིན་པར་མྱངས་ནས། དེ་ཉིད་ངན་པ་ཤེས་པས། དེ་དག་ལས་འདས་ཏེ། འདས་ལུགས་ནི་ཡིད་དཔྱོད་ཀྱི་ཚིག་ལས་ཆོས་ཉིད་མངོན་གསུམ་དུ་གསལ་བའོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་པ་དེ་ལྟར་མྱ་ངན་ལས་འདས་པའི་ངོ་བོ་དེ་ལ་འགྱུར་བ་མེད་པར་བསྟན་པ་ནི། དེ་དག་གཞན་ལས་བྱུང་བ་ཡིན་ནམ་ཞེ་ན། གཞན་ལས་མ་བྱུང་བར་བསྟན་ཏེ། ཨེ་མ་ནི་ངོ་མཚར་བ་མྱ་ངན་ལས་འདས་པ་འདི་ནི་རང་ལ་རྫོགས་པས་གཞན་ནས་བརྩལ་མི་དགོས། དེ་ལ་མཐའི་རྟོག་པ་སངས་པས་རྟོག་པར་རྒྱས་ཏེ། དེ་ཉིད་ཀྱིས་ཡིན་པས་ན། ངོ་བོ་རྣམ་པར་དག་པའི་རང་བཞིན་ལས་མ་གཡོས་པ་ནི་རང་རིག་རང་སོ་ལ་བཞག་པས། བྱ་བ་དུས་གཅིག་ལ་རྫོགས་པའོ། །དེ་ལ་མིང་དུ་བཏགས་ན་མ་འགྱུར་བའི་ཆོས་ཉིད་རབ་ཏུ་བསྟན་པ་ཞེས་བྱའོ། །དེ་ཉིད་རང་གི་སྣང་བ་ཡིན་པས་བཅོས་མི་དགོས། རང་གྲོལ་བ་ཡིན་པས་གཉེན་པོ་གཞན་ལ་མི་ལྟོས། རང་གི་སྤྲུལ་པ་ཡིན་པས་གཞན་དུ་འགྲོ་བའི་ལམ་ཟད་པའོ། །དེ་ཉིད་མེ་ལོང་གི་ནང་དུ་བཞིན་བལྟས་པ་ལྟར། རང་གི་བཞིན་ཡིན་པས་བལྟར་མེད་ལ། དེ་ཉིད་རང་དག་པས་སྦྱང་མི་དགོས། རང་གི་གདངས་ཡིན་པས་བཅོས་མི་དགོས་པའོ། །དེ་ཉིད་ཅོག་བཞག་ཡིན་པས་འབད་མི་དགོས། གཅེར་བཞག་ཡིན་པས་སྤང་མི་དགོས། དེ་དག་གསུམ་ཡང་ལྟར་མེད་པས་ཐོབ་དུ་མེད་པ་དང་། སྤྱོད་པ་མེད་པས་མཐོང་དུ་མེད། བསྒོམ་དུ་མེད་པས་གོམས་པ་མེད་པའོ། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་གཉིས་པ་དེ་ཉིད་ཀྱང་འབད་མེད་དུ་རང་གྲོལ་དུ་བསྟན་པ་ལ་སྤྲོས་པའི་དོན་ལྔར་བྱས་ནས་བསྟན་ཏོ། །དེ་ལྟར་གཉིས་ཀྱི་ནི་བསྡུས་དོན་གཉིས་པ་བསྟན་ནོ། །ད་ནི་བསྡུས་པའི་དོན་གསུམ་པ་སེམས་ཅན་གཞི་ལམ་འབྲས་བུ་གསུམ་ཚང་བར་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་ཏེ། དང་པོ་འཁྲུལ་པའི་ལུས་ལ་དག་པའི་ཡེ་ཤེས་ཀྱི་གནས་ལུགས་ཇི་ལྟར་ཚང་བར་བསྟན་པ་དང་། གཉིས་པ་དེ་ལམ་གང་ནས་བྱུང་བསྟན་པ་དང་། གསུམ་པ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་བསྟན་པའོ། །དང་པོ་ལ་ཉིང་ལག་གི་དོན་ལྔས་བསྟན་པའི་དང་པོ། དེ་དག་གསུམ་གྱི་དྲི་བ་མདོར་བསྟན་པ་ནི། དེ་ནས་ལ་སོགས་པའི་ཚིག་བརྒྱད་ཀྱི་གཞུང་གིས་ཤེས་ཏེ་འོག་ནས་བསྟན་ཏོ། །ད་ནི་ཉིང་ལག་གི་དོན་གཉིས་པ་ལན་རྒྱས་པར་བསྟན་པ་ནི། འདིའི་སྐད་དུ་བདུད་སྟོན་པ་བདུད་བཅོམ་པའི་སྐབས་ཏེ། བདུད་ནི་ཐར་པའི་བར་དུ་གཅོད་པས་ན་བདུད་ལ། དེ་ཡང་སྟོན་པའི་སྐུ་སྣང་ལ་རང་བཞིན་མེད་པས་ཕུང་པོའི་བདུད་བཅོམ་སྟེ། རྡུལ་ཕྲ་རབ་ལ་རང་རྒྱུད་དུ་འཛིན་པའི་བློ་ལོག་པས་གཟུགས་ཀྱི་ཕུང་པོའི་བདུད་བཅོམ་པས་སྐུ་སྣང་ལ་རང་བཞིན་མེད་པའོ། །བདེ་སྡུག་འཛིན་པ་རང་གྲོལ་བས་ཚོར་བས་ཕུང་པོའི་བདུད་བཅོམ་པས། སྐུ་ལ་གང་ནས་བལྟས་ཀྱང་ཀུན་ཏུ་ཟང་ཐལ་པའོ། །ཡུལ་དང་ཡུལ་ཅན་གྱི་བཅིངས་པ་ལས་གྲོལ་བས་རྣམ་ཤེས་ཀྱི་ཕུང་པོའི་བདུད་བཅོམ་པས། སྐུ་འགྲོ་འོང་ལྟ་བས་ཆོག་མི་ཤེས་པའོ། །རྣམ་རྟོག་ཕྱི་ནང་གི་འཕྲོ་འདུ་མེད་པས་འདུ་ཤེས་ཀྱི་ཕུང་པོའི་བདུད་བཅོམ་པས། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའོ། །འདུ་བྱེད་བྱེད་པའི་མཐའ་ལས་གྲོལ་བས་འདུ་བྱེད་ཀྱི་ཕུང་པོའི་བདུད་བཅོམ་པས་སྐུ་ལ་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པའོ། །དེ་ལྟར་ཕུང་པོ་ལྔའི་བདུད་བཅོམ་པ་ལ་དགོས་པ་ཅི་ཡོད་ན། སྐྱེ་བ་དང་འཆི་བ་མེད་པའོ། །ལྷའི་བདུད་ལོངས་སྤྱོད་དགའ་བདེ་ལ་ཞེན་པ་མེད་པས་བཅོམ་སྟེ། རང་སྣང་ཕྱོགས་མེད་དུ་སྣང་བ་དེ་འཛིན་མེད་དུ་གྲོལ་བའོ། །ཉོན་མོངས་པའི་བདུད་གཏི་མུག་འོད་གསལ་ཆེན་པོར་གནས་པས་བཅོམ་སྟེ། ཤེས་རབ་ཆེན་པོར་རང་རྒྱུད་རང་གཞན་རྒྱུད་ལ་ཐོག་པ་མེད་པར་བཞུགས་པའོ། །ཞེ་སྡང་གི་བདུད་རག་པ་ཀུན་བསླངས་དང་བཅས་པ་ཆོས་ཉིད་འགྱུར་བ་མེད་པས་བཅོམ་པས། ཆོས་ཉིད་ཟབ་མོའི་དོན་ཁོང་དུ་ཆུད་པའོ། །འདོད་ཆགས་ཀྱི་གནས་པ་རང་གཞན་དང་བཅས་པ་ཆགས་མེད་རང་གྲོལ་བས་བཅོམ་སྟེ། རྣམ་པར་དག་པའི་ཏིང་ངེ་འཛིན་ལ་ལོངས་སྤྱོད་པའོ། །འཆི་བདག་གི་བདུད་ཀྱིས་ལུས་སེམས་འབྲལ་བར་བྱེད་པ། སྐྱེ་མེད་མུ་མཐའ་ལས་འདས་པས་བཅོམ་སྟེ་སྐྱེ་ཤི་དང་འཕོ་འགྱུར་མེད་པའོ། །དེ་ལྟར་བཅོམ་པས་འགྲོ་བ་རིག་དྲུག་ཡུལ་རྣམ་པར་དག་པར་བྱེད་པའི་དོན་དུ། དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པའོ། །འཁོར་བའི་རྟག་པ་ལས་འདས་པས་མྱ་ངན་ལས་འདས་ཤིང་མཁྱེན་པའི་ཡེ་ཤེས་སུ་རྫོགས་པའོ། །དེ་ཉིད་ཀྱིས་བཀའ་དབང་པོའི་དོན་དུ་བརྩལ་བའོ། །རྡོ་རྗེ་འཛིན་པ་ཁྱོད་ལེགས་པར་ཉོན་ཅིག་ཅེས་བོས་ནས། རྣམ་པར་རྟོག་པ་དང་བཅས་པའི་ཁམས་གསུམ་དུ་འཁྲུལ་བའི་སེམས་ཅན་གྱི་འབྱུང་པས་བསྐྱེད་པའི་ལུས་འདི་ལ། གང་གིས་ཀྱང་མ་བསྒྲིབས་པས་དྲི་མ་མེད་པའི་ངོ་བོ་ཀ་དག་པ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ཚུལ་དུ་གནས་ཏེ། ཡེ་ཐོག་མ་ནས་སུས་ཀྱང་མ་བརྩལ་བར་གནས་ཏེ་ཡེ་ནས་བཞག་པའི་ཚུལ་དུ་རང་ལ་གནས་པ་ཡིན་ནོ། །རང་གི་ལུས་ལ་སངས་རྒྱས་ཀུན་གྱི་སྐུ་ཡེ་ཤེས་སུམ་བརྩེགས་སུ་གནས་པ་ཉིད་དོ། །ཐུགས་སྙིང་གི་དཀྱིལ་ན་སྐུ་ཉུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །དེ་ཡང་སུས་ཀྱང་མ་བསྐྱེད་པར་ཡེ་ནས་རྫོགས་པ་ཆེན་པོའི་རང་བཞིན་དུ་གནས་སོ། །རིག་པ་འགྱུར་བ་མེད་པའི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཐིག་ལེ་ཉག་གཅིག་ནི། སེམས་ཅན་ཀུན་ལ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ཚུལ་དུ་གནས་ཏེ། ངོ་བོ་གཅིག་ལས་མ་འདས་པར་རྫ་ནང་གི་ནམ་མཁའ་དང་འདྲ་བ་ཡོངས་ལ་སེམས་གཅིག་པོ་དེས་ཁྱབ་པ་ནི། ཡེ་ནས་བཅས་བཅོས་མེད་པའི་རང་བཞིན་སྟོང་པ་གཉུག་མའི་ངང་ལ་གནས་ཏེ། དེ་ལ་མིང་དུ་བརྟགས་ནས། རྡོ་རིག་པ་རྗེ་ཡེ་ཤེས་ལུ་གུ་རིག་པ་དང་ཡེ་ཤེས་གཉིས་སུ་མེད་པ། རྒྱུད་དུས་ཐམས་ཅད་དུ་སྣང་བ་སྐུ་གསུམ་གྱི་རང་བཞིན་ཅན་ནོ། །སེམས་ཅན་ལུས་ཀྱིས་ཁྱབ་ཚད་ལ་རྒྱུན་ནི་ཆད་པ་མེད་པ་གནས་པས། དེ་ལ་རྟག་ཏུ་གཟིར་བས་ལུ་ཐིག་ལེ་གུ་སྐུ་དང་། རྒྱུད་ཐིག་ལེའི་ནང་དུ་སྐུས་ཁྱབ་པར་གནས་པས། དེ་ལས་སྣང་བའི་འཕེལ། ཐིག་ལེ་དང་སྐུར་བཅས་པ་གྲངས་མང་པོར་འཕེལ་བས་ནི། ལོངས་སྐུའི་ཞིང་ཁམས་འདི་ཉིད་ལ་གཏན་ལ་ཕེབས་པར་ངེས་སོ། །དེ་ལས་ཐིག་ལེ་ཤིན་ཏུ་ཕྲ་བ་འཕྲོས་པས་ལས་དེའི་ཆ་ཐབས་ལས་བྱུང་བས། ཤེས་རབ་བྱུང་བའི་སྐུ་ནི། དབང་པོའི་སྤྱོད་ཡུལ་དུ་བསམ་གྱིས་མི་ཁྱབ་པར་སྣང་བ་ནི། རིག་པ་དེ་ཐ་དད་པ་མ་ཡིན་ཏེ། ཡོད་པ་གཅིག་ལ་མེད་པ་ལ། རིག་པ་དེ་ཉིད་སྐུ་སྣ་ཚོགས་སུ་སྣང་པས་ཐམས་ཅད་ཡོངས་ལ་སྣང་བས་དེ་ལ་བརྟེན་ནས་འབུད་ཐ་བ་ཉིད་ཐོབ་པའོ། །དེ་ཉིད་ཀྱི་མཚན་ཉིད་གང་ཞེ་ན། སྟོང་དང་ཞེས་པས་རྟག་པའི་མཐའ་བཅད། གསང་བའི་ཞེས་ནས་ཆད་པའི་མཐའ་གཅད་བདག་ཉིད་སྟོང་གསལ་རིག་པའི་སྙིང་པོ་ཅན་ཞེས་བྱའོ། །དེ་ནི་ཡེ་ཤེས་རྣམ་པར་དག་པའི་སྣང་བའི་ཞེས་ཉིང་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་རྩ་ནང་གི་ཐིག་ལེ་གསུམ་གྱི་རང་བཞིན་བསྟན་པ་ནི། དེ་ལྟར་བསྟན་པའི་སྐུ་གསུམ་གྱི་ངོ་བོ་ཉིད་དེ་ནི། རྩ་ཞེས་རོ་མ་དང་། རྐྱང་མ་དང་། ཀུན་རྡར་མའོ། །རོ་མ་ཞེས་པ་ཀུན་གྱི་རོ་ལེན་པར་བྱེད་པ་ཚྭ་དང་འདྲ་སྟེ། ཐིག་ལེའི་བདེ་བ་ལ་བརྟེན་ནས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་སྐྱེ་བར་བྱེད་པས་རོ་ཞེས་བྱ་ལ། དེ་ཡང་འདོད་ཆགས་ལས་བྱུང་པས་མ་ཞེས་བྱ་སྟེ། དེ་ཡང་འདོད་ཆགས་ཅན་འདོད་ཆགས་ལ་བརྟེན་ནས་སངས་རྒྱ་བར་བྱེད་བའོ། །ཡང་ན་རོ་ཞེས་བྱ་བྱེད་ཉུང་བ་ལ་བྱ་སྟེ། ཐིག་ལེའི་འཁྲུལ་ལ་བརྟེན་ནས་ཉམས་སུ་མྱོང་བ་དེ་བརྗོད་པར་དཀའ་བས་མ་ཞེས་བྱའོ། །དེའི་ནང་ནས་ཀུན་རྫོབ་ཀྱི་ཐིག་ལེ་འགྱུ་བར་བྱེད་པས་ཏེ། གཞུང་ནས་བསྟན་ཏོ། །རྐྱང་མ་ནི་རྐྱང་ཞེས་བྱ་བ་འདི་ལ་འཁྱོག་དང་ཡལ་ག་མེད་པ་སྟེ། རང་བཞིན་དུ་དོན་དམ་པའི་ཐིག་ལེ་དང་། ཀུན་རྫོབ་ཀྱི་ཐིག་ལེ་གཉིས་ཀའི་རྒྱུ་ལས། དོན་དམ་པའི་འབྱུང་བ་དང་། ཀུན་རྫོབ་ཀྱི་ཐིག་ལེ་སྨིན་པ་དང་འབྱེད་པར་བྱེད་པའོ། །དེ་ཡང་རྐྱང་མ་ཡིན་པས་རང་བཞིན་ཙམ་དུ་གནས་པ་ལས་ལས་མྱུར་བ་མ་ཡིན་པའོ། །ཀུན་གྱི་གཞི་མ་ཡིན་པས་མ་ཞེས་བྱའོ། །འདི་ལ་བརྟེན་ནས་འབད་རྩོལ་མེད་པར་འབུད་ཐའོ། །ཀུན་རྡར་མ་ཞེས་བྱ་བ་ནི། ཀུན་འདུས་པ་སྟེ་འདི་ལ་བརྟེན་ནས་ཐིག་ལེ་དང་། རྩའི་དང་། རླུང་གི་བདེ་བ་ཀུན་སྐྱེ་བས་ན་ཀུན་ཞེས་བྱ་ལ། དེ་སྤྱི་ལ་ཁྱབ་ཆེ་བས་ན་མ་ཞེས་བྱའོ། །དེ་ཡང་རོ་མ་ནི་ལྟེ་བའི་གཡོན་ནས་འཁྱིལ་གཡས་ནས་རྒྱུ་ལ། རྐྱང་མ་ནི་གཡས་ནས་སྙིང་གི་རྩེ་མོའི་གཡོན་ནས་འཐོན་ཏེ། མགྲིན་པ་རྩའི་དྲྭ་བ་ལས་འཐོན་ནས་ཐོད་པའི་ནང་ནས་ཚུར་གུག་སྟེ། མིག་གཡོན་པ་ནས་སྒོ་དོད་པའོ། །རོ་མ་ནི་མིག་གཡས་པའོ། །ཀུན་འདར་མ་ནི་དབུས་ནས་དྲང་པོར་གནས་ཏེ། རྩེ་མོ་གསུམ་དུ་གྱེས་ནས་སྒོ་དབུས་མ་སྤྱི་བོར་ཚངས་པའི་བུ་ག་ནས་སྣང་བ་བྱེད་ལ། དེ་ཡང་དེ་ནས་རིག་པ་རྟོག་མེད་པའི་སྐུ་འཆར་རོ། རྩེ་མོ་གཡས་པ་རྣ་བ་གཡས་པ་ལ་སྣང་བས་ལས་ཀྱི་རླུང་འགྱུ་སྟེ། དེའི་ཡལ་ག་ཕྲ་མོ་གཉིས་སྣ་བུག་ལ་ཟུག་པས་ལུས་རླུང་བྱེད་པ་དང་བཅས་པ་འགྱུ་བའོ། །རྣ་བ་གཡོན་པ་ལ་ཟུག་པ་དེ་ནས་ཡེ་ཤེས་ཀྱི་རླུང་འཆར་བར་བྱེད་པའོ། །གཡོན་རྩ་ན་རང་བཞིན་གྱི་ཐིག་ལེ་གཡས་ནས་ཀུན་རྫོབ་ཀྱི་ཐིག་ལེའོ། །དེ་ཡང་གཡས་རྩ་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ན་ལུས་སྨིན་པར་བྱེད་ལ། དེ་གཉིས་ཀྱི་ལུས་བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་དང་འབྱུང་བ་འཕེལ་བ་དང་ཉམས་པ་ལ་སོགས་པའི་ཉམས་བྱེད་དོ། །དེ་ཡང་རྩ་དེ་ཉིད་ལ་མདུད་པ་ཕྲ་མོ་བཞི་ཡོད་དེ། ལྟེ་བ་དང་། དྲན་པ་དང་། རོ་རྣམས་དང་། རྩེ་མོ་དང་བཞི་ན་དང་པོ་རྒྱུ་རྐྱེན་བསྐྱེད་བྱེད་ཀྱི་རྩ་བསྐྱེད་པས་རྩའི་ནང་དུ། ཕའི་རྒྱུ་ཐིག་ལེ་དཀར་བ་ཉུངས་འབྲུ་ལ་བཅུར་དགོས་པའི་ཆ་ཙམ་གཅིག་ཏུ་གནས་པའོ། །དེ་ལ་བརྟེན་ནས་ལུས་ཡར་འཕེལ་དུ་བསྐྱེད་པས་རྒྱུ་ཞེས་བྱའོ། །དྲན་པ་མའི་རྐྱེན་ཐིག་ལེ་དམར་པོ་ཉུངས་འབྲུའི་བཅུ་ཆ་ཙམ་དུ་གནས་པས་དྲན་བསམ་སྣ་ཚོགས་པར་འགྱུ་བའི་རྟེན་ཏུ་གྱུར་པས་དྲན་པ་ཞེས་བྱའོ། །དེ་ནས་རོ་རྣམས་ན་རླུང་གི་ཐིག་ལེ་ཉུངས་འབྲུའི་བཅུ་ཆ་ཙམ་དུ་གནས་ཏེ། དེས་ནི་དྭངས་སྙིགས་འབྱེད་པར་བྱེད་ལ། སྙིགས་མ་དྲི་ཆེན་དང་དྲི་ཆུ་ལ་སོགས་པ་ཕྱི་དོར་བར་བྱེད་ལ། དྭངས་མ་ལུས་ཀྱི་བཀྲག་དང་གཟི་མདངས་བསྐྱེད་པར་བྱེད་པས་ན་རོ་རྣམས་ཞེས་བྱའོ། །རྩེ་མོ་ན་སེམས་ཀྱི་རང་བཞིན་འོད་ཀྱི་ཐིག་ལེ་ཉུངས་འབྲུ་བཅུའི་ཆ་ཙམ་དུ་གནས་པས་ན་རྩེ་མོ་ཞེས་བྱའོ། །དེ་དག་ནི་ཀུན་རྫོབ་ཀྱི་རྟེན་ཞེས་བྱའོ། །དེ་དག་འཕོས་པ་ནི་ལུས་སེམས་གཉིས་འབྲེལ་བར་འགྱུར་རོ། །དེ་ལ་ཀུན་རྫོབ་ཀྱི་རྒྱུ་དེ་ལས་ཁྲག་ཏུ་སྨིན་ལ། ཁྲག་ལས་ཤ །ཤ་ལས་ཆུ་བ། ཆུ་བ་ལས་ཆུ་སེར། ཆུ་སེར་ལས་ཚིལ་བུ། ཚིལ་བུ་ལས་རྐང། རྐང་ལ་རྐང་མར། རྐང་མར་ལས་རྒྱུས་པ། དེ་ལས་ཀུན་རྫོབ་ཀྱི་ཐིག་ལེར་སྨིན་པའོ། །རྐྱང་མའི་མདུད་པ་བཞིན། བསྐྱེད་བྱེད་ན་རྒྱང་ཞགས་ཆུའི་སྒྲོན་མའི་རྟེན་བོན་མིག་རབ་ཏུ་ཆུང་པ་གཉིས་གནས་སོ། །དྲན་པ་ན་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟེན་མའི་ཐིག་ལེ་དམར་པོ་རབ་ཏུ་འཕྲ་བར་གནས་སོ། །རོ་རྣམས་ན་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྟེན་འོད་ལྔའི་ཐིག་ལེ་ཡུངས་འབྲུ་ཙམ་མུ་ཁྱུད་དང་བཅས་པར་གནས་སོ། རྩེ་མོ་ན་ཐིག་ལེ་འདུས་པའི་རྟེན་འོད་ཀྱི་ཐིག་ལེ་སོ་སོའི་མཚན་གང་དུ་གནས་སོ། །དེ་ལ་བརྟེན་ནས་དོན་དམ་ཟག་པ་མེད་པའི་ཡེ་ཤེས་དངོས་སུ་འཆར་བའོ། །དེ་ཉིད་ལ་བརྟེན་ནས་རང་གཞན་དུ་འབུད་ཐའོ། །དེས་ན་རང་བཞིན་གྱི་ཐིག་ལེ་ཞེས་བྱ་སྟེ། སྒྲ་དག་པ་ལས་སྒྲོན་མ་བཞི། མ་དག་པ་ལས་འབྱུང་བ་བཞིར་འགྱུར་རོ། །དབུས་མ་ཀུན་ནི་རྩ་ཐམས་ཅད་ཀྱི་རང་བཞིན་དུ་འདུས་པ། དེ་ཡང་རླུང་གི་འཕེན་བསྡུད་ཀྱིས་འདར་བ། འཁོར་འདས་གཉིས་ཀྱི་གཞིར་འབྱུང་བས་མ་ཞེས་བྱ་བ་ལ། དེ་ནས་དོན་དམ་པ་ཆོས་ཉིད་ཀྱི་ཐིག་ལེ་འགྱུ་སྟེ། དེའི་མདུད་པ་བཞིན་བསྐྱེད་བྱེད་ན་སྐུ་ཐམས་ཅད་ཀྱི་རྟེན་སྐུ་ཉུངས་འབྲུ་ཙམ་ལ། འོད་ཀྱི་ཞལ་ཕྱག་གསལ་བ་གནས་སོ། །དྲན་པ་ན་ཡེ་ཤེས་ཀྱི་རྟེན་ལྷའི་གཞལ་ཡས་ཁང་སྒོ་བཞི་རྟ་བབས་བཞི་སོ་སོའི་སྐུ་མདོག་དང་ཕྱག་མཚན་དུ་གསལ་བ་ཉུངས་འབྲུ་ཙམ་ལ། རང་གསལ་ཤེས་པའི་ལྷའི་དཀྱིལ་འཁོར་རྫོགས་པར་གནས་སོ། །རྩེ་མོ་ན་འོད་ཐམས་ཅད་ཀྱི་རྟེན་ཁྲོ་བོའི་དཀྱིལ་འཁོར་རྫོགས་པར་གནས་སོ། །དེ་ཡང་དབུས་མ་ནས་ཁྲག་དང་ཆུ་སེར་མེད་པར་སྟོང་པ་ཟང་ཐལ་བར་རླུང་གི་ལས། གཡས་ནས་ཆུ་དང་ཁྲག་དང་བྱང་སེམས་རྒྱུ་བ་ཐིག་ལེའི་ལས། གཡོན་པ་ནས་ཁྲག་དང་འབྱུང་བའི་དངས་མ་དང་ཡེ་ཤེས་རྒྱུ་བས་རྩ་རང་གི་ལས་སོ། །དེ་ལྟ་ན་རྩ་དེ་རྣམས་ནས་ནི་ཐིག་སོ་སོའི་ལམ། ལེ་སོ་སོའི་འབྲས་བུའོ། །དེ་ཡང་འོད་ཀྱི་ཆས་ཕྲ་བ་དང་དེ་ཡིས་རླུང་གིས་བསྐྱོད་པས་འཁྱུག་པ་དང་། དེ་དག་ཀྱང་རིག་པའི་ངོ་བོ་མི་འགྱུར་བས་བདག་ཉིད། དེ་ལུས་ལ་བརྟེན་པས་ཅན་ཞེས་བྱའོ། །འོད་ཟེར་ཉིད་ཀྱི་མཛེས་པ་ནི་རང་བཞིན་གྱི་ཐིག་ལེ་ལ་འོད་ལྔ་ལྔས་སྤྲས་པ་ལ་དགོངས་པའོ། །དེ་ཡང་ཞེས་པ་ངོ་སྤྲད་པས་ཆ་ཞེས་པ་རྩ་གསུམ་པ་སྟེ། ཞེས་པ་གཡས་རྩ་རོ་མ་དང་། གཡོན་རྩ་རྐྱང་མ་དང་། དབུས་ནི་ཀུན་མདར་མའོ། །དེ་ལ་གཡས་ཞེས་ཐབས་ཀྱི་བདེ་བ་བསྐྱེད་པར་བྱེད་པ་སྟེ། ཀུན་འདུས་པ་རྫོབ་བསྒྲིབ་པ་བྱེད་པ། ཐིག་འཁོར་བའི་ལམ། ལེ་འཁོར་བའི་འབྲས་བུ་སྟེ། དེ་ཉིད་ལ་བརྟེན་ནས་ཟག་པ་དང་བཅས་པའི་བདེ་བ་སྟེ། ཐིག་ལེ་ལ་བརྟེན་ནས་དུམ་བུ་བར་སྐྱེས་ཏེ། དེ་ལ་བརྟེན་ནས་སྦྱངས་པས་བདེ་བ་ཆེན་པོ་ཡང་ཉམས་སུ་མྱོང་བའི་ཡན་ལག་ཏུ་གྲོལ་བའོ། །དེ་ཡང་རྟེན་གཟུངས་མ་ལ་བརྟེན་ནས་སྐྱེ་བས་ན་ཅན་ཞེས་བྱའོ། །ཟག་བཅས་ཀྱི་བདེ་བ་ལུས་ལ་འདུས་པས། ཉམས་པ་ཉམས་སུ་མྱོང་བ་ཁྱད་པར་ཅན་སྐྱེས་པས། ལུས་ཀྱི་རྩ་རྣམས་འཁྲིགས་པ་དང་། འཕར་བ་དང་། གཡོ་བ་འབྱུང་། ངག་ལ་འདུས་པས་བརྗོད་དུ་མེད་པའི་དོན་སྐྱེའོ། །སེམས་ལ་འདུས་པས་འདི་ཡིན་འདི་མིན་གྱི་རྟོག་པ་མེད་དོ། །འབྱུང་བ་ནི་ལུས་ལས་བྱུང་ནས། རྩ་ནས་འཐོན་ནས་མཁའ་བབས་ཏེ། གནས་སུ་གཟུང་བ་ཉམས་སུ་མྱོང་པ་ལ་ལོངས་སྤྱོད། དེ་བཟློག་པས་སྟོང་པར་ངོས་ཟིན་པ་ནི། དེ་ལ་བརྟེན་ནས་དོན་དམ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ནི། འདོད་ཆགས་རང་རྒྱུད་དུ་འཛིན་པ་སངས་ཏེ་ལུས་ལ་བདེ་བར་རྒྱས་པས་སེམས་ཅན་ཀུན་གྱི་ཐུན་མོང་གི་ཟས་ཡིན་ཏེ། གནས་སུ་དེ་ཀུན་ལ་གསང་བ་ནི་དངོས་གྲུབ་ཆེན་པོ་ཡིན་ནོ། །དེའི་ཐབས་ནི་བླ་མའི་གདམས་ངག་སྟེ། དངོས་གཟུགས་མ་བཙལ་པ་དང་། དེ་ལྟར་བཙལ་བ་དེའི་མཚན་བརྟག་པ་དང་། དེ་ནས་རྩ་བཙལ་བའི་ཐབས་དང་། དེ་ནས་རྩ་བསླངས་པ་དང་། དེ་ནས་བྱང་སེམས་དབབ་པ་དང་། བཟུང་བ་དང་། བཟློག་པ་དང་། ཡེ་ཤེས་དང་སྦྱར་བ་དང་། རླུང་དང་བསྲེ་བ་དང་། རྟོག་དཔྱོད་ཀྱི་ཤེས་པས་དངོས་གཞི་ལ་སྦྱར་བའོ། །དེ་ལྟར་མཚན་པའི་བདེ་བའི་རང་བཞིན་ཡིན་ནོ་ཞེས་ཉིང་ལག་གི་དོན་གསུམ་པ་རྩ་ནང་གི་ཐིག་ལེ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ་དང་ཁྱད་པར་དུ་ཀུན་རྫོབ་ཀྱི་ཐིག་ལེ་བསྟན་ནས། ད་ནི་ཉིང་ལག་གི་དོན་བཞི་པ་དོན་དམ་པའི་ཐིག་ལེ་རྒྱས་པར་བསྟན་པ་ནི། དེ་ལ་དོན་ནི་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་དམ་པར་ཚད་མར་གྱུར་པས་བདེན་པའོ། དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བས་དབུས་ཀུན་འདར་མ་ནས་ཆོས་སྐུའི་རང་ཆོས་ཉིད་བཞིན་སྣང་བ། དེ་ལུས་ལ་བརྟེན་ནས་སྐྱེ་བས་ཅན་ཞེས་བྱའོ། །དེ་ཡང་གཟུགས་གསལ་དུ་མེད་པས་སྟོང་པ། དེ་ལ་འོད་དུ་ཡོད་པས་གསལ་བ། ཐིག་ཡེ་ཤེས་ཀྱི་ལམ། ལེ་འབྲས་བུ་རིག་པ་དང་སྒྲོན་མར་སྨིན་པ། གཅིག་ནི་གྲངས་ལས་འདས་པ་གནས་པ་ནི་རྩ་བའི་མདུད་པ་བཞིན་སྐུ་ལ་སོགས་དལ་གྱི་ལྷར་གནས་པའོ། །དེ་དབུ་མའི་རྩ་ལ་བརྟེན་པས་དབུས་ནས་གནས་པ་ནི་རླུང་ལ་བརྟེན་ནས་གནས་ཤིང་། རང་བཞིན་གསལ་བ་སྟེ་འོད་དང་འོད་ཀྱི་མདངས་ཡོད་པའོ། །དེ་ཡེ་ནས་གྲུབ་པས་སྤྲོས་པ་མ་ཡིན། རང་ལ་ཡོད་བས་བསྡུ་བ་མ་ཡིན། བརྗོད་པ་ལས་འདས་པས་སྨྲར་མེད་ལ། རྟོག་པ་ལས་འདས་པས་བསམ་དུ་མེད་ལ། སྒོ་ལྔའི་ཡུལ་ལས་འདས་པས་སྣང་བ་མ་ཡིན་པའོ། །ལུས་ཀྱི་རྡུལ་ཕྲ་རབ་དང་འབྲེལ་བ་མེད། བགས་ཀྱིས་མནོན་པའི་དོན་དམ་པའི་ཆོས་ཉིད་དོ། །དེ་ཉིད་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་སྣང་པས་རྣམ་པར་རྟོག་པ་དང་བྲལ་བ་ནི། ཡོད་ཅེས་དངོས་པོར་གྲུབ་པ་མེད། མེད་ཅེས་དེ་ལ་བརྟེན་ནས་བདེ་བ་ཉམས་སུ་མྱོང་ལ། དེ་ལྟར་ཡོད་མེད་ཀྱི་མཐའ་རྣམ་པར་གསལ་བའི་ཐིག་ལེ་དེ་ནི་རྟག་པའི་མཐར་མ་ལྷུང་བས་སྟོང་པ་ལ་ཆད་པའི་མུ་ལ་མི་གནས་པས་གསལ་བའི་འོད་ཀྱིས་ཁྱབ་པས། དེ་གཉིས་སུ་མེད་པ་ནི་ཆོས་ཉིད་ཡང་དག་པའོ། །དེ་ཉིད་སེམས་དང་ཡིད་ཀྱི་དབང་དུ་མ་སོང་པས་རྣམ་པར་ཡུལ་ལ་རྟོག་པ་མེད་དོ། །དེ་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཞེས་བྱའོ། །དེའི་དོན་ནི་ཚིག་གིས་གཏན་ལ་མི་ཕེབས་པས་བརྗོད་པ་མེད་ཅིང་། དེ་མ་བཅོས་པས་ངང་གིས་གནས་པ་ཞེས་བྱའོ། །དེ་ཉིད་རྫས་སུ་གྲུབ་པ་མེད་པས་སྟོང་པའོ། །དེ་ལ་མིང་དུ་བཏགས་ན་ཟག་པ་མེད་པ། དོན་དམ་དངོས་པོའི་སྐྱོན་མེད་པས་སྣང་ལ་རང་བཞིན་མེད་པ། ཐིག་དྲང་པོར་གནས་ནས། ལེ་ཁྱབ་པའི་དོན་ནོ། །ཞེས་ཉིང་ལག་གི་དོན་བཞིས་དོན་དམ་པའི་ཐིག་ལེའི་དོན་རྒྱས་པར་བསྟན་ནས། ད་ནི་ཉིང་ལག་གི་དོན་ལྔ་རང་བཞིན་གྱི་ཐིག་ལེའི་དོན་རྒྱས་པར་བསྟན་ནས། གཡོན་པ་ཞེས་ཤེས་རབ་ཀྱི་ཆོས་ཉིད་སྟོང་པ་ཉིད་དུ་རྟོགས་པར་བྱེད་པ་སྟེ། རྩ་རྐྱང་མ་ནས་རྒྱུ་བར་བྱེད་པའོ། །རང་བཞིན་ནི་སྣ་ཚོགས་སུ་སྣང་ལ་ཐིག་གནས་པས། ལེ་གསལ་པ། གནས་པ་རྩ་མདུད་པ་བཞི་ན་ཡེ་ཤེས་ཀྱི་ངོ་བོར་གནས་སོ། །བདེ་བ་ནི་ཀུན་རྫོབ་ལ་བརྟེན་ནས་དོན་དམ་ཟག་པ་མེད་པ་གཉིས་ཟུང་འཇུག་གཉིས་མེད་དུ་ཁྱབ་པ་སྟེ། ཁ་སྦྱར་ནི་ཟག་པ་དང་བཅས་པའི་བདེ་བ་དང་། ཟག་མེད་ཀྱི་བདེ་བ་ཐོབ་པས་རང་བཞིན་གྱི་ཐིག་ཞེས་བྱའོ། །དེ་ཡང་སྤྲོས་པ་རྣམས་ཀྱི་གཞིར་གྱུར་པས་ཕྱག་བཟུང་བྱའི་ཡུལ། རྒྱ་གདབ་བྱའི་རྟེན་བདེ་བ། དེ་ལ་ཉམས་སུ་མྱོང་པ་ཆེན་པོ་ཉིད་ཀྱི་ནི་རྒྱུ་ནི་ཀུན་རྫོབ་དང་། དོན་དམ་པའི་བདེ་བ་ལ་བརྟེན་ནས་ཐོབ་བོ། །བདེ་ཆེན་ནི་ཡེ་ཤེས་ཆེན་པོའི་བདེ་བ་དང་གསུམ་ཀ་བསྐྱེད་པར་བྱེད་པའོ། །དེའི་ལམ་ནི་རྩའོ། །དེ་ཡང་གསང་སྔགས་ཀུན་ནས་ཐབས་ཀྱི་བདེ་བ་མཚོན་པར་བྱེད་པའི་བདག་གི་དཀྱིལ་ཐིག་ལེ་འཁོར་འོད་ཡིན་ནོ། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་དང་པོ་འཁྲུལ་པའི་ལུས་ལ་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ལ་ཉིང་དོན་ལྔར་བྱས་ནས་བསྟན་ཏོ། །ད་ནི་ཡན་ལག་གི་དོན་གཉིས་པ་ལམ་གང་ནས་བྱུང་བསྟན་པ་ལ་ཉིང་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། སྒོ་གང་ནས་འཆར་ཞིང་སྒྲོན་མ་རྣམས་ཀྱི་དབྱེ་བ་བསྟན་པ་ནི། འགྲོ་བའི་ཞེས་པ་ནི། དང་པོ་ལུས་ཆགས་པའི་མཚན་ཉིད་གཏན་ལ་ཕེབས་ནས། བར་དུ་རྩའི་གནས་ཚུལ་གཏན་ལ་ཕེབས། དེ་ཕེབས་པས་དོན་དམ་དང་ཀུན་རྫོབ་ཀྱི་གནས་ལུགས་ཤེས། དེ་ཤེས་པས་ལུས་སེམས་གཉིས་ཀྱི་འབྲེལ་གྱི་དུས་ཚོད་ཤེས་པའོ། །དེ་ཡང་དང་པོ་མའི་མངལ་དུ་རྒྱུ་རྐྱེན་གཉིས་ཁྲག་དང་འོ་མ་འདྲེས་པའི་རྣམ་པ་དང་འདྲ་བར་དཀྲུས་ཀྱི་འདྲེས་པ་ལས། ཀུན་རྫོབ་ཀྱི་རྒྱུ་དེ་ནུར་ནུར་པོར་ཞག་བདུན་གྱིས་འགྲུབ་ནི། ས་ཟུག་པའི་བྱེད་པའི་ལས་ཀྱིས་བྱུང་ལ། དེ་སླར་ཞིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ཡང་ས་དང་ཆུས་སྡུད་པ་ལ་སོགས་པ་བྱས་ནས། མེར་མེར་པ་བདུན་གྱི་བར་ལ་གྲུབ་པ་ནི་ས་བྱེར་བའི་ལས་ཡིན་ཏེ། ཤའི་རྒྱུ་བྱས་པས་གཏི་མུག་གིས་གནས་པའི་རྐྱེན་བྱས་པའོ། །སྔ་མ་ནི་འདོད་ཆགས་སོ། །དེ་ནས་རླུང་བྱེད་པས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་སྡུད་ནས། ལྟར་ལྟར་པོ་བྱས་པ་ནི་ས་སྙོམས་པའི་ལས་ཏེ། ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱིས་ཉེ་བར་ལེན་པ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་ལ། དེ་ནས་ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་ལ་འཁྲང་འགྱུར་དུ་སྨིན་པར་བྱས་པ་ནི་ཆུ་སྙོམས་པ་དང་མེ་ཟུག་པའི་ལས་ཀྱི་དྲོད་དང་རླན་གཉིས་འདུས་པ་ལས། དབང་པོ་ལ་སོགས་པའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་བསླང་པའོ། །དེ་ནས་མེ་བྱེད་པ་དང་སྙོམས་པས་བཤིག་པ་ནི། མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པའོ། །དེ་ནས་ཉེར་བརྒྱད་ནས་སུམ་ཅུ་རྩ་ལྔའི་བར་ལ། ཁྱབ་འཇུག་ཉའི་རྣམ་པ་ལྟ་བུར་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ། ཞེ་སྡང་གི་འདུན་པ་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །དེ་ནས་སོ་དྲུག་ནས་ཆུ་ལ་སོགས་པར་སྡུད་པར་བྱས་ནས་བཞི་བཅུ་རྩ་གཉིས་ཀྱི་བར་ལ་ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་དང་འདྲ་བར་བྱས་པ་ནི། རླུང་ཟུག་པ་དང་བྱེད་པའི་ལས་ཡིན་ཏེ། ཞེ་སྡང་གིས་བསྐྱེད་པའོ། །འདོད་ཆགས་དང་གཉིས་ལྡན་ནོ། །ས་བྱེར་བས་བཤིག་པ་ནི། རྨི་ལམ་གྱི་ལས་སོགས་པའི་རྒྱུའོ། །ཞེ་གསུམ་ནས་ཆུས་བསྡུས་པ་ལ་སོགས་པས་བཞི་བཅུ་རྩ་དགུའི་བར་ལ། ཁྱབ་འཇུག་སྦལ་བའི་རྣམ་པ་དང་འདྲ་བར་བྱུང་བ་ནི། རླུང་སྙོམས་པའི་ལས་བྱས་ཏེ། གཏི་མུག་དང་འདོད་ཆགས་གཉིས་ལྡན་དུ་བྱས་སོ། །ས་སྙོམས་པས་བཤིག་པ་ནི། རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟ་བདུན་ཚན་བརྒྱད་དུ་ལུས་ཆགས་པའི་ལུས་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྟེན་བྱས་པའོ། །དེ་ལྟར་ཞག་བཞི་བཅུ་རྩ་དགུར་གནས་པ་ནི། བར་མ་དོ་ལ་ཞག་བཞི་བཅུ་ཞེ་དགུ་གནས་པ་ལས་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེའི་དུས་ན་ཀུན་རྫོབ་ལུས་ཀྱི་རྒྱུ་དང་། ཉོན་མོངས་པ་སོགས་པའི་རྒྱུ་རྣམས་བྱས་སོ། །དེ་ལ་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སུ་སྨིན་པར་བྱས་ཏེ། ས་ལས་ཤ་དངོས་སུ་གྲུབ་བར་བྱས་སོ། །ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱུང་ལ། མེ་ལས་དྲོད་དངོས་སུ་བྱས་སོ། །རླུང་ལས་དབུགས་སུ་གྲུབ་པས་ནི། ཤ་ལས་གཏི་མུག་གིས་བསྡུས་པའི་ཉོན་མོངས་པའི་གྲུབ་པ་ཚོགས་པར་བྱུང་ལ། ཁྲག་ལས་འདོད་ཆགས་ཀྱིས་བསྡུས་པའི་ཉོན་མོངས་པའི་འཚོགས་པར་བྱུང་བའོ། །དྲོད་ལས་ཞེ་སྡང་གིས་བསྡུས་པའི་ཉོན་མོངས་པའི་འཚོགས་པར་བྱུང་ལ། དབུགས་ལས་རྣམ་པར་རྟོག་པ་ཐ་དད་པའི་རྟེན་ཡན་ལག་དང་བཅས་པར་བྱུང་བའོ། །དེ་ཡང་འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི། ཐོག་མ་འདོད་ཆགས་ཀྱིས་ཀུན་སློང་བྱས་པ་ལས་བྱུང་པའོ། །ཞེ་སྡང་ལས་ངག་ཏུ་སྨིན་པར་བྱས་པ་ནི། ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ལས་བྱུང་བའོ། །གཏི་མུག་ལས་ཡིད་ཀྱི་སྦྱོར་བ་སྣ་ཚོགས་པར་སྨིན་པར་བྱས་པ་ནི། ཐོག་མ་གཞི་མ་རིག་པ་འཁྲུལ་པ་ལས་བྱུང་བའོ། དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན། དེ་ལ་བརྟེན་ནས་འདོད་ཆགས་ཀྱི་རྟོག་པ་དང་བྱུང་བ་དང་། གཏི་མུག་དང་། ཞེ་སྡང་ལ་སོགས་པའི་རྟོག་པ་ཐ་དད་པར་བྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་འགྲོ་བ་ཀུན་ལ་གཉིད་དུ་བྱུང་ལ། འདོད་ཆགས་ཀྱི་སྨིན་སོ་རྒོད་པའི་གད་མོར་འབྱུང་ལ། དེ་ལ་ཞེ་སྡང་གི་སྨིན་སོ་འགྲོ་བ་ཀུན་ལ་རྨི་ལམ་སྣ་ཚོགས་པ་འབྱུང་བའོ། །དེ་ཡང་རྟགས་ལ་ངོས་བཟུང་པ་ནི། ཤ་གཏི་མུག་གིས་བསྐྱེད་པའི་རྟགས་སུ་འགྲོ་བ་ག་ཤ་ཆེ་བ་སྙེད་ཆེ། གཏི་མུག་མངོན་དུ་རྒྱུ་བའི་དུས་ན་ཤ་ལ་སེམས་དང་ཐིག་ལེར་སྣང་བའོ། །ཞེ་སྡང་གིས་དྲོད་བསྐྱེད་པའི་རྟགས་སུ་ཕྱིའི་ནམ་ཟླ་ལ་དྲོད་ཕེབས་པའི་དུས་ན་རྨི་ལམ་མང་ངོ་། །དེ་ཡང་ཞེ་སྡང་སྐྱེས་པའི་དུས་ལུས་ལ་དྲོད་སྐྱེ་ཞིང་ངག་སྨྲ་བ་ལ་བརྩོན་པའོ། །འདོད་ཆགས་ཀྱིས་ཁྲག་བསྐྱེད་པའི་རྟགས་སུ། ཁྲག་གི་འགྱུ་བ་ལ་བརྟེན་ནས་རྒོད་པ་འབྱུང་། འདོད་ཆགས་སྐྱེས་པའི་དུས་ན་བརླན་ལ་སོགས་པ་འབྱུང་ངོ་། །དེ་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིས་བསྐྱེད་པའོ། །དེ་ཡང་ཤ་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོར་མཆེད་ཁྲག་ལ་བརྟེན་ནས་འདུ་ཤེས་སུ་མཆེད། དྲོད་ལ་བརྟེན་ནས་རྣམ་ཤེས་སུ་མཆེད། དབུགས་ལ་བརྟེན་ནས་ནང་དུ་རྔུབས་པ་ལས་འདུ་བྱེད་དུ་མཆེད། ཕྱིར་འགྲོ་བ་ལས་ཚོར་བར་མཆེད་དོ། །དེ་ཡང་ཤ་ལ་བརྟེན་ནས་རྩ་བསྐྱེད། རྩ་ལས་རླུང་བསྐྱེད། རླུང་གི་ལས་དང་ཡེ་ཤེས་གཉིས་ཀ་བསྐྱེད། ལས་ཀྱིས་འཁོར་སྡུད། ཡེ་ཤེས་ཀྱིས་འདས་པ་སྡུད་དོ། །དེ་ཡང་ཁྲག་ལ་བརྟེན་ནས་ཆུ་སེར་བསྐྱེད། དེས་ཐིག་ལེ་བསྐྱེད་དོ། །ཐིག་ལེ་ལ་བརྟེན་ནས་ཀུན་རྫོབ་ཀྱི་སྨིན་སོ་དབང་པོ་ལྔ་འབྱུང་ལ། དབང་པོའི་རྟེན་སྐྱེ་མཆེད་བཅུ་གཉིས་སུ་བྱུང་པའོ། །དབང་པོ་དངོས་མིག་ལ་སོགས་པའོ། །དབང་པོའི་རྒྱུ་ཉོན་མོངས་ལྔའོ། །རྐྱེན་ཡུལ་ལྔའོ། །ལས་ཀྱི་ཉེ་བར་ལེན་པའོ། །རྟོག་པ་དང་། རྟོག་པའི་ཉེ་བར་སྤྱོད་པའོ། །འདུ་བ་དང་། མཆེད་པའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟའི་རྟོག་པའི་ཚོགས་འདུས་པ་ལས་འཁོར་བ་དང་། འདས་པའི་རྒྱུར་བྱུང་བའོ། །དེ་ལ་དོན་དམ་པའི་འབྱུང་བ་བཞི་ནི། ཁ་དོག་དཀར་པོ་རབ་ཏུ་མཆེད་པ་ལས། རྒྱང་ཞགས་ཆུའི་སྒྲོན་མའི་རྒྱུ་བྱས་པས་རྩ་ལས་ལམ་བྱུང་དམར་པོ་རབ་ཏུ་དམར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མའི་རྒྱུ་བྱས་པས། ཆུའི་རྩ་ལས་བྱུང་། སེར་བ་རབ་ཏུ་སེར་བ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྒྱུ་བྱས། ལམ་རླུང་གི་རྩ་ནས་བྱུང་ཁ་དོག་རབ་ཏུ་ལྗང་བ་ལས་ཤེས་རབ་རང་འབྱུང་གི་སྒྲོན་མའི་རྒྱུ་བྱས་པས། ལམ་མིའི་རྩ་ནས་འབྱུང་ངོ་། །དེ་ཡང་ཤེས་རབ་རང་བྱུང་གི་རིག་པ་བསྐྱེད་ལ། རྒྱང་ཞགས་ལས་འོད་སྐྱེད་ལ་ཐིག་ལེ་སྐུ་སྐྱེད་ལ་དབྱིངས་ཀྱི་ཡེ་ཤེས་བསྐྱེད་དོ། །དེ་ཡང་རྒྱང་ཞགས་ཆུའི་སྒྲོན་མས་ནི་ཆོས་ཉིད་མངོན་གསུམ་གྱི་སྣང་བ་མཐོང་ལ། ཐིག་ལེས་ཉམས་གོང་འཕེལ་གྱི་སྣང་བ་མཐོང་ལ། དབྱིངས་ཀྱི་རིག་པ་ཚད་ལ་ཕེབས་པའི་སྣང་བའི་སྣང་བ་མཐོང་ལ། ཤེས་རབ་ཀྱིས་ཆོས་ཟད་པའི་སྣང་བ་མཐོང་བའོ། །དེ་ཡང་སྒོ་མིག་སྟེ། ལམ་རྩ་ནས་བྱུང་ན་མཐོང་བྱེད་ནི་མིག་གིས་གཟུགས་མཐོང་པ་ལ། སྒྲོན་ཡེ་ཤེས་དངོས་འཆར་བར་བྱེད་པའོ། །སྒྲོན་མ་དེ་ཉིད་ནི་མིག་གཡས་ནས་རྒྱང་ཞགས་དང་ཤེས་རབ་གཉིས། གཡོན་ནས་ཐིག་ལེ་དང་། དབྱིངས་གཉིས་དེའི་དབུས་ཚངས་པའི་བུ་ག་ནས་རིག་པ་རྟག་པ་མེད་པའི་སྐུ་འབྱུང་བར་བྱེད་པའོ། །སྒྲོན་ཞེས་སྣང་ཆ་དང་། མ་ཁྱབ་པ། འཆར་བ་མཆེད། ཚུལ་དེ་དག་ལས་འདས་པ་མེད་པར་གནས་སོ། །ཐིག་ལེ་ལ་སོགས་པ་འོག་ནས་རྒྱས་པར་སྟོན་ཏོ། །ཞེས་ཉིང་ལག་གི་དོན་དང་པོ་བསྟན་ནས། ད་ནི་ཉིང་ལག་གི་དོན་གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་ངེས་ཚིག་དང་དཔེ་བསྟན་པ་ནི། དཔེར་ན་ཐིག་ལེ་སྟོང་པའི་སྒྲོན་མ་ནི་རྨ་བྱའི་མདོངས་ལྟར་འོད་ལྔས་ཁྱབ་པའོ། །ཆེ་ཆུང་གི་ཚད་ཀྱང་རྨ་བྱའི་མདོངས་ཆེ་ཆུང་ལྟར་སྨིན་པ་དང་མ་སྨིན་ཁྱད་ཀྱིས་སོ། །ངེས་ཚིག་ནི་ཐིག་ནི་མི་འགྱུར་མཐིང་ཁའི་སྤྲོས་པ་ཡོད་པ་ནི་ཆོས་སྐུར་ཡོངས་སུ་དག་པ་དངོས་པོ་མ་ཡིན་པའོ། །ལེ་ནི་ཐམས་ཅད་ལ་ཁྱབ་ཅིང་གསལ་བ་ལོངས་སྐུར་ཡོངས་སུ་དག་པའོ། །དེ་ཡང་ཡུལ་གསལ་བ་རང་བྱུང་གི་རྩལ་ལས་སྣང་བས་སྤྲུལ་པའི་སྐུར་ཡོངས་སུ་དག་པའོ། །སྒྲོན་ཞེས་མུན་པ་རྣམ་པར་དག་པ་ལ་ངོ་བོ་ཉིད་ཀྱི་སྐུའོ། །མས་ནི་དེ་ཉིད་འོོད་ལྔའི་སྣང་བར་བསྒྱུར་བས་རྡོ་རྗེ་འཆང་པའི་སྐུའོ། །ཞེས་ཉིང་ལག་གི་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཔེ་དང་ངོ་བོ་ངེས་ཚིག་བསྟན་པ་ནི། དཔེར་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་ནི། ནམ་མཁའི་ནང་དུ་འཇའ་ཚོན་ཤར་བ་ལྟར་འོད་ལྔའི་གུར་ཁྱིམ་སྣང་ངོ་། །ངེས་ཚིག་ནི་དག་པས་ལས་དང་ཉོན་མོངས་པའི་དྲི་མ་ཟད་པ་སྐུ་གསུམ་དབྱེར་མེད་པའི་དགོངས་པ་ཞེས་བྱའོ། །དབྱིངས་ནི་རིག་པ་འཆར་བར་བྱེད་པའི་གཞི་ཡིན་པས། འཁོར་འདས་གཉིས་ཀ་ཤོང་པས་ཡངས་ཤིང་དབྱིངས་རིག་གི་གོ་སྐབས་ཕྱེད་ལ། གང་དང་ཡང་རྒྱ་མ་ཆད་པས་མངོན་གསུམ་དུ་ལྟར་ཡོད་པའོ། །སྒྲོན་ནི་ཆོས་ཉིད་ཡུལ་འཆར་བར་བྱེད་པའི་ཡུལ་ཡིན་པས་ཡི་གེ་ན་རོ་ལྟར་ཐབས་ཤེས་རབ་ཀྱི་རང་བཞིན་དུ་རྣམ་པར་དག་པའོ། །དེ་ཡང་མིག་གཉིས་ཀའི་ཟུར་ནས་གྱེན་ལ་འཆར་བར་བྱེད་པའོ། །མས་ནི་མཛོད་སྤུ་ལ་ཁྱབ་པ་ཆེན་པོའི་འོད་མཐིང་ག་འགྱུར་བ་མེད་པ་ནི་སྣང་བའི་འཕེལ་སྟོན་པའོ། །དེ་ཉིད་ལ་གོམས་ནས་སྣང་བ་དག་སྟེ། འོད་ལྔའི་ཕྱི་རོལ་གྱི་སྣང་རྐྱེན་ནང་ཕྲད་པས་ཐམས་ཅད་འོད་སྣང་དུ་གྲོལ་བར་བྱེད་པའོ། །མཐིང་ཁ་དེ་ཉིད་ལ་གཏད་པས་ཁ་དོག་དཀར་པོ་ལ་སོགས་པ་ལྔ་དང་ལྡན་པར་འགྱུར་རོ། །ཞེས་ཉིང་དོན་གསུམ་པའོ། །ད་ནི་ཉིང་ལག་གི་དོན་བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་དཔེ་དང་ངོ་བོ་དང་ངེས་ཚིག་དང་འཆར་སྒོ་བསྟན་པ་ནི། དཔེར་ན་ཤེས་རབ་རང་འབྱུང་གི་སྒྲོན་མ་ནི་ཤིང་ལ་སོགས་པ་བསྲེག་པར་བྱེད་པའི་མེ་སྒྲོན་ལྟར་རྣམ་པ་རྟོག་པ་ལ་སོགས་པ་ཐམས་ཅད་བསྲེག་པར་བྱེད་པའོ། །ངེས་ཚིག་ནི་ཤིས་པས་ཆོས་སྤྱི་རང་རང་གི་མཚན་ཉིད་རྣམས་སྐད་ཅིག་མ་གསུམ་ལ་གཅིག་བསྟན་པས་དེའི་ཆར་རྟོགས་པས་ཁམས་གསུམ་གྱི་རྩ་བ་འབྱིན་པར་བྱེད་པའོ། །རབ་ནི་རྫོགས་པ་ཆེན་པོའི་དོན་མཐོང་བ་ཙམ་གྱིས་ཀུན་གྱི་རྩེ་མོར་གྱུར་པས། ལྟ་བའི་ཕུག་ཐུག་པ་ཞེས་བྱའོ། །རང་ནི་མཚོན་པར་བྱེད་པས་ཐབས་ཀྱི་རྩ་ནས་ཤར་བས། བརྗོད་པ་ཚིག་གི་མཐའ་གཞན་ལ་ལྟས་པའི་ཆོས་དང་བྲལ་བས་ན། གོ་བའི་ཡུལ་ན་བདེ་བ་ཆེ་ཞེས་པའོ། །འབྱུང་བས་ཚིག་དོན་དབྱེར་མི་ཕྱེ་བར་སུས་ཀྱང་མ་བཀག་པར་ལྷུག་པར་འགྲོ་བ་ཡོངས་ལ་སྣང་བས་རྟོགས་སུ་ཡོད་པའོ། །གཡོན་རྩ་རང་བཞིན་གྱི་ཐིག་ལེ་འཆར་བྱེད་ཀྱི་རྩལ་མིག་ནས་ཆར་བྱེད་སྒོ་མ་འགགས་པས་ཚིག་དོན་དབྱེར་མི་ཕྱེད་པར་རྟོགས་ལ། རྣ་བ་ནས་ཤར་བས་ཚིག་གི་དོན་ཆོད་པའོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་པ་རྒྱང་ཞགས་ཆུའི་སྒྲོན་མའི་དཔེ་དང་ངོ་བོ་ངེས་ཚིག་བསྟན་པ་ནི། དཔེར་ན་རྒྱང་ཞགས་ཆུའི་སྒྲོན་མས་ནི་གཟུགས་འཛིན་པར་བྱེད་པས་ལྕགས་ཀྱུ་ལྟར་གླང་པོ་ཆེ་སྟོབས་དང་ལྡན་པའི་སྣ་ནས་བཟུང་པས་མགུལ་མི་ནུས་པ་དང་འདྲ་བར། མིག་ནམ་མཁའ་ལ་བཞག་པས་རྣམ་པར་རྟོག་པས་མི་འགུལ་བ་ཡིན་ནོ། །ངེས་ཚིག་ནི་རྒྱང་ནི་རིང་པོ་རྣམས་འཛིན་པར་བྱེད་པས་མི་ཡིན་ལ། དེ་ཡང་མཚན་ཉིད་གཏན་ལ་འབེབས་པར་བྱེད་པོ་ཡིན། དེས་ཁྱབ་པར་བྱེད་པས་ཆུ་ཡིན་ལ། དེའི་བྱེ་བྲག་སྟོན་པའི་རླུང་ཡིན་ཞིང་སྒོ་མིག་དང་། རྣ་བ་དང་། ལྕེ་དང་། ལུས་དང་ལྔའི་རྟ་ཕོ་ལ། ཡིད་ཀྱི་རྣམ་པར་གཞོན་ནས་དབུགས་སུ་འགྱུ་བ་ནི་འཁོར་བའི་ཆོས་སུ་སྡུད་པའོ། །དེ་ཡང་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ནས་ཡུལ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་རྣམས་ཀུན་ལ་འཇུག་ཅིང་། རྟོག་པ་ཐམས་ཅད་སྡུད་པ་དང་། མི་རྟོག་པའི་ཡེ་ཤེས་སྐྱེ་བར་བྱེད་པའོ། །ཞགས་པས་ཞེས་རྒྱང་ནས་བཅིངས་པ་ནི། དག་པ་སྒྲོན་མ་ཉིད་དང་། མ་དག་པ་གཟུང་བའི་ཡུལ་གཟུགས་ལ་སོགས་པ་དམིགས་རྟེན་ལ་བསླབས་པས་ཆོས་ཉིད་ལ་ལོངས་སྤྱོད་པའོ། །ཆུས་ནི་འབྱུང་བའི་དྭངས་མིག་གི་ཨ་འབྲས་དབང་པོའི་རྟེན་དུ་བྱེད་ལ་སྙིགས་མ་ལུས་ཀྱི་འཚོགས་པའི་ཆོས་སྣ་ཚོགས་པར་འབྱེད་པར་བྱེད་པ་ནི། དབང་པོ་དང་དབང་རྟེན་གྱི་ཁྱད་པར་ལས་བྱུང་བའོ། །དེ་ཡང་མིག་གཉིས་ཀྱི་མཉམ་པོ་རང་འགྱུ་བ་ནི་རླུང་ལ་བརྟེན་ནས་སོ། །མདོར་བསྡུ་ན་དབང་པོའི་ནི་འབྱུང་བ་བཞིའི་ཁྱད་པར་གྱི་སྨིན་སོ་ཡིན་ནོ། །དེ་བཟུང་བ་ཡུལ་གྱི་དྭངས་མ་འོད་དུ་མཐོང་ལ། འཛིན་པ་སེམས་ཀྱི་དྭངས་མ་སྐུ་ཡིན་ནོ། །ཞེས་ཉིང་དོན་ལྔ་པའོ། །ད་ནི་ཉིང་ལག་གི་དོན་དྲུག་པ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དཔེ་དང་ངོ་བོ་དང་ངེས་ཚིག་འཆར་སྒོ་བསྟན་པ་ནི། དཔེར་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནི་གསེར་གྱི་ལུ་གུ་བཟོ་བོ་མཁས་པས་བཟོ་ལེགས་པར་བྱས་ནས། ཕྲེང་བའི་ཚར་དུབརྒྱུས་པ་ལྟར་བར་མ་ཆད་པར་ཁྲིག་ཆགས་པའོ། །དེ་ཡང་ཚིག་ཀུན་ལ་སྐུ་དང་ཡེ་ཤེས་ཀྱི་བྱུང་ཁུངས་སོ། །ངེས་ཚིག་ནི་ཤེས་བྱ་གང་ལ་ཡང་ཐོག་པ་མེད་པའི་རིག་པས་འཁོར་འདས་ཐམས་ཅད་ཀྱི་དོན་ཤེས་ཤིང་རིག་པས་མཁྱེན་པ་མ་འགགས་པའོ། །དེ་ཉིད་ངོ་བོ་ཀ་ནས་དག་པས་རྣམ་པར་རྟོག་པ་མེད་པའི་ཕྱིར་འཁོར་བས་གོས་པ་མེད་པ་ནི་རིག་པ་ཉིད་ལ་འཁྲུལ་བ་མེད་པའི་གནད་དོ། །ལུ་གསལ་བ། གུ་མཛེས་པ། རྒྱུད་ཡེ་ནས་ཡོད་པ། འབྲེལ་འཁོར་འདས་ཀུན། དེ་ཉིད་ལ་ཆགས་པས་སླར་ཁམས་གསུམ་དུ་འཆིང་བར་བྱེད་པས་ན། རང་སྣང་རང་གྲོལ། རང་ཤར་ལས་སྒྲོས་མ་བརྟགས་པའོ། །དེ་ཡང་མི་འགྱུར་བ་ཨ་བ་དྷུ་ཏིའི་རྩ་ནས་བདེ་བ་ཆེན་པོའི་ཚངས་པའི་བུ་ག་ལ་རིག་པ་རྟོག་པ་མེད་པའི་སྐུ་ལམ་འཐེན་ནས་སྣང་ངོ་། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་གཉིས་པ་ལམ་གྱུར་པ་ལམ་གང་ནས་འབྱུང་བ་བསྟན་པ་ལ་ཉིང་ལག་གོ་དོན་ལྔར་བྱས་ནས་བསྟན་ནོ། །ད་ནི་ཡན་ལག་གི་དོན་གསུམ་པ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པས་བསྟན་པ་ལ་ཉིང་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། འབྲས་བུ་གཉིས་ཀྱི་དོན་མདོར་བསྟན་པ་ནི། འབྲས་བུ་ཞེས་པའི་ཚིག་གསུམ་འོག་ནས་བསྟན་ཏོ། །ཉིང་དོན་དང་པོའོ། །ད་ནི་ཉིང་དོན་གཉིས་པ་མ་སྨིན་པའི་འབྲས་བུ་དངོས་རྩ་བ་དང་བཅས་ཏེ་བསྟན་པ་ནི། དེ་ཡང་སྐྱེ་བ་ནི་ཐོག་མ་བརྫུས་ནས་སྐྱེས་པ་ནི་རླུང་ལས་སོ། །དེ་ཡང་སྒོང་ངས་ལས་སོ། །དྲོད་གཤེར་ཆུ་ལས་སོ། །མངལ་སྐྱེས་དྲོད་མེ་ལས་སྐྱེས་པ་དང་བཞིས་བསྡུས་པའི་སེམས་ཅན་ནི། འདི་དག་ནི་གང་དུ་བསྟན་ན། ལྷ་ནི་ང་རྒྱལ་ལས་རྐྱེན་སྣ་ཚོགས་པ་ལས་བྱུང་ལ། ཕྲག་དོག་གི་རྒྱུ་ལས་ལྷ་མིན་རྣམས་སུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའོ། །མི་རྣམས་ཁོང་ཁྲོའི་རྒྱུ་ལས་རྐྱེན་སྣ་ཚོགས་པ་ལས་བྱུང་པ་དང་། བྱོལ་སོང་ནི་གཏི་མུག་གི་རྒྱུ་ལས་རྐྱེན་སྣ་ཚོགས་པ་རྣམས་ལས་བྱུང་བའོ། །འདོད་ཆགས་ཀྱི་རྒྱུ་ལས་ཡི་དྭགས་རྐྱེན་ཚོགས་པ་ལས་བྱུང་བ་དང་། དེ་བཞིན་དུ་ཞེས་པ་དེ་དག་ལས་སྡུག་བསྔལ་རབ་ཏུ་རགས་པ་ལས་དགོངས་པའོ། །དམྱལ་བའི་ནི་རྒྱུ་ཞེ་སྡང་ལས་རྐྱེན་སྣ་ཚོགས་པ་ལས་བྱུང་པའོ། །དེ་ཡང་འཇིག་པ་སྣོད་དེ་ལ་བརྟེན་པ་ནི་ལྷ་ཞེས་དག་པ་ལ་བཞག་ལ། ལྷ་མིན་འདོད་ཞེས་འདོད་པའི་ལྷ་ལ་འགྲན་པས་ལྷ་ལ་བསོད་ནམས་ཆུང་བས་ལྷ་མ་ཡིན་ཞེས་བྱའོ། །མི་ནི་གོང་མ་ལྷ་ནས་ཆད་པའོ། །དགེ་བ་ལས་བྱོལ་བས། ངན་སོང་དུ་ལྟུང་བས་སོང་ཞེས་བྱའོ། ཟས་དང་སྐོམ་དུས་ཐམས་ཅད་དུ་ཡིད་ལ་བརྟགས་པས་ཡིད་བརྟགས་སོ། །དེ་དག་ཀུན་ལས་སྡུག་བསྔལ་དམྱལ་ནས། ཐ་མ་ལུས་སྡུག་བསྔལ་རགས་པར་གྱུར་པས་ན་དམྱལ་བའོ། །དེ་དག་མ་རིག་པས་བཅིངས་ནས་རིག་པ་ཉིད་དུ་མ་སྨིན་པ་ལས་འགྲོ་བ་རིགས་དྲུག་གི་གཟུགས་སུ་སྣང་བ་ནི། འཁྲུལ་བའི་ཤེས་པ་ལས་བྱུང་བའོ། །དེ་དག་འདོད་ཆགས་ལ་སོགས་པའི་རྒྱུ་གོང་དུ་བསྟན་ཏེ། འདོད་པ་ནི་རང་རྒྱུད་ལས་གཞན་སེམས་ཀྱིས་ཆགས་པས་ཞེན་པའོ། ཞེ་སེམས་སྡང་བ་ཀུན་སློང་ངོ་། །ང་མཐའ་རྒྱས་པ་རྒྱལ་བ་སྤོབས་པ། ཕྲག་ཡུལ། དོག་ལས་བདག་གི་ལ་སོགས་ནི་རྟོགས་པ་ཐ་དད་པའོ། །ཉོན་ལུས་སེམས་ལ་ཉེན་བས་སོ། མོངས་ཡེ་ཤེས་ཏེ། དེ་ལུས་ཀྱིས་བཅིངས་བས་སོ། །ཞེས་ཡན་ལག་གི་དོན་གསུམ་པའི་ཉིང་དོན་གཉིས་པའོ། །ད་ནི་ཉིང་ལག་གི་དོན་གསུམ་པ་དང་བཅས་བསྟན་པ་ནི། དེ་ཡང་ཞེས་བསྐྱར་བ་སྟེ་སེམས་དྲི་མས་བཅིངས་པས་རྟོག་ཚོགས་དུ་མས་བསྡུས་པས། ཉོན་མོངས་པ་ལ་སོགས་པའོ། །སྣང་བ་བཟུང་བ་ཡུལ་ལ་ནང་འཛིན་པ་སེམས་ཤར་བས། དེའི་ཟླ་སྡུད་པར་བྱེད་པ་ལ་ཡིད་ཀྱི་རྟོག་པ་དང་། དྲན་པ་དང་། བསམ་པ་དང་། འགྱུ་བ་ལ་སོགས་པ་སོང་བ་འགྲོ་བ་རྣམས་བཅིངས་ནས་གནས་སོ། །དེ་ཉིད་ཀྱི་རྐྱེན་དམིགས་པ་ལས་སོགས་པ་མངོན་པར་སྣང་བའི་ཡུལ་ནི་འདི་ལྟར་སྣང་བ་ཤར་ནས། དེ་ལ་ཞེན་པ་དང་། ཆགས་པ་དང་། འཛིན་པས་བདག་ཏུ་བཅིངས་པའོ། །ཞེས་ཉིང་དོན་གསུམ་པའོ། །ད་ནི་ཉིང་ལག་གི་དོན་བཞི་པ་གཞི་མ་བསྒྱུར་བའི་འབྲས་བུ་དངོས་བསྟན་པ་ནི། འགྲོ་བའི་ལུས་ངག་ཡིད་གསུམ་ལ་སྐུ་གསུམ་དུ་གྲོལ་བ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གྲོལ་བ་དང་། དེ་ལྟར་གྲོལ་བ་དེ་ལ་རྫས་སུ་གྲུབ་པ་མེད་པས་སྟོང་པ་ཉིད་དང་། དེ་ཉིད་སྐུ་དང་ཡེ་ཤེས་འོད་དང་སྐུ་ཁ་དོག་གི་སྣང་བར་ཤར་བས་གསལ་བས་ཁྱབ་པའོ། །རྩ་རྣམས་ཀྱི་ནང་ནས་བྱུང་བའི་ཐིག་རྒྱུ་ལ་ལེ་འབྲས་བུར་བྱུང་བས་ན། དེ་ལྟར་ཆོས་ཉིད་རྒྱུ་འབྲས་གཉིས་འདུ་བ་མེད་པས་ཡེ་ནས་ཉག་གཅིག་དེ་ཉིད་འབྲལ་བ་མེད་པའི་ཕྱིར་ནི་གཉིས་སུ་མེད་པ་ཞེས་བྱའོ། །དེ་ལ་དམ་ཚིག་མེད་པའི་གནད་ཀྱི་བརྗོད་པ་ཆོས་ཉིད་དུ་ཤར་བས་བརྗོད་བྱེད་དང་བྲལ་བས། ཚིག་ལས་འདས་པའི་ཆོས་ཉིད་ཅེས་བྱའོ། །དེ་ནས་ཡེ་ནས་རིག་པ་ཉིད་ཀ་ནས་དག་པས་གློ་བུར་གྱི་དྲི་མ་དང་བྲལ་བའི་ཡེ་ཤེས་ནི་གནས་སུ་ནི་མི་འགྱུར་བ། འཁོར་འདས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་ཉོན་མོངས་པ་དྲི་མ་མེད་པས་རིག་པ་རང་ངོ་ན་གསལ། འབྱུང་བ་རང་རྒྱུད་ཀྱི་རྡུལ་ཕྲ་རབ་དང་བྲལ་བས་གཉེན་པོ་གང་ལ་ཡང་མ་བརྟེན་པའོ། །ཚིག་ལས་འདས་པའི་ཡེ་ཤེས་དེ་བློ་དང་། ཚིག་གི་སྤྲོས་པ་ཐམས་ཅད་ཀྱིས་མ་སྤྲོས་པ་ནི། ཡེ་ནས་བརྗོད་དུ་གནས་པའོ། །ཞེས་ཉིང་དོན་བཞི་པའོ། །ད་ནི་ཉིང་ལག་གི་དོན་ལྔ་བ་དབང་པོ་འབྲིང་པོས་བར་མ་དོར་རྟོགས་པའི་འབྲས་བུ་བསྟན་པ་ནི། སྣ་ཚོགས་ནི་འོད་དང་། ཡེ་ཤེས་དང་། སྐུའི་སྣང་བ་བཞི་ལྷུན་གྲུབ་ཏེ་ངེས་པ་རྙེད་ནས་འབུད་ཐ་བ་ནི། དབང་པོ་འབྲིང་པོ་ལ་སོགས་པ་ནི། ཐ་མ་ཡང་ཆོས་ཉིད་ཀྱི་བར་མ་དོར་ཡེ་ཤེས་རྣམ་པར་དག་པའི་ལམ་དུ་གྲོལ་བ་ནི། ལྷུན་གྲུབ་རིན་པོ་ཆེ་སྒོ་བརྒྱད་དུ་འཆར་བར་བྱེད་པའི་སྒོ་ནི། མ་དག་པ་འཁོར་བའི་སྒོ་དང་། དག་པ་ཡེ་ཤེས་ཀྱི་དང་། ཐུགས་རྗེ་ལྟར་དང་། སྐུ་ལྟར་དང་། འོད་ལྟར་དང་། ཡེ་ཤེས་ལྟར་དང་། གཉིས་མེད་དང་། མཐའ་གྲོལ་ལྟར་འཆར་བའི་སྒོ་བརྒྱད་རྣམས་སོ་སོའི་ནས་དབང་པོ་ཉེར་གཅིག་ལ་བདེན་པའི། མཐོང་ལུགས་ཀྱི་ཁྱད་པར་རེ་རེ་ལས་ཆོས་ཉིད་ཀྱི་ཡུལ་ལ་སྣང་པའི་ལྟས་ལུགས་མི་འདྲ་བ་ཤེས་པའི་བཅུག་སྒོ་རེ་རེ་ཡིས། སྣང་བ་ལ་ངེས་ཤེས་སྐྱེ་བའི་རྟོགས་པའི་ཚད་ནི་རེ་རེ་རང་ལ་སྐྱེས་ནས། སྒོ་བརྒྱད་པ་དེ་ཉིད་ལ་ངེས་པ་རྙེད་དེ། དབང་པོའི་ཁྱད་པར་གྱིས་རིམ་གྱིས་ཆོས་ཉིད་ཀ་དག་མཐོང་ནས་ཕྱིར་མི་བཟློག་པའོ། །ལམ་ཕྱིར་མི་ལྡོག་པ་དེས་ཀྱང་འབྲས་བུ་བདེ་བ་ཆེན་པོ་ཐོབ་པ་ནི། རང་སྣང་ལ་ངོ་ཤེས་པས་ཡིད་ཆེས། དེ་ལ་ཡིད་ཆེས་པས་ཐག་ཆོད་པ་སྐྱེས་པ་ལ་སངས་བ་ལྟར་བསྒོམས་ལ་རང་རྒྱུད་དུ་འཛིན་པ་དེ་ལོངས་སྐུའི་ཡོན་ཏན་དུ་རྒྱས་སོ། །ཀུན་འདུས་པས་ཀྱིས་འབྲེལ་པ་གསང་བ་ནི་སྔོན་ཆད་མ་རྟོགས་པ་གཅིག་ནི་བརྗོད་གཞི་མ་ཡིན་པའོ། །ཞེས་ཉིང་ལག་གི་དོན་ལྔ་པའོ། །ད་ནི་ཉིང་ལག་གི་དོན་དྲུག་པ་འཁོར་འདས་ཀྱི་འབྲས་བུ་དེ་ཇི་ལྟར་སྣང་བ་བསྟན་པ་ནི། འཁོར་བ་དང་འདས་པའི་འབྲས་བུ་ཉིད་ནི་དེ་དག་ལ། དྲི་མ་དང་ནི་ཞེས་འཁོར་བའི་འབྲས་བུ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་བཞིས་བསྡུས་པའི། དག་པའི་འབྲས་བུ་སྐུ་དང་ཡེ་ཤེས་གཉིས་སུ་བྱུང་བའོ། །དེ་གཉིས་ཀྱང་ངོ་བོ་གཅིག་པས། རང་གི་རང་བཞིན་དུ་ནི་བུདྡྷ་སེམས་ཅན་དབྱེར་མེད་པས་རྣམ་པར་གནས་སོ། །དེ་ནི་རིག་པའི་ཡེ་ཤེས་ཉིད། དེའི་འཁོར་འདས་གཉིས་ཀྱི་འབྲས་བུ་ཡིན་པ་ལ། དངོས་པོ་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་ཆོས་ཉིད་དུ་གྲོལ་བས། བེམས་པོ་ཆོས་སྐུར་འདོད་པའོ། །དེ་ཉིད་ལ་བརྟེན་ནས་འབྱུང་བ་རང་རྒྱུད་ལྟ་བ་ལས་གྲོལ་བས་སྣང་བ་ལ་རང་བཞིན་མེད་པར་རྟོགས་པའོ། །དངོས་མེད་ཀྱང་ནི་ནང་བཅུད་ཀྱི་སེམས་ཅན་ཀྱང་ཆོས་ཉིད་དུ་གྲོལ་བས། རིག་བཅས་བུདྡྷར་འདོད་པའོ། །དེ་ཉིད་ལ་བརྟེན་ན་སེམས་འབྱུང་བ་ལ་རང་ཐིམ་པར་འདོད་པའི་ཆད་པར་ལྟ་བ་ལ་སོགས་པའི་ལས་གྲོལ་བར་རང་སེམས་སྟོང་པ་འོད་གསལ་དུ་རྟོགས་པའོ། །དེ་ལྟར་བེམ་རིག་གཉིས་སུ་མེད་པར་གྲོལ་བས་གཉིས་མེད་དགག་བསྒྲུབ་མེད་པར་གྲོལ་བས། སྤང་བླངས་ལས་འདས་པའོ། །རྟགས་ཆད་གཉིས་མེད་དུ་གྲོལ་བས། གྲུབ་མཐའ་རང་རྒྱུད་དུ་འཛིན་པ་ལས་བློ་ལོག་པས། འབྲས་བུ་ཆོས་ཟད་པ་ལ་གནས་པའོ། །དེ་རིག་པ་ལས་བྱུང་པས་ཆོས་ཉིད་ཀྱི་འབྲས་བུ་ལ་འཁོར་འདས་གཉིས་ག་གནས་པའོ། །ཞེས་དེ་དག་གིས་ནི་ཡན་ལག་གི་དོན་གསུམ་པ་སེམས་ལ་གཞི་ལམ་འབྲས་གསུམ་ཚང་བར་བསྟན་པ་ལ་དྲུག་ཏུ་བྱས་ནས་བསྟན་ཏོ། །ད་ནི་དེ་དག་གི་འཇུག་བསྡུ་བ་ཁྱད་པར་གྱི་ཆོས་ངོ་བོ་ཉིད་དེ་ཉིད་ལས་མ་གཡོས་པར་བསྟན་པ་ནི། འབྲས་བུ་དེ་ཅི་ཞེ་ན། རྟག་པ་ལས་འདས་པས་སྟོང་པ། ཆད་པ་ལས་འདས་པས་གསལ་པ། རྟག་ཆད་གཉིས་ཀ་ལས་འདས་པས་རིག་ཅིང་མཁྱེན་པ། ཕྱོགས་མེད་དུ་གསལ་བ། གཉིས་ཀ་མ་ཡིན་པ་ལས་འདས་པས་འགྱུར་བ་མེད་དོ། །འབྲས་བུ་ཞེས་བྱ། ངོ་བོ་ཞེས་བྱ། ཀ་དག་ཞེས་བྱ་བ་དེ་ཡི་མཚན་ཉིད་དེ་ཡིན་ནོ། །དེ་ཡང་མ་རིག་པ་རང་དག་པས་ཀ་དག །དེས་འགྲོ་བ་ཀུན་ལ་གནས་པས་ཁྱབ་དང་ཞེས་བྱ། དེ་ཉིད་གཉིས་སྣང་དང་བྲལ་བས་གཅིག་པུར་ཡོད་པས་ཐ་དད་པར་ཡོད་པ་མ་ཡིན་ནོ། །ངོ་བོ་ཀ་དག་གི་ཡེ་ཤེས་དང་རང་བཞིན་ལྷུན་གྲུབ་གྱི་ཡེ་ཤེས་དང་། ཐུགས་རྗེ་ཀུན་ཁྱབ་ཉིད་ཀྱིས་སེམས་ཅན་གྱི་དུས་ན་རང་གི་ལུས་ལ་གནས་པ་ཡིན་ནོ། །གཞན་རྩོལ་དང་བྲལ་བའི་གནད་གང་སྣང་ལ་གཅིག་བཞག་པས་འཁྲུལ་པ་དུས་གཅིག་ལ་འགག་པ་དང་ནི། ལུས་ངག་རང་སོའི་བཞག་པས་ཆོས་ཉིད་མ་དང་འཕྲད་པའོ། །དེའི་ངང་ལ་རྒྱུན་དུ་གནས་པ་ཅི་ངོ་བོ་ཉིད་ཀྱི་བསམ་གཏན་ཡིན་ནོ། །ཞེས་པ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་པའོ། །སེམས་ནི་གཉུག་མ་མ་བཅོས་པའི་རང་བཞིན་ལ་རྐྱེན་རྣམ་པར་རྟོག་པ་དུ་མས་བསླད་པའོ། །དེ་ལས་སྔ་མའི་བག་ཆགས་ལ་བརྟེན་ནས་ལུས་འབྱུང་བའི་བྱེད་པ་ཅན་དུ་སོང་བའོ། །དེ་གཉིས་ལས་འབྲེལ་པའམ་མཚམས་ལས་ཀྱི་རླུང་གིས་སྦྱར་བས་ཀྱི་ཞེས་བྱའོ། །དེ་ལྟར་གཉིས་འཛོམས་པས་སྣང་བ་མི་འདྲ་བ་སྣ་ཚོགས་པར་བྱུང་སྟེ། འགྲོ་བ་རིགས་དྲུག་སོ་སོ་ལ་སྣང་ལུགས་རེ་རེ། དེ་མ་ཡིན་པ་འགྲོ་བ་མི་རང་ལ་ཡང་ལུས་མི་མཐུན་པས། སྣང་བ་མི་འདྲ་བ་དང་། བློའི་རྟོག་པ་མི་འདྲ་བ་ཐ་དད་པར་བྱུང་བས་ན། དེ་དག་རྒྱུད་འདི་ནས་ཐབས་ཀྱིས་བཙན་ཐབས་སུ་སངས་རྒྱ་བར་བྱེད་པའི་མན་ངག་འདི་ནས་བསྟན་པའི་ལེའུ་གཞུང་གི་དུམ་བུ་ངེས་པ་འདི་ལ་བསྡུས་པའི་དོན་གསུམ་དུ་བྱས་ནས། དང་པོ་ལ་ནང་དོན་དགུ །གཉིས་པ་ལ་ཡན་ལག་གི་དོན་གཉིས་པ། ཉིང་དོན་དང་པོ་ལ་བཞི། འོག་མ་ལ་ལྔ་སྟེ་དགུ །བསྡུས་པའི་དོན་ཐ་མ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་ལ་ཉིང་ལག་གི་དོན་ལྔ། བར་མ་ལ་དྲུག་སྟེ་བཅུ་གཉིས། ཐ་མ་ལ་དྲུག་སྟེ་བཅུ་བདུན། འཇུག་བསྡུ་བ་དང་བཅོ་བརྒྱད། དེ་ལྟར་བསྡུས་དོན་གསུམ། ཡན་ལག་གི་དོན་ལྔ། ཉིང་ལག་གི་དོན་ཉེར་བརྒྱད་དུ་བྱས་ནས་བསྟན་པའོ། །སྟེ་ནི་ལྷག་མ་ཅན་གྱི་ཚིག་སྟེ། བདུན་པ་ལ་སོགས་པ་འོག་ཏུ་བསྟན་ཞེས་པའོ། །དྲུག་པའོ་ནི་ལྔ་ལས་གཞན་དུ་གྱུར་པའི་གྲངས་ཀྱི་བྱེ་བྲག་གོ །ལེའུ་དྲུག་པའི་མུ་ཏིག་གསལ་བར་ཕྱེ་བའོ། །རྫོགས་སོ།། རྒྱ་རྒྱ་རྒྱ།
༅། བནཱ།ཊཿབཧྱ།ཿ ད་ནི་ལེའུ་བདུན་པའི་མུ་ཏིག་གསལ་བར་དབྱེ་བ་ནི། དེ་ལ་ལེའུ་བདུན་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པར་བསྟན་པ་ནི་ལེའུ་འདི་ལ་བསྡུས་པའི་དོན་དྲུག་གིས་བསྟན་ཏེ། དང་པོ་རིག་པའི་ངོ་བོ་དེ་ཉིད་འཁོར་བའི་ཆོས་དུ་མ་ལྟར་བྱུང་བ་བསྟན་པ་དང་། གཉིས་པ་དེ་ཡང་རྣལ་འབྱོར་པའི་ལུས་དང་སེམས་ལ་ཇི་ལྟར་ཚང་བར་བསྟན་པ་དང་། གསུམ་པ་མྱ་ངན་ལས་པའི་ཆོས་རྣལ་འབྱོར་པའི་ལུས་ཇི་ལྟར་ཚང་བར་བསྟན་པ་དང་། བཞི་པ་དཀོན་མཆོག་གསུམ་རང་གི་ལུས་དང་སེམས་ལ་ཇི་ལྟར་ཚང་བར་བསྟན་པ་དང་། ལྔ་པ་དཀར་པོའི་ཆོས་དེ་དག་རང་གི་ལྟ་བའི་ངོ་ལ་ཇི་ལྟར་ཚང་བར་བསྟན་པ་དང་། དྲུག་པ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ཀུན་གཞི་དང་ཆོས་སྐུ་གཏན་ལ་ཕབས་པ་དང་འབྱུང་བ་དྭངས་སྙིགས་སུ་ཕྱེ་བ་བསྟན་པའོ། །དང་པོ་ལ་བཞིས་བསྟན་པའི་ནང་དོན་དང་པོ་འཁོར་འདས་ཀྱི་ཆོས་འདི་ཇི་ལྟར་ཡིན་པར་རྡོ་རྗེ་འཛིན་པས་ཞུས་པར་བསྟན་པ་ནི། དེ་ནས་ལ་སོགས་པ་གཞུང་གིས་ཤེས་སོ། །ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་འཁོར་བའི་ཆོས་འདི་དག་མེད་པ་ལས་ཡོད་པར་བཟུང་བས་ལྟར་སྣང་དུ་བསྟན་པ་ནི་ཞུས་མ་ཐག་པའི་དེ་ནས་རྡོ་ཆོས་ཉིད་རྗེ་རྟོགས་པ། དེ་ལྟར་ན་ཆོས་ཉིད་དང་རྟོགས་པ་དབྱེར་མེད་དུ་འཆང་བ་སྟེ། ཆེན་པོ་ནི་སྟོན་པའི་ཡོན་ཏན་རྫོགས་པ་དེས། ལུས་ངག་བདེ་བའི་བསྟན་ནི་སེངྒེའི་ཁྲི་པདྨ་རྣམ་པར་བརྩེགས་པ་ལས་སྐུ་བཞེངས་ནས་ནི། འཇིག་རྟེན་དང་འདས་པའི་འཁོར་དེ་དག་ལ་འདི་སྐད་རྒྱུད་གསུང་། ཆེད་དུ་འཁོར་རྣམས་ཀྱིས་བརྗོད་པའི་ནི་ལྗགས་ཀྱི་དབང་པོ་ལ་བཀྲམ་ནས་བརྗོད་པའོ། །དེ་ཡང་ཁམས་གསུམ་འཁོར་བའི་ཆོས་སྣང་བ་དང་ཤེས་པས་བསྡུས་པ་འདི་ལྟ་བུ་ནི་ཡེ་ནས་སྣང་བ་སྣང་ཐོག་ཏུ་གྲོལ་བས། སྣང་བ་ཕྱོགས་མེད་དུ་གྲོལ་ལ། ཤེས་པ་འགྱུས་ཐོག་ཏུ་ཡེ་ནས་གྲོལ་བས། འགྱུ་བ་ཡིད་ཀྱི་རྟེན་སྟོང་པའོ། །དེ་ཡང་ཐོག་མ་སྣང་བ་མེད་པས་ཡུལ་ཀུན་ལ་འཇུག་པར་བྱེད་པའི་ཡིད་མེད་ལ། ཤེས་པ་མེད་པས་རྩོད་པ་རྣམ་ཤེས་ཀྱི་ལས་ཐ་དད་པ་མེད་པ་ཉིད་ནི་ཡུལ་འདི་ཞེས་པ་ཡང་ཡང་མེད། ང་དང་བདག་མེད་པས་སྣང་བ་མ་གྲུབ་པས་བརྟགས་བྱ་ཡུལ་གྱི་སྒྲོ་འདོགས་ཆོད། ཤེས་པ་གྲུབ་པ་མེད་པས། འགྱུ་བ་ཡིད་ཀྱི་རྟེན་སྟོང་པ་པོའི་ཡུལ་དེ་ཡིན་ལ་དེར་འཛིན་གྱི་འཁྲུལ་པས་མིང་དུ་བརྟགས་པ་དེ། མེད་པའི་དོན་སྣང་བས་ལྟར་སྣང་ཡིན་གྱིས། དོན་ལ་ངེས་པ་འདི་འདྲ་ཞེས་གྲུབ་པ་མེད་པས་སོ། །དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་སེམས་ཡུལ་ལ་དེ་ལྟར་སྣང་བའོ། །ཞེས་ཉིང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་འདི་ལྟར་སྣང་བའི་ཆོས་དངོས་བསྟན་པ་ནི། དེ་ཡང་འདི་ལྟར་ལ་སོགས་པའི་ཚིག་བཅུ་གཅིག་འོག་ནས་རྒྱས་པར་བསྟན་ཏོ། །ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་དེ་ཡང་ལུས་ལ་ཚང་ངོ་བར་གདམས་པ་འཇུག་བསྡུ་བ་དང་བཅས་པར་བསྟན་པ་ནི། དེ་དག་འཁོར་དེའི་ཚིག་གཉིས་གཞུང་གསལ་ལོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་དང་པོ་རིག་པའི་ངོ་བོ་དེ་ཉིད་འཁོར་བའི་ཆོས་དུ་མ་ལྟར་བྱུང་བར་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གཉིས་པ་དེ་ཡང་རྣལ་འབྱོར་པའི་ལུས་དང་སེམས་ལ་ཇི་ལྟར་ཚངས་པའི་དངོས་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། རྣལ་འབྱོར་པའི་ལུས་ལ་ཇི་ལྟར་ཚང་བར་བསྟན་པ་ནི། གོང་དུ་ས་དང་ཞེས་བྱ་བ་རྩ་བར་བཞག་ནས་འདིར་རྒྱས་པར་བཤད་པ་ནི། དེ་ལ་ཕྱིའི་ས་ནི་ནང་དུ་ཤ་བསྐྱེད་པ་སྟེ། རྡུལ་ཕྲ་རབ་ལས་འདུས་དངོས་པོ་ཉིད་དུ་གྲུབ་པའོ། །ཕྱིའིི་ཆུ་ནི་ནང་དུ་ཁྲག་བསྐྱེད་པར་བྱས་པ་སྟེ། ལུས་ཀྱི་རྡུལ་ཕྲ་རབ་གཅིག་ཏུ་སྡུད་པར་བྱེད་པ་ཉིད་དུ་བྱས་པའོ། ཕྱིའི་མེ་ནི་ནང་དུ་དྲོད་བསྐྱེད་པར་སྟེ། དེ་ལ་ལུས་ཀྱི་རྡུལ་ཕྲ་རབ་ཀུན་སྨིན་པར་བྱས་སོ། །ཕྱིའི་རླུང་ནི་ནང་དུ་དབུགས་བསྐྱེད་པ་སྟེ། རྡུལ་ཕྲ་རབ་ལ་སོགས་པའི་ཟུངས་འཛིན་པ་སྟེ་བཀྲག་དང་གཟི་མདངས་སུ་བྱེད་པའོ། །ཕྱིའི་ནམ་མཁའི་ནང་དུ་སེམས་ཀྱི་རྟེན་འོད་དང་ཐིག་ལེ་སྟེ། ལུས་ཀྱི་འབྱུང་བའི་དངས་མ་འོད་ལྔའི་ཐིག་ལེས་ལུས་སེམས་ཀྱི་སྦྲེལ་འཛིན་པར་བྱེད་པའོ། །ཡང་ནི་རྡུལ་ཕྲ་རབ་ཀྱི་བར་ན་ནམ་མཁའ་གནས་པའོ། །དེ་ལྟར་ལུས་སུ་གྲུབ་པ་ལས་རྩ་གྲུབ། རྩ་ལས་ཐིག་ལེ་གྲུབ། ཐིག་ལེས་ལུས་རྒྱས་པ་ནི། ཉི་མ་ཤེས་རབ་ཀྱི་བདག་ཉིད་མིག་གཡོན་པ། ཟླ་བ་ཐབས་མིག་གཡས་པ་སྟེ། དེ་ཡེ་ཤེས་གསལ་བར་བྱེད་པའོ། །སྐྱེས་བ་དག་ནི་མའི་མངལ་ནས་སྐྱེ་བ་དང་ཆོས་མཐུན་སྐྱེ་བ་ཉིད་དུ་འབྱུང་བའོ། །དེ་ཡང་འོག་ནས་སྤྲུལ་པའི་སྐུ་འཇིག་རྟེན་དུ་བྱོན་པ་དང་ཆོས་མཐུན་པའོ། །བུད་མེད་དག་ནི་འཆི་བ་དང་ཆོས་མཐུན་པ་སར་སྣང་པའོ། །ཕྱིའི་གཟའ་ནི་འདོད་པའི་སྒོ་ཁ་དོག་ཏུ་སྨིན་པའོ། །ཕྱིའི་སྐར་མ་ལུས་ཀྱི་སོ་ཡིན་པར་སྨིན་ནོ། །ཕྱིའི་སྤྲིན་པ་ལས་ནང་དུ་སྐྲ་ཡིན་པའོ། །ཕྱིའི་ཤིང་ནི་ནང་དུ་རྩ་རྣམས་སུ་སྨིན་པའོ། །དེ་དག་གི་ཆོས་མཐུན་བརྩི་བ་ནི་འདིར་མ་སྤྲོས་སོ། །ཕྱིའི་རི་ནི་ནང་དུ་ལུས་སྤྱི་ཡིན་ལ། ཕྱི་ཁྲག་ནི་ནང་དུ་རུས་པར་སྨིན་པ་ཉིད་དོ། །ཕྱིའི་རྩ་བ་ནང་གི་སྙིང་དུ་སྨིན་པ་ནི། ཤིང་གི་རྩ་བ་བཅད་ནས་སྐམ་པ་དང་འདྲ་བར། སྙིང་ལ་མཚོན་ལ་སོགས་པ་བཏབ་ན་འཆི་བ་དང་ཆོས་མཐུན་པའོ། །དེ་བཞིན་དུ་ཕྱིའི་སྡོང་པོ་ནང་དུ་རྐང་དུ་གྲུབ་པ་ཡང་ངོ་། །ལྷག་མ་ནི་ཆོས་མཐུན་པ་རྩིབ་ལ་སོགས་པ་གཞུང་དུ་བརྟག་གོ །ཞེས་ནང་དོན་གཉིས་པ་འཁོར་བའི་ཆོས་རྣལ་འབྱོར་པའི་ལུས་ལ་ཇི་ལྟར་ཚང་བར་བསྟན་ནས། ད་ནི་ནང་དོན་གསུམ་པ་རྣལ་འབྱོར་པའི་སེམས་ལ་ཇི་ལྟར་ཚང་ལུགས་བསྟན་པ་ནི། དེ་ཡང་རང་གི་རིག་པ་ལ་ཇི་ལྟར་ཚང་ཞེ་ན། འཁོར་བའི་ཆོས་ཉིད་ཚང་ལུགས་འདི་ལྟ་སྟེ། དེ་ལ་འབྱུང་བ་སའི་དྭངས་མ་འོད་སེར་པོ་ལ་སོགས་པའོ། །དེ་ཡང་འབྱུང་བ་ལྔ་པོ་དེའི་རྡུལ་གྱིས་འོད་སྣང་བག་ལ་ནོན་པས་ད་ལྟ་ཕྱིར་སྣང་མ་ནུས་ཏེ། བླ་མའི་ལུང་དང་ལྡན་པ་ནི་འདི་ཉིད་ལ་མངོན་པར་སྣང་བའོ། །དེ་མ་ཡིན་པ་ལུས་ཀྱི་རྡུལ་དང་བྲལ་བས། ཆོས་ཉིད་ཀྱི་བར་མ་དོ་ལ་དངོས་སུ་སྣང་བ་ནི། འབྱུང་བའི་རྡུལ་ཕྲ་རབ་ཀྱིས་འཆིང་བྱེད་དང་བྲལ་བ་ལས་བྱུང་བའོ། །དེ་ཡང་ཕྱིའི་ཉི་མས་དྲོད་འབེབས་པ་དང་། ཟླ་བས་མུན་པ་སངས་པར་བྱེད་པ་ནི། ནང་དུ་ཆོས་ཉིད་དང་སྦྱར་ན། ཤེས་རབ་ཀྱིས་སྟོང་པ་ཉིད་ཀྱི་དྲོད་འབེབས་པར་བྱེད་ལ། ཐབས་ཀྱིས་འཁོར་བའི་མུན་པ་གསལ་ནས་ལུས་ངག་ལ་བདེ་བ་བསྐྱེད་པར་བྱེད་པའོ། །དེ་ཡང་ཕྱིའི་སྐྱེས་པ་ན་རྣལ་འབྱོར་པའི་གཞི་ལ། ཉམས་གོང་ནས་གོང་དུ་སྐྱེས་པས། འཁྲུལ་པའི་སྣང་བ་འགག་པར་བྱེད་པའོ། །དེ་ཡང་སྐྱེས་པས་དགྲ་འདུལ་བ་དང་། མདའ་དང་རལ་གྲི་ལ་སོགས་པ་འཛིན་པ་དང་། ཆོས་མཐུན་ལ། བུད་མེད་ཀྱིས་བུ་ལ་སོགས་པ་བསྐྱེད་པ་ལྟར། གསང་སྔགས་ཀྱི་ལམ་ལས་སེམས་བསྐྱེད་པར་བྱེད་པའོ། །ཕྱིའི་གཟའ་ནི་དུས་ཚོད་ལ་སོགས་པ་བཟུང་ནས་ཕན་གནོད་དུ་བྱེད་པ་ལྟར། རྣལ་འབྱོར་པའི་རྒྱུད་ལ་རྟོགས་ཚད་གདེང་བཞི་སྐྱེས་པར་བྱེད་པའོ། །དུས་ངན་པ་ལ་འཁོར་བ་སྤོང་བར་བྱེད་པའོ། །དེ་ལ་ཕྱིའི་སྐར་མས་དུས་ཚད་ངེས་པར་བྱེད་ལ། བཟང་ངན་ལ་སོགས་སྣ་ཚོགས་སུ་སྟོན་པར་བྱེད་པའོ། །དེ་བཞིན་དུ་སྔགས་ཀྱི་རྒྱུད་ལུང་མན་ངག་གི་ཆོས་ཀྱིས་ཀྱང་འཁོར་འདས་ཀྱི་དུས་ངེས་པར་བྱེད་ཅིང་། ལས་དང་ཉོན་མོངས་པ་དང་། ཡེ་ཤེས་ཀྱི་བྱེ་བྲག་རྣམས་སྟོན་པར་བྱེད་པའོ། །འདི་དག་ནི་གཞུང་དུ་བརྟག་གོ །འོག་ན་སྒྲ་ནི་ཆོས་ཉིད་ཡུལ་གྱི་ཞེས་པ་ནི། སྒྲ་འདི་དག་ནི་ཉམས་སུ་བླང་བྱའི་ཆོས་སོ། །དེ་ཡང་སྒྲའི་དམིགས་རྟེན་ལ་བསླབ་པས་ཆོས་ཉིད་རྣམ་པར་དག་པའི་ཡུལ་གཏན་ལ་ཕེབས་པའི་གནད། དེ་ཡང་ཡི་གེ་སྦྲེལ་བའི་སྒྲ་དོན་ལ་བསླབས་པས་གསང་བ་སྒྲ་རྒྱུད་ནས་བསྟན་པ་བཞིན་དུ་བྱ། བརྗོད་པ་ཚིག་ཙམ་ལ་བསླབ་པ་ནི། ཚིག་གི་འབྲེལ་པ་བརྟགས་པའི་གནད་ནི། བརྗོད་པ་ཙམ་རླུང་དང་བསྲེ་བ་ལས་བྱུང་བའོ། །བརྗོད་པའི་སྒྲ་ནི་དྲག་པོ་གནས་པ་ལས། གཞན་ལ་བརྟགས་པའི་གནད་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་དང་། རང་གི་བརྗོད་པ་ལ་སེམས་ཕབ་པས། རླུང་སེམས་གཉིས་མེད་དུ་འདྲེས་པའོ། །གནས་པའི་སྒྲ་རྩ་བ་སྐྲོག་པའི་གནད་ཀྱིས་ལུས་ཀྱི་འཁྲུལ་འཁོར་གྱིས་ཕྱིར་ལུས་བཅུད་པས་འབྱུང་བ་གནད་ལ་ཕེབས་པ་དང་། ནང་དུ་སེམས་བཅུད་པ་སེམས་ཀྱི་རྟོག་པ་འགག་པའོ། །བཀོད་པའི་སྒྲིབ་གནས་གཞན་དེད་པས་འཁོར་བ་ཉིད་རང་སར་གྲོལ་བའོ། །ཡང་དྲིའི་དམིགས་རྟེན་ལ་སངས་རྒྱས་ཀྱི་དྲི་བསྲུང་ཉམས་སུ་མྱོང་པར་བསྟན་པ་ནི། གནས་པའི་དྲི་ལུས་ཀྱི་མཚན་ཉིད་ལ་བསླབ་པ་ནི། ལུས་ཀྱི་འཁྲུལ་འཁོར་ཏེ་སེངྒེའི་འགེངས་སྟངས་ལ་སོགས་པ་ལུས་ཀྱི་གནད་གཟིར་བས་ཡེ་ཤེས་དངོས་སུ་འཆར་བར་བྱེད་པའོ། །རྣམ་པ་དྲིའི་བརྟེན་འབྲེལ་གྱི་གནད་ལ་བརྟེན་ནས་དམིགས་པའི་གནད་ལ་སྦྱངས་པས་རང་བཞིན་གྱི་བསམ་གཏན་དུ་འགྲོ་བ་ནི། ཡན་ལག་ཅན་གྱི་རྟེན་འབྲེལ་དང་། ཡན་ལག་མེད་པའི་ལ་སོགས་པ་གསང་བ་སྒྲའི་རྒྱུད་ནས་བསྟན་པ་ལྟར་བྱའོ། །བཀོད་པའི་དྲི་ཕྱི་རོལ་གྱི་སྣང་བཏགས་ཀྱི་ཆོས་ལ་བརྟགས་པས། རང་སྣང་རང་གྲོལ་བ་དང་། དེ་ཉིད་རང་ཐོག་ཏུ་ཕབ་པས་རང་གནས་རང་བཞག་པའོ། །རོའི་དམིགས་རྟེན་ལ་བསླབས་པས་ཉམས་སུ་མྱོང་བ་བཙན་ཐབས་སུ་སྐྱེ་བར་འགྱུར་བ་ནི། རོ་རླུང་དབྱེར་མེད་པ་ལ་བསླབས་པས་རྣམ་རྟོག་ལས་ཀྱི་རླུང་ཆོས་ཉིད་དུ་འགྱུར་བ་དང་། དེ་ཉིད་ལམ་དུ་བསླང་པས། སྔོན་འགྲོ་ལུས་ཀྱི་སྦྱང་པ་དང་། དངོས་གཞི་རླུང་སེམས་ཁ་སྦྱོར་བའོ། །རྟེན་འབྲེལ་གནད་ལ་སྦྱངས་པས་མ་སྐྱེས་པའི་ཆོས་ཉིད་ངོས་ཟིན་པ་ནི། གནད་ནི་བཅུད་ཀྱིས་ལེན་པ་སྣ་ཚོགས་གསལ་བར་སྦྱངས་པས། ཟས་ཀྱི་ཞེན་པ་ཆོད་པ་དང་། བུ་རམ་དྲུག་ལྡན་ལ་སོགས་པའི་བསླབ་ཐབས་རེ་ལ་བསླབས་པས་བསམ་གཏན་གྱི་གོ་ཆར་འགྲོ་བའི་མན་ངག་ནི། རེག་པ་ལས་ཀྱི་འཁྲུལ་འཁོར་གྱིས་རྩ་རླུང་ཐབས་ཀྱིས་གནད་དུ་འགྱུར་བ་ནི། ལུས་བཅུད་པའི་འཁྲུལ་འཁོར་གྱིས་ཡིད་ཨར་ལ་གཏད་པས་བྱུང་ཚོར་གྱི་རྩ་བ་བཅད་པ་ནི། ལུས་ལ་དཀྲུག་པའི་འཁྲུལ་འཁོར་གྱིས་རྩ་གནད་ལ་དབབ་པའི་དུས་ངེས་པས། རྟོག་པའི་འགུལ་འགགས་པས་འབྱུང་བ་རང་སར་གྲོལ་བའོ། །ངག་བརྗོད་པའི་འཁྲུལ་འཁོར་གྱིས་རླུང་རང་ཡན་པས། དབང་པོ་རང་ཡིན་པའི་གནད་ཀྱིས་འདོད་ཆགས་ལམ་དུ་གྲོལ་བ་དང་། ངག་གནས་པའི་འཁྲུལ་འཁོར་གྱིས་ཉོན་མོངས་པ་ཕུགས་དེད་པས་ལུས་སེམས་ཀྱི་འབྲེལ་ཆད་པས་སོ། །ངག་གི་ལས་སྣ་ཚོགས་པའི་འཁྲུལ་འཁོར་གྱིས་འགྲོ་བ་རིགས་དྲུག་གི་ལུས་དང་། དབང་པོ་ལ་སོགས་པའི་མཚན་ཉིད་གཏན་ལ་ཕེབས་པས། དེ་ཉིད་སྐྱེ་བ་རྒྱུན་འཆད་པའོ། །སེམས་བཟུང་བ་དང་བཏང་གི་འཁྲུལ་འཁོར་གྱི་ལས་ཀྱིས་རླུང་ཟད་པས་ཡེ་ཤེས་རང་ཐོག་ན་གསལ་བ་དང་། སེམས་སྤོ་བའི་འཁྲུལ་འཁོར་གྱིས་ཡུལ་སྟོང་པ་ལ་སྦྱར་བར་སྣང་པ་རང་སར་གྲོལ་བས། ལུས་ཀྱི་འབྱུང་པ་ཟད་པའོ། །སེམས་བཏགས་པའི་འཁྲུལ་འཁོར་གྱིས་སེམས་དངོས་པོ་དང་བསྲེས་པས། དངོས་པོ་རང་རྒྱུད་དུ་འཛིན་པ་ལས་བློ་བཟློག་པའོ། །རྟེན་འབྲེལ་ནི་ཤིང་གི་ལོ་མ་ལ་སོགས་པ་གསང་བའི་སྒྲ་རྒྱུད་ནས་བསྟན་ནོ། །དེ་དག་ཀྱང་བརྗོད་པ་སྒྲ་ལ་ཞེན་པའི་གང་ཟག་ལ། སྒྲ་ལ་ལམ་དུ་བྱས་པས་གྲོལ། དེ་བཞིན་དུ་དྲི་དང་། རོ་དང་། རེག་ལ་ལམ་དུ་བྱས་པས་གྲོལ་བའོ། །དེ་ལྟར་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་གང་ཡང་ཡེང་དུ་མེད་པར་འབུད་ཐ་པའོ། །དེ་ལྟར་ཡང་ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། ཆོས་ཀྱི་དབྱིངས་ཀྱི་རྒྱན་ཞེས་གསུང་པ་ཞེས་པས་སོ། །ཞེས་ནང་དོན་གཉིས་པ་རྣལ་འབྱོར་པའི་སེམས་ལ་འཁོར་བའི་ཆོས་ཇི་ལྟར་ཚང་བ་བསྟན་ནས། བསྡུས་དོན་གཉིས་པའི་ནང་དོན་གསུམ་པ་དེ་དག་ཀྱང་སེམས་ཀྱི་ངོ་བོ་ལ་བཏགས་པ་ཙམ་དུ་བསྟན་པ་ནི། དེ་ཡང་སེམས་ཀྱི་ངོ་བོ་སྣང་ཡུལ་དུ་སྣང་ལ་བཟུང་ཡུལ་དུ་སྣང་གྲུབ་པའོ། །ངེས་ཚིག་ནི་གང་སྣང་བ་ལ་སེམས་པས་ན་སེམས། དབྱེ་ན་དག་པ་དང་མ་དག་པ་གཉིས་སོ། །དག་པ་ནི་འཁྲུལ་པས་མ་བསླད་པའི་སེམས་ལ་ཡུལ་དངོས་ཀྱི་རྟོག་པ་སྣ་ཚོགས་པ་དུ་མའི་དབང་དུ་མ་གྱུར་པའོ། །སེམས་ཀྱི་མཚན་ཉིད་གཞི་མེད་པས་ལྷག་པ་མེད། གཞི་ཡོད་པ་དང་། མེད་པ་དང་། སྣང་བ་དང་། མི་སྣང་བ་ཙམ་དུ་འགྲུབ་པ་མེད་པ་ན། བཏགས་པ་ཙམ་ཡིན་ལ། དེ་ཡང་བཏགས་པ་བཏགས་པས་སྟོང་ལ། བཏགས་པ་རང་གྲོལ་བས། བཏགས་པ་གཞི་མིང་ཙམ་དུ་ཡང་མ་གྲུབ། འདོགས་བྱེད་ཚིག་ཙམ་དུ་ཡང་གྲུབ་པ་མེད་དོ། །དེ་ལ་བསྐྱར་མི་དགོས་པས་ལྡོག་པའི་རྒྱུ་མེད་དེ། ཐེ་ཚོམ་དང། ཡིད་དཔྱོད་དང་། རྟོག་པ་མ་ཡིན་ནོ། ལྡོག་པའི་རྐྱེན་མེད་པས་ལས་དང་བག་ཆགས་ཀྱིས་གོས་པ་མེད་པའོ། །བཟློག་པའི་འབྲས་བུ་མེད་པ་མཐོ་རིས་དང་། ངན་སོང་དུ་གྲུབ་པ་མེད་དོ། །དེ་ལྟར་ན་གཞི་རྩ་མེད་པའི་སེམས་ཉིད་བཀྲུས་པས་མི་དག་ནམ་མཁའ་འདྲ། ཞེས་པས་སོ། །སེམས་ལ་མཚན་ཉིད་མེད་པས། གང་གིས་ཀྱང་གཏན་ལ་མི་ཕེབས་ཏེ། གཅིག་ཏུ་གྲུབ་པ་མེད་པས་ཐ་དད་པ་མ་ཡིན་ལ། གཉིས་སུ་གྲུབ་པ་མེད་པས་གཅིག་ཏུ་ཡང་མི་གནས། རྒྱུ་མེད་པས། རྐྱེན་གྱིས་མ་བསྐྱེད། ཡིན་མིན་གང་དུ་ཡང་མི་རྟོག་པས། འདི་འདྲ་ཞེས་གཅིག་ཏུ་ངེས་པ་མེད་དོ། །དེ་ལྟར་ཡང་འདི་འདྲ་གཅིག་ཏུ་མ་ངེས་པས། གང་ལྟར་བཏགས་པ་དེ་ལྟར་སྣང་། ཞེས་པས་སོ། །དེ་ལྟར་ན་རྒྱུ་མཚན་གང་དུ་བརྩལ་དུ་མ་རྙེད་པའི་སེམས་ཉིད་སྟོང་པ་ངོས་བཟུང་པ་དང་བྲལ་བ་ཞེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་ལ་རྒྱུ་མེད་པས་མཚན་ཉིད་གང་དུ་ཡང་གྲུབ་པ་མེད་པའོ། །སེམས་ཉིད་ལ་སྐྱེ་བ་མེད་པས་ལས་རྒྱུ་འབྲས་མི་བདེན་པའོ། །དེ་ཡང་སྔར་སྐྱེ་མ་མྱོང་པས་ལུས་སེམས་ལ་འབྲེལ་བ་མེད་པ་དང་། དེ་ལྟར་སྐྱེ་བ་མི་གནས་པས་རྟོག་པ་ཐ་དད་པ་དང་སེམས་ཉིད་ལ་འབྲེལ་བ་མེད་པ་དང་། ཕྱིས་སྐྱེ་མི་སྲིད་པས་ལས་ཀྱིས་བསགས་པའི་འབྲས་བུ་དང་། རྣམ་སྨིན་ལ་འབྲེལ་བ་མེད་པ་དང་། དེ་ཡང་སྔར་སྐྱེ་མ་མྱོང་པའི་གནད་ཀ་དག་ཡིན་པས་སོ། །ད་ལྟ་སྐྱེ་བ་མ་ཡིན་གནས་པའི་གནད་སྣང་ཤེས་ཙམ་ཆོས་ཉིད་གྲོལ་བས་སོ། ཕྱིས་སྐྱེ་མི་སྲིད་པའི་གནད་སེམས་ཉིད་གཞི་རྩ་མེད་པས་སོ། །དེ་ལྟ་བུ་སེམས་ཆོས་ཉིད་དུ་འགྱུར་པ་དེའི་ངོ་བོ་བཏགས་པ་རྣམ་གྲངས་གྱི་ཆོས་བརྗོད་བྱའི་ཡུལ་དུ་གྱུར་པ་དང་། རྣམ་གྲངས་མ་ཡིན་པའི་ཆོས་བློ་དང་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ནི་དེ་གློ་བུར་མ་ཡིན་པར་ཡེ་ནས་སྣ་ཚོགས་སུ་ལྷུན་གྲུབ་ཚུལ་དུ་གནས་སོ། །གཏན་ཚིགས་དེའི་ཕྱིར་བློ་ཆོས་བཏགས་པ། དངོས་པོའི་ཆོས་བཏགས་བྱ་སྤྱི་ཙམ་གྱི་ཡུལ་དུ་མ་གྱུར་པའི་ཆོས་ཐམས་ཅད་ནི། བཏགས་པ་ཙམ་ལས་མ་གཏོགས་པ་གང་ཡང་མེད་དོ། །དེ་ཡང་སེམས་ཉིད་བཅོས་མ་མེད་པའི་ངང་དུ་འདུ་བའོ། །ཞེས་པ་དེ་དག་གིས་ནི་བསྡུས་པའི་དོན་གཉིས་པ་དེ་ཡང་རྣལ་འབྱོར་པའི་ལུས་དང་སེམས་ལ་ཇི་ལྟར་ཚང་པ་དངོས་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་གསུམ་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་ལུས་དང་སེམས་ལ་ཇི་ལྟར་ཚང་པ་དངོས་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ་དེ་ཉིད་ལུས་སེམས་ལ་ཇི་ལྟར་རྫོགས་ལུགས་མདོར་བསྟན་པ་ནི། ཀྱེ་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་སྔགས་ལ་འཇུག་པར་བྱེད་པ་རྩའི་ཆོས་རྣམས་དེ་ཉིད་ལ་རྫོགས་པར་བསྟན་པ་ནི། དེ་ཡང་རིག་པའི་ཡེ་ཤེས་ཉིད་དཀྱིལ། གཙོ་བོ་རིགས་ལྔར་བྱུང་བས་འཁོར་འདས་ཀྱི་གཙོ་བོ་རིག་པ། འཁོར་སེམས་དཔའ་སེམས་ལགས་པར་མར་བྱུང་བས། རིག་པ་ཉིད་ལ་ཕྱི་ནང་གི་ཆོས་རྣམས་རྫོགས་པའོ། །དེའི་བདག་པོ་ལྷ་དང་ཞེས་པ་སྟེ་རིག་ཉིད་ཀུན་གྱི་ལྟར་བྱུང་བའོ། །རང་རྐྱ་བ་དང་ཡབ་ཡུམ་ལྟར་བྱུང་བའོ། །མཆོད་པ་ཕྱི་ནང་གསང་བ་སྟེ་རིག་པ་ཉིད་ཀུན་གྱི་བསྟི་གནས་སོ། །སྔགས་བསྙེན་པ་དང་། བསྒྲུབས་པ་ལ་སོགས་པ་སྟེ། རིག་པ་ཉིད་བཟླས་པའི་ཡུལ་དུ་གྱུར་པའོ། །ཕྱག་རྒྱ་ནི་རྩ་བ་དང་། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་སྟེ། རིག་པ་ཉིད་ཀུན་གྱིས་བཟུང་བར་བྱ་བའི་ཡུལ་ཡིན་ལ། དེ་ལ་སྟོང་པ་ཉིད་ཀྱི་རྒྱས་བཏབ་ན་ཁམས་གསུམ་ལས་གྲོལ་བའོ། །ཏིང་ངེ་འཛིན་དང་ཞེས་པ་དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུ་ལ་སོགས་པ་སྟེ། དེ་ལྟར་སེམས་དེ་བཞིན་ཉིད་ལས་མ་བཅོས་ན། སྣང་བ་སྣང་ཐོག་ཏུ་གྲོལ་བའི་ཉམས་འབྱུང་། དེ་ལྟར་མ་བཅོས་པས་ཀུན་ལ་སྣང་བས་རང་སར་གྲོལ་བའོ། །དེ་ཐམས་ཅད་ཀྱི་རྒྱུ་ཡིན་པའོ། །དབང་བསྐུར་བ་ནི་ཕྱི་ནང་གསང་བ་སྟེ། སེམས་ཕྱི་ལྟར་ཤར་བས་སྣང་བ་ནང་ལྟར་ཤར་བས་སྟོང་པ། གསང་བ་ལྟར་ཤར་བས་རིག་པའོ། དམ་ཚིག་དང་ཞེས་པས་ནི། རྩ་བ་སྐུ་གསུང་ཐུགས་དང་། ཡན་ལག་གྲངས་ཏེ་སེམས་འཁོར་འདས་ཀྱི་རྩ་བ་ཡིན་པ་དང་། དེ་ལས་ཡན་ལག་གི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་སྣང་བའོ། །མན་ངག་འཁོར་དང་ཞེས་པ་ནི་ལྟ་བའི་མན་ངག་དང་། སྒོམ་པའི་དང་། སྤྱོད་པའི་དང་། སེམས་དེ་ལྟ་སྒོམ་གྱི་གཞིར་གྱུར་པས་སོ། །ཉམས་མྱོང་དང་ནི་ཤེས་པའི་ཉམས་གསལ་བ་དང་། བདེ་བ་དང་། སྣང་བའི་ཉམས་གསལ་བ་དེ། སེམས་ཉིད་བདེ་གསལ་གཉིས་སུ་མེད་པའོ། །དེ་བཞིན་དུ་འབྱུང་བ་རིམ་བརྩེགས་ནས་ལྷ་སོ་སོའི་སྐུར་བཞེངས་པའི་བསྐྱེད་པའི་རིམ་པ་དང་ཞེས་པ་ནི་རིག་པ་ཉིད་རིམ་གྱིས་རྟོགས་པས། ཆོས་ཐམས་ཅད་གཅིག་ཆར་དུ་ཁོང་དུ་ཆུད་པའོ། །ཞེས་ནང་དོན་གཉིས་པ་སྔགས་ལ་འཇུག་པར་བྱེད་པ་རྩ་བའི་ཆོས་རྣམས་དེ་ཉིད་ལ་རྫོགས་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་ལམ་དུ་སྤྱད་པའི་ཆོས་རྣམས་དེ་ཉིད་ལ་རྫོགས་པར་བསྟན་པ་ནི། ཐོས་དང་ནི་སྒྲོ་འདོགས་གཅོད་པ་སྟེ། སེམས་ལ་བརྟེན་ནས་ཕྱི་ནང་གི་སྒྲོ་འདོགས་གཅོད་པའོ། །བསམ་པ་དང་ནི་ཉོན་མོངས་པའི་མགོ་སེམས་ཀྱིས་གནན་ནས་ཡེ་ཤེས་སུ་གསལ་བར་བྱེད་དོ། །བསྒོམ་པ་དང་ཞེས་པ་སེམས་ཀྱི་ཉོན་མོངས་པ་རྩ་བ་ནས་སྤོང་པར་བྱེད་པའོ། །རིག་པ་ཡེ་སངས་རྒྱས་པས་ལྟ་བ་ལ་རེ་དོགས་མེད། དེ་ལ་རྒྱུན་དུ་སྤྱོད་པས་སྤྱོད་པ་ལ་དགག་བསྒྲུབ་མེད་པ། དེ་ལ་གསལ་འགྲིབ་མེད་པས་སྒོམ་པ་ཆུ་བོའི་རླུང་ཆེན་ཡིན། སྦྱིན་དང་ནི། དང་ནི་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ཆ ེན་པོའོ། །ཚུལ་ཁྲིམས་ནི་དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་བསྡོམ་པའི་ཚུལ་ཁྲིམས་སོ། །ཆོས་ཟབ་མོ་ལ་ངེས་པར་སེམས་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཅིར་མི་སྙམ་པའི་བཟོད་པའོ། །བརྩོན་འགྲུས་ནི་གོ་ཆའི་དང་། དཔུང་གི་དང་། ལྷུར་བླང་པའི་བརྩོན་འགྲུས་སོ། །ཡོན་ཏན་མངོན་པར་འབྱུང་བའི་བསམ་གཏན་དང་། ཏིང་ངེ་འཛིན་འདས་པ་ཆེན་པོའི་བསམ་གཏན་དང་། འཇིག་རྟེན་པའི་སེམས་རྣམ་པར་གདུལ་བའོ། །ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་བོ། །གཞན་ཟིལ་གྱིས་གནོན་པའི་སྟོབས་དང་། བདུད་ལས་རྒྱལ་བ་དང་། འཁོར་བའི་དཔུང་འཇོམས་པའི་སྟོབས་སོ། །དམིགས་པ་དང་བཅས་པའི་སྨོན་ལམ་དང་། དམིགས་བ་མེད་པ་དང་། ཡིད་ལས་འདས་པའི་སྨོན་ལམ་མོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཕྱིན་ཅི་མ་ལོག་པའོ། །དེ་བཞིན་དུ་ཐམས་ཅད་བསྡུད་པའི་ཐབས་དང་། གཞན་ལ་འཇུག་པར་འགྱུར་བའི་ཐབས་དང་། སྣ་ཚོགས་པའི་ཐབས་སོ། །དེ་དག་ཀྱང་རིག་པའི་རྩལ་ལས་བྱུང་བ་སྟེ། དེ་ཀུན་གྱི་ཕ་རོལ་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་དང་། རིག་པ་དངོས་གསུམ་གྱི་ཆོས་ཉིད་གནས་སོ། །དགེ་བ་ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། སེམས་ཀྱི་གསུམ་སྟེ་བཅུ་སྤྱོད་པ་ལ་སོགས་པ་དཀར་པོའི་ཆོས་སྤྱོད་པ་ཀུན་ཀྱང་ལུས་དང་སེམས་ཀྱི་རྒྱུན་དུ་བྱུང་བའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་དངོས་པོ་གཤིས་ཀྱི་ཆོས་ཉིད་ཐམས་ཅད་ཀྱང་དེ་ཉིད་ལ་རྫོགས་པར་བསྟན་པ་ནི། རྣོ་བའི་ཐབས་རྒྱུ་ཡོད་པའི་ལྕགས་ཀྱི་རལ་གྲི་ལ་ཏིལ་མར་གྱི་ངར་གྱིས་བཏགས་པ་ལྟ་བུའོ། །སླ་བའི་ཐབས་མིག་འཕྲུལ་གྱི་རོལ་མོ་ལྟ་བུའོ། །ཆེ་བའི་ཐབས་དབུས་ཀྱི་རི་རབ་ཀྱི་སྟེང་དུ་ཕྱིན་པ་ལྟ་བུའོ། །དེ་ཡང་བླ་མའི་གདམས་ངག་ལ་རག་ལུས་པའོ། །འདི་ནི་ལུས་ལ་གནས་པ་དང་སྦྱར་བའོ། །སྡུད་པ་བྱེད་པའི་ཤེས་རབ་ཚྭ་ལ་དང་གར་སྤྱིན་ལྟ་བུའོ། །འགྱེད་པའི་ནམ་མཁའ་ལ་སྤྲིན་གཏོར་བ་ལྟ་བུའོ། །བསྒྲོལ་བའི་ཏི་པ་རའི་བུ་སྒྲོལ་བྱེད་ཀྱི་བུ་མཚོན་ཐོག་པ་ལྟ་བུའོ། །བསྐྱོད་པའི་དར་པོ་ཆེ་རླུང་གིས་བསྐྱོད་པ་ལྟ་བུ། ཁྱབ་བྱེད་ཀྱི་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུ། རིག་པ་རྒྱ་ཆེ་བས་དབྱིངས་དང་། གསལ་བས་རིག་པར་སྣང་བ་དངོས་སུ་བལྟར་ཡོད་པའོ། །དེ་ལྟར་སྣང་ལ་རང་བཞིན་མེད་པས་སྐུ་དང་། གསལ་ལ་རྟོག་པ་མེད་པས་ཡེ་ཤེས། ངོ་བོ་ཀ་ནས་དག་པས་རང་གི་འདུག་ཚུལ། དེ་གནས་པའི་ཆ་ནས་གཞི། མངོན་དུ་གྱུར་པའི་ཆ་ནས་ལམ་དང་། མཐར་ཕྱིན་པའི་ངོས་ནས་འབྲས་བུ་དང་། ཞེས་བྱའོ། །རང་གི་ངོ་བོའི་ཆ་ནས་རྟོགས་པ་དང་། ཡུལ་ཅན་ལ་རྟོག་པའི་ཆ་ནས་རྟོགས་ཚུལ་ལྟར་བྱུང་བའོ། །ལམ་ལ་སྣང་བས་འོད་དང་། སྣང་བ་དངོས་ཡིན་པས་ཁ་དོག་དང་། མཁྱེན་པའི་ཆ་མ་འགགས་པས་ཡུལ་ལྔ་ཉིད་དུ་ཡང་སྣང་བའོ། །དེ་དངོས་པོ་ལས་འདས་ཏེ་རྫས་སུ་གྲུབ་པ་མ་ཡིན་པས། སྟོང་པ་ཉིད་ཐམས་ཅད་དང་། བློའི་རྣམ་པར་རྟོག་པ་མ་ཡིན་པས་སྤྲོས་པ་མེད་པ་ཐམས་ཅད་ལྟར་བྱུང་བའོ། །དེ་ཉིད་མི་འགྱུར་བའི་ངོས་ནས་ངོ་བོར་བྱུང་། སྣང་བའི་ཆ་ནས་རང་བཞིན་དུ་བྱུང་ལ་ཀུན་ལ་ཁྱབ་པའི་ངོས་ནས་ཐུགས་རྗེ་ལྟར་ཡང་བྱུང་བའོ། །དེ་ཉིད་མ་བཅོས་པས་ངང་། རང་གསལ་བས་རང་བཞིན་འགྱུར་བ་མ་ཡིན་པས་བདག་ཉིད་ཆེན་པོའོ། །དེ་ཐོག་མའི་གཞི་ཡིན་པས་ཀ་དག་ཉིད་དང་། དེའི་བཞིན་སྣང་ལུགས་སུ་ཤར་བས་ལྷུན་གྲུབ་དང་། དེ་ཉིད་སྣ་ཚོགས་སུ་ཤར་བས་ལྷུན་གྲུབ་སྒོ་བརྒྱད་ལྟར་ཤར་ནས། སངས་རྒྱས་དང་སེམས་སྤྱིའི་གཞི་དང་། དེ་ཉིད་གཞི་དང་གཞི་ཤེས་པའི་ཁྱད་པར་ལས་ཤེས་བྱ་ཁ་ཕྱིར་བལྟས་པས་འཁྲུལ་བའི་གཞི། ཞེས་དེ་དག་གིས་ནི་བསྡུས་པའི་དོན་གསུམ་པ་མྱ་ངན་ལས་འདས་པའི་རྣལ་འབྱོར་པའི་ལུས་དང་སེམས་ལ་ཇི་ལྟར་ཚང་བར་བསྟན་པ་ལ་གཞིར་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་བཞི་པ་དཀོན་མཆོག་གསུམ་རང་གི་ལུས་ལ་ཇི་ལྟར་རྫོགས་པར་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ་དཀོན་མཆོག་གསུམ་གྱི་ཚང་ལུགས་མདོར་བསྟན་པ་ནི། ཨེ་མ་ལ་སོགས་པའི་ཚིག་གསུམ་འོག་ནས་རྒྱས་པ་སྟོན། ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དཀོན་མཆོག་གསུམ་གྱི་དོན་རྒྱས་པར་བསྟན་པ་ནི། དེ་ཡང་གོང་གི་སངས་རྒྱས། དཀོན་མཆོག་གི་དོན་རྒྱས་པར་བསྟན་པ་ནི། ཆོས་ཀྱི་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ལ་ངོ་བོ། ངེས་ཚིག །དབྱེ་བའོ། །ཆོས་སྐུའི་ངོ་བོ་ལ། ངོ་བོ་དེའི་བཞུགས་ཚུལ་གང་གིས་ཀྱང་མ་གོས་བར་བཞུགས་པའོ། །ཀ་དག་པའི་རང་བཞིན་ནོ། །ངོ་བོ་དེའི་མཚན་ཉིད་སྟོང་པ་ལ། དེའི་རང་བཞིན་གང་དང་ཡང་མ་འདྲེས་པ། དེའི་ཐུགས་རྗེ་འབྱེད་པ་མེད་པའི་ངོ་བོ་དེའི་སྣང་ཚུལ་གཉིས་སུ་མེད་པ། ངེས་ཚིག་བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་སྐུར་སྨིན་པས་མཚན་ཉིད་གང་གིས་ཀྱང་གཏན་ལ་མི་ཕེབས། རྣམ་གྲངས་མ་ཡིན་པའི་ཆོས་ལས་སྐུར་སྨིན་པས་སྟོང་ཉིད་གང་དུ་ཡང་མ་གྲུབ་པས་ན་ཆོས་སྐུ་ཞེས་བྱ་སྟེ། ཆོས་ནི་ཁྱད་པར་དུ་གྱུར་པ། ཀྱི་ནི་ཆོས་དང་སྐུར་འབྲེལ་བ། སྐུ་ནི་ཞལ་ཕྱག་ཏུ་མེད་པའི་སྨིན་སོ་ཙམ་ལས་སྐུར་མིང་དུ་བཏགས་པའོ། །དབྱེར་ན་དངོས་པོའི་མཚན་ཉིད་དང་བྲལ་བའི་ཆོས་སྐུ། གནས་པ་འཇུག་ཚུལ་གྱི་དང་། གདུལ་བྱས་སྣང་ཚུལ་གྱི་ཆོས་སྐུའོ། །དངོས་པོའི་མཚན་ཉིད་དང་བྲལ་བའི་ནི། གང་གིས་ངོ་བོར་ཡང་མ་གྲུབ་ལ། རྒྱུ་མཚན་གང་དུ་ཡང་མེད་པའོ། །དེ་ལ་ལྟར་མེད་པས་ཞལ་ཕྱག་ཏུ་མི་སྣང་བའོ། །བྱར་མེད་པས་གཟུགས་བརྙན་མ་ཡིན། རྒྱུ་མེད་པས་རྐྱེན་གྱིས་མི་ཤིགས། སྐྱེ་བ་མེད་པས་ཐ་མ་འཆི་བ་མེད་མི་གནས། ལྡོག་མེད་པས་དེ་ལས་འགྲེས་གཞན་མེད་པའོ། །གནས་པ་འཇུག་ཚུལ་གྱི་ཆོས་སྐུ་ནི། ཀུན་ལ་ཁྱབ་པས་གཞི་ཡིན་ལ། དེ་ཉིད་སྣ་ཚོགས་སུ་སྣང་བས་ལམ་ཡིན་ལ། དེ་ཉིད་རང་ལ་སྨིན་པས་འབྲས་བུ་སྟེ། སངས་རྒྱས་དང་སེམས་དབྱེར་མེད་དུ་ཁྱབ་པའི་སེམས་སོ། །གདུལ་བྱ་སྣང་ཚུལ་གྱི་ཆོས་སྐུ་ནི། ཐེག་པའི་ཡང་སྒོ་རེ་རེ་ནས་གཏན་ལ་འབེབས་ལུགས་རེ། གང་ལ་གང་འཐད་དུ་བྱེད་པའོ། །དེ་ལ་རྣམ་པར་འཕྲུལ་པས་ཕྱེ་ན་གདུལ་བྱའི་དབང་དུ་པས་སོ། །ཆོས་ཀྱི་སྐུ་ཆོས་སྐུའི་ཞིང་ཁམས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའོ། །གནས་བསམ་ངོ་ལས་འདས་པའི་ཆོས་ཉིད་ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ་འཁོར་སྣ་ཚོགས་རང་བཞིན་གྱི་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད་དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད། དེའི་ལོངས་སྐུའི་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ། ཏིང་ངེ་འཛིན་སེམས་པ་དང་འདུན་པ་མེད་པ། འཁོར་སྟོང་པ་རང་བཞིན་གྱི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་རྟག་པ་མ་ཡིན་པའོ། །དེའི་སྤྲུལ་སྐུའི་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞི། ཏིང་ངེ་འཛིན་འགག་མེད་ཀུན་ཏུ་གསལ། འཁོར་རིག་མེད་ཀྱི་སངས་རྒྱས། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་སྣང་བའོ། །ལོངས་སྐུའི་ངོ་བོ་མཚན་ཉིད་རང་གསལ་ཆེན་པོ་ལ་ཡོངས་སུ་རྫོགས་པའོ། །དེའི་བཞུགས་ཚུལ་རང་བཞིན་ལས་མ་གཡོས་པའི་སྐུའོ། །དེ་ཉིད་དངོས་ཐབས་དང་ཤེས་རབ་རང་ངོ་ན་གསལ་བ་ལས་མི་གཡོ། ངེས་ཚིག་ནི་ལོངས་སྣང་བ་ལ། དེ་ཉིད་མཁྱེན་པ་མ་འགགས་པར་སྤྱོད་པས་སོ། །སྐུ་ནི་སྣང་བ་རང་གསལ་བཀོད་པ་ཆེན་པོའོ། །དབྱེ་ན་འབྱུང་བ་ངོ་བོའི་ལོངས་སྐུ་དང་། གནས་པ་ཁྱབ་འཇུག་གི་དང་། སྣང་བ་ལམ་གྱི་དང་། གདུལ་བྱ་སྣང་ཚུལ་གྱི་ལོངས་སྐུ་དང་བཞིའོ། །འབྱུང་བའི་ངོ་བོའི་ལོངས་སྐུ་དང་། ཆོས་ཀྱི་སྐུ་ལས་བྱུང་བས་ན། མཚན་ཉིད་ཀྱི་སྟོང་ལ། རང་ངོ་ན་གསལ་བའོ། །གནས་པ་ཁྱབ་ཚུལ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་། འོད་ཁྱིམ་གྱིས་ཁྱབ་པའོ། །སྣང་བ་ལམ་གྱི་ནི་ཆོས་ཉིད་ཀྱི་བར་མ་དོ་ལའོ། །རིགས་དང་ཁ་དོག་དང་། དཀྱིལ་དང་། འཁོར་དང་། སོ་སོའི་ཚོམ་བུ་དང་། སྐུ་དང་ཡེ་ཤེས་དང་། ཡབ་དང་ཡུམ་དང་། སྐུ་མདོག་དང་ཕྱག་མཚན་དུ་གསལ་བའོ། །གདུལ་བྱ་སྣང་ཚུལ་གྱི་ལོངས་སྐུ་ནི། ཐེག་པ་སོ་སོའི་འདོད་གཞུང་ངོ་། །དེ་ལས་རྣམ་འཕྲུལ་གྱིས་ཕྱེ་ན། གདུལ་བྱའི་དབང་དུ་བྱས་པ། ལོངས་སྐུའི་ཆོས་སྐུ་དཔལ་རྣམ་པར་སྣང་མཛད་གངས་ཆེན་མཚོ་དེའི་བཞུགས་ཚུལ་ལམ་མཚན་ཉིད། ཕྱི་ནས་བལྟས་ནས་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ། མདུན་རྒྱབ་མེད་པ་ཞལ་ཕྱོགས་བཅུ་ཀུན་དུ་ཐལ་ལེ་བའོ། །དེའི་ཞིང་ཁམས་ཕྱག་གི་མཐིལ་ན་འཇིག་རྟེན་གྱི་ཁམས་ནི་ཉི་མ་གཅིག་ལ་མངའ་མཛད། གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ་བསྟན་པ་རང་འབྱུང་གི་ཡེ་ཤེས་རང་དབང་བ། དུས་རྟག་པ་མངོན་དུ་གྱུར་པའོ། །དེའི་ལོངས་སྐུ་རིགས་ཀྱི་གཙོ་བོ། དེ་ཉིད་ཀྱི་མཚན་ཉིད་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་པའོ། །ཞིང་ཁམས་སོ་སོ་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ་བརྒྱད་ལ་དབང་བསྒྱུར། གནས་འོག་མིན་གྱི་གནས། འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ་ལ་འཇོལ་ཉོག་ཏུ་ལོངས་སྤྱོད། དུས་ནི་སྣང་བ་འདུ་བ་དང་མཆེད་པའོ། །དེའི་སྤྲུལ་པའི་སྐུ་ནི་རིགས་ལྔའི་སངས་རྒྱས་སོ་སོའི་གཙོ་འཁོར་རོ། །དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་སྟོང་པ་མེད་པའོ། །དེའི་ཞིང་ཁམས་ལྷ་དང་ལྷ་མོ་འབུམ་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའོ། །གནས་ལྕང་ལོ་ཅན། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །དུས་རིག་པ་རང་སྣང་བའི་དུས་སོ། །སྤྲུལ་པ་སྐུའི་ངོ་བོ་སྣ་ཚོགས་ངེས་མེད། དེའི་བཞུགས་ཚུལ་ཆགས་ཞེན་ལས་རྣམ་པར་གྲོལ་བ། ཏིང་ངེ་འཛིན་མཛད་པའི་ཐུགས་ལ་མཉམ་པར་གནས། ངེས་ཚིག་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ། དེ་ཉིད་གཟུགས་ཕུན་སུམ་ཚོགས་པས་ན་སྐུའོ། །དབྱེ་ན་མ་དག་པ་སྤྲུལ་པའི་སྐུ་དང་། འགྲོ་བ་འདུལ་བ་དང་། རང་བཞིན་སྤྲུལ་པའི་སྐུའོ། །མ་དག་པའི་འདི་ལྟར་ངེས་པར་སྨད་འཚོང་ལ་སོགས་པ་ལ་བུ་ཆོས་ཉིད་མཐོང་ལ་འབྱུང་བར་མ་ངེས་པའོ། །རང་བཞིན་བསྒྲངས་པའི་འོག་མིན་ནོ། །འགྲོ་བ་འདུལ་བ་གང་ལ་གང་འདུལ་གྱི་དེའི་གཟུགས་སུ་དང་། སྐད་ལ་སོགས་པ་སྤྲུལ་པ་ཐུབ་དྲུག་གོ །དེའི་རྣམ་པར་འཕྲུལ་པའི་གདུལ་བྱའི་དབང་དུ་བྱས་ན། སྤྲུལ་པ་སྐུའི་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོའོ། །དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ལ་མངའ་མཛད་དོ། །དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོ། དུས་ཚེ་ལོ་དཔག་དུ་མེད་པ་ཐུབ་པའི་དུས་ནའོ། །དེའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེན་པོའི་རྟགས་སུམ་ཅུ་རྩ་གཉིས་དང་ལྡན་པ། དེའི་ཞིང་ཁམས་སྟོང་གསུམ་གྱི་བྱེ་བ་ཕྲག་བརྒྱ་གནས་འདུལ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་བསྟན་པ་ངེས་པ་དོན་གྱི་ཐེག་པ་དུས་ངེས་པ་མེད་པའོ། །དེའི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ། དེ་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། ཉིད་ཀྱི་མཛད་པ་ལ་ལོངས་སྤྱོད། ཞིང་ཁམས་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ལ་མངའ་མཛད། གནས་བྱ་རྒོད་ཀྱི་ཕུང་པོའི་རི། འཁོར་རྣམ་པ་བཞི། བསྟན་པ་རྒྱུ་དང་འབྲས་བུའི་ཐེག་པ་སྣ་ཚོགས་པ། དུས་ནི་ངེས་པ་ཆེན་པོ་རྣམ་པར་གཅོད་པའི་དུས་སོ། །དེ་དག་ནི་སངས་རྒྱས་དཀོན་མཆོག་གི་རང་བཞིན་ནོ། །དེ་ཡང་དཀོན་པས་དཔེ་བསྟན་པས། འཇིག་རྟེན་དུ་འབྱུང་བར་དཀའ་ལ། མཆོག་གི་ཡོན་ཏན་བསྟན་པ་ནི། སངས་རྒྱས་ཡོངས་པ་ཕུན་སུམ་འཚོགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པའི་མངའ་བརྙེས་པས་ན་སངས་རྒྱས་སོ། །གསུམ་གྱིས་གྲངས་བསྟན་པ། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་མོ། ། དེ་ལ་གོང་དུ་ཆོས་དང་ཞེས་པ་ལ། མདོ་སྡེ་ལ་དྲང་བ་དོན་གྱི་དང་། ངེས་པ་དོན་ནོ། །འདུལ་བ་ནི་ལུང་ཤེས་གཙོ་བ་དང་། དངོས་པོ་གཙོ་བའི་བཅའ་གཞི་མངོན་པའི་སྡེ་སྣོད་ནི་གཞི་གཙོ་བ་དང་། དངོས་པོ་གཏན་ལ་ཕབ་པའོ། །དེ་ཡང་ཁ་ཆེའི་བྱེ་བྲག་སྨྲ་བའི་ལུགས་ལ་བརྟེན་ནས། ལུང་གི་ཆོས་དང་། རྟོགས་པའི་བདག་ཉིད་ཀྱི་ཆོས་དང་། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །དགེ་འདུན་དང་ཞེས་པ་ནི། ངོ་བོ་ནི་དགེ་བ་རྣམ་པར་སེམས་པ་དང་། གང་ཟག་གི་བདག་འཛིན་སྤོངས་པ་དང་བཅས་པའོ། །ངེས་ཚིག་དགེ་བ་ལ་འདུན་པས་དགེ་འདུན་ཞེས་བྱའོ། །དབྱེ་ན་ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཉན་ཐོས་ནི་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་ལྟར་སྨྲ་བའོ། །ཉན་ཐོས་ཀྱི་གང་ཟག་ནི་སྤྱིར་སྡེ་བ་བཅོ་བརྒྱད་ལ། འདིར་ནི་རྩ་བའི་སྡེ་པ་བཞི་ནི་ཕལ་ཆེན་ལ་སོགས་པའོ། །གཞུང་གསལ་ལོ། །བདེན་པ་བཞི་ནི་འཁོར་བའི་ལམ་འབྲས་བུར་བཅས་པ་དང་། འདས་པའི་ལམ་འབྲས་བུ་དང་བཅས་པའོ། །རང་རྒྱལ་གྱི་དགེ་འདུན་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པར་འདོད་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ལས་འདས་པ་དང་། ས་དང་པོ་ལ་གནས་པ་ལ་སོགས་པའོ། །ཞེས་བསྡུས་པའི་དོན་བཞི་པ་རང་གི་ལུས་དང་སེམས་ལ་དཀོན་མཆོག་གསུམ་ཚང་བར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལྔ་པ་དཀར་པོའི་ཆོས་དེ་དག་རང་གི་ལྟ་བའི་ངོ་ལ་ཇི་ལྟར་ཚང་བར་བསྟན་པ་ལ་གནས་དོན་བཅུ་གཉིས་ཀྱིས་བསྟན་པའི་དང་པོ་རྣལ་འབྱོར་པའི་ལུས་དང་སེམས་ལ་ཇི་ལྟར་རྫོགས་ལུགས་ཞུས་པར་བསྟན་པ་ནི། རྡོ་རྗེ་འཛིན་པ་ལ་སོགས་པའི་ཚིག་བདུན་གཞུང་གིས་ཤེས་སོ། །ད་ནི་ནང་དོན་གཉིས་པ་དེ་དག་ཀྱང་སྟོང་པ་ཉིད་ལས་མ་གྲུབ་ཀྱང་འདིར་རྫོགས་པར་བསྟན་པ་དངོས་ནི། རྡོ་རྗེ་ནི་བདེ་བ་དང་སྟོང་པ་དབྱེར་མེད་པ། དེ་ལ་རྒྱུན་དུ་གནས་པས་འཆང་བའོ། །བཀའ་དེ་དག་གི་དོན་ལ་མ་གྲུབ་པར་རྩལ་ཏོ། །གཞིས་ནི་ཁྱབ་པའི་གཞི་འགྲོ་བ་ཀུན་ལ་གནས་པའི་ཡེ་ཤེས། གནས་པའི་གཞི་ཀ་ནས་དག་པས་གང་ཡང་མ་གྲུབ། སྣང་བའི་གཞི་ཅིར་ཡང་སྣང་བ། ཅིར་ཡང་འགྱུར་བ་ཉིད་དོ། །དངོས་པོ་སྟོང་པ་ཉིད་ལས། དེ་ཡང་གཞི་དང་གཞི་ཤེས་པའི་ཁྱད་པར་ལས། དེ་ཡང་ཡོད་པ་དང་། མེད་པ་དང་། སྣང་བ་ལ་སོགས་པ་ཐམས་ཅད་ངོ་བོ་ཀ་དག་པའི་ཆོས་ཚིག་ཙམ་མ་ཡིན་པ། དབྱིངས་སྟོང་ཞིང་བདག་མེད་པར་དག་གོ །ལུས་ཀྱི་སེམས་ལ་སྟོང་པའི་རྒྱས་བཏབ་པས་རང་སྣང་རང་གྲོལ། སེམས་ལ་ལུས་རང་བཞིན་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས། ཕྱི་རོལ་གྱི་ལུས་ཀྱི་དངོས་པོ་རྡུལ་ཕྲ་རབ་ཟག་པ་དང་བཅས་པ་རང་གྲོལ་བ་ནི་དེ་ཉིད་སྟོང་པར་ཤེས་པས་སོ། །དེ་ཡང་རང་གི་སྣང་། རིག་པའི་ངོ་གང་ལ། འདི་ལྟར་སྣང་བས་བསྡུས་པའོ་ཆོས་རྣམས་རང་གི་ལུས་དང་སེམས་ལ་རྫོགས་པའོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་གོང་དུ་བསྟན་པ་དེ་དག་གི་དོན་རྫོགས་ལུགས་རྒྱས་པར་བསྟན་པ་ནི། གོང་དུ་དཀྱིལ་འཁོར་ལ་སོགས་པ་རྒྱས་པར་བཤད་པ་ནི། ཚོམ་བུ་ནི་ཤར་རྡོ་རྗེ་རིགས་ཀྱི་ཚོམ་བུ་དང་། ལྷོ་རིན་པོ་ཆེའི་དང་། ནུབ་པདྨའི་དང་། བྱང་ལས་ཀྱི་དང་། དབུས་ན་དེ་བཞིན་བདེ་གཤེགས་རིགས་ཀྱི་ཚོམ་བུ་དང་ལྔ་ནི། ཡེ་ནས་རྣམ་པར་དག་པས། རིག་པ་གཅིག་པུའི་ཆོས་ཉིད་དཀྱིལ་དང་། ཞེས་བྱ་བ་ཡེ་ཤེས་ལྔ་འཁོར་དུ་བྱུང་བས་དལ་སྤྲོ་མི་དགོས་པས་སྩོལ་བསྒྲུབ་ལས་འདས་པའོ། །རང་གི་རིག་པ་ལ་རྟག་ཏུ་གོམས་པ་ནི་མཆོད་པའི་གནས་སུ་གྱུར་པའི་ཕྱིར་ན། རང་སའི་ངོ་བོ་ཀ་དག་ཏུ་རྟོགས་ན་ལྷ་ནི་རིག་པ་རང་ཆེ་བས། གཞན་ནས་ཡི་དམ་བརྩལ་མི་དགོས་པས་ན། ལུགས་གི་རྩོལ་བ་འདས་པའོ། །རིག་པའི་གནད་ལ་གོམས་པར་བྱས་པ་ནི། བསྟི་གནས་ཆེན་པོ་ཏེ། དེ་ཉིད་ལ་ཉམས་སུ་མྱོང་བའི་བྱི་དོར་བྱས་པས་ནི་རང་ལ་གནས་པའི་མཆོད་པ་ཞེས་བྱའོ། །རང་གི་དཀྱིལ་རིག་པ་འཁོར་ཡེ་ཤེས་དེ་ཉིད་མངོན་སུམ་དུ་མཐོང་པས་ན་རང་ཉིད་མཆེད་པའོ། །དེ་ལ་ཚིག་མེད་པས་བརྗོད་ཅིང་ཚིག་གི་རྟོག་དཔྱོད་མི་དགོས་སྨྲ་བའི་རྒྱུ་མེད་པས་ཆོས་ཉ ིད་བསམ་པ་དང་། གཞལ་བྱའི་ཡུལ་མེད་པས་བརྗོད་བྱའི་གཞི་མེད་པའོ། །རང་གིས་སྨྲས་པ་ཐམས་ཅད་རང་གི་རྩ་གནས་ཀྱི་ཡི་གེའི་གནད་ཀྱིས་སྔགས་ཚིག་ཏུ་འགྲོ་བ་ནི། བརྗོད་པ་ཡི་གེའི་གནད་ལས་བྱུང་བའོ། །ཆེད་དུ་ལག་པའི་ཕྱག་རྒྱ་བསྐྱོད་ཅིང་སོར་མོ། བསྒྱུར་བ་རང་གི་རིག་པ་ཉིད་ཡིན་པས་ཡན་ལག་མ་བསྒྱུར་བར་བསྒུལ་བསྐྱོད་ཅི་བྱས་ཚད་ཕྱག་དངོས་པོ་སྟོང་པ་བཟུང་ལ། རྒྱ་སྟོང་པས་ཡེ་ཤེས་ལ་བཏབ་པས། སྣང་བ་ཕྱག་རྒྱ་ཆེན་པོར་རྫོགས་པས་ན། ལས་ཀྱི་ཕྱག་བསྒྱུར་བྱེད་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་ཡོད་ལ་མི་བྱེད་པའི་དོན་ཞེས་བྱའོ། །སེམས་བརྟག་དཔྱད་ཀྱིས་བསམ་པས། ངོ་བོ་སྟོང་པ་ཉིད་ལ་རྣམ་རྟོག་རང་སངས་པས་རྩོལ་བསྒྲུབ་དང་བྲལ་བས། རིག་པ་ཉིད་མ་སྐྱེད་ཡེ་ནས་རྫོགས་པས། རྒྱུ་མེད་པས་ཏིང་ངེ་འཛིན་བསྒོམ་དུ་མེད་དོ། །རིག་པ་རྩལ་གྱི་དབང་བཞི་ཡེ་ནས་གཞི་དངོས་པོའི་འདུག་ཚུལ་ལ་གནས་པས། རྫས་བུམ་པ་དང་། དཀྱིལ་འཁོར་དང་ལ་སོགས་པ་ལུས་ཚི་ཆད་པ་ལས་མི་དགོས་པར་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས། ཤིན་ཏུ་སྤྲོས་པ་མེད་པའིདབང་མ་བསྐུར་བར་ཐོབ་པ་ནི། སེམས་ལ་ངེས་ཤེས་ཅིག་ཆར་དུ་སྐྱེས་པ་དང་། རིམ་གྱིས་སྐྱེས་པའོ། །དམ་ཚིག་ཡེ་ནས་གདེངས་དང་ལྡན་པས་དམ་ཚིག་སྲུང་པའི་ཡུལ་དེ་རང་དག་པས་འདི་དང་འདིའི་མཚམས་མེད་དེ་འདའ་བ་དང་བྲལ་བའི་ཕྱིར་རོ། །ཚིག་ཏུ་བརྗོད་པའི་རྩ་བ་ཡན་ལག་གི་དམ་ཚིག་སྲུང་བྱའི་ཡུལ་ལས་འདས་པའི་ཕྱིར་རོ། །ཕྱིའི་སྣང་བ་ཆོས་ཉིད་དུ་རང་གྲོལ། ཚིག་གིས་མཚོན་པའི་མན་ངག་གིས་འབུ་མི་ཐ་སྟེ། རང་གི་རིག་པ་ཞེས་པ་ནས། རིག་པ་ཉིད་སོ་བསློད་པ་ཙམ་གྱིས་གྲོལ་བས་ན། ཚིག་གི་འབུ་མི་ཐའོ། །འབད་མེད་རང་ལས་བྱུང་ལས་རང་གྲོལ་ལ། གཉེན་པོ་མེད་པ་ཞེས་བྱའོ། །དེ་ཉིད་སོ་བསློད་པས་ཉམས་སུ་མྱོང་བ་ཡེ་ནས་གནས་པའི་གདིང་རང་ལ་སྐྱེས་པས་འཁོར་འདས་གཉིས་མེད་དུ་འདྲེས་སོ། །རང་གི་སྙིང་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། ཡི་གེ་ལས་མ་བསྐྱོད་པར་ཡེ་ནས་རང་ལ་རྫོགས་པས་བསྐྱེད་པའི་རིམ་པ་རང་ལས་བྱུང་བས་ན་གཞན་ནས་བཙལ་མི་དགོས་པའོ། །ཞེས་ནང་དོན་གསུམ་པ་བསྟན་ནས། ད་ནི་ནང་དོན་བཞི་པ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བཏགས་པས་མ་གྲུབ་པར་བསྟན་པ་ནི། །འདི་ལྟར་གྱི་ཚིག་གཉིས་གཞུང་གིས་ཤེས་སོ། །ནང་དོན་བཞི་པའོ། །ད་ནི་ནང་དོན་ལྔ་པ་དེ་དག་ཀྱང་ཐོས་བསམ་གྱིས་བློ་ལས་འདས་པར་བསྟན་པ་ནི། བརྗོད་པ་སྣ་ཚོགས་སྣང་བའི་སྒྲ་བརྗོད་པས་ཐོག་ཏུ་མི་ཕེབས་པས། གནས་པ་དང་། བརྗོད་པ་ལ་སོགས་པ་རྣམས། ཆོས་ཉིད་རང་གི་ངོ་བོ་བརྗོད་པ་དང་བྲལ་བའི་ཕྱིར་ན་ཐོས་པ་བྱས་པས། བརྗོད་དུ་མེད་པའི་དོན་མི་རྙེད་དོ། །ཚིག་གཅིག་གིས་རྟོགས་པས་ན་མང་པོ་བརྗོད་དུ་མེད་པས་རང་རིག་པ་བདེ་བ་ཆེན་པོ་ཞེས་རང་གི་རྒྱུད་ལས་སྐྱེས་པས། འཁོར་འདས་དུས་གཅིག་ལ་འགགས་པའོ། །དེ་ལ་རང་གི་རིག་པའི་ཡེ་ཤེས་བརྟག་དཔྱད་ཀྱིས་མི་གྲོལ་བས། བསམ་པས་ཆོས་ཉིད་མ་མཐོང་བའི་ཕྱིར་ན། ཕྱི་རོལ་སྣང་བ་ཀུན་ལ་སྣང་པས་ན། ད་བསམ་ཞིང་བརྟགས་ཤིང་དཔྱད་པའི་ཡུལ་ལས་འདས་པ་སྟེ། རང་ལ་ཤར་བའི་དོན་ནི་བརྟགས་པས་མི་མཐོང་བའི་ཕྱིར་རོ། །རིག་པའི་ཡེ་ཤེས་ཉིད་ཡེ་ནས་བསྒོམས་པ་དང་བྲལ་བས་ཏེ་རང་ལ་གནས་པས། ཆོས་ཉིད་ལ་བསྒོམས་པར་བྱ་ཞིང་ལུས་ངག་བཅོས་པའི་ཚིག་ལས་འདས་པའོ། །དེ་ཉིད་ལས་གྲོལ་བའི་ཕྱིར་ན། བསྒོམས་བསྒྲུབ་ལ་རག་མ་ལུས་པའི་རིག་པ་ཕྱོགས་མེད་དུ་གསལ་བ་ཞེས་བྱ། ཞེས་ནང་དོན་ལྔ་པའོ། །ད་ནི་ནང་དོན་དྲུག་པ་ལྟ་སྒོམ་སྤྱོད་པ་ཉིད་ཀྱང་རང་གི་ངོ་བོ་ཡིན་པར་བསྟན་པ་ནི། རིག་པ་ཉིད་ཡེ་ནས་སངས་རྒྱས་པས་འཁོར་བ་མ་རྙེད། དེ་མ་རྙེད་པས་འདས་པའི་མིང་མེད། དེ་ལྟར་གཉིས་ནི་རང་རིག་པ་ཉིད་ལ་རྫོགས་པས་དེ་ལ་ཤེས་རིག་གི་དངོས་པོ་ཟད་པས་སྟོང་པ་སྟེ། དེ་ལ་འབད་པ་མེད་པས་རང་གྲོལ་བས་གཞན་ལ་རག་ལུས་པ་མེད་པས་ན། ལྟ་བ་ཆེན་པོ་ཞེས་བྱའོ། །དེའི་གནད་ཀྱི་ཕྱི་རོལ་གྱི་སྣང་བ་རྣམས་ནི་འདུ་འབྲལ་མེད་པར་ཏིང་ངེ་འཛིན་རང་གི་སེམས་ལ་གསལ་བས། དེ་ལས་ཡངས་པའི་ས་མེད་པས་སྒོམ་ཉིན་མཚན་ཁ་སྦྱོར་བའི་གདེང་རྙེད་པས། ཅིར་སྣང་ཉམས་སུ་མྱོང་བར་འཆར་བའོ། །ཞེས་ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དེ་ཉིད་ལ་རྫོགས་པར་བསྟན་པ་ནི། རིག་པའི་ངོ་བོ་ཡུལ་དང་ཡུལ་ཅན་དུ་མེད་པས་དམིགས་པ་གཞན་ལ་གཏང་བ་དང་། མི་གཏང་པ་མེད་པས་བཏང་བའི་བློ་མེད་པས་འབད་མི་དགོས། བཞག་པའི་ཞེན་པ་མེད་པའི་ཕྱིར་ན། ཡུལ་གཞན་ལ་དམིགས་པ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་ལ་རྫོགས་པའོ། །རང་རིག་པ་ཉིད་ལ་ཡེ་ནས་རྣམ་པར་རྟོག་པའི་དྲི་མ་མེད་པའི་ཕྱིར་ན། ཡེ་ནས་ཀ་དག་ཏུ་གནས་པས་སོ། ། དྲི་མས་མ་བསྒྲིབས་པའི་ཚུལ་ཡེ་ནས་ཆོས་ཅན་ལས་འདས་པས་ཁྲིམས་སྲུང་རྒྱུ་དང་བྲལ་བས། རང་གི་ལུས་ཡེ་ནས་སངས་རྒྱས་པ་ཡིན་ནོ། །ཆོས་ཀྱི་སྐུ་ལ་སྟོང་པའི་དྲི་མ་དང་བྲལ་བས་ནི། ཡུལ་ཅན་གང་དུ་ཡང་མི་རྟོག་པས། བཟོད་པ་བསྒོམ་པའི་རྒྱུ་དགྲ་མེད་པས། གནས་ལུགས་ལ་རྒྱས་ཐེབས་པའི་བཟོད་པ་ཉིད་དོ། །དེ་ཉིད་བྱ་བ་དང་བྱེད་པའི་འབད་པ་ལས་འདས་པས་ཉམས་དང་རྟོགས་པ་འབྲལ་མ་མྱོང་བའི་རིག་པ་ལ་མངོན་གསུམ་གྱི་གནད་བསྡམས་པས་འགྱུར་བ་མེད་པའི་ཕྱིར་ན་བརྩམ་མི་དགོས་པའི་བརྩོན་པ་ཉམས་ལེན་དུས་ཐམས་ཅད་དུ་འགྲུབ་པར་བྱེད་པས་སོ། །ཡེ་ནས་རིག་ཅིང་བསམ་དུ་མེད་པས་དམིགས་གཏད་དང་བྲལ་ཏེ། སྐྱོན་དག་ནས་ཡོན་ཏན་རང་ལ་གནས་པས། བསམ་པའི་འགྱུ་བ་རང་ཆད་པས་མ་སྤངས་ལ་ཡོངས་སུ་རྫོགས་བའི་སེམས་ཉིད་ཆོས་ཉིད་དུ་བསྟན་པའོ། །རིག་པ་ལུ་གུ་རྒྱུད་ནི། ཡེ་ནས་རླུང་ལ་བརྟེན་ནས་ཐོགས་པ་མེད་པར་དབྱིངས་ལ་སྣང་བས། ཚིག་གང་ལ་ཡང་ཐོགས་པ་མེད་པའི་དོན་དང་འདྲེས་པའི་ཤེས་པ་ཐ་མལ་ལས་ལོག་པས་རབ་ཉིད་དུ་གྲོལ་བའོ། །གཞན་གྱིས་ཟིལ་གྱིས་མི་གནོན་པའི་རིག་པ་གླེང་པ་ལ་ཆོས་སྐུ་ཉིད་ཡེ་ནས་གཞི་ལ་ཡོད་པའི་རང་ལ་རྫོགས་པའི་སྟོབས་དང་ལྡན་པས། ཁམས་གསུམ་ལས་འདའ་བའོ། །ཡེ་ནས་རང་ལ་ཡོད་བའི་བཞིན། དངོས་སུ་ལྷུན་གྱིས་གྲུབ་པས་སུས་ཀྱང་མ་བཏབ་པར་གཞན་ལ་སྨོན་རྒྱུ་མེད་པར་རང་ལ་རྫོགས་པའི་ཕྱིར་གཞན་འཇུག་པའི་སྨོན་པ་ཁྱད་པར་ཅན་གསང་སྔགས་ཀྱི་ལམ་དུ་འགྲོ་བ་ཉིད་དོ། །དངོས་པོ་མེད་པའི་རིག་པ་སྟོང་པའི་ཡེ་ཤེས་རང་ལ་གནས་པའི་ཕྱིར་ན། ཡུལ་ལ་བདག་ཏུ་མ་བཟུང་བས་དེ་ལ་འཛིན་པ་མེད་པས་མཁྱེན་པ་ནང་དུ་གསལ་བའི་ཡེ་ཤེས་རང་བྱུང་གི་ལས་མ་གཏོགས་པ་གཞན་མེད་དོ། །རིག་པའི་དབང་དུ་སྣང་བ་འདུས་པས་དངོས་པོ་སྟོང་པ་ཉིད་དུ་དབང་བསྒྱུར་བས། སེམས་ཉིད་ཡེ་ནས་མཚོན་དུ་མེད་པས། ངོ་བོ་སྟོང་པའི་ཐབས་དང་ལྡན་པའོ། །རིག་པ་ཉིད་སྔར་འདས་པའི་གནས་ཀྱིས་བག་ཆགས་ལ་མི་གནས་པ་དགེ་བ་བཅུ་ཡིས་སྐྱབས་དུ་མེད་དེ། དེའི་གནད་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བྱུང་བའི་ཡེ་ཤེས་ཀྱི་ངོ་བོ་བཅུ་ནི། བྱ་བའི་ཡུལ་མ་ཡིན་པས་འདུས་མ་བྱས། བྱེད་པའི་མཁན་པོ་མེད་པས་ཆོས་ལ་མ་བརྟེན་པར་རྫོགས་པའོ། །ཞེས་ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་དངོས་པོ་གཤིས་དེ་ཡང་རང་གི་ངོ་ལ་ཚང་ལུགས་རྒྱས་པར་བསྟན་པ་ནི། ཐབས་ནི་ཡེ་ནས་རང་ལ་ཡོད་པའི་བླ་མའི་གདམས་ངག་ལས་ཏེ། སེམས་ཅན་ཀུན་ལ་རང་བཞིན་གྱིས་གསང་ལ། དེ་ཉིད་རང་གྲོལ་དུ་ཤེས་པའི་ཡེ་ཤེས་ལ་ཤེས་རབ་ཀྱིས་དཔྱད་པའི་ཡུལ་དུ་མ་གྱུར་པས། མཚན་ཉིད་དུ་གྲུབ་པ་མེད་པས་སྟོང་པ་ཉིད། དེ་རྒྱུ་མཚན་གང་དུ་ཡང་མ་གྲུབ་པས་ངོས་བཟུང་བའི་ས་མེད། རྟེན་གང་ལ་ཡང་མི་འཆའ་བས་ཆགས་པའི་ཡུལ་མེད་པའི་རིག་པའི་སྐུ་ནི། བརྟགས་དཔྱད་བློའི་ཆོས་མ་ཡིན་པས་ན། དེ་ལྟར་ཡང་ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད་ཞེས་སོ། །དེ་ཡང་ཕྱིའི་སྣང་བ་ཐམས་ཅད་ཀྱི་དབྱིངས་སུ་ཤར་བ་ན་ཁྱབ་པ་ཆེན་པོའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་ན། གཟུགས་སུ་སྣང་བ་ཐམས་ཅད་རག་པའི་སྐུར་གྲོལ་བས། ཤེས་བྱ་རང་གི་མཚན་ཉིད་ཀྱི་སྣང་བར་ཐམས་ཅད་གྲོལ་བས་རིག་པ་ཟང་ཐལ་བ་ཞེས་བྱའོ། །སྐུ་ནི་གསུམ་མམ་ལྔའི་གྲངས་ལས་འདས་པས། གྲངས་ལ་བདག་ཏུ་རྟོག་པ་སངས་ཏེ། ངོ་བོ་གཉིས་དབང་དུ་བྱས་ཏེ། ཉག་འཕྲ་བའི་དོན་ཁོང་དུ་ཆུད་ལ་གཅིག་དུ་མ་ཆ་ཤས་ལས་འདས་པའི་དོན་ནོ། །ཡེ་ནས་གནས་པའི་དོན་ད་ལྟ་རྟོགས་པས་ཤེས་ཏེ། མཚན་ཉིད་གསལ་བ་དང་། སྣང་བ་དང་། ཁྱབ་པ་དང་། སྟོང་པ་དང་། མ་འདྲེས་པ་ལྔ་དང་ལྡན་པ་ཉིད་དེ། ཡེ་ཐོག་མ་ནས་དེ་ལྟར་གནས་པས་འདུག་ཚུལ་ལ། ཤེས་བྱ་རང་གི་ངོ་བོ་ལ་བབས་ཀྱིས་གྲུབ་པས་ད་དེ་ལས་བཅོས་མི་དགོས་པས་སོ། །གཞི་ཞེས་པ་ནི་སངས་རྒྱས་དང་སེམས་ཅན་ཀུན་གྱི་བྱུང་ཁུངས་ཉིད་ཡིན་པས་སངས་རྒྱས་པའི་གཞི་ཞེས་བྱའོ། །ལམ་ནི་རང་ལ་སྣང་བ་ཆོས་ཉིད་ཀྱི་བར་མ་དོ་ལ་དབང་པོ་འབྲིང་པོ་འབུ་ཐ་བའི་ཡུལ་ལོ། །དེའི་འབྲས་བུ་དེ་ཉིད་སྐུ་གསུམ་མམ་ཡེ་ཤེས་ལྔ་དང་ལྡན་པའོ། །རྟོགས་པས་འཁོར་འདས་ལས་ཡེ་ཤེས་ཟང་ཐལ་ཉིད་དུ་ཤར་བའོ། །དེ་རྟོགས་པའི་ཚུལ་གཞི་གནས་ཀྱི་རིག་པའི་སྣང་བ་འོད་ལྔའི་གདངས་གཏིང་ནས་རྫོགས་པས་གང་དང་ཡང་མ་འདྲེས་པའོ། །འདི་ནི་ཡེ་ཤེས་ལྔ་ལས་བྱུང་བའི་ཁ་དོག་ལྔའི་མདངས་སྟོན་པར་བྱེད་པ་སྟེ། རྩལ་ཡོན་ཏན་དུ་ཤར་བ་འོ། །དངོས་པོ་ལས་ལོག་པས་ཁ་དོག་ལྔ་ཉིད་དུ་བྱུང་ལ། དེ་ཉིད་འབྱུང་བ་ལྔར་དག་པས་ས་ཆུ་མེ་རླུང་རང་དངོས་པོ། ཡུལ་ནི་རྣམ་པར་དག་པ་ལས་ཆོས་ཉིད་སྟོང་པའོ། །དེ་ཡང་བེམ་པོར་འཛིན་པའི་དངོས་པོ་ལས་ལོག་ནས་སྟོང་ཉིད་ངོས་བཟུང་དང་བྲལ་བར་གནས་སོ། །དེ་ཉིད་ལ་ཚིག་གི་བརྗོད་པ་སྟོང་པའི་ཕྱིར་ན་སྤྲོས་པ་མེད་པའི་ཡེ་ཤེས་སུ་བཞུགས་སོ། །དྲི་མ་མེད་པའི་ངོ་བོ་ཀ་ནས་དག་པས་བརྗོད་པས་ཚིག་གི་གཞི་དང་བྲལ་བའི་གནད་ཀྱིས་ད་ལྟ་ཚིག་གིས་འབུ་མི་ཐའོ། རང་བཞིན་དུ་ལྷུན་གྲུབ་ལ་འཆར་བར་བྱེད་པའི་སྒོ་བརྒྱད་པོ་ཡོད་པས་ཅིར་སྣང་ཚད་རང་ལ་རྫོགས་པའོ། །སེམས་ཅན་ཐུགས་རྗེ་ཀུན་ལ་ཁྱབ་པ་ནི་རྩོལ་བ་མ་ཡིན་པར་རང་ལ་ཤར་བའོ། །རང་ནི་གོང་མའི་ཤུགས་ཆོས་ཉིད་དུ་གསལ་བ་ལས་བྱུང་བ་སྟེ། རང་བཞིན་སྣང་བ་མ་བཅོས་པར་བཞག་པས། འགྲོ་བ་ཀུན་ལ་སྣང་བའོ། །བདག་ཉིད་ཆེན་པོ་ཀུན་ལ་ཁྱབ་པ་མ་བསླད་པའི་གཞི་ཡུལ་ཀུན་ལ་བརྡལ་བས་མ་བཅོས་པའི་ལམ། ཀུན་ལ་ཆུབ་པས་མ་བསྒྲུབས་པའི་འབྲས་བུའོ། །ཀ་མ་བསྒྱུར་བ། དག་པ་མ་བསླད་པ། དྲི་མ་རིག་པ་རང་དག་པས་འཆད་རྩོལ་མ་ཡིན་པའོ། །ལྷུན་གྲུབ་ཀྱི་གཞི་ལས་སྣ་ཚོགས་སུ་བྱུང་བའི་ཕྱིར་ན། སངས་རྒྱས་སེམས་ཅན་གཉིས་མེད་ཞེས་ལམ་གྱི་བཅོས་སུ་ག་ལ་ཡོད་ཅེས་པས་སོ། །སྤྱི་པའི་གཞི་ནི། སངས་རྒྱས་ལ་མ་རིག་པ་ཡོད་ལ་སེམས་ཅན་ལ་ཡེ་ཤེས་ཡོད་པའི་གནད་དོ། །དེ་ཡང་འཁྲུལ་པས་ནི་མ་རིག་པ་གསུམ་རྐྱེན་བཞི་དང་བཅས་པའོ། །ཞེས་ནང་དོན་བརྒྱད་པ་དངོས་པོ་གཤིས་དེ་ཡང་རང་གི་ངོ་བོ་ལ་ཚང་ལུགས་རྒྱས་པར་བསྟན་ནས། ད་ནི་ནང་དོན་དགུ་པ་དེ་དག་གི་འཇུག་པ་དོན་གཞན་ནས་མི་རྙེད་པར་བསྟན་པ་ནི། འདི་ཀུན་གྱི་དོན་གཞི་ལ་བཅས་ཀྱིས་གྲུབ་པའི་ཕྱིར་ན་གནས་པའི་མི་འགྱུར་བ། ལུགས་མ་བཅོས་པ། རང་ལ་རྫོགས་པས་གཞན་ནས་རྩལ་མི་དགོས། རང་ལ་གནས་པས་གཞན་ནས་བརྩལ་བས་རྙེད་པར་མི་འགྱུར་རོ། །ཞེས་བསྡམས་པ་དང་བཅས་པའོ། །ཞེས་ནང་དོན་དགུ་པའོ། །ད་ནི་ནང་དོན་བཅུ་པ་སངས་རྒྱས་དང་ཆོས་ཀྱི་དོན་ཚང་ལུགས་རྒྱས་པར་བསྟན་པ་ནི། དེ་ཡང་རང་གི་ལུས་སྤྲུལ་སྐུར་གཏན་ལ་དབབ་པ་འོག་ནས་སྟོན་ནོ། །གོང་དུ་མདོར་བསྟན་སྐབས་སུ་བསྟན་ལ། སྤྲུལ་ཞེས་གང་ལས་སྤྲུལ་ན། ལུས་ལ་སེམས་སྤྲུལ་པས་སྤྲུལ་ཞེས་བྱ་ལ། སེམས་ལས་ལུས་སུ་གྲུབ་པས་སྐུ་ནི་རང་གི་ལུས་ལ་ཞེས་པས་སོ། །ཆོས་འཁོར་བ་དང་འདས་པ་ལས། སྐུ་རིག་པར་སྨིན་པས་ནི། དེ་ཡང་རང་གི་རང་རིག་པས་ན་སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བའོ། །སྒོ་ལྔ་རང་དག་པས་འདོད་པའི་ལོངས་ལྔ་ལ་སྤྱོད་པས། སྐུ་སྣ་ཚོགས་སུ་སྣང་བ་ཉིད་འོད་གསལ་དུ་གྲོལ་བའོ། །མདོ་སེམས་སྡེ་ལས་བསམ་པའི་འཕྲོ་འདུ་དཔག་ཏུ་མེད་པས་ཏེ། ཆོས་ཉིད་རྟོག་པ་དང་བྲལ་བས་ཟབ་མོ་རྟོགས་པར་དཀའ་བའི་ཆ་ནས་བཞག་གོ །ལུས་ངག་ཡིད་འདུལ་བས་སམ། རང་གི་སྣང་བ་དེ་མ་ཡིན་ལ་དེར་འཁྲུལ་པའི་སྣང་བ་འདུལ་བས་ན་འདུལ་བ་ཞེས་བྱའོ། །མངོན་པ་ནི་རང་གི་སེམས་ཉིད་རྟོགས་པ་མངོན་དུ་གྱུར་པའོ། །ཞེས་ནང་དོན་བཅུ་པའོ། །ད་ནི་ནང་དོན་བཅུ་གཅིག་པ་དགེ་འདུན་དཀོན་མཆོག་ཇི་ལྟར་ཚང་བའི་དོན་རྒྱས་པར་བསྟན་པ་ནི། ཕལ་ཐུན་མོང་། དེས་རབ་ཏུ་བྱུང་བས་ཆེན་པོ། སྣང་བ་ཕྱི་ནང་རྫོགས་པས་བཅོས་སུ་མེད། གཞན་མ་ཡིན་པར་རང་ངོ་ཤེས་པས་རིག་པ་དེ་ལས་འགྲོ་པའི་ཡུལ་གཞན་མེད་པའོ། །སེམས་སྣ་ཚོགས་ཅིག་པས་ཉིད་མ་བཅོས་ན་གསལ་པ། བརྗོད་པ་ཚིག །གཞི་དེ་ལ་བརྟན་པ་གྱུར་པ་དངོས། ཐམས་ཅད་རང་གཞན་ཡོད་པར་སྨྲ་བའི་སྡེ་པའོ། ཀུན་མང་པོ། ལས་བྱེད་པ། འཕགས་ཁྱད་པར། ཕྱིར་གཏན་ཚིགས་ཀུན་གྱི་མང་པོ་དང་འབྲེལ་བ། བསྐུར་བའི་སྡེ་པའོ། །གཞི་མི་འགྱུར་བ་མ་བྱུང་། གཡོས་འཕོ་བ། གནས་འདུས་པ། བརྟན་ཁྱབ་པའི་སྡེ་བ་ཉིད་དོ། བདེ་བ་སྡུག་བསྔལ་ལས་གྲོལ་བ། བསྐྱོད་པ་འཕེལ་བ། ཕྱིར་གཏན་ཚིགས སྡུག་པ་ལུས། བསྔལ་བ་སེམས། ཉོན་མོངས་པར་གྱུར། མ་གཞི། ལུས་འཚོགས་པ། རྫོགས་པས་བསྐྱར་དུ་མེད་པ། ཀུན་ལ་འདྲ་བ། འབྱུང་བ་ལུས་སེམས། སྤངས་པ་བདེན་པའོ། །འབྱུང་བ་དུས་མེད་མི་སྣང་བ་། ལམ་ཆོས་ཉིད་ཀྱི་བར་བ་དོ་ལ་སེམས་ཅན་མི་འགྲོ་མི་སྲིད། ཞེས་བསྟན་པ། བྱ་བ་འདུས་པའི་བསྟན་པའོ། །རྐྱེན་དང་བསྐྱེད་པ། བྲལ་བ་མེད་པ། འགོག་པ་ལས་དང་ཉོན་མོངས་པ་འགོག་པར་བྱེད་པའོ། །ཉིད་བདེན་པའོ། །རང་ལུས། བྱུང་པ་སེམས། ཡིན་པ་ལུས་སེམས་བྲལ་བ། ཕྱིར་གཏན་ཚིགས ཟག་རྡུལ་ཕྲ་རབ་བཅས་དང་བསྐོར་བ་བར་དང་བཅས་པ། སྤྲོས་དང་ཚིག བྲལ་བ་མེད་པ། ཟག་པ་ལུས་དང་འབྱུང་བ། མེད་པ་ཆ་མེད་པས་སོ། །ཉིད་གང་ཟག་གོ །ཆོས་འཚོགས་པ། སྐུ་སོ་སོའི་གྲུབ་མཐའི་འདོད་པ། ཐོབ་པ་ཉོང་པ། ཕྱིར་གཏན་ཚིགས། ས་འཕར་བ། ལས་བྱེད་པ། འདས་སོང་པ། དྲི་ཡུལ། མ་བསྒྲིབས། དང་བཅས་པ་གཡོ་བ་བོ། བྱང་སེམས་སོ། །འདི་ནི་ཕུན་སུམ་འཚོགས་པ་ལྔའི་རྒྱས་བཤད་དེ། བརྗོད་པ་སྒྲ། གཞི་མཚན་ཉིད། ཡིན་པ་ཐེ་ཚོམ་མེད་པ། བསྟན་པ་ཐམས་ཅད། མིང་བཏགས་པ། འགྱུར་སྤྲོས་པ། གནས་དང་འདུ་བ། འབྱུང་ཆར་བྱེད། ཚོགས་འདུས་པ། འཁོར་བཀོད་པ། ཁྱད་པར་གཞན་ལས་འཕགས་པ་རྟོགས་པ་འབྲས་བུ། ཕྱིར་གཏན་ཚིགས །དུས་ངེས་པ་རྐྱང་ལྷག་པ། ཡིན་བརྟན་པ། ཞེས་ནང་དོན་བཅུ་གཅིག་པའོ། །ད་ནི་ནང་དོན་བཅུ་གཉིས་པ་དེ་དག་ཀྱང་གནས་ནས་འཚོལ་བ་ཚི་ཆད་པའི་སྐྱོན་དུ་བསྟན་པ་ནི། དེ་ལྟར་གོང་དུ་བསྟན་པ་དེ་ཀུན་རིག་པ་དང་སེམས་དང་རང་གི་ལུས་ལས་ཐམས་ཅད་རྫོགས་པས་བརྩོལ་བསྒྲུབ་དང་བྲལ་བའོ། །དེ་ཉིད་རང་ལ་རྫོགས་པ འི་ཕྱིར་ན་གཞན་ནས་བྱུང་བ་ནི་མ་ཡིན་པས། རྩོལ་བས་རྙེད་པའི་གནས་མེད་དོ། །ཞེས་བསྡམས་པ་དང་བཅས་པའོ། །ཞེས་དེ་དག་གིས་ལེའུ་བདུན་པའི་བསྡུས་པའི་དོན་ལྔ་བ་དཀར་པོའི་ཆོས་དེ་དག་རང་གི་ལྟ་བའི་ངོ་ལ་ཇི་ལྟར་ཚང་པར་བསྟན་པ་ལ་ནང་དོན་བཅུ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་དྲུག་པ་སེམས་དང་ཡེ་ཤེས་དབྱེ་བ་དང་ཀུན་གཞི་དང་ཆོས་སྐུ་གཏན་ལ་དབབ་པ་དང་འབྱུང་བ་དྭངས་སྙིགས་དབྱེ་བ་བསྟན་པ་ལ་དོན་བརྒྱད་ཀྱིས་བསྟན་པའི་དང་པོ་ཚིག་དང་ཡི་གེ་འདི་དག་རང་ལ་ཚང་པས་གཞན་ལ་དགོས་པ་མེད་པས་སེམས་མི་དགོས་ཏེ། སེམས་མེད་ན་དོན་བྱེད་མི་ནུས་པས་དེ་ཇི་ལྟར་ལགས་ཞུས་པས་བསྟན་པ་ནི། གོང་དུ་བསྟན་པའི་དེ་ནས་སེམས་རྣམ་པར་རྟོག་པ་དུ་མས་བསླད་པ་མེད་པའི་རིག་པ་ཡིས། བརྗོད་པས་སྟོང་པའི་ཕྱིར་ཆོས་མེད་པའི་ལུས་འབྱུང་བ་ཕྲ་རགས་ལས་གྲུབ་པ་ལ། འདི་ཚིག་སྐད་བརྗོད་པས། གསོལ་པ་ནི་རང་གི་རང་བཞིན་དུ་བསྟན་པའི་དོན་ནོ། །འདི་ལྟར་འཁོར་བ་དང་འདས་པའི་ཆོས་རྣམས་ཀུན། རང་ལ་ནི་རིག་པ་དང་། ལུས་དང་། སེམས་ལ་ཐམས་ཅད། ཡེ་ནས་རྫོགས་པས་ཆོས་ཚིག་དང་ཡ་ག་བརྡར་བཀོད་པའི་རྒྱུད་དང་ལུང་དང་། མན་ངག་གི་ཆོས་ལ་དགོས་པ་ཡོད་པ་མ་ཡིན་ན་ཞེས་ཚིག་ལས་འདས་པའི་ཡེ་ཤེས་ངོས་བཟུང་བ་ནི། གཏན་ཚིགས། དེའི་ཕྱིར་ན་ཆོས་མེད་པའི་ལུས་འདི་ལ། ལུས་ལ་ཚིག་མེད་པར་གོང་དུ་བསྟན་པ་ལ། ལུས་ལ་ཚིག་མེད་པའི་ཕྱིར་ན། སེམས་ལ་ནི་ཇི་ལྟར་དགོས་པར་འགྱུར་བ་ཡིན། འོན་ཏེ་སེམས་དེ་མེད་ན། ཡང་ན་བེམ་པོ་ཡིན་ནམ་གལ་ཏེ་བེམ་པོ་ཡིན་ན་ནི་འགྲོ་བ་དང་། ཡན་ལག་བསྐྱོད་པ་དང་། སྨྲ་བ་ལ་སོགས་པར་ནུས་པ་མ་ཡིན་ཏེ། འོན་ཏེ་མ་སྐྱེད་ན་སྤྲུལ་པའི་སྐུས་ཀྱང་དོན་རྣམས་ཇི་ལྟར་འབྱུང་བ་ཡིན་ཏེ། སེམས་མེད་པས་དོན་བྱེད་ནུས་མི་སྲིད་ལ། དེས་ན་ལུས་དེ་ཉིད་ལ་དྲན་པ་དང་བསམ་པ་དང་བཅས་པའི་སེམས་མེད་ན་ནི། དུར་ཁྲོད་ནི་ཉིད་དང་ཁྱད་པར་ཅི་ཡོད་དེ། རོས་འགྲོ་བ་དང་། བསྐྱོད་པ་དང་། སྨྲ་བ་ལ་སོགས་པ་ནུས་པ་མེད་པ་བཞིན་དུ། དོན་ཡོད་པ་མ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པ་ཡིན་ན་ཡང་ན་ནམ་མཁའི་སྟོང་པ་ཇི་བཞིན་དུ་རིག་མེད་སྟོང་པ་ཡིན་ནམ། དེ་ཉིད་ཡིན་ན་རང་བཞིན་སྟོང་པས་ན། སེམས་ཅན་དོན་ལ་ཇི་ལྟར་འབྱུང་སྟེ། ཐུགས་རྗེས་གཞན་དོན་མི་བྱེད་ན་སྤྲུལ་པའི་སྐུ་མ་ཡིན་པར་ཐལ་ལོ། །དེ་ལྟར་ན་སེམས་མེད་པའི་ལུས་གཅིག་གིས་ཀྱང་དོན་བྱེད་མི་ནུས་ལ། ལུས་མེད་ན་སེམས་གཅིག་པུས་ཀྱང་དོན་བྱེད་མི་ནུས་པས། དེ་ཉིད་སྔར་གསུང་པ་དེ་རིག་པ་ལ་མ་ལགས་ན། འདི་དག་ལ་ཐེ་ཚོམ་དུ་གྱུར་པས། བདག་ལ་འགྲོ་བ་རྣམས་ཀྱི་གཙོ་བོས་བཀའ་རྩོལ་ཅིག་ཞེས་ཞུས་སོ། །ཞེས་བསྡུས་དོན་དྲུག་པའི་ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་དེ་ཀུན་ཐོག་མ་ནས་མ་གྲུབ་པས་མི་སྣང་བའི་སྟོན་པ་དང་འཁོར་ཡིན་པར་བསྟན་པ་ནི། དེ་ནས་ནི་ཞུས་པའི་དེ་ནས་སོ། །སྐུ་ལ་སོགས་པའི་ལུས་མེད་པའི་ཡེ་ཤེས་རྣམ་པར་དག་པའི་སྣང་བས་ནི། བརྟགས་པ་རྣམ་གྲངས་ཀྱི་ཆོས་མེད་པའི་གཞི་ལ་གང་ཡང་མི་གནས་པའི་སྟོན་པས། བརྗོད་དུ་མེད་པའི་བཀའ་སྤྲོས་པ་ཐམས་ཅད་དང་བྲལ་བར་བརྩལ་བ་ནི། སེམས་རྟོག་པ་ཐ་དད་པ་མེད་པས་དྲན་པ་བློའི་རྟོག་པ་མེད་པས། གློ་བུར་གྱི་རྐྱེན་སངས་པས། ཡུལ་དུ་མ་ལ་མི་རྟོག་པའི་འཁོར་གྱིས་བརྗོད་དུ་མེད་པའི་དོན་བསྟན་པས། མ་སྐྱེས་པའི་ཆོས་ཉིད་ངོས་ཟིན་པའོ། །ཞེས་ནང་དོན་གཉིས་པའོ། །ད་ནི་ནང་དོན་གསུམ་པ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་མདོར་བསྟན་པ་ནི། སེམས་ནི་ལས་དང་ཉོན་མོངས་པ་སྡུད་པར་བྱེད་པ་སྟེ། དེ་ཡང་ལུས་འཚོགས་པའི་ཆོས་སེམས་ཀྱིས་འདུས་པས་དེ་ལ་འཚོགས་པའི་ཆོས་རྟེན་འབྲེལ་བཅུ་གཉིས། ཕུང་པོ་ལྔ། རྣམ་པར་ཤེས་པ་བརྒྱད། ཁམས་བཅོ་བརྒྱད། དབང་པོ་ལྔ། ཡུལ་ལྔ། འབྱུང་བ་འཚོགས་པའི་ཆོས་དཔག་ཏུ་མེད་པ། ཉོན་མོངས་པ་ལྔ་དང་། བག་ཆགས་སྔ་ཕྱི་ལ་སོགས་པ་ལུས་ལ་སེམས་ཀྱིས་བསྡུས་པས་ན། དེ་དག་ལ་བརྟེན་ནས་ལས་དང་རྣམ་པར་སྨིན་པས་བྱུང་པའི་ཕྱིར་ན། སེམས་ཀྱི་དྲི་མ་ཉོན་མོངས་པ་དང་། ལས་དང་། ཤེས་བྱ་ཉིད་དང་སེམས་སྤགས་པས་ན། ད་ལྟར་འཚང་པས་ཀུན་གཞི་ཞེས་བྱ་སྟེ། དེ་དག་གཅིག་པུ་སྡུད་པའི་སེམས་ཀྱིས་ལུས་སུ་གྲུབ་པར་བྱས་སོ། །དེ་དག་ལ་སོགས་པ་འགྱུ་བ་བྱུང་ཚོར་གྱི་སེམས་དང་། འཇུག་པ་ཐ་དད་པའི་སེམས་ཀྱི་ཉོན་མོངས་པའི་སྒྲིབ་པ་འཕྲ་རགས་བརྒྱ་དང་། བརྒྱད་ཅུ་རྩ་གཉིས་སུ་བྱུང་བ་ནི། དྲི་མའི་གྲངས་སུ་གྱུར་པས་ན། སེམས་རྟོག་པ་དང་། བཅས་པས་ཡུལ་དུ་མའི་རྗེས་སུ་འཇུག་པའོ། །སྤྱོད་པ་དང་བཅས་པའི་སེམས་ཀྱིས་ཐེ་ཚོམ་དང་། ཡིད་གཉིས་ཀྱི་གཞི་འཛིན་པ་དང་བཅས་པའི་སེམས་ཀྱི་བློའི་རྟོག་པ་སྣ་ཚོགས་པའོ། །ཡེ་ཤེས་ནི་རྟོག་པ་མེད་པས་མཐའ་དང་བྲལ་བ་ཡིན་ཏེ། འཛིན་པའི་མཐའ་དང་བྲལ་བས་དྲན་བསམ་ལས་འདས་སོ། །ཡོད་མེད་དུ་རྟོག་པ་མེད་པས་བློ་ལས་འདས་པའམ། དབྱེ་བ་ནི་བདག་ཏུ་རྟོག་པའི་བློ་མེད་པས་ཤེས་བྱེད་གཞན་དུ་མ་གྱུར་པའོ། །དེས་ན་སེམས་དང་ཡེ་ཤེས་འབྱེད་པ་ལ་མཁས་པ་ནི། སེམས་རྟོག་བཅས་ཀྱི་མཚན་ཉིད་ཤེས་པས། ཡེ་ཤེས་རྟོག་པ་དང་བྲལ་བ་ཉིད་ཤེས་པ་རྣམས་ཀྱིས་ནི་ཤེས་པར་བྱའོ། །ཞེས་ནང་དོན་གསུམ་པའོ། །ད་ནི་ནང་དོན་བཞི་པ་སེམས་དེ་མ་དག་པའི་དྲི་མ་དངོས་པོ་ཡིན་པར་བསྟན་པ་ནི། རྣམ་ཤེས་དུམ་བུ་བའིསེམས་ནི། ལུས་སྣོད་དང་འདྲ་བ། བག་རྡུལ་དང་འདྲ་བ་ཆགས་པས་ལས་དང་ཉོན་མོངས་པའི་ཚོགས་རྣམས་སུ་བྱུང་བའོ། །དེ་ཀུན་གྱི་གཞི་ཡིན་པས་ན་ཀུན་གཞི་ཞེས་བྱའོ། །ལུས་ནི་འབྱུང་བ་ས་ཆུ་མེ་རླུང་བཞི་ལས་གྲུབ་པས། དེ་ཡང་ས་ཟུག་པའི་དུས་ན་ལུས་ཀྱི་ནད་འདུ། བྱེར་བ་ལ་ཁམས་རྒྱས་བསྙམས་པ་ལས་དང་ཉོན་མོངས་པའི་གཞི། ཆུ་ཟུག་པ་ལས་ཡེ་ཤེས་སྐྱེ་བའི་དུས། བྱེར་བ་ལས་ནད་འདུ། སྙོམས་པ་ལས་ཕུང་པོ་དང་བྱང་སེམས་རྒྱས། མེ་ཟུག་པ་ལས་ནད་ཀྱི་གཞི་འཛིན། བྱེར་བ་ལ་ཐུན་མོང་སྟོན། སྙོམས་པ་ལས་ཕུང་པོ་འཇིག་གོ །དེ་ཡང་སས་ནི་རྡུལ་ཕྲ་རབ་རྫོགས་པའི་ལས་བྱས། ཆུས་ལས་བརྟེན་པར་བྱས། སེམས་རྡུལ་སྨིན་པའི་ལས་བྱས། རླུང་གིས་འདེགས་པའི་ལས་བྱས། ཡང་སས་སྣོད་ལྔ་བསྐྱེད། ཆུས་དོན་ལྔ་བསྐྱེད། མེས་དབང་པོ་ལྔ་བསྐྱེད། ཡང་ཆུས་ཟུག་པས་ནད་བད་ཀ་ན་ཚ་བ་དང་གྲང་བའི་གཞི་བཟུང་། བྱེར་བས་བད་ཀན་གྱིས་ནད་སྨིན་པར་བྱས། སྙོམས་པས་སྣོད་རྣམས་ལ་གཞི་ནད་དུ་བསྐྱེད་དོ། །ཡང་ས་ཟུག་པས་འདུས་པ་ཚ་བའི་རྐྱེན་བྱས། བྱེར་བས་གྲང་པ། སྙོམས་པས་སྣ་ཚོགས་སུ་འཁྲུགས་པར་བྱས་སོ། །མེས་མཁྲིས་པ་གསུམ། རླུང་གིས་རླུང་གསུམ་གྱི་བྱེད་པའི་ལས་བྱས་པའོ། །དེ་ཡང་རླུང་གིས་ལུས་ཆགས་པར་བྱས་སོ། །སས་ལུས་སུ་གྲུབ་པར་བྱས། མེས་དབང་པོ་ལ་སོགས་པ་གསལ་བར་བྱས། རླུང་གིས་སྐྲ་དང་སོ་དང་སེན་མོ་ལ་སོགས་པ་བསྐྱེད་པ་བྱས་པས་སོ། །དེ་ལྟར་འབྱུང་བ་བྱེད་པའི་ལས་འཚོགས་པས་ལུས་ཅན་རྣམས་ཀྱི་དྲི་མ་ནི་ལུས་ཀྱི་སེམས་བསྐྱེད། སེམས་མ་དག་པ་ལས་ཁམས་གསུམ་དུ་ཁྲིད་པས། དྲི་མ་སེམས་ཡིན་ནོ། །སེམས་བཟུང་བའི་ཡུལ་ཡིན་པས། ཕྱི་རོལ་གྱི་རྟོག་པ་དུ་མའོ། །འཛིན་པ་སེམས་ཀྱི་རྟོག་ཚོགས་ཡིན་པས། ནང་དུ་རྟོགས་པ་ཐ་དད་པར་སྐྱེའོ། །གཏན་ཚིགས་དེའི་ཕྱིར་ན་ཡང་ནས་ཡང་དུ་འཁོར་བའི་ཆོས་ཉིད་དོ། །དེ་ལྟར་ན་སེམས་ལས་འདས་པའི་ཡེ་ཤེས་ངོས་གནས་ལུགས་ལ་ཟིན་ན། རྟོག་པ་དེ་དང་བྲལ་ན། ལས་དང་རྣམ་པར་རྟོག་པ་དུ་མ་ལས་འདས་པས། སེམས་རང་རྒྱུད་དུ་འཛིན་པ་སངས་ནས་ནང་དུ་ཆོས་ཉིད་མངོན་སུམ་གྱི་དོན་རྟོགས་པས། ཉམས་རྒྱས་པས་ས་མི་འགྱུར་བ་ཐོབ་པའོ། །དེ་ལྟར་རྟོགས་པས་ལུས་འབྱུང་པའི་ཀུན་གྱི་དྲི་མ་སེམས་ཟད་པས་འབྲས་བུ་སྐུ་གསུམ་དུ་གྲོལ་བ་ཞེས་བྱའོ། །དེས་ན་འགྲོ་བ་ཞེས་སེམས་ལ་བརྟེན་ནས་འགྲོ་བས་ན་འགྲོ་བ་ཞེས་བྱ་སྟེ། སེམས་ཀྱི་མཚན་ཉིད་ཤེས་པས། ཁམས་གསུམ་གྱི་རྟོག་པ་ཆོད་པ་རྣམས་ནི། དྲི་མ་དང་བཅས་པའི་སེམས་དེས། གསུམ་དུ་འགྲོ་བར་བྱེད་པའོ། །སེམས་དེ་མེད་ན་ལུས་ཅན་ཀུན་གྱིས་འགྲོ་བར་ནུས་པ་མིན་ཏེ། དེའི་ཕྱིར་འགྲོ་བ་འདི་དག་རྣམས་སེམས་ཀྱི་འཁྲུལ་འཁོར་གྱིས་གཅིག་ནས་གཅིག་ཏུ་འཁོར་ཏེ། ལུས་མི་འདྲ་བ་ཐ་དད་པར་བྱུང་བ་ནི། སེམས་ཀྱི་རྟོག་པ་མི་འདྲ་བ་ལས་བྱུང་པའོ། །རྣམ་པ་དཀར་དམར་ལ་སོགས་པ་སྣང་བའི་རིགས་མི་འདྲ་བར་བྱུང་བ་ནི། སེམས་ཀྱི་ཡུལ་མི་འདྲ་བ་ལས་བྱུང་པའོ། །དེ་བཞིན་དུ་སེམས་མ་རྟོགས་ན་འཁྲུལ་འཁོར་སྣ་ཚོགས་པ་ལ། རྟོགས་ན་སངས་རྒྱས་པ་ཡིན་པས་སོ། །ཞེས་ནང་དོན་བཞི་པར་བསྟན་པ་ནས། ད་ནི་ནང་དོན་ལྔ་པ་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བསྟན་པ་ནི། དེ་ཡང་འབུ་ཐའི་ཐུགས་རྗེས་འགྲོ་བར་བྱེད་པས་ན་སེམས་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པ་ལས་ཀྱི་རླུང་བརྒྱད་ཀྱིས་བསྐྱོད་པས་སྒོ་ལྔའི་ཡུལ་ཀུན་ལ་འཇུག་པ་དང་བྲལ་བས། ཡེ་ཤེས་དེ་བེམ་པོ་ལྟ་བུ་མ་ཡིན་ཏེ། རིག་མེད་མིན་ཏེ། གཞི་ལས་གྲུབ་ཤེས་པ་སྣོད་པོར་ཡོད་ལ། དེ་ཉིད་རྟོག་པ་དང་བྲལ་བས་རིག་པ་ལ་མཁྱེན་པ་མ་འགོགས་པའོ། །དེའི་གསལ་བའི་བྱེད་བས་འོད་དུ་སྣང་བར་བྱེད་པའོ། །རྣམ་པར་ཡུལ་དུ་མ་ལ་རྟོག་པ་ཀུན་ཤེས་རབ་རྣམ་པར་དག་པའི་མེས་བསྲེགས་ཏེ་དངོས་པོ་ལས་འདས་པས་རང་སྣང་སྟོང་པ་ཆེན་པོར་གནས་པའོ། །དེ་ནས་ཡེ་ཤེས་དེ་ཉིད་ནི་མེས་བུད་ཤིང་ལ་སོགས་པ་བསྲེགས་པས་ཐལ་བ་དང་དངོས་པོ་མེད་པར་བྱེད་པ་བཞིན་དུ། སྦུར་ལ་སོགས་པ་གང་ལ་རིག་པ་བསྲེག་པས་ཟ་བ་ཞེས་བྱའོ། །ཞེས་ནང་དོན་ལྔ་པ་བསྟན་ནས། ད་ནི་ནང་དོན་དྲུག་པ་ཡེ་ཤེས་ཀྱི་ངོ་བོ་སྟོང་པའི་ཡུལ་ལས་འདས་པར་བསྟན་པ་ནི། ནམ་མཁའ་ནི་ཆོས་ཉིད་ཀྱི་ནམ་མཁའ་སྟོང་པ་ངོས་བཟུང་པ་ལས་འདས་པ། ཉམས་ཀྱི་ནམ་མཁའ་ཚད་དུ་མེད་པ་དེའི་ནམ་མཁའ་སྟོང་པ་ཉིད་དོ། །དེ་དང་མཚུངས་བར་རིག་མེད་སྟོང་པ་ཡིན་ཏེ། དེ་རྫས་སུ་མེད་པས་སྟོང་པ། མཁྱེེན་པའི་ཡེ་ཤེེས་སུ་གསལ་བས་སྟོང་པ་ཕྱང་ཆད་པ་མ་ཡིན། མཁྱེན་རིག་ནང་དུ་གསལ་བས་ཟག་བཅས་མ་ཡིན་ནོ། །དེ་ལ་མིང་དུ་བཏགས་ན་སྟོང་གསལ་རིག་པའི་སྙིང་པོ་ཅན་ཞེས་སྐུ་གསུམ་ལམ་དུ་བྱས་པ་ལས་བྱུང་པའོ། །དེའི་ཕྱིར་ན་ཡེ་ཤེས་ཉིད་ལས་འོད་ཀྱིས་སྣང་བར་སྟོན་པར་བྱེད་པའོ། །དེ་ལ་རྩོལ་བསྒྲུབ་མེད་པར་རང་ཤར་ཏེ། དཔེར་ན་ཉི་མ་དང་ཉི་མའི་འོད་བཞིན་དུ་འབྱེད་པ་མེད་པའི་ཐུགས་རྗེ་ཕྱོགས་མེད་དུ་རང་ཤར་བས། སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་། དེ་དག་ཀུན་དང་འབྲེལ་བས། སྤྱི་དང་རང་གི་ཆོས་ཀུན་རང་རྫོགས་པས། སྤང་བླང་ལས་འདས་པའི་ཆོས་ཉིད་དོ། །དྲན་པ་ཡིད་དེ་རང་ལ་གནས་པས་དྲན་མེད། ཡིད་བྱེད་པ་མེད་པས་ཡེ་ཤེས་ལ་འཛིན་རྟོག་མེད་པས་དྲན་པའི་གཞི་སྟོང་པས། སེམས་ཉིད་ལ་རྟོག་དཔྱོད་མེད་པས་དེ་དང་བྲལ་བའོ། །ཡེ་གནས་པ། ཤེས་དེའི་དོན་རྟོགས་པས་ཉིད་ནི་འདི་ལྟ་སྟེ། གཞི་གནས་ཀྱི་ཡེ་ཤེས་ནི་ངོ་བོ་ཀ་དག་པའི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་དང་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །མཚན་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་རྡོ་རྗེ་རིགས་ཀྱི་མཚན་ཉིད་འཛིན་པ་དང་། དེ་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་ལ་སོགས་པའོ། །དེའི་སྣང་ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི། ཆོས་ཀྱི་དབྱིངས་ཀྱི་མཐིང་གར་ཁྱབ་ལ། མེ་ལོང་དཀར་པོ། མཉམ་ཉིད་སེར་པོ། སོ་སོར་རྟོག་པ་དམར་པོ། བྱ་གྲུབ་ལྗང་ཁུར་ཁྱབ་པས་ཡེ་ཤེས་ལྔའི་གདངས་འབྱུང་བ་ལྔ་ལ་ཁྱབ་པས། འཁྲུལ་སྣང་ཡེ་ཤེས་འཆར་བའི་གནད་དོ། །ཞེས་ནང་དོན་དྲུག་པའོ། །ད་ནི་ནང་དོན་བདུན་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་བསྟན་པ་ནི། དེ་ལ་ཀུན་འཚོགས་པ་དང་། གཞི་གནས་པ་སྟེ། དེ་ཡང་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བྱེད་པའི་ལས་དང་། སྒྲ་འཇུག་པའི་རྒྱུ་མཚན་ནོ། །ངོ་བོ་འཚོགས་པས་སྡུད་པར་བྱེད་པའོ། །ངེས་ཚིག་ཀུན་མང་པ་ལ། གཞི་མང་པོ་འདུས་བས་ལས་བྱེད་པའོ། །དབྱེ་ན་ཡེ་དོན་གྱི་ཀུན་གཞི་དང་། སྦྱོར་བའི་ཀུན་གཞི་དང་། ལུས་ཀྱི་ཀུན་གཞིའོ། །དེ་ལན། དེས་ན་ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། རྣམ་པར་བྱང་པའི་གཞི་མ་ཡིན། ཞེས་པས་སོ། །ཡེ་དོན་གྱི་ཀུན་གཞི་ནི། གནས་པས་གཞི་ཡིན་ལ། འགྱུར་བས་ཀུན་ཡིན་པའོ། །སྦྱོར་བ་དོན་གྱི་ཀུན་གཞི་ནི། འདུས་པས་ན་ཀུན་ཡིན་ལ། གཉིས་སྦྱོར་བས་ན་གཞི་ཡིན་པའོ། །བག་ཆགས་ལུས་ཀྱི་ཀུན་གཞི་ནི། །སྔ་ཕྱི་འདྲེས་པས་ན་ཀུན་ཡིན་ལ། དངོས་པོ་འདུས་པས་གཞི་ཡིན་ནོ། །བྱེད་པའི་ལས་ནི། བག་ཆགས་སྔ་ཕྱིའི་རྟེན་བྱེད་པ་དང་། ལས་དང་ཉོན་མོངས་པའི་རྒྱུ་བྱེད་པ་དང་། ལུས་དང་འཚོགས་པ་དུ་མའི་རྐྱེན་བྱེད་པ་དང་། ལུས་སེམས་ཀྱི་མཚམས་སྦྱོར་བ་བྱེད་པའོ། །སྒྲ་འཇུག་པའི་མཚན་ཉིད་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་དང་། ལས་ཀྱི་རྣམ་སྨིན་སྔ་ཕྱི་སྦྲེལ་བ་དང་། རྒྱུ་འབྲས་ཀྱི་བསྡེབས་ཀུན་ཡིན་ལ། དེ་དག་ལྷན་གཅིག་ཏུ་འཚོགས་པའི་གཞི་ཡིན་པས་ན། ཀུན་གཞི་ཞེས་བྱ་སྟེ། དེ་དག་གི་མཚན་ཉིད་ངེས་པར་རྟོགས་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའོ། །དེ་ཉིད་གདོས་པ་ལུས་སེམས་ཀྱིས་འབྲེལ་བསགས་པའི་ཕྱིར་ནའོ། །ཆོས་ཀྱི་སྐུ་ནི། ལུས་ཀྱི་མཐའ་སྟོང་པའི་ཕྱིར་ན། འབྱུང་བའི་ཟག་པ་ཟད་པའི་ས་རྡུལ་དང་རྡུལ་ཕྲན་ལ་མི་གནས། ཉོན་མོངས་པའི་ཟག་པ་ཟད་པས་བཟུང་འཛིན་སྔ་ཕྱིའི་བསྡེབས་མེད་པ་དང་། བག་ཆགས་སྔ་ཕྱིའི་ཟག་པ་ཟད་པས་ཞེན་པ་རང་ཐོག་ཏུ་གྲོལ་བའོ། །དེ་ལྟ་བུ་དེ་དངོས་པོ་ཟད་པས་སྟོང་ཞིང་ཐམས་ཅད་ཀྱི་བདག་ཉིད་དུ་བྱུང་བ་དང་། ཡེ་ཤེས་ལྔའི་གདངས་ཡོད་པས་གསལ་ལ། བླ་མའི་མན་ངག་ཡོད་པས་གསལ་པ་མངོན་སུམ་དུ་སྣང་བས་དེ་ཉིད་ཅིག་ཆར་དུ་རྟོགས་ལ་བླ་མའི་ལུང་མེད་ཀྱང་ཀུན་ལ་ཁྱབ་པའོ། །དེ་ཡང་དྲན་བསམ་ལས་འདས་པའི་ཆོས་སྐུ་བདེ་བ་ཆེན་པོར་ཤར་བས་རྣམ་པར་རྟོག་པ་ཐ་དད་པས་མ་སྤགས་པར་རིག་པ་རང་ངོ་ན་གསལ་ལ། གློ་བུར་གྱི་དྲན་པ་རྣམས་སངས་པ་ནི། རང་བཞིན་དུ་སྤྲོས་པ་མེད་པའི་ཆོས་ཉིད་ལ། ཚིག་གི་སྤྲོས་པ་ཉིད་དང་བྲལ་བ་སྒྲོས་བཏགས་སུ་མེད། བློའི་སྤྲོས་པ་དང་བྲལ་བས་འབྱུང་བ་རང་རྒྱུད་པ་ཐལ་བྱུང་དུ་མེད། དཔེར་ན་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་ཅིང་། ངོ་བོས་སྟོང་པའོ། །ངོ་བོ་དེ་རང་བཞིན་གྱིས་དག་པས། ཐབས་ཀྱིས་མཚན་པའི་བརྡ་དང་། བྱིན་རླབས་ལ་སོགས་པ་ཀུན་དང་བྲལ་བས་གཞི་གཅིག་ལས་མ་གཡོས་པ་ཞེས་བྱའོ། །ཆོས་སྐུ་དེ་ལྟར་གནས་པ་ལ། ཀུན་གཞི་ལ་རྒྱུ་ཡོད་པས་བཟློག་ཡོད་པ་དང་། རྐྱེན་དང་བཅས་པས་ཐ་འཇིག་པ་དང་། དེ་ལྟ་བུའི་ཀུན་གཞི་ལ། བག་ཆགས་སྔ་ཕྱི་ཐམས་ཅད་སོགས་པའི་ཕྱིར་ན་རྫིང་དང་འདྲ་སྟེ། ཆུ་ལ་སོགས་ཀུན་སྡུད་པ་ལྟར། ཀུན་གཞིས་ཀྱང་འཁོར་འདས་ཀུན་སྡུད་པའོ། །ཆོས་ཀྱི་སྐུ་ནི་འགྱུར་བ་མེད་པས་ན། བག་ཆགས་སྔ་ཕྱི་དང་བྲལ་བའོ། །ཀུན་གཞི་ནི་ཡིད་དྲུག་དང་། སེམས་བཅུ་དྲུག་ལ་སོགས་པ་འདུས་པ་ལས་ཀུན་གཞི་སྟེ། དེ་ཡང་ལུས་ཀུན་གྱི་གཞི་དུ་མར་བྱུང་བའོ། །ཆོས་སྐུ་ཡིད་ལ་སོགས་པའི་ཉོན་མོངས་པ་དུ་མ་བྲལ་བས་ནི། འབྱུང་བ་ཕྲ་རགས་ལ་སོགས་པའི་དུ་མའི་གཟུགས་ཀྱི་སྣང་བའི་འབྱུང་བ་ཤ་ཁྲག་གི་ལུས་མེད་པའོ། །ཞེས་ནང་དོན་བདུན་པའོ། །ད་ནི་ནང་དོན་བརྒྱད་པ་འབྱུང་བ་དྭངས་སྙིགས་དབྱེ་བ་བསྟན་པ་ནི། འགྲོ་བའི་ལུས་ལ་འབྱུང་བ་ཆེན་པོ། ས་ཆུ་མེ་རླུང་ནམ་མཁའ་ལྔ་བོ་རྣམ་པར་སྣང་བས་ན། འབྱུང་བའི་དྭངས་མའི་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ལྔ་པོ་འབྱུང་བ་ཕྲ་རགས་ཀྱི་དྲི་མས་བསྒྲིབས་ནས་ཕྱིར་སྣང་མ་ནུས་པའོ། །འཕྲ་བ་མེ་རྡུལ་དང་། ཆུ་རྡུལ་དང་། ལྕགས་རྡུལ་དང་། ལུག་རྡུལ་དང་། རི་བོང་གི་རྡུལ་དང་ལྔ། རགས་པ་ས་ཆུ་མེ་རླུང་དངོས་པོ་ལྔ་ནི་ཡུལ། མིག་ལ་སོགས་པའི་གཟུགས་སུ་སྣང་བ་ཁ་དོག་དཀར་པོ་ཆུ་རྡུལ་དང་། མཐིང་ག་ལྕགས་རྡུལ་དང་། སེར་པོ་གླང་རྡུལ་དང་། དམར་པོ་ལུག་རྡུལ་དང་། ལྗང་གུ་རི་བོང་གི་རྡུལ་དང་། ལྔ་ཡང་འོད་ལྔ་འགྲིབ་པའི་རྡུལ་དང་བཅས་པས་ལུས་ཀྱི་མཐའ་སྨིན་པར་བྱས་པའོ། ། འབྱུང་བ་སའི་འོད་སེར་པོར་གྲོལ་ལ། ཆུ་དཀར་པོ། མེ་དམར་པོ། རླུང་ལྗང་གུ་གྲོལ་ལ། ནམ་མཁའ་མཐིང་གར་གྲོལ་བ་དང་། ལྔའི་མདུད་པ་ལྔ་པོ་དེ་ཡང་རང་གྲོལ་བས་ན། ཆེན་པོས་ཆེན་པོ་ལ་སོགས་པ་ལྔ་འོད་ཁ་དོག་ལྔར་གསལ་བས་ན། ནང་གི་འབྱུང་བ་འཕྲ་བ་ནི་ལྕགས་རྡུལ་དང་། ཆུ་རྡུལ་དང་། རི་བོང་གི་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་རྣམས་རང་བཞིན་མེད་པར་ལོགས་པས་རང་སྣང་བའོ། །རགས་པ་རི་དང་ཁང་ཁྱིམ་དང་། ལྗོན་ཤིང་ལ་སོགས་པའི་ཡེ་ཤེས་ཀྱི་སྐུའི་དྲི་མ་རྣམས་རང་སར་དྭངས་པས། རང་གི་ངོ་བོར་ལོག་པས་ཁ་ཡེ་ཤེས་ལྔ། དོག་འཕྲ་རགས་ཀྱིས་མ་བསྒྲིབས་པར་འོད་ལྔ་པོ་སྣང་བ་ལ་མ་འདྲེས་པར་གསལ་བའོ། །དེ་ཉིད་སྣང་བ་རང་དག་པས་སོ་སོའི་མཚན་ཉིད་འཛིན་པའོ། །རྡུལ་དང་རྡུལ་ཕྲན་གྱི་བག་རྡུལ་སྟོང་པར་རང་དག་པས། ནམ་མཁའ་ནི་རང་དྭངས་པས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་ནི་འོད་ལྔ་ཉིད་དུ་ཤར་བས། འཁྲུལ་པའི་སྣང་བ་དུས་གཅིག་ལ་འགག་པའོ། །གཟུགས་ལ་སོགས་སོ་སོར་མ་དམིགས་པའི་ཡུལ་ནི་སྒོ་ལྔའི་ཤེས་པ་རྣམས་འཛིན་མེད་དུ་རང་གྲོལ་བ་ན། ནང་གི་འབྱུང་བའི་རྩལ་ལྔ་ནི། འཆི་ཀའི་དུས་སུ་འབྱུང་བ་དྭངས་སྙིགས་འབྱེད་པ་སྟེ། ས་ས་ལ་ཐིམ་པས་ལུས་ལྕི། ཆུ་ཆུ་ལ་ཐིམ་པས་ཁ་ཆུ་ལ་ལ་སོགས་པ་ལན་གཅིག་ཕྱིར་བྱུང་ནས་སླར་ཁ་སྣ་ལག་པ་སྐམ། མེ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་འཆོར། རླུང་རླུང་ལ་ཐིམ་པས་དབུགས་ཡང་ནས་ཡང་དུ་བརྩེགས། རླུང་ནམ་མཁའ་ལ་ཐིམ་པས་ཤེས་པ་མི་གསལ། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་འཆད། རྣམ་པར་ཤེས་པ་འོད་གསལ་ཆོས་ཉིད་མའི་སྣང་བ་ལ་ཐིམ་པའི་ཚེ། ཆོས་ཉིད་རྣམ་པར་དག་པའི་སྣང་བ་འཆར་ཏེ། ལུས་སེམས་ཀྱི་འབྲེལ་ཆད་པས། སྒོ་ལྔ་ཡུལ་དང་ཤེས་པ་ནི་ཡིད་དང་སེམས་ལས་ཀྱི་རླུང་གིས་ནམ་མཁའ་ལ་རང་ཡལ་བས། ལུས་རྡུལ་ཕྲ་རབ་ལ་སོགས་པས་བཅིངས་པ་ལས་གྲོལ་བས། ཕྱིའི་འབྱུང་བ་ས་འོད་སེར་པོ་ལ་སོགས་པའི་དྭངས་མ་ནི་འོད་ལྔ་ལ་བར་དོ་ལ་ཐིམ་པས། རིག་པ་འོད་ལ་འཇུག་པའི་དུས་ཏེ། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཤར་བ་ནི། དེའི་ཕྱིར་ན་འབྱུང་བ་ལྔ་ནང་དུ་དྭངས་མ་འོད་དུ་གསལ། དེའི་འབྱུང་བ་སྙིགས་མ་འདུས་གདོས་བཅས་བོར་བས་དབྱེ་ཞེས་པའོ། །དེ་ལྟར་བྱུང་བ་ནི་ཐམས་ཅད་འབྱུང་བས་ན་འབྱུང་བ། རང་བྱུང་བས་ན་འབྱུང་བ། དུས་སྔ་ཕྱི་ཐམས་ཅད་དུ་འབྱུང་བས་ན་འབྱུང་བའོ། །དྭངས་མ་འོད་ལྔ། སྙིགས་མ་ས་ཆུ་མེ་རླུང་ནམ་མཁའ་ལྔ། འབྱེད་པའི་ཐབས་རིག་པ་ཡུལ་ལ་འབྱེད་པའི་དུས་འཆི་ཀའི་བར་དོ། ཕྱེད་པའི་ཚད་ཆོས་ཉིད་ཀྱི་བར་དོ། ཞེས་མུ་ཏིག་ལ་སོགས་པ་མཚན་སྐབས་སུ་བསྟན་པའོ། །ལེའུའི་མཚན་ཉིད་ནི། །འཁོར་བ་ནི་ཕྱི་སྣོད་དང་། ནང་བཅུད་གཉིས་ལས་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ། འདས་ཀྱི་ནི་དེ་དག་ལས་འདས་པས་ན་འདས་པའོ། །ཆོས་ནི་འཁོར་བའི་ཆོས་དགེ་བ་དང་མི་དགེ་བ་རྣམ་པ་དཀར་ནག་སོ་སོ་རང་གི་མཚན་ཉིད་འཛིན་པ་དང་། ཕྱི་ནང་སྣོད་བཅུད་ཀྱིས་བ སྡུས་པའོ། །འདས་པའི་ཆོས་ཤེས་བྱ་དང་། ཉམས་སུ་བླང་བྱ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའོ། །དེ་ཐམས་ཅད་དེ་དག་ཐམས་ཅད་རང་རང་གི་རིག་པ་ལ་རྫོགས་པར་བསྟན་པའི་ལེའུ་ལ། བསྡུས་པའི་དོན་དྲུག་གིས་བྱས་ནས། ཡན་ལག་གི་སུམ་ཅུ་རྩ་དགུས་ལེའུ་ནི་གཞུང་གི་སྡེ་ཚན་ངེས་པར་སྟོན་པ་སྟེ་བསྟན་ནོ། །བདུན་པའོ་ནི་དྲུག་ལས་གཞན་དུ་གྱུར་པ་གྲངས་ཀྱི་བྱེ་བྲག་གོ། །ལེའུ་བདུན་ནི་མུ་ཏིག་གསལ་བར་ཕྱེ་བའོ། །རྫོགས་སོ།།
༅། བྱུ།ག྅྅྅རཏཿ ད་ནི་ལེའུ་བརྒྱད་པའི་མུ་ཏིག་གསལ་བར་དབྱེ་བ་བསྟན་པ་ནི། ལེའུ་བརྒྱད་པ་རྒྱུད་ཐམས་ཅད་བསྡམས་པ་སྟེ་བསྟན་པའི་ལེའུ་འདི་ལ་བསྡུས་པའི་དོན་བཞི་སྟེ། ཐབས་ཀྱི་རྒྱུད་ཀྱི་དོན་བསྟན་པ་དང་། གཉིས་པ་རང་བཞིན་གྱི་རྒྱུད་ཀྱི་དོན་བསྟན་པ་དང་། གསུམ་པ་ཚིག་གི་རྒྱུད་ཀྱི་དོན་བསྟན་པ་དང་། བཞི་པ་རྒྱུད་གསུམ་གྱི་དོན་སྤྱིར་བསྟན་པའོ། །དང་པོ་ཐབས་ཀྱི་རྒྱུད་ཀྱི་དོན་བསྟན་པ་ལ་ཡན་ལག་གི་དོན་བརྒྱད་ཀྱིས་བསྟན་པའི་དང་པོ་དོན་གྱི་རྒྱུད་ཀྱི་ཇི་ལྟར་ལགས་ཞུ་བ་ཞུས་པས་བསྟན་པ་ནི། དེ་ནས་ལ་སོགས་པའི་ཚིག་དྲུག་གཞུང་གསལ་ལོ། །ནང་དོན་དང་པོའོ། །ད་ནི་ནང་དོན་གཉིས་པ་ཐབས་ཀྱི་རྒྱུད་ཀྱི་དབྱེ་བ་བསྟན་པ་ནི། སྟོན་པ་ནི་ཡོན་ཏན་ཁྱད་པར་ཅན་མངའ་བས། སྡུད་པ་པོ་ལ་ཐབས་ཀྱི་རྒྱུད་ཀྱི་དབྱེ་བ་གསུང་པས། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བོས་ནས། སྔར་སངས་རྒྱས་པ་ཀུན་ཀྱང་སྔར་ཐབས་ལ་བརྟེན་ནས་སངས་རྒྱས་པས་ན། རྒྱུད་ནི་གང་ཞེ་ན། གཞི་ཀ་ནས་དག་པ་གཅིག་ཏུ་གནས་པའི་ངོ་བོ་ཁྱད་པར་རྩལ་དུ་མར་སྣང་བ་ལས། རང་ལ་གནས་པའི་གཞི་དེ་མཚོན་པར་བྱེད་པ་ནི། མཚོན་བྱ་ཚིག་ལ་བརྟེན་ནས་ཐབས་ཀྱི་རྒྱུད་དང་། དེ་མཚོན་པར་བྱེད་པའི་མན་ངག་རྒྱུད་ལ་བརྟེན་ནས་གྲོལ་བར་བྱེད་པས་ན། མཚོན་བྱེད་ཐབས་ཀྱི་རྒྱུད་དོ། །ཞེས་ནང་དོན་གཉིས་པ་ཐབས་ཀྱི་རྒྱུད་ཀྱི་དབྱེ་བ་བསྟན་པ་ནས། ད་ནི་ནང་དོན་གསུམ་པ་མཚོན་བྱ་ཐབས་ཀྱི་རྒྱུད་ཀྱི་ཁྱབ་བ་གཏན་ལ་ཕབ་པ་བསྟན་པ་ནི། དེ་ཡང་མཚོན་བྱའི་ངོ་བོ་ཤེས་བྱའི་ཡུལ་དུ་གྱུར་པ། ངེས་ཚིག་གང་གིས་མཚོན་ན། ཚིག་གིས་དོན་མཚོན་ལ། དེའི་དགོངས་པ་ཚིག་དོན་གཉིས་མེད་དུ་རྟོགས་པའོ། །དེ་ཡང་མཚོན་བྱ་མཐོང་བའི་ཤེས་པ། བྱ་བ་ཐབས་ལ་བརྟེན་ནས་གོ་བའོ། །དེའི་རྒྱུ་ནི་ལུས་ཅན་ཀུན་ལ་ཁྱབ་པས་ན་གཅིག་ཞེས་པ་ངོ་བོ་ལ་ཁྱད་མེད་དོ། །སངས་རྒྱས་སེམས་ཅན་ཐམས་ཅད་དེའི་རྗེས་སུ། དེ་འབྲེངས་ནས་འཁོར་བ་ལས་ལོགས་ཏེ་འདས་པ་དངོས་སོ། །ཐེག་པ་ཐམས་ཅད་ཀྱི་དེའི་རྗེས་སུ་འབྲོངས་ཀྱང་རྟོགས་པར་དཀའ་འོ། །ལུས་ཅན་ལ་ཁྱབ་པ་ཅིའི་ཕྱིར་ན་ཁྱབ་ཞེ་ན། ལུས་ཅན་ཀུན་ལ་རྣམ་པ་གཉིས་ཡིན་ཏེ། རིག་པ་ཉིད་དངོས་པོ་མེད་པར་སྟོང་པས་ཁྱབ་པས་ན། མུ་སྟེགས་རྟག་པ་ལྟར་རྫས་གྲུབ་ཏུ་ནི་མ་ཡིན་ལ། སྟོང་ཉིད་ངོ་བོ་ངོས་བཟུང་ལས་འདས་པའོ། །དེ་ཡང་གསལ་བ་འོད་ལྔའི་རང་གདངས་ཀྱིས་ཁྱབ་ཞེ་ན། ཆད་པར་ལྟ་བ་བར་ཆད་པ་ལྟ་བུ་མ་ཡིན་པས་ཤེས་རེག་རང་ངོ་ན་གསལ་བའོ། །ཞེས་ནང་དོན་གསུམ་པ་བསྟན་ནས། ད་ནི་ནང་དོན་བཞི་པ་དེ་ཉིད་ལ་སྟོང་པ་ཉིད་ཁྱབ་བྱེད་བསྒྲུབ་པ་བསྟན་པ་ནི། སེམས་ཉིད་དེ་ཟག་པ་ཟད་པས་སྟོང་པ་ཉིད་དུ་རྒྱུ་གཅིག་པས་ན། སེམས་ཉིད་ལ་རྒྱུ་མེད་པས་འབྲས་བུ་ཐ་དད་པ་མ་ཡིན། དེ་ཉིད་ངོ་བོར་གཅིག་པས་སེམས་ཉིད་ལ་གྲངས་ཀྱི་མཐའ་ཟད་པའོ། །དེ་ཉིད་ལུས་ཀྱི་བསྡོད་པ་ལས་འདས་པས་དངོས་པོ་རྫས་སུ་གྲུབ་པར་མེད་པས། སྟོང་ཉིད་བློའི་སྤྱོད་ཡུལ་དུ་མ་གྱུར་པའོ། །གཏན་ཚིགས་དེའི་ཕྱིར་ན་སེམས་ཉིད་སྟོང་པ་ལས་དང་བག་ཆགས་ཀྱི་རྟེན་མེད་པས། གང་གིས་ཀྱང་གོས་པ་མེད་པའོ། །དེ་ཡང་དངོས་པོ་ནི་འབྱུང་བའི་དངོས་པོ་ཕྲ་རགས་ལ་བདག་ཏུ་རྟོག་པ་མེད་པས། ཟག་པ་རང་གྲོལ། ལས་དང་མཚན་མའི་དངོས་པོ་འབྲེལ་དང་ལུས་སེམས་ལ་བདག་དུ་རྟོག་པའི་བློ་མེད་པས་ན། འདུ་ཤེས་ཐ་དད་པའི་དངོས་པོ་ཀུན་གྱི་ཆོས་བདག་གིར་འཛིན་པ་དང་། ཟ་བར་འཛིན་པ་དང་། གཅིག་པུར་འཛིན་པ་དང་། མཚན་མར་འཛིན་པ་དང་། ཡོད་མེད་ལ་སོགས་པ་ལས་འདས་པའོ། །དེ་དག་ལས་འདས་པ་དེ་ཉིད་རིག་པ་དངོས་ཡིན་ཏེ། བླ་མའི་མན་ངག་མེད་པ་ལ་མངོན་སུམ་དུ་སྣང་བར་མེད་དོ། །འོ་ན་མེད་པ་རང་མ་ཡིན་ནམ་ཞེ་ན་ཡོད་པས་སེམས་ཅན་ཀུན་ལ་ཁྱབ་པའོ། །དེ་ཡང་ལུས་ཐ་དད་པ་ལྟར། དེ་ཉིད་ཀྱང་ཐ་དད་དོ་ཞེ་ན་མ་ཡིན་ཏེ་ངོ་བོ་གཅིག་པས་ན། སེམས་ཉིད་གཅིག་གི་མཚན་ཉིད་གཏན་ལ་ཕེབས་ན། སེམས་དང་སེམས་ཀྱིས་བསྡུས་པ་ཐམས་ཅད་གཏན་ལ་ཕེབས་པར་ངེས་སོ། །དེ་ན་འབུ་ཐ་དད་སེམས་ཅན་ཀུན་གྱི་གཞིར་གྱུར་པས་ན་བཅོས་མི་དགོས་ལ། ངོ་བོ་གཅིག་ཡིན་པས་གང་ལ་ཡང་རག་མ་ལུས་པས། སྤང་བླང་དང་དགག་སྒྲུབ་ཏུ་མེད་པའོ། །དེ་སེམས་ཅན་ལ་ཁྱབ་པས་ཡེང་དུ་མེད། རིག་པའི་བདག་ཉིད་དུ་གྱུར་པས་འུབ་ཀྱིས་སེམས་ལ་འདུས། དེ་ཡང་དབྱིངས་སུ་འདུས་པ་དང་། རིག་པར་ཆུབ་བོ་ཞེས་པ་བསྡམ་བྱའི་ཡུལ་ལས་འདས་པས། ཆོས་སྐུ་རིག་པས་སྐྱེ་བ་མེད་པས་སླར་ལྡོག་པའི་ས་དྲན་པ་ཟད་པའི་ཕྱིར་རོ། ། དེ་ཡང་ཀ་ནས་དག་པའི་ངོ་བོ་ལ་མ་རིག་པ་ཡེ་ནས་ཟད་པས་གནས་པ་ལས་གཞན་དུ་འགྱུར་བ་མེད་པས། ཆོས་ཉིད་མཐོང་བའི་ཁྱད་པར་ལས་བྱུང་བའོ། །དེ་ཉིད་ལ་མེད་པའི་ཕྱོགས་ནས་བལྟས་པས་སྟོང་ཞིང་ཐམས་ཅད་ལ་སྣང་བས་དངོས་པོར་མ་སོང་པས་ན། ཕྱིར་སྣང་ཞིང་དེ་ལ་ངོས་བཟུང་མེད་བས་སྟོང་པ་ཉིད་དོ། །རིག་པ་ལུ་གུ་རྒྱུད་དངོས་ཡིན་པས་མཐོང་དུ་ཡོད་ལ། བཟུང་བའི་ཡུལ་དུ་མ་གྲུབ་པས་དངོས་པོ་མེད་པའི་ཆོས་ཉིད་ཐ་མལ་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ནོ། །འབྱུང་བའི་རྐྱེན་ལུས་ཟད་པའི་ཕྱིར་སེམས་དེ་ཡེ་ནས་ཆོས་ཀྱི་སྐུ་ཉིད་ནི་སྟོང་པར་སེམས་ཅན་ཀུན་ལ་གནས་པའོ། །དེ་ཡང་རྒྱུ་ལུས་སེམས་ལ་མཚན་ཉིད་མ་རྙེད་པས། གློ་བུར་བ་མ་ཡིན། དེ་སྟོང་ཞིང་བདག་ཏུ་མེད་པས་འཁྲུལ་པ་མིན། འདུས་པ་ཐ་དད་པ་མ་ཡིན་པས་བཟུང་བ་དང་འཛིན་པའི་དབང་དུ་མ་སོང་བའི། དེ་ཉིད་འཁོར་འདས་རྐྱེན་ལས་འབྱུང་བ་ཕྲ་རགས་ནི་བསྡམས་རགས་པས་བཅིངས་པ་དང་བྲལ་བས། དེ་མ་བསྒྲིབས་པར་ཟང་ཐལ་བས་ལུས་སེམས་སྟོང་པའི་ཡུལ་བས་ངོ་དང་བྲལ་བས་འགྱུ་བ་མ་བརྟེན། འཛིན་པ་མེད་པས་རང་སྣང་བའོ། །དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་པས་གཉེན་པོ་མེད། སྣང་བ་ལ་བདེ་བར་བརྡར་པས་རྫོགས་པ་ཆེན་པོ་བློ་ལས་འདས། དེ་ལ་བཟུང་པས་མ་རྙེད་པས་དངོས་པོ་མེད། དེ་ཉིད་ཀྱི་ངོ་བོར་ཅིར་ཡང་ཤར་བ་ལ། ཤར་བ་ཉིད་ན་སྟོང་པར་གྲོལ་བའོ། །དེ་ལ་འབྱུང་བ་ཕྲ་རགས་ཀྱི་དྲི་མ་མེད་པས་འོད་ལྔར་གསལ། ཉོན་མོངས་ཕྲ་རགས་ཀྱི་དྲི་མ་མེད་པས་རིག་པ་མངོན་སུམ་དུ་མཐོང་། དེ་ཉིད་ཁ་དོག་ལྔ་ལས་མ་འདས་པས་རིགས་ལྔའི་གཞི་ཡིན་ལ། དེ་ལ་འཁོར་འདས་དུས་གཅིག་ལ་རྫོགས་པས་ཐམས་ཅད་ཆོས་ཉིད་དུ་གྲོལ་བའོ། །དེ་ལ་དྲན་པ་གློ་བུར་བ་མེད་པས་རྟོག་པ་མེད། དངོས་པོ་རང་རྒྱུད་དུ་འཛིན་པའི་མཐའ་ཟད་པས་སྟོང་པའི་བྱུང་ཁུང་དེ་ཉིད་རང་བཞིན་གྱིས་འོད་གསལ་བས་སྒྲིབ་བྱེད་དང་བྲལ་བ་ཉིད་དོ། །རང་གི་ཡུལ་ལ་ཆོས་ཉིད་སྟོང་པས་ཁྱབ་པའི་ཕྱིར་ན་རང་རྒྱུད་དྲི་མ་མེད་པ་ཞེས་བྱའོ། །ཞེས་ནང་དོན་བཞི་པ་དེ་ཉིད་ལ་སྟོང་པ་ཉིད་ཀྱི་ཁྱབ་བྱེད་བསྒྲུབ་པ་བསྟན་ནས། ད་ནི་ནང་དོན་ལྔ་པའོ་ན་ཕྱམས་ཆད་པ་མ་ཡིན་ཏེ་གསལ་བའི་ཁྱབ་བྱེད་དུ་གྲུབ་པ་བསྟན་པ་ནི། དེ་ཡང་རང་སེམས་ཉིད་འོད་ལྔར་གསལ་ཏེ་ཆོས་ཀྱི་རང་བཞིན་མ་འགགས་པས་ན། དོན་དམ་པའི་འབྱུང་བ་བཞི་ལས་བསྐྱེད་པ། སྒྲོན་མ་བཞིར་སྨིན་པ་ནི། ཐིག་ལེ་སྟོང་པའི་སྒྲོན་མས་འོད་ཀྱི་མདངས་བྱེད་ལ། ཤེས་རབ་རང་འབྱུང་གིས་ཚིག་དོན་དབྱེར་མེད་དུ་བྱེད། དབྱིངས་རྣམ་པར་དག་པའི་རིག་པས་རིག་པའི་གཞི་འཛིན་པར་བྱེད། རྒྱང་ཞགས་ཆུའི་སྒྲོན་མས་ནི། འཁོར་འདས་ཀྱི་གཟུགས་སྡུད་པ་དང་སྣང་བར་བྱེད་པ་དང་། ཀུན་ལ་གསལ་བས་ཁྱབ་པའོ། །དེ་ཡང་ངོ་བོ་ཇི་ལྟར་བུས་ཁྱབ་ཞེ་ན། གསལ་བ་དཀར་པོས་ཁྱབ་པས་སེམས་ལ་དྲི་མ་མེད། དྲི་དང་དམར་པོས་ཁྱབ་པས། རིག་པ་ཉིད་བྱ་རྩལ་ལས་འདས། བསིལ་བ་དང་ཞེས་སེར་པོ་ཁྱབ་པས་རིག་པ་ཉིད་ཡོན་ཏན་ཀུན་གྱི་བྱུང་ཁུང་། ཡང་ཞིང་ཞེས་མཐིང་ཁས་ཁྱབ་པས་ཅིར་སྣང་ཞིང་ཤར་ཀྱང་རིག་པའི་ངོ་བོ་ལས་འགྱུར་བ་མེད། གཡོ་བའི་ཞེས་པ་ལྗང་ཁུས་ཁྱབ་པས་ཐམས་ཅད་དུ་རྫོགས་ཤིང་གང་དང་ཡང་མ་འདྲེས་པའོ། །དེ་དག་གི་བདག་ཉིད་འཛིན་པས་ན་རིག་པ་ཉིད་ལས་བྱུང་བའི་འོད་དོ། །དེ་ཡང་ཕྱི་སྣང་བ་ལས་ཁྱབ་པ་བྱུང་བ་ལྔ་འོད་དུ་གྲོལ། ནང་ལུས་ལ་ཁྱབ་པས་ཕུང་པོ་ལྔ་འོད་ལྔར་གྲོལ། གསང་བ་རིག་པ་ལ་ཁྱབ་པས་ཡེ་ནས་ཡོད་པའི་གདངས་ལྔ་རང་ལ་གསལ་བ་ནི། སེམས་ཉིད་རང་གྲོལ་བར་བྱེད་པའི་འབྱུང་བའི་ལུས་སྐུ་གསུམ་དུ་སྨིན་པ་ནི། །རྒྱུད་ཀྱི་ས་བོན་ལུས་ལ་གནས་པ་ལས་བྱུང་བ་ཉིད་དོ། །རིག་མེད་སྟོང་པ་ལས་རང་ལོག་པའི་ཕྱིར་ན་རང་བཞིན་གྱིས་གསལ་བས་ཁྱབ་པས་ན། དབང་པོ་རབ་གཅིག་ཆར་དུ་སྐད་ཅིག་མ་དང་པོ་ལ་འཁྲུལ་སྣང་འགགས་ལ། གཉིས་པ་ལ་ནང་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་ལ། གསུམ་པ་ལ་དེ་དག་ལས་གྲོལ་བར་ངེས་སོ། །འབྲིང་ལ་སོགས་པ་ལ་རང་གི་རིག་པ་ཉིད་མངོན་སུམ་དུ་མཐོང་པས་བར་དོ་དང་། དབུགས་ཕྱུང་ནས་གྲོལ་བ་དང་། སྣང་བ་ཉིད་རྣམ་པར་དག་པས་རང་ལ་ཤར་ཏེ་ཕྱིའི་ཡུལ་ལ་གསལ་བས། རང་ནི་ལུས་དང་འ བྲལ་བས་ན་གཞན་ནས་བརྩལ་མི་དགོས་སོ། །ཉོན་མོངས་པའི་དྲི་མ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་དང་། ལས་ཀྱི་དྲི་མ་སྦྲུལ་སྐོགས་པ་བོར་བ་ལྟ་བུ་དང་། ཤེས་བྱའི་དྲི་མ་རིན་པོ་ཆེ་གཡའ་དང་བྲལ་བ་ལྟ་བུ་དེ་ལ་དང་དེ་ཀུན་ཀྱང་སོ་སོར་ཆུའི་རྙོག་མ་རང་དེངས་པ་ལྟར་དྭངས་པའོ། །དེ་ཡང་སྒོ་ལྔའི་ཡུལ་འཛིན་པ་མེད་པར་རང་གསལ་བའི་རིག་པ་ཡུལ་ལ་སྣང་པ་ལ། སྒོ་ལྔའི་ཤེས་པ་འཛིན་པ་མེད་པར་ཡུལ་སོ་སོ་ལ་སྣང་ཡང་ཞེན་པ་མེད་པར་རང་གསལ་དུ་རྫོགས་པ་ནི། དེ་ཡང་རང་གི་ལུས་ལ་འོད་ལྔས་གསལ་བས་ཁྱབ་པ་དང་འབྲེལ་ཆགས་པའི་ཕྱིར་ན་རྒྱུན་ཞེས་བྱའོ། །ཞེས་ནང་དོན་ལྔ་པ་འོ་ན་ཕྱམས་ཆད་པ་མ་ཡིན་ཏེ་གསལ་བའི་ཁྱབ་བྱེད་གྲུབ་པ་བསྟན། ད་ནི་ནང་དོན་དྲུག་པ་མཚོན་བྱེད་ཐབས་ཀྱིས་རྒྱུད་ཀྱི་དབྱེ་བ་བསྟན་པ་ནི། གོང་དུ་བསྟན་པ་དེ་དག་མངོན་གསུམ་དུ་ཉམས་སུ་བླང་པའི་མན་ངག་གིས་རྟོགས་པ་ནི། དེ་ལས་ཐབས་ཁྱད་པར་ཅན་ཞེས་བྱ་བ་བླ་མས་བསྟན་པའི་གདམས་ངག་ཉིད་ཀྱང་ངོ་། །དེ་ཡང་གང་ཟག་བློ་འབྲིང་གི་བྱེ་བྲག་གིས་རིག་པ་རང་གྲོལ་དུ་ཉམས་སུ་བླང་བ་དང་། རང་དག་ཏུ་དང་། རང་བཞག་ཏུ་དང་། ཅེར་བཞག་ལ་སོགས་པ་ཇི་ལྟར་བཤད་པར་བྱ་བ་རྣམས་ནི། དབང་པོའི་རིམ་པས་བསྟན་པ་སྟེ། འདིར་ནི་དབང་པོ་གཅིག་ཆར་བ་རྣམས་འབད་རྩོལ་མེད་པར་རང་གྲོལ་བར་བསྟན་པ་དང་། བློ་རིམ་གྱིས་པ་རྣམས་འབད་པ་དང་བཅས་ཏེ་ཉམས་སུ་བླང་བྱ་གཉིས་ལས། འབད་པ་མེད་པ་འབྱུང་བ་ཁྱད་པར་གྱི་ལུས་ཅན་ནི། ལས་ཁྱད་པར་ཅན་སད་པ་དང་། རྟོག་བ་ཅིག་ཆར་ཅན་སྐྱེས་པ་རྣམས་ན་འཁྲུལ་བའི་སྣང་བ་རང་སར་དག་ནས་སངས་རྒྱ་བ་ཡིན་ནོ། །ཞེས་ནང་དོན་དྲུག་པ་བསྟན་ནས། ད་ནི་ནང་དོན་བདུན་པ་དེ་ཉིད་རྟོགས་པར་བྱེད་པའི་མན་ངག་དངོས་བསྟན་པ་ནི། གནད་ནི་ཅེས་པ་ལ་སོགས་པས་བསྟན་ཏེ། སྐབས་འདིར་གནད་ཀྱི་མན་ངག་འདི་ལྟ་བུ་ཞིག་བརྩམ་སྟེ། དེ་ལ་རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་ནས། འཇིག་རྟེན་འདིའི་ཞེན་པ་དང་བྲལ་ནས། ཆོས་ཉིད་ཀྱི་དོན་གཅིག་ཆར་ཐོབ་པར་འདོད་པ་ཅིག་གིས། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལས། དབང་བསྐུར་རྫོགས་པར་བྱས་ཏེ། དེ་ལ་སྔོན་དུ་ཕྱི་སྤྲོས་བཅས་ཀྱི་དབང་དཀྱིལ་འཁོར་དང་བུམ་པ་ལ་བརྟེན་ནས་ལུས་ལ་བསྐུར་བས། ལུས་ཡི་དམ་ལྷའི་སྐུར་རང་གིས་དབང་ཐོབ་པས། ཕྱི་སྣོད་ཀྱི་གཞལ་ཡས་ཁང་དུ་གསལ་བ་དང་། ནང་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དག་འབྱུང་ངོ་། །དེ་ནས་རྣལ་འབྱོར་པ་ལུས་རྒྱ་ལས་གྲོལ་བར་བྱེད་པའི་མན་ངག་གོ །དེ་ནས་ནང་སྤྲོས་པ་མེད་པའི་དབང་དལ་དང་བུམ་པ་ལ་བརྟེན་ནས་ངག་ལ་དབང་བསྐུར་བས་ངག་གི་ཡི་དམ་ལྷའི་བཟླས་པར་གསལ་བ་དང་། ནང་དུ་བརྗོད་མེད་ཀྱི་དོན་ཉམས་སུ་མྱོང་བ་སྐྱེས་བ་ནི། ཡི་གེ་ཨའི་བརྗོད་པ་ལ་བརྟེན་ནས་སྐྱེ་བའོ། །གསང་བ་ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡའ་དང་རྟེན་འབྲེལ་ལ་བརྟེན་ནས་སེམས་ལ་བསྐུར་བས། སེམས་དངོས་པོ་གཤིས་ཀྱི་སྟེང་དུ་ཕེབས་པ་དང་། སེམས་འོད་གསལ་ཆེན་པོའི་དོན་ཉམས་སུ་མྱོང་པའོ། །དེ་ནས་གསང་བ་བླ་ན་མེད་པའི་རབ་ཏུ་སྤྲོས་པ་མེད་པའི་དབང་ལུས་ཀྱི་འདུག་སྟངས་དང་ལྟ་སྟངས་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བསྐུར་བས་ལུས་བཞུགས་སྟངས་ཀྱི་གནད་ལ་བརྟེན་ནས་སྐུ་གསུམ་གྱི་བཞག་ལུགས་སུ་གྲོལ་བ་དང་། ངག་སྨྲ་བ་བཅད་པ་ལ་བརྟེན་ནས་སྒྲའི་ནུས་པ་ཉམས་པས་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པ་དང་། སེམས་བྱིན་རླབས་བསྐུལ་བ་བརྡའི་གདན་ལ་བརྟེན་ནས། འོད་གསལ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གྲོལ་བ་ནི། གསང་སྔགས་ཀྱི་ལམ་སྨིན་པ་ལ་དགོངས་པའོ། །དེ་ལྟར་ན་ལུས་ཀྱི་སྨིན་པ་རྫོགས་པས་བསྐྱེད་རིམ་ཅིག་ཆར་དུ་གསལ་བ་དང་། ངག་གི་སྨིན་པ་རྫོགས་པས་ནུས་པ་ཐུན་མོང་མ་ཡིན་པ་སྐྱེ་བའོ། །སེམས་ཀྱི་སྨིན་པ་རྫོགས་པས་རྫོགས་པའི་རིམ་པ་རྟག་ཚད་ལ་ཕེབས་པའོ། །ལུས་ངག་ཡིད་སེམས་ཀྱི་སྨིན་པ་རྫོགས་པས་ཆོས་ཉིད་མངོན་གསུམ་གྱི་ཉམས་སུ་མྱོང་པ་མངོན་པར་རྫོགས་པའོ། །དེ་ལྟར་སྨིན་པར་བྱེད་པའི་རྟེན། དམ་ཚིག་རྒྱུད་ལ་བརྟེན་པ་ནི། སྤྱིར་དམ་ཚིག་གི་རྩ་བ་བླ་མ་ཡིན་པས་ན། དོན་གྱི་དངོས་གྲུབ་འདོད་པ་ལས། བླ་མ་མཉེས་པར་བྱས་པ་ལ་དངོས་གྲུབ་འབྱུང་ངོ་། །དེ་ལྟར་ཡང་མཁའ་འགྲོ་མ་དྲྭ་བ་སྟོང་ལྡན་ལས། །དངོས་གྲུབ་འདོད་པས་བླ་མ་ལ། དུས་མཐའི་བར་དུ་མཆོད་པར་བྱ། ཞེས་པས་སོ། །དེ་ཡང་ལུས་ངག་ཡིད་གསུམ་ལས་མི་འདའ་འོ། །ལུས་ཀྱི་སྤྱོད་ལམ་ལ་སོགས་པས་བླ་མ་གཉེས་པར་བྱ་བ་ནི། སྟན་བཏབ་པ་དང་། པཎྜལ་དབུལ་བ་དང་། སྐུ་བརྙེ་བ་དང་། དྲིས་ཕྱིས་དང་། གཟིགས་ཕྱག་དང་། མཐོང་ཕྱག་ལ་སོགས་པ་བྱའོ། །དེ་ཡང་ལུས་ཀྱི་གཏོང་པ་རྣམ་པར་དག་པས། དབང་བསྐུར་བའི་འོག་ཏུ་ཡོན་དབུལ་བ་དང་། རང་གི་འབྱོར་པ་ཇི་ལྟར་ཡོད་པས་ཕུལ་ལ་མཉེས་པར་བྱའོ། །གཞན་ཡང་ལུས་ཀྱི་བྱ་བས་བླ་མ་མཉེས་པར་བྱ་བ་ནི། སྲོག་ལ་སོགས་པས་ཀྱང་བླ་མ་མཉེས་པར་བྱའོ། །ངག་གི་བརྗོད་པས་ཀྱང་བླ་མ་མཉེས་པར་བྱ་བ་ནི་བླ་མའི་སྐྱོན་མ་ཡིན་པ་ཡོན་ཏན་ལ་གསལ་ཞིང་ཁྱད་པར་གྱི་ཚིག་རྣམས་བརྗོད་པར་བྱའོ། །ཡིད་དང་ཤེས་པས་མཉེས་པར་བྱ་བ་ནི། བླ་མའི་མཛད་སྤྱོད་བརྟེན་པས་བླ་མ་མཉེས་ཏེ། གཞན་འཇུག་པ་ལ་དགོད་པ་དང་། གཞན་ཅི་ནས་ཀྱང་བླ་མ་ལ་དད་པས་འཇུག་པར་བྱེད་པའོ། །བླ་མའི་གསུང་བསྒྲོས་ལ། མཁས་པས་ཚིག་དོན་ལ་ལྷག་ཆད་མེད་པར་བླ་མས་ཐུགས་ཀྱི་དགོངས་པ་ནི་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ལས་མི་འདའ་བའོ། །དེ་ལྟར་ཡང་དམ་ཚིག་ཆེན་པོའི་རྒྱུད་ལས། །ཇི་ལྟར་བླ་མའི་བྱ་བ་ལས། །ལུས་དང་ངག་དང་ཡིད་དག་གིས། །བླ་མ་མཆོག་ལ་གུས་པའི་མི། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། ཞེས་པས་སོ། །ཡང་དེ་ཉིད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །བླ་མ་མཉེས་པ་ལས་བྱུང་ངོ་། །གལ་ཏེ་བླ་མ་མ་མཉེས་ན། །རྟག་ཏུ་འཁོར་བའི་ཁ་མཐའ་རྒྱུད། ཞེས་པས་སོ། །དེ་ཡང་དབང་བསྐུར་བའི་དུས་སུ་ཡོན་དབུལ་བ་དང་། དགའ་སྟོན་བྱ་བ་ལ་སོགས་པས་བླ་མ་མཉེས་པ་དང་། རྡོ་རྗེ་སྤུན་སྲིང་དང་། འགྲོ་བ་གཞན་ལ་སོགས་པ་ཡང་མཉེས་ཤིང་མགུ་བར་བྱའོ། །དེ་ལྟར་བྱས་པས་གསང་སྔགས་ཀྱི་དམ་ཚིག་ཏུ་འགྲོ་ཞིང་། བྱིན་རླབས་འཇུག་པའི་རྟེན་ཁྱད་པར་ཅན་དུ་འགྲོ་བའོ། །དེ་ལྟར་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། ཞེས་པའོ། །དེ་ལྟར་ལུས་ངག་ཡིད་ཀྱི་གཞི་མ་སྨིན་པ་སྨིན་པར་བྱས་ནས། ད་སྨིན་པ་དེ་གྲོལ་བར་བྱེད་པ་ལ་བླ་མའི་མན་ངག་གལ་ཆེ་སྟེ། གདམས་ངག་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཏེ། དེ་ལ་སྔོན་འགྲོ་ནི་ལམ་སེལ་བར་བྱེད་པ་སྟེ། དཔེར་ན་འཇིགས་བཅས་ཀྱི་ལམ་དུ་ཉུལ་བ་ལྟ་བུ་སྟེ་སྔོན་འགྲོ་ལ་ལུགས་མང་སྟེ། ཁྱད་པར་དུ་སྐུ་གསུམ་བསྒྲུབ་པར་བྱེད་པ་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་ནི། ལུས་ངག་གི་རྟགས་བཙན་ཐབས་སུ་སྐྱེ་བར་བྱེད་པའོ། །སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་ཡིད་ཀྱི་བྱ་བའི་རིམ་པ་སྟེ། འདིས་ནི་ལུས་ངག་ཡིད་འདུ་བར་བྱེད་པའི་ཆོ་གའོ། །རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་སྟེ། དེ་ལ་ལུས་རུ་ཤན་འབྱེད་པའི་སྤྱོད་པ་ལུས་ཀྱི་བྱ་བའི་འཁོར་ལོ་སྟེ། འདི་ཉིད་དུ་ཇི་ལྟར་བྱས་པ་ཙམ་གྱིས་མ་འོངས་པའི་དུས་ན་དེ་ཉིད་དུ་འཇུག་པར་མི་འགྱུར་རོ། །དེ་ལྟར་ཡང་བཀོད་པ་ཆེན་པོའི་ལེའུ་སུམ་ཅུ་པ་ནས་གང་གིས་རུ་ཤན་འབྱེད་འདོད་པས། །ལུས་ཀྱི་བྱ་བ་རང་ལོག་ཕྱིར། །ད་ལྟ་གང་དུ་སྤྱད་པའི་དོན། །ཕྱི་ནས་དེ་ལྟར་མ་ཡིན་ཏེ། །དེ་ཉིད་བཟློག་པས་ལུས་ལ་ཡང་། །གནས་པ་མེད་པས་ཁམས་གསུམ་དུ། །ལུས་ཀྱང་འཇུག་པ་མ་ཡིན་ནོ། །ཞེས་པས་ན། དེ་ཉིད་དགོངས་པ་དང་བཅས་པས་ན་སྤྱོད་པར་འགྲོ་བ་སྟེ། ལུས་ཀྱི་བྱ་བ་ལ་བརྟེན་པས་འབྲས་བུ་ཡང་དེ་ཉིད་ཀྱིས་འཁོར་ལོར་འཇུག་པར་མི་འགྱུར་ལ་དེ་དག་ནི་གལ་ཆེའོ། །དེ་ལྟར་ཡང་ལུང་གྲངས་ནི་དཔག་ཏུ་མེད་དོ། །དེ་ནས་ལུས་སྦུན་པའི་རྣལ་འབྱོར་དུ་བྱའོ། །དེ་ལྟར་ཉི་མ་བདུན་ནམ་བཅུ་གཅིག་གམ། ཟླ་བ་ཕྱེད་དུ་བྱས་པས། ཕྱིར་ལུས་ཀྱི་ཞེན་པ་རང་ལོག་པ་དང་། ནང་དུ་འདུས་ཞིང་དུལ་བ་ལ་སོགས་པའི་རྟགས་ཀྱང་འབྱུང་ངེས་སོ། །དགོས་ཆེད་ནི་གཞན་ན་བསྟན་ནས་ཡོད་དོ། །དེ་ཡང་ལུས་ལ་སེམས་གནས་པས་ལུས་ཀྱི་བྱ་བར་རྣམ་པར་བཀོད་པས་སེམས་བག་ལ་ཚུད་པའི་དགོས་པ་ཡོད་དོ། །དེ་ནས་དེའི་འོག་ཏུ་རྣལ་ལ་འབེབས་པ་ཞེས་བྱ་བའི་ཆོ་ག་བྱ་སྟེ། འདི་ནི་སྔ་ཕྱི་བྱ་ལ་སོགས་པ་ཚི་འཆད་པ་སྟེ། ངལ་གསོ་བ་སྟེ། བྱ་བ་ལ་མི་གནས་པ་ནི། ལུས་ཀྱི་གནད་དུ་རྩ་ལྟེམ་པའི་དགོས་པ་ཡོད་དོ། །འདིའི་དུས་ན་རྩ་རྣམས་འཕར་བ་དང་། འཕྲིག་པ་དང་། གལ་པ་ལ་སོགས་པ་འོང་ངོ་། །དེ་ནི་རླུང་རང་སོར་ཚུད་པའི་རྟགས་སོ། །དེ་ལྟར་ཡང་གསེར་གྱི་སྙིང་པོའི་རྒྱུད་ལས། རྣལ་དུ་འབེབས་པར་འདོད་པ་ཡིས། །ལུས་ཀྱི་བྱར་མེད་དལ་བ་བརྟེན། །འདིའི་ནི་སངས་རྒྱས་སྐུ་དང་རེག །ཁྱད་པར་མཆོག་ཏུ་གསང་བས་འགྲུབ། །ཅེས་པས་སོ། །དེ་ལ་ཞག་གསུམ་མམ་བདུན་ནམ། བཅུ་གཅིག་ཏུ་བྱའོ། །དེའི་འོག་ཏུ་ངག་རུ་ཤན་འབྱེད་པའི་སྤྱོད་པ་བྱ་སྟེ། ངག་འདི་ནི་ངག་གི་བརྗོད་བྱ་ཐ་དད་པ་ལ་བརྟེན་ནས། ཁམས་གསུམ་འཁོར་བ་རྒྱུན་འཆད་པར་བྱེད་པའོ། །འདིར་ཅི་དང་ཅི་བརྗོད་པ་ཕྱིས་དེ་ཉིད་དུ་བྱེད་པར་འགྱུར་མི་སྲིད་དོ། །དེས་དབང་བསྐུར་མཆོག་གི་རྒྱུད་ལས། སྐལ་དང་ལྡན་པས་རིགས་དྲུག་སྐད། །རང་དང་མཐུན་པར་བརྗོད་པ་ཡིས། །འགྲོ་བ་དྲུག་གི་འཁོར་ལོ་ཆད། །ཞེས་པའོ། །འཇམ་དཔལ་སྒྱུ་འཕྲུལ་ལས་ཀྱང་། ཇི་སྐད་སྨྲ་བ་དེ་བཞིན་བྱེད། ཅེས་པས་སོ། །འདི་ལྟར་ཡང་གོང་མ་ཙམ་དུ་ལས་དག་པ་དང་མ་དག་པ་དང་། བརྩོན་འགྲུས་ཀྱི་ཁྱད་པར་གྱིས་བྱས་པས། ངག་གི་བརྗོད་པ་ཉམས་པ་དང་། དེ་ཉིད་ལ་ཞེན་པ་རང་ལོག་པ་དང་། དེ་ལ་གཏན་ཀ་ཅི་འདུག་སྙམ་པ་སྐྱེའོ། །དེའི་འོག་ཏུ་ངག་རྣལ་དུ་འབེབས་པའི་ཆོ་ག་ཉི་མ་གོང་ཙམ་ཞིག་བྱས་པ་ལས། ངག་གསོང་པོ་བྱུང་བ་དང་། རྫུན་གྱི་ཚིག་རྒྱུན་འཆད་པ་ལ་སོགས་པ་འགྱུར་ཏེ། དེའི་འོག་ཏུ་ངག་གི་བྱ་བ་ལས་ངལ་གསོ་བ་ལས་བྱུང་བའོ། །དེའི་འོག་ཏུ་སེམས་རུ་ཤན་འབྱེད་པའི་སྤྱོད་པ་སྟེ། ཉི་མ་གོང་དུ་བསྟན་པ་ཙམ་ཞིག་བྱས་པས། ཡང་ཇི་ལྟར་བསམ་པ་ཙམ་ཞིག་གིས་ཕྱིས་དེ་ཉིད་དུ་མི་འཇུག་པར་ངེས་སོ། །དེ་ཡང་དཔེར་ན་སྔར་གྱི་བྱ་བས་སྒྱིད་ལུགས་མིས་ཕྱིས་མི་བྱེད་པ་ལྟ་བུའོ། །དེ་ལྟར་རྡོ་རྗེ་ཁང་བུ་བརྩེགས་པ་ལས། །གང་གིས་བསམ་པའི་འཁོར་ལོ་ཉིད། །སུ་ཡིས་བསྐོར་བར་ནུས་པ་ལ། །ཕྱི་ནས་དེའི་སེམས་རྒྱུན་འགག །ཅེས་པས་སོ། །ཡང་དཔག་བསམ་ལྗོན་ཤིང་ལས། བསམ་པས་བརྟགས་ལ་སླར་བཟློག་མེད། ཅེས་པས་སོ། །འདི་ནི་བག་ཆགས་ཀྱི་མཚམས་འབྱེད་པར་བྱེད་པའི་གནད་ཡང་དག་པའོ། །དེའི་འོག་ཏུ་སེམས་རྣལ་འབེབས་པའི་ཆོས་བྱ་སྟེ། འདི་ནི་སྔར་གྱི་སེམས་འཕྲོ་འདུས་གཡེངས་ནས་ངལ་བ་ཉིད་ཕྱིས་ངལ་གསོ་ཞིང་སོར་འཇུག་པའོ། །དཔལ་ནམ་མཁའ་འོད་ལྡན་ལས། །འདུ་ཤེས་གཅོད་པས་ལུང་སྒོ་འགག ཞེས་པས་སོ། །དེ་ལྟར་དབང་ཉེ་བར་རྟོག་པ་ལས། གང་གིས་རུ་ཤན་ཕྱེ་བ་ཉིད། །ཁམས་གསུམ་ཉིད་དུ་ལྡོག་པ་མིན། །དེ་ལ་རྣལ་དུ་ཕབས་པས་བརྟན། འདི་དག་སྔོན་འགྲོའི་མཆོག་ཡིན་ནོ། །ཅེས་པས་སོ། །དེ་ལྟར་སྔོན་དུ་འགྲོ་བ་རྫོགས་ནས་ད་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཉིད་ཉམས་སུ་བླངས་བ་ལ་ཆོས་ཚན་བཞིས་བསྟན་པ་ནི། དཔལ་རི་བོ་བརྩེགས་པ་ལས། མངོན་སུམ་གནད་ལ་གོམས་འདོད་པས། །གནད་ནི་བཞི་སྡེའི་ཡིས་ཕྱེ། །ཞེས་པ་སྟེ། འདི་དག་ནི་གཞན་གྱིས་ལུང་གིས་ཡིད་ཆེས་པར་བྱས་པ་སྟེ། འདི་ཉིད་ཀྱི་ལུང་གྲངས་ན་བརྗོད་ཀྱིས་མི་ལངས་ཏེ། གཞན་གྱིས་ལུང་ཡང་བར་འགྲོངས་པར་འོང་ངོ་། །དེ་ལ་སྔོན་དུ་ལུས་ངག་གི་གནད་གཟིར་བས་ཡེ་ཤེས་གནས་ནས་གདོན་པ་ནི། ལུས་ཀྱི་གནད་དུ་སྐུ་གསུམ་གྱི་བཞུགས་སྟངས་བྱས་པ་ཙམ་ལ་བརྟེན་ནས། སྐུ་གསུམ་གྱི་དགོངས་པ་ལས་མི་འདའ་བའོ། །འོ་ན་འབྱུང་བའི་ལུས་ཀྱི་འདུག་སྟངས་ཆོས་སྐུའི་བཞུགས་སྟངས་སུ་འགྲོ་བ་ནི། ཆོས་སྐུ་སྒྱུ་མ་ལྟ་བུ་ལ། ཆོས་ཉིད་སྒྱུ་མའི་སྐུར་བཞེངས་ནས། འགྲོ་བའི་དོན་ལ་བྱོན་པ་སྟེ། དེ་ལྟར་ཡང་གསེར་གྱི་མཁའ་ལྡིང་ལས། རང་གིས་ཆོས་སྐུའི་བཞུགས་པའི་ཚུལ། །གང་ཟག་གང་གིས་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་ཤེས་པས། །འདི་ནི་ཆོས་སྐུ་བདེ་ཆེན་ལ། །རྣལ་འབྱོར་རྟག་ཏུ་བྱེད་པའོ། །ཞེས་པའོ། །འདིར་ནི་ཆོས་ལུས་འབྱུང་བ་འཚོགས་པ་དེ་དག་ལས་གྲོལ་བར་བྱེད་པ་ལ། སྐུ་ནི་དེ་དག་རྣམ་པར་དག་པ་ལས་སྒྱུ་མའི་སྐུ་ཉིད་དུས་ཐམས་ཅད་དུ་གནས་པའོ། །བཞུགས་པ་ནི་ཏིང་ངེ་འཛིན་གནས་པ་ལས་མ་འདའ་འོ། །སྟངས་ནི་འཁོར་བ་ལས་ཐར་བ་བྱེད་པའོ། །དེ་དག་ལས་ལོངས་ནི་འདོད་པའི་ཡོན་ཏན་ལྔ་རྣམ་པར་དག་པར་བྱས་ནས། ཆོས་ཉིད་སྐྱེ་བ་མེད་པའི་ཁམས་ལ་འཇུག་པར་བྱེད་པ་ཉིད་ལ། ཆོས་ཉིད་མངོན་གསུམ་གྱི་གནད་ལ། མིག་གི་དབང་པོས་སྤྱོད་པའོ། །རྫོགས་པས་ནི་ལུས་ཀྱི་འཚོགས་པའི་ཆོས་མ་ལུས་པ་འོད་གསལ་དུ་གྲོལ་བར་བྱེད་པའི་ཐབས་སོ། །སྐུ་ནི་དེ་དག་ཏུ་སྨིན་པས་འཁོར་བ་ལས་གྲོལ་བའོ། །དེ་ཉིད་གནད་བསྟུན་པས་གང་ཟག་དེ་དུས་རྟག་ཏུ་ཆོས་ཉིད་མངོན་གསུམ་ལ་ལོངས་སྤྱོད་རྫོགས་པ་བྱའོ། །བཞུགས་པ་ནི་ཏིང་ངེ་འཛིན་ལ་གནས་པར་བྱེད་པའོ། །སྟངས་ནི་ཁམས་གསུམ་ལས་འདའ་བའི་གནད་དོ། །དེ་ལྟར་ཡང་གསེར་གྱི་མཁའ་ལྡིང་ལས། །ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་ཕྱིར། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། །དེས་ན་མཆོག་ཏུ་ལུས་ཀྱི་གནད། །རྣལ་འབྱོར་ཆེ་མཆོག་སྩོལ་བའོ། །ཞེས་པས་སོ། །དེ་ལ་སྤྲུལ་པ་ནི། ལུས་ལ་འབྱུང་བ་ལ་སོགས་པའི་བྱེད་ལས་སྣ་ཚོགས་པར་སྤྲུལ་པ་དག་པར་བྱེད་ལ། དེ་དག་ལས་སྒྱུ་མའི་སྐུར་སྨིན་པར་བྱེད་པ་སྟེ། བཞུགས་པ་གནས་པ་རྒྱུད་ལ་བརྟེན་པར་བྱེད་པའོ། །སྟངས་ནི་བརྟེན་པས་ཁམས་གསུམ་མི་ལྟོས་པར་བྱེད་པའོ། །དེ་ལྟར་ཡང་དེ་ཉིད་ལས། ལུས་ཀྱིས་ཚོགས་པ་དག་བྱེད་པ། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤིས་པས་གནད་དེ་བསྟུན། །དེ་ཉིད་ལས་གྲོལ་སངས་རྒྱས་པའོ། །ཞེས་པས་སོ། །དེ་ལྟར་བཞུགས་སྟངས་གསུམ་ཁོ་ནར་ངེས་ལ། གཅིག་གམ། གཉིས་སམ། ཡང་ན་བརྒྱ་སྟོང་ལ་སོགས་པར་བྱུང་ན་ཅིའི་སྟངས་ཞེས་པ་ནི། འདིར་ནི་འགྲོ་བ་རྣམས་ཉོན་མོངས་པ་གསུམ་གྱིས་ཁམས་གསུམ་དུ་ཁྲིད་པ་དེ་ལས་གྲོལ་བར་བྱེད་པས་ན་ཡང་གསུམ་དུ་ངེས་ལ། ཉོན་མོངས་པ་གསུམ་ལས་ལུས་ངག་ཡིད་གསུམ་དུ་སྨིན་པས་ཀྱང་གསུམ་དུ་ངེས་སོ། །དེ་ཡང་ཐོག་མ་སྲིད་པ་ལས་ཀྱི་འཁོར་ལོ་ལས། འདོད་ཆགས་མ་དག་པ་ལས་གཟུགས་སུ་སྨིན་པ་ནི། བྱའི་གཟུགས་སུ་བྱུང་པས། བྱ་བ་དང་བྱེད་པ་ལ་རྩོལ་བས། དེ་ལས་འགྲོ་བ་དག་གཙོ་ཆེ་བ་ལས་གྲུབ་སྟེ། གསུམ་འདུས་ཀྱང་ངག་སྨིན་གྱི་ལུས་ཅན་ཞེས་བྱ་སྟེ། ལུས་སུ་སྨིན་པའི་དུས་ན་ཡང་སྨྲ་བ་ལ་དགའ་ཞིང་། བརྗོད་བྱེད་ལ་བརྩོན་པར་བྱེད་ཅིང་། འདོད་པ་ཆེ་ལ་འདོད་ཆགས་ལ་དགའ་བ་གཅིག་འོང་སྟེ། དེ་ཉིད་རྣམ་དག་གི་ལམ་དུ་འཛུད་པའི་ཕྱིར་ལོངས་སྐུའི་བཞུགས་སྟངས་བསྟན་ཏེ། འགྲོ་བ་དེ་ལྟ་བུའི་ནི་མཆོག་ཏུ་ལོངས་སྐུའི་བཞུགས་སྟངས་རྟག་ཏུ་བྱས་ན། ཆོས་ཉིད་ཀྱི་དོན་ལ་མཆོག་ཏུ་མཁས་པའོ། །དེ་ཡང་སྲིད་པའི་འཁོར་ལོ་ལས་གཏི་མུག་མ་དག་པ་ལས་གཟུགས་སུ་སྨིན་པ་ནི། ཕག་ཏུ་བྱུང་ལ། དེ་ཉིད་བག་ལ་ཉལ་བ་སློང་བར་བྱེད་པ་ནི། འགྲོ་བ་ཡིད་གཙོ་ཆེ་བའི་གཟུགས་སུ་སྨིན་པས། འདིའི་གཟུགས་སུ་སྨིན་པའི་དུས་ན་སེམས་ཀྱི་འགྱུ་བ་མ་ཞི། བློ་འགྱུར་ལ་རྣམ་རྟོག་ཆེ། བརྗོད་པ་ལ་མི་དགའ་ལ། རྟག་ཏུ་གཉིད་ལ་དགའ་བར་འོང་། དེས་ནི་ཆོས་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན། ཆོས་ཉིད་ལ་དུས་ཐམས་ཅད་དུ་གནས་པར་ངེས་སོ། །ཡང་ཐོག་མ་ཞེ་སྡང་མ་དག་པ་ལས་གཟུགས་སུ་སྨིན་པ་ལས་སྤྲུལ་དུ་སྨིན་པ་ནི། ལུས་ཀྱི་བྱེད་པ་གཙོ་ཆེ་བའི་གཟུགས་སུ་བྱུང་བ་སྟེ། འདི་ཉིད་གཟུགས་སུ་སྨིན་པའི་དུས་ན་ཡང་ལུས་ཀྱི་བྱ་བ་ལ་དགའ་ཞིང་འགྲོ་འདོད། ལུས་སྟོབས་ཆེ་ལ་ལུས་བོང་རགས་ལ། ལུས་ཀྱི་བྱི་དོར་ལ་དགའ་བའི་ལུས་སུ་བྱུང་པ་སྟེ། འདིས་ནི་སྤྲུལ་པའི་སྐུ་བཞུགས་སྟངས་ལ་རྟག་ཏུ་གནས་ན་སངས་རྒྱས་པར་ངེས་སོ། །དེ་དག་ལ་ལུས་གྲངས་ནི་དཔག་ཏུ་མེད་དེ། འདིར་ཡི་གེ་མང་བས་མ་བྲིས་སོ། །དེས་འདོད་ཆགས་ཅན་སོ་ཐར་གྱི་ལམ་དུ་འཛུད་པ་དང་། ཞེ་སྡང་ཅན་སྔགས་ཀྱི་ལམ་དུ་བཟུད་པ་དང་། གཏི་མུག་ཅན་སྔགས་ཀྱི་ལམ་དུ་བཟུད་པའི་ཕྱིར་བཞུགས་སྟངས་གསུམ་དུ་ངེས་པའོ། །འགྲོ་བའི་སྨིན་སོ་ལུས་ངག་ཡིད་གསུམ་དུ་བྱུང་ནས་དེ་དག་གི་བཅིངས་པ་ལས་གྲོལ་བར་བྱེད་པས་ན་ཡང་། གསུམ་ཁོ་ནར་ངེས་ལ། དེས་ལས་མང་ན་མི་དགོས། དེ་ལས་ཉུང་ན་མི་ཚང་པས་གསུམ་ཁོ་ནར་ངེས་སོ། །ངག་གི་གནད་དུ་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེས་པ་སྟེ། འགྲོ་བ་གཞན་དང་ཚིག་མ་འདྲེན་པས་ལུས་འབྱོངས་པའི་དགོས་པའོ། །ལུས་འབྱོངས་པས་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རླབས་ནས། ལུས་སྒྱུ་མའི་སྐུར་འགྲོ་བའི་དེ་ནས་བརྗོད་བྱ་བཀག་པས་གང་འབྱོངས་ཏེ། དེ་འབྱོངས་པའི་རྟགས་སུ་མི་མ་ཡིན་རྣམས་དང་བརྡ་འཕྲོད་ཅིང་གཏམ་ཟེར་བ་དག་འོང་ངོ་། །ངག་གི་ཡང་བརྗོད་པ་དཀའ་བས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་པའི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །སེམས་ཀྱི་གནད་དུ་རིག་པ་ཉིད་གཏད་ས་ལས་མ་འདས་པས། ཆོས་ཉིད་མངོན་གསུམ་དུ་ཤར་ནས་སྣང་བ་བཞི་མཐར་ཕྱིན་པར་ངེས་སོ། །དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད་ཤེས་ཤིང་བསྟུན་པས་འཁོར་བ་ལས་གྲོལ། ཞེས་པས་སོ། །དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་གསུམ་རང་ཐོག་ཏུ་དབབ་པ་ནི། སྒོའི་གནད་དང་། ཡུལ་གྱི་གནད་དང་། རླུང་གི་གནད་དང་གསུམ་སྟེ། སྒོ་ནི་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱས་ཏེ། དེ་ལྟར་དཔལ་ནམ་མཁའ་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་དབྱིངས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་བསྒྲོལ། ཞེས་པས་སོ། །དེ་ཡང་གཟིགས་སྟངས་གསུམ་ཁོ་ནར་ངེས་པར་ཅིས་ཞེ་ན། འདི་ནི་གང་ཟག་གསུམ་ལ་གཟིགས་པ་ཡིན་ལ། ལེ་ལོ་ཅན་ལ་ལོངས་སྐུའོ། །བརྩོན་འགྲུས་ཅན་ལ་སྤྲུལ་པའི་སྐུའོ། །བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན། གསུམ་ཁོ་ནར་ངེས་པའོ། །དེ་ཡང་གཟིགས་ནི་ཆོས་ཉིད་ལ་གཟིགས་པས་རྣམ་དག་བསྒྲིབ་པ་ཟད་པའོ། སྟངས་ཀྱི་འཁོར་བ་ལས་གྲོལ་བར་བྱེད་པའོ། །ཡུལ་ནི་ཕྱིིའི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་དང་། ནང་ནི་དབྱིངས་རྣམ་པར་དག་པ་མཛོད་སྤུ་ནས་དྲངས་པའོ། །ཕྱི་ནི་རིག་པ་འཆར་བའི་ཡུལ་ལ། ནང་ནི་ཉམས་འཕེལ་བའི་ཡུལ་ལོ། །དེ་ལྟར་རིག་པ་དང་མཉམ་གཉིས་གཉིས་སུ་མེད་པ་ལས། འཁོར་འདས་འདྲེས་པ་ཞེས་བྱའོ། །རླུང་རིག་གི་གནད་ནི། རླུང་དལ་བ་བརྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ་བའོ། །རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུང་ཟད་ནས། འཁྲུལ་པ་གཞི་ལ་ལོག་ནས་ཡེ་ཤེས་མ་བུ་འཕྲད་པའོ། །དེ་ལ་རིག་པ་རླུང་དང་བྲལ་ནས་འགྲོ་འོང་མེད་པ་ནི། རིག་པ་ལ་བྱན་ཚུད་པའོ། །དེ་ཡང་ཁྲིད་ཀྱི་ལུགས་སུ་སློབ་ན། ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྦྱང་པ་ལ་དེ་ཙམ་ཞིག །དེ་ནས་ཡུལ་བརྩལ་བ་ལ་ཉི་མ་དྲུག་ནས་བདུན་དུ་བྱས་ནས། དེ་མངོན་གསུམ་རང་ཐོག་ཏུ་ཕབ་ནས། དེ་ནས་དུས་ཐམས་ཅད་དུ་ཉམས་སུ་བླང་པ་ལས་སྣང་བ་བཞི་འཆར་བ་ནི། ཆོས་ནི་འདུས་པ། ཉིད་ནི་མ་བཅོས་པ། མངོན་པ་ནི་ཡུལ་དངོས་སུ་སྣང་བ་ནི། །གསུམ་གྱི་སྒོ་དང་། ཡུལ་དང་། རིག་པ་གསུམ་ལས་བྱུང་བའོ། །སྣང་བ་ནི་ཡིད་ཀྱིས་སྤྱད་པ་མ་ཡིན་པའོ། །དེ་ལས་ཉམས་གོང་འཕེལ་གྱི་སྣང་བ་འཆར་བ་ནི་ཉམས་ནི་སྣང་བའི་ཉམས་དང་ཤེས་པའོ། །རིག་པ་ནི་ཅི་མི་སྙམ་དུ་འགྱུར་བ་དང་། མངོན་པ་ཤེས་པ་དྲུག་འཆར་བ་དང་། འགྲོ་བ་དྲུག་གི་རྟོག་པ་ཁོངས་སུ་ཆུད་པ་ལ་སོགས་པའོ། །སྣང་བའི་ཉམས་ནི་ཡེ་ཤེས་ལྔ་ཡི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་དང་། འཕེལ་བ་ནི་གོང་ནས་གོང་དུ་མི་འདྲ་བ་འཆར་བའོ། །དེ་ཡང་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་ནི། །རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁ་དོག་དཀར་བའི་སྣམ་བུར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཁ་དོག་མཐིང་གའི་སྣམ་བུར་འཆར་བ་དང་། རྣམ་སྣང་གི་གདངས་མཐིང་བ་ལ་གནས་པར་འཆར་བའོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁ་དོག་སེར་པོའི་སྣམ་བུར་དང་། རིན་ཆེན་འབྱུང་ལྡན་གྱི་གདངས་སེར་བ་ལས་གསེར་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་ལ་བྱི་རུའི་མདོག་ལྟ་བུ་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་ཁུའི་རྣམ་པར་འཆར། དོན་ཡོད་གྲུབ་པའི་ཡེ་ཤེས་ལྗང་ཁུའི་རྣམ་པར་འཆར། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ལས་ཨིནྡྲ་ནི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པའོ། །དེ་ལས་སྣང་བའི་འཕེལ་ནི། སོ་སོའི་གཙོ་བོས་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་སྣང་བའོ། དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས། མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། །དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་བ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། །འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའོ། །དེ་ནས་སོ་སོར་རྟོགས་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བ་འཕྲ་བ་འགགས་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པར་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་འགགས་པ་ལས་བྱུང་བའོ། །དེ་དག་ལ་མ་སྐྱེས་པའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་རབ་ཏུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་བདུན་བདུན། ཐ་མ་རྣམས་ལ་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་རྣམ་བ་དེ་དག་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི། །ཐང་གཅིག་ཏུ་གནས་པ་དག་པ་འབྱུང་བའོ། །དེ་ནས་དེ་དག་ནུབ་ནས་ཡང་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པར་དང་འདྲ་བ་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲྭ་བ་ཕྱེད་པ་ལྟར་འཆར་ཏེ། དེ་ནི་རླུང་གི་སྦྱངས་བ་དག་པ་ལས་བྱུང་བའོ། །དེ་ལས་དྲྭ་བར་སྣང་བ་ནི། སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་པའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་མ་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཕར་བ་ནི། སྔོན་འགྲོ་ལས་སོ། །བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུ་ནི། རང་བཞིན་མ་བཅོས་པ་ལས་གྲུབ་པའོ། །དེ་ལས་འཁོར་ལོ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ནི། །སྔོན་འགྲོ་ལ་སོགས། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབས་སུ་སྣང་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་པའོ། །དེ་ནི་ཟ་འོག་གི་གུར་ཁྱིམ་ལྟ་བུ་ནི། སྔོན་འགྲོ་དག་པར་སྦྱངས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་གཅིག་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་གོ །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པ་བསླང་པ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ་འོད་དེ་དག་ཐིག་ལེར་འཆར་བ་ནི། ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་སྦྲེལ་དུ་སྣང་བ་ནི། ཐབས་དང་ཤེས་རབ་རྣམ་པ་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ཡེ་ཤེས་ལྔ་ལས་བྱན་ཚུད་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་རེ་རེ་ལ་སྐུ་ཕྱེད་མ་རེ་སྣང་བ་ནི། སྤྲུལ་པའི་སྐུ་སྦྱང་པ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་བ་རེ་སྣང་བ་ནི། སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་གསུམ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་སྣང་གྱུར་བ་ནི། ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུ་དཀྱིལ་འཁོར་དང་བཅས་པར་སྣང་བ་ནི། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ལས་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཆད་དེ། ཕྱིས་མི་སྐྱེ་བའི་རྟགས་སོ། །དེ་ལ་རིག་པ་ནི་གཞི་ལ་གནས་པའི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོག་ཏུ་ཚུད་པས་སྐུ་སྣང་བའོ། །ལམ་ཟད་དུ་ཉེ་བས་དལ་རྫོགས་པ་རྣམས་སོ། །ཚད་ནི་སྐུ་ཡི་དལ་རྫོགས་པ་རྣམས་སོ། །ཕེབས་པ་ནི་དེ་ལས་འདས་པ་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་རང་ངོ་ལ་བཅོས་སུ་མེད་པའོ། །དེ་ནས་ཟླ་བ་མར་བྲི་བ་ལྟར། ཡང་སྐུ་དེ་ཡལ་ནས་ཐིག་ལེ་ལ་ཐུག་པ་ལ་སོགས་པ། དང་པོའི་ས་ལ་ངེས་པར་སྣང་བའོ། །དེ་ནི་དང་པོ་ཕྱི་སྣོད་ཀྱི་ཆགས་ལུགས་ཞིག་པ་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཡར་སྐྱེ་བ་དང་མར་འགྲིབ་པ་ཟད་པའི་རྟགས་སོ། །དེ་དག་མ་ཟད་ན་བདག་ཁམས་གསུམ་ལས་མི་གྲོལ་བས་སོ། །དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཟད་པས་བརྟེན་ས་མེད་པས་བཟློག་ས་མེད་པའི་གནད། ནང་བཅུད་ཀྱི་སེམས་ཅན་ཟད་པས་སྐྱེ་བ་རྒྱུན་ཆད་པས་ད་རིག་པ་ཉིད་འཆི་བ་དང་བྲལ་བའོ། །དེ་ནས་སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དེ། འདི་ཡིན་འདི་མིན་གྱི་བརྗོད་པར་དཀའ་བས། ཆོས་ཉིད་ཟད་པ་ཞེས་བྱ་སྟེ། དོན་གྱིས་འབྲས་བུའོ། །འབྲས་བུས་ནི་གང་ཟག་གིས་འདི་ཡིན་འདི་མིན་གྱི་བརྗོད་པར་དཀའ་འོ། །འདིའི་དུས་ན་ཆོས་ཙམ་དུ་ཡང་དམིགས་པ་མེད་པ་ན་ཆོས་ཟད་པ་ཞེས་བྱའོ། །ཟད་ལུགས་ནི་རིམ་གྱིས་ཟད་པ་ནི། སྣང་བ་བཞི་ཚད་དུ་ཕྱིན་པའི་ལུགས་སོ། །ཆོས་ཉིད་མངོན་གསུམ་མཐོང་ནས་གོམས་པར་བྱས་པ་ལས་ཉམས་ལ་སོགས་པའི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དོ། །འདི་ནི་བློ་མཆོག་ཏུ་གཅིག་པ་ཞེས་བྱའོ། །དེ་ལས་མཐའ་རྟེན་གྱི་མན་ངག་ནི་ས་ཟིན་མེད་དེ་གོང་མ་རྣམས་ཀྱི་ཟླ་ལ་ཡར་སྡུད་པ་སྟེ། གོང་མའི་ནན་ཅག་ཏུ་བྱུང་བའོ། །འདི་ནི་སྐབས་ནས་ཤེས་པར་བྱའོ། །སྔོན་འགྲོ་ལ་སོགས་པ་ལྷག་མ་ཁ་སྐོང་བ་ལས་ཤེས། དངོས་གཞི་དེ་གཞུང་ནས་སྦྱར་ནས་ཚིག་གི་དོན་ནི། །གནད་ནི་སྐྱེས་པའི་སྙིང་ལ་མདས་ཟིན་པའི་མོད་ལ་འཆི་བ་དང་འདྲ་བར། ཆོས་ཉིད་མངོན་གསུམ་གྱི་གནད་བསྟན་པ་ཙམ་གྱིས་གྲོལ་བར་ངེས་སོ། །རྣམ་པ་ནི་གྲངས། གསུམ་ནི་གྲངས། དེ་དག་སའི་ས། དེ་གང་དུ་བསྟན་པའི་དོན་ནི་ཆོས་ཉིད། ཉམས་ནི་གོམས་པར་བྱེད་པ། བླང་པ་ནི་དངོས་གྲུབ་ཀྱི་དོན་ནོ། །ལུས་ནི་འབྱུང་བ་འཕྲ་རགས་ལས་གྲུབ་པས་དེ་དག་པའི་དོན་དུ་འདུག་སྟངས་ལ་བསླབ་བོ། །སྒོ་ནི་ཡེ་ཤེས་འཆར་བའི་སྒོ་མིག་འཁོར་བའི་གཟུགས་འཛིན་པས། །དེ་དག་པར་བྱེད་པའི་དོན་དུ་གཟིགས་སྟངས་ལ་བསླབ་བོ། །ལུས་ནི་འདོད་པའི་ཡོན་ཏན་ལྔ་ཐ་དད་དུ་འཛིན་པའི་ཁམས་གསུམ་དུ་ཁྲིད་པར་བྱེད་པ་སྟེ། དེ་དག་པར་བྱེད་པའི་དོན་དུ་ནམ་མཁའ་སྟོང་པ་གང་གིས་ཀྱང་མ་གོས་པ་ལ་བཏང་ངོ་། །ཉིད་ནི་དེ་དག་ལས་མ་འདས་པར་བཞག་པའོ། །དེ་ནི་དེ་དག་བྱས་ནས་སངས་རྒྱས་ངེས་སོ་ཞེས་པའོ། །དེ་ལ་གང་གི་ལུས་ཀྱི་རྒྱས་པར་བསྟན་པ་ནི། གནད་ནི་ལུས་བཅུན་པས་ཡེ་ཤེས་འཆར་བ་ནི། མཐོངས་ཕྱེ་བས་ནམ་མཁའ་གསལ་པ་དང་འདྲའོ། །རྣམ་པ་ནི་འཇུག་པར་བྱེད་པ་ལ། གསུམ་གྲངས་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་འོག་ཏུ་དཔེ་གསུམ་ལས་སྦྱོར་བ་འོག་ནས་བསྟན་ནོ། །སེང་གེ་ནི་རྩ་གནད་ལ་ཕབ་པས་འབྲས་བུ་ཉེ་བར་ཐོབ་པའི་དགོས་པ་ཡོད་དོ། ཚུལ་དང་མི་ཁྱི་ཚུགས་སུ་འདུག་པ་དང་། ལག་མཐིལ་གཉིས་ས་ལ་གཅར་བས་བཟུང་བ་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་ཡེ་ཤེས་ཀྱི་སྣང་བ་མཐོང་ལ། ནང་བཟུང་བ་ཡུལ་གྱི་རྟོག་པ་རྒྱུན་ཆད་དོ། །རྐང་མཐིལ་ས་ལ་མཉམ་པར་ཕབ་སྟེ་ལུས་ཁྱི་ཚུགས་སུ་འདུག་པ་ནི། །ཁྱབ་པ་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་སྣང་བ་སྡོད་པ་དང་། ནང་དུ་ཞེན་པ་དང་བྲལ་བར་འགྱུར་རོ། །རོ་སྟོད་བསྲོང་ས་ལ་བོར་ནས་མཇིང་པ་བསླང་བ་ནི། འཕེན་པ་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱི་རུ་ཡེ་ཤེས་ཕྱོགས་དག་པའི་སྣང་བ་སྡོད་པ་དང་། ནང་དུ་ཉོན་མོངས་པའི་རྒྱུན་དུམ་བུར་འགག་པར་འགྱུར་རོ། །གླང་ཆེན་ནི་སྟོབས་ཆེ་བ་དང་། ཁྱད་པར་ཆེ་བ་ལ་ཚུལ་ནི་ཁ་སྦུབ་པ་ནི་ཟིལ་གྱིས་གནོན་ལ། རྐང་ལག་བཞི་ས་ལ་རྐང་པའི་ཐེ་བོང་ས་ལ་བཙུགས་པ་ཕྱིར་ཕུལ་བ་ནི། །རྟོག་པ་དུ་མའི་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་འཁྲུལ་སྣང་འགག་ལ། ནང་དུ་ལུས་སེམས་ལ་དྲོད་སྐྱེ་བའོ། །ལག་པའི་མཐིལ་ས་ལ་བཅར་བ་ནི། འགྱུ་བ་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་ཐིག་ལེ་དང་ཐིག་ཕྲན་དུ་འཆར་ལ། ནང་དུ་ཉིན་མཚན་མེད་པའི་ཉམས་འབྱུང་། མཇིང་པ་ཡིད་ཙམ་དབྱེ་བ་ནི། འཛིན་པ་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་སྐུའི་སྣང་བ་མཐོང་ལ། ནང་དུ་རླུང་གི་འགྱུ་བ་ཟད་པར་འགྱུར་རོ། །དྲང་སྲོང་ནི་ལུས་མ་འཁྲུལ་པས་རྩ་དྲངས་པོར་འགྱུར་ལ། དེ་སྲོང་པའི་ཐབས་བྱས་པས་རླུང་དབུ་མར་བྱུང་པས་རྣམ་པར་རྟོག་པ་ཐ་དད་པ་འགག་པའོ། །ལྟ་བུ་ནི་དཔེ་ཤེས་པར་བྱ་བ་ནི། ལུས་པུས་བྲང་ལ་སྦྱར་ཏེ་ཙོག་པུར་འདུག་པས། འཕྲ་བ་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། དེ་ལོག་པས་ཕྱིར་སྐུ་སྣ་ཚོགས་པར་སྣང་ལ། ནང་དུ་སེམས་གང་དུ་ཡང་སྡོད་པའོ། །རྐང་པའི་མཐིལ་ས་ལ་མནན་པས་སྲོག་རྩོལ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཕྱིར་དྲོད་སྐྱེ། ནང་དུ་ཆོས་ཉིད་སྐྱེ་བ་མེད་པའི་ཉམས་སྐྱེ་བའོ། །ལག་པ་མཇིང་པ་ལ་འཁྱུད་དེ་བསྲང་བ་ནི། འདེབས་པ་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། དེ་ལོག་པས་རྟོག་པ་དུ་མ་འགག །ཕྱིར་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའོ། །སྒོ་ནི་མིག་གི་གཟིགས་སྟངས་ལས་མི་འདའ། དེ་ཉིད་ནི་མིག་མ་འགུལ་བས་ལུས་མ་འགུལ། དེ་མ་འགུལ་བས་རྩ་མ་འགུལ། དེ་མ་འགུལ་བས་རླུང་མ་འགུལ། དེ་མ་མགུལ་བས་རྟོག་པ་འགགས་ངེས་སོ། །གསལ་བྱེད་གཟུགས་སྣང་བར་བྱེད་ལ། རྣམ་པ་ནི་མིག་གཉིས་མ་འགུལ་བས་དབྱིངས་རིག་པ་གཉིས་རང་བཞིན་གྱིས་དལ་བ་རྙེད་དོ། །གོང་མའི་ཡུལ་ཕྱིའི་ནམ་མ་འགྱུར་བ། མཁའ་དག་པ། ཉིད་སྤྲིན་དང་བག་རྡུལ་གྱིས་མ་སྒྲིབ་པ། འགུལ་བ་ཡིན་པ་སྒོ་དང་འབྲེལ་བ་མེད་པར་བསྡད་པ། ཡུལ་གྱི་ནམ་མཁའ། གནད་ཀྱང་གཏད་པ། རྣམ་པ་རིག་པ། གསུམ་ཕྱི་ནང་གསང་བ་དེ་ལྟར་བསྟུན་པ་ལས། དག་པའི་དྲི་མ་མེད་པ། དབྱིངས་ནི་རིག་པའི་ཡུལ། སྡོད་པ་དང་། རླུང་ཟད་པས། དེ་གོང་ལ། བཞིན་ཆོས་ཉིད་རིག་པའི་ངོ་བོ་ལུ་གུ་རྒྱུད། སྡོད་པ་གོམས་པས་ཕྱིའི་སྣང་བ་སྐུ་དང་ཡེ་ཤེས་སུ་ཤར་བས། འཁྲུལ་བ་རང་བཞིན་གྱིས་ཐམས་ཅད་སྡོད་པ་ནི། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཐོབ་པ་ཞེས་བྱའོ། །དེ་ལ་ཡིད་མ་འགྱུས་པས་རིག་པ་བརྩོན་དུ་ཟིན་པའི་མན་ངག་ནི། རླུང་གི་འགྱུ་བ་མེད་པས་འགྱུ་བ་རང་སོར་གནས་པ་ནི། ཆོས་ཉིད་མངོན་དུ་གྱུར་པ་འོ། །བསམ་པ་དང་བྲལ་བའི་སེམས་ནི་རླུང་གིས་མ་བསྐྱོད་པས། ཡིད་ཀྱི་འགྱུ་བ་མེད་པར། གློ་བུར་གྱི་དྲན་པ་སངས་པ་ནི། ཡེ་ནས་བློ་དང་བྲལ་བས་སོ། །དེ་ཉིད་རང་ངོ་ལ་གནས་པས་རིག་པ་ལ། དེ་ཉིད་དབུགས་དང་བྲལ་བས་མི་འགྱུར། འབྲས་བུ་སྐུ་གསུམ་དུ་རང་གསལ་བས། རང་ལས་བྱུང་བའི་གནད་དོ། །ཡིད་ཀྱི་དལ་བས་ཡུལ་ལ་བདག་ཏུ་མ་བཟུང་བས་རྣམ་རྟོག་ལས་ཀྱི་རླུང་འགག དེ་འགག་པས་ཅིར་སྣང་ཆོས་ཉིད་དུ་འཆར་བའོ། །སེམས་རང སོར་བཞག་ནས་དལ་བས་ཡིད་ཀྱི་རྟོག་པ་རང་ལོགས་ཏེ། དྲན་པ་གློ་བུར་བའི་རྒྱུན་འགགས་པ་ནི། ཕྱི་ནང་གཉིས་སུ་མེད་པའི་ཡེ་ཤེས་སོ། །རིག་པ་ལུ་གུ་རྒྱུད་བརྩོན་དུ་ཟིན་པས། རླུང་གི་དལ་བ་རྙེད་པས་སྣང་བ་ཐམས་ཅད། སྐུ་ལྔ་ལྔར་ཤར་བས་འཁྲུལ་པའི་སྣང་བ་དུས་གཅིག་ལ་འགགས་པའོ། །དེ་ནི་རིག་པ་ནམ་མཁའ་ལ་ཤར་བས་འབྱུང་བ་འཕྲ་རགས་ཀྱི་སྣང་བས་བསྒྲིབ་པའི་རྐྱེན་རྡུལ་ཕྲ་རབ་རྣམས་འགགས་པས། ཕྱི་ཡུལ་གྱི་སྣང་བ་ལ་དབྱིངས་ཀྱི་སྒྲོན་མ་དམིགས་ན་འོད་ལྔ་རང་ཤར་བས་ཕྲ་བ་རྡུལ་དང་། རྡུལ་ཕྲན་ལ། རགས་པ་ས་ཆུ་མེ་རླུང་གི་འབྱུང་བ་རྣམས་མཐར་གྱིས་འཕྲར་སོང་པས། སྣང་བ་འོད་གསལ་དུ་ཤར་བས་ཕྱི་འབྱུང་བ་འགགས། ནང་དུ་ཉོན་མོངས་པ་རགས་པ་རྣམས་མཐར་གྱིས་ཕྲ་བ་བག་ལ་ཉལ་ཐིམ་པས། བཟུང་འཛིན་འགགས་སོ། །དེ་ལྟར་ཉམས་སུ་བླང་པས་དབྱིངས་ཀྱི་གོ་རར་རིག་པ་ཚུད་པས་འཁྲུལ་སྣང་ཆོས་ཉིད་དུ་ཤར་བས། ཡུལ་ལྔ་ལ་བཟུང་བ་དང་འཛིན་པའི་སེམས་འགགས་པས་འཁྲུལ་པ་རྒྱུན་ཆད་པའོ། །ཞེས་ནང་དོན་བདུན་པ་དེ་ཉིད་རྟོགས་པར་བྱེད་པའི་མན་ངག་བསྟན་ནས། ད་ནི་ནང་དོན་བརྒྱད་པ་དེ་ཉིད་རང་གི་ངེས་ཚིག་བསྟན་པ་ནི། དེ་ལྟར་ནི་གོང་དུ་བསྟན་པ་ལས། མཚོན་བྱེད་ནི་རང་གཞིའམ་ས་བོན་མཚོན་པར་བྱེད་པའི་ཐབས་ཀྱི་མན་ངག་སྟོན་པར་བྱེད་པའི་རྒྱུད་ནི། སོ་སོ་རང་རང་གི་རྒྱུད་ལ་ཡེ་ནས་མ་སྐྱེད་པར་རྫོགས་པར་གནས་པས་རྒྱུད་ཅེས་བྱའོ། །དེ་ཉིད་མཚོན་པར་བྱེད་པའི་ཐབས་ཞེས་བྱ་བ་ཡིན་ནོ། །དེ་རང་གི་ལུས་ལ་རྒྱུན་དུ་གནས་པས་རྒྱུད་ཅེས་བྱ་བ་ཡིན་པས་ན། མཚོན་བྱེད་ཐབས་ཀྱི་རྒྱུད་ཀྱི་ངེས་ཚིག་གོ །ཞེས་དེ་དག་གིས་ནི་བསྡུས་པའི་དོན་དང་པོ་ཐབས་ཀྱི་རྒྱུད་ཀྱི་དོན་བསྟན་པ་ལས་ཡན་ལག་གི་དོན་བརྒྱད་དུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གཉིས་པ་རང་བཞིན་གྱི་རྒྱུད་ཀྱི་དོན་བསྟན་པ་ལ་ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། རང་བཞིན་གྱི་རྒྱུད་རང་གི་ངོ་བོ་བསྟན་པ་ནི། དེ་གོང་མ་བཞིན་ལམ་གཤེགས་པའི་ཤེས་བྱ་རང་ཐོག་ཏུ་གནས་པའི་རང་བཞིན་ནི་མ་བཅོས་ལྷུག་པ་ཉིད་ཀྱི་རིག་པའོ། །རྒྱུད་ཀྱི་སྙིང་པོ་ནི་རིག་པའི་གནས་ལུགས། དེ་ཡང་ཤེས་རབ་ཀྱིས་ཕྱེ་ན་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་གང་གིས་ཀྱང་རྟོགས་པར་དཀའ་བའི་ཕྱིར། ཡིད་དཔྱོད་ཀྱིས་འདི་ཉིད་ཤེས་པ་མ་ཡིན་ཏེ་དེའི་དོན་བརྗོད་པར་དཀའ་བས་མི་འབྱེད། དེ་ཉིད་སྲ་ཞིང་བརྟན་པས་རྡོ་རྗེ། དེའི་རང་བཞིན་ལྷུན་གྲུབ་ཏུ་གནས་པས། ལུས་ཅན་ཀུན་གྱི་གཞི་ཡིན་ལ། རང་གཞན་རྣམ་པར་གཅད་པ་རྒྱུད་རང་གི་ལུས་ཡོད་པའི་དོན་དེ་མཚོན་པའི་གཞི་སངས་རྒྱས་དང་སེམས་ཅན་ཀུན་ལ་ཁྱད་མེད་དུ་ངོ་བོར་གཅིག་པའི་ཕྱིར་ན། དེའི་རང་བཞིན་ཅིས་ཞེ་ན། སྟོང་པ་ཉིད་ངོ་བོ་ངོས་བཟུང་ལས་འདས་པར་གཅིག་པས་ན། གཞི་སངས་རྒྱས་དང་སེམས་ཅན་དུ་གཅིག་པས། གང་ཡང་མ་རྫོགས་པ་མེད་པས་སྤང་དུ་མེད་ལ། དེ་ལ་ཕྲ་རགས་བདག་ཏུ་འཛིན་པའི་དྲི་མ་སངས་པས་བསླང་རྒྱུ་མེད་ལ། དེ་ཉིད་རང་བཞིན་གཉུག་མས་རྒྱས་པས་དགག་སྒྲུབ་ཀྱི་མཐའ་ལས་ལོག་པ་སྟེ། དེ་བསྐྱེད་པས་ན་ཡུལ་ཞེས་གདགས་སུ་བཏུབ་བོ། །རྒྱུད་བྲེང་ཆགས་པ་ཀྱི་ནི་དེ་དང་གང་ཟག་ཏུ་འབྲེལ་པ། སྙིང་པོ་དང་། གཞི་དང་། བཅུད་ཀྱི་རྒྱུད་གསུམ་གཅིག་ཏུ་དྲིལ་པས་ན། བྷུདྡྷ་དང་སེམས་ཅན་གཞི་གཅིག་པ་ཞེས་བྱའོ། །ཞེས་ནང་དོན་དང་པོ་རང་བཞིན་གྱི་རྒྱུད་རང་གི་ངོ་བོ་བསྟན་ནས། ད་ནི་ནང་དོན་གཉིས་པ་དབྱེ་བ་དང་གཞི་རང་བཞིན་གྱི་རྒྱུད་ཀྱི་གནས་ལུགས་བསྟན་པ་ནི། རང་བཞིན་ནི་གནས་ལུགས། རྒྱུད་ནི་ལུས་ཅན་དང་འབྲེལ་བ། འདི་ལྟ་སྟེ་ནི་བཤད་པར་བྱའོ་ཞེས་པའོ། །གཞི་ཐོག་མ་དང་ཐ་མའི་རིག་པ་དང་། དེ་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པས་གཞི་རྒྱུད་དོ། །སྙིང་པོའི་རྒྱུད་ནི། ལུ་གུ་རྒྱུད་རང་ངོ་ན་གསལ་བ། བཅུད་ཀྱི་རྒྱུད་རིག་པའི་དྭངས་པ་འོད་དུ་གསལ་བ་ཉིད་དོ། །དེ་ལ་གཞི་རྒྱུད་བཤད་ན་ནི། ངོ་བོ་ནི་ཀ་ནས་དག་པས་མ་རིག་པའི་མིང་མེད་པས། འཁྲུལ་པས་བཏགས་པ་ཙམ་དུ་ཡང་ཡོད་མ་མྱོང་། དེ་ལྟར་ཡོད་མ་མྱོང་པས་ད་ལྟ་འཁྲུལ་པ་ཞེས་ཐ་སྙད་ཚིག་ཙམ་དུ་ཡང་མེད། དེ་མེད་པས་ཕྱིས་འཁྲུལ་པར་འགྲོ་བ་དང་། འགྲོ་རྐྱེན་དང་། སོང་བའི་གནས་མེད་དོ། །རང་བཞིན་ནི་ལྷུན་གྲུབ་གྱི་རྩལ་སྣ་ཚོགས་སུ་སྣང་བས་དགག་བསྒྲུབ་པའི་རིག་པ་ཕྱོགས་མེད་དུ་ཤར་བས། ཐམས་ཅད་ལ་མ་ཁྱབ་པ་མེད་ཅིང་། ཐམས་ཅད་དུ་བྱུང་ཞིང་ཐམས་ཅད་དུ་སྣང་བས། ལྷུན་གྲུབ་ས་བོན་གྱི་ཚུལ་དུ་བཞུགས་པ་ལས་འབྲས་བུ་ཐ་དད་པར་བྱུང་བར་ཐམས་ཅད་དགག་ཏུ་མ་བཏུབ་པའོ། །ཐུགས་རྗེ་ནི་ཀུན་ལ་ཁྱབ་དགག་ཏུ་མ་བཏུབ་ལ། ཐམས་ཅད་དུ་གསལ་ཞིང་འབྱེད་པ་མེད་པས་སྣང་ཆ་སྣ་ཚོགས་སུ་བྱུང་བའི་རིག་པ་རང་སྣང་བའོ། །འཆར་བྱེད་མ་འགགས་པས་གོང་ལྟར་ཡང་སྣང་། ཅིར་ཡང་བྱུང་བའོ། །ཡང་ངོ་བོ་ལ་ངོ་བོ་ཀ་དག་གི་ཡེ་ཤེས་སུ་ཤར་བས་འཁྲུལ་པའི་མིང་མེད། རང་བཞིན་ལྷུན་གྲུབ་གྱི་ཡེ་ཤེས་སུ་ཤར་པས་འགག་མེད་ཀྱི་རིག་པའོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་ཤར་བས། སྣང་སྟོང་ཐ་དད་པའི་བདག་ཉིད་དུ་བྱུང་བའོ། །དེ་ལྟར་གསུམ་གྱི་བདག་ཉིད་དུ་ད་ལྟའི་དུས་ན་ལུས་ཅན་ཀུན་ལ་ཡང་གནས་པས་སངས་རྒྱར་བཏུབ་པའོ། །དེ་ཡང་ངོ་བོ་ཡེ་ནས་མ་རིག་པའི་དྲི་མ་ཀ་ནི་ཐོག་མར་མཚོན་པའམ་གཞི་ཡིན་པས་སོ། །དག་པ་ནི་བྱས་པའམ་འབད་པ་ལྟ་བུ་མིན་ཏེ། ཡེ་ནས་ལྷར་གནས་པའོ། །འདུས་བ་འོང་བ་མེད་པས་ན། འབྲལ་བ་འགྲོ་བ་མེད་པས་ན། དེ་ལྟར་འགྲོ་འོང་མེད་པའི་ཉག་གཅིག་ཏུ་གནས་པའོ། །ལས་ཀྱི་མཐར་སངས་པས་ཁམས་གསུམ་རྒྱུན་ཆད། རྟོགས་པ་སྔོན་དུ་རྒྱས་པས་ཉོན་མོངས་ཀྱི་གཞི་སྟོངས། རང་བཞིན་ལ་ལྷུན་གྱིས་གྲུབ་པ་རྣམས་ཀྱིས་མི་ཤེས་པས་གསང་བ་ཡིན་པས། བླ་མའི་མན་ངག་མེད་པ་རྣམས་ཀྱིས་མི་ཤེས་པ་ཆེན་པོ་ཡིན་ནོ། །ཞེས་ནང་དོན་གཉིས་པ་དབྱེ་བ་དང་གཞི་རང་བཞིན་གྱི་རྒྱུད་ཀྱི་གནས་ལུགས་བསྟན་ནས། ད་ནི་ནང་དོན་གསུམ་པ་སྙིང་པོ་རང་བཞིན་གྱི་རྒྱུད་ཀྱི་དོན་བསྟན་པ་ནི། དེ་ཡང་སྐུ་གསུམ་ནི་རིག་པ་ཉིད་སྐུ་གསུམ་ཡེ་ཤེས་ལྔའི་སྙིང་པོར་རྫོགས་པའི་རིག་པ་ནི། རིག་པ་སྟོང་དུ་གནས་པས་སྐུའི་རྒྱུད་ནི་སྟོང་པ་ཡིན་པས་དངོས་པོ་ལས་འདས་པའོ། །དེ་ཀུན་ཁྱབ་པས་ལུས་ཅན་རྣམས་རང་གྲོལ་བའོ། །གསལ་བ་ཉིད་ཀྱང་ནི། རིག་པ་དང་། རིག་པ་ལས་བྱུང་བའི་ཡེ་ཤེས། ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བའི་འོད་རང་སྣང་ངོ་། །དེ་ཡང་བཟུང་ཡུལ་དུ་མེད་པས་མི་སྣང་ཡུལ་སྣང་ཡུལ་དུ་ཡོད་པས་གསལ་བའི་དེ་ཉིད་མ་བཅོས་པས་རང་བཞིན་ཅན་ཞེས་བྱའོ། །དེ་ཐམས་ཅད་ཀྱི་སྙིང་པོ་ཤར་བས། རིག་པ་ཉིད་ཀྱི་ནང་ཐམས་ཅད་ཀྱི་རང་བཞིན་རྫོགས་པའི་ཕྱིར་ན། རང་བཞིན་གྱི་རྒྱུད་ཅེས་བྱའོ། །དེའི་ཕྱིར་ན་འདི་ལྟར་སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ་ཐམས་ཅད་འདས་པ་དང་། ད་ལྟ་གཉིས་འབྲེལ་ཞིང་བྲེང་ཆགས་པས་ན་རྒྱུད་དོ། །དེའི་རང་བཞིན་སེམས་ཅན་ཀུན་གྱི་ཙི་ཏའི་དཀྱིལ་དུ་སྐུ་ཡེ་ཤེས་སུམ་རྩེགས་ཀྱི་རང་བཞིན་དུ་གནས་པའོ། །དེ་སུས་ཀྱང་མ་བསྐྱེད་པར་ཡེ་ནས་རྫོགས་པའི་སྙིང་པོ་ཡིན་པས་ན། གང་གིས་ཀྱང་བཅོས་མ་ལས་འདས་པའོ། །གོང་དུ་བསྟན་པ་དེའི་ཕྱིར་ན་གཅིག་ཏུ་དྲིལ་བས་སྙིང་པོའི་རྒྱུད་ཅེས་བྱའོ། །འཁོར་འདས་ཀུན་གྱི་སྲོག་འཛིན་པར་འགྱུར་བའི་ཕྱིར་ན། སྙིང་པོའི་རྒྱུད་ཅེས་འདས་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་བཤད་དོ། །ཞེས་ནང་དོན་གསུམ་པ་སྙིང་པོ་རང་བཞིན་གྱི་རྒྱུད་ཀྱི་དོན་བསྟན་ནས། ད་ནི་ནང་དོན་བཞི་པ་བཅུད་རང་བཞིན་གྱི་རྒྱུད་དོན་རྒྱས་པར་བསྟན་པ་ནི། འདས་པའི་ལས་བག་ཆགས་འགྲོན་པོ་ལ་བརྒལ་བ་ལྟར་སངས་ལ། མ་འོངས་པ་ལ་དྲན་པའི་ལས་ལ་འཇུག་པ་མ་སྐྱེས་པ་ལྟར་སངས་ལ། ད་ལྟར་གྱི་རྟོག་པ་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སངས་སོ། །འདས་པའི་དགེ་བའི་རྩ་བ་ས་བོན་ལ་ལོ་འདབ་རྒྱས་པ་ལྟར་རྒྱས་ལ། མ་འོངས་པ་གསེར་དང་སེར་པོ་རང་ཆས་པ་ལྟར་རྒྱས། ད་ལྟའི་བཏབ་པའི་ལོ་ཐོག་དུས་སུ་སྨིན་པ་ལྟར་རྒྱས་སོ། །དེ་དག་ཐམས་ཅད་གཅིག་ཏུ་སྡུད་པའི་དགོངས་པ་ནི། སྤྲོས་བྲལ་ཉག་གཅིག །ངོ་བོ་ཀ་ནས་དག་པའི་རིག་པའི་སྙིང་པོ་ལས་འདས་མ་ཐམས་ཅད་དུ་བཅུད་ཕྱུང་བ་ནི། ཉམས་སུ་མྱོང་པའི་དོན་རང་རྒྱུད་ལ་སྐྱེས་པའོ། །དོན་དཔེར་ན་མར་གྱི་སྙིང་པོ་དྲིལ་བ་ལྟ་བུར། བསྡུས་པས་བཅུད་ཞེས་བྱ་སྟེ། དེ་སྟོང་པ་ཡིན་པས་མཚན་མ་རིས་ཅན་དུ་མ་སོང་ལ། དེ་ཡང་རྟག་པ་མཐར་འཛིན་པས་རྫས་སུ་གྲུབ་པ་མེད་དོ། །དེ་ཉིད་སྟོང་པའི་རང་ངོ་གསལ་བར་ཤར་བས་ཆད་པ་ཕྱམ་ཆད་པ་མ་ཡིན་ཏེ། སྟོང་པ་དང་གསལ་བར་དབྱེར་མི་ཕྱེད། དེ་ཉིད་རིག་པའི་མཁྱེན་པ་ཕྱོགས་མེད་དུ་གསལ་བས། སྟོང་པ་ཕྱམ་ཆད་པ་མ་ཡིན་ལ། གསལ་བ་རིས་ཅན་དུ་མ་ཡིན་ལ། རང་གི་དོན་དམ་མ་ཡིན་པས། གསུམ་དབྱེར་མེད་པས་རྟག་ཆད་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལོག་པས། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །དེའི་བཅུད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་དྲིལ་བ་ནི། འདིའི་དུས་ན་རྣམ་རྟོག་ཐ་དད་དུ་འཛིན་པའི་དྲི་མ་གནས་མི་སྲིད་པས་སངས་ཞེས་བྱ་ལ། དེ་ཉིད་རིག་པའི་འཕེལ་རྒྱས་པས་ལུས་ངག་ཡིད་ཀུན་གྱི་བདེ་བ་ཐབས་ཀྱིས་བསྐྱེད་པ་ནི། བླ་མའི་ལུང་མེད་པ་ལ་རང་བཞིན་གྱིས་གསང་བས་དེའི་དོན་མི་མཐོང་བའོ། །གདམས་པ་ཆེན་པོ་ཡོད་པ་ལ་ཚེགས་མེད་པར་མཐོང་བ་དང་། ཁོང་དུ་ཆུད་པ་དུས་མཉམ། དེ་ཆུད་པ་དང་ཉམས་དང་རྟོགས་པ་འཆར་བར་དུས་མཉམ་མོ། །དེ་ཤར་བ་དང་བུདྡྷ་པ་དུས་མཉམ་པས་ན། མཉམ་པ་ཉིད་མུ་མཐའ་དང་བྲལ་བ་ཞེས་བྱའོ། །དེ་ཡང་གང་ལས་བྱུང་ཞེ་ན། གཞི་མ་བཅོས་པར་རང་སར་བཞག་པ། སྙིང་པོ་མིག་མི་འགྱུར་བར་ལྟ་བ། མེ་ཏོག་དེ་ཉིད་ལ་བརྟེན་ནས་གསལ་བ་འགག་པ་མེད་པའི་ཡུལ་ཅན་ཞེས་བྱའོ། །དེ་གཞན་ལ་མ་བརྟེན་པར་རང་གིས་རིག་པས། དེ་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་སྣང་བ་རྣམ་པར་དག་པ་མཐོང་བ་ཞེས་བྱ་སྟེ། དེ་ཉིད་མཐོང་བ་ཙམ་གྱིས་མ་རིག་འཁྲུལ་པའི་གཞི་སྟོངས། དེ་ཉིད་པས་ཁམས་དུ་འཇུག་པའི་ཁུང་སྒོ་ཆོད་པའོ། །དེ་ནི་རྫོགས་པས་གཞན་ལ་རག་མ་ལུས་པས་ཆེན་པོ་ལྟ་བ་ཀུན་ལས་ཁྱད་པར་དུ་འཕགས་པ། བཅུད་དབྱིངས་རིག་པ་འབྲལ་མེད་པའོ། །དེ་ཡང་རྒྱུད་གཞན་གསེར་གྱི་མེ་ཏོག་གི་སྙིང་པོ་ལས། སངས་རྒྱས་རྣམས་ཀྱི་བཅུད་བསྡུས་ནས། །འགྲོ་བ་ཀུན་གྱི་སྙིང་ལ་བཅུག །དེ་ཡི་སྙིང་པོ་ལུ་གུ་རྒྱུད། །དྭངས་མ་བསྡུས་པས་བཅུད་ཞེས་བྱའོ། །ཞེས་པ་དང་། ཡང་བརྩོན་པ་དོན་ལྡན་ལས། བསྟན་པ་ཀུན་གྱི་ཡང་བཅུད་ནི། །ཆོས་ཉིད་མངོན་སུམ་ལམ་ཞེས་བྱ། །ཞེས་པ་དང་། ཡང་རྡོ་རྗེ་ནམ་མཁའ་དང་མཉམ་པ་ལས། གཞི་དང་སྙིང་པོའི་མེ་ཏོག་ནི། །སངས་རྒྱས་ཀུན་གྱི་རང་བཞིན་རྒྱུད། །ཁྱད་པར་གསང་མཆོག་བཅུད་དུ་དྲིལ། །འདིར་ནི་འཁོར་བའི་ཕ་རོལ་དུ། །སྐྱེས་བུས་མདའ་འཕངས་ཇི་བཞིན་ནོ། །ཞེས་པ་དང་། ཡང་མདོ་སྡེ་གསེར་འོད་དམ་པ་ལས། གཞི་དང་རང་བཞིན་ཐབས་དག་ལས། །བརྟེན་ནས་ས ངས་རྒྱས་ཞིང་དུ་ཡང་། །ཚེགས་མེད་སླ་ཕྱིར་རྒྱུད་དུ་བཞག །ཅེས་པ་ལ་སོགས་ཏེ་ལུང་བགྲངས་ན་བརྗོད་ཀྱིས་མི་ལང་ངོ་། དེ་ལྟ་གཞན་ལས་ཀྱང་རབ་ཏུ་གྲགས་པའི་གནད་འདི་ནི། ཐེག་པ་ཐུན་མོང་པས་མི་ཤེས་པས་གསང་བའི་དོན་ལ། རྒྱུད་འོད་ནས་སྟོན་པས་ན་རིག་པ་དང་ཡེ་ཤེས་གཉིས་སུ་རྣམ་པར་བཤད་པར་བྱའོ། །ཞེས་ཞལ་གྱིས་ཀྱང་བཞེས་པའོ། །ངེས་པས་ནི་ཚད་མ་ཡིན་ཞིང་བསྟན་དུ་ཡོད་པས། ལུང་དེ་དག་ནི་བཟུང་དུ་ཡོད་པའི་ཕྱིར་ན་ལུང་ཡིན་ནོ། །དེའི་རང་བཞིན་སྟོང་པར་གནས་ཀྱང་ཀུན་ལ་ཁྱབ་པས་རྒྱུད་དུ་བཞག་ཏུ་བཏུབ་པའོ། །ཞེས་ནང་དོན་བཞི་པ་བཅུད་རང་བཞིན་གྱི་རྒྱུད་ཀྱི་དོན་རྒྱས་པར་བསྟན་ནས། ད་ནི་ནང་དོན་ལྔ་པ་བཅུད་རང་བཞིན་དེ་དངོས་པོ་ལས་འདས་ཏེ་དབྱེ་བ་བསྟན་པ་ནི། དེ་ཡང་ནི་གོང་མ་ལས་ཉེ་བར་བསྡུས་པ་བཅུད་ཀྱི་རང་བཞིན་ནི་དོན་གདམས་ངག་ཏུ་དྲིལ་བ་སྙིང་པོ་ནི་རིག་པ་བསྡུས་པ་ནི་ངག་ཏུ་བསྟན་ནས། འབྱུང་བའི་དྭངས་མ། ཁུ་ཁྲག རིག་པའི་འོད། ཡེ་ཤེས་ཀྱི་སྐུ་དང་གསུམ་ནི། ཕྱི་ཡུལ་ལ་སྣང་བའི་དུས་ན་རིག་པ་ལ་སྐུར་གསལ་བ་དང་། དབྱིངས་ཁ་དོག་ཏུ་གསལ། ནམ་མཁའ་ལ་དབྱིངས་རིག་འདུ་འབྲལ་མེད་པར་གསལ་བ་གསུམ་དང་། དེ་ཉིད་ཤེས་པས་ལྟ་བ་ལ་ཁྱབ་པའོ། །དེ་ལྟར་ཤར་ནས་ཡིད་ཆེས་པ་ལྟ་བའི་གདེང་དང་། དག་སྣང་ཟིན་པ་ཡུལ་གྱི་གདེང་དང་། འཁྲུལ་པ་འགགས་པ་ཐག་ཆོད་པའི་གདེང་དང་གསུམ་སྐྱེས་པས། འཁོར་བ་ཉིད་ཡེ་ནས་སངས་རྒྱས་སུ་ཤེས་པས་རིག་པ་ལ་རྒྱུ་མེད་པས་མི་ལྡོག རིག་པའི་སྐུ་མངོན་པར་སྣང་བས་འཁྲུལ་སྣང་དག་སྣང་དུ་གྲོལ་བས་སྣང་བ་མི་ལྡོག་ཆོས་ཉིད་དེ་སྣ་ཚོགས་སུ་སྣང་བས་རྟོགས་པའི་གདེང་རྙེད་པས་མི་ལྡོག་པ་དང་གསུམ་གྱིས་ནི། ངོ་བོ་བཅུད་དུ་དྲིལ་བས་དེ་ལས་མི་འགྱུར་ངེས་པའི་ས་ཐོབ་པས་སླར་ལྡོག་རྒྱུ་མེད་པས་ལྡོག་རྟེན་མེད་དེ་མེད་པས་ལྡོག་རྐྱེན་རང་དག །དེ་དག་པས་ལྡོག་པའི་འབྲས་བུ་ཡེ་གྲོལ་བའོ། །དེ་ལྟར་གྲོལ་བས་འཁྲུལ་པའི་སྣང་བ་རང་དག་པས་འཁོར་རྒྱུ་མེད། དེ་ཉིད་དག་པའི་སྣང་བ་རང་ཤར་བས་འཁོར་རྐྱེན་རང་འགགས། འདིར་མ་ཆོད་ཀྱང་ཆོས་ཉིད་ཀྱི་བར་དོའི་སྣང་བར་ཆོད་པས་འཁོར་འབྲས་རང་ཡལ་བ་དང་གསུམ་དང་ནི། འདིའི་དུས་ན་རིག་པ་ལ་ཟླ་མེད་པས་འཁྲུལ་པ་སྟོང་པ། སེམས་ལ་རྐྱེན་མེད་པས་རྣམ་རྟོག་དྲི་མ་སྟོང་འོད་ལ་འགྲོ་མེད་པས་འབྱུང་བའི་རྐྱེན་སྟོང་པ་དང་གསུམ་ནི་རིག་པ་ཉིད་བཅུ ད་དུ་དྲིལ་བའི་རང་བཞིན་རྣམ་པར་དག་པའི་རྒྱུན་དུ་གཏན་ལ་ཕབ་པའོ། །དེ་ལ་མིང་འདོགས་ཀྱི་དབང་དུ་བྱས་ན་མི་འགྱུར་བས་གཞི་དང་། དེ་ཉིད་དྲང་པོར་གནས་པས་ལམ་དང་། ཟང་ཐལ་བས་འབྲས་བུ་ཡིས། དེ་ཡང་བཟུང་བར་ནི་བལྟར་ཡོད་པའི་དོན་ཚད་མས་ངེས་པས། རང་བཞིན་མ་བཅོས་པའི་རྒྱུད་ཅེས་བྱའོ། །གཏན་ཚིགས་དེའི་ཕྱིར་ན་རང་ལ་གཏན་ལ་བབ་པས་རྒྱུད་ཅེས་བྱ་བར་སེམས་དང་འབྲེལ་བས་གྲུབ་པའོ། །དེ་ཡང་ཤེས་བྱ་སྟོང་བའི་རང་བཞིན་ལ་བབས་ཀྱིས་གྲུབ་པས་ནི། དེའི་དོན་གསལ་བའི་ཆ་མ་འགགས་པས་སངས་རྒྱས་སེམས་ཅན་འཁོར་འདས་གོང་ལྟར་ཡང་ཤར་བས་རང་བཞིན་གྱི་རྒྱུད་ཅེས་བྱའོ། །ཞེས་ནང་དོན་ལྔ་པ་བཅུད་རང་བཞིན་གྱི་རྒྱུད་དེ་དངོས་ལས་འདས་ཏེ་དབྱེ་བ་བསྟན་ནས། ད་ནི་ནང་དོན་དྲུག་པ་རྒྱུད་དེ་དག་ཀྱང་དོན་སོ་སོ་མ་ཡིན་པར་དཔེ་དོན་དང་བཅས་ཏེ་བསྟན་པ་ནི། དེ་ཡང་སངས་རྒྱས་སེམས་ཅན་གཉིས་ནི་གཞི་གཅིག་ཡིན་པ་ལས་ངོ་བོའི་ཁྱད་པར་ལས་སངས་རྒྱས་ཡོན་ཏན་རྣམས་ཀྱིས་སྤྲས་པ་ནི། ཤེས་རབ་རྣོན་པོ་གཞི་ནས་འཕགས་པ་ལས་བྱུང་ལ། སེམས་ཅན་གྱིས་ཤེས་རབ་ཉིད་ཤེས་རབ་ཏུ་མ་ཤེས་པས་ནི། ད་དེ་ལས་བཟློག་པའི་ཐབས་བླ་མའི་མན་ངག་གིས་མཚོན་བྱེད་ཚིག་ཙམ་ལ་བརྟེན་ནས། དོན་ཚིག་གིས་འབུད་ཐ་བར་རྟོགས་ཏེ། དེའི་རང་བཞིན་མཚན་ཉིད་དུ་མ་གྲུབ་པས། རང་རྒྱུད་ལས་བཅོས་སུ་མེད་པས་ཆོས་ཉིད་ཅེས་བྱའོ། །ཆོས་ཉིད་ཀྱི་དོན་དེ་བརྗོད་པ་ལས་འདས་པས་ཀྱང་བརྟག་པ་ཙམ་དུ་ཚིག་གིས་མཚོན་པ་དེ་ལྟར་སྣང་ངོ་། །དེར་སྣང་ཡང་དེའི་ངོ་བོ་ལ་ཐ་སྙད་དུ་དགགས་སུ་མེད་པས་གཞི་གཅིག་ཡིན་པར་རྟོགས། དེའི་རང་བཞིན་ལྷུན་གྱིས་གྲུབ་པས་ཆོས་ཉིད་ཅེས་བྱའོ། །དེ་ཉིད་སྟོང་པ་བློའི་སྤྱོད་ཡུལ་མ་ཡིན་པས་རྟག་པ་རྣམ་གྲངས་ཀྱི་ཆོས་ལས་འདས་པའོ། །དེའི་ངོ་བོ་ཟང་ཐལ་བས་ཐ་དད་པ་མ་ཡིན། རང་བཞིན་གཅིག་ཏུ་གནས་པས་འགྱུར་བ་མེད་དོ། །དཔེར་ན་སྐྱེས་པའམ་བུད་མེད་གང་རུང་བ་ཞིག་ལ། མིང་མང་པོ་ཡོད་པར་གྱུར་པ་ལ། མིང་གང་ནས་བོས་ཀྱང་ཨ་ཟེར་བ་ལྟར། མིང་ཐ་དད་པ་བཞིན་དུ་ལུས་ཐ་དད་མ་ཡིན་ཏེ། དེ་ལྟར་སྣང་བ་ལྟར་ཆོས་ཉིད་འགྱུར་བ་མེད་དོན་ཀྱང་གང་ལྟར་བརྟགས་ཀྱང་མི་སྟོང་སྟེ། མིང་གཅིག་ནས་བོས་པས་ཨ་ཟེར་འོང་བ་དང་འདྲ་བར་ཚིག་གིས་དོན་གཏན་ལ་ཕེབས་པ་སྟེ། དོན་གྱི་ངོ་བོ་གཏན་ལ་ཕེབས་ཏེ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གོ་བ་ཚྭ་གཅིག་གི་རོ་གཏན་ལ་ཕེབས་ནས། ཚྭ་ཐམས་ཅད་ཀྱི་རོ་གཏན་ལ་ཕེབས་པ་བཞིན་ནོ། །དེའི་ཕྱིར་ན་གང་ལྟར་བརྟགས་པ་དེ་ལྟར་སྣང་། ཞེས་པས་སོ། །ཞེས་དེ་དག་གི་བསྡུས་པའི་དོན་གཉིས་པ་རང་བཞིན་གྱི་རྒྱུད་ཀྱི་དོན་བསྟན་པ་ལ་ཡན་ལག་གི་དོན་དྲུག་ཏུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གསུམ་པ་ཚིག་གི་རྒྱུད་བསྟན་པ་ལ་ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ། ཚིག་གི་རྒྱུད་ཅེས་བྱ་བ་གང་ལགས་ཞེས་རྡོ་རྗེ་འཛིན་པས་ཞུས་པ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། ཚིག་དགུས་གཞུང་གིས་ཤེས་སོ། །ད་ནི་ཡན་ལག་གི་དོན་གཉིས་པ་དེའི་ལན་ཚིག་གི་རྒྱུད་གཉིས་སུ་གཏན་ལ་ཕབ་པ་བསྟན་པ་ནི། དེ་ནས་རྡོ་རྗེ་འཆང་ཆེན་ལ་སོགས་པས་བསྟན་ཏེ། དེ་ནས་རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེས་རྒྱུད་རྣམས་ནི་ཚིག་གི་རྒྱུད་རབ་ཏུ་འབྱེད་པའི་གཏིང་ཟབ་པ་དང་། དེ་གསལ་བ་འཛིན་གསང་པའི་དེའི་དོན་མི་གཏོང་པ་ལས་བཞེངས་བ་སྐུའི་འདུག་སྟངས་སྣ་ཚོགས་པས་གཟིགས་ན་ནི། སྡུད་པ་པོ་ལག་ན་རྡོ་རྗེ་ཅན་ལ་བོས་ནས་ཚིག་འདི་སྐད་དུ་གསུངས་སོ། །ཨེ་མ་ཧོ་ཞེས་ངོ་མཚར་བ་དང་བཅས་བས། རྡོ་རྗེ་སེམས་དཔའ་འདུན་པ་འཛིན་པ་རྟག་ཏུ་གནས་པ། ལུས་དང་དབང་པོ་ལ་སོགས་པ་ཕྱིན་ཅི་མ་ལོག་བར་ཉོན་ཅིག་ཅེས་གདམས་པའོ། །དེ་ཉིད་ནི་ཚིག་གི་རྒྱུད་ཀྱི་དབྱེ་བ་རྣམ་པར་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །དོན་ནི་རང་བཞིན་དང་ཐབས་ཀྱི་རྒྱུད་དང་ནི་ཞེས་པའོ། །ཚིག་གི་སྤྲོས་པ་དང་། བརྗོད་བྱ་ལོག་པ་དང་མ་ལོག་པའི་ཁྱད་པར་གྱི་ཆོས་སོ། །རྒྱུད་ནི་བསྐྱེད་པའི་རིམ་པ་གཙོར་བསྟན་པ་དང་། རྫོགས་པའི་རིམ་པ་གཙོར་སྟོན་པ་གཉིས་ལས། འདི་དག་ནི་རྫོགས་པའི་རིམ་པ་གཙོ་ཆེར་སྟོན་པའོ། །དེ་ཡང་དོན་ནི་སྔར་བསྟན་པའི་རིམ་པའོ། །ཞེས་ནང་དོན་གཉིས་པ་ལན་ཚིག་རྒྱུད་ཀྱི་གཉ ིས་སུ་གཏན་ལ་ཕབ་པ་བསྟན་ནས། ད་ནི་ནང་དོན་གསུམ་པ་རྒྱུད་ཀྱི་མཚན་སྔོན་དུ་འགྲོ་བས་དབྱེ་བ་བསྟན་པ་ནི་སྔོན་དུ་སྐྱེ་བའི་རིམ་པ་དང་། རྗེས་ལ་སྐྱེ་བའི་རིམ་པའོ། །རྒྱུད་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལྡང་ཚད་དང་། དཔེ་དང་། འཐད་པའོ། ངོ་བོ་ནི་མནན་པ་དང་སྤྲེ་བར་མི་བཏུབ་ཅིང་ཆོད་པའོ། །ངེས་ཚིག་ནི། རིགས་མཚོན་པའི་ཕྱིར་ན་རྒྱུད་དེ། གང་དང་གང་གིས་རིགས་སུ་སྐྱེ་བར་བྱེད་པས་ན་རྒྱུད་དེ། ཐང་ཆོད་ཅིང་བྲེང་ཆགས་པའོ། །དབྱེ་ན་ཚིག་གི་རྒྱུད་ལ་བཏགས་པའི་དང་། མཚན་ཉིད་པ་གཉིས་སོ། །མཚན་ཉིད་པ་ནི། སེམས་ཉིད་རྣམ་པར་རྟོག་པའི་དྲི་མ་མེད་པ་ལ་བྱ་སྟེ། དེས་སངས་རྒྱས་པའི་མཚན་ཉིད་འཛིན་པར་བྱེད་པས་ན་རྒྱུད་ལ་སངས་རྒྱས་ཀྱི་རིགས་མཚོན་བར་བྱེད་པས་ན་རྒྱུད་དོ། །བཏགས་པ་པོ་ལ་གཉིས་ཏེ། མིང་དང་མིང་དོན་ལྡན་གྱིས་རྒྱུད་དོ། །མིང་ནི་གང་ལ་མིང་ཡོད་པ་ལ་བྱའོ། །མིང་དོན་ལྡན་ནི་བསྐྱེད་པའི་རིམ་པ་གཙོ་ཆེ་བར་བསྟན་པ་དང་། རྫོགས་པའི་རིམ་པ་གཙོ་བོར་བསྟན་པའོ། །ལྡང་ཚད་ནི་བསྐྱེད་རིམ་གཙོ་བོ་ལ་བཅུའོ། །ཐོག་མ་གཞི་དབང་དང་། དམ་ཚིག་གཉིས། ལྷ་དང་སྔགས་གཉིས། དཀྱིལ་འཁོར་དང་མཆོད་པ་གཉིས། ཏིང་ངེ་འཛིན་དང་སྤྱོད་པ་གཉིས། ཕྲིན་ལས་དང་ལྟ་བ་གཉིས་ཏེ་བཅུ་ཚང་ན་བསྐྱེད་པའི་རིམ་པ་གཙོ་བའི་རྒྱུད་ཀྱི་ལྡང་ཚད་དོ། །རྫོགས་པ་ལ་བརྒྱད་སྟེ། ལྟ་བ་དང་འབྲས་བུ་གཉིས། སྤྱོད་པ་དང་སྒོམ་པ་གཉིས། སེམས་དང་ཡེ་ཤེས་གཉིས། ཉམས་དང་གདམས་པ་གཉིས་ཏེ་བརྒྱད་པོ་དེ་ཚང་ན། རྫོགས་རིམ་གཙོ་བའི་ལྡང་ཚད་དོ། །དེ་ན། དཔེ་ནི་ཐགས་དང་འདྲ་སྟེ། རྒྱུ་སྤུན་མང་པོ་ལ་བརྟེན་ནས་རས་ཡུག་དུ་ལོངས་བ་ལྟ་བུའོ། །དེ་ལྟར་ཚིག་ཐ་དད་པ་ལ་བརྟེན་ནས་དོན་གཅིག་ཏུ་སློང་པའོ། །འཐད་པ་ནི་རང་ལ་གནས་པའི་རྒྱུད་དེ་མཚོན་པར་བྱེད་པས་ན་རྒྱུད་དུ་འཐད་དོ། །དེ་ཡང་ཚིག་གི་འཐད་པ་ལ་བརྟེན་ནས་དོན་ཕྱིན་ཅི་མ་ལོག་པར་བྱེད་པས་ན་རྒྱུད་དོ། །དེ་ཡི་རིམ་པ་གསལ་བར་དབྱེ། ཞེས་པས་སོ། །ཚིག་གི་སྤྲོས་པ་གཅོད་པའི་ཕྱིར་འཁོར་བའི་དོན་རྣམས། རྒྱུད་ཀྱི་འགྲེལ་པར་འགྱུར། རྒྱ་མཚོ་ལྟ་བུར་བརྗོད་བྱ་མང་པས་རིག་པ་རང་ཤར་གྱི་རྒྱུད། ལྟ་བ་སྒོམ་པ་དང་། སྤྱོད་པའི་དོན་རྒྱ་མཚོ་ལྟར་སྟོན་པའོ། །ཉི་མ་ལྟ་བུར་གསལ་པར་སྟོན་པར་བྱེད་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ཐེག་པ་གཞན་གྱི་ཆོས་ཟིལ་གྱིས་མནོནཔའི་ཆོས་སྟོན་པས་ན། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས་དང་ནི། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་པའི་འཁོར་ལོ་གཅོད་པར་སྟོན་པས་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པའི་ལྡེ་མིག་ལྟ་བུའི་རྒྱུད་ཐལ་འགྱུར་གྱིས་རྒྱུད་དང་། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་དང་སྣང་བའི་སྒྲོན་མ་སྟོན་པར་བྱེད་པ་གསལ་ཤིང་ལྟ་བུའི་སྒྲོན་མ་འབར་བ་དང་། ཚིག་དོན་གསེར་ལ་གཡུ་སྤྲས་པ་ལྟ་བུར་སྟོན་པ་གསེར་ཞུན་མ་ལྟ་བུའི་རྒྱུད་ནོར་བུ་འཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་སྟོན་པར། བར་དོ་ལ་འདེབས་པ་མ་བུ་འབྲེལ་པ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་གི་ནང་དུ་གཟུགས་བརྙན་ལྟ་བུར་དཔེ་དང་སྦྱར་ཏེ་སྟོན་པར་བྱེད་པའི་རྒྱུད་ངོ་སྤྲོད་སྤྲས་པའི་རྒྱུད་དང་། མུ་ཏིག་གི་འཕྲེང་བ་རྒྱུ་ལེགས་པ་ལྟར་མན་ངག་གི་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད་དང་། སྦྲུལ་གྱི་མདུད་པ་ལྟ་བུར་གཞུང་ཚིག་རང་གྲོལ་དུ་སྟོན་པར་རིག་པ་རང་གྲོལ་གྱི་རྒྱུད་དང་། ཁྱུང་ཆེན་པོ་ནམ་མཁའ་ལ་བརྩོལ་བ་དང་གྲུབ་པ་མེད་པར་ཐང་གཅད་ནས་འགྲོ་བ་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་དང་། ཆུ་བོའི་རྒྱུན་འབབ་པ་ལྟ་བུར་དབང་དང་བྱིན་རླབས་སྟོན་པར་བྱེད་ལ་རྫོགས་པ་རང་བྱུང་གི་རྒྱུད་དང་། སྤུ་གྲི་ཚ་ངར་དང་ལྡན་པས་གང་རེག་པ་གཅོད་པ་ལྟ་བུའི་རྒྱུད་དཔལ་ནག་མོ་ཁྲོས་མའི་རྒྱུད་དང་། རྒྱལ་པོའི་གདུང་མི་འགྱུར་བར་རང་ས་ཟིན་པ་ལྟ་བུར་བསྟན་པའི་རྒྱུད་སྐུ་གདུང་འབར་བའི་རྒྱུད་དང་། ཕྱུགས་པོའི་བང་མཛོད་ན་དགོས་པ་ལ་སྤྱོད་པ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ་དང་བཅོ་བརྒྱད་ནི། གསང་ཆེན་ངེས་པ་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པར་བྱེད་པའི་རྒྱུད་བཅུ་བདུན་དང་། བསྟན་པ་སྲུང་བའི་རྒྱུད་དཔལ་ནག་མོ་ཁྲོམས་མའི་རྒྱུད་དང་བཅོ་བརྒྱད་ནི། རང་བཞིན་གཏན་ལ་འབེབ་པའི་གནད་སྟོན་པའོ། །དེ་ལྟར་རྒྱུད་བཅོ་བ རྒྱད་དུ་རྣམ་པར་ཕྱེ་བས་ནི། ཚིག་གི་རྒྱུད་ཀྱི་རིམ་པ་གསལ་བར་ཕྱེ་བའོ། །ཚིག་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བས། རང་གི་གནས་ལུགས་ངོ་བོ་ཉིད་ཀྱང་ཚིག་རྒྱུད་ལ་བརྟེན་ནས་མཐོང་བར་འགྱུར་རོ། །ཞེས་ནང་དོན་གསུམ་པ་རྒྱུད་ཀྱི་མཚོན་དཔེ་དང་སྦྱར་བའི་དབྱེ་བ་ལ་བསྟན་ནས། ད་ནི་ནང་དོན་བཞི་པ་རྒྱུད་དེ་དག་གི་ཆེ་བ་བསྟན་པ་ནི། རྡོ་རྗེ་འཛིན་པ་ཁྱོད་ངེས་པར་ཟུངས་ཤིག །ཞེས་ཉན་པར་རྣ་བ་གཏད་ཅིང་བསྐུལ་ནས། དེ་ལ་རྒྱུད་ཀྱི་སྙིང་པོ་ནི་རིག་པ་རང་ཤར་དང་། རང་གྲོལ་དང་། དཔལ་ཡི་གེ་མེད་པ་དང་གསུམ་ཤེས་ན། རྒྱལ་པོས་དམངས་ལ་དབང་བསྒྱུར་བ་དང་འདྲ་བ་ཡི་གེ་མེད་པས་རྒྱུད་སྤྱིའི་མན་ངག་སྟོན་ནོ། །དེ་ལ་བློན་པོས་ཁ་ལོ་བསྒྱུར་བ་དང་འདྲ་བར་རང་ཤར་གྱིས་ལྟ་སྒོམ་སྤྱོད་པའི་གཞི་འཛིན་ཅིང་རང་ཤར་གྱི་དམིགས་སྟོན། རང་གྲོལ་ནི་དམངས་ཀྱི་གཡོག་ལ་སོགས་པའི་དམག་དང་ཁྲལ་ལ་སོགས་པ་བྱེད་པ་ལྟར། དེ་ཉིད་ཀྱི་དོན་འགྲོལ་བའོ། །དེ་གསུམ་འཛོམ་པས་རྒྱལ་ཁམས་ལ་དབང་བསྒྱུར་བ་དང་འདྲ་བ་སྡེ་སྣོད་ཀུན་ལ་དབང་བསྒྱུར་བའོ། །རྒྱུད་ཀྱི་དྭངས་མ་ནི་མེ་ལོང་གཉིས་དང་ནོར་བུ་འཕྲ་བཀོད་གསུམ་ཤེས་ན། དཔེར་ན་རི་གསུམ་འདུས་པའི་རྩེ་མོར་ཕྱིན་པས་ཐམས་ཅད་མཐོང་བ་དང་འདྲ་བར། འདི་གསུམ་ཤེས་པས་ཆོས་ཐམས་ཅད་ཀྱི་མཚན་ཉིད་མཐོང་བའོ། །རྒྱུད་ཀྱི་མེ་ཏོག་མུ་ཏིག་འཕྲེང་བ་དང་། བཀྲ་ཤིས་མཛེས་ལྡན་དང་། སེང་གེ་རྩལ་རྫོགས་གསུམ་ཤེས་ན་ནམ་མཁའ་ལ་ཉི་མ་གསུམ་དུས་གཅིག་ལ་ཤར་བ་དང་འདྲའོ། །རྒྱུད་ཀུན་གྱི་གདམས་པ་གཞི་ལ་མ་སྨིན་པ་སྨིན་པར་བྱེད་པ་རྫོགས་པ་རང་བྱུང་གི་རྒྱུད་གཅིག་ཏུ་ཤེས་པས་ནི། མཁར་མཐོན་པོ་བསླང་པའི་འགྲམ་རྡོ་ལེགས་པར་ཚུད་བས་རྩེ་མོར་བསླང་དུ་བཏུབ་པ་དང་འདྲ་བར་དེ་ལ་བརྟེན་ནས་རྒྱུད་གཞན་ཉན་དུ་བཏུབ་པ་དང་། བཤད་དུ་རུང་བ་ཐོབ་པས་སོ། །སྣང་བ་ནི་འོད་ལྔ་ཏིང་ནི་རང་ལུས་ལ། རྫོགས་པ་ནི་དམིགས་རྫོགས་པའི་ངོ་སྤྲོད་པའི་རྒྱུད་སྤྲས་པའོ། །རྩེ་མོ་འབྱོང་པའི་མཁར་ལ་གཞན་གྱི་དམག་གིས་མི་ཚུགས་པ་དང་འདྲའོ། །ཡེ་ཤེས་ནི་ཆོས་ཉིད་ཀྱི་བར་མ་དོ། གསུམ་ནི་འཁྲུལ་བ་ལས་དག་སྣང་དུ་བཟློག་པར་བྱེད་པའི་རྒྱུད་ཉི་ཟླ་ཁ་སྦྱོར་ཤེས་ན། མཁར་ལ་ཕྱོགས་བཞིར་དཀར་ཁུང་བཏོད་པས་ནང་དུ་སྣང་བ་གསལ་བ་དང་འདྲའོ། །ཡན་ལག་ནི་རྐང་པ་གཉིས་མེད་ན་འགྲོ་བའི་དོན་པོ་མེད་པ་ལྟར དང་། རྐང་པ་གཉིས་ཡོད་པས་གོང་དུ་འགྲོ་བའི་སར་ཕྱིན་པ་དང་འདྲ་བའི་རྒྱུད་ཆེན་པོ་རིན་པོ་ཆེ་སྤུངས་པ་དང་འདྲ་བར་སྐུ་གདུང་འབར་བ་གཉིས་ཤེས་ན། མཁར་དེ་ལ་ལོགས་བཞིའི་བ་གམ་བཏགས་པ་རབ་ཏུ་མཛེས་པ་དང་འདྲའོ། །རྣལ་བ་ལུས་འབྱོར་པ་སེམས། དེ་ལྟར་ལུས་སེམས་གཉིས་འགྲོལ་བར་བྱེད་པའི་རྒྱུད་སྒྲོན་མ་འབར་བ་ཤེས་ན། རྒྱལ་པོ་བསོད་ནམས་དང་ལྡན་པ་མཁར་གྱི་རྩེར་བཞག་པ་དང་འདྲའོ། །སྙིང་པོ་ཡོད་པས་ལུས་དང་དབང་པོ་ལ་སོགས་པ་དོན་བྱེད་པ་དང་འདྲ་བའི་རྒྱུད། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ཤེས་ན། དེ་ལ་སྒོ་མོ་དམ་པོ་ལེགས་པར་བསྒྲིགས་པས་དགྲ་དང་རྐུན་མ་ལ་སོགས་པས་གླགས་མི་རྙེད་པ་དང་འདྲའོ། །ཐེག་པ་གཞན་དུ་གསང་པ་ལ་རང་གི་གཞུང་ན་དགོས་འདོད་གཞན་ལ་རག་མ་ལུས་པར་སྟོན་པར་བྱེད་པའི་རྒྱུད་སྒྲ་ཐལ་འགྱུར་ཤེས་ན། མཁར་གྱི་མཐའ་ལ་ལྕགས་རིས་བསྐོར་བས་དམག་ལ་སོགས་པ་ཕ་རོལ་གྱི་གནོད་པས་མི་ཚུགས་པ་དང་འདྲའོ། །མཚོན་ཆ་རྣོན་པོས་རང་གི་ལུས་སྲུང་ཞིང་། ཕ་རོལ་གྱི་དམག་དཔུང་བཟློག་པར་བྱེད་པ་དང་འདྲ་བའི་རྒྱུད་དཔལ་ནག་མོ་ཁྲོས་མ་ཤེས་ན། སྐྱེས་པ་གྱད་གོ་ཞུབ་ལྡན་པས་མཁར་གྱི་སྒོ་སྲུང་པས་ནང་དུ་སུས་ཀྱང་མི་ཐར་བ་དང་འདྲའོ། །ཞེས་ནང་དོན་བཞི་པ་རྒྱུད་དེ་དག་གི་ཆེ་བ་བསྟན་ནས། ད་ནི་ཡན་ལག་གི་དོན་སྟོན་པ་དེའི་དོན་རྒྱུད་བརྒྱད་དུ་བསྡུས་པའི་ངོ་བོ་བཤད་པ་བསྟན་པ་ནི། ཨེ་མ་ནི་རྫོགས་པ་ཆེན་པོའི་དོན་ཅིག་ཆར་དུ་གཏན་ལ་ཕེབས་པའི་གསང་བ་སྙིང་དང་འདྲ་བ་དེ་ལྟར་བཅོ་བརྒྱད་ལས་མཆོག་ཏུ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ནི་གཞན་དུ་བསྟན་པ་མེད་པས་ངོ་མཚར་མཆོག་ཏུ་ཆེ་བས་ན། དེའི་དོན་ཀུན་རྩ་བ་དང་ཡན་ལག་གི་རྣམ་པ་ལྟར་བཤད་ན། དེ་ཡང་རྒྱུད་ཀྱི་རིམ་པ་བརྒྱད་དུ་བསྡུ་ན་ནི། རྩ་བའི་རྒྱུད་ནི། རྫོགས་པ་རང་བྱུང་ལ་རྩ་བའི་ལུང་བརྒྱད་ལ་བརྟེན་ནས། ཕྱི་སྤྲོས་བཅས་ཀྱི་དབང་གིས་འགྲོ་བ་སྤྲོས་པ་ལ་དགའ་བ་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པ་དང་གཉིས་ཀྱི་ནི། ཆོས་ཀུན་དུ་མ་རོ་གཅིག་པས་དབྱིངས་རིག་འདུ་འབྲལ་མེད་པ་ཆོས་ཉིད་ལ་འབྲས་བུ་མེད་པར་བཤད་པ་དང་ཅིག བཤད་པའི་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང་། རིག་པ་རང་གྲོལ་ལེའུ་དགུ་ལ་བརྟེན་ནས་མའི་སོ་གཅོད་ཀྱི་དམིགས་གསལ་བར་འབྱེད་པའི་བུ་དང་གཉིས་ཀྱིས་ནི། དབྱར་གྱི་ཤིང་ལ་ལོ་འདབ་རྒྱས་པ་ལྟར་བརྗོད་བྱ་ཐ་དད་པ་གཏན་ལ་ཕབ་ནས་སྣང་ཚུལ་དང་ཤར་ཚུལ་དུ་བཤད་པ་དང་གཉིས། ཡན་ལག་གི་རྒྱུད་ནི་རིན་པོ་ཆེ་སྤུངས་པ་ལེའུ་ལྔ་ལ་བརྟེན་ནས་ཡོན་ཏན་རང་རྫོགས་སུ་བསྟན་པ་དང་། སྐུ་གདུང་འབར་བ་ལེའུ་གསུམ་ལ་བརྟེན་ནས་སྔ་ཕྱི་ད་ལྟའི་ལུས་ངག་ཡིད་ཀྱི་རྟགས་བསྟན་པ་དང་གཉིས་དག་གིས་ནི། རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་གསལ་བ་གཏིང་རྫོགས་པར་བཤད་པ་དང་གསུམ། ལུང་རིག་གསལ་བའི་རྒྱུད། སྒྲ་ཐལ་འགྱུར་ལེའུ་དྲུག་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་ལ་བརྟེན་ནས་འཁྲུལ་བའི་དུས་ལ་སོགས་པ་ངོས་བཟུང་བ་དང་གཉིས་ཀྱིས་མེ་ཏོག་པདྨ་ཁ་ཕྱེ་བས་ཕྱིས་དེ་ལས་སྐྱེད་མེད་པ་ལྟར་བཤད་པ་དང་བཞི། མན་ངག་གི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས་ངོ་སྤྲད་པ་དང་། འཕྲད་པ་དང་། དབང་དང་དམ་ཚིག་ལ་སོགས་པ་བསྟན་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས། གྲོལ་སྒྲིབ་ཤན་འབྱེད་པར་བསྟན་པ་དང་། ངོ་སྤྲོད་སྤྲས་པ་ལེའུ་གསུམ་ལ་བརྟེན་ནས་སྔ་ཕྱི་ད་ལྟའི་དཔེ་དོན་རྟགས་ལ་ཡིད་ཆེས་པར་བསྟན་པ་དང་། མུ་ཏིག་འཕྲེང་བའི་ལེའུ་བརྒྱད་ལ་བརྟེན་ནས་མན་ངག་ཐ་དད་པ་ལ་བརྟེན་ནས་འབུ་ཐ་བར་བྱེད་པ་དང་སྟེ་བཞི་ཡིས་ནི། ཤིང་དེ་ལ་ཤིང་ཐོག་སྨིན་པས་འབྲས་བུ་གཞན་མེད་པར་སྨིན་པ་ཕྱིས་མི་ལྡོག་པའི་ཚུལ་དུ་བཤད་པ་དང་ལྔ། དགོངས་པ་རང་ལ་གནས་པའི་རྒྱུད་ཀློང་དྲུག་པ་ཀློང་དྲུག་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པ་ར་བྱས་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་པ་དང་། སྒྲོན་མ་འབར་བའི་ལེའུ་བཞི་ལ་བརྟེན་ནས་སྒྲོན་མ་བཞི་དངོས་སུ་བསྟན་པ་དང་། ཉི་ཟླ་ཁ་སྦྱོར་ལེའུ་བཞི་ལ་བརྟེན་ནས་བར་མ་དོ་བཞི་ལམ་དུ་ཁྱེར་བར་བསྟན་པ་དང་། གསུམ་གྱིས་ནི། ད་མིག་ཕྱེ་བས་སྣང་བ་ཐམས་ཅད་མཐོང་བར་བྱེད་པའི་མིག་གིས་ཚུལ་དུ་བཤད་པ་དང་དྲུག འཇུག་པར་རང་གྲོལ་བའི་རྒྱུད་སེང་གེ་རྩལ་རྫོགས་ལེའུ་བཅུ་གསུམ་ལ་བརྟེན་ནས་ལྟ་བའི་དབྱིངས་བྱུང་བར་བསྟན་པ་དང་། ནོར་བུ་འདྲ་བཀོད་ལེའུ་བཅུ་བཞི་པ་ལ་བརྟེན་ནས་རྣལ་འབྱོར་པའི་ལམ་སྲོལ་དུ་ཞུགས་པར་བསྟན་པ་དང་གཉིས་ཀྱིས། དྲན་པའི་གཞི་སྙིང་དང་ལྡན་པས་གང་བྱས་པ་ལ་ཐོགས་པ་མེད་པའི་ཚུལ་དུ་བཤད་བ་དང་བདུན། མཁས་པ་ཆོ་གའི་རྒྱུད་དཔལ་ནག་མོ་འཁྲོས་པའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ་ལ་བརྟེན་ནས་བསྟན་པ་ལ་གནོད་པར་སེམས་པ་དྲུངས་གདོན་པར་བསྟན་པས་ནི། དཔེར་ན་གྲོང་གཅིག་ན་ཁྱིམ་བཟང་པོ་གཅིག་གིས་མེལ་ཚེ་བྱས་པས་རྐུན་མས་གླགས་མི་རྙེད་པ་ལྟར་བཤད་དེ། དེ་ལྟར་བརྒྱད་དུ་འཇོག་པའི་འཐད་པ་ནི། དེ་ལ་རྩ་བའི་རྒྱུད་གཉིས་མེད་ན། སྡོང་པོ་རྩ་བ་རུལ་བ་ལ་ཡལ་ག་འབྱུང་མི་སྲིད་པ་དང་འདྲའོ། །བཤད་པའི་རྒྱུད་མ་བུ་གཉིས་མེད་ན་དེ་ལ་ལོ་མ་མེད་པས་མེ་ཏོག་འོང་མི་སྲིད་པ་དང་འདྲའོ། །ཡན་ལག་གི་རྒྱུ་གཉིས་མེད་ན་ཡན་ལག་མེད་པའི་མི་ལག་རྡུམ་བྲག་ལ་འཛེག་པས་ཀྱང་ལམ་མེད་སར་རང་ལྷུང་པ་དང་འདྲའོ། །འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན། སྙིང་མེད་པའི་རོས་གཞན་གྱི་དོན་བྱེད་མི་ནུས་པ་དང་འདྲའོ། །ལུང་རིག་གསལ་བའི་རྒྱུད་གཉིས་མེད་ན་མེ་ཏོག་མེད་པས་འབྲས་བུ་དུས་སུ་མི་སྨིན་པ་དང་འདྲའོ། །མན་ངག་གི་རྒྱུད་སྡེ་བཞི་མེད་ན་འབྲས་བུ་མེད་པས་སོ་ནམ་བྱས་པས་གོད་མོད་པ་དང་འདྲའོ། །དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན། མིག་མེད་པའི་མིས་ལས་ཡང་མི་ཤེས་པས་གྲོང་ཁྱེར་དུ་འཇུག་པར་མི་ནུས་པ་དང་འདྲའོ། །མཁས་བའི་ཆོ་གའི་རྒྱུ་མེད་ན་མེལ་ཚེ་བྱེད་པའི་ཁྱིམ་མེད་ན་ནོར་རྐུན་བའི་འཆོར་བར་དང་འདྲའོ། །དེ་ལྟར་བརྒྱད་པོ་དེ་མེད་ན་ནི་བསྟན་པ་གཅིག་གི་ཆ་རྐྱེན་མ་རྫོགས་པས་བརྒྱད་དུ་ངེས་ཤིང་བརྒྱད་དུ་འཐད་ལ། དེ་ལས་མང་ན་མི་དགོས་པས་སོ། །དེ་ཡང་ཟུག་པ་རྩ་བ་ལྟར་བཤད་པས། རྩ་བ་སེམས་འདུ་བ་ལ་དགོངས། བཤད་པ་ནི་རྒྱས་པ་ལོ་འདབ་ལྟར་བཤད་པས། ཚིག་དོན་འབྲི་བ་ལ་དགོངས་ལ། ཡན་ལག་གི་དྲིལ་བ་སྡོང་པོ་ལྟར་བཤད་པས། དབྱིངས་རིག་གཉིས་སུ་མེད་པ་ལ་དགོངས་ལ། ལུང་རིག་ནི་གསལ་བ་མེ་ལོང་ལྟར་བཤད་པས་སྒྲོན་མའི་རང་ངོ་འཛིན་ཅིང་མངོན་སུམ་དུ་བསྟན་དུ་ཡོད་པ་ལ་དགོངས་ལ། མན་ངག་གི་སྨིན་པ་འབྲས་བུ་ལྟར་བཤད་པས། སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས་ལ། དགོངས་པ་རང་གནས་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས། འབྲས་བུ་ལམ་དུ་བྱེད་པ་ལ་དགོངས་ལ། འཇུག་པ་རང་གྲོལ་ནི་དྲན་རིག་ལམ་དུ་སློང་བ་སྐྱེས་བུས་སྙིང་སྟོབས་དང་ལྡན་པ་ལྟར་བཤད་པས། སྒྲོན་མ་ཉིད་ངོ་སྤྲོད་པ་ལ་དགོངས་པའོ། །མཁས་པ་ཆོ་ག་དམག་གི་དཔུང་རྫོགས་པ་ལྟར་བཤད་པ་ནི། བསྟན་པ་ཉིད་བསྲུངས་ནས་ཡུན་རིང་དུ་གནས་པ་ལ་དགོངས་པའོ། །དེ་དག་གི་འབྲས་བུ་ནི་རྩ་བ་ཞེས། ཆོས་ཀྱི་རྩ་བ་སེམས་ལ་འདུས་ལ། སེམས་ཀྱི་རྩ་བ་སྟོང་པ་ངོས་བཟུང་དང་བྲལ་བའོ། །རྒྱུད་ནི་དེ་བཟུང་པས་སེམས་དང་ངོ་འཕྲད། བཅིངས་པས་ཏིང་ངེ་འཛིན་རང་ལ་གནས། བླངས་པས་བརྗོད་བྱའི་དོན་མཐར་ཐུག་པ་སེམས་ལ་འཆར། བཤད་པས་མཆོག་གི་དངོས་གྲུབ་ཐུན་མོང་དུ་ཐོབ། བསྒོམས་པས་འཁོར་བ་དོང་སྤྲུགས་བསྙེན་པས་གནས་སྐབས་ཀྱི་ཡེ་ཤེས་ལ་ལོངས་སྤྱོད་པའོ། །མན་ངག་གི་སྤྲོས་པ་ཚིག་གི་མན་ངག་ཚིག་ཏུ་འགྲོ་ལ་དོན་རང་ལ་མི་ཕེབས། གནད་འདུས་དོན་གྱི་མན་ངག་གིས་ཚིག་ལ་མ་བརྟེན་པར་སངས་རྒྱས་སོ། །མན་ངག་སེམས་བརྗོད་བྱ་ལ་བརྟེན་ནས་བརྗོད་དུ་མེད་པའི་དོན་སེམས་ལ་སྐྱེ་བའོ། །བཤད་པའི་ཚིག་ནི་ཚིག་གི་སྤྲོས་པ་ལ་བརྟེན་ནས་དོན་སྤྲོས་མེད་ཀྱི་ཡེ་ཤེས་མཚོན་པའོ། །དགོངས་པ་ནི་ཐུན་མཚམས་ལས་འདས་པའི་ཡེ་ཤེས་ལ་བར་མེད་པས། དེ་ཡང་རང་ལ་གནས་པས་གནས་པ་ནས་བྱུང་བ་མེད་པའོ། །ལུང་ནི་མི་འགྱུར་ཞིང་བསྟན་པ་ལ་ཡིད་ཆེས་སྐྱེ་བའོ། །རིགས་པའི་ནི་དེའི་དོན་ལ་བརྟེན་ནས་རིག་པས་སངས་རྒྱས་ཀྱི་ས་ལ་འགྲོ་བར་བྱེད་པའོ། །གསལ་བ་ཤེས་པ་གསལ་བས་གང་དུ་མ་འགགས། དབང་པོ་གསལ་བས་ཆོས་དང་ཆོས་མ་ཡིན་པར་རྣམ་པར་ཕྱེད་པའོ། །རྒྱུད་ཀུན་གོང་མ་དང་འདྲའོ། །དེ་ལ་ཡན་དབང་པོ་ལྔ་རང་ཡན་དུ་བཞག་པས་ཚོགས་དྲུག་གྱི་ན་དྷར་འགྱུར་བའོ། །ལག་ནི་བཟུང་བ་ཙམ་གྱིས་ཁམས་གསུམ་ལས་འདའ་འོ། །འཇུག་པ་སྟོང་པ་སྣང་བ་ལ་ཞུགས་པས་སྣང་སེམས་ཁ་སྦྱོར། སྣང་བས་སྟོང་པ་ལ་ཞུགས་པས་ཡུལ་སེམས་གཉིས་སུ་མེད་པས། དེ་ལས་རང་གྲོལ་བས་བཅོས་སུ་མེད་བའོ། །མཁས་པ་ནི་མ་མོའི་དུས་ན་རྣལ་པ་ལ་མཁས་པས་བསམ་པ་ཙམ་གྱིས་བསྒྲུབ་བྱ་ཉམས་པར་བྱེད་པ་དང་། ལས་དང་འོད་ཀ་ལ་མཁས་པས་མནན་པ་ཙམ་གྱིས་སྔགས་དང་ཏིང་ངེ་འཛིན་མི་དགོངས་པར་བསྒྲུབ་བྱའི་སྲོག་ཆོམ་པ་དང་། མ་མོའི་སྔགས་དང་ཏིང་ངེ་འཛིན་ལ་མཁས་པས་ལྷ་ཉེ་ཞིང་དངོས་གྲུབ་མྱུར་བ་དང་། མ་མོའི་བསྙེན་བསྒྲུབ་ལས་སྦྱོར་ལ་མཁས་པས་རང་གི་འདོད་པའི་དོན་འགྲུབ་པ་དང་། རྫས་དང་མཆོད་པ་ལ་མཁའ་འགྲོ་མའི་ལས་ཀྱི་འགྱུར་བརྩེ་ཞིང་བྱ་བ་འགྲུབ་པའོ། །ཆོ་ག་རྫོགས་པ་ལ་བརྟེན་ནས་ལྷ་ཞིང་དངོས་མའི་དཀྱིལ་འཁོར་མངོན་པར་འགྲུབ་པ་དང་། ཆོ་ག་ཐོར་བུ་བ་ལ་བརྟེན་ནས་གནས་སྐབས་ཀྱི་ལས་ཉེ་བར་བསྟན་པ་དང་། ཆོ་ག་ཕྲ་མོ་ལ་བརྟེན་ནས་མཁའ་འགྲོ་མའི་ལས་ཀྱི་འགྱུར་བརྩེ་བའོ། །ཞེས་ནང་དོན་ལྔ་པ་དེ་དག་ཀྱང་རྒྱུད་བརྒྱད་དུ་བསྡུས་པའི་ངོ་བོ་བཤད་པ་བསྟན་ནས། ད་ནི་ཡན་ལག་གི་དོན་དྲུག་པ་ཚིག་གི་རྒྱུད་དག་གི་བཤད་པའི་དགོས་པ་བསྟན་པ་ནི། དོན་ནི་རྒྱུད་ཀུན་གྱི་ཐམས་ཅད་ཀྱི་ནི་དོན་བརྒྱད་དུ་འདུས་ལ། དེ་ཡང་གོང་དུ་རབ་ཏུ་གསལ་བར་བཤད་དོ། །དེ་དག་བསྡམ་པ་ལས་རྒྱུད་དེ་དག་གི་ངོ་བོ་རྣམ་པར་ཕྱེ་བས་ནི། དེ་དག་ཀུན་གང་ཟག་གཅིག་ལ་འཚོགས་པས་འཁོར་བའི་རྣམ་པར་རྟོག་པ་ཐམས་ཅད་དུས་གཅིག་ཏུ་སངས་ནས། འབྲས་བུ་སྟོང་པའི་ཅིའི་ངོ་བོར་ཡང་མ་ཡིན་པར་རྒྱས་པས་ཀུན་གྱི་རང་བཞིན་སེམས་བཞིན་རྟོགས་པ་ཐོབ་ནས་ཁམས་གསུམ་ལས་འདའ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གོང་དུ་བསྟན་པ་དེ་ལྟར་ཚིག་གི་རྒྱུད་རྣམ་པར་ཕྱེ་བའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་གསུམ་པ་ཚིག་གི་རྒྱུད་བསྟན་པ་ལ་ཡན་ལག་གི་དོན་དྲུག་ཏུ་བྱས་ནས་བསྟན་ཏོ། །ད་ནི་བསྡུས་པའི་དོན་བཞི་པ་རྒྱུད་གསུམ་གྱི་དོན་སྤྱིར་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་ནང་དོན་དང་པོ། དེ་དག་གི་དོན་ཇི་ལྟར་ཡིན་པ་ཞུ་བ་སྔོན་དུ་འགྲོ་བས་གཞན་དོན་ཕུན་སུམ་འཚོགས་པར་བསྟན་པ་ནི། དེ་ལྟར་གསུངས་པའི་དེ་ནས་སྡུད་པའོ་རྡོ་རྗེ་འཛིན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འཁོར་རྣམས་བསྟན་པ་གཞན་དུ་མ་བཤད་པར་རབ་ཏུ་གསང་བའི་རྒྱུད་ནི་དངོས་པོའི་གནས་ལུགས་ལ་གཞིའི་རྒྱུད་ཅེས་བསྟན་པ་སྟེ། དེ་རྒྱུད་དུ་ཅིས་འགྲོ་ན་སངས་རྒྱས་སེམས་ཅན་ཙམ་གྱི་རྒྱུད་དེ་ལས་སྐྱེས་པས་ན་རྒྱུད་ཡིན་ནོ། །དེའི་རྟོགས་པས་སངས་རྒྱས་ཀྱི་རྒྱུད་སྙེགས་ལ། དེ་ཉིད་ལ་རྟོགས་པས་སེམས་ཅན་གྱིས་རྒྱུད་སྙེགས་པས་རྒྱུད་ཡིན་ནོ། །རང་བཞིན་གྱི་རྒྱུད་ནི་སྙིང་པོ་རང་བཞིན་གྱི་རྒྱུད་རིགས་པས་ཏེ་རིག་པའི་ཆོས་ཉིད་མངོན་གསུམ་དུ་མཐོང་པས་འདས་པའི་རྒྱུད་འཛིན་པས་རྒྱུད་ཡིན་ལ། བླ་མའི་མན་ངག་མེད་ཅིང་མ་མཐོང་བས་འཁོར་བའི་རྒྱུད་འཛིན་པས་ན་རྒྱུད་དོ། །མེ་ཏོག་རང་བཞིན་གྱི་རྒྱུད་ནི། སྒྲོན་མ་སུས་མཐོང་པ་ཆོས་ཉིད་མངོན་སུམ་གྱི་རིགས་པ་ཡིན་པས་ན་རྒྱུད་ཡིན་ལ། དེ་མ་མཐོང་བ་ལས་དང་ཉོན་མོངས་པའི་རིགས་ཡིན་པས་རྒྱུད་ཡིན་ལ། བཅུད་རང་བཞིན་གྱི་རྒྱུད་ནི། དེ་ཉིད་ཉམས་སུ་བླངས་བ་ལས་སྙིང་པོ་བཅུད་དུ་དྲིལ་བ་ཞེས་བྱ་སྟེ། ཡེ་ཤེས་ལྔ་ཡི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་མཐོང་བས་ཁམས་གསུམ་དུ་མི་འཇུག་པའི་རྒྱུད་ཡིན་པས་ན་རྒྱུད་དོ། །ཐབས་ཀྱི་རྒྱུད་ལ་མཚོན་བྱ་གཞི་ཡིན་པས། གཞི་སེམས་ལ་མ་བརྟེན་པའི་སངས་རྒྱས་སེམས་ཅན་གང་ཡང་མེད་པས། གཉིས་ཀྱི་རྒྱུད་འཛིན་པས་ན་རྒྱུད་ལ། དེ་མཚོན་པ་ཙམ་ལ་བརྟེན་ནས་ཁོང་དུ་ཆོད་པ་ནི་དོན་ཡིན་པས། དོན་རྟོགས་པ་ཙམ་གྱིས་སངས་རྒྱ་བས་ན། སངས་རྒྱས་ཀྱི་རྒྱུད་ཡིན་པས་རྒྱུད་དོ། །མཚོན་བྱེད་ཐབས་ཀྱི་རྒྱུད་དེ། མཚོན་བྱེད་བླ་མའི་མན་ངག་ལ་བརྟེན་ནས་མངོན་དུ་འགྱུར་ཏེ། དེ་མངོན་དུ་གྱུར་པ་ལས་སངས་རྒྱས་ལ་ཡང་མེད་ལས། དེ་ཉིད་རང་རྒྱུད་པ་ལ་བརྟེན་ནས་མངོན་གསུམ་དུ་མཐོང་བས། ཡང་དག་པའི་ཡོན་ཏན་མངོན་པར་འབྱུང་བའི་རྒྱུད་ཡིན་པས་ན་རྒྱུད་དོ། །དེ་དག་དོན་གྱི་རྒྱུད་དོ། །དོན་ལ་རྒྱུད་མེད་དོ་ཞེ་ན། དོན་ཉིད་རྒྱུད་ཡིན་པས་ན། དོན་ལས་མ་གཏོགས་པའི་རྒྱུད་ལོག་པ་རྩལ་དུ་མི་རྙེད་པས་ན། དོན་ཉིད་རྒྱུད་ཡིན་ལ། རྒྱུད་དུ་རྟོགས་པས་ན་དེ་ལས་གཞན་མེད་པས་སོ། །དེ་ཡང་དོན་ཆོས་ཉིད་ཀྱི་རིགས་ཡིན་པས་ན་རྒྱུད་དོ། །དེ་ལྟར་དོན་གྱི་རྒྱུད་དང་། ཚིག་གི་རྒྱུད་རྣམ་པར་ཕྱེ་ནས་བསྟན་པས་འདས་པ་དང་། འཇིག་རྟེན་པའི་འཁོར་དེ་དག་ལུས་དགའ་ངག་མགུ་སེམས་རངས་པའི་སེམས་ཀྱི་བདེ་བ་སྐྱེས་ཏེ། ལུས་ངག་ཡིད་ལ་བདེ་བ་ཁྱད་པར་ཅན་སྐྱེས་པས་རང་ལ་རང་ངོ་མཚར་བ་སྐྱེས་ཏེ། འདི་གང་ལས་བྱུང་ན་སྟོན་པའི་དྲིན་ཡིན་པར་མཐོང་ནས། རྡོ་རིག་པ་རྗེ་ཡེ་ཤེས་རིག་པ་དང་ཡེ་ཤེས་འདུ་འབྲལ་མེད་པས་འཆང་པ། དེའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས། ལག་ན་རྡོ་རྗེ་ཚིག་འདི་སྐད་ཤེས་རབ་ཀྱིས་བཏགས་ནས་གསོལ་བ་བཏབ་བོ། །ཀྱེ་མ་ཞེས་ངེས་པ་ཁོ་ནས་བོས་ནས། དྲུག་པ་ནི་ཕྱིར་འགྲོ་བ་རིགས་དྲུག་ལ་གཟིགས་ནས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཚད་དུ་ཕྱིན་པ་ལས། ཐུབ་པ་དྲུག་གི་སྐུར་སྤྲུལ་ནས། འགྲོ་བ་དྲུག་གིས་རྟོག་པ་གཅོད་ལ། ནང་དུ་ཉོན་མོངས་པ་དྲུག་ལ་གཟིགས་པས། མཁྱེན་པའི་ཡེ་ཤེས་དྲུག་ལ་ལོངས་སྤྱོད་པའོ། །གསང་བ་ཡུལ་ལ་གཟིགས་པས་འབྲས་བུ་སྐུ་དྲུག་དུ་སྨིན་པས་ནའོ། །བླ་ན་མེད་པའི་ཏིང་ངེ་འཛིན་དྲུག་ལ་གཟིགས་པས། ནང་དུ་ཆོས་ཉིད་དྲུག་ལ་དབང་ཐོབ་པའོ། །དེས་ན་དྲུག་པ་ཞེས་བྱའོ། །རྡོ་རྗེ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་ལས་མི་འདའ་འོ། །འཆང་བ་ནི་ཐོག་མ་སེམས་བསྐྱེད་པའི་དུས་ན་འགྲོ་བའི་དོན་བྱའོ་བར་ཞལ་གྱིས་བཞེས་པའོ། །ཚིག་དང་དོན་གྱི་རྒྱུད་རྣམས་ཀྱི་རིམ་པ་དེ་ལྟར་ལགས་ན། སྡུད་པ་པོ་དེས་གཞན་དོན་དུ་གསོལ་བ་བཏབ་པ། མ་འོངས་པའི་དུས་ན་འབྱུང་བ་ཕྲ་རགས་ལས་སེམས་རྣམ་རྟོག་ཐ་དད་པས་བསླད་པས་ཅན། དུག་གསུམ་གྱིས་གཟིར་བ་དང་། རང་བཞིན་གདོས་བཅས་དང་། ཡང་ན་དབང་པོ་མ་ཚང་ཞིང་། ཡན་ལག་མ་ཚང་པ་དང་། ལས་ངན་པ་དང་། ཡང་ལས་བཟང་པོ་བསགས་པ་རྣམས་ཀྱང་རུང་སྟེ། གང་རུང་པ་ཡང་དག་པའི་ལྟ་བ་རྒྱུད་ཀུན་གྱི་གནད་ཧྲིལ་གྱིས་དྲིལ་ནས་གདམས་པས་གང་ཟག་དད་པ་དང་ལྡན་པ་གཅིག་གིས་ཉམས་སུ་བླངས་པས་ཡེ་ཤེས་མངོན་སུམ་དུ་གྱུར་པའི་རང་གི་རིག་པ་ལ། སྙིང་པོ་ཐམས་ཅད་གཅིག་ཏུ་དྲིལ་ནས་ནི་བདག་གིས་མ་འོངས་པའི་འགྱུ་བ་ཐ་དད་པའི་སེམས་ཅན་རྣམས་ལ། བསྡུས་པའི་ཉམས་སུ་ལེན་པ་དེ་ཇི་བསྟན་པར་བགྱི། ཞེས་གསོལ་བ་བཏབ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཆང་གིས་སྐྱེ་འགྲོའི་སེམས་ཅན་ཐམས་ཅད་བསྒྲོལ་བར་ཞལ་གྱིས་བཞེས་པས་ན། བདག་གིས་སེམས་ཅན་གྱི་དོན་མཐར་ཕྱིན་པར་བགྱི་བས་ཐུགས་ལ་འཁྲུལ་པ་མེད་པར་གསུངས་ཤིག་ཅེས་ཞུ་བ་ཕུལ་ཞིང་གསོལ་བ་བཏབ་པའོ། །ཞེས་བསྡུས་པའི་དོན་ཐ་མའི་ནང་དོན་དང་པོ་དེ་དག་གིས་དོན་ཇི་ལྟར་ཡིན་པ་ཞུ་བ་སྔོན་དུ་འགྲོ་བ་གཞན་དོན་ཕུན་སུམ་འཚོགས་པར་བསྟན་ནས། ད་ནི་ཡན་ལག་གི་དོན་གཉིས་པ་སྟོན་པས་ལན་དུ་རྒྱུད་དེ་དག་གི་ཚིག་མཐའ་ཡས་ཀྱང་དོན་འདི་ལྟར་ཡིན་ནོ། །ཞེས་བསྟན་པ་ནི། དེ་ནས་ནི་གསོལ་བ་བཏབ་པའི་དེ་ནས་སྟོན་པ་ནི་ཡོན་ཏན་ཁྱད་པར་དང་ལྡན་པ་ལ་དམིགས་པའོ། །བཀའ་ནི་བཅོས་མ་མ་ཡིན་པ། སྩལ་པ་ནི་སྔོན་འབྱུང་དུ་སྡུད་པ་པོའི་རྣ་བའི་དབང་པོ་ལ་བསྩལ། རྗེས་འཇུག་གི་དུས་ན་བླ་མས་སློབ་མའི་རྣ་བའི་དབང་པོ་ལ་སྩལ། སྩལ་ལུགས་ཇི་ལྟར་སྩལ་ན། འོ་མ་ལས་ནི་མར་ལྟ་བུར་བསྡུ་བ་ལ་དགོངས་པ་ནས་བཀའ་སྩལ་ཏེ། ཚིག་རྒྱུད་བཅུ་བདུན་ཙམ་དུ་བསྡུས་ན་འདི་ལྟར་ཡིན་ཞེས་བསྟན་པའོ། །ཚིག་གི་བརྗོད་བྱ་ཇི་ལྟར་བརྗོད། གང་བརྗོད་ཀྱང་། ཤེས་བྱ་ཐམས་ཅད་ཀུན། རིམ་གྱིས་དྲིལ་ནས་བསྟན་ན། ཚིག་གི་སྤྲོས་པ་ཀུན་བསྒྲངས་པ་ཙམ་དུ་ཟད་མོད་ཀྱང་ནི་འདི་ལྟར་བློའི་ཚུ་རོལ་གྱི་རྟོག་པ་ལས་འགྲོལ་མེད་པས། བཅོས་མ་བློའི་རྟོག་པ་ཡིན་པ་ལས་མ་རྟོགས་པ་མེད་པས། རྒྱུད་བཅུ་བདུན་པོའི་མདོ་ནི་ངག་དོན་དྲིལ་ནས་བསྟན་ན། ཟབ་མོ་འདུས་པ་ནི་ཚིག་དོན་བཅུ་གཅིག་ཏུ་དོན་ཐམས་ཅད་བསྡུ་བའོ། །འདིར་ཚིག་དོན་བཅུ་གཅིག་བསྟན་ཏོ། །ཐོག་མ་རྟོགས་ཏེ་སངས་རྒྱས་མ་བྱུང་མ་རྟོགས་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་ཇི་ལྟར་གནས་པའི་ཚིག་དོན་དང་པོ་ནི། གནས་པ་གཞི་ཡིན་ལ་ལུགས་བདུན་ཏེ། ཀ་དག་ཏུ་འདོད་པ་དང་། ལྷུན་གྲུབ་ཏུ་འདོད་པ་དང་། མ་ངེས་པ་འདོད་པ་དང་། ངེས་པ་དོན་གྱི་དངོས་གཞི་བར་འདོད་པ་དང་། ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་དང་། ཅིར་ཡང་ཁས་བླང་དུ་བཏུབ་པ་འདོད་པ་དང་། གཞི་སྣ་ཚོགས་ཁྲ་བོར་འདོད་པ་དང་། འདི་ལ་གང་ཟག་རྣམ་པ་གཉིས་ཀྱི་དབང་དུ་བྱས་ན། གྲུབ་པའི་མཐའ་རྗེས་སུ་འཛིན་པའི་གང་ཟག་དང་། ལམ་རྗེས་སུ་འཛིན་པ་དང་གཉིས་ལས། ལུགས་གཉིས་སུ་བསྟན་ཏེ། དྲུག་པོ་སྐྱོན་ཅན་ཡིན་པས། སྐྱོན་ཅན་ངོས་བཟུང་བ་དང་གཅིག་པོ་སྐྱོན་མེད་ཡིན་པས་སྐྱོན་མེད་གཏན་ལ་དབབ་པ་གཉིས་ལས། དེ་ཡང་སྐྱོན་ཅན་ཕྱོགས་གཅིག་ཏུ་བཞག་ནས་དོར་བ་ནི། ལྷུན་གྲུབ་སྐྱོན་ཅན་ཡིན་པས་གཞི་མི་བཏུབ་པ་ནི། རྒྱུ་ལྷུན་གྱིས་གྲུབ་པར་འདོད་ན་ནི་གཞི་མི་བཏུབ་སྟེ། གཞི་ལ་རྒྱུའི་མིང་གིས་བཏགས་པས་བརྗོད་བྱ་ཉམས་ལ། གལ་ཏེ་གྲུབ་པར་འདོད་པ་ནི། རྒྱུ་དེ་ལ་འབྲས་བུ་གྲུབ་བམ་མ་གྲུབ། གྲུབ་ན་ནི་འབྲས་བུ་ལྡོག་པ་དང་བཅས་པའི་སྐྱོན་སྤང་བར་མི་ནུས། རེས་རྒྱུ་ཡིན་ལ་དེ་ལས་འབྲས་བུ་ཡང་གྲུབ་ལ། འབྲས་བུ་ལས་རྒྱུ་གྲུབ་པས་ན་ཐུག་མེད་ཀྱི་སྐྱོན་དང་། ཡང་ན་རྒྱུ་འབྲས་གཅིག་པའི་སྐྱོན་སྤང་བར་མི་ནུས་སོ། །གཅིག་པར་འདོད་ན་ནི་ལས་རྒྱུ་འབྲས་ཀྱི་བརྗོད་བྱ་ཉམས་སོ། །གལ་ཏེ་ཐ་དད་པར་འདོད་ན་ནི་རྒྱུ་ལྷུན་གྲུབ་ཀྱི་འདོད་པ་ཉམས་སོ། །གལ་ཏེ་འབྲས་བུ་ལ་རྒྱུ་གྲུབ་པར་འདོད་ན་ནི། འབྲས་བུ་རྒྱུར་ཐལ་བ་མི་ཁེགས་སོ། །དེས་ན་འབྲས་བུ་དང་རྒྱུར་བཏགས་པ་ལ་ངེས་པ་མེད་པས་ན་རྒྱུ་འབྲས་ཀྱི་འབྲེལ་བ་བརྟགས་པ་ལས་ཤེས་ཏེ། རྒྱུས་འབྲས་བུ་བསྐྱེད་པ་ལས། འབྲས་བུ་ལས་རྒྱུ་བསྐྱེད་པ་མེད་དོ། །ཡང་ན་ཐམས་ཅད་ནས་ཐམས་ཅད་དུ་ལྷུན་གྲུབ་ཏུ་འདོད་ན། མི་འདོད་པ་དགག་ཏུ་མི་བཏུབ་པས་རང་འདོད་པའི་དོན་མི་འགྲུབ་པས་ལྷུན་གྲུབ་ལ་དགོས་པ་མེད་པར་འགྱུར་རོ། །མཐུན་ཕྱོགས་ནི་གྲུབ་ལ། མི་མཐུན་པའི་ཕྱོགས་མི་འགྲུབ་པ་ནི། ལྷུན་གྲུབ་ཕྱོགས་ཆར་འགྱུར་བས། ལྷུན་གྱིས་གྲུབ་པའི་འདོད་པ་ཉམས་སོ། །གལ་ཏེ་གཉིས་མེད་དུ་ལྷུན་གྱིས་གྲུབ་བོ་ཞེ་ན། རྒྱུ་དང་འབྲས་བུ་ལ་སོགས་པ་གཉིས་སུ་མེད་ན་ནི་ཡང་ལྷུན་གྲུབ་ཀྱི་འདོད་པ་ཉམས་ཤིང་། འཁོར་འདས་ཀྱང་མི་བདེན་པར་འགྱུར་རོ། །དེ་ཡང་རྒྱུ་ལྷུན་གྱིས་གྲུབ་པའི་དུས་ན་འབྲས་བུ་མེད་པ་ལ་སོགས་པའི་རིགས་པས་གནོད་དེ། དེ་ལ་སོགས་པའི་རིགས་པས་སྤྲོས་ན་མངས་ཏེ་འདིར་མ་སྤྲོས་སོ། །དེས་ན་ལྷུན་གྲུབ་སྐྱོན་ཅན་དུ་ངོས་བཟུང་བས་དོར་བྱ། འདི་ལ་ཐུགས་རྗེའི་ཆ་ནས་ཀུན་ཁྱབ་ཏུ་འདོད་པས། ལྷུན་གྲུབ་ཏུ་ཁས་བླངས་མི་དགོས་སོ། །ངེས་མེད་དུ་འདོད་པས་ཡང་སྐྱོན་ཅན་ཏེ། མིང་ལ་ངེས་པ་མེད་པ་ཡིན་ཙམ་ན། མིང་ཐ་དད་པས་ངེས་པ་ཡོད་མེད་ཀྱི་རྩིས་མེད། མིང་ཡང་དག་པར་མ་ཡིན་པའི་ཕྱིར་རོ། །དོན་ལ་ངེས་པར་མེད་ན་ནི། དོན་འགྱུར་བའི་ངོས་ནས་མེད་དམ། མི་འགྱུར་ཀྱང་མེད་འགྱུར་བ་དོན་མ་བཏུབ། མི་འགྱུར་ན་ངེས་པ་མེད་པ་མི་བཏུབ་བོ། །དེ་བཞིན་ཡོད་པས་ངེས་པ་མེད་ན། མངོན་སུམ་ལ་བསྙོན་དུ་མི་བཏུབ། མེད་པས་ངེས་པ་མེད་ན། མེད་པ་ལ་ངེས་པ་ཡོད་མེད་ཀྱི་བརྟག་པ་མི་རྙེད། དེ་བཞིན་དུ་སྣང་སྟོང་ཀུན་ལ་བསྒྲེའོ། །དེས་ན་ངེས་མེད་སྐྱོན་ཅན་ཡིན་པས་དོར་བྱ། འདི་ནི་ཐུགས་རྗེའི་ཆ་ནས་སྣ་ཚོགས་སུ་ཤར་བས་ངེས་པ་མེད་པའི་དོན་བརྟག་མི་དགོས་ལ། ངེས་པ་དོན་གྱི་དངོས་གཞི་པ་ཡང་སྐྱོན་ཅན་ཏེ། མིང་ལ་ངེས་པ་ཡོད་ན། མིང་ལ་ངེས་པར་མེད་པར་ཚིག་ཡིན་པས། གདགས་བྱ་མིང་ཙམ་དུ་ཡང་མ་གྲུབ་ལ་འདོགས་བྱེད་ཚིག་ཙམ་དུ་ཡང་མ་གྲུབ་པས་ན། ངེས་པ་མི་རྙེད་ལ། དོན་ལ་ངེས་པར་བརྟག་པ་ཡོད་དམ། བརྟག་པར་ཡོད་ན་ནི། ཕྱི་རོལ་རྟག་པར་སྨྲ་བ་དང་ཁྱད་མེད་ལ། མི་རྟག་པ་ཡོད་པའི་སྒྲ་མི་འཇུག་པས་སོ། །དེ་རྟག་པས་འཁོར་བར་འཁོར་བར་ཡོད་པར་ངེས་པས་ན། འཁོར་འདས་ཏེ་ཆད་པས། སེམས་ཅན་གྱིས་འབད་པ་ལ་དགོངས་པ་མེད་དོ། །དེས་ན་ངེས་པ་སྐྱོན་ཅན་ཡིན་པར་དོར་བྱ། འདི་ནི་ཀ་ནས་དག་པས་ཡོད་མེད་རྟག་ཆད་གང་དུ་ཡང་མི་འདོད་པའོ། །ཅིར་ཡང་ཁས་བླང་དུ་བཏུབ་པ་ཡང་སྐྱོ ན་ཅན་ཡིན་ཏེ། དེ་ཡང་ཡོད་པར་ཁས་ལེན་ན་ནི། ཡོད་པ་ལ་མེད་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་ནི་ཡོད་པ་མི་བཏུབ་ལ། མ་ཁྱབ་ན་ནི་ལྟོས་རིགས་མི་ཁེགས་ཏེ། ཡོད་པ་ལ་ལྟོས་པས་མེད་པས་ཏེ། དེ་བཞིན་དུ་སྣང་ཤེས་ཀུན་ལ་བསྒྲེས་པས་ཆོག་གོ །མེད་པར་ཁས་ལེན་ན་ཡང་སྔ་མ་དང་འདྲའོ། །ཡང་ན་མེད་པ་ལ་ཁས་ལེན་ཡོད་མི་སྲིད་དོ། །དཔེར་ན་ཅིར་ཡང་ཁས་བླང་དུ་བཏུབ་པ་ཡང་སྐྱོན་ཅན་ཡིན་པས་དོར་བྱ། འདིར་ནི་ཅིར་ཡང་ཁས་བླངས་མི་དགོས་ཏེ། རང་བཞིན་ལས་ཀུན་འབྱུང་བས་རྟག་གཞི་གང་དུ་ཡང་མི་འཆའ་འོ། །གཞི་ཅིར་ཡང་བསྒྱུར་དུ་བཏུབ་པ་ཡང་སྐྱོན་ཅན་ཡིན་ཏེ། ཡོད་པ་ལས་མེད་པར་བསྒྱུར་དུ་བཏུབ་ན་ནི་མངོན་གསུམ་དུ་གསལ་ལ། དེ་བཞིན་དུ་རྒྱུ་ལས་འབྲས་བུ་བསྒྱུར་དུ་མི་བཏུབ་ལ། འབྲས་བུ་ལས་རྒྱུར་བསྒྱུར་དུ་བཏུབ་པ་མ་ཡིན་ནོ། །དེ་བཞིན་དུ་སྣང་སྟོང་རྟག་ཆད་ཐམས་ཅད་ལའོ། །དེས་ན་འདི་ཡང་སྐྱོན་ཅན་ཡིན་པས་དོར་བྱའོ། །འདི་ནི་ཐུགས་རྗེ་ཕྱོགས་མེད་དུ་ཤར་བས་གང་ཡང་དགག་ཏུ་མ་བཏུབ་པའོ། །གཞི་སྣ་ཚོགས་སུ་འདོད་པ་ཡང་སྐྱོན་ཅན་ཏེ། དཀར་པོར་སྣང་བའི་དུས་ན་ཡང་སེར་པོ་ལ་སོགས་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་ནི་དཀར་པོ་ཞེས་པའི་ཚིག་གི་ཉམས་ལ། མ་ཁྱབ་ན་ནི་སྣ་ཚོགས་ཀྱི་འདོད་པ་ཉམས་སོ། །ཡང་ན་དཀར་པོ་ཡང་ཡིན་ལ་སེར་པོ་ཡང་ཡིན་ཞེ་ན། དཀར་པོར་སྣང་བའི་དུས་ན་སེར་པོ་མ་གྲུབ་ལ། སེར་པོར་སྣང་བའི་དུས་ན་དཀར་པོ་མ་གྲུབ་པས་སོ། །སྣ་ཚོགས་དུས་གཅིག་ལ་སྣང་ན་ནི་གཞི་ཐ་དད་དུ་འགྱུར་རོ། །དེ་ཡང་མིག་གི་རྣམ་པར་ཤེས་པ་ལ་སྔོན་པོར་སྣང་བའི་དུས་ན། དཀར་པོ་ལ་སོགས་པ་སྣང་མི་སྲིད་པས་སོ། །ཡང་སྔོན་པོ་དང་དཀར་པོ་གཉིས་ཕན་ཚུན་འགལ་བས་ཏེ། དེ་ལྟར་ཡང་ཚ་རེག་དང་གྲང་རེག་གཉིས་ལྷན་གཅིག་ཏུ་མི་གནས་པ་བཞིན་ནོ། །དེས་ན་སྣ་ཚོགས་པ་ཡང་སྐྱོན་ཅན་ཡིན་པས་དཔང་བྱའོ། །འདི་ནི་རང་བཞིན་ལ་བཅོས་མ་མེད་པས། སྣ་ཚོགས་སུ་ཤར་ཡང་ངོ་བོ་ཀ་ནས་དག་པས་སོ། །དེ་ལྟར་ཡང་བསམ་གྱིས་མི་ཁྱབ་ཀྱང་དྲུག་པོ་དེ་སྐྱོན་ཅན་ཡིན་པས་གཞི་མི་བཏུབ་པའོ། །འདི་ནི་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་སུ་ཤར་བས། གཞི་ལ་འཁྲུལ་བྱ་བ་ཙམ་དུ་ཡང་མ་གྲུབ་པས་ཀ་དག་ལ། མ་འཁྲུལ་ཞེས་བྱ་བ་ཡང་མ་གྲུབ་པས་ན་ཀུན་ཁྱབ་བོ། །དོན་གྱིས་ཁས་ལེན་གང་ཡང་མེད་པའོ། །རང་བཞིན་ཀུན་སྣང་གི་ཡེ་ཤེས་སུ་བཞུགས་པ་ལས། འཁྲུལ་པ་ཞེས་ཐ་སྙད་དུ་བརྟགས་ཀྱང་འགལ་བ་མེད། མ་འཁྲུལ་ཞེས་བཏགས་ཀྱང་འགལ་བ་མེད་དོ། །དེའི་ཕྱིར་ན་འཁྲུལ་གཞི་ལ་མེད་པས་ཐ་སྙད་བརྟགས་པས་སྟོང་པའོ། །འཁྲུལ་པ་གཞི་ལ་མ་གྲུབ་པས། འཁྲུལ་མ་འཁྲུལ་གང་དུ་ཡང་མི་གནས་པའོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་རྣམ་པ་གསུམ་ནི། ཐུགས་རྗེ་ཕྱོགས་མེད་དུ་ཤར་བས་ཡོད་མེད་རྟག་ཆད་གང་ལ་བརྟེན་མེད་ཅིང་ཕྱོགས་མེད་དུ་ཤར་བའོ། །དེ་ཡང་ངོ་བོ་ཀ་དག་གི་ཆ་ནས་ཐོག་མ་འཁྲུལ་མ་མྱོང་པས། སངས་རྒྱས་སེམས་ཅན་གྱི་མིང་མེད་ད་ལྟ་འཁྲུལ་པ་ལ་མི་གནས། རིག་པ་ཉིད་ཡེ་ནས་སངས་རྒྱས། ཕྱིས་འཁྲུལ་མི་སྲིད་པས་གཞི་ཞེས་ཀྱང་འཁྲུལ་པ་མེད་དོ། །རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་སྣ་ཚོགས་དགག་ཏུ་མ་བཏུབ་པས། ཇི་ལྟར་སྣང་ཡང་མི་སྟོང་། ངོ་བོ་ལ་གོས་པ་མེད་པའི་ཕྱིར་རོ། །ཐུགས་རྗེ་ཀུན་ལ་ཁྱབ་པའི་ཆ་ནས། འཁྲུལ་པ་ལྟར་ཡང་མི་འགོགས་ཏེ། འཁོར་ཇི་ལྟར་ཤར་ཡང་དེ་ཉིད་དེ་ཉིད་ཀྱིས་གྲོལ་བའོ། །དེ་ཡང་ཐ་སྙད་ཀྱི་དབང་དུ་བྱས་ན། སྐུ་གསུམ་དུ་སྣང་ལ་གང་དུ་ཡང་གཏན་ལ་དབབ་ཏུ་བཏུབ་པའོ། །དེ་ཡང་སྣང་བ་སྣ་ཚོགས་སུ་སྣང་ཡང་། ཡིན་གང་ཡང་མ་ཡིན། མིན་གང་ཡང་མ་ཡིན་ཡང་། ཤར་ཐམས་ཅད་དུ་ཤར་ལ། ཤར་བ་དེ་ཉིད་གྲོལ། ཐམས་ཅད་དུ་གྲོལ་བའོ། །གྲོལ་བ་དེ་ཡང་རང་ཐོག་ཏུ་གྲོལ་བས་ན། གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །དེ་ཀ་ལ་མིང་དུ་བཏགས་ན། གང་ནས་ཀྱང་མ་འོངས། གང་དུ་ཡང་མི་གནས། དེ་ཉིད་གང་དུ་འགྲོ་བ་མེད་པའི་ཆོས་ཉིད་དོ། །དེ་ལྟར་གནས་པས་ཤར་ལ། ཤར་བས་ཁྱབ་པ། ཁྱབ་པས་སྟོང་པའོ། །སྟོང་པ་དེ་ངོས་བཟུང་ལས་འདས་པས། འགྲོ་འོང་མེད་པ། དུས་ཐམས་ཅད་ལ་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་པ། རྟག་པར་བཞུགས་པའི་ཡེ་ཤེས་སོ། །གནས་ལུགས་ནི་གསུམ་ལས་མི་འདའ་བར་ཀ་དག་གི་ཡི་གེ་ནས་བསྟན་པ་ཡིན་ནོ། །འཁྲུལ་ཞེས་སྣ་ཚོགས་འཁྲུལ་པ་ཡོད་པ་ལ་སྨོས་ཏེ། དེ་ལས་ཁྱད་ཀྱང་གཞི་རྣམ་གཉིས་ཏེ། འཁྲུལ་པ་རྩིས་ཀྱི་ལུགས་དང་། འཁྲུལ་པ་རང་འཁོར་གྱི་ལུགས་སོ། །རྩིས་ཀྱི་ལུགས་ནི། བཀྲ་ཤིས་མཛེས་ལྡན་ནས་བཅུ་གཉིས་སུ་བཤད་དེ་མ་ས་རྩ་བ་དང་ཡན་ལག་ཏུ་བཅས་པ་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས་འཁྲུལ་བའི་གཞི་གཏན་ལ་དབབ་པ་དང་། འདུ་བྱེད་རྩ་བ་དང་ཡན་ལག་དུ་བཅས་པའི་འཁྲུལ་པའི་ལུགས་ལ་བརྟེན་ནས་འཁྲུལ་པའི་ལས་གཏན་ལ་དབབ་པ་དང་། རྣམ་པར་ཤེས་པ་མིང་གིས་རྣམ་གྲངས་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས། རྣམ་གྲངས་དུ་མ་བརྩི་བ་དང་། མིང་འཇུག་པ་སྣ་ཚོགས་པ་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས་འཁྲུལ་པའི་རྒྱུ་གཏན་ལ་དབབ་པ་དང་། གཟུགས་རྡུལ་དང་རྡུལ་ཕྲན་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས། འཁྲུལ་པའི་དུས་གཏན་ལ་དབབ་པ་དང་། སྐྱེ་མཆེད་དྲུག་གྲངས་ངེས་པ་ལ་བརྟེན་ནས་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས། འཁྲུལ་པའི་འབྲས་བུ་གཏན་ལ་དབབ་པ་དང་། རེག་པ་མྱོང་བས་འཁོར་བའི་འཁྲུལ་པའི་ལུགས་ལ་བརྟེན་ནས། འཁྲུལ་བའི་རྟགས་གཏན་ལ་དབབ་པ་དང་། ཚོར་བ་རྟེན་སྣ་ཚོགས་པ་ལས་འཁྲུལ་པའི་ལུགས་ལ་བརྟེན་ནས། འཁྲུལ་པའི་ཚད་གཏན་ལ་དབབ་པ་དང་། སྲིད་པ་འཇུག་པ་ཐ་དད་པ་ལ་བརྟེན་ནས་འཁྲུལ་པའི་ལས་སོ་སོར་བརྟག་པ་དང་། ལེན་པ་གཉིས་འདུས་པས་འཁྲུལ་པའི་ལུགས་ལ་བརྟེན་ནས། ལུས་སེམས་བཟློག་པའི་འཁྲུལ་པ་གཏན་ལ་དབབ་པ་དང་། སྲིད་པ་ཆགས་པ་རྒྱུའི་འཁྲུལ་ལུགས་ལ་བརྟེན་ནས་ཕྱི་ནང་གི་འཁྲུལ་པའི་ངེས་པ་ཁྱད་པར་གྱི་མཚན་ཉིད་བསྟན་པ་དང་། སྐྱེ་བ་འགྱུ་བ་ལས་ཀྱི་འཁྲུལ་ལུགས་ལ་བརྟེན་ནས། སྨིན་སོ་ཐ་དད་པའི་འཁྲུལ་ལུགས་གཏན་ལ་དབབ་པའོ། །རྒ་ཤི་མཐའ་སྣ་ཚོགས་པའི་འཁྲུལ་ལུགས་ལ་བརྟེན་ནས། འཁྲུལ་པའི་རྐྱེན་དང་འབྲས་བུ་གཏན་ལ་དབབ་པའོ། །དེ་ཡང་མིང་གཟུགས་སུ་གྲུབ་པས་ན། མིང་གཟུགས་གཉིས་ནི། མིང་རྡུལ་དང་རྡུལ་ཕྲན་ལས་ཞུགས་པས་ན་གཟུགས་སུ་གྲུབ་པས་ན། དེ་གཉིས་གཅིག་ཏུ་བརྩིས་པས་ན། འཁྲུལ་པའི་ལུགས་བཅུ་གཉིས་ཀྱི་འཁོར་ལོ་གཏན་ལ་དབབ་པས་ནི། འགྲོ་བའི་སྨིན་སོ་ལོ་བཅུ་གཉིས་སུ་བྱུང་ལ། གནས་པའི་དུས་ན་འགྲོ་བ་གཅིག་གི་ལུས་ལ་ཡང་འབྱུང་བའི་བྱེར་ཟུག་སྙོམས་པའི་ལས་བཅུ་གཉིས་སུ་གནས་པའོ། །དེ་ལྟར་འཁྲུལ་པའི་རྟགས་སུ། ཕྱི་རོལ་ཟླ་བ་བཅུ་གཉིས་ཀྱིས་ལོ་གཅིག་ཏུ་རྩི་བ་བྱུང་སྟེ། དེ་ལྟར་འཁྲུལ་གཞི་གསལ་བའི་མེ་ལོང་ལ་བརྟེན་ནས། འཁྲུལ་བའི་བརྩིས་མ་ནོར་བར་དེད་པས། དུས་དང་གནས་པ་དང་། བཟློག་པ་དང་འཁྲུལ་ལུགས་ལ་སོགས་པ་ངེས་པ་ལ་ཕེབས་པའོ། །དེ་ཡང་ཐེག་པ་ཐུན་མོང་པ་ནི། མ་རིག་པ་ལས་འཁྲུལ་བས། ལུས་གཅིག་ལ་ཐ་མ་རྒ་ཤི་ལ་ཐུག་པར་འདོད་དེ། དེ་ལྟར་ནི་མིན་ཏེ། འདི་དག་ཐ་དད་པ་སྟེ་རྒ་ཤི་ཉེར་བསྟན་གྱི་དབང་དུ་བརྩི་བ་རང་ལ་ཡང་ལུགས་མི་མཐུན་པ་ལྔ་ཨུ་རྒྱན་གྱི་ཡུལ་ན་ཡོད་དོ། །འཁྲུལ་ལུགས་ཐ་དད་པའི་ཕྱིར་ན་འགྲོ་བའི་ལུས་ཀྱང་ཐ་དད་པར་བྱུང་པའོ། །ནང་ཡང་རྟོག་པ་ཐ་དད་པར་བྱུང་བའོ། །འདི་དག་ནི་བཀྲ་ཤིས་མཛེས་ལྡན་གྱི་སྐབས་ནས་རྒྱས་པར་སྟོན་ནོ། །ཤིན་ཏུ་ཞིབ་པར་འཁྲུལ་གཞི་གསལ་བའི་མེ་ལོང་ནས་བསྟན་ཏོ། །དེ་ལྟར་རྣམ་པ་མང་བར་བཤད་ཀྱང་དེ་དག་རེ་རེ་ལ་གཉིས་གཉིས་སུ་འདུས་ཏེ། རྒ་ཤི་ལྷུན་གྱིས་གྲུབ་པའི་དུས་ན་ནི། འཁྲུལ་པ་གནས་པའི་དུས་བརྩི་བ་སྟེ། འགྱུ་བ་ལས་ཀྱི་རྟོག་པ་དང་། ཡེ་ཤེས་ཀྱི་ཚད་རྣམས་གཏན་ལ་ཕེབས་སོ། །རྒ་ཤི་ཐུགས་རྗེའི་དུས་ན་ལུས་དང་ལས་ཀྱི་བྱེ་བྲག་དང་། དབང་པོ་ལ་སོགས་པ་དང་། འཁྲུལ་པ་བཟློག་པའི་མཚན་ཉིད་གཏན་ལ་ཕེབས་པའོ། །དེ་ལྟར་གཉིས་གཉིས་སུ་རྩིས་པས་དོན་གྱིས་འཁྲུལ་པའི་འཁོར་ལོ་ཉེར་བཞིས་བསྐོར་བས། ཕྱི་ནང་སྣོད་བཅུད་ཐམས་ཅད་གཏན་ལ་ཕེབས་པར་ངེས་སོ། །དེས་ན་འཁྲུལ་གཞི་རྩིས་ལ་ཐུག་པ་ཞེས་བྱའོ། །དེའི་གནད་ནི་ལྷུན་གྲུབ་ཀྱི་དུས་ན་གཞི་དང་ཞེས་ཁྱབ་པ་གཏན་ལ་དབབ། ཐུགས་རྗེའི་དུས་ན་གཞི་ཤེས་ཀྱི་ཁྱད་པར་གཏན་ལ་ཕབ་པས། འཁོར་བ་སྨིན་པའི་རྒྱུ་རྐྱེན་ཐམས་ཅད་ངེས་པར་གཏན་ལ་ཕེབས་པའོ། །དེ་ལྟར་གཉིས་ཀྱི་བྱེ་བྲག་ལས་ལུས་སུ་སྨིན་པའི་དུས་ན་རྟགས་ངེས་པར་གཏན་ལ་ཕེབས་པ་སྟེ། འདིས་ནི་ཡིད་ཆེས་པར་བྱེད་པའོ། །དེ་ལྟར་འཁྲུལ་ནས་རང་གི་ལུས་ལ་གནས་པའི་གཞིའམ་ས་བོན་ནི། སྐུ་ནི་ལྔ། རིགས་ནི་ལྔ། ཡེ་ཤེས་ནི་ལྔ། འོད་ནི་ལྔ། རླུང་ནི་ལྔ། ཤེས་རབ་ནི་ལྔ་སྟེ། ལྔ་ཚན་དུ་གནས་པ་ནི་འཁྲུལ་ལུགས་རེ་རེ་ན་གཉིས་གཉིས་ཏེ་གཉིས་པོ་ལ་རྒྱུ་དང་། རྐྱེན་དུ་བརྩིས་པས་བཞི། བྱེ་བྲག་པའི་ལས་དང་ལྔ་ལྔར་བྱུང་བ་ལས། འདིར་འཁྲུལ་ཟིན་ནས་ཀྱང་ལྔ་ཚན་དུ་བྱུང་བའོ། །དེ་ལྟར་ལྔ་ཚན་དུ་བྱུང་བས་ཕུང་པོ་ལྔ་ལ་སོགས་པ་ལུས་ལ་ཡང་ལྔ་ཚན་དུ་བྱུང་བའོ། །དེ་དག་གི་དོན་རྟགས་གཞན་ནས་ཞི་བ་བསྟན་ནོ། །དེ་ལྟར་གནས་པ་དེའི་གནས་པ་རང་གང་ན་གནས་པ་ངོས་བཟུང་པའི་ཚིག་དོན་བཞི་པ་ནི། གཞིའི་དེ་གནས་པ་ལུས་ཀྱི་དཀྱིལ་རྩ་ཐམས་ཅད་འདུས་པའི་གནས་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་བཞུགས་པ་ནི། བརྩི་ཞེས་འཁྲུལ་བ་རྩིས་ཀྱི་ཡན་ལག་ལས་བྱུང་བ་སྟེ། སྙིང་པོ་རིན་པོ་ཆེའི་རྩ་བཞི་ལ། འབྱུང་བ་གཉིས་གཉིས་པའི་རྩ་བཞི་སྟེ་བརྒྱད། འབྱུང་བའི་བྱེད་པ་གསུམ་བརྩིས་པའི་རྩ་བཞི་སྟེ་བཅུ་གཉིས་འཁོར་ལོས་བསྐོར་བ་ནི་འཁྲུལ་པའི་འཁོར་ལོ་བཅུ་གཉིས་ཀྱི་གནད་དོ། །འདི་ལ་ངོ་བོ་སྐུར་གནས་པས་སྐུ་གསུམ་འདི་ཉིད་དུ་གཏན་ལ་ཕེབས་ལ། རང་བཞིན་ཐིག་ལེར་གནས་པས། ཐིག་ལེ་སྟོང་པའི་སྒྲོན་མ་དངོས་སུ་འཆར་བའོ། །ཐུགས་རྗེ་འོད་དུ་གནས་པས་སྣང་བའི་དུས་ན་དངོས་སུ་སྣང་བའོ། །དེ་ལྟར་གནས་པ་ལུས་ལ་བརྟེན་ནས་སངས་རྒྱ་བའི་དགོངས་པ་ཡོད་དོ། །དེའི་དཀྱིལ་ན་གནས་པས་ན་གནས་ཞེས་བྱའོ། །དེ་ལམ་གང་ནས་བྱུང་པའི་ཚིག་དོན་ལྔ་པ་ནི། དང་པོ་ལུས་མའི་མངལ་དུ་ཆགས་པའི་དུས་ན། བསྐྱེད་བྱེད་དུ་འབྱུང་བ་བཞིའི་རྩ་རེ་རེ་ཆགས་པ་ནི། ཤར་དུ་ཆུའི་རྩ་ཆགས་པ་ལ་བརྟེན་ནས། ཟུག་པའི་འབྱུང་བའི་བསྡེབ་བུ་བྱུང་བའོ། །ལྷོར་སའི་ལས་བྱེད་པའི་ལས། ནུབ་ཏུ་མེའི་རྩ་ལས་སྙོམས་པའི་ལས་བྱང་དུ་རླུང་གི་རྩ་ལས་འཁྲུལ་པའི་ལུས་སུ་སྨིན་པའི་རྟ་བྱེད་པ་ནི། འཁྲུལ་པའི་རྒྱུ་ཟུག་པས་བྱས་རྐྱེན་བྱེར་ལས། འཁོར་ལོ་སྙེམས་པས་བྱས། ཐ་དད་པའི་ལས་འཁྲུགས་པས་བྱས་སོ། །དེ་ཡང་འབྱུང་བ་མེའི་རྒྱུ་ལས་ཀུན་རྫོབ་ཀྱི་རྒྱུ། ཕོས་དོན་དམ་པའི་འབྱུང་རྒྱུའོ། །དེ་ལས་ཀུན་རྫོབ་ལས་ལུས་བསྐྱེད་ལ། དོན་དམ་ལས་ཡེ་ཤེས་བསྐྱེད་དོ། །དེའི་སྨིན་སོ་ཀུན་རྫོབ་ཀྱིས་ལུས་ཀྱི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། དབང་པོ་ལ་སོགས་པ་རྣམས་སུ་བྱས་སོ། །དོན་དམ་ལས་སྒྲོན་མ་བཞི་དང་། ཡེ་ཤེས་ཀྱི་ཁ་དོག་དང་། དབྱིབས་ལ་སོགས་པ་རྣམས་སུ་བྱས་སོ། །དེ་བཞིན་ལས་བསྐྱེད་བྱེད་དུས་འདུས་པས་སྲ་བ་ཤའི་བྱེད་པར་བྱས་དྲན་པར་ཆུ་འདུས་པས་གཤེར་བ་ཁྲག་གི་ལས་བྱས། མགྲིན་པ་སྟེ་རོ་རྣམས་སུ་མེའི་འབྱུང་བ་འདུས་པས་མཆེད་པ་དྲོད་ཀྱི་ལས་བྱས། རྩ་མང་དུ་རླུང་གི་འབྱུང་བ་འདུས་པས་ཡང་དབུགས་ཀྱི་ལས་བྱས། དེ་དག་གི་དབུས་ན་ཡར་རྩ་གསུམ་ཀ་བའི་ཚུལ་དུ་དྲང་པོར་ཡོད་དོ། །གཡས་ནས་ཀུན་རྫོབ་ཀྱི་ཐིག་ལེར་འགྱུ་ལ། གཡོན་ན་རང་བཞིན་གྱི་དབུས་ནས་དོན་དམ་པའི་ཐིག་ལེར་འགྱུ་བའོ། །དེ་ཡང་ལམ་ན་རྩ་སྟེ་ལུས་ཀྱི་འབྱུང་བ་འདུས་པ་ཁྱད་པར་གྱི་ལས་སོ། །གཞི་ཞེས་འདིར་འབྱུང་བ་བཞི་ལ་དགོངས་པ་སྟེ། ཡང་ན་དང་པོའི་ཆགས་པ་ལས་བརྩིས་ལ། དེ་ཡང་གོང་མའི་རྩའི་ངོ་བོ་ཡིན་ལ་འདི་ནི་དཔེ་ཡིན་ཏེ། ཀ་ཏི་གསེར་ལྟ་བུ་ལས་སའི་བདག་ཉིད། བུ་གུ་ཤེལ་ལྟ་བུ་ལས་ཆུའི་བདག་ཉིད། འཕྲ་འཁྲིལ་དར་དཀར་གྱི་སྣལ་མ་ལྟ་བུ་ལས་མེའི་བདག་ཉིད། དབང་པོ་ཡུལ་ལས་འཆར་བར་བྱེད་པ་བ་མེན་གྱི་རྭ་ལྟ་བུ་ལས་རླུང་གི་བདག་ཉིད་དོ། །ཡང་རྩའི་ངོ་བོ་གསུམ་ནས། གཡས་པ་ནས་བཟུང་བ་ལས་ཀྱི་རླུང་གི་འབྱུང་བ་དང་བཅས་འགྱུ་ལ། གཡོན་པ་ནས་འཛིན་པ་ལས་ཀྱི་རླུང་དང་བཅས་ནས་འགྱུ་བའོ། །དབུས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རླུང་བཟུང་བ་དང་། འཛིན་པ་མ་ཡིན་པའི་འགྱུ་བྱེད་རང་དག་པའི་རླུང་ནི། རྣམ་པར་རྟོག་པ་གང་གིས་ཀྱང་མ་ཕྱེ་བས། རྟོག་འཛིན་མཐའི་དྲི་མ་ཀུན་ཟད་པར་འགྱུར་བས། འདས་པའི་ཆོས་ཉིད་དངོས་སོ། །ད་ནི་དྲུག་པ་སྒོ་གང་ལས་འཆར་བ་ནི། དེ་ཡང་འབྱུང་བ་བཞིའི་དྭངས་མ་འདུས་པ་ལས། འབྱུང་བ་ཁྱད་པར་གྱི་སྨིན་པའི་ས་འཆར་བར་བྱེད་པའི་སྒོ་ནི་འདིར་སྒྲོན་མ་བཞི་ལ་དགོངས་པ་སྟེ། དེ་ལྟར་བཞི་ཞེས་པ་ནི་སྨིན་སོའི་དབང་དུ་བྱས་པ་སྟེ། མིག་གཉིས་སུ་ཡེ་ཤེས་ཀྱི་ངོ་བོ་སྨིན་ལ། རྣ་བ་གཉིས་ལ་ཡེ་ཤེས་ཀྱི་རླུང་སྨིན་ལ། སྤྱི་བོའི་གཙུག་ཏུ་རིག་པ་ཉིད་སྨིན་པ་ལ་དགོངས་པ་སྟེ། དེ་དག་གི་རྟགས་སུ་མིག་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དངོས་སུ་འཆར་ལ། དེ་ཡང་ལག་པའི་མཐེབ་མཛུབ་ཀྱིས་རྩ་བལྟེམས་པ་ལས་འཆར་རོ། །རྣ་བ་གཉིས་ཀྱི་མདུན་གྱི་གཞོང་བུ་ན། གསེར་ལྡན་གྱི་རྩ་ཡོད་དེ། དེ་བལྟེམས་པས་རླུང་གི་སྒྲ་འོང་ངོ་། །སྤྱི་བོར་ན་ཤར་ན་རྒྱ་མཚོའི་སྟེང་ག་ཡོད་པ་ལ། ནུབ་ན་བརྩིག་པ་ལ་སོགས་པའི་གཏད་ཡོད་པའི་བར་དུ། ཉི་མ་ཤར་མ་ཐག་ཏུ་འདུག་སྟེ། རང་ཁ་ནུབ་ཏུ་བལྟས་ཏེ། དེ་ཉིད་ལས་མ་ཡེངས་པར་བལྟས་པས། སྤྱི་བོ་ནས་བརླངས་པ་སྔོ་དམར་དུ་འོང་བ་མཐོང་བར་འགྱུར་རོ། །འདི་ནི་མིག་གཉིས་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པ་གཉིས་སུ་འཆར་ལ། སྣ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་ལ། མིག་དངོས་རྒྱང་ཞགས་ཆུའི་སྒྲོན་མ་ཡིན་ནོ། །ད་ནི་བདུན་པ་སྒོ་ལས་ཤར་བའི་རིག་པ་དེ་ཡུལ་གང་ལ་སྣང་བ་ནི། དེ་ཡང་ནམ་རིག་པ་དངོས་ལ་མཁའ་དབྱིངས་རྐྱེན་སྤྲིན་པ་དང་ན་བུན་དང་། ཆར་ལ་སོགས་པ་དང་བྲལ་བ་སྔོ་སང་ངེ་འདུག་པ་ནི། རིག་པ་འཆར་བའི་ཡུལ་ཡིན་ནོ། །དེ་ཡང་ཡུལ་དེར་ཆོས་ཉིད་ཐམས་ཅད་འདུ་བ་རླུང་། དེ་ཉིད་དུ་འདུས་པ་རིག་པའོ། བརྒྱད་པ་ཉམས་སུ་ཇི་ལྟར་བླང་པ་ནི། དམིགས་པ་ཡུལ་ཅན་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ལས། འདིར་ནི་རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་སུ་བླངས་པ་སྟེ་འདི་ལའང་གཉིས་ལ། ཁྲེགས་ཆོད་དུ་ཉམས་སུ་བླངས་པ་དང་། ཐོད་རྒལ་དུ་ཉམས་སུ་བླང་པ་ལ། དེ་ལ་ཁྲེགས་ཆོད་དུ་ཉམས་སུ་བླང་པ་ནི་འདི་ཉིད་ལ་སྣང་བ་དང་མ་འདྲེས་པར། གཅིག་ཆར་དུ་མན་ངག་བསྟན་པ་ཙམ་གྱིས་གྲོལ་བའོ། །དཔེར་ན་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུའོ། །ཐོད་རྒལ་ཉམས་སུ་བླང་པ་ནི། སྔོན་དུ་འགྲོ་བ་སྣ་སེལ་བར་བྱེད་པའི་མན་ངག་དང་། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རང་གི་རྒྱུད་ལ་ཇི་ལྟར་བསྟན་པ་གཉིས་སོ། །འདི་དག་ནི་གོང་དུ་བསྟན་ཏོ། །དགུ་པ་ཉམས་སུ་ལོང་པའི་ཚད་ནི་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཡང་ཞིང་བག་ཚ་བ་མེད་པའི་གདེང་དང་། སངས་རྒྱས་ལ་བྲོད་པ་བསྐྱེད་པ་མེད་པའི་ངང་། འཁོར་བར་ལྟུང་གིས་དོགས་པའི་སྡུག་བསྔལ་མེད་པ་དང་། མྱ་ངན་ལས་འདས་པ་ལ་རེ་བ་མེད་པའི་གདིང་བཞིའི་སྟེང་། རིག་པ་ཉིད་ཡེ་སངས་རྒྱས་པའི་གནད་དང་། དེ་ཉིད་བདེ་བ་ཆེན་པོར་གྲོལ་བའི་གནད་དང་། འཁོར་བ་ཉིད་འདས་པ་ཡིན་པའི་གནད་དང་། འདས་པ་ཞེས་ཤེས་བྱ་ལ་མ་གྲུབ་པའི་གནད་དང་། བཞི་གདེང་རྙེད་པས་ཆོས་ཉིད་རྣམས་སུ་ཕེབས་པས། ཆོས་དང་སེམས་ཅན་དུ་འབྱོར་པས་ཉིད་ཅེས་བྱའོ། །བཅུ་པ་བར་མ་དོ་ལ་ཇི་ལྟར་འཆར་བ་ནི། གཞན་མ་ཡིན་ཏེ་འདིར་ནི་ཆོས་ཉིད་ཀྱི་བར་དོ་ལ་སྨོས་པ་སྟེ། ཆོས་ཉིད་མའི་སྣང་བ་ལ་རིག་པ་བུ་ཡི་སྣང་བ་ཤར་བས། འགྱུ་བ་ཕྲ་རགས་ཀྱི་གདོས་པ་མེད་པས། འོད་དང་འོད་ཁྱིམ་དུ་ཤར་བ་ལ་རང་སྣང་དུ་ངོ་ཤེས་པས་གྲོལ་བ་ལ་སོགས་པ་གཞན་ནས་རྒྱས་པར་བཤད་ནས་ཡོད་དོ། །དེ་ལྟར་གཉིས་རིག་པ་དང་ཆོས་ཉིད་སྦྱོར་བའི་ས་ནི། །དེ་ཉིད་རང་བཞིན་དུ་གནས་པ་ལས་ཆོས་ཉིད་དུ་འགྱུར་བའོ། །དེ་ཉིད་དུ་གདེང་རྙེད་པའི་དུས་ན་རྗེས་སུ་དྲན་པ་དྲུག་དང་། རང་བཞིན་གྱི་བསམ་གཏན་དང་། མི་བརྗེད་པའི་གཟུངས་དང་། མངོན་པར་ཤེས་པ་དྲུག་ཕྲག་དྲུག་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པ་དག་འོང་ངོ་། །འདི་དག་གཏན་པ་ཐོབ་པ་ཉིད་ལས་སོ། །རྒྱས་པར་ཉི་ཟླ་ཁ་སྦྱོར་གྱི་སྐབས་སུ་བསྟན་པར་བྱའོ། །བཅུ་གཅིག་པ་གྲོལ་ས་གང་ཡིན་པ་བསྟན་པ་ནི། དེ་ཀ་ནས་དག་པའི་ཆོས་ཉིད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མ་ཕྱེད་མི་འབྱེད་མི་གཡོ། མི་གནས། མི་ལེན། མི་དོར་བ་ཉིད་དོ། །དེ་ཡང་ཐོག་མའི་གཞི་བློའི་རྟགས་དཔྱོད་ཀྱི་ཡུལ་མ་ཡིན་པ་ཉིད་དོ། །དེ་ཡང་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུར་མཉམ་པ་རིས་མེད་ལ། ངོ་བོ་ཕྱོགས་བྲལ་དུ་སངས་རྒྱས་སོ། །དེ་དག་གིས་ནི་རྒྱུད་ཀུན་བསྡམས་པ་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནོ། །མུ་ནི་ཡོད་པའི་མུ་ཆོས་ཉིད་སྟོང་པར་གྲོལ་ལ། མེད་པའི་མུ་རང་བྱུང་འོད་གསལ་དུ་གྲོལ། གཉིས་ཀའི་མུ་སྟོང་གསལ་དབྱེར་མེད་དུ་གྲོལ། གཉིས་ཀ་མ་ཡིན་པའི་རང་བཞིན་རྣམ་དག་ཏུ་གྲོལ། རྟག་པའི་མུ་གང་དང་ཡང་འབྲེལ་བ་མེད་པས་གྲོལ་ལ། ཆད་པའི་མུ་རྒྱུ་མེད་པས་གྲོལ་བ་གཉིས་ཀའི་མུ་རྒྱུ་འབྲས་རྗེས་མེད་པས་གྲོལ་ལོ། །གཉིས་ཀ་མ་ཡིན་པའི་མུ་མཐའ་གང་དུ་ཡང་མི་རྟོག་པས་གྲོལ་ལོ། །གཉིས་ཀ་མ་ཡིན་པའི་རང་བཞིན། སྣང་བའི་མུ་དམིགས་པ་རང་དག་པས་གྲོལ་ལ་སྟོང་པའི་མུ་སྐུ་གསུམ་ལམ་དུ་སྣང་བས་གྲོལ་ལ། གཉིས་ཀའི་མུ་སྣང་སྟོང་དབྱེར་མེད་པས་གྲོལ་ལ། གཉིས་ཀ་མ་ཡིན་པའི་མུ་རྒྱུ་རྐྱེན་ལྟོས་ཟད་པས་གྲོལ་བའོ། །ཤེས་པའི་མུ་གནས་ལུགས་ལ་བརྗོད་དུ་མེད་པས་གྲོལ་ལ། མི་ཤེས་པའི་མུ་རིག་པ་རང་ཤར་བས་གྲོལ་ལ། གཉིས་ཀའི་མུ་གནས་ལུགས་ལ་ཚིག་མེད་པས་གྲོལ་ལ། གཉིས་ཀ་མ་ཡིན་པའི་མུ་ཤེས་བྱ་ལ་མཐའ་མེད་པས་གྲོལ་ལོ། །དེ་ལྟར་སྣང་ཤེས་ཀུན་ལ་བསྒྲེས་པས་གྲོལ་བས་ན། རྒྱུད་འདི་ལ་བརྟེན་ནས་འགྲོ་བ་རྣམས་ངེས་པར་གྲོལ་བར་བྱུང་པའོ། །དེ་དག་ལས་གྲོལ་བའི་རིག་དེ་གང་ཞེ་ན། ཆོས་ཉིད་མངོན་སུམ་དུ་མཐོང་བས་འཁྲུལ་པ་རང་རྒྱུད་དུ་འཛིན་པ་ཏིག་ལ་ཕབ་པས་ཡིད་དཔྱོད་ཚིག་གི་སེལ་མེད། རྣམ་པར་རྟོག་པ་སྐྱེ་བའི་རྒྱུན་འགགས་པས་ཡེ་ཤེས་རང་ས་ན་གསལ་བའི་ཏིང་ཅིར་སྣང་འོད་དུ་ཤར་བས། འབྱུང་བ་བཞིའི་དངོས་པོར་ལྟ་བ་སེལ་ལོ། །དེ་ཡང་འཁྲུལ་པ་ཏིག་ལ་ཕབ་པས་འཁྲུལ་མེད་རང་དག །ཉོན་མོངས་ཏིག་ལ་ཕབ་པས་ཡེ་ཤེས་སུ་རང་ཤར་བ་ལ་སོགས་པའོ། འཕྲེང་བའི་ནི། དང་པོ་དབང་གི་ཁྲིད་ལ་བརྟེན་ནས། གཞི་མ་སྨིན་པ་སྨིན་པར་བྱས་པས་སྣོད་སྦྱངས་པའི་འཕྲེང་བའོ། །དེ་ནས་མན་ངག་སྔོན་འགྲོ་དང་། དངོས་གཞི་གཉིས་ཀྱི་ཁྲིད་ལ་བརྟེན་ནས་སྨིན་པ་དེ་རང་གྲོལ་བའི་འཕྲེང་བས་ཁམས་གསུམ་ལས་གྲོལ་བའོ། །རྒྱུད་ནི་དེ་འདས་པའི་སངས་རྒྱས་དང་རྒྱུད་མ་ཆད་པས། སངས་རྒྱས་ཀྱི་དགོངས་པ་དངོས་སུ་སྟོན་པ་ལ། ད་ལྟའི་འབུ་ཐའི་རྒྱུད་ལ་གནས་པས། ཉམས་སུ་བླང་པས་ད་ལྟ་དངོས་སུ་སྣང་ལ། མ་འོངས་པའི་སངས་རྒྱས་སུ་རྒྱུད་དག་པས། དགོངས་པ་དང་དབྱེར་མེད་པའོ། །རྒྱུད་ནི་གོང་དུ་བསྟན་པའི་གཞི། རང་བཞིན་ཐབས་ཀྱི་རྒྱུད་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་བསྟན་པ་ལ་བསྡུས་པའི་དོན་བཞི་ལ། ཡན་ལག་གི་དོན་ཉི་ཤུ་ལེའུ་དུམ་བུ་ངེས་པའི་དོན། །བརྒྱད་པ་གྲངས་ངེས་པར་བྱས་ནས་བསྟན་ནོ། །བརྒྱད་ནི་དེ་ལས་མང་ན་འཆོལ་བར་འགྲོ་བ། ཉུང་ན་དགོངས་པའི་དོན་མ་ཚང་པས་བརྒྱད་ཁོ་ནར་ངེས་སོ། །གོ་རིམ་ནི། དང་པོ་མ་གླེང་ན་གཞི་མེད་པས་གླེང་གཞི་བསྟན་ལ། གཉིས་པ་འཁྲུལ་པ་གཞི་ལ་ལྡོག་པའི་ལེའུ་མ་བསྟན་ན། གླེང་བ་ལ་གེགས་མེད་པས་གཉིས་པ་འཁྲུལ་པ་གཞི་ལ་ལྡོག་པར་བྱུང་། དེ་ལྟར་ལྡོག་ཀྱང་དེའི་གནད་འཁྲུལ་པ་དས་སུ་བརྡས་ན་མི་གྲོལ་བས། གསུམ་པ་འཁྲུལ་པ་དས་སུ་བརྡའ་བར་བྱུང་ལ། དེ་ལྟར་འཁྲུལ་པ་དས་སུ་བརྡས་པས་ལས་འགྲོ་བ་རྣམས་འབད་པ་མེད་པར་གྲོལ་བས་ན་བཞི་པའོ། །དེ་ལྟར་འབད་པ་མེད་པའི་ཕྱིར་གནས་ལུགས་ལ་འཁྲུལ་པ་རང་རྫོགས་སུ་བསྟན་པས་ལྔ་པའོ། །དེ་ལྟར་གནས་ལུགས་ལ་འཁྲུལ་པ་རང་རྫོགས་པ་དེ་ཉིད་སེམས་ཅན་གྱི་སྣང་ཐབས་ཡིན་པར་བསྟན་པས་ན་དྲུག་པའོ། །དེ་ལྟར་སེམས་ཅན་གྱི་སྣང་ཐབས་དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པས་ན་བདུན་པའོ། །དེ་ལྟར་རྫོགས་པས་རང་གི་རྒྱུད་སངས་རྒྱ་བས་ན་རྒྱུད་ཐམས་ཅད་རང་རྒྱུད་དུ་བསྡོམས་ནས་བསྟན་པར་ངེས་སོ། །དེ་སྐད་དུ་རང་གི་རིག་པ་དང་རང་ཤེས་རིག་གི་རྒྱལ་པོས་བཀའ་བསྡུ་བའི་དོན་དུ་སྩལ་པ་དང་། རང་གི་ངོ་བོའི་འཁོར་རིག་པ་ནི་རང་ལས་བྱུང་ཞིང་། རྣོན་པོ་ནི་ཤེས་རབ་ཁྱད་པར་ཅན་གྱི་རྟོགས་པ་སྟེ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། རིག་པ་རང་སྣང་ལ་སོགས་པ་ནི་ལྔ་དང་། དཀར་པོ་ལ་སོགས་པ་ནང་སྣང་བའི་འཁོར་དང་། ཕྱི་ཡུལ་གྱི་འཁོར་རྡོ་རྗེའི་རིགས་ལ་སོགས་པ་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་དང་། ལག་ན་རྡོ་རྗེ་ལ་སོགས་པ་སྟེ་རིགས་གསུམ་གྱི་ཁྲོ་བོ་དང་། དཀོན་མཆོག་རང་བཞིན་གྱི་འཁོར་སངས་རྒྱས་ཆོས་སྐུ་དང་། སྤྲུལ་སྐུ་དང་། ཆོས་བསྒྲུབ་པའི་ཆོས་དང་། ལམ་གྱི་ཆོས་དང་། དོན་དམ་པའི་ཆོས་དང་། དགེ་འདུན་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དཔའ་བོ། འཇིག་རྟེན་པའི་འཁོར་སངས་རྒྱས་ཀྱི་བསྟན་པ་ལ་དགའ་བའི་ལྷ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་དང་། ཤེས་རབ་ཀྱི་འཁོར་མཁའ་འགྲོ་མ་བརྩེ་བའི་བློ་གྲོས་ལ་སོགས་པ་དཔག་ཏུ་མེད་པ་རྣམས་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་བཅས་པའི་འཇིག་རྟེན་དང་འདས་པའི་འཁོར་རྣམས། དེ་སྐད་གསུངས་པའི་རྗེས་སུ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མགྲིན་གཅིག་ཏུ་མངོན་པར་བསྟོད་ནས། འཁོར་དེ་དག་གིས་ཀྱང་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ནས་རྫོགས་པ་ཆེན་པོའི་ཆོས་ཉིད་ལ་འདུ་འབྲལ་མེད་པར་གནས་སོ། །མུ་ཏིག་ཕྲེང་བ་ལ་སོགས་པའི་མཚན་གྱི་སྐབས་སུ་བསྟན་ཏོ། །རང་བཞིན་ནི་ཁྱད་པར་འཕགས་པ་ཆེན་པོ་ཡིད་རྩོལ་ལས་འདས་པའི་དོན། རང་ལ་རྫོགས་པས་གཞན་ནས་བརྩལ་མི་དགོས། གཞན་རང་ལ་རྫོགས་པས་སྤང་བླང་མེད་དོ། །ཆེན་པོ་ནི་དེའི་གོང་ན་གཞན་མེད་པས། ལྟ་བས་ཁྱད་པར་དུ་འཕགས་པས་མཐའ་བྲལ་ཡོངས་རྫོགས་བསྒོམས་པ་འདོད་ཡོན་ལམ་ཁྱེར། སྤྱོད་པ་སྣང་ཤེས་ཟུང་འཇུག་གིས་ནི་ཁྱད་པར་འཕགས་པ་ཆེན་པོ་ཡིན་ལ། རྒྱུད་ནི་མིང་དུ་ཐོགས་པའི་རྒྱུད་ཁྲི་ཕྲག་ཕྱེད་དག་གཉིས། ཤྭ་ལོ་ཀ་ནི་འབུམ་ཕྲག་དྲུག་ཅུ་རྩ་བཞི་མུ་ཏིག་ཕྲེང་བའི་རྒྱུད་འདི་ལ་ལེའུ་བརྒྱད་དུ་བཀོད་ནས་ཁྱད་པར་དེ་དག་གི་ནང་ནས་བྱུང་བའོ། །རྫོགས་སྡོམ་ནི་ལྷག་པ་དང་ཆད་པ་མེད་ཅིང་། དགོངས་པའི་དོན་གཞན་ཁ་རགས་མ་ལུས་པར་བསྟན་པའོ། །མུ་ཏིག་རིན་པོ་ཆེ་གསལ་པར་བྱེད་པ་ཞེས་བྱ་བ། མུན་ཆུང་གི་སྒྲོན་མེ་དང་འདྲ་བ། རྒྱ་གར་མཁས་པ་བྷི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །དཔལ་སྔགས་སྲུང་གི་རྒྱལ་མོ་སྨུག་ནག་ཁྲོས་པའི་རྒྱལ་མོ་ལ་གཏད་དོ། །ས་མ་ཡ། འདི་ལྟ་བུའི་བསྟན་པ་ཟབ་མོ་འདི་ལྟ་བུ་ནི། འཛམ་བུ་གླིང་གཞན་ན་མེད་པར་ཡིད་ཆེས་སོ། །དེས་ན་སྐལ་ལྡན་གྱི་སྙིང་ལ་འཆངས་ཤིག་ས་མ་ཡ། རྒྱ་རྒྱ་རྒྱ། །འགྲོ་བའི་དོན་དུ་དགེ་བར་བསྔོ། །བྱང་ཆུབ་སྙིང་པོར་མྱུར་དུ་ཐོབ་པར་ཤོག །འོག་མིན་གནས་འདྲ་བསྒོམས་ལ་དགོན་པ་རུ། །རྡོ་རྗེ་འཆང་འདྲ་གུ་རུ་ཇོ་འབེར་ལས། །གསང་བདག་དང་མཚུངས་གྲུ་གུའི་ཇོ་འབུམ་ངས། །ཆོས་ཉིད་རང་ངོ་སྤྲོད་པ་མུ་ཏིག་འཕྲེང་བ་ཞུས། །དགེ་བས་འགྲོ་བ་འདྲེན་པའི་དཔལ་དུ་གྱུར། །ཆོས་ཉིད་འཁྲུལ་སྣང་ཟད་ནས་གྲོལ་གྱུར་ཅིག །དགེའོ། །གྲུ་གུའི་བན་དྷེ་དབུས་པ་ཇོ་འབུམ་གྱི་དམ་ཆོས་སོ།། །།


previousརྫོགས་པ་ཆེན་པོ་མུ་ཏིག་ཕྲེང་རྒྱུད་གསལ་བྱེད། དྲི་མེད་བཤེས་གཉེན།next