Nitartha Digital Library
Tibetan
 
previousཡི་གེ་མེད་པའི་རྒྱུད་ཀྱི་འགྲེལ་བ་པདྨ་ཁ་འབྱེད། བྱེ་མ་ལ་མུ་ཏྲ།no next

ཡི་གེ་མེད་པའི་རྒྱུད་ཀྱི་འགྲེལ་བ་པདྨ་ཁ་འབྱེད། བྱེ་མ་ལ་མུ་ཏྲ།

ཡི་གེ་མེད་པའི་རྒྱུད་ཀྱི་འགྲེལ་བ་པདྨ་ཁ་འབྱེད་བཞུགས་སོ། །ཐགླཱདྲབྱཁཱཐཱཀྭནཱཊཐཿ རྒྱ་གར་སྐད་དུ། པདྨ་མུས་ལི་ན་འགུ་ཡ་ཨ་ཀྵ་ཏི་ཀ་ན་མ། བོད་སྐད་དུ། པདྨ་ཁ་འབྱེད་ཅེས་བྱ་བ་གསང་བ་ཡི་གེ་མེད་པའི་ཏིཀ །བཅོམ་ལྡན་འདས་དཔལ་སྣ་ཚོགས་ཚིག་གི་བཅུད་སེལ་བའི་དཔའ་བོ་རྡོ་རྗེ་འཆང་ཆེན་པོ་གྲོལ་བ་རྣམས་ཀྱི་ཡང་གྲོལ་བའི་མངའ་བདག་ཉིད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡེ་ཤེས་ལྔ་ཡི་ཚོགས་ཀྱིས་རབ་རྒྱས་པའི། འཇིག་རྟེན་རྣམས་ལ་གཟིགས་པའི་རང་ཤུགས་མཆོག་གི་ཐུགས་རྗེ་ཅན། རྣམ་རྟོག་ཐ་དག་གཅོད་པ་སྤུ་གྲི་ལྟ་བུའི་གསུངས་མངའ་བ། འགྲོ་དྲུག་གནས་ནས་འདྲེན་པའི་ཐུགས་རྗེའི་ལྕགས་ཀྱུའི་གཟུང་ནས་ནི། འཁོར་བའི་འཆིང་བྱེད་བརྒྱད་ལས་གྲོལ་བར་བྱེད་པའི་སྟོན་པ་ཉིད། རྡོ་རྗེ་འཆང་ཆེན་རྒྱུད་ཀྱི་སྟོན་པ་བླ་མེད་ཡང་སངས་རྒྱས། དུག་གསུམ་དྲུང་ནས་འདོན་པར་མཛད་པ་སྨན་པའི་གཙོ། དྲི་མས་རྣམ་གཉིས་ཡང་དག་ངེས་བྲལ་དོན་གཉིས་རྫོགས་མཛད་པ། འགྲོ་རྣམས་ཡང་དག་ངེས་པའི་སར་བཀོད་ཕྱིར་ན་རྒྱུད་གཉིས་ནི། ཉིད་ཀྱི་ཐུགས་ལས་འཁྲུལ་པ་མེད་པའི་ཚིག་ཏུ་ངེས་བསམ་སྟེ། རྡོ་རྗེའི་མགུར་ལས་ཕྱུང་ནས་པདྨའི་ལྗགས་ལས་བཀྲམས། འཁྲུལ་པར་རྩད་གཅོད་རལ་གྲི་ལྟ་བུའི་ཚིག་གཉིས་ཀྱིས། འགྲོ་རྣམས་ཡང་དག་ས་ལ་དྲང་བའི་དོན་ཆེན་ཉིད་དུ་ཡང་། གདུལ་བྱ་ཐ་དད་རྣམས་ལ་འདུལ་བྱེད་སྐུར་སྤྲུལ་ནས། གཞན་དོན་རྫོགས་པར་མཛད་པའི་སྤྲུལ་པའི་རྒྱུད་འཆང་བ། རྡོ་རྗེ་འཆང་བ་སངས་རྒྱས་རྣམས་ཀྱི་རྗེ་བཙུན་ཉིད་ལ་ཡང་། རབ་ཏུ་གཡོ་བ་མེད་པའི་སེམས་ཀྱིས་མོས་བྱས་ལ། ཡན་ལག་ལྔ་ཡི་རྩོལ་བས་ཕྱག་འཚལ་རབ་ཏུ་བསྟོད། དེ་རྗེས་འཛིན་པའི་རིམ་བརྒྱུད་བླ་མའི་ཚོགས་ཉིད་ལས། དད་གུས་མོས་པའི་རྩོལ་བས་རབ་ཏུ་ཕྱག་འཚལ་བསྟོད། བདག་གིས་རྣམ་རྟོག་ཟད་མཛད་རང་སྣང་སྟོན་པའི་རྗེ་བཙུན་ཉིད། ཛྙཱ་ན་སཱུ་ཏྲ་དཔའ་བོ་འཁོར་གཡུལ་བཟློག་པའི་དམ་པ་དྲིན་ཅན་ཉིད་ལ་ཉིན་མཚན་ཐམས་ཅད་དུ། འབྲལ་བ་མེད་པའི་སེམས་ཀྱིས་རབ་ཏུ་བསྟོད་ཅིང་མཆོད་པར་བགྱི། དེ་ལྟར་དྲིན་ཅན་འཁོར་བའི་འཆིང་བ་གཅོད་པའི་མངའ་བདག་རྣམས་ལ་ནི། བཏུད་ནས་རྒྱུད་ཀྱི་ཚིག་རྣམས་རིམ་པར་གསལ་བར་བྱེད་པའི་བཅུད་འདི་ཉིད། མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཉིད་དུ། བདག་གིས་འཁྲུལ་པ་སྤང་བའི་བློ་དང་མོས་པས་གཞན་དོན་དུ། འཁོར་སྲིད་གཅོད་པའི་དོན་དུ་གསག་བའི་གནད་རྣམས་དང་། ཚིག་གི་རྒྱུད་རྣམས་རིམ་པར་གསལ་བར་བཀོད་པའི་སྒྲོན་མའི་འོད། མ་ཤེས་རྨོངས་པའི་སྒྲོ་འདོགས་ཐེ་ཚོམ་རྣམ་བཅད་ཕྱིར། ཡང་དག་ངེས་པའི་བཅུད་འདི་བསྟན་པར་བྱ་འོས་སེམས་ཀྱི་བུ། རྒ྅྅྅ནཉརྒཱཿ དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་ཀྱི་བླ་མ། དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེས། །འགྲོ་བ་མ་རིག་པའི་རྒྱས་འཐུས་པ་རྣམས་ལ། ཐུགས་རྗེ་ཡེ་ཤེས་ཀྱི་སྣང་བས་ལམ་དུ་གཟུང་བའི་དོན་དུ། བཀའ་ཕྱིན་ཅི་མ་ལོག་པ་དཔག་ཏུ་མེད་པ་གཅིག་གསུངས་པ་ལས། རང་བཞིན་རྫོགས་པ་ཆེན་པོ་འབད་རྩོལ་དང་བྲལ་བའི་དོན། རང་སྣང་ཆིག་རྫོགས་སུ་སྟོན་པ་འདི་ནི། རང་གི་རིག་པ་མངོན་སུམ་དུ་སྟོན་པར་བྱེད་པའི་ཡང་འབྱེད་སྦས་པའི་དོན་རྣམས་ལེགས་པར་སྟོན་པར་བྱེད་པས། ངེས་པའི་སྙིང་པོ་གསང་བ་རྣམས་ཀྱི་ནང་ནས་ཡང་གསང་མཆོག་གི་རྒྱུད། སྙིང་པོ་མན་ངག་བསྡུས་པའི་བཅུད་དུ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནས་ལེགས་པར་བཏུས་ཤིང་ཕྱུངས་ཏེ་སྡུད་པ་པོ་རང་སྣང་ཐབས་ཀྱི་འཁོར་གྱི་ཚུལ་དུ་བྱུང་བ་དེས། ཚིག་རྣམས་སུ་འདྲིལ་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེར་དབྱིངས་ཀྱི་མཁའ་འགྲོ་མ་རྣམ་པ་གཉིས་ཀྱིས། ཚིག་དང་ཡི་གེར་དཀར་ཆག་ལ་བཏབ་ནས། མ་འོངས་པའི་དུས་ཀྱི་སྐལ་ལྡན་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ་རྣམས་ཀྱི་དོན་དུ་བཀོད་དེ། བར་སྐབས་དེར་མཁའ་འགྲོ་མ་རྣམས་ཀྱིས་རྒྱས་བཏབ་ཏེ་མི་སྣང་བར་བྱས་སོ། །དེ་ལྟ་བུའི་བཀའ་ཕྱིན་ཅི་མ་ལོག་པ་ཡང་དག་པ་འདི་ནི། འགྲོ་བ་རྣམས་ཀྱི་མིག་ལྟ་བུ། སྟོན་པ་ཉིད་ཀྱིས་གསུངས་པས་ནི། གསང་བ་ཡི་གེ་མེད་པའི་རྒྱུད་ཡིན་པ་ལ། འདི་ལ་ལེའུ་དྲུག་གི་བདག་ཉིད་དུ་གནས་པ་ལས། གཞུང་གི་དོན་རྫོགས་པ་ཡིན་ནོ། །དེ་ལ་མཚན་བསྟན་པ་དང་། གཞུང་གི་དོན་པདྨ་ཁ་ཕྱེ་བ་ལྟར་བཤད་པའོ། །ཕྱི་ལྟར་བཤད་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་དོན་འདི་ཉིད་ཐེག་པ་གཞན་ལས་འཕགས་པ་དང་སྦྱར་ཏེ་བཤད་པ་དང་། ཐབས་ཆེ་བ་ཉིད་དང་སྦྱར་དང་། ཐབས་སླ་བ་དང་སྦྱར་བ་དང་། ཐབས་མྱུར་བ་དང་སྦྱར་བའོ། །ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ་ནི། ལྟ་བས་ཁྱད་པར་འཕགས་ཏེ་ཚིག་དང་ཡི་གེ་ལ་མི་རེ་བ། རང་བཞིན་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་བུདྡྷ་བས་ན་ཡི་གེ་མེད་ཅེས་བྱའོ། །འདི་ཉིད་ཀྱི་གོང་ན་ཐེག་པ་གཞན་མེད་ཐབས་ཀྱི་གནད་མི་འདྲ་བ་མང་པོས་གང་ཟག་གི་རྒྱུད་གྲོལ་བར་བྱེད་པས་རྒྱུད་ཆེན་པོ་ཞེས་བྱའོ། །རིན་པོ་ཆེ་ཞེས་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཆང་བའི་གང་ཟག་གིས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མཆོད་པ་བྱས་ན། དེ་མ་ཐག་ཏུ་དགོས་འདོད་ཅི་འབྱུང་བ་ཐོགས་པ་མེད་པར་འབྱུང་བ་དང་འདྲ་བར། ཐབས་ལ་བརྟེན་ནས། །ཉམས་སུ་བླང་པས་ཚེ་གཅིག་ལ་སངས་རྒྱས་ན། རང་གཞན་གྱི་དོན་ལ་ཐོགས་པ་མེད་པར་འབྱེད་པའོ། །ཐབས་སླ་བ་ནི། །དཔེར་ན་རྒྱལ་མཚན་གྱི་རྩེ་མོ་དང་འདྲ་བར། དུས་ཐམས་ཅད་དུ་ནུབ་པ་མེད་པ་རིག་པའི་ཡེ་ཤེས་འགྱུར་བ་མེད་པ་ཉིད་འབད་རྩོལ་ཅི་ཡང་བྱ་མི་དགོས་པར། འདི་ཉིད་དུ་མངོན་སུམ་དུ་རྟོགས་པས་ན། རྒྱལ་མཚན་གྱི་རྒྱུད་ཅེས་བྱའོ། །དེ་ཡང་ལྟ་བའི་དོན་དེ་ཚིག་དང་ཡི་གེ་གང་གིས་ཀྱང་གཏན་ལ་མི་ཕེབས་པའི་དོན་ལྟ་བས་ཁྱད་པར་དུ་འཕགས་པས། རྒྱལ་པོའི་གདུང་རྒྱུད་ལྟ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཅེས་པས་སོ། །དེ་ལྟ་བུའི་དོན་དེ་བསྒོམ་པས་ཁྱད་པར་དུ་འཕགས་པའི་ཐབས་ཆེ་བ་སྟེ་རྒྱལ་པོ་ལྟ་བུའོ། །སྤྱོད་པས་ཁྱད་པར་དུ་འཕགས་ཏེ་ཐབས་སླ་བ་སྟེ་རིག་པ་མངོན་སུམ་དུ་གཏན་ལ་ཕབ་པས་ནམ་མཁའ་ལ། དེ་ཉིད་དང་གཉིས་སུ་མེད་པར་སྤྱོད་པས་ནམ་མཁའི་མཐའ་དང་ཞེས་བྱའོ། །འབྲས་བུ་ཁྱད་པར་དུ་འཕགས་པའི་དོན་ཉིད་ཐབས་མྱུར་བ་ཉིད་དེ། །མཉམ་ཉིད་བདེ་བ་ཆེན་པོ་ལ་བརྟེན་ནས་ད་ལྟ་ཉིད་དུ་ཐོབ་པས་ན་མཉམ་པའི་རྒྱུད་ཅེས་བྱའོ། །ནང་ལྟར་བཤད་པ་ནི་རང་གི་ལུས་ལ་རྩ་སྟོང་ཕྲག་མང་པོ་གནས་པས། དེ་དག་གི་ནང་ན་རང་བཞིན་གྱི་ཡི་གེ་རེ་རེ་གནས་པས་ཡི་གེ་ཞེས་བྱ། དེ་ཡང་དངོས་པོ་རྫས་སུ་མེད་དེ་འོད་ཀྱི་གོང་བུར་གནས་པའི་ནང་ན། རང་བཞིན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་གནས་པས། རགས་པ་རྫས་སུ་མེད་པས་ན་མེད་ཅེས་བྱ། དེ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོ་རང་གི་རྒྱུད་ཉིད་ལ་སྐྱེ་བས་ན་ཆེན་པོའི་རྒྱུད་ཞེས་བྱའོ། །དེ་ཉིད་ལ་བརྟེན་ནས་དུས་ཐམས་ཅད་དུ་ཉམས་སུ་བླངས་པས་ཡོན་ཏན་སྣ་ཚོགས་འབྱུང་སྟེ་སྐྱོན་ལས་འདས་ཏེ་སྣང་བའི་ཡོན་ཏན་སྣ་ཚོགས་པ་ལ་སྤྱོད་པས་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་ལུས་ཀྱི་རྩེ་མོ་དབང་པོའི་དྭངས་མ་མིག་ལ་བརྟེན་ནས་སྐྱེས་པས་རྒྱལ་མཚན་གྱི་རྒྱུད་ཅེས་བྱའོ། །དེ་ཉིད་ཀྱང་ཐོག་མ་ནས་འགྱུར་བ་མེད་པར་གནས་པས་རྒྱལ་པོ་ཞེས་བྱའོ། །དེ་ལྟ་བུའི་རིག་པའི་ཡེ་ཤེས་ཉིད། འཁོར་བ་ངན་སོང་གང་ན་གནས་ཀྱང་། ངོ་བོ་ལ་བཟང་ངན་མེད་པར་འཕོ་འགྱུར་མེད་ཅིང་ཀུན་ཁྱབ་ཏུ་གནས་པས་ན་གདུང་རྒྱུད་ཅེས་བྱའོ། །དེ་ཡང་གཏད་པ་དངོས་རིག་པ་གཏད་པའི་ཡུལ་ནམ་མཁའ། དེ་ལྟར་གཏད་པའི་ལྟ་བ་རྒྱུད་དང་གཏད་པ་གཉིས་འདྲེས་པས། མངོན་གསུམ་ལ་ལྟ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཅེས་པའོ། །གསང་བ་ལྟར་བཤད་པ་ནི། དངོས་པོ་གཤིས་ཀྱི་འདུག་ཚུལ་དེ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་མ་ལྷུང་བ། དུས་ཐམས་ཅད་དུ་རྟག་པར་བཞུགས་པའི་རིག་པའི་ཡེ་ཤེས་ཀྱི་གཞི་ཉིད་ལ། སྒྲོ་འདོགས་པས་ཡི་གེའི་ཚུལ་དུ་བྱུང་བ་དང་། དེའང་ཡི་གེའི་མཐའ་ནི་དངོས་པོ་རགས་པ་ལས་འཇལ་བར་བྱེད་པ་དང་། རྩོལ་བའི་སྣ་ཁྲིད་པ་དང་འབད་པའི་དོན་མཚོན་པ་དང་འདུ་བྱེད་སྣ་ཚོགས་པ་དང་། དྲན་བསམ་སྣ་ཚོགས་པ་དང་། གཟུང་འཛིན་གྱི་ཡུལ་སྣ་ཚོགས་པ་དང་། མིང་སྣ་ཚོགས་པའི་རྗེས་སྒྲུབ་པ་དང་། ཡིད་དཔྱད་ཀྱི་ལྟ་སྒོམ་སྤྱོད་པ་འབྲས་བུའི་ཚོགས་དུ་མ་དང་། ཡིན་མིན་གྱི་རྟོག་པ་འདུས་པས་ན་ཡི་གེ་ཅེས་བྱའོ། །རང་གི་དངོས་པོའི་འདུག་ཚུལ་ལ། དེ་དག་རྣམས་དང་བྲལ་ནས་མེད་པ་སྟེ། ཐུགས་རྗེའི་ཆ་སྣ་ཚོགས་སུ་སྣང་བ་ལ་ཞེན་པ་མེད་པ་དང་། རང་བཞིན་མེད་པ་དང་། ཕྱོགས་མེད་དེ་གཏད་པ་མེད་པ་དང་། རིས་མེད་དེ་ངོས་བཟུང་མེད་པས་ན་ཡི་གེ་མེད་པ་ཞེས་བྱའོ། དེའང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པས། ངོ་བོའི་ཆ་ནས་ཅིར་ཡང་གྲུབ་པ་མེད་པ་དང་། རང་བཞིན་གྱི་ཆ་ནས་རྫས་སུ་གྲུབ་པ་ཅི་ཡང་མེད་པ་དང་། རྒྱུད་ནི་དག་པ་དང་མ་དག་པ་གཉིས་སོ། །དག་པ་ནི་རང་བཞིན་གཤིས་ཀྱི་རྒྱུད་དག་པ་དང་། རྟེན་པ་ཡུལ་གྱི་རྒྱུད་དག་པ་དང་། རང་རིག་གོམ་པའི་གནད་ཀྱིས་རྒྱུད་དག་པའོ། །རང་བཞིན་གཤིས་དག་པའི་དངོས་པོ་འདུག་ཚུལ་གྱི་རྒྱུད་དག་པ་སྟེ། ངོ་བོ་ཀ་དག་པའི་གཞི་གང་གིས་ཀྱང་གཏན་ལ་དབབ་ཏུ་མེད་ཅིང་བརྗོད་བྱ་དུ་མ་ལས་འདས་ཤིང་། འཁྲུལ་བྱ་བ་ཙམ་དུ་ཡང་། བརྡས་གདགས་སུ་ཡང་མེད་པ་ཉིད་ལ་བྱ། རང་བཞིན་གནས་ཚུལ་ལ་ཤེས་པས་བསྡུས་པ་དང་། ཤེས་བྱས་བསྡུས་པ་ལ། ཤེས་པས་བསྡུས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པས་སོ། །ཤེས་བྱ་ནི་མཚོན་བྱའི་རྒྱུད་དང་། མཚོན་བྱེད་ཀྱི་རྒྱུད་ལ་སོགས་པ་རྣམས་ཀྱི་དབྱེ་བ་ཡིན་ནོ། །བརྟེན་པའི་ཡུལ་གྱི་རྒྱུད་དག་པ་ནི། བྱང་ཆུབ་སེམས་དཔའི་རྒྱུད་དང་། དགྲ་བཅོམ་པ་རྣམས་ཡིན་ནོ། །རང་རིག་གོམ་གནད་ཀྱིས་རྒྱུད་དག་པ་ནི། བླ་མའི་མན་ངག་ལ་བརྟེན་ནས་མངོན་སུམ་གྱི་གནད་གཟིར་བ། རང་གི་རྒྱུད་དག་སྟེ། སྣང་བ་དག་པ་རྣམས་དང་འདུ་འབྲལ་མེད་པར་སྤྱོད་པ་ཉིད་དོ། །མདོར་ན་ཉམས་གོང་ནས་གོང་དུ་འཕེལ་བའི་དུས་ལ་སྤྱོད་པ་དག་པ་ཡིན་ནོ། །མ་དག་པ་ནི་རང་བཞིན་ལུང་དུ་མ་བསྟན་པས་མ་དག་པ་དང་། བྱས་པའི་རྣམ་སྨིན་གྱི་འབྲས་བུ་མ་དག་པ་དང་། ཕྱིན་ཅི་ལོག་ཏུ་གོལ་བས་རང་གི་རྒྱུད་མ་དག་པའོ། །རང་བཞིན་ལུང་དུ་མ་བསྟན་པ་ནི། སོ་སོའི་སྐྱེ་བོའི་ཤེས་པས་བསྡུས་པ་དང་། དག་པ་ཕྱོགས་མ་མཐོང་བ་ཉན་ཐོས་ལ་སོགས་པའི་ཤེས་པས་བསྡུས་པའོ། །བྱས་པའི་རྣམ་སྨིན་ལ་གཉིས་ཏེ། སྔ་མ་དང་ད་ལྟའི་ལས་སོ། །ལས་སྔར་བྱས་པའི་རྣམ་པར་སྨིན་པས། དབང་པོ་མ་གསལ་ཞིང་ཤེས་རབ་ཞན་པ་དང་། ཤེས་པ་མི་གསལ་ཞིང་བརྗེད་ངས་པའོ། །དྲི་མས་བཅིང་པ་ནི་རྒྱུད་མ་དག་པ་སངས་རྒྱས་ཀྱི་བསྟན་པ་དང་འཕྲད་ཀྱང་། དེ་ལྟ་བུ་དང་ཡུན་རིང་བར་འགྱུར་ཏེ། སངས་རྒྱས་ཀྱི་སྒྲ་གྲགས་པ་མེད་པའི་ཐ་འཁོབ་ཀླ་ཀློའི་ཡུལ་དུ་སྐྱེས་པ་དང་། ངན་སོང་གསུམ་གྱིས་རྒྱུད་ཀྱིས་བསྡུས་པ་རྣམས་ཡིན་ནོ། །ད་ལྟ་བྱས་པའི་རྣམ་སྨིན་གྱིས་རྒྱུད་མ་དག་པ་ནི། ས་ཤུ་ཞེས་བྱ་སྟེ་ཤན་པ་ལ་སོགས་པ་སྡིག་ཅན་རྣམས་ཀྱི་རྒྱུད་ཡིན་ནོ། །ཕྱིན་ཅི་ལོག་གོལ་བ་མ་དག་པ་ནི། ཆ་མཐུན་རྗེས་འཛིན་གྱི་མ་དག་པ་དང་། རང་གཞུང་འདོད་པས་མ་དག་པ་དང་། བླ་མ་ལོག་བས་མ་དག་པ་དང་། རང་གི་འབད་རྩོལ་གྱིས་མ་དག་པའོ། །ཆ་མཐུན་རྗེས་འཛིན་གྱིས་མ་དག་པ་ནི། སངས་རྒྱས་ཀྱི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་ལ། བདག་དང་བཅས་པས་མངོན་པར་ཞེན་པས་ཕྱིན་ཅི་ལོག་གིས་རྒྱུད་མ་དག་པར་གྱུར་པ་ཉིད་རྣམས་ཏེ། སྐྱེ་མཆེད་ཀྱི་ལས་སོགས་པའི་ཤེས་པས་བསྡུས་པ་རྣམས་ཡིན་ནོ། །རང་གཞུང་འདོད་པས་རང་གི་རྒྱུད་མ་དག་པ་ནི། ཕྱི་རོལ་མུ་སྟེགས་པ་རྣམས་ཡིན་ནོ། །བླ་མ་ཕྱིན་ཅི་ལོག་གིས་མ་དག་པ་ནི། བསླབ་ཉེས་ཕྱིན་ལོག་ཅན་གྱི་རྒྱུད་ཅེས་བྱ། ཐོག་མར་བླ་མ་མན་ངག་མེད་པ་ཞིག་གིས་ཅི་ཐོད་ཐོད་བསླབ་པས། དངོས་པོ་གཤིས་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་སོང་ནས། ཕྱིས་ཡང་དག་པའི་མན་ངག་བསྟན་ཀྱང་། དེ་བློར་མི་ཚུད་པ་རྣམས་ཡིན་ནོ། །རང་གི་འབད་རྩོལ་ལས་ཕྱིན་ཅི་ལོག་ཏུ་སོང་ནས་མ་དག་པ་ནི། བཀའ་དང་བླ་མའི་མན་ངག་ལ་མ་བསྟེན་པར་རང་བྱུང་དུ་བྱེད་པ་རྣམས་ལམ་ལོག་པར་འགྲོ་བས་ན། ཕྱིན་ཅི་ལོག་ཏུ་སོང་ནས་རང་རྒྱུད་མ་དག་པའོ། །དེ་ཡང་སྐལ་ལྡན་གྱིས་དེ་རྣམས་སྤངས་པས་རང་གི་རྒྱུད་དག་པ་ཡིན་ནོ། །གཞན་གྱི་རྒྱུད་མ་དག་པ་ནི་གྲུབ་པའི་མཐས་བསྡུས་པའི་ཉན་ཐོས་ལ་སོགས་པའི་ཐེག་པ་རིམ་པ་བརྒྱད་པོ་ཡིན་ནོ། །ཤེས་པས་བསྡུས་ཏེ་ལེ་ལོས་རང་གི་རྒྱུད་མ་དག་པ་ནི། གཟུགས་དང་གཟུགས་མེད་པ་རྣམས་ཀྱི་རྒྱུད་ལས་ལྟུང་བྱེད་དང་གོལ་སར་འགྱུར་བས་མ་དག་པའོ། །དེ་དག་ལེགས་པར་གཏན་ལ་ཕེབས་ཤིང་དོན་མཚོན་པས་ན། ཆོས་སྐུ་ནས་ལོངས་སྐུར་རྒྱུད་པ་དང་། ལོངས་སྐུ་ནས་སྤྲུལ་པའི་སྐུར་རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་དུ་དག་པར་བརྒྱུད་པས་ན་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་སྐྱོན་དང་བྲལ་བའི་རང་རྒྱུད་རྣམ་པར་དག་པ་ལ། ཡོན་ཏན་དཔག་ཏུ་མེད་པ་འཕེལ་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པས་ན་རིན་པོ་ཆེ་ཞེས་བྱ། དེ་ལྟ་བུའི་རྒྱུད་དག་པ་ཉིད་ཀྱིས་འབྲས་བུ་ཆོས་ཉིད་ཟད་པའི་སྣང་བ་ལ་དབང་ཐོབ་པས་ན། རྒྱལ་མཚན་གྱི་རྒྱུད་ཅེས་པ་སྟེ། རྒྱུད་འདི་ནི་གཞན་རྒྱུད་དྲི་མ་དང་བཅས་པ་སྟེ། གྲུབ་མཐའ་བསྡུས་པའི་རྒྱུད་ཐེག་པ་རིམ་པ་བརྒྱད་པོ་ཡིན་ལ། ཤེས་པས་བསྡུས་པ་ཁམས་གསུམ་གྱི་ལྷ་རྣམས་ཡིན་པས་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་རང་རྒྱུད་དག་པ་དེས་ཉོན་མོངས་པའི་ཚོགས་ཟིལ་གྱིས་གནོན་པ་དང་། དེ་ཉིད་ལ་དབང་བསྒྱུར་བས་རྒྱལ་པོའི་གདུང་བརྒྱུད་ཅེས་བྱའོ། །རང་བཞིན་རྫོགས་པ་ཆེན་པོ་མ་དག་པའི་རང་བཞིན་གྱི་རྒྱུད་དེ་དག་ལས་འདས་ཏེ། མཚན་མ་མིན་པའི་ཡོན་ཏན་ནམ་མཁའ་དང་མཉམ་པ་སྤེལ་བས་ནས་ལྟ་བ་ནམ་མཁའི་མཐའ་དང་མཉམ་པ་ཞེས་བྱ་ལ། རྒྱུད་བཞི་བྱུང་བ་ཟློས་པའི་སྐྱོན་ནི་མ་ཡིན་ཏེ། ཕྱིའི་རྒྱུད་ཚིག་ལ་བརྟེན་པས་དངོས་པོའི་གནས་ལུགས་མཚོན་པ་དང་། ནང་གི་རྒྱུད་བརྡའ་དང་རྟེན་འབྲེལ་ལ་བརྟེན་པས་འབྱུང་བའི་བྱེར་ཟུག་མཉམ་པ་དང་། གསང་བའི་རྒྱུད། ཚིག་དང་ཡི་གེ་རང་བྲལ་བ་ལ་བརྟེན་ནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཏན་ལ་ཕབ་པ་དང་། ཡོངས་སུ་རྫོགས་པ་གསང་བ་བླ་ན་མེད་པའི་རྒྱུད་རང་གི་རིག་པ། ཡེ་ནས་གནས་པ་ལ་བརྟེན་ནས་མངོན་སུམ་དུ་ལམ་ཁྱེར་བས་རྒྱུད་ཅེས་བྱའོ། །རྒྱུད་བཞིར་གཏན་ལ་ཕབ་པ་ནི་མཚན་དངོས་མ་ཡིན་ཏེ། མཚན་གྱི་ཡོན་ཏན་འཆར་ཚུལ་ཞར་བྱུང་དུ་བསྟན་པའི། མཚན་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་དང་སྦྱར་ཏེ་བཤད་པ་ནི། སྒྲ་འགྱུར་དུ་བཤད་པ་དང་། བརྡའ་འགྱུར་དུ་བཤད་པ་དང་། དོན་འགྱུར་དུ་བཤད་པ་ཡིན་ནོ། །སྒྲ་འགྱུར་ནི། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་གྱི་དངོས་པོ་འདུག་ཚུལ་གྱི་གཞི་ལ། འཁྲུལ་དང་མ་འཁྲུལ་བྱ་བའི་ཐ་སྙད་གང་དུ་ཡང་མེད་པས་ཨ་ཡིན་ལ། དེ་ལས་ཡང་མ་རིག་པ་ལྷན་ཅིག་སྐྱེས་པ་དང་། རྒྱུད་བདག་ཉིད་གཅིག་པ་དང་། ཀུན་ཏུ་བརྟགས་པ་དང་། ཉོན་མོངས་པ་ལྔ་དང་། ཡིད་དྲུག་ལ་སོགས་པ་མེད་པར་རང་བཞིན་ཡེ་དག་ཏུ་བཞུགས་པས་ཧ་ཞེས་བྱ། དེ་ལྟ་བུའི་གཞི་དེ་ལ་སྐྱེས་བ་མེད་པས་ཨ་ཞེས་བྱ། སྐྱེ་བ་མེད་པའི་དོན་དེ་སྐལ་ལྡན་གྱི་མངོན་སུམ་གྱི་ལམ་ལ་བརྟེན་ནས་ཐོབ་པས་འགྲེང་བུར་བྱུང་བའོ། །ལམ་དེ་ཡང་རང་བཞིན་དག་པའི་ཤེས་རབ་ཀྱིས་ཤེས་པ་ན་ཤ། ཇི་ལྟར་ཤེས་པས་སྐུ་གསུམ་ལམ་སྣང་དུ་ཤེས་པས་ཀ་ཞེས་བྱ། དེ་ཡང་ཡེ་ནས་སྐྱེ་བ་མེད་པའི་དོན་དེ། སྔར་ཆད་ཤེས་མ་མྱོང་བ་དང་། སྐུ་གསུམ་ལམ་གྱི་སྣང་བ་ལ་བརྟེན་ནས་སྐྱེ་མེད་ཉམས་སུ་མྱོང་བས་ཨཱ་ཞེས་བྱ། དེ་ལྟར་སྐྱེ་མེད་དུ་རྟོགས་ཤིང་ཤེས་པས་རང་དོན་ཁོང་དུ་ཆུད་པས། གདུལ་བྱའི་ཡུལ་མི་འདྲ་བ་ཐ་དད་པས། འགྲོ་བ་རིགས་དྲུག་ལ་སོགས་པ་ལ། འདུལ་བྱེད་ཀྱི་སྐུ་མི་འདྲ་བ་ཐ་དད་པ་ཐུབ་པ་དྲུག་ལ་སོགས་པར་སྤྲུལ་ནས། གཞན་དོན་རྫོགས་པར་བྱེད་པས་ཞབས་ཀླུད་དུ་བྱུང་བའོ། །དེའང་ལམ་གྱི་སྐུ་གསུམ་པོ་དེ་ད་ལྟ་ཉིད་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་བརྟེན་ནས་ཉམས་སུ་བླངས་པས་སྐྱེ་བས་ན་ཀྵ་ཞེས་བྱའོ། །དེའང་ཡུལ་ནམ་མཁའ་སྟོང་པ་ལ་ད་ཡིན། དེ་ཉིད་ལ་རིག་པའི་ཡེ་ཤེས་འཆར་བར་བྱེད་པས་གོང་མའི་ཡིན་ནོ། །དེ་ཡང་འདས་པའི་དུས་ལས་ཀྱང་སྔར་འཆར་བྱེད་ཀྱི་སྒོ་མ་འགགས་པར་ཤར་བས་ན་རཱ་ཞེས་བྱའོ། །དེ་ལྟར་ཤར་བའི་རིག་པ་ཡེ་ཤེས་ཉིད་ལ་སྐུ་སྟེ་ཞལ་ཕྱག་གི་རྣམ་པའམ། ཡབ་ཡུམ་གཙོ་འཁོར་དང་། འོད་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་སྣང་བར་བྱེད་པ། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བས་ན་ཙ། དེ་ཡང་དུས་ཐམས་ཅད་དུ་རྟག་པར་བཞུགས་པས་ན། གནས་གང་ན་རང་གི་ལུས་ཀྱི་དཀྱིལ་ཙི་ཏ་རིན་པོ་ཆེའི་གཞལ་ཡས་ཁང་ན། རྟག་པར་བཞུགས་པའི་ཡེ་ཤེས་ཉིད་རང་གི་མིག་ནས་འཆར་བས་ཏྲཱ་ཞེས་བྱ། དེ་ལྟར་རང་གི་ལུས་ཀྱི་གནད་ལ་བརྟེན་པས་ན་ན་ཡིན་ལ། དེ་ཉིད་ལ་བརྟེན་ནས་འཁྲུལ་པ་ཐམས་ཅད་ཐོག་གཞི་ལ་ལོག་པས་ན་མ་ཡིན་ནོ། །དེ་ཡང་བླ་མའི་ཐབས་འགགས་པ་མེད་པ་ལ་བརྟེན་ནས་ཐོབ་པས་ན་དེ་ལས་བྱུང་བའོ། །བརྡའ་འགྱུར་དུ་བཤད་པ་ནི། གནས་པའི་སྒྲ་རང་གི་རྩ་གནས་ཀྱི་ཡི་གེའི་བརྡའ་ཅི་བརྗོད་པ། ཨ་ལི་དང་། ཀ་ལི་ལས་མི་འདའ་བས། ཡི་གེ་ཞེས་བྱ་སྟེ། སྣང་བའི་བརྡ་དོན་གྱི་མན་ངག་གོ །བརྗོད་པ་སྒྲ་ཡི་སྣང་བ་ཐམས་ཅད་གཏན་ལ་འབེབས་པའི་བརྡའ་སྒྲ་དོན་རང་བཞིན་མེད་པར་སྣང་བས། མེད་པ་ཞེས་བྱ་སྟེ་མི་སྣང་བའི་བརྡ་དོན་མན་ངག་གོ །དེ་ཉིད་མ་བཅོས་རང་བཞིན་གནས་ལུགས་ཀྱི་སྒྲའི་བརྡར་ལུས་ངག་ཡིད་གསུམ་གྱི་གནས་ཆེ་བས་ཆེན་པོ་ཞེས་བྱ་སྟེ། ལག་གི་འདུ་བྱེད་ཀྱི་བརྡའ་དོན་མན་ངག་ཏུ་ཕྱུང་བའོ། །རྒྱུད་ནི་གསང་བ་བླ་ན་མེད་པའི་རང་རྒྱུད་དག་པ་ལ་བརྟེན་ནས་རིག་པའི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་མྱོང་བ་སྐྱེ་བ་ནི་སྣང་སྲིད་ཐམས་ཅད་སྒྲ་དོན་གྱི་མན་ངག་ཏུ་གྱུར་པས་སྤང་བྱ་ཅིའང་མེད་ལ། སྒྲུབ་བྱ་ཅི་འང་མེད་པའི་མིང་དུ་ཐོགས་པའི་བརྡ་ཡི་རྣམ་པ་དང་། མིང་དུ་མེད་པའི་བརྡ་ཡི་རྣམ་པའི་དོན་གྱི་མན་ངག་དུ་ཕྱུང་བས་ན་རྒྱུད་ཅེས་བྱའོ། །རིན་པོ་ཆེ་ལ་སོགས་པ་འདི་མན་ཆད་ནི། རྒྱུད་ཀྱི་མཚན་གྱི་ཆེ་བ་འམ། ཡོན་ཏན་དུ་ཞར་ལ་བྱུང་བས་ན་བཤད་པ་གོང་གི་རྣམས་ཀྱི་ཆོག །འོ་ན་ཡང་རྒྱུད་རང་གི་ངོ་བོ་དང་སྦྱར་ན། །དེའང་ལེའུ་དག་པོ་ལས་ང་ཉིད་ལ། གནས་ལུགས་དང་སྣང་ཐབས་གཉིས་མ་སྤང་བར་རྫོགས་པའོ་བྱ་སྟེ། ཡི་གེ་མེད་པའི་རྒྱུད་འདི་ལས། ཡོན་ཏན་འཕེལ་ནས་བྱུང་བས་ན་རིན་པོ་ཆེ་ཡིན་ལ། དེའང་རང་བྱུང་གི་ཡེ་ཤེས་ལ་འདུ་འབྲལ་མེད་པས་སྐུ་མངོན་པར་སྣང་བ་ཉིད་དོ། །ཞེས་པས་ཡི་གེ་མེད་པའི་རྒྱུད་འདི་རྒྱལ་མཚན་ཅེས་བྱའོ། །དེ་ཡང་འདི་ཉིད་ལས་གསང་བས་ཆོས་རྣམས་རྫོགས་པ་རྒྱུད་ཡིན་ལ། འདི་ཉིད་རྒྱུད་ཐམས་ཅད་ཀྱི་ནང་ནས་རྒྱལ་པོ་ལྟ་བུར་འདུག་པས་རྒྱལ་པོའོ། །འགྱུར་མེད་རིག་པའི་དོན་འདི་ཉིད་ཀྱིས་སྟོན་པས་གདུང་། འདི་ཉིད་ལ་ནང་གི་ཆོས་རྣམས་ཐམས་ཅད་རྫོགས་པས་རྒྱུད། འདི་ཉིད་མིག་དང་འབྲེལ་བས་ལྟ་བ། ཡུལ་ནམ་མཁའ་ལ་སྤྱོད་ཅིང་རྒྱུད་ཀྱི་ཆེ་བ་ནམ་མཁའ་དང་མཉམ་པར་གནས་པས་ནམ་མཁའི་མཐའ་དང་མཉམ་པའོ། །རྒྱུད་འདི་ཉིད་ལ་ཕྱིའི་ཆོས་ཐམས་ཅད་རྫོགས་པས་རྒྱུད་ཅེས་བྱའོ། །དོན་འགྱུར་རུང་སྦྱར་བ་ནི། ཨ་ཞེས་པ་ཡིན་ཏེ། དེ་ལྟར་རྒྱུད་ཀྱི་མཚན་བསྟན་པ་དེ་དག་རྣམས་ནི། ཤེས་བྱ་སྐྱེ་བ་མེད་པའི་ཚིག་ཏུ་བཀོད་ཡིན་ཏེ། ཤེས་བྱའི་ཆོས་སོ་དོན་གྱི་ཡེ་ཤེས་ཞེས་བྱ་སྟེ། ཤེས་པ་ལ་དགོས་པ་ཅི་ཡོད་ན་ཕྱིན་ལོག་པར་མི་འགྱུར་བས་ན་དེ་དག་དང་སྦྱར་ཏེ་བཤད་པའོ། །ཉམས་སུ་བླང་བྱ་སྐྱེ་མེད་ཨ་ལ་བརྟེན་ནས་བསྟན་པ་ནི། ཡི་གེ་མེད་པའི་རྒྱུད་ཀྱི་དོན་དྲི་མ་གང་ཡང་མེད་པའི་སྐྱེ་མེད་ཀྱི་དོན། ཉམས་སུ་ལེན་པའི་སྐལ་ལྡན་གྱིས། ཐོག་མར་རང་གི་བླ་མ་ལ་གདམས་པ་ཡང་ནས་ཡང་དུ་ཞུ་དགོས་པས་ན། འདིའི་ལེའུ་དྲུག་པ་ནས་ཆོས་ཀྱི་སྐུ་གདམ་ངག་ལ་ཐུག་གོ །ཞེས་པ་དང་། དེ་ཡང་གྲོགས་སྤངས་ཏེ་ཕྱི་ནང་གི་བྱ་བ་བཏང་བ་ནི། ལེའུ་དང་པོ་ནས་ཕྱི་ནང་གི་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབས། ཞེས་པ་དང་། དེ་ནས་དགོན་པར་གནས་པ་ནི། ལེའུ་གཉིས་པ་ནས། གྲོང་ཁྱེར་ཆེན་པོ་ལས་འདས་ཏེ་ནགས་ཀྱི་ཀློང་ཆེན་པོའི་དགོན་པར་གནས་པར་གྱིས་ཤིག །ཅེས་པ་དང་། དེའང་གྲོགས་སྤང་ལ་གནས་དེ་ཉིད་དུ་བསྒྲུབ་པ་ནི། །ལེའུ་དྲུག་པ་ནས། ཕྱིའི་ལོངས་སྤྱོད་ཐམས་ཅད་ལ་མ་ཆགས་པར་གྲོགས་མེད་པར་ནགས་ཁྲོད་དག་ཏུ། དེ་ཉིད་ལ་གནས་པར་གྱིས་ཤིག །ཅེས་པ་དང་། དེ་ནས་སྔོན་འགྲོའི་མན་ངག་གིས་ཉམས་སུ་བླང་བ་ནི། ལུགས་ཀྱི་སྔོན་དུ་འགྲོ་བའི་མན་ངག་གིས། བྱ་བྱེད་མ་འགགས་དམིགས་པ་ཡོངས་ཀྱི་མེད། ཅེས་པ་དང་། ངག་གི་སྤྱོད་པ་ནི། ཡང་དེ་ཉིད་ལས། གསུང་གི་རོལ་པ་ཅིར་ཡང་སྟོན། ཞེས་པ་དང་། དེ་ནས་སེམས་ཀྱི་སྤྱོད་པ་ནི། ཡང་དེ་ཉིད་ལས། སེམས་ཀྱི་རྟོག་པ་སྣ་ཚོགས་པའོ། ཞེས་པ་ནི་སྔོན་དུ་ལུས་ངག་ཡིད་ཀྱི་སྤྱོད་པ་བྱ། དེ་ནས་རྣལ་དུ་འབེབ་པའི་ཆོ་ག་བྱ་བ་ནི། ལེའུ་དྲུག་པ་ནས། ལུས་རྣལ་དུ་འབེབས་པའི་ཆོ་ག་ནི། །ཡེ་ཤེས་ཀྱི་རྩ་དལ་བས་གྲུབ། ཅེས་པ་དང་། ངག་གི་སོར་འཇུག་པའི་ཆོ་ག་ནི། ལེའུ་ལྔ་པ་ནས། ཚིག་ཐམས་ཅད་དང་བྲལ་བའོ། །ཞེས་པ་དང་། སེམས་རྣལ་དུ་འབེབས་པ་ལེའུ་གསུམ་པ་ནས། ཐུགས་ཀྱི་ཅིའང་མེད་ཅེས་པའོ། །དེ་ལྟར་སྔོན་དུ་འགྲོ་བ་དང་ཚད་དུ་འབྱོར་ན། དངོས་གཞིའི་དོན་ཉམས་སུ་མྱོང་བ་མཚན་གྱི་ཡོན་ཏན་སྐྱེ་མེད་ཨའི་དོན་འགྱུར་དུ་བཤད་པ་ནི། གཉིས་པ་ནི། མིག་ཟུར་ཉིད་ལས་དབྱིངས་སུ་འབྱུང་བས། ཞེས་པ་དང་། གསུམ་པ་ནས། སྐྱེ་མེད་ཨ་ཡི་སྣང་བ་ངོས་བཟུང་མེད། ཞེས་པ་དང་། གཏིང་དཔག་མེད་པའི་རྒྱ་མཚོ་ཆེན་པོ་ནས། ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོར་ལྟོས། ཞེས་པ་ནས། རྒྱལ་མཚན་ཅེས་བྱ་སྟེ། རིག་པ་ལུ་གུ་རྒྱུད་མིག་ནས་དྲངས་བའོ། །དེ་ནས་ཡུལ་ནམ་མཁའ་སྟེ། དེའང་ལེའུ་གསུམ་པ་ནས། དག་པའི་ནམ་མཁའ་ངོས་བཟུང་ཀུན་ལས་འདས། ཞེས་པ་སྟེ། ཡུལ་ནམ་མཁའ་གཏད་པ་ལྟ་བའི་མིག་ཡིན་ནམ་མཁའི་མཐའ་དང་ཞེས་པའོ། །དེ་ལྟར་ཉམས་སུ་བླང་བ་ལས་སྣང་བའི་འཕེལ་འབྱུང་བ་ནི། བཞི་པ་ལས། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནི་གྲངས་མེད་པའི་སྣང་བ་ཆེན་པོ་སྟེ། ཞེས་པ་ལ་སོགས་པས་བསྟན་ཏེ། རིན་པོ་ཆེ་ཞེས་པའོ། །དེ་ཡང་དེ་ལྟར་སྣང་བའི་འཕེལ་རྫོགས་ནས་རིག་པ་ཚད་ལ་ཕེབས་པ་ནི་རྒྱལ་པོ་ལྟ་བུའོ། །རིག་པ་ཞེས་བྱ་སྟེ། དེའང་ལེའུ་གཉིས་པ་ནས། དེ་ཉིད་དགོངས་པའི་དྲོད་རྙེད་ནས། ཞེས་པའོ། །དེ་ལྟར་སྐུ་གསུམ་ལམ་དུ་སྣང་བ་ཡིན་པས་ན་རྒྱུད་གསུམ་དུ་བྱུང་བ་སྟེ། དེ་ཉིད་ལས། སྐུ་དང་བཅས་པ་སྣང་བའོ། །ཞེས་པས་སོ། །དེ་ཡང་སྐྱེ་བ་མེད་པའི་ཨ་ལ་བརྟེན་ནས་རིག་པའི་ཡེ་ཤེས་མངོན་སུམ་དུ་བསྟན་པ་ནི་མཉམ་ཞེས་བྱ་སྟེ། ལེའུ་གསུམ་པ་ནས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། ཞེས་པའོ། །ཆོས་རྣམས་ཟད་པའི་སྣང་བ་ནི། མཉམ་ཞེས་བྱ་སྟེ། འཁོར་འདས་གཉིས་མེད་དུ་མཉམ་པས་ན། ཆོས་ཟད་པ་སྟེ། དེ་ལྟར་ཡང་ལེའུ་བཞི་པ་ལས། དེའི་ངོ་བོ་ལ། རྒྱུ་སངས་པ། རྐྱེན་དག་པ། ཡུལ་མ་འགགས་པ། རང་གྲོལ་བ་ལ་སོགས་པས་བསྟན་པའོ། །དེ་ལྟར་མཚན་བསྟན་ནས་གཞུང་སྟོན་ཏེ། འདི་ལ་གཉིས། རྒྱུད་འབྱུང་བར་བྱ་བའི་ཕྱིར། ཕྱག་བཙལ་བར་མདོར་བསྟན་པ་དང་། གཞུང་གི་དོན་རྒྱས་པར་བཤད་པའོ། །ཕྱག་བཙལ་བ་ལ་མདོར་བསྟན་པ་ལ་གཉིས་ཏེ། སྔོན་བྱུང་དུ་སྡུད་པ་པོས། རྒྱུད་ཀྱི་སྟོན་པ་ལ་མོས་པས་རང་གཞན་གྱི་དོན་གཉིས་རྫོགས་པར་བྱ་བའི་ཕྱིར་ཕྱག་བཙལ་བ་དང་། རྗེས་འཇུག་ཚོགས་གཉིས་ལས། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ་བསྟན་པའོ། །སྔོན་བྱུང་རང་དོན་རྟོགས་པ་ཉིད་ལ་ཉིད་ཕྱག་བཙལ་བ་ནི། སྔོན་དུ་འགྲོ་བ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བྱས་པས། ལུས་ངག་ཡིད་གསུམ་གྱི་ཞེན་པ་རང་ལོག་པས། ལུས་ངག་ཡིད་གསུམ་གྱི་བཅོམ་པས་ན་བཅོམ། དེ་ལྟར་བཅོམ་པས་ལུས་ངག་ཡིད་གསུམ་ལ་ལུས་སྤྲུལ་སྐུར་ལྡན་པ་དང་ངག་ལོངས་སྐུར་ལྡན། ཡིད་ཆོས་ཀྱི་སྐུར་ལྡན་པའོ། །འདས་པ་ན་འཁོར་བའི་ལུས་ལས་འདས་ཏེ། སྤྲུལ་པའི་སྐུ་ཉིད་ཀྱི་ཡོན་ཏན་རྫོགས་པ་དང་། ངག་འཁོར་ངག་ལས་འདས་ནས་ལོངས་སྐུའི་ཡོན་ཏན་རྫོགས་པ་དང་། ཡིད་འཁོར་བའི་ཡིད་ལས་འདས་ཏེ་བྱུང་ཚོར་རྣམས་རང་འགགས་པས་ཆོས་ཀྱི་སྐུའི་ཀློང་དུ་རང་འདས་པའོ། །སྐུ་ནི་དེ་ལྟར་འཇིག་རྟེན་གྱི་ལུས་ངག་གི་ཞེན་པ་ལོག་པས་སྐུ་གསུམ་མོ། །སྣང་བ་ནི། ཆོས་ཀྱི་སྐུའི་སྣང་བ་མཚན་མའི་སྤྲོས་པ་དང་བྲལ་བས་ཆོས་ཉིད་ཟད་པའི་སྣང་བ་དང་། ལོངས་སྐུའི་སྣང་བ་སྣ་ཚོགས་བཀོད་པ་ལྷུན་གྲུབ་ཡོན་ཏན་རྫོགས་པའི་ཚུལ་ཡིན་ནོ། །སྤྲུལ་པའི་སྐུའི་སྣང་བ་རང་ནི་ཅོག་བཞག་གི་སྣང་བའོ། །རྒྱ་ཆེ་བ་ནི། དེ་ལྟར་སྣང་བ་གསུམ་གྱི་བདག་ཉིད་སངས་རྒྱས་ཅན་ཐམས་ཅད་ལ་ཁྱབ་པའོ། །སྟོན་པ་རང་གི་རིག་པ་དྲི་མ་དང་བྲལ་བ་ཉིད་ཡིན་པས་དེ་ཉིད་ལ་དེ་ཉིད་ཀྱིས་ཕྱག་འཚལ་བའོ། །ཕྱག་བཙལ་བ་ལ་དགོས་པ་ཅི་ཡོད་ན། རང་དོན་མངོན་སུམ་དུ་ཁོང་དུ་ཆུད་པར་བྱ་བའི་དགོས་པ་ཡོད་དོ། །གཞན་དོན་རྫོགས་པའི་ཕྱིར་ཕྱག་བཙལ་བ་ནི། གསང་བ་ཡི་གེ་མེད་པའི་རྒྱུད་ཀྱི་མཚན་བསྟན་པ་ཙམ་གྱིས། དབང་པོ་རབ་རྣམས་ཀྱིས་འཁོར་གསུམ་གྱི་རྣམ་རྟོག་བཅོམ་ནས་ཡེ་ཤེས་ལྔ་དང་ལྡན་པས། ཉོན་མོངས་པ་ལྔ་ལས་འདས་པས། གཞར་གྱི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་སྣང་བ་རྒྱ་ཆེན་པོ། སྟོན་པ་ཉིད་རྒྱུད་ཀྱི་མཚན་དུ་བྱུང་བ་སྟེ། དེ་ཉིད་ལ་ཕྱག་བཙལ་བ་དང་། འབྲིང་གི་དོན་བསྡུས་པ་ལ་བརྟེན་ནས། རྒྱུད་ཀྱི་གཞུང་ཚིག་དང་། ཡི་གེ་རྫོགས་པར་བསྟན་པས། རྣམ་པར་རྟོག་པ་བཅོམ་ནས། ཡེ་ཤེས་ལྔ་དང་ལྡན་ཏེ། ཉོན་མོངས་པ་ལྔ་ལས་འདས་པས་དབང་པོ་འབྲིང་པོའི་འབྲས་བུ་ལོངས་སྐུའི་སྣང་བ་རྒྱ་ཆེན་པོ། ཆོས་ཉིད་ཀྱི་བར་མ་དོ་ལ་སྟོན་པ་ཉིད། རྒྱུད་འདི་ཉིད་ཡིན་པས། འདི་ཉིད་ལ་ཕྱག་འཚལ་ལོ། །དབང་པོ་ཐ་མས་རྒྱུད་ཀྱི་གཞུང་རྫོགས་པར་བཤད་པ་བླ་མའི་མན་ངག་ལ་བརྟེན་ནས་བསྟན་པས། རྣམ་པར་རྟོག་པ་བཅོམ་ནས་ཡེ་ཤེས་ལྔ་དང་ལྡན་ཏེ། ཉོན་མོངས་པ་ལྔ་ལས་འདས་པས། ཐ་མའི་འབྲས་བུ་སྤྲུལ་པའི་སྐུ་སྣང་བ་རྒྱ་ཆེན་པོས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྟོན་པ་རྒྱུད་འདི་ཉིད་ཡིན་པས་རྒྱུད་ལས་ཕྱག་འཚལ་ལོ། །ཞེས་པའོ། །རྗེས་འཇུག་གི་རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། དེ་ཉིད་ཀྱིས་མ་རིག་པ་ལ་སོགས་པ་བཅོམ་པ་དང་། ཡེ་ཤེས་ལྔ། མི་གནས་པའི་ཡེ་ཤེས་དང་དྲུག་དང་ལྡན་པ་དང་། ཡང་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པ་དྲུག་དང་ལྡན་པ་དང་། འཁོར་བའི་རྣམ་རྟོག་ཐ་དད་དུ་འཛིན་པ་ལས་འདས་ནས། ཉིད་ཀྱི་སྐུ་ལས་འོད་ཟེར་གྱི་ཚོགས་ཤིན་ཏུ་རྒྱ་ཆེ་བར་གདུལ་བྱ་རྣམས་ལ་སྟོན་པར་བྱེད་པ་ལས། རྗེས་སུ་འཇུག་པས་རྒྱུད་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ་ཕྱག་འཚལ་ལོ། །ཞེས་བྱའོ། །ད་ནི་གཞུང་གི་དོན་རྒྱས་པར་བཤད་པ་ལ། ལེའུ་དྲུག་གིས་བདག་ཉིད་དུ་གནས་པ་ལས། །ལེའུ་དང་པོའི་དོན་སྟོན་ཏེ། ལེའུའི་མཚན་འོག་ཏུ་སྟོན་པའོ། །འདི་ལ་བསྡུས་པའི་དོན་བཅུར་གནས་པ་ལས། དང་པོ་གླེང་གཞི་དངོས་བསྟན་པ་སྟེ། དེ་ལ་ཐུན་མོང་མ་ཡིན་པའི་གླེང་གཞི་རང་གི་མཚན་ཉིད་དུ་གཏན་ལ་ཕབ་ནས་བསྟན་པ་དང་། དེའི་ཚིག་དོན་ངེས་པར་བསྟན་པའོ། །ཐུན་མོང་མ་ཡིན་པའི་གླེང་གཞི་རང་གི་མཚན་ཉིད་དུ་བསྟན་པ་ནི། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཞེས་སྨོས་ཏེ། འདི་ལ་ཁ་གཅིག་ན་རེ། བདག་གིས་བསྟན་པ་མི་རིགས་ཟེར་བ་ཡོད་དེ། དེ་མ་ཡིན་ཏེ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ལ་ཉིད་སྤྲུལ་བྱུང་བས། དེ་ཉིད་ལ་སྤྲུལ་པའི་སྐུ། ཉི་མ་ལས་འོད་ཀྱི་ཚུལ་དུ་བྱུང་བ་ལས་སྟོན་པ་དང་། ཉན་པ་དང་། འཁོར་དང་ཐམས་ཅད་ཉིད་ཀྱི་སྣང་སྤྲུལ་དུ་བྱུང་བས། བདག་གིས་བསྟན་པ་ཞེས་བསྟན་པ་ཡིན་པས་སྐྱོན་མེད་དོ། །དོན་དམ་པ་ལ་གཟུང་འཛིན་གྱི་ཉན་པ་དང་སྡུད་པ་པོར་མངོན་པ་མེད་པས། འདི་ཉིད་ལས། གནས་ལུགས་ཀྱི་རིག་པ་སྣང་ཐབས་ཀྱི་འཁོར་ལ་བཀའ་སྩལ་པ། ཞེས་པ་དང་། མུ་ཏིག་ཕྲེང་བ་ལས་ཀྱང་། རང་གི་འཁོར་སྡུད་ཉན་པ་དང་། ཞེས་པ་དང་། ཁ་ས་མུནྟ་ཏནྟྲ་ལས་ཀྱང་། སྟོན་པ་ཡང་ང་། ཉན་ཐོས་ཀྱང་ང་། ཞེས་སྡུད་པ་དང་། འཁོར་དང་། བཤད་པར་བྱ་བ་དང་ཆོས་ཀྱང་ང་། ཞེས་པས་འགལ་བ་མེད་དེ་རབ་ཏུ་འཐད་དོ། །དེ་བས་གླེང་གཞི་རང་གི་ངོ་བོ་དེ་ཉིད་གང་བསྟན་པ་དང་གང་དུ་བསྟན་པ་དང་། གང་གིས་བསྟན་པ་དང་། གང་ལ་བསྟན་པ་དང་། གང་གི་ཚེ་བསྟན་པའོ། །གང་བསྟན་ན་རྒྱུད་འདི་བསྟན་པ་ཐམས་ཅད་འདུལ་བར་བསྟན་པས་འདི་ཅི་བྱ་ལ། ཚུལ་ལམ་ཐབས་ཅི་བསྟན་ན་ཚངས་པའི་སྐད་དང་ལྡན་པའོ། །གང་དུ་བསྟན་ན་ཆོས་དབྱིངས་ཀྱི་ཕོ་བྲང་། སྣང་བ་ཉིད་སྐུ་ཡིས་བརྒྱན་པའི་ཕོ་བྲང་དུ་བསྟན་ནོ། །གང་གིས་བསྟན་ན། བདག་དངོས་པོའི་གནས་ལུགས་སྟོན་པ་འཛིན་པའི་རིག་ལ་འབྱེད་པ་མེད་པས་སོ། །གང་ལ་བསྟན་ན་གིས་ཞེས་བྱ་སྟེ་སྣང་བ་ཐབས་ཀྱི་འཁོར་ལ་བསྟན། གང་ཚེ་བསྟན་ན་དུས་ཞེས་བྱ་སྟེ། རིག་པའི་ཡེ་ཤེས་མངོན་དུ་སྣང་བའི་ཚེ་བསྟན་ལ། དེ་ཡང་རིག་པའི་ཡེ་ཤེས་མངོན་དུ་སྣང་བར་མ་གྱུར་གྱི་བར་ལ། རྒྱུད་འདི་བཤད་ཅིང་བསྟན་ཀྱང་དོན་མེད་པའི་ཕྱིར། རིག་པའི་ཡེ་ཤེས་མངོན་དུ་སྣང་བའི་དུས་ན་རྒྱུད་ཀྱི་དོན་རྣམས་ཇི་ལྟ་བར་རྟོགས་ཤིང་ཁང་དུ་ཆུད་པས་སོ། །དེ་ཡང་སྟོན་པ་དང་། འཁོར་དང་། གནས་དང་། དུས་དང་ཐམས་ཅད་རང་བྱུང་གི་རིག་པའི་ཡེ་ཤེས་གཅིག་པུ་ལས་གཞན་སུ་ཡང་མེད་ཅེས་པ་ནི། གཅིག་ན་ཞེས་བསྟན་པའོ། །ཚིག་དོན་ངེས་པ་བསྟན་པ་ལ་གཉིས་ལས། འདིར་རྒྱུད་ལུང་གི་ཞེན་པ་དགག་པར་བསྟན་པ་ནི། རྒྱུད་ཐམས་ཅད་བཤད་དུ་མེད་དོ་ཞེས་པ་ལ་སོགས་པས་བསྟན་ཏེ། རྒྱུད་ནི་རང་བཞིན་གནས་ལུགས་ཀྱི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། རང་བཞིན་དངོས་པོ་གཤིས་ཀྱི་འདུག་ཚུལ། ངོ་བོ། རང་བཞིན། ཐུགས་རྗེ་གསུམ་དུ་བཞུགས་པ་དེ་ལ། ཚིག་དང་ཡི་གེ་གང་དུའང་གྲུབ་པ་མེད་པས། རང་བཞིན་དང་ཐབས་ཐམས་ཅད་བཤད་དུ་མེད་དོ། །ཞེས་བྱའོ། །ཐབས་ཀྱི་རྒྱུད་ནི་མཚོན་བྱ་ཐབས་ཀྱི་རྒྱུད་ཀྱི་དངོས་པོ་དེ་ཉིད་གནས་ལུགས་ཇི་ལྟ་བར་གནས་ཚུལ་ཡེ་ནས་རང་གྲོལ་དུ་བཞུགས་པས་བཤད་དུ་མེད། མཚོན་བྱེད་ཐབས་ཀྱི་རྒྱུད་ལ་དོན་གྱི་རྒྱུད་རང་གི་རིགས་པ་ཉིད་ཀྱང་དེ་ལྟར་བཞུགས་པས་ཚིག་ལས་འདས་ཏེ་བཤད་དུ་མེད་པའོ། །ཚིག་གི་རྒྱུད་ཀྱི་དབང་དུ་བྱས་ན། འདིར་རིག་པ་མངོན་སུམ་དུ་གྲོལ་བས་ན། ཤེས་རབ་ཀྱི་སྤྱོད་ཡུལ་ལམ་ཚིག་ལ་མི་བརྟེན་པས་ན། རྒྱུད་ཀྱི་དབྱེ་བ་དེ་དག་བཤད་དུ་མེད་པས་བཤད་དུ་མེད་དོ་ཞེས་ལ་བཟླ་བ་དང་བཅས་ནས་བསྟན་པའོ། །དོ་ཅིའི་ཕྱིར་བཤད་དུ་མེད་ན། མཚན་མའི་རྣམ་པར་རྟོག་པ། རིག་པའི་ཡེ་ཤེས་ཉིད་ལ་ཡེ་ནས་ཡོད་མ་མྱོང་བས། དེ་ཉིད་ཀྱི་ཀློང་ལ་ཚིག་དང་ཡི་གེ་རུ་མེད་པས། རང་གི་རང་བཞིན་ཏུ་འདས་ནས་བཤད་དུ་མེད་དོ། །ལུང་ནི་གཉིས་ལས། མི་འགྱུར་བ་རྩ་བའིི་ལུང་དང་། སྤྲོས་གཞི་ཐ་སྙད་པའི་ལུང་ངོ་། །མི་འགྱུར་བ་ནི་རང་གི་རིག་པའི་ཡེ་ཤེས་དངོས་པོའི་འདུག་ཚུལ་ཉིད་ཡིན་ཏེ། འདི་ལ་ཐ་སྙད་ཡོད་མ་མྱོང་བས། ལུང་བསྟན་དུ་མེད་པ་དང་། སྤྲོས་པ་ཐ་སྙད་པའི་ལུང་ལ་དབྱེ་ན་མང་པོ་ཡོད་ཀྱང་། འདི་དག་གིས་ཚིག་གིས་བུདྡྷ་བར་མི་འགྱུར་བས། ལུང་ཐམས་ཅད་བསྟན་དུ་མེད་དོ། །ཞེས་པའོ། །དེ་ཡང་གཏན་ཚིགས་གང་གིས་ཕྱིར་བསྟན་དུ་མེད་ན། མ་བཅོས་པའི་ཀློང་དུ་འདས་ཤིང་རྩོལ་སྒྲུབ་མེད་པའོ། །ཞེས་པས་ཏེ། དེའང་རང་བཞིན་རྫོགས་པ་ཆེན་པོ་བས། རང་བཞིན་དུ་མ་བཅོས་པར། སོ་མར་བཞག་པས་གནས་ལུགས་ཀྱི་དགོངས་པ་དང་མི་འབྲལ་བ་ཡིན་ལ། རིམ་པ་བརྒྱད་པོ། ལྟ་བའི་འདོད་པ་དང་། བསྒོམ་ལུགས་དང་། སྤྱོད་པའི་བྱ་ཐབས་དང་། འབྲས་བུ་ཇི་ལྟ་ཡིན་པ་མང་པོར་སྤྲོས་པས། རྩོལ་བ་དང་སྒྲུབ་པ་ནི། སྔགས་དང་། ལྷ་དང་། བསྙེན་པ་དང་། ཉེ་བར་བསྙེན་པ་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་ལ་སོགས་པ་ནི། རྩོལ་བསྒྲུབ་ཡིན་པས། རང་བཞིན་རང་ལུགས་ཀྱི་དགོངས་པ་དང་མི་འབྲལ་བར་གནས་པས་དེ་ཉིད་ཀྱི་ཀློང་དུ་རྩོལ་བསྒྲུབ་རྣམས་འདས་པས་རིམ་པར་བརྒྱད་པོའི་རྩོལ་སྒྲུབ་མེད་པས་སོ། །མན་ངག་རྒྱུད་ལ་བརྟེན་པ་དང་། བླ་མའི་མན་ངག་ལ་བརྟེན་པའོ། རྒྱུད་ནི་ཁ་འཐོར་བའི་ཚུལ་དུ་གསུངས་པ་ལ་སོགས་པ་ཡིན་ཏེ། འདི་དག་ཀྱང་མཚོན་བྱ་གནས་ལུགས་ལས་མ་གྲུབ་པ་དང་། མཚོན་བྱེད་ཚིག་ཏུ་མ་གྲུབ་པས་མཚོན་དུ་མེད་དོ། །བླ་མའི་མན་ངག་ལ་བརྟེན་པ་ནི། སྙན་རྒྱུད་རིམ་པ་ནས་རིམ་པར་བརྒྱུད་པ་དག་ཡིན་ནོ། །འདི་དག་ཀྱང་ཚིག་ལ་བརྟེན་པས་ན། ཚིག་གིས་སངས་རྒྱས་ལ་ཕན་མ་བཏགས། གནོད་མ་བསྐྱལ་བས། མན་ངག་དེ་དག་མཚོན་དུ་མེད་དོ། །ཞེས་བྱའོ། །གཏན་ཚིགས་གང་གི་ཕྱིར་མཚོན་དུ་མེད་ན་མ་སླད་པ་ནི་དངོས་པོའི་གནས་ལུགས་ལ། སུས་ཀྱང་བསྒྱུར་དུ་མི་བཏུབ་པས། དེ་ཉིད་ཀྱི་ཀློང་ཕྱོགས་གང་ཡང་མ་ལྟུང་བ་ཉིད་ཡིན་པས། རྣམ་རྟོག་རང་བཞིན་གྱིས་ནུབ་པས་ན་འདས་པ་ཡིན་ལ། དེ་ལྟ་བུའི་གནས་ལུགས་ལ། གུད་དུ་བཅས་པའི་ལྟ་སྒོམ་གྱིས་བསྒྲུབ་ཏུ་མེད་པའོ། །སྟོང་པ་ཉིད་ཀྱིས་གནས་ལུགས་དངོས་པོ་བརྒྱད་པ་ནི། ཨེ་མ་ཉོན་ཅིག །སྣང་བ་དམ་པའི་འཁོར་རྣམས་ཞེས་པ་ལ་སོགས་པས་བསྟན་ཏོ། །ཨེ་མ་ནི་ངེས་པར། ངོ་མཚར་བའི་གསུངས་གིས། ཉིད་ལ་བོས་ཏེ། ཉོན་ཅིག །བསྟན་པའི་ཚིག་དང་ཡི་གེར་བཀོད་པ་འདི་སུས་ཉན་ན་སྣང་བ་རང་བཞིན་དག་པའི་སྣང་བ་དང་། འགྲོ་྄དྲུག་འཁྲུལ་པའི་སྣང་བ་དང་། བདེ་གཤེགས་གདུལ་བྱ་ལ་སོགས་པའི་སྣང་བ་དམ་པ་བཞིན་དག་ལ། དངོས་པོའི་འདུག་ཚུལ་དང་། ཡེ་ཤེས་ཕྱོགས་དག་པའི་སྣང་བ་ནི། དམ་པ་ཡིན་པས། དེ་དག་འཁོར་དུ་བྱུང་བས་རྫོགས་པ་ཆེན་པོའི་ཡོ་གས། ཅི་ལྟར་སྤྱད་ཀྱང་འཚང་རྒྱ་འོང་རྣམས་ནི་སྣང་བ་དེ་རྣམས་སོ། །སྣང་ཐབས་ནི། ཕྱི་རོལ་གྱི་དེ་རྣམས་ཡིན་ལ་དེ་ལ། ཡེ་ཇི་བཞིན་པའི་རིམ་པ། གཞི་འཛིན་གྱིས་ཁྱབ་པར་གནས་པ་དེ་ལ། གནས་ལུགས་དངོས་པོ་གཤིས་ཀྱི་འདུག་ཚུལ་མངོན་སུམ་དུ་ཤར་བས། རིག་པ་ལ་ཕྲ་རགས་ཀྱི་དྲི་མས་མ་བསྒྲིབས་པས་མ་འགགས་པ་ཞེས་བྱ། གསལ་ལུགས་ཇི་ལྟར་གསལ་ན། འོད་དང་སྐུ་དང་ཐིག་ལེ་ལ་སོགས་པར་གསལ་ལོ། །གླེང་བའི་རྒྱུ་བསྟན་པ་ལ་གཉིས་ལས། བརྗོད་བྱར་དགག་པ་དང་། མདོར་བསྡུ་བ་བསྟན་པའོ། །བརྗོད་བྱ་དགག་པ་བསྟན་པ་ནི། དེ་སྐད་ཅེས་རིག་པའི་གནས་ནས། སྔར་ལ་གསུངས་སོ། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་སྐད་ནི། གོང་དུ་ཐུན་མོང་མ་ཡིན་པའི་གླེང་གཞིའི་སྐབས་གཟུགས་སུ་བཀོད་ལ། ཞལ་ཕྱག་གི་རྣམ་པའི་སྟོན་པ་མ་ཡིན་པར། འདིར་ཐེ་ཚོམ་བཅད། དེ་ཡང་ཉིད་རིག་པ་རང་ཡིན་པར་འདིར་གསལ་བས་གོང་གི་སྒྲོ་འདོགས་བཅད་གནས་ནི་བྱ་རྒོད་ཕུང་པོ་ལ་སོགས་པ་ཡིན་ཏེ། ཐོག་མ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་བྱས། ད་ལྟ་གནས་ཚུལ་དང་སྦྱར་ན། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །སྔར་ཆོས་སྐུས་ཚིག་ཏུ་མ་གསུངས། ད་ལྟ་ཉིད་དུ་ལོངས་སྐུས། ཐ་སྙད་རགས་པ་དང་བཅས་པར་མི་གསུངས། ཕྱིས་སྤྲུལ་པའི་སྐུས་ཕྱི་ལོག་ཏུ་གསུང་བར་མི་འགྱུར་རོ། །མདོར་བསྡུས་བསྟན་པ་ནི། ཨས་ཆོས་ཉིད་སྐྱེ་བ་མེད་པའི་དོན་མཚོན་ལ། འས་འགགས་པ་མེད་པའི་ཐུགས་རྗེའི་དོན་མཚོན་ལ། ཟག་མེད་ཀྱིས་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་མཚོན། ཀླད་ཀོར་གྱིས་མཉམ་ཉིད་དུ་རྟོགས་ལ། ན་རོས་ཆོས་ཉིད་དང་རིག་པ་འདུ་འབྲལ་མེད་པར་རྟོགས་སོ། །གླེང་གཞིའི་དགོས་ཆེད་ལ་ལྔ་ལས། ཐུན་མོང་གི་གླེང་གཞི་དངོས་བསྟན་པ་ནི། འདི་སྐད་སུས་ཐོས་ན་སྡུད་པ་པོ་ལག་ན་རྡོ་རྗེས་ཐོས། ཐོས་པ་གང་ཐོས་ན་འདིས་ཚིག་དང་ཡི་གེར་བཀོད་པའི་རྒྱུད་འདི་ཐོས། གང་ལས་ཐོས་ན་རྒྱུད་ཀྱིས་སྟོན་པ་དྲུག་པ་རྡོ་རྗེ་འཆང་ལས་ཐོས། གང་གིས་ཐོས་ན་རྣ་བའི་དབང་པོས་ཕྱིན་ཅི་མ་ལོག་པར་ཐོས། ཐོས་ལུགས་ཅི་ལྟར་ཐོས་ན། རྒྱུད་འདི་བརྟེན་པའི་ཡོ་གི་ཚེ་གཅིག་ལ་སངས་རྒྱ་བར་ཐོས། གནས་གང་དུ་ཐོས་ན་ཆོས་ཉིད་རང་སྣང་གི་ནམ་མཁའ་ཀློང་དུ་ཐོས། དུས་ཅི་ཙམ་ན་ཐོས་ན། དུས་གཅིག་ལ་ཡང་ཡང་མ་ཐོས་ཏེ། །སྡུད་པ་པོ་ཉིད་ཤེས་རབ་ཆེ་བ་དང་། གསང་བའི་རྒྱུད་འདི་ཉིད་འབྱུང་དཀའ་ཞིང་དཀོན་པའོ། །གྲོགས་གང་དང་ལྷན་ཅིག་ཏུ་ཐོས་ན། མི་སྣང་བའི་སྣང་བ་ཆེན་པོ་སྟེ། །དགའ་རབ་རྡོ་རྗེ་དང་། ཐུབ་པ་དྲུག་ལ་སོགས་དང་ལྷན་ཅིག་ཏུ་ཐོས། ཐོས་པ་ལ་དགོས་པ་ཅི་ཡོད་ན། རང་དོན་དུ་རིག་པ་མངོན་སུམ་གྱི་ཡེ་ཤེས་དབང་པོ་ལ་བརྟེན་ནས་མཐོང་བ་དང་། གཞན་དོན་དུ་འཕོ་བ་ཆེན་མོ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྐད་ཅིག་ལ་འཚངས་རྒྱ་བའི་དགོས་པ་ཡོད་པས་ཐོས་པ་བྱས་པའོ། །ཆོས་ཉིད་རྣམ་པར་རྟོག་པ་དང་བྲལ་བ་དེ་ཉིད་རང་ལ་སྣང་བ་ལས་གཞན་ལ་མ་ཡིན་པའོ། །ནམ་མཁའ་ནི་རང་བཞིན་འདུག་ཚུལ་གྱི་ནམ་མཁའ་ངོ་བོ་ཀ་དག་ཡིན་ལ། གཏད་ས་ཡུལ་གྱི་ནམ་མཁའ་ཕྱི་རོལ་སྟོང་པ་འདི་ཉིད་ལ། གུད་བཅད་རྫས་ཀྱི་ནམ་མཁའ་བུ་ག་ལ་སོགས་པ་སྣོད་ཀྱི་ནམ་མཁའ་དང་བུ་ག་རྣམས་སོ། །བཏགས་པ་མིང་གི་ནམ་མཁའ་མཚོན་པའི་ནམ་མཁའ་ལ་བརྟེན་པའོ། །མཚོན་པའི་གནས་མཚོན་པར་བྱེད་པའི་ནམ་མཁའ། དཔལ་ནམ་མཁའ་མེད་པའི་རྒྱུད་ཅེས་པའམ། ནམ་མཁའ་ཆེ་ཞེས་པ་ལ་སོགས་པ་རྣམས་སོ། །འབྱུང་རྟགས་མཚོན་པ་ནི། སོ་སོའི་ལུས་ལ། ནམ་མཁའ་སེམས་ཀྱི་ཁྱབ་བྱེད་དུ་མིང་བཏགས་པ་རྣམས་སོ། །བརྟེན་པ་དཔེ་ལ་བརྟེན་པས་སོ་སོའི་མཚན་ཉིད་འཚོ་བ་སྟོང་པའི་ནམ་མཁའ་ཞེས་མིང་དུ་གྲགས་པ་དང་། མིང་ལ་སོགས་པ་མིང་དུ་བཏགས་པ། ནམ་མཁའ་ལ་བརྟེན་ནས། དེ་ཉིད་ཀྱི་མཚན་ཉིད་ཤེས་པར་བྱེད་པས་ན་ནམ་མཁའོ། །སྟོབས་ནི་ཡང་དག་དང་། འཇིག་རྟེན་པའི་སྟོབས་དང་། ཡང་དག་པ་ནི། འཁོར་བའི་གཡུལ་བཟློག་པར་བྱེད་པའོ། །འཇིག་རྟེན་པ་ནི་རིགས་དྲུག་སོ་སོའི་སྟོབས་རྣམས་སོ། །དེ་ཡང་འཁོར་བའི་གཡུལ་བཟློག་པའི་སྟོབས་བརྟེན་ནས་རིག་པ་ནི། མིང་དུ་གྲགས་པའི་རིག་པ་བརྡས་བཏགས་པ་རྣམས་དང་། ཆ་མཐུན་འཇིག་རྟེན་གྱི་རིག་པ་གསོ་བ་དང་། བཟོ་དང་། བསྟན་བཅོས་ལ་སོགས་པ་རིག་པའི་གནས་ལྔ་དང་། ཤེས་པ་ཡན་ལག་གི་རིག་པ་འཇིག་རྟེན་གྱི་རིག་པ་རྣོ་རྟུལ་ལ་སོགས་པ་དང་། སྙིང་པོ་ཀུན་ཁྱབ་གྱི་རིག་པ་ནི། མ་རིག་མེད་པ་ལ་སོགས་པ་འདི་ཉིད་དོ། །མ་རིག་པ་ལ་སོགས་པའི་སྒྲིབ་བྱེད་རྣམས་ཀྱིས་མ་བསྒྲིབས་པ། མ་འགགས་པར་ཤར་བའི་ཚེ་ཞེས་པ་དུས་སྨོས་པའོ། །ཤར་ལུགས་ཇི་ལྟར་ན་རྡོ་རྗེ་ལུ་གུ་རྒྱུད་དུ་ཤར་བའོ། །སྟོན་པ་བསྟན་པ་ནི་སྟོན་པ་ཉིད་སྣང་བ་མེད་པའི་ཞེས་པ་ལ་སོགས་པ་སྟེ། སྟོན་པ་སྔོན་བྱུང་དུ་ངོ་བོ་སྟོན་པར་བྱུང་ལ། རང་བཞིན་འཁོར་དུ་བྱུང་། ཐུགས་རྗེ་བསྟན་པ་དང་། སྡུད་པ་པོ་དང་། དུས་སུ་བྱུང་ལ། ཆོས་ཀྱི་དབྱིངས་སུ་བྱུང་བས་སོ། །རྗེས་ལ་བརྒྱུད་ཀྱི་སྟོན་པ་ཉིད་དྲུག་པ་རྡོ་རྗེ་འཆང་ཡིན་ནོ། །དེ་ཡང་སྐུ་གསུམ་ཐ་མ་སྤྲུལ་པའི་སྐུར་བྱུང་བས་སོ། །སྣང་བ་ནི་མ་དག་པའི་སྣང་བ་མེད་པའོ། །སྐུ་ནི་གཟུགས་ཀྱི་སྐུ་ལ། བརྒྱན་པ་ནི། མཚན་དང་། དཔེ་བྱད་དང་། ཞལ་ཕྱག་གི་རྣམ་པར་བྱུང་བས་སོ། །ཀློང་ནི་གནས་ཡིན་ཏེ། དེ་ཉིད་བཞུགས་པའོ། །འཁོར་བསྟན་པ་ནི། དེའི་ཚེ་འཁོར་ནི་ལག་ན་རྡོ་རྗེའི་གྲོགས་སངས་རྒྱས་བདུན། མི་སྣང་བའི་སྣང་བ་ཆེན་པོའི་གཟུགས་སུ་སྤྲུལ་པས་ན་ཕུན་སུམ་ཚོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། རང་བཞིན་རྫོགས་པ་ཆེན་པོ་འདི་ཉིད་ཐབས་ཆེ་བ་དང་། ཐབས་སླ་བ་དང་། ཐབས་མང་བ་དང་། ཐབས་རྣོ་ཞིང་མྱུར་མྱུར་བས། ཐབས་ཁྱད་པར་དུ་འཕགས་ཏེ། བསྟན་པ་ཉིད་ཕུན་སུམ་ཚོགས་པས་སོ། །དུས་ཕུན་སུམ་ཚོགས་པ་ནི། དེ་ལྟར་སྟོན་པ་དང་། གནས་དང་། འཁོར་དང་བསྟན་པ་རྣམས་དུས་གཅིག་ཏུ་འཚོགས་བས་ན་གཅིག་ཏུ་བཞུགས་ཏེ་ཞེས་བྱའོ། །ཞུ་བར་སྤོབས་པ་ལགས་པ་སྟེ། །ཞུས་ཏེ་འཁོད་པ་བསྟན་པ་ནི། དེ་ནས་དེའི་ཚེ་འཁོད་དེ་རྟོག་པ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་གླིང་གཞི་རྫོགས་པའི་ཚེ་དུས་ངེས་པའོ། །ཡིད་ལ་དྲུག་ཏེ་ཀུན་ཏུ་འཚོལ་བྱེད་ཀྱི་ཡིད་ནི་ཡུལ་རྣམས་ལ་རྗེས་སུ་འགྲོ་ཞིང་དེའི་རྗེས་གླེང་པའོ། །ངེས་པར་འཇོག་པའི་ཡིད་ནི་ཡུལ་དེ་ལ་བློའི་འཇུག་པ་ཡན་ལག་དང་བཅས་པའོ། །གཏན་ལ་འདེབས་པའི་ཡིད་ནི་ཡུལ་དེའི་མིང་ལ་སོགས་པའི་མཚན་ཉིད་གཏན་ལ་འབེབས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ངེས་པ་དང་བཅས་ནས་ཡུལ་བདག་གིར་བཟུང་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི། དེ་ལྟར་ཡུལ་དང་ཡུལ་ཅན་གྱི་རྣམ་པ་དེ་ལྟ་བུ་ལ། རང་དང་གཞན་གྱི་རྣམ་པར་ཕྱེ་སྟེ། དེ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམས་ཀྱི་རྒྱུ་ཉེ་བར་བྱས་པ་རྣམས་སོ། །རྟོག་པ་དང་བཅས་པའི་ཡིད་ནི་དེ་ལྟར་གོང་རྣམས་འདུས་པས། རང་གི་ལ་རྟོག་པ་རགས་ཤིང་གཞན་གྱི་ལ་རློམ་པར་བྱེད་པ་ཉིད་དོ། །དེ་ལྟར་ཡིད་དྲུག་འདུས་པའི་ཐ་མ་རྟོག་པ་དང་བཅས་པའི་ཡང་ཡིད་ཀྱི་ཡུལ་དྲུག་ལ་བྱ། སྐད་ཅིག་གསོལ་བ་ནི། དེའི་མཚན་ཉིད་ཤེས་པས་རིག་པ་རང་སྣང་དུ་གྱུར་པའི་དོན་ནོ། །དེ་ཡང་སྔོན་བྱུང་དུ་སྡུད་པ་པོའི་ཡིད་ལ་རྟོག་པ་བཞུགས་པས། དེའི་ཚེ་ཐེ་ཚོམ་བཅད་པའི་དོན་དུ་རྒྱུད་ཀྱི་སྟོན་པ་ལ་ཞུས་སོ། །ཀྱེ་མ་ནི་ངེས་པ་ཁོ་ནར་སྟོན་པ་ལ་གསང་སྔགས་ཀྱི་སྲིད་ཞུ་ཁྱད་པར་ཅན་གྱི་བོས་པའོ། །དེའང་སྔོན་བྱུང་དུ་སྟོན་པ་ཉིད་ཀྱིས་འདི་དག་གི་དོན་རིག་པས་ན། རིག་པའི་རྒྱལ་པོ་འདི་ཉིད་ཅེས་བོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྟ་བའི་དོན་གང་ལགས། བདག་གིས་འདི་མ་འཚལ་བས་བསྟན་པར་ཞུ། དགོངས་པ་ཞེས་བགྱི་པ་དེའི་དོན་ཇི་ལྟ་བུ་ལགས། བདག་གིས་སྔར་མ་འཚལ་བས་སྟོན་པས་ལུང་མ་ནོར་བར་བདག་ལ་བསྟན་དུ་གསོལ། དེའི་ཐབས་གང་ལ་བརྟེན་ནས་ཤེས་པ་ལགས། ཐབས་དེ་ཉིད་བདག་ལ་མཛད་དུ་གསོལ། ཅེས་ཞུ་བ། ཉིད་སྟོན་པ་ལ་ལག་ན་རྡོ་རྗེས་སྔོན་བྱུང་དུ་ཞུས་ལ། གནས་ལུགས་དང་སྦྱར་ན། རིག་པའི་ཡེ་ཤེས་ལ་ཡིད་ཀྱི་སྣང་ཚུལ་ཐ་དད་པར་ཤར་བས། སྟོན་པ་དང་མཐུན་པས་ཞུ་བའི་ཚུལ་ཙམ་དུ་སྣང་ཚུལ་ལ་བྱུང་བའོ། །ལན་བསྟན་པ་ནི། དེ་ནས་ཡང་སྣང་བ་མེད་པའི་ཀློང་ནས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཞུ་བ་པོས་ཞུས་པའི། །དེ་ནས་ཡང་ནི་གོང་གི་སྟོབས་ཀྱི་རིག་པ་ལ་སྨོས་པའོ། །སྣང་བ་ཡིད་དྲུག་གི་ཐེ་ཚོམ་དང་བཅས་པ་མེད་པའི་ཀློང་། ཆོས་ཉིད་འཁྲུལ་པ་མེད་པ་ནས། སྟོན་པ་མེད་པ་ནི། རང་རྒྱུད་པའི་གཟུགས་སུ་མེད་པས། རིག་པ་གོང་གི་རྣམ་པ་རིག་པས་དེ་ཉིད་ལས་གྲོལ་བའི་དོན། ལྟ་བ་དང་དགོངས་པ་ཡིན་པས། དེ་གཉིས་ཀྱི་དོན་གསུངས་པས་ན། བཀའ་ཕྱིན་ཅི་མ་ལོག་པ། རྫོགས་པ་ཆེན་པོ་འབུམ་ཚོ་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་གསང་བ་ཡི་གེ་མེད་པའི་རྒྱུད་འདི་སྔོན་བྱུང་དུ་ལག་ན་རྡོ་རྗེའི་རྣ་བར་རྩལ་ལ། རྗེས་འཇུག་ཏུ་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ་རྣམས་ཀྱི་ཡིད་དྲུག་གི་ཡུལ་གྱི་ཞེན་ལྡོག་པའི་དོན་དུ་དེ་ཉིད་རྣ་བར་རྩལ་བའོ། །ཀྱེ་མ་ཁྱེད་ཀྱི་རང་དོན་ངེས་པར་རྟོགས་པར་གྱིས་ཤིག །ཀྱེ་མ་ཁྱེད་ཀྱིས་གཞན་དོན་དུ་ངེས་པར་རྟོགས་པར་གྱིས་ཤིག །ཡིད་དྲུག་གི་སྣང་བ་ནི་ཡང་དག་པར་མེད་པ་ཡིན་པ་ལས། མ་རྟོགས་པས་སྣང་བ་བཞིན་དུ་རང་ལས་འཁོར་ཞིང་འབྱུང་སྟེ། དེ་ཡང་ཡུལ་དྲུག་ཏུ་སྣང་བ་རྣམས་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ལ་བརྟེན་ནས་དག་པར་བྱེད་པའི་ཐབས་ངས་བསྟན་གྱིས། རྣ་བའི་དབང་པོ་ཡུལ་གཞན་ལ་མ་ཡེངས་པར། རང་གི་བློའི་སྐྱོན་ཞབས་རྡོལ་བ་ལྟ་བུ་དང་། ཁ་སྦུབ་དང་། གཞོག་རལ་དང་། །དུག་ཅན་ལ་སོགས་སྤོང་ལ་ཉོན་ཅིག་ཅེས་ཉན་པ་པོ་ལ་གདམས་པ་དང་བཅས་ཏེ་བསྟན་པའོ། །ད་ནི་སྟོན་པའི་ལན་དངོས། སྟོང་པ་ཉིད་ཚིག་གིས་མཐའ་བཅད་ནས། དངོས་པོ་དགག་པར་བསྟན་པ་ནི། ང་རང་བྱུང་གི་ཡེ་ཤེས་ལྟ་བ་ལ་བཅད་པའི་ཡུལ་མེད་དོ། །ཞེས་པ་ལ་སོགས་པས་བསྟན་ཏེ། ང་ནི་ཐོག་མ་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་ཀ་དག་གི་ཡེ་ཤེས་ལ་དྲི་མ་གང་ཡང་མེད་པ་དང་། རང་བཞིན་ཀུན་སྣང་གི་ཡེ་ཤེས་ལ་དངོས་པོ་རགས་པའི་འབྱུང་བ་ལས་ལོག་སྟེ། རང་བཞིན་རྣམ་པར་དག་པའི་འོད་ལྔ་འགགས་པ་མེད་པར་འཆར་བ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་འབད་རྩོལ་མེད་པར་གདུལ་བྱའི་རིགས་མི་འདྲ་བ་ཐ་དད་བ་ལ། དེ་འདུལ་བར་བྱེད་པའི་སྤྲུལ་པའི་སྐུ་མི་འདྲ་བ་ཐ་དད་པར་སྤྲུལ་ནས། གཞན་དོན་མཐར་ཕྱིན་པར་བྱེད་པའོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སྟེ་གོ་སླའོ། །དེ་ལྟར་ཡེ་ཤེས་གཉིས་པོ་དེ། དབང་པོ་ལ་བརྟེན་ནས་བལྟར་ཡོད་པས་ན་ལྟ་བ་ལ། དཔྱད་པ་ནི། གུད་དུ་བློས་བཅད་པ་མེད་པར་མ་བཅོས་རང་བཞག་ཆེན་པོར་གནས་པས་གོང་གི་ཡིད་དྲུག་གི་ཡུལ་མེད་པའོ། །དེ་ཡང་སྔར་ཞེན་གྱི་བག་ཆགས་རྒྱུ་ལ་གླེང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་མེད་པས་སྔར་འདས་པ་ལ་རྗེས་བཅད་དུ་མེད་ལ། ཕྱིས་འབྱུང་བའི་བག་ཆགས་ཉེ་བར་སློང་བ། ཀུན་དུ་འཚོལ་བྱེད་ཀྱི་ཡིད་དང་། རྟོག་པ་དང་བཅས་པའི་ཡིད་མེད་པས་ཕྱིས་འབྱུང་བའི་བག་ཆགས་རྣམས་མེད་པའོ། །ད་ལྟར་གྱི་བག་ཆགས་རྒྱུ་ལ་བརྟེན་པའི་ངེས་པར་འཇོག་པའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་གཉིས་མེད་པས། ད་ལྟར་སྣང་བའི་ཡིད་དྲུག་གིས་ཡུལ་ལ་འཛིན་པའི་བག་ཆགས་གང་ཡང་རིག་པ་ཉིད་ལ་མེད་དོ། །དེ་ལྟར་ཡིད་དྲུག་མེད་པས་ལས་ཀྱི་མཚམས་སྦྱོར་བ་ཡང་མེད་དོ། །ལས་ཀྱི་མཚམས་མ་སྦྱར་བས་བག་ཆགས་སྔ་ཕྱི་གསུམ་གཏན་མེད་དོ། །དེ་དག་མེད་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་མེད་དེ། ཐམས་ཅད་རིག་པའི་སྣང་བར་ཤར་བས། མ་རིག་པའི་རྒྱུ་རང་འགགས། ལྷན་ཅིག་སྐྱེས་པའི་མ་རིག་པ་མེད་དེ་རིག་པའི་ཡེ་ཤེས་ལས་མ་གཏོགས་པའི་ལྟ་བ་གཞན་མེད་པས། ཀུན་དུ་བརྟགས་པའི་མ་རིག་པ་མེད་དེ། ཡིད་དྲུག་གི་ཡུལ་ལ་སོང་བ་མེད་པས་ནའོ། །སེམས་ནི་བག་ཆགས་གསུམ་འཚོགས་པའི་གཞི་ཡིན་པས། བག་ཆགས་སྔར་མེད་ཟིན་པས། སེམས་གསུམ་མམ། བཅུ་དྲུག་གི་བྱུང་ཚོར་འགགས་ནས་མེད་དོ། །ཡིད་ནི་གོང་གི་ཡུལ་དྲུག་པོ་མེད་པར་ནན་ཏན་དུ་བསྟན་པའོ། །དེ་ལྟ་བ་ཡིད་ཀྱི་བྱུང་ཚོར་བཙལ་དུ་མ་རྙེད་པས། ཡིད་ཀྱི་གཉེན་པོ་ཤེས་རབ་ལ་འོས་པ་མེད་པས། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱང་མེད་དོ། དེ་རང་གི་རིགས་པ་ཡེ་ཤེས་ཀྱི་བལྟ་བ་དངོས་པོ་གཤིས་ཀྱི་འདུག་ཚུལ་དེ་ལས་ཐམས་ཅད་མེད་པས་འཁོར་བ་ཞེས་བྱ་བ་གྲུབ་པ་མེད་དོ། །དེ་ལྟར་འཁོར་བ་མེད་པར་ཤེས་པས་མྱ་ངན། ཕྱི་ལུས་ཀྱི་སྡུག་བསྔལ་ལ་བརྟེན་ནས། སེམས་སྒྱིད་ལུག་ཅིང་དུབ་པ་དང་། ལུས་ངག་ཡིད་ཀྱི་འཁོར་བ་མྱང་པས། ངན་སོང་གསུམ་དུ་འཁོར་བ་དེ་ལས་འདས་པ་ཡང་མེད་དོ། །དེ་གཉིས་མེད་པས་གཞི་འཛིན་པའི་རིག་པ་ཀ་དག་པ་དང་། ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ཀྱང་བཏགས་པ་ཙམ་ལས་མེད་པར་ཤེས་པས་ན་དེ་ཉིད་ཀྱང་ཡོད་པ་མིན་ནོ། །རིག་པའི་ངོ་བོ་མེད་པས་རྩལ་དང་ཡོན་ཏན་གྱི་བྱུང་ཚུལ་གཉིས་གཞི་གནས་ཀྱི་ཡེ་ཤེས་དང་། མཚན་ཉིད་འཛིན་པ་ཡང་མེད་དོ། །དེ་དག་ཀྱང་རང་གི་རིག་པའི་ཡེ་ཤེས་ཀྱི་སྣང་བ་མངོན་གསུམ་དུ་མཐོང་བའི་སྐྱེས་བུ་ལ་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ཆོས་ཉིད་ཟད་པའི་སྣང་བའོ། །སྟོང་པ་ཉིད་ལྟ་བ་ངོས་བཟུང་བ་ལ་བཅུས་བསྟན་པའི་དང་པོ་ལས་དཀར་ནག་སུན་དབྱུང་བར་བསྟན་པ་ནི། ཀྱེ་མ་རང་བྱུང་གི་ཡེ་ཤེས་ལ་ཞེས་པ་སྟེ། ཀྱེ་མ་ནི་རང་ལ་རང་ངེས་པ་རྙེད་པའི་ཚིག་གོ །ང་ནི་གནས་པ་གཞི་འཛིན་གྱིས་འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའོ། །གཞན་ལས་མ་ཡིན་པས་རང་ལས་བྱུང་བའི་ཡེ་ཤེས་གཉིས་པོ་ལ་སྐྱེ་བ་དང་འཆི་བ་མེད་པའི་སྲོག་མེད་དེ། འབྱུང་ཆ་རྟེན་གྱི་སྲོག་མེད་པས་སྡུག་བསྔལ་གང་གིས་ཀྱང་མི་གོས་ཏེ། གནས་པ་རྣམ་ཤེས་ཀྱི་སྲོག་མེད་པས་གང་གིས་ཀྱང་གནད་ལ་མི་ཕེབས། དྲན་པ་འགྱུ་བྱེད་ཀྱི་སྲོག་མེད་པས་སྐྱེ་བ་དང་འཆི་བ་མེད་པའི་གནད་ཀྱིས། དེ་ཉིད་ལ་ལས་དགེ་བའི་མཐའ་ལས་འདས་ཏེ་ཕན་མ་བཏགས། སྡིག་པའི་མཐའ་ལས་འདས་པས་གནོད་མ་བསྐྱལ་བའོ། །གཟུང་འཛིན་དགག་པར་བསྟན་པ་ནི། ཨ་ཧོ། ཞེས་པ་ལ་སོགས་པས་བསྟན་པ་ཡིན་ཏེ། ཨ་ནི། དེ་ལྟར་སྲོག་མེད་པའི་གནས་པ་གཞི་འཛིན་གྱི་ང་རིག་པའི་ཡེ་ཤེས་སྐྱེ་འཆི་མེད་པའོ། །དེ་ཡང་དྲི་མའི་མཐའ་ཐམས་ཅད་རང་བཞིན་གྱིས་དག་པས་འ་ཡིན། དེ་ཡང་ཆོས་ཀྱི་དབྱིངས་སྟོང་པར་འདུག་པས་ཧོ་ཞེས་བྱ་ལ། ང་ནི་གནས་པ་གཞི་འཛིན་གྱི་ང་ཡིན་ལ། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་དེ་ཉིད་ལས་ལུས་ཀྱི་ཞེན་པ་དང་བྲལ་བས་ལུས་ཀྱི་བྱ་བྱེད་ལས་འདས་པ་དང་། དེ་བཞིན་ངག་དང་སེམས་ཀྱི་བྱ་བྱེད་ལས་འདས་པ་དང་། དངོས་པོ་གཤིས་ཀྱི་འདུག་ཚུལ་ཡིན་པས་ཐེག་པ་ཐུན་མོང་པ་རྣམས་ཀྱི་འབད་རྩོལ་གྱི་བྱ་བྱེད་མེད་པས། ཕྱི་སྒོ་ལྔའི་ཡུལ་དང་། ནང་སྒོ་ལྔ་སོ་སོའི་ལྟ་སེམས་གྱི་རྟེན་གཉིས་ལས། རང་ཞེན་འགགས་པས་ན་འདས་པའོ། །ཡུལ་སུན་དབྱུང་བར་བསྟན་པའི་ཚིག་གཉིས་ནི། དེ་ལྟར་སྐྱེ་བ་མེད་པ་ལ་རིག་པའི་ལམ་མ་འགགས་པ་སྣ་ཚོགས་སུ་མཚོན་དུ་བཏུབ་པས་ཨེ་ཞེས་བྱ། དེ་ཡང་ཐོག་མའི་གཞི་ལས་མ་གཡོས་པས་གནས་པ་གཞི་འཛིན་གྱི་ང་རང་བྱུང་གི་ཡེ་ཤེས་གཉིས་པོ་དངོས་པོ་འདུག་ཚུལ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གཞི་ལས་མ་གཡོས་པས་འཁྲུལ་པའི་སྣང་བ་ལ་སོགས་པའི་རྟོག་པ་བཅད་ནས། ཡེ་གེ་ཕྱོགས་དག་པའི་རང་སྣང་གི་མཚན་ཉིད། ཉམས་སུ་མྱོང་བས། དེ་ཉིད་རྟོགས་པ་ཞེས་བྱ་སྟེ། ཐེ་ཚོམ་ཆོད་པའོ། །རྟགས་ངོས་བཟུང་བ་བསྟན་པ་ལ་ཚིག་གཉིས་ནི་ཨ་སྐྱེ་བ་མེད་པའི་དོན་ཡེ་ནས་གནས་པ། དེ་ཉིད་སྐྱེ་མེད་འགགས་མེད་དུ་གནས་པར་ཤེས་པས་ཨ་ཨཱ་ཞེས་བྱ། དེ་ལྟར་སྐྱེ་མེད་གཉིས་སྦྱར་བའི་གནས་པ་གཞི་འཛིན་གྱི་རང་བྱུང་གི་ཡེ་ཤེས་གཉིས་རང་གི་རྒྱུད་ལ་ཡེ་ནས་འདུ་འབྲལ་མེད་པར་ཡོད་པས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་རྒྱུན་འདབས་སྦྱོར་དུ་དབང་པོའི་ཡུལ་དུ་མངོན་པར་སྣང་བ་ཉིད་དོ། །བསམ་པའི་ཞེན་ཡུལ་བཅད་པའི་ཚིག་གཉིས་ནི། དེ་ལྟར་ཡེ་ནས་གནས་པའི་རིག་པ་ཉིད། ལུང་རྒྱུད་རང་དག་ཆེན་པོ་འགགས་པ་མེད་པར་ཤར་པ་ལ་བརྟེན་ནས་ཡང་དག་པས་ན་ཧ་ཧཱ། ཞེས་གནས་པ་གཞི་འཛིན་གྱི་རང་བྱུང་གི་ཡེ་ཤེས་ཉིད་ལ་སྒོ་ལྔའི་ཞེན་ཡུལ་འགགས་པས་ཡུལ་ཅན་སོ་སོ་ལ་གཟིགས་གྱི་མཐའ་ཡོད་པས་དང་། མེད་པ་སྣང་བ་དང་སྟོང་པ་ལ་སོགས་པ་དང་བྲལ་བས་རྣམ་པར་རྟོག་པ་ཐ་དད་དུ་འཛིན་པའི་ཡུལ་ཀུན་ལ་རང་བཞིན་ཡེ་དག་ཏུ་འདས་པ་ནི། དྲི་མ་དང་བྲལ་བ་ཉིད་དོ། །ཡིད་ཀྱི་རྣམ་ཤེས་གཅོད་པར་སྟོན་པའི་ཚིག་གཉིས་ནི། གནས་པ་གཞི་འཛིན་གྱི་རིག་པ་སྐྱེ་བ་མེད་པ་ལ། ལམ་ལྷག་མཐོང་གི་རིག་པ་འགགས་པ་མེད་པར་ཤར་བས་རྣམ་རྟོག་གི་དྲི་མ་ཐམས་ཅད་རང་དག་བས་ཨེ་ཧཱ་ཞེས་བྱ། གནས་ས་གཞི་འཛིན་གྱི་རང་བྱུང་གི་ཡེ་ཤེས་གཉིས་ལ། འཁྲུལ་པ་གཏན་འབེབས་ཀྱི་རང་རྩིས་ཀྱི་ཚིག་དང་ཡི་གེ་མེད་པ། འཇིག་རྟེན་གཏན་ལ་འབེབས། ཀྱི་རྩིས་མེད་པ་དང་། འབྱུང་བ་རང་གནད་ཀྱི་རྩིས་མེད་པས་དང་འཛིན་པ་སེམས་ཀྱི་རྣམ་པར་རྟོག་པ་ཐ་དད་པ་ལས་རང་ངོ་ཅེར་མཐོང་དུ་འདོད་པའོ། །ཡིན་མིན་གྱི་ལྟུང་བ་དགགས་པར་བསྟན་པ་ལ་ཚིག་གཉིས་ནི། ཨ་སྐྱེ་བ་མེད་པའི་ཆོས་ཉིད་ཡེ་ནས་གནས་པ་དེ་ལས་རིག་པ་སྐྱེ་བ་མེད་པ་ལས། འགགས་མེད་ཀྱི་ཆོ་འཕྲུལ་ཅིར་ཡང་སྟོན་པས་སྔགས་ཀྱི་ལམ་སྣ་ཚོགས་སུ་སྣང་བས་ཨཱེ། གནས་པ་གཞི་འཛིན་གྱི་རང་བྱུང་གི་ཡེ་ཤེས་གཉིས་ལའོ། །ཕྱི་རོལ་དུ་སྣང་བའི་ཞེན་ཡུལ་ཡིན་ནོ་སྙམ་པ་ཤར། ནང་གཟུང་ཡུལ་མིན་ནོ་སྙམ་པ་གཉིས་དང་བྲལ་བས། སྐྱོན་མིན་པའི་ཕྱོགས་སྤང་བ་དང་ཡོན་ཏན་ཡིན་པའི་ཕྱོགས་བསྒྲུབས་པ་གཉིས་ཀ་སྐྱོན་ཡོན་དུ་གྱུར་པས། ཡོན་ཏན་བཙལ་དུ་མ་རྙེད་པར་ཡིན་མིན་གཉིས་ཀ་ལས་འདས་པའོ། །རིག་པ་ཉིད་མཐའ་གང་དུའང་མ་ལྟུང་བར་བསྟན་པའི་ཚིག་གཉིས་ནི། །ཆོས་སྐུ་སྐྱེ་བ་མེད་པ་ལ། ལོངས་སྐུ་ལམ་སྣ་ཚོགས་སུ་ཤར་ནས། །སྤྲུལ་སྐུ་འགགས་པ་མེད་པར་དོན་བྱེད་པས་ན་ཨཱ། དེ་ལྟར་ཤར་ནས་དོན་བྱེད་ཀྱང་། ཡོད་པའི་མཐའ་དང་མེད་པའི་མཐའ་དང་། རྟག་ཆད་ཀྱི་མཐའ་གང་དུའང་མ་ལྟུང་བར་གཞི་ལས་གཡོས་པ་མེད་པས་མ། དེ་ལྟར་གནས་པས་གཞི་འཛིན་གྱི་ང་རང་བྱུང་གི་ཡེ་ཤེས་གཉིས་ལ། ཐོག་མར་འཁྲུལ་པ་ཡོད་མ་མྱོང་པར་ཀ་ནས་དག་པས་ཡོད་པའི་མཐའ་མ་ལྟུང་ལ། ད་འཁྲུལ་མི་སྲིད་པས་མེད་པའི་མཐར་མ་ལྟུང་པས། འདི་ཁོ་ན་ལྟར་ཡིན་བྱ་བ་དང་། ཆད་པར་མིན་བྱ་བའི་མཐའ་གཉིས་ལས། ངོ་བོ་ཀ་དག་པའི་ཡེ་ཤེས་སུ་འདས་པའོ། །ཆོས་ལས་འདས་པར་བསྟན་པའི་ཚིག་གཉིས་ནི། དེ་ལྟར་ཀ་ནས་དག་པའི་རང་གི་རིག་པ་ཉིད་ཡེ་དག་ཏུ་བཞུགས་པས་ཧ་ཞེས་བྱ། དེ་བླ་མའི་མན་ངག་ལ་བརྟེན་ནས་རང་དག་ཆོས་ལས་འདས་པས་འགགས་མེད་ཀྱི་ལམ་དུ་བྱུང་བས་ཏེ། གནས་པ་གཞི་འཛིན་གྱི་ང་རང་བྱུང་གི་ཡེ་ཤེས་ཉིད་ལ། ཚིག་དང་ཡི་གེར་རིས་སུ་བྲིས་པ་དང་། ཐེག་པ་རིམ་པ་སོ་སོར་ཕྱེ་བ་དང་། ལྟ་བ། སྒོམ་པ། སྤྱོད་པ་དང་། །འབྲས་བུ་ང་བདག་ཅན་གྱི་ཆོས་ཡོད་མ་མྱོང་བས། རྩ་ཡི་ཐབས་ལ་བརྟེན་པ་དང་། རླུང་གི་ཐབས་ལ་བརྟེན་པ་རྣམས་ལས། རང་བཞིན་ཡེ་དག་ཆེན་པོར་འདས་པའོ། །ཤེས་རབ་ངོས་བཟུང་བའི་ཚིག་གཉིས་ནི། རིག་པའི་ཡེ་ཤེས་ཉིད་ཡེ་ནས་ཀ་དག་ཆེན་པོར་བཞུགས་པ་དེ། ཤེས་རབ་ཕྱིན་ཅི་མ་ལོག་པས་ལམ་ཀ་དག་སྐྱེ་བ་མེད་པར་རྟོགས་པ་ཨེ་ཧ་ཞེས་བྱ་ལ། གནས་པ་གཞི་འཛིན་གྱི་ང་རང་བྱུང་གི་ཡེ་ཤེས་གཉིས་ལ། རྣམ་པར་རྟོག་པ་འགྱུ་བྱེད་རྟོག་བཅས་ཀྱི་ཡིད་དང་། །འབྱུང་བ་དབུགས་ཀྱི་འགྱུ་བྱེད་དང་། འཁྲུལ་པ་དེ་མ་ཡིན་ལ་དེར་འཛིན་གྱི་འགྱུ་བྱེད་གང་ཡང་མེད་པས། ཐོས་པས་རང་གི་དེ་ཉིད་ལ་སྒྲ་ཚིག་དང་བྲལ་བ་དང་། །བསམ་པའི་ཡུལ་མེད་པ་དང་། བསྒོམ་པའི་དོན་མི་རྙེད་པའི་ཕྱིར། ཤེས་རབ་གསུམ་ལས་འཛིན་མེད་ཀྱི་ཀློང་དུ་འདས་པའོ། །རིག་པ་གཉིས་མེད་དུ་བསྟན་པ་ལ་བཅུས་བསྟན་པའི་དང་པོ། སྣང་སྟོང་ཤན་ཕྱེ་བ་ཚིག་གཅིག་གིས་བསྟན་པ་ནི། ཨེ་མ་ཧོ། །ཞེས་པ་ངོ་མཚར་བ་དང་བཅས་པའི་ཚིག་ཏུ་རང་ལ་རང་བསྟན་ནས། །འཁོར་འདས་གཉིས་འཛིན་པའི་ང་ལས་སྟོང་པ་དངོས་པོ་ལས་ལོག་པ་སྟེ་སྟོང་པ་ཉིད་བཅོ་བརྒྱད་དང་། སྣང་བ་བཟུང་བའི་ཡུལ་དུ་སྣང་བ་དང་། ཞེན་པའི་ཡུལ་དུ་སྣང་བ་དང་། ཡང་དག་པའི་སྣང་བ་དང་གསུམ་དང་། སྟོང་པ་རྣམས་ཡེ་ནས་མ་སྤངས་པར་རང་གི་རང་བཞིན་གྱིས་རྫོགས་པའོ། །ཡུལ་དང་ཤེས་པ་ཤན་དབྱེ་བ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། གནས་ལུགས་དངོས་པོ་གཤིས་ཀྱི་འདུག་ཚུལ་རང་གི་ཤེས་པས་བསྡུས་པ་དང་། །སྣང་ཐབས་སེམས་ཀྱི་བྱུང་ཚོར་སྣ་ཚོགས་ཡུལ་དངོས་པོ་དང་བཅས་པས་བསྡུས་པ་གཉིས་མ་སྤངས་པར་ས་བོན་མྱུ་གུའི་ཚུལ་དུ་རྫོགས་པའོ། །ཡུལ་སེམས་ཤན་དབྱེ་བ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ་ཡུལ་དངོས་པོས་བསྡུས་པའི་ཡུལ་དང་། ཤེས་པས་བསྡུས་པའི་ཡུལ་དང་སེམས་དྲན་པས་བསྡུས་པ་དང་། བག་ཆགས་ཀྱིས་བསྡུས་པ་གཉིས་རང་གི་རིག་པ་ལ་མ་སྤངས་པར་རྩ་བ་དང་ཡལ་གའི་ཚུལ་དུ་ཡེ་ནས་རྫོགས་པའོ། །རྒྱུ་དང་རྣམ་སྨིན་གཉིས། །ཤན་དབྱེ་བར་བསྟན་པ་ནི། འཁོར་འདས་གཉིས་འཛིན་ང་ཉིད་ལ། སྲོག་འཚོལ་བར་བྱེད་པ་དང་། གནས་པར་བྱེད་པ་དང་། ཕུང་པོ་ལ་སོགས་པ་བརྟེན་པར་བྱེད་པ་དང་། གཅོད་པ་ཡུལ་དང་ཤེས་པ་གནས་པར་བྱེད་པ་གཉིས་ལ་མ་སྤངས་པར་རང་གྲོལ་དུ་སྦྲུལ་གྱི་མདུད་པའི་ཚུལ་དུ་རྫོགས་པའོ། །རྒྱུ་འབྲས་ཤན་དབྱེ་བ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། སྡིག་པ་ལུས་ཀྱི་སྡིག་པ་མི་དགེ་བ་གསུམ་དང་། ངག་གི་བཞི་དང་། སེམས་ཀྱི་གསུམ་དང་། དེ་དག་གི་རྣམ་སྨིན་ངན་སོང་གསུམ་ལ་སོགས་པ་རྣམས། དངོས་པོའི་འདུག་ཚུལ་ལ་མ་སྤང་པར་རང་དག་ཏུ་འོ་མ་དང་མར་གྱི་ཚུལ་དུ་རྫོགས་པའོ། །གཞི་དང་། དངོས་པོ་ཤན་དབྱེ་བར་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། གཞི་ཐོག་མ་ཡེ་གཞི་དང་། བར་གཞི་ལྷུན་གྲུབ་སྣ་ཚོགས་ཀྱི་གཞི་དང་། གནས་སྐབས་ལུས་ཀྱི་གཞི་དང་། དངོས་པོ། བེམ་པོས་བསྡུས་པ་དང་། རིག་པས་བསྡུས་པ་སྟེ། བདག་ཏུ་ཞེན་པ་དང་། འཛིན་པ་སྣང་བའི་དངོས་པོ་གཉིས་མ་སྤངས་པར་གནས་དག་ཏུ་གསེར་དང་སེར་པོའི་ཚུལ་དུ་རྫོགས་པའོ། །རྟོག་པ་དང་འཛིན་པ་ཤན་དབྱེ་བ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། ཡིད་ལ་སོགས་པ་ཉོན་མོངས་བས་བསྡུས་པའི་རྟོག་པ་སྟེ། ཡིད་གཉིས་ཐེ་ཚོམ་ལ་སོགས་པའི་ཆོས་དང་། དངོས་པོའི་ཡུལ་དངོས་པོར་སྣང་བས་བསྡུས་པ་གཉིས་མ་སྤངས་པར་ཅེས་དག་ཏུ་དབང་པོ་དང་ཡུལ་གྱི་ཚུལ་དུ་རྫོགས་པའོ། །སྒོ་ལྔ་དང་ཡུལ་ཤན་དབྱེ་བ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། མིག་གིས་མཐོང་བར་བྱེད་པ་དང་། དེ་བཞིན་དུ་རྣ་བས་ཉན་པར་བྱེད་པ་དང་། སྣས་སྣོམ་པར་བྱེད་པ་དང་། ལྕེས་མྱོང་བར་བྱེད་པ་དང་། ལུས་རེག་པས་ཚོར་བར་བྱེད་པ་དང་། མིག་གིས་མཐོང་པས་གཟུགས་སྡུག་པ་དང་། མི་སྡུག་པའི་རྣམ་པར་བཅད་པ་དང་། དེ་བཞིན་རྣ་བ་ལ་སོགས་པའི་གཅོད་བྱེད་གཉིས་མ་སྤངས་པར་རང་བཞིན་དུ་ཉི་མ་དང་འོད་ཀྱི་ཚུལ་དུ་རྫོགས་པའོ། །ཤེས་རིག་དང་སྟོང་པ་ཤན་དབྱེ་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། ཤེས་པ། ལོག་པའི་ཤེས་པ་དེ་མ་ཡིན་ལ་དེར་འཛིན་དང་། ཡང་དག་པའི་ཤེས་པ་མཚན་ཉིད་གཏན་ལ་འབེབས་པ་དང་། འཛིན་པ་ཞེས་པ་མཐར་ཐུག་དང་བཅས་པའི་འཛིན་པ་དང་། གཟུང་བའི་ཡུལ་ཙམ་པོར་འཛིན་པ་གཉིས་མ་སྤང་པར་མཐོང་དག་ཏུ་བཞིན་མེ་ལོང་གི་ཚུལ་དུ་རྫོགས་པའོ། །རིག་པ་དང་མ་རིག་པ་ཤན་དབྱེ་བར་བསྟན་པ་ནི། འཁོར་འདས་གཉིས་འཛིན་གྱི་ང་ཉིད་ལ། བྱེད་པ་རིག་པའི་ཆོ་འཕྲུལ་སྣ་ཚོགས་པར་བྱེད་པ་དང་། འཇིག་པ་མ་རིག་པས་ཡང་དག་པའི་ལམ་འཇིག་པར་བྱེད་པར་ནི་མ་སྤངས་པར་གཞི་དག་ཏུ། མན་ཤེལ་དང་འོད་ཀྱི་ཚུལ་དུ་རྫོགས་པའོ། །རིག་པ་ཉིད་ལ་ཕྱི་ནང་གི་ཆོས་རྫོགས་པར་བསྟན་པ་ནི་བཅུ་དྲུག་ལས། ཆུ་བོ་བཞིའི་རྒྱུན་བཅད་པར་བསྟན་པ་ནི། ཀྱེ་མ་ཞེས་པ་ངེས་པར་སྣ་གཏད་པ་སྟེ། སྣང་བ་རང་གྲོལ་གྱི་ང་ལ། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་མེད་པས་འགགས་པ་ཕྱི་རོལ་གྱི་ཡུལ་ཆོས་ནི་དེ་ཉིད་ལ་སྤྱོད་པ་མ་ལུས་པར་ཡོངས་སུ་ལྗོན་ཤིང་ལོ་འདབ་རྒྱས་པ་ལྟར་རྫོགས་ཞེས་པའོ། །རིག་པ་ཉིད་ལ་ཉོན་མོངས་པའི་དྲི་མ་ཟད་པར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ་ཕྱི་ཡུལ་དང་། །ནང་སེམས་མེད་པས་རིག་པ་ཉིད་ལ་ཉོན་མོངས་པ་གང་གིས་ཀྱང་མ་བསྒྲིབས་པར་ཟང་ཐལ་བར་གསལ་བས་ཆོས་ནི་དེ་ལ་སྤྱོད་པ་བཞིན་ཡོངས་སུ་རྫོགས་ལུགས་ཇི་ལྟར་ན་ནམ་མཁའ་དང་ཉི་ཟླ་ལྟར་རྫོགས་སོ། །ལྷག་མཐོང་སྐྱེ་བར་བསྟན་པ་ནི། སྣང་བ་གྱརང་གྲོལ་ི་ང་ལ་སྟོང་པ་དང་། དངོས་པོ་ལས་ལོག་པ་རྣམས་དང་། དངོས་པོ་ནི། བེམ་པོ་དང་། ཤེས་པས་བསྡུས་པ་གཉིས་མེད་པས། སྣང་བ་རིག་པའི་ཡེ་ཤེས་ལྷག་མཐོང་དུ་སྣང་བའི་ཆོས་དེ་ལ་སྤྱོད་པ་ཡོངས་སུ་རྫོགས་ལུགས་ཞིག་དང་གཟུགས་ལྟར་རྫོགས། ཡེ་ཤེས་ཀྱི་དངོས་པོ་ཟག་པ་མེད་པ་རིག་པའི་སྣང་བ་བསྟན་པ་ནི། །སྣང་བ་རང་གྲོལ་གྱི་ང་ལ་དམིགས་པའི་ཡུལ་འདི་གཅིག་པུ་ཡིན་ཞེས་པར་གཟུང་དུ་མེད་པས། མཐོང་ཚད་ཡེ་ཤེས་ཀྱི་སྣང་བ་ཟད་པ་མེད་པ་རིག་པ་ཉིད་ལ་ཤར་བས། ཆོས་དེ་ལ་ནི་སྤྱོད་པ་ཡོངས་སུ་རྫོགས་ལུགས་མེ་ཏོག་དང་འབྲས་བུ་ལྟར་རྫོགས། རང་བཞིན་ངོས་བཟུང་བ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། ལུས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དང་། སེམས་བྱུང་ཚོར་སྣ་ཚོགས་པ་གཉིས་རང་བཞིན་ཉིད་ལ་མེད་པས། གཞན་ལ་རེ་བ་མེད་པར། རང་ལ་སྣང་བ་ལ། ཆོས་ནི། དེ་ལ་སྤྱོད་པ་ཡོངས་སུ་རྫོགས་ལུགས་བཞིན། འགགས་པ་མེད་པ་རྒྱ་མཚོ་དང་གཟའ་སྐར་ལྟར་རྫོགས། བདག་གཞན་གྱི་འཁྲུལ་པ་བཅད་པར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། བདག་ལས་གུད་དུ་འཛིན་པ་དང་། གཞན་སྣང་བ་དང་། སེམས་ལས་བསྡུས་པ་གཉིས་མེད་པས་རིག་པ་ཉིད་ལ་ཆོས་ལྔ་སྟེ། ཡེ་ནས་གནས་པའི་དོན་རིག་པས་ན་རིག་པ། རང་གི་དེ་ཉིད་དེ་ཉིད་ཀྱིས་རིག་པས་ན་རིག་པ། གཞི་འཛིན་པའི་རིག་པ་མི་འགྱུར་བས་རང་རིག་པས་རིག་པ། ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ཉིད་དུ་རིག་པས་རིག་པ། སྣང་བ་སྣ་ཚོགས་པའི་དོན་ཐམས་ཅད་དུས་གཅིག་ལ་རིག་པས་ན་རིག་པའི་ཆེས་ལ་ཡོངས་སུ་རྫོགས་པ་ནི། རང་རིག་པ་བདག་གཞན་མཉམ་པར་རིག་པས་ཆུ་དང་རི་མོ་ལྟར་རྫོགས། མི་རྟོག་པ་ངོས་བཟུང་བར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ་ཡེ་ནས་བྱེད་རྒྱུ་མེད་པས་ཡུལ་གཞན་ལ་མི་འཇུག་ཅིང་ཤེས་པ་རང་ལ་གནས་པའི་མི་རྟོག་པའི་བསམ་གཏན་ཆེན་པོ། ཡོངས་སུ་རྫོགས་ལུགས་རང་གནས་ཅོག་བཞག་བཟི་པོས་ལྷ་ཁང་དུ་ཕྱིན་པ་ལྟར་རྫོགས་པའོ། །སའི་ཉེས་པ་མངོན་སུམ་དུ་སྤང་ཞིང་བསྒྲོད་པ་མེད་པའི་ལམ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། ཕྱིན་པར་བྱ་བའི་ཡུལ་ས་གཅིག་བསྒྲོད་དུ་མེད་པས། རང་སྣང་བསྒྲོད་པ་མེད་པའི་ལམ་ཡུལ་ནི་ནམ་མཁའ་ལ་ཡོངས་སུ་རྫོགས་ལུགས་ནམ་མཁའ་དང་འཇའ་ཚོན་ལྟར་རྫོགས། ལྟ་བ་ཕྱོགས་རིས་ཀྱི་མཐོང་སྣང་དག་པར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། ཕྱོགས་ཀྱི་ཞེ་འདོད་དང་། རིས་ཐེག་པ་རིམ་པ་དགུ་རང་རང་གི་ལྟ་བའི་འདོད་མི་མཐུན་པ་མེད་པས། །གསང་བ་ཐེག་པ་ཐུན་མོང་བ་རྣམས་ཀྱིས་མི་ཤེས་པའི་ཡེ་ཤེས་ཡོངས་སུ་རྫོགས་ལུགས་རིག་པ་མངོན་གསུམ་གྱི་ཡུལ་ལྟར་རྫོགས། དག་པའི་དབྱིངས་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། དག་པ་ཡེ་ཤེས་ཀྱི་སྣང་བ་ཡོན་ཏན་འགགས་པ་མེད་པར་ཤར་བས། དབྱིངས་ཀྱི་ཆོས་གསུམ་ནི། སྟོང་པ་ཡངས་ཤིང་གསལ་བ་རིག་པའི་གནས་ཡིན་པ་གསུམ་ཡོངས་སུ་རྫོགས་ལུགས། སྣང་སྲིད་གཞིར་བཞེངས་གླེང་གཞི་ལྟར་རྫོགས། སྟོང་པའི་ཐིག་ལེ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། གཅིག་གི་མཐའ་དང་དབུས་མེད་པས། གཉིས་སུ་བསྒྲང་བྱ་མེད་པས། ཐིག་ལེ་ཉག་གཅིག་མི་འགྱུར་ཞིང་བརྡལ་པ་དེ་ལ་སྤྱོད་པས། ཆོས་རྣམས་ཡོངས་སུ་རྫོགས་ལུགས། སྲིད་པ་གསུམ་ཀ་དག་པ་གསེར་གཡའ་དང་བྲལ་བ་ལྟར་རྫོགས། འཁོར་འདས་གཉིས་མེད་དུ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། མུན་པ་འཁོར་བའི་རྣམ་པར་དང་། སྣང་བ་མྱ་ངན་ལས་འདས་པ་གཉིས་མེད་པས། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་མངོན་པར་སྣང་བ་ལ། ཆོས་རྣམས་ནི་དེ་ལ་སྤྱོད་པའི་རྫོགས་ལུགས་མངོན་གསུམ་དུ་སྟོང་པ་ལམ་དུ་ཁྱེར་ཏེ་བྱ་དང་ནམ་མཁའ་ལྟར་རྫོགས། ཡུལ་ཅན་སྟོང་པ་ངོས་བཟུང་བར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། བདག་ཡུལ་དུ་མ་གཅོད་པའི་མཁན་པོ་དང་། རྟོག་པ་དེ་གཉིས་ངེས་པར་འཛིན་པ་གཉིས་མེད་པས། སྟོང་པ་ཉིད་ལ་སྤྱོད་པས་ཆོས་རྣམས་ནི་ཡོངས་སུ་རྫོགས་ལུགས་དངོས་པོ་དང་། དྭངས་མ་ནམ་མཁའི་དཀྱིལ་ལྟར་རྫོགས། སྒྲིབ་པའི་རྟོག་པ་ཟད་དེ་གསལ་བ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། ཉོན་མོངས་པ་དང་། ཤེས་བྱའི་དྲི་མ་གཉིས་ཡེ་ནས་མེད་པས། གསལ་བ་འོད་ལྔའི་སྣང་བ་ལ་སྤྱོད་པས། ཆོས་ལྔ་ཡོངས་སུ་རྫོགས་ལུགས་རང་སྣང་རང་བྱུང་ཉི་མ་དང་ཟེར་ལྟར་རྫོགས། ལོངས་སྐུ་ཉིད་ནི་སྣང་བ་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལྔ་རང་སྣང་བས། ཞིང་ཁམས་རྣམ་པར་དག་པ་ཚོམ་བུ་སྣང་བ་ལ་སྤྱོད་པས། ཆོས་ཉིད་ཡོངས་སུ་རྫོགས་ལུགས་ཕྲ་རགས་རང་དག་པ། ནམ་མཁའ་སྤྲིན་དང་བྲལ་བ་ལྟར་རྫོགས། བསྐྱེད་རིམ་གྱི་གོལ་ས་བཅད་པར་བསྟན་པ་ནི། སྣང་བ་རང་གྲོལ་གྱི་ང་ལ། ཡི་གེའི་ཚོགས་སྤྲོ་བ་དང་། ཚུར་བསྡུ་བའི་རྩོལ་བ་མེད་པས། བསྐྱེད་པའི་རིམ་པས། ཡི་གེ་ལྟར་མི་དགོས་པས། དོན་རང་བཞིན་རྩ་གནས་ཀྱི་ཡི་གེ་རྣམས་ཡོངས་སུ་རྫོགས་ལུགས་འོད་ཀྱི་གོང་བུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་བཅས་པ། ཉུང་འབྲུ་ལ་མར་ལྟར་རྫོགས་ཏེ་བསྐྱེད་མིི་དགོས་པའི་ལྷ་རང་ཆས་པའོ། །རིག་པའི་ཆེ་བ་བསྟན་པ་ལ་གསུམ་གྱི་དང་པོ། རིག་པ་གཅིག་པུའི་ཡེ་ཤེས་བསྟན་པ་ནི། ང་ནི་འགྲན་པའི་ཟླ་མེད་ཀུན་ལས་རྒྱལ་བ་ཡིན། ཞེས་པ་ལ་སོགས་པས་བསྟན་ཏེ། ང་ནི་འཁྲུལ་པ་རང་ལོག་གི་ང་ཞེས་བྱ་སྟེ། མ་རིག་པའི་ལ་སོགས་པའི་ཟླ་མེད་པས་ཉོན་མོངས་པ་ཀུན་ལས་རྒྱལ་བ་སྟེ། རིག་པའི་ཡེ་ཤེས་ཕྱོགས་མེད་དུ་ཤར་བའོ། །འཁྲུལ་པ་རང་ལོག་པའི་ང་ལ། ལུས་ངག་གི་བཅོས་པའི་ཚིག་མེད་པ་ལྟ་བ་ཀུན་ལས་འཕགས་པ་སྟེ་མངོན་སུམ་དུ་མཐོང་བ་ཡིན། འཁྲུལ་པ་རང་ལོག་པའི་ང་ནི་མངོན་གསུམ་གྱི་ཡེ་ཤེས་དེ་ཡིད་དཔྱོད་ཀྱི་བཙལ་ཀྱང་མི་རྙེད་ཅིང་སུས་ཀྱང་མཐོང་བའི་ཡུལ་མེད་པ་སྟེ། འོ་ན་ཡང་མེད་པ་མ་ཡིན་ཏེ་འཁོར་འདས་ཐམས་ཅད་ལ་ཁྱབ་པ་ཡིན། འཁྲུལ་པ་རང་ལོག་པའི་ང་ནི། འཁོར་བར་གནས་པ་མ་ཡིན་ཏེ། ས་གཅིག་ལ་བརྟེན་པ་མེད་ཀྱང་། སྣང་བའི་རྐྱེན་ཀུན་ལ་བརྟེན་པ་ཡིན་པས་རྐྱེན་གང་གིས་ཀྱང་གྲོལ་བའོ། །འཁྲུལ་པ་རང་ལོག་གི་ང་ནི་སྟོང་པ་དངོས་མ་ཡིན་ཏེ། སེམས་ལས་འདས་ཤིང་དྲི་མ་མེད་པའི་རིག་པའི་སྒྲོན་མ་ཀུན་ལ་མཚོན་དུ་བཏུབ་པ་ཡིན། འཁྲུལ་པ་རང་ལོག་པའི་ང་ནི། དྲན་པའི་ཡིད་དྲུག་འདུས་པ་མེད་ཀྱང་སྣང་བ་ཀུན་ལ་རང་བཞིན་གྱིས་འཇུག་པར་བྱེད་པ་ཡིན་ནོ། །རེ་དོགས་ཀྱི་འཕྲང་བསལ་བར་བསྟན་པ་ནི། འཁྲུལ་པ་རང་ལོག་པའི་ང་ནི། འཁོར་བ་ལ་དོགས་པ་མེད་ལ། འདས་པ་ལ་རེ་བ་ཉིད་མེད་པས། ཇི་ལྟར་དཔྱད་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་དོན་ལས་མ་འདས་པས། ཀུན་ལ་ཡངས་ཏེ་རྣམ་གྲངས་བརྒྱ་སྟོང་གང་ལྟར་དཔྱད་ཀྱང་མེ་ཏོག་སྐྱེ་བའོ། །འཁྲུལ་པ་རང་ལོག་པའི་ང་ནི། ངན་སོང་གསུམ་དུ་ལྷུང་གི་དོགས་པའི་གཡང་ས་མེད་ཅིང་། །འོད་ཟེར་ལྔའི་བདག་ཉིད་དུ་གནས་ཤིང་། ཀུན་གྱི་མིག་ལས་འཕྲོ་བ་ཡིན། འཁྲུལ་པ་རང་ལོག་པའི་ང་ནི་མ་རིག་པ་རྐྱེན་བཞི་དང་བཅས་པའི་འཁྲུལ་པའི་ཡུལ་མེད་ཀྱང་། གདུལ་བྱ་སོ་སོའི་སྣང་བ་ཆེན་པོར་ཡེ་ནས་གནས་པ་ཡིན། འཁྲུལ་པ་རང་ལོག་པའི་ང་ནི་དཔྱད་པའི་རྒྱུ་ཡེ་ནས་ཡོད་མ་མྱོང་ཡང་། དངོས་པོ་གཤིས་ལམ་ཀུན་ལྟར་སྤྱོད་པ་མ་འགགས་པ་ཡིན་ནོ། །དངོས་པོ་གཅིག་དང་དུ་མ་ལས་འདས་པར་བསྟན་པ་ནི། འཁྲུལ་པ་རང་ལོག་པའི་ང་ནི་དངོས་པོ་གཤིས་སུ་གཅིག་དང་དུ་མ་བྲལ་བས་ཕྱིན་པར་བྱ་བའི་གནས་སམ། ཡུལ་ལོག་ན་མེད་ཀྱང་རིག་པ་ཉིད་ཡེ་ནས་སྐྱོན་ཀུན་ལས་ཕ་རོལ་ཕྱིན་ནས་ཡོད་པའོ། །འཁྲུལ་པ་རང་ལོག་པའི་ང་ནི་བྱ་བའི་ཡུལ་དང་འཇུག་ཏུ་མེད། བྱེད་པ་དངོས་པོ་དང་། ཉམས་གཉིས་མེད་པས། སྣང་བ་བཞིའམ་བརྒྱད་སོ་སོར་སྣང་བའོ། །རིག་པའི་སྣ ང་ཚུལ་བསྟན་པ་ལ་དྲུག་ཡོད་པ་ལ། དང་པོ་འཁྲུལ་པའི་སྐུ་གསུང་ཐུགས་ངོས་བཟུང་བར་བསྟན་པ་ནི། ཐམས་ཅད་ནི་ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་དང་། དབུས་མཐའ་དང་། སེམས་ནི་འབྱུང་བ་མ་རིག་པའི་གཞི་ཡིན་ལ། འཁྲུལ་པ་ནི་རྐྱེན་བཞིའི་དམིགས་པ་མ་དག་པ་ལས། སྣང་བའི་ཚོགས་དུ་མ་བྱུང་བས། འཁྲུལ་པ་འབྱུང་ཚུལ་གྱི་ང་ཡི་སེམས་ནི་བསམ་པ་མ་འགགས་པའོ། །སྣང་བ་ལ་སོགས་པའི་ཐམས་ཅད་ལ་གནས་པ་འཁྲུལ་སྣང་གི་འཁྲུལ་པ་ཁྱབ་ཚུལ་གྱི་ངའི་ཐུགས་ཏེ། འགྱུ་བྱེད་དུ་མའོ། །ཡོད་པ་དང་མེད་པ་ལ་སོགས་པ་ཐམས་ཅད་སྣང་བར་བྱེད་པའི་འཁྲུལ་པའི་སྣང་བ་ཁྱབ་ཚུལ་གྱི་ང་ཡི་སྐུ་རགས་པས་དུ་མའོ། །ཡོད་པ་དང་མེད་པ་ཐམས་ཅད་ལ་གྲགས་པ་འཁྲུལ་སྣང་གི་འཁྲུལ་པ་ཁྱབ་ཚུལ་གྱིི་ངའི་གསུངས་ཏེ་སྒྲ་ཚིག་དུ་མའོ། །དེ་དག་ལ་ཉམས་སུ་བླང་བྱ་དང་སྦྱར་ན་མི་རྟོག་རླུང་གི་བསམ་གཏན་ལ་བརྟེན་ནས་དྲན་བསམ་ཆོས་ཀྱི་སྐུ་ལ་སྦྱར་བ་དང་། དངོས་པོ་དམིགས་རྟེན་ལ་བསླབ་ནས་རགས་པའི་སྣང་བ་སྟོང་ཉིད་དུ་ལ་བཟླ་བ་དང་། ཡི་གེ་བ་བརྡའ་སྦྱོར་ལ་བརྟེན་ནས། སྒྲ་ཚིག་སྔགས་ཀྱི་བཟླས་པར་བྱ་བའི་གནད་དོ། །རྣམ་ཤེས་ཚོགས་དྲུག་ངོས་བཟུང་བར་བསྟན་པ་ནི། མཐོང་བ་ནི་དབང་པོས་གཟུགས་མ་འགགས་པར། འཁྲུལ་པ་ཁྱབ་ཚུལ་གྱི་ངའི་གཟུགས་སྡུག་པ་དང་། མི་སྡུག་པར་སྣང་། ཐོས་པ་ནི། སྣང་བའི་ཡུལ་མ་འགགས་པ་ལས་སྒྲ་སྙན་པ་དང་། མི་སྙན་པ་ལྟར་གྲགས་པར་ཤར། སྣོམ་བྱེད་མ་འགགས་པ་ནི། སྣང་བའི་ཡུལ་འཁྲུལ་པ་ཁྱབ་ཚུལ་གྱི་ངའི་དྲི་ཞིམ་པ་དང་། མི་ཞིམ་པར་ཚོར་བར་ཤར། མྱོང་བྱེད་མ་འགགས་པ་ནི། ལྕེའི་ཡུལ་འཁྲུལ་བ་ཁྱབ་ཚུལ་གྱི་ངའི་རོའི་བྱེ་བྲག་ལྟར་བདའ་བར་ཤར། ཚོར་བྱེད་མ་འགགས་པ་ནི། འཁྲུལ་པ་ཁྱབ་ཚུལ་གྱི། ང་ཡི་ཡིད་ཀྱི་རྣམ་ཤེས། ཚོར་བ་བདེ་སྡུག་བཏང་སྙོམས་ལྟར་མགྱོགས་པར་ཤར་བའོ། །དེ་དག་ཀྱང་ཉམས་སུ་བླང་བྱ་དང་། སྦྱར་ན། སྒོ་ལྔའི་རང་ཞེན་བཟློག་པ་གཟུགས་ཀྱི་དམིགས་རྟེན་ལ་བརྟེན་ནས་བསླབ་པས། དངོས་པོ་སྣང་བ་འགགས་པའི་མན་ངག་དང་། སྒྲའི་དམིགས་རྟེན་ལ་བརྟེན་ནས་བསླབ་པས་ཆོས་ཉིད་བརྗོད་པ་མེད་པའི་དོན་རྟོགས་པའི་མན་ངག་དང་། དྲིའི་དམིགས་རྟེན་ལ་བརྟེན་ནས་བསླབ་པས་རང་སྣང་བདེ་བ་ཆེན་པོར་འཆར་བའི་མན་ངག་དང་། རོའི་དམིགས་རྟེན་ལ་བརྟེན་ནས་བསླབ་པས་འཁྲུལ་སྣང་ཉམས་སུ་མྱོང་བར་རང་འཆར་བའི་མན་ངག་དང་། ཆོས་ནི་བླ་མའི་མན་ངག་དེ་རྣམས་ལ་བརྟེན་ནས་བསླབ་པས་འཁྲུལ་སྣང་རང་ལོག་པར་འགྱུར་བའི་མན་ངག་གོ །དེའི་ཕྱིར་ན་རང་བཞིན་རྫོགས་པ་ཆེན་པོའི་ཡོ་གིས་ཚོགས་དྲུག་ལྷུག་པ་རང་ཡན་དུ་བཞག་པས་འཚང་རྒྱ་བའི་གནད་དོ། ཉོན་མོངས་པ་རང་གྲོལ་དུ་བསྟན་པ་ནི། ཕྱི་ཉོན་མོངས་པ་འབྱུང་བ་བཞི་ལ་མཐར་འཛིན་པའི་ཤེས་པ་དང་། ནང་གི་ཉོན་མོངས་བ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་དུག་ལྔ་ལ་བདག་ཏུ་འཛིན་པའི་ཤེས་པ་དང་། གསང་བའི་ཉོན་མོངས་པ་སྒོའི་ལྔའི་ཡུལ་ཞེན་གྱི་ཤེས་པ་ཐམས་ཅད་རྡོ་རྗེའི་སེམས་དཔའ་རྟོགས་པ་རང་བྱུང་གི་ངའི་ཆོ་འཕྲུལ་ལམ། རྒྱུན་ནམ། རོལ་པ་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གཉིས། །རྡོ་རྗེ་སེམས་དཔའ་རྟོག་པ་རང་བྱུང་གི་ང་ཉིད་ལ་འབྱུང་བས་ན་དུར་ས་ཡིན་ཅེས་པའོ། །དེ་ལྟར་ཀུན་བྱེད་པའི་མཁན་པོ་ནི། རྟོགས་པ་རང་བྱུང་གི་ང་ཡིན་ཀྱང་། ཁོའི་ངོ་བོ་ལ་གཡོས་པ་མེད་པར་སྣང་བར་རང་གསལ་དུ་ཡེ་ཐོག་མ་ནས་རྫོགས་པ་ཆེན་པོར་བཞུགས་སོ། །དེ་ལྟར་ང་བདུད་དུ་ཤར་བའི་རིག་པ་ཉིད་ཉམས་སུ་བླང་བྱ་དང་སྦྱར་ན། ངའི་དངོས་པོ་ངོས་བཟུང་བའི་མན་ངག་དང་། ང་ཡུལ་དབྱུང་བའི་མན་ངག་དང་། ང་བརྩོན་དུ་བཟུང་བའི་མན་ངག་དང་། ང་བསད་པའི་མན་ངག་དང་། ང་གཏོང་བའི་མན་ངག་དང་། ངའི་རྩ་བ་བཅད་ཅིང་དངོས་པོ་སྤུར་བའི་མན་ངག་དང་། ང་རང་སོར་བཞག་པའི་གདམས་ངག་དང་བདུན་གྱིས། ང་བདག་གི་ཞེན་ཡུལ་བཅད་པའི་གནད་དོ། །ཐོག་མའི་གཞི་ལ་འཁྲུལ་ཚུལ་བསྟན་པ་ནི། དེ་ལྟར་ང་བདུན་གྱིི་སྣང་བ་མེད་པའི་དུས་ན། །དངོས་པོ་གཤིས་ཀྱི་འདུག་ཚུལ་ཀ་དག་པའི་ཡེ་ཤེས་རང་སྣང་བར་བཞུགས་ཏེ། ངོ་བོ་ཡེ་དག་ཏུ་ཡོད་པ་དང་། རང་བཞིན་རང་དག་ཏུ་ཡོད་པ་དང་། ཐུགས་རྗེ་གོང་མ་གཉིས་ཀྱི་ཤུགས་དག་ཏུ་ཡོད་པས། ཀ་ནས་དག་པའི་གཞི་ཡིན་ལ། དེ་ཡང་ངོ་བོ་ཡེ་དག་དུ་ཡོད་པའི་གནད་ཀྱིས། འཁྲུལ་དང་མ་འཁྲུལ་གང་དུ་ཡང་མེད་པ་དང་། རང་བཞིན་རང་དག་ཏུ་ཡོད་པའི་གནད་ཀྱིས། མ་རིག་པ་རྐྱེན་བཞི་དང་བཅས་པས་གོས་པ་མེད་པ་དང་། ཐུགས་རྗེ་ཤུགས་དག་གི་གནད་ཀྱིས། འཆར་བྱེད་ཤེས་པ་སྒ་ོམ་འགགས་པའོ། །དེ་ལྟར་གནས་པའི་ཐོག་མའི་གཞི་དེ་ལས་འཁྲུལ་པ་ཉིད་མ་གྲུབ་པར་རང་བཞིན་ཡེ་དག་ཏུ་ཡོད་ཀྱང་། གཞི་དང་གཞིའི་ཤེས་པའི་ཁྱད་པར་ལས་དུས་ཀྱི་ཚེ་ཞེས་བྱ་སྟེ། ཀྱི་ནི་འབྲེལ་པའི་ཚིག་ཡིན་པས། ལྷུན་གྲུབ་བྱུང་ཁུང་ཡོན་ཏན་གྱི་རྩལ་མ་འགགས་པ་ལ། ངོ་བོ་སྐུ་གྲུབ་པ་དང་། རང་བཞིན་འོད་དུ་གྲུབ་པ་དང་། ཐུགས་རྗེ་ཟེར་དུ་གྲུབ་པ་ལས། ཡོན་ཏན་སྐྱོན་དུ་གྱུར་ཏེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ངོ་བོའི་རྩལ་དུ་ཤར་བ་དང་། ལྷན་སྐྱེས་ཀྱི་མ་རིག་པ། རང་བཞིན་གྱི་རྩལ་དུ་ཤར་བ་དང་། ཀུན་དུ་བཏགས་པའི་མ་རིག་པ་ཐུགས་རྗེའི་རྩལ་དུ་ཤར་བ་ལས། རྒྱུའི་རྐྱེན་མ་རིག་པ་གསུམ་འདུས་པ་དང་། །དམིགས་པའི་རྐྱེན་ཡུལ་འོད་དང་། འོད་ཁྱིམ་དུ་ཤར་བ་དང་། བདག་པོའི་རྐྱེན་ཡུལ་ལས་འཁྲུལ་ཏེ། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཤེས་པ་ཐག་པ་ལ་སྦྲུལ་དུ་བཟུང་བ་ལྟ་བུ་དང་། དེ་ལ་དག་པ་ངོ་བོ་དང་། རང་བཞིན་དང་། ཐུགས་རྗེ་གསུམ་གྱི་བཞུགས་ཚུལ། མ་དག་པར་འཁྲུལ་པས་ཡུལ་སོ་སོར་ཤར་བ་ལ་གཅོད་པ་བྱེད་པ་དང་། ཡུལ་སོ་སོ་ལ་མྱུར་དུ་འཇུག་པས་མགྱོགས་པ་ཞེས་བྱ་ལ། ཡིད་དྲུག་ནི། ཀུན་ཏུ་འཚོལ་བྱེད་ཀྱི་ཡིད་ཀྱིས་ཡུལ་དུམ་བུར་བཅད་དེ་དཀར་པོ་ལ་སོགས་པའི་རྣམ་པ་སོ་སོར་བཟུང་། གཏན་ལ་འབེབས་པའི་ཡིད་ཀྱིས་དེ་དག་གཏན་ལ་ཕབ་པས། འོད་རྣམས་གོང་གི་བས་མི་གསལ་བ། མོག་གེ་བ་ལྔའི་ཆ་ལས། སྐྱེ་བ་བཞི་ལས། རྫུས་སྐྱེས་སུ་བྱུང་། དེ་ནས་ངེས་པར་འཇོག་པའི་ཡིད་ཀྱིས་ངེས་པ་ཅན་དུ་བཅད་པས། སྒོང་སྐྱེས་དང་། དྲོད་གཤེར་ལས་སྐྱེས་པ་གཉིས་བྱུང་། །འདི་དག་གི་ཚེ་འགྲོ་ན་ཡང་ཕན་ཚུན་དུ་འགྲོ། འདུག་ན་ཡང་ནམ་མཁའ་ལ་འདུག་པ་ལས། ཟས་སྐོམ་དང་། གོས་ལ་སོགས་པར་ཡང་མི་དགོས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་ཡང་། དངོས་སུ་སྤྱོད་པ་མེད་དེ། བག་ལ་ཉལ་ཙམ། ཉི་ཟླ་ལ་སོགས་པ་ཡང་མེད་དེ་རང་འོད་ལ་འདུག་གོ །དེ་ནས་ཡིད་ཀྱི་རྣམ་པར་ཤེས་པས། ཤེས་པ་དུ་མ་འདུས་པའི་ཚོགས་སུ་བཅད་པས། འདོད་ཆགས་ལ་སོགས་པ་ཡང་བལྟས་པས་ཚིམ་པ་དང་། བགད་པ་དང་། བཅང་བ་རྣམས་རིམ་པར་འབྱུང་ནས་ཉོན་མོངས་པར་རགས་སུ་སོང་། དེ་ཙ་ན་ས་ཆུ་མེ་རླུང་གི་འབྱུང་བའི་སྣང་བ་ཤར་ནས། ཟས་ཀྱང་མ་རྨོས་པའི་འབྲས་ས་ལུ་དང་། འདོད་འཇོའི་བ་དང་། ཅང་ཤེས་ཀྱི་རྟ་དང་། ཁྲུས་ཀྱི་རྫིང་བུ་ལ་སོགས་པའི་འདོད་པའི་ཡོན་ཏན་དང་། འཇག་སྐྱིལ་ལ་སོགས་པ་བྱུང་སྟེ་མངལ་ལས་སྐྱེས་པ་བྱུང་ངོ་། །དེ་ནས་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས། ང་བདག་ཏུ་ཡུལ་སོ་སོར་བཅད་པས་དེ་དག་ཀྱང་ནུབ་ནས། ཚེ་ལོ་ཡང་བརྒྱད་ཁྲི་ལ་ཐུག་འདོད་ཆགས་ཀྱང་འཁྱུད་པ་ལ་སོགས་པ་བྱུང་། གཟུགས་ཀྱང་ཐ་དད་པར་སྨིན་ནས། ཟས་སུ་ཤིང་ཐོག་བཟང་པོ་ཟ་ཞིང་གོས་ཀྱང་རས་བལ་དང་ཤིང་ཤུན་གོན་བ། གཟུགས་དང་བོང་ཚོད་མང་པོར་བྱུང་ངོ་། །དེ་ནས་འགྱུ་བྱེད་འཛིན་པའི་ཡིད་རྟོག་པ་དང་བཅས་པས་སྣ་ཚོགས་སུ་བཅད་པས་བདག་དང་། གཟུང་འཛིན་རགས་པས། ང་ཡི་དང་ཁོའི་ལ་སོགས་པ་བྱུང་ནས་རྨོ་སྐོའི་ལས་དང་རི་ཁྱིམ་དང་། ལས་མི་དགེ་བ་བཅུ་སྤྱད་པས་ངན་སོང་ལ་སོགས་པར་སྣང་བ་ནི། ཡུལ་ཐ་དད་པར་མ་འགགས་པས། ཡིད་དྲུག་འདུས་པའི་དྲན་བྱེད་སྣ་ཚོགས་མ་འགགས་པ་ལས། དབང་པོ་ཚོགས་དྲུག་ཏུ་ཡིད་དྲུག་སྨིན་ནས་སོ་སོའི་ཡུལ་ཐ་དད་པ་དང་། སྣང་བ་ཐམས་ཅད་ལ་ཡིད་དྲུག་གི་རྣམ་པར་རྟོག་པའི་ཚོགས་ལྷུག་པར་ཤར་ནས་དེ་ལ་འཇོལ་ཉོག་ཏུ་སྤྱོད་པའོ། །དེ་ཡང་འདིའི་དུས་ན་གོང་གི་ང་བདུནཔོའི་སྣང་བར་སྣང་བ་ཡིན་ནོ། །དེ་ལྟར་འགྲོ་བ་རིས་དྲུག་སྐྱེ་བ་བཞིས་བསྡུས་ནས་སྣང་བ་ནི། ཐོག་མའི་ཀ་དག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གནས་ཚུལ་ངོ་མ་ཤེས་པ་ལས་བྱུང་བའོ། །ཡེ་ཤེས་མ་བུ་འཕྲད་པའི་རྟགས་བསྟན་པ་ནི། དེ་ལྟར་གནས་པའི་སྐྱེས་བུ་དེ་ནི་འཁྲུལ་ཟིན་ནས་གོང་དུ་སྐྱེ་བ་བཞི་ལས་བསྐྱེད་ཅིང་གྲུབ་པས། ཐ་མ་རྒས་པ་དང་། ན་བ་དང་། འཆི་བ་གསུམ་ལས་འགྲོ་ས་མེད་པས། དེ་ཡང་རྫུས་པ་ནི་རླུང་གིས་འབྱུང་བས་སྐྱེད་པས་རླུང་དུ་གྲུབ། སྒོང་ང་ས། དྲོད་མེ། མངལ་ཆུའི་འབྱུང་བ་བཞི་ལས་བསྐྱེད་ཅིང་གྲུབ་པས། སྐྱེས་བུ་རྐྱེན་གྱིས་འཆི་བ་་ཡིན་པར་ཚེ་ཟདནས་ཚེའི་དུས་བྱེད་པའི་དུས་ན། འབྱུང་བ་བཞི་པོའི་སྟོབས་སོ་སོ་ལ་ཐིམ་པ་ནི། ས་ས་ལ་ཐིམ་པས་ལུས་ལྕི་བ་དང་། ཆུ་ཆུ་ལ་ཐིམ་པས་ཁ་ཆུ་དང་སྣ་ཆུ་འབྲུ་བ། མེ་མེ་ལ་ཐིམ་པས་ལུས་ཀྱི་མཐའ་ནས་དྲོད་འཆོར་ཞིང་ཁ་སྣ་སྐམ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས། ལུས་ཀྱི་སྟོབས་ཤོར་ནས་ལྡང་མི་ནུས་པ་དང་། དབུགས་ངར་ངར་དང་ཤང་ཤང་པོར་འགྱུར་རོ། །རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་ནས། ཕྱི་ནང་གི་དབུགས་ཆད་དེ། ཤེས་པ་མི་གསལ་ལ། ཐིམ་ཐིམ་མྱོགས་མྱོགས་སུ་གྱུར་པ་ཡིན། ནམ་མཁའ་འོད་གསལ་ལ་ཐིམ་པའི་དུས་སུ་ཕྱི་ནང་གི་དབུགས་ཀྱི་འགྱུ་བྱེད་ཆད་ནས། ལུས་བེམ་པོར་སོང་། རིག་པ་རླུང་དང་བཅས་ནས་ཆོས་ཉིད་ཀྱི་བར་མ་དོར་འགྲོ་བ་ནི། ཐོག་མ་མེད་པའི་རླུང་གི་སྲོག་འཛིན་པ་དང་། མེ་མཉམ་པ་དང་། ཀུན་ཏུ་ཁྱབ་བྱེད་དང་། དྭངས་སྙིགས་འབྱེད་པ་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔས། རིག་པའི་ཡེ་ཤེས་བསྐྱོད་ནས་ཆོས་ཉིད་རྣམ་པར་དག་པའི་ཕོ་བྲང་ལ་བཀོད་པར་ཆོས་ཉིད་ཀྱི་ཀློང་དུ་སྣང་བར་སྔར་གྱི་འབྱུང་བ་ལྔའི་སྣང་བ་ལ་རྒྱ་ཡིས་བཏབ་ནས་ཡེ་ཤེས་ལྔ་ཡི་སྣང་བ་འོད་ལྔར་སྣང་། ཡེ་ནས་ངོ་བོ་ཀ་དག་པའི་རྩལ་དུ་བྱུང་བའི་རྣམ་པར་སྣང་མཛད་ཀྱི་སྐུ་ལྔ་ལ་སོགས་པ་ཡབ་ཡུམ་འདུ་འབྲལ་མེད་པར་སྣང་བར་འགྱུར། འདིའི་དུས་སུ་སྔར་བླ་མས་བསྟན་པའི་ཐབས་ཆོས་ཉིད་རྣམ་པར་དག་པའི་སྣང་བ་ལ་མ་ཞེན་ན། །གྲོལ་བ་ཡིན་པས་དྲན་ནས་སྣང་བ་ལྷུག་པར་མཛེས་པ་ལས་མ་ཞེན་པར་རང་སྣང་དུ་ཤེས་པས། དེ་ལ་ཆགས་པ་མེད་པའི་སྐུ་གོང་གི་ལྔ་པོ། རང་གི་རིག་པ་ལ་ཕྱི་ནང་མེད་པར་གསལ་བའོ། །དེ་ཡང་ཅིར་སྣང་འོད་དུ་ཤར་ཞིང་། དེའི་ནང་དུ་སྐུ་ལྔ་ལྔ་སོ་སོའི་ཚོམ་བུར་ཤར་བས་ཡངས་ཆེན་དག་པའི་སྐུ་རང་ལ་མངའ་བས། ཐོག་མའི་ཀ་དག་གང་གི་ངོ་བོར་ཡང་མ་གྲུབ་པ། སྟོང་པ་ཉིད་ཆེན་པོའི་སྣང་བ་རང་ལ་ཤར་ནས། ལྷུན་གྲུབ་ཀྱི་སྐྱོན་ཡོན་ཏན་དུ་གྲུབ་པའོ། །རིག་པ་རང་ས་ཟིན་པར་བསྟན་པ་ནི། དེ་དག་ལ་ཡང་རང་སྣང་དུ་ངོ་ཤེས་པས་ས་ལམ་བསྒྲོད་ཅིང་རྩོལ་སྒྲུབ་བྱར་མེད་པར། སྐད་ཅིག་མ་གསུམ་ལ་ཐོག་མའི་གཞི་ལ་རང་ལོག་ཏེ། ཕྱིན་པ་མེད་པའི་གནས་སུ་ཕ་རོལ་ནི། ལྷུན་གྲུབ་ཀྱི་སྣང་བ་ལས་འདས་ཏེ་ཕྱིན་པའོ། །སྟོང་པ་ཉིད་ཆེན་པོའི་སྤྱོད་ཡུལ་རང་ལ་འདིའི་དུས་ན་གསལ་བས། རྣམ་པར་རྟོག་པ་མེད་པའི་སངས་རྒྱས་ཐིག་ལེ་ཉག་གཅིག་གིས་རང་རིག་པས་རང་མཐོང་པའོ། །འདི་ཡང་བྱས་ཤིང་རྩོལ་སྒྲུབ་ལས་བྱུང་བ་མ་ཡིན་ཏེ། རང་བཞིན་གྱིས། འཁོར་བའི་གདོས། ཕུང་པོ་ལྔའི་ཞེན་པའི་ཐག་པ་ཡིད་དྲུག་གིས་དྲན་པ་བཅད་པས་མ་རིག་པ་གཉིས་ལ་སོགས་པ་སངས་ནས་སྐུ་དང་ཡེ་ཤེས་སུ་རྒྱས་པས། །དེ་ལས་ཀྱང་སྐུ་རང་གི་རིག་པ་ཉག་གཅིག་རྡོ་རྗེ་ལུ་གུ་རྒྱུད་གཅིག་གིས་ཀ་དག་བརྒྱན་པའོ། །དེ་ལྟར་ཡེ་ནས་ཡོད་པའི་དོན་འདི་ཤེས་པས་འཁོར་བ་ལས་ཐེག་པ་ཐུན་མོང་བ་འཕགས་ལ། དེ་ལས་ཨ་ཏི་ཁྱད་པར་འཕགས་པའོ། །ལྟ་བའི་གནས་ལུགས་བསྟན་པ་ལ་བཅུ་གཉིས་ཀྱིས་བསྟན་པའི་དང་པོ། ཤེས་རབ་ཀྱིས་ཉོན་མོངས་པ་བཅད་པར་བསྟན་པ་ནི། ཀྱེ་མ་ནི་ངེས་པར་བོས་པ་སྟེ། བསད་པ་ཉོན་མོངས་པ་དང་། ང་བདུན་པོ་དེ་བསད་པས། འཁོར་བའི་རྒྱུད་ཤེས་རབ་ཀྱིས་བཅད་པའི་ལས་དེ་ལ་བརྟེན་ནས་དགའ་བ་སྐྱེ་བས་ན་རང་གི་སྣང་བ་ཆེན་པོ་གསལ་བ་ཡིན་ནོ། །འཁོར་འདས་གཉིས་མེད་ཀྱི་ལྟ་བ་ངེས་པར་བཟུང་བ་བསྟན་པ་ནི། སེམས་ཅན་ནི་འགྱུར་བས་ཏེ། འགྲོ་དྲུག་ཐམས་ཅད་རང་བཅད་ཅིང་བསྒྲལ་ན་རང་གི་རིག་པའི་སྣང་བ་ལས་དང་ཕྲད་པ་ཡིན་པས་འཁོར་བ་དང་མྱང་འདས་གཉིས་སུ་མེད་པའོ། །རྒྱ་མཚོ་གཏིང་ཟབ་ཀྱི་གདམ་ངག་ངོས་བཟུང་བར་བསྟན་པ་ནི། རྒྱུ་ཕ་རོལ་དུ་ཕྱིན་པ་དྲུག་དང་། འབྲས་བུ་ཚོགས་གཉིས་རྩད་ནས་བཅད་ན། ཕ་རོལ་དུ་ཕྱིན་པ་རྒྱུ་དྲུག་གི་རྩལ་དུ། སྐུ་གཉིས་སུ་རང་གི་ལུས་ངག་ཡིད་གསུམ་འབྱོངས་བའོ། །སྣང་བ་ཁ་སྦྱོར་གྱི་གདམས་ངག་ངོས་བཟུང་བ་སྟོན་ཏེ། འདི་ཡི་དུས་སུ་དགེ་བའི་ལས་ལ་སོགས་པ་ཅི་ཡང་མི་བྱེད་པར་རྒྱུན་ཐག་བཅད་ནས། ཕྱི་ནང་གསང་བ་གསུམ་གྱི་བྱ་བ་བཏང་ནས། སྒྲོན་མ་ལ་བལྟས་པས་རང་སྣང་ཟིན་པའོ། །ཡེ་ཤེས་རང་ཡན་གྱི་གདམས་ངག་ངོས་བཟུང་བ་ནི། དེ་ལྟར་བྱ་བ་ཅི་ཡང་མི་བྱེད་པར་གནས་པས་ཕྱི་རོལ་གྱི་སྣང་བ་རྒྱ་ཡིས་ཐེབ་ཏེ། རིག་པ་ལུ་གུ་རྒྱུད་མངོན་གསུམ་མཐོང་བས་ཉེ་སྟེ་ཡེ་ཤེས་རང་ཡན་པའོ། །སྣང་བ་དབང་སྡུད་ཀྱི་མན་ངག་ངོས་བཟུང་བ་ནི། ལུ་གུ་རྒྱུད་རྒྱུན་འདབས་སྦྱོར་དུ་མཐོང་བས་དེ་ལ་སེམས་བཟུང་མི་དགོས། ཐེག་པ་ཐུན་མོང་གི་ལྟ་བ་མི་དགོས། སྒོམ་དུ་མེད་པ་དེ་ཉིད་ཆོས་སྐུ་དངོས་ཡིན་པས་སོ། །འཁོར་འདས་རྒྱ་ཐེག་གི་མན་ངག་ངོས་བཟུང་བ་ནི། དེ་ལྟར་རིག་པ་ལ་སྣང་བ་ཉམས་གོང་འཕེལ་དང་། །ཚད་ལ་ཕེབས་པ་དང་། རང་གི་ཉམས་ལྟ་བའི་རྩལ་གསུམ་འབྱོངས་པས་ན་སྣང་བ་ཐམས་ཅད་སྐུའི་ཀློང་དུ་འགྱུར། སྣང་བ་རང་གྲོལ་གྱི་གདམས་ངག་ངོས་བཟུང་བ་ནི། དེ་ཡང་མིག་དང་ནམ་མཁའ་དང་། རིག་པ་གསུམ་ལ་བྲལ་བར། དེ་གསུམ་གྱི་བྱ་བྱེད་གཡེང་བ་མེད་པས་ཆོས་ཉིད་བདེ་བ་ཆེན་པོའི་སའོ། །ཡེ་ཤེས་གསུམ་སྦྱོར་གྱི་གདམ་ངག་གསུམ་ནི། རྣལ་འབྱོར་པས་གྲོགས་མེད་པར་གཅིག་པུར་འདུག་ལ་རིག་པ་དལ་བར་གནས་པ་ལས། ལུས་ཟང་ཐལ་དུ་མཐོང་བ་དང་། །འབྱུང་བ་ལྔ་ལ་དབང་བསྒྱུར་དང་། ཟས་དང་གོས་ཀྱི་འདུ་ཤེས་དང་བྲལ་བའི་རྩལ་གསུམ་ལུས་ལ་འབྱུང་ངོ་། །ངོ་བོ་ཟང་ཐལ་གྱི་མན་ངག་ངོས་བཟུང་བ་ནི། སྣང་བ་ཅི་ལྟར་སྣང་ཡང་། ཐད་ཀར་རིག་པ་ཡེ་ཤེས་ཀྱི་གྲོགས་སུ་ཤེས་ན། དེ་ཉིད་ཅོག་གི་བཞག་པས་ངོ་བོ་ཟང་ཐལ་ཆིག་རྫོགས་ཀྱི་ང་ཞེས་བྱའོ། །ཚོགས་དྲུག་ལྷུག་པའི་མན་ངག་ངོས་བཟུང་བ་ནི། དེ་རིག་པ་དང་། རྒྱུན་དུ་གནས་ན་དེ་ལས་གཞན་ཅི་ཞིག་ཀྱང་བྱ་མི་དགོས་སོ། །དེ་ངའི་རང་བཞིན་བསྟན་པ་ནི། དེ་ལྟར་སེམས་ཅན་སྣང་བ་ཆེན་པོ་དེ་ནི། ཡང་དག་པར་གནས་པ་སྟེ། བླ་མའི་མན་ངག་མེད་པ་ལ་སྣང་བ་མ་ནུས་པའོ། །གསང་བ་ཉན་ཐོས་ལ་སོགས་པ་ལའོ། །སྔགས་རང་གི་ཡེ་ཤེས་ཀྱིས་སྐལ་ལྡན་སྐྱོབས་ཅིག །དངོས་པོ་རྡོ་རྗེ་ལུ་གུ་རྒྱུད་དེ་ཉིད་རང་ཡིན་པ་ལས་གཞན་མེད་དོ། །ཅེས་པ་ནི། གོང་དུ་བསྟན་པའི་དོན་བཅུར་བྱས་ནས་བསྟན་པ་ལ་བྱ། ཡི་གེ་མེད་པ་ལ་སོགས་པ་མཚན་གྱི་སྐབས་སུ་བཤད་ཟིན། རྗེས་སུ་རྒྱུད་འདིའི་གོང་དུ་སྒྲ་ཐལ་འགྱུར་གྱི་རྒྱུད་བསྟན་པས་དེའི་རྗེས་སུ་གསུངས་པའོ། །གླེང་གཞི་ནི་ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ལེའུ་ནི་གཞུང་གི་དོན་ངེས་པར་གཅོད་ཅིང་སྟོན་པའོ། །དང་པོ་ནི་གཞུང་འདི་ཉིད་ཀྱི་ཐོག་མའི་ལེའུ་བསྟན་པའོ། །པདྨ་ཁ་འབྱེད་ལས་ལེའུ་དང་པོའི་པདྨ་ཁ་དབྱེ་བ་བསྟན་པའོ། །྅ཐྱ་ཏྱ྅྅ཿ྅྅྅ ད་ནི་ལེའུ་གཉིས་པའི་ཚིག་གི་དོན་པདྨ་ཁ་དབྱེ་བ་ལྟར་བཤད་པས་སྟོན་ཏེ། འདི་ལ་བསྡུས་པའི་དོན་བདུན་དུ་ཤེས་པར་བྱའོ། །དོན་དང་པོ་དགོངས་པ་ལས་བསྐུལ་ཏེ་ཞུས་པས་སྣང་བར་བསྟན་པ་ལ་གཉིས་ལས་ཞུ་བའི་རང་བཞིན་བསྟན་པ་ནི། དེ་ནས་ལེའུ་དང་པོ་གསུངས་པ། དེ་ནས་རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས་རིག་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡང་མ་འགགས་པར་གསལ་བའི་དགོངས་པ་ནི་རྣམ་རྟོག་གིས་མི་བྱེད་པར་སྙོམས་པར་ནི་གཉིས་སུ་མེད་པར་བཞུགས་སོ་ནི། གཞན་མེད་པར་དེ་ནས། །ཞེས་ནི་དུས་དེ་ཙམ་ན་མེད་བཞིན་དུ་ཉིད་ལ་ཉིད་སྤྲུལ་པའི་སྣང་བའི་བདག་པོས་ནི་ཡིད་ཀྱིས་འདི་སྟོན་པ་ཉིད་དགོངས་པ་ལ་ཞུགས་པ་དེའི་དོན་ཇི་ལྟ་བུ་ཞིག་ཡིན་སྙམ་ནས་ཐེ་ཚོམ་སྐྱེས་པས། འདི་སྐད་དུ་ཞེས་ཞུས་སོ་ནི་སྟོན་པ་ལའོ། །རྒྱུ་བསྟན་པ་ནི་ཀྱེ་མ་ཞེས་སྟོན་པ་ལ་ངེས་པར་བོས་ན་རིག་པ་ནི་དོན་མཁྱེན་ལ་སྔོན་དུ་ལུ་གུ་རྒྱུད་ཀྱི་སྐུ་རྣམ་པར་དག་པ་ཆེན་པོ་ལས་བྱུང་བའི་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བོས་ནས། ཡང་ནི་མནན་པའི་ཚིག་སྟེ། རིག་པ་དེ་ཉིད་ཐོག་མ་ཡེ་དག་ཏུ་ཡོད་པ་ལ། ད་དེའི་དོན་རྟོགས་པར་བྱས་པས་ཡང་དག་པར་རྫོགས་པའི་ཞེས་འཁོར་འདས་ཐམས་ཅད་འཁོར་རྟོག་པ་སངས་པས་སྣང་བ་རང་འཕེལ་དུ་རྒྱས་ཀྱི་རིག་པ་གཞི་འཛིན་པ་དང་ལྷག་མཐོང་གི་དགོངས་པ་དེ་གཉིས་དང་མི་འབྲལ་བའི་བཞག་པ་ཆེན་པོ་དེ་ལུས་ངག་གི་གནད་ཇི་ལྟར་བགྱི་བདག་ལ་གསུང་དུ་གསོལ། །ཞེས་སྟོན་པ་ལ་ཞུས་སོ། །ལན་བཀའ་སྩལ་པ་གསུམ་ཀྱིས་བསྟན་པ་ལས་རིག་པའི་ཡེ་ཤེས་དངོས་ཀྱི་གནས་ལུགས་བསྟན་པ་ནི། དེ་རྣམས་ཞུས་མ་ཐག་པའི། དེ་ནས་གནས་ལུགས་དངོས་པོ་གཤིས་ཀྱི་འདུག་ཚུལ་ལས་རིག་པའི་རོལ་པ་སྣང་ཐབས་སུ་མ་ཤར་བའི་འཁོར་ལ་བཀའ་ཕྱིན་ཅི་མ་ལོག་པ་འདི་རྩལ་བ་རྣ་བའི་དབང་པོ་ལ། རྩལ་ལུགས་ཇི་ལྟར་རྩལ་ན་ཀྱེ་མ་ཞེས་བོས་ནས་སྣང་རྒྱུད་དངོས་པོ་གྲུབ་པ་མེད་ཀྱང་སྣང་བ་ལྟར་བྱུང་བའི་འཁོར་རྣམས་ཉོན་ཅིག །ཅེས་ཉན་པར་རྣ་གཏད་ཅིང་བསྐུལ་ནས། ངས་དངོས་པོ་གཤིས་ཀྱི་འདུག་ཚུལ་གྱི་སྒྲིབ་པ་ཕྱིའི་རྡུལ་དང་རྡུལ་ཕྲན་དང་། ནང་གི་ཉོན་མོངས་པ་དང་། གསང་བའི་ཚིག་གི་དབང་པོ་ལ་སྐྱོན་མེད་པའི་ཕྱོགས་ཀྱིས་རྡོ་རྗེ་ལུ་གུ་རྒྱུད་བལྟས་པས་མ་སྒྲིབ་པའི་སྣང་པའི་ཆོས་ཉིད་བསྟན་པ་ཀུན་གྱི་སྙིང་པོ་ཁྱེད་ལ་བསྟན་གྱིས། ཤིན་ཏུ་ལུས་ངག་ཡིད་འཁྲུལ་པའི་སྣང་བ་ལ་མ་ཡེངས་བར་ཉོན་ཅིག་ཅེས་ཉན་པའི་སྐྱོན་བསལ་ནས་རྩ་བའི་དགོངས་པ་ཆེན་པོའི་གྲངས་ནི་ཞེས་པ་རྩ་བ་ཐམས་ཅད་བསྡུས་པའི་དགོངས་པ་སེམས་ཉིད་རྣལ་དུ་འབེབས་པ་ཆེན་པོ་གཞན་གྱིས་དཔག་པར་དཀའ་བའི་ཆོས་ཀྱི་རྣམ་གྲངས་ནི་རི་བོ་ཅོག་བཞག་དང་། རྒྱ་མཚོ་ཅོག་བཞག་དང་། རིག་པ་ཅོག་བཞག་དང་། སྣང་བ་ཅེར་བཞག་དང་བཞིས་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པར་འགྱུར་རོ། །རང་བཞིན་གྱི་ཆེ་བ་བསྟན་པ་ནི། འདི་ཉིད་ཤེས་བྱ་མ་ཡིན་པར་ཉམས་སུ་བླང་བྱ་དང་སྦྱར་ན། སྔོན་དུ་བླ་མ་དག་པ་ལ་སློབ་མ་དད་པ་དང་ལྡན་པ་གཅིག་གིས་གདམས་པ་ཞུས་ནས་དེ་ནས་སློབ་མ་དེས། འཁོར་བ་ལས་ཡིད་དབྱུང་བས་རང་གི་བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་བྱ་བ་དང་། དེ་ཡང་རིགས་ཀྱི་བུ་ཞེས་བྱ་དང་། དེ་ནས་འཇིག་རྟེན་གྱི་བྱ་བ་བཏང་ནས་བསྒྲུབ་དགོས་ཏེ། དེ་ཡང་ལེའུ་དང་པོ་ནས་ཕྱི་ནང་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབས་ཞེས་པ་དང་། ལེའུ་འདི་ནས་ཀྱང་ཕྱི་ནང་གི་བྱ་བ་དང་བྲལ་བར་བྱ་སྟེ་ཞེས་པ་དང་། དེ་ནས་འཇིག་རྟེན་འདི་ཡིས་ལོངས་སྤྱོད་སྤངས་ལ་སྙིང་པོའི་དོན་ལ་ལྟ་བ་ནི། ལེའུ་དྲུག་པ་ནས་ཕྱིའི་ལོངས་སྤྱོད་ལ་མ་ཆགས་པར་ཞེས་པ་དང་། དེ་ནས་གྲོལ་ཡུལ་གྱི་རྐྱེན་དང་བྲལ་བར་བྱ་བའི་ཕྱིར། རང་གི་ཡུལ་རྐྱེན་གྱིས་མི་གནོད་པའི་དགོན་པར་སོང་ལ། ཕྱི་ནང་གི་འབྲེལ་པ་བཅད་པ་ནི། འདི་ཉིད་ལས་གྲོང་ཆེན་པོ་ལས་འདས་ཏེ་ནགས་ཀྱི་ཀློང་ཆེན་པོའི་དགོན་པར་གནས་པར་གྱིས་ཤིག་ཅེས་པ་དང་། དེ་ལྟ་བུའི་དགོན་པ་ཡུལ་རྐྱེན་གྱིས་མི་གནོད་པའི་གནས་སུ་གྲོགས་སྤངས་ཏེ་རང་གཅིག་པུར་ཉམས་སུ་བླང་བ་ཡང་ལེའུ་དྲུག་པ་ནས་གྲོང་སྤངས་ལ་ཞེས་པ་དང་། དང་པོ་ལས་གཅིག་པུ་ལས་དལ་བར་འདུག་ན་རྩལ་གསུམ་ལུས་ལས་འབྱུང་ཞེས་པ་དང་། དེ་ནས་སྔོན་དུ་འགྲོ་བ་ལུས་ངག་གི་སྤྱོད་པ་བསྟན་པ་ནི། གསུམ་པ་ནས། ཀྱེ་སྐུ་ཡི་སྣང་བ་མ་འགགས་པས། གསུང་གི་རོལ་པ་ཅིར་ཡང་སྟོན། སེམས་ཀྱི་རྟོག་པ་སྣ་ཚོགས་པ་ཞེས་པ་དང་། དང་པོ་ལས་ཀྱང་ཐམས་ཅད་འཁྲུལ་སྣང་ངའི་སྐུ། ཐམས་ཅད་གྲགས་པ་འཁྲུལ་སྣང་ངའི་གསུང་། ཐམས་ཅད་འབྱུང་བཞིའི་འཁྲུལ་སྣང་ངའི་སེམས་ཞེས་པ་དང་། དེ་ནས་རྣལ་དུ་འབེབས་པ་ནི། ལེའུ་གསུམ་པ་ནས་ཐུགས་ཀྱི་མཛད་པ་ཅི་ཡང་མེད། དྲུག་པ་ལས་བརྡ་དང་ཐ་སྙད་ཡི་གེའི་ཚོགས་སྤངས་ཏེ་ཅེས་པ་དང་། དང་པོ་ལས། ང་ལ་སྤྲོ་ཞིང་བསྡུ་མེད་པ་ཞེས་པའོ། །དེ་ནས་ལུས་ངག་གི་གནད་ནི། ལུས་འདུག་སྟངས་གསུམ་ལས་མ་གཡོས་པ་དང་། ངག་སྨྲ་བ་བཅད་པ་དང་། ཡིད་རང་གི་དེ་ཉིད་དང་མི་འབྲལ་བར་སྟོན་པ་ནི། རང་གི་འདུག་ཚུལ་གྱི་དེ་བཞིན་ཉིད་ལ་གནས་པར་བྱ་སྟེ་ཞེས་པ་དང་། ལྔ་པ་ནས་བརྗོད་པ་ཐམས་ཅད་ངང་གིས་མེད་ཅེས་པ་དང་། འདི་ཉིད་ལས་སྤྱོད་པར་སྤྱད་པ་ཆེན་པོ་དེ་དང་མ་བྲལ་ན་ཞེས་པས་བསྟན་ཏོ། །དེ་ནས་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་དེ་སྒོ་གང་ལ་སྣང་བ་དང་། ཡུལ་གང་ལ་གཏད་དེ་ཉམས་སུ་བླང་བ་ནི། འདི་ཉིད་ལས་མིག་ཟུར་ཉིད་ལས་དབྱིངས་འབྱུང་བས་ཞེས་པ་དང་། །ཡུལ་ནི། མིག་ནི་ནམ་མཁའི་ཁམས་གསུམ་བརྟག །ཅེས་པ་དང་། དེ་ཡང་ནམ་མཁའི་ངང་ལས་ཤེས་པར་བྱ་ཞེས་པ་དང་། གཏིང་དཔག་མེད་པའི་རྒྱ་མཚོ་ཆེན་པོ་ནས། ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། ཞེས་པའོ། །དོན་གྱི་ངོ་བོ་མངོན་སུམ་དུ་འཆར་བ་ནི། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། ཞེས་པ་དང་གསུམ་ལས། དེ་ལྟར་ཉམས་སུ་བླངས་པས་ཉམས་གོང་འཕེལ་གྱི་སྣང་བ་ནི། རིག་པའི་སྐུ་ནི་ལུ་གུ་རྒྱུད་སྐུ་དང་བཅས་པར་སྣང་བའོ། །ཅེས་པས་བསྟན། དེ་ལྟར་སྣང་བ་རང་འཕེལ་ནས་རིག་པ་ཚད་ལ་ཕེབས་པ་ནི། དམིགས་པའི་ཡུལ་ནི་རྣམ་པར་དག་པས་ཞེས་པའོ། དེ་ལས་མ་འདས་ཆོས་ཉིད་སྒྲུབ་དུ་མེད། ཅེས་པས་བསྟན་ཏོ། །དེ་ནས་ཆོས་ཉིད་ཟད་པའི་སྣང་བར་རང་གྲོལ་བ་ནི། མཚན་མའི་ཆོས་ཉིད་ནི་བརྗོད་འདས་དང་། བློའི་བྱེ་བྲག་བརྗོད་འདས་ཞིང་ཞེས་པའོ། །དེ་ལྟར་མཐར་ཕྱིན་ནས་སྐྱེ་བ་མེད་པ་ལ་རང་དབང་ཐོབ་པ་དང་། འཇུག་པ་ལ་རང་དབང་ཐོབ་པ་ནི། དེས་སྤྲུལ་པ་ཆེན་པོ་ཕྱོགས་བཅུར་མཛད་ནས་ཞེས་པས་སོ། །དེ་ལྟར་སྙིང་པོའི་དོན་དེ་དཀྱུས་དང་སྦྱར་ན་དེ་ཡང་འདི་ཉམས་སུ་ལེན་པའི་སྐལ་ལྡན་གྱིས་བལྟ་བ་མན་ངག་ཏེ། དེ་ཡང་སྙིང་པོའི་དོན་ལ་ཡང་ནས་ཡང་དུ་ལྟ་བ་ལ་བརྩོན་པའི་སྐལ་ལྡན་དད་པ་དང་ལྡན་པའི་རིགས་ནི་རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་ཡི་ནི་འདི་དང་འབྲེལ་ལ་བུ་ཞེས་སེམས་ལས་སྐྱེད་པས། ཕྱི་ནང་གི་བྱ་བ་བཏང་ལ་བསྒྲུབ་དགོས་ཏེ། ཕྱིའི་བྱ་བ་ལས་དང་སོ་ནམ་དང་བྲལ་བར་བྱ་སྟེ། ནང་གི་བྱ་བ་སྨྲ་བརྗོད་དང་བྲལ་བར་བྱ། གསང་བ་སེམས་འཛིན་ལ་སོགས་པ་བྲལ་བར་བྱ་སྟེ། ལོངས་སྤྱོད་སྤངས་ལ་དགོན་པ་བསྟེན་པ་ནི། གྲོང་ཁྱེར་ཆེན་པོ་ནི་མི་རིགས་བཅུ་བདུན་ནམ་བཅུ་བཞི་ཡོད་པ་དེ་ལས་འདས་ཏེ། ནགས་འཐུག་པོ་ཡོད་པའི་ཀློང་དཀྱིལ་དུ་གཞན་མི་རྒྱུ་བའི་བས་མཐའ་དགོན་པར་གནས་པའི་སྐལ་ལྡན་ཞིག་གིས་ལུས་ངག་གནད་གཟིར་བ་ནི་རང་གི་འདུག་ཚུལ་གྱི་ནི་སེང་གེ་ལྟ་བུ་དང་། གླང་པོ་ཆེ་ལྟ་བུ། དྲང་སྲོང་ལྟ་བུའི་དེ་བཞིན་ཉིད་ལ་གནས་པར་བྱ་སྟེ། མིག་སྤྲུལ་སྐུའི་གཟིགས་སྟངས་སུ་རབ་ཏུ་གནས་པར་བྱས་ལ། སྒྲོན་མ་དེ་དང་འདུ་འབྲལ་མེད་པར་ཉིན་མཚན་དུ་བཏགས། དེ་ལྟར་བཏགས་པས་མིག་གི་ཟུར་ཉིད་ལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འབྱུང་བས། འོད་ནི་འཕྲ་བ་ལ། འཁྲིལ་བ་འབྱུང་། དེའང་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཉིད་ལ་གཏད་པས་ངང་ལ་རྣམ་པར་གསལ་ལོ། །སྟོང་པ་ཆེན་པོ་བསྟན་པ་ནི། ནམ་མཁའ་ལ་གསལ་བའི་དབྱིངས་དེ་ཉིད་ཇི་ལྟ་བུར་སྣང་ན་གསལ་བ་ལ་ནི་འོད་ལྔའི་ཆ་མ་འགགས་པ་ཁ་དོག་གནག་པ་ཆེན་པོ་སྟེ། མཐིང་གས་ཁྱབ་པ། རྫས་སུ་མེད་པ་ལ་གཉེན་པོ་སྟེ་ཡུལ་ལ་སྣང་ནུས་པ་ཆེན་པོ། སྣང་བ་ལ་ཡིད་སྤྱོད་ཀྱིས་བརྟགས་པར་དཀའ་བས་ན་ཆེན་པོ། གཟུང་ཡུལ་མེད་པས་སྟོང་པ་ལ་འོད་དུ་ཡོད་པས་སྣང་བ་ཆེན་པོ། ངོ་བོ་གཅིག་ཡིན་པ་ལ་སེམས་ཅན་དང་སངས་རྒྱས་གཉིས་ཀ་ལ་རྒྱ་མ་ཆད་པས་ཆེན་པོ། རིག་པ་དང་དབྱིངས་གཉིས་ལྟར་སྣང་བ་ལ་འཁོར་འདས་ཐམས་ཅད་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་ལ་འོད་ལྔས་ཁྱབ་སྟེ་བྱས་པ་མ་ཡིན་པས་བརྒྱན་མེད་པ་ཆེན་པོ། དེས་རང་གི་ལུས་ལ་གང་ཞིང་རྒྱལ་ནས་ཡོད་ཀྱང་ཡིད་དཔྱོད་ཀྱི་དང་བཙལ་ཀྱང་མ་རྙེད་པས་སྟོང་པ་ཆེན་པོ། རང་གི་ངོ་བོ་སྨིན་པ་ལ་ཡོ་གའི་ལུས་རྒྱས་མ་རྫོགས་པས་ཆེན་པོའི་སྐུར་སྣ་ཚོགས་པ་ལ་སྣང་བ་དབུགས་མེད་པས་འགྲོ་འོང་མེད་པས་ཆེན་པོའོ། །རིག་པ་ཉིད་ཀྱིས་བཞག་ས་བསྟན་པ་ལ་དང་པོ་འདུག་སྟངས་བསྟན་པ་ནི། །ཨེ་མ་ཧོ། ཞེས་ངོ་མཚར་བའི་ཚིག་གིས་རངས་བ་བརྗོད་ཅིང་བོས་ནས། ཐེག་པ་ཐུན་མོང་པ་རྣམས་ལ་ཤིན་ཏུ་གསང་བའི་དགོངས་པ་ཆེན་པོ་བཞི་ཡིས་མན་ངག་དངོས་གཞི་ཉམས་སུ་བླང་དགོས་པས་ཆེན་པོ། །རིག་པའི་ཡེ་ཤེས་སུ་མ་ནོར་བ་བསྟན་པ། ལྟ་བ་མིག་ཉིད་དང་མ་བྲལ་བར་སྦྱར་བས་སོ། །དལ་བ་བཞི་པོ་སྣང་བ་ཅེར་བཞག་ལ་སོགས་པ་འདི་དང་མ་བྲལ་ན་རིག་པ་ལ་བྱན་ཚུད་པ་ཡིན་ནོ། །སྣང་བ་ལམ་ཁྱེར་གྱི་གདམས་ངག་བསྟན་པ་ནི། སྣང་བ་ཅེར་བཞག་གིས་ཐབས་བསྟན་པའོ། །ཞེས་པ་སྟེ། འདི་རྒྱུད་དང་སྦྱར་བ་དང་། སྤྱོད་པ་དང་སྦྱར་བ་དང་། གཞི་དང་སྦྱར་བ་དང་། ལུས་དང་སྦྱར་བའོ། །རྒྱུད་ནི་མཚན་གྱི་སྐབས་སུ་རིན་པོ་ཆེ་རྒྱལ་མཚན་གྱིས་རྒྱུད་ཅེས་པ་སྣང་བ་སྣ་ཚོགས་པ་རྒྱུད་ཀྱི་རང་བཞིན་དུ་བསྟན་པས་རང་གི་རིག་པ་རྩ་བའི་དོན་སྟེ། སྣང་བ་སྣ་ཚོགས་པ་ཤེས་པ་ཆེན་པོ་ལ་གཅོད་བྱེད་མེད་པ་ནི་ཡིད་ཀྱི་ཞེན་ཡུལ་རང་འགགས་པས་སྣང་བ་རང་བཞིན་གྱི་རྒྱུད་ཅེས་བྱ། ཡུལ་རང་དག་པའི་སྣང་བ་ལ་རིག་པ་རང་གི་རྒྱུད་ལ་གནས་པ་དང་གཉིས་སུ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཚུལ་དུ་མེད་པར་རང་ལ་གནས་པའི་རྒྱུད་དག་པ་རྒྱལ་མཚན་ལྟ་བུའི་རྒྱུད་ཀྱི་དགོངས་པ་བར་མཚམས་མེད་པར་རྒྱུད་མ་ཆད་པས་རྒྱུད་དེའི་དོན་གཞན་གྱིས་རྟོགས་པར་དཀའ་བས་ཆེན་པའོ། །སྤྱོད་པ་དང་ནི་སྔོན་དུ་འགྲོ་བའི་ལུས་ངག་ཡིད་ཀྱི་སྤྱོད་པ་བྱ་བའི་རིམ་པས་ལུས་ངག་ཡིད་ཀྱི་མངོན་ཞེན་ཟློག་པ་དང་། ཉམས་མཐར་ཕྱིན་གྱི་སྤྱོད་པ་རླུང་དང་བསྲེས་བས་དབང་པོའི་ཆེ་ཆུང་གི་རིམ་པ་གཏན་ལ་དབབ་པའོ། །ལས་དང་པོས་བསླབ་པར་བྱ་བའི་སྤྱོད་པས་ལུས་ངག་སྲོལ་དུ་བཞུགས་པའོ། །གཞི་ལ་སྦྱར་བ་ནི་འདི་ལྟར་སྣང་བ་ཅེར་བཞག་ཏུ་བཞག་པས་དངོས་པོ་འདུག་ཚུལ་དང་དབྱེར་མི་ཕྱེད་པས་གཞི་ཐོག་མ་ཀ་དག་ཡིན་ལ་རིག་པ་དང་མི་འབྲལ་བས་གནས་སྐབས་ཀྱི་གཞིའོ། །ལུས་དང་ནི་ལུས་སེང་གེ་ལྟར་འདུག་པས་འཁྲུལ་སྣང་ཟིལ་གྱིས་མནན་ལ། གླང་པོ་ཆེ་ལྟར་འདུག་པས་མཚན་མ་ཟིལ་གྱིས་མནན་ལ། དྲང་སྲོང་ལྟར་འདུག་པས་འབྱུང་བ་ཟིལ་གྱིས་མནན་པའོ། །འབྲས་བུ་དང་སྦྱར་པའི་སྣང་བ་ནི་རང་བཞིན་རྣམ་པར་དག་པའི་སྣང་བ་བེམ་པོ་ལོག་ནས། །རིག་པའི་རང་གདངས་སྟོན་པ་ནི་བེམ་པོ་མེད་པ་ནི་ས་ཆུ་མེ་རླུང་མེད་པར་འོད་ལྔའི་རང་སྣང་ཆེན་པོ་ལྔ་ཤར་བའོ། །འཁྲུལ་པ་གདུལ་བྱའི་སྣང་བ་ནི་འགྲོ་བ་རིགས་དྲུག་སོ་སོའི་ཐད་ཀའི་སྣང་བ་སྟེ། ཡང་མེད་པས་རྨི་ལམ་གྱིི་རྣམ་པ་ལྟར་ཀུན་རྫོབ་ཏུ་བྱུང་བས། དོན་དམ་པ་ལ་དེ་བཞིན་དུ་ཀུན་རྫོབ་ལ་སྣང་བ་ཆེན་པོ་ལྟར་བྱུང་བའོ། །དེ་ཡང་ཐབས་ཐུགས་རྗེ་ཆེན་པོས་གདུལ་བྱའི་ཡུལ་ནི་འདྲ་བ་ཐ་དད་པ་ལ། འདུལ་བྱེད་སྐུ་དེ་སྙེད་དུ་སྤྲུལ་ནས་དོན་བྱེད་པའོ། ཆོས་ཉིད་ཡངས་པའི་སྣང་བ་ནི་ཡེ་ནས་རང་བཞིན་མ་བཅོས་པ་སྟེ་ཡངས་པ་ནི་མཐའ་དང་དབུས་མེད་པའི་ཆོས་ཉིད་བརྗོད་པ་ལས་འདས་པ་ལ་བདག་གམ་བདག་གིས་སྟོང་པའམ་སྟོང་པ་ཆེན་པོ། དེ་ཡང་སྣང་བ་གསུམ་འདི་ཉིད་ལ་ཐད་ཀ་གྲོགས་སུ་ཤེས་པས་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་སློངས་པའོ། །ཅེར་གྱིས་བལྟས་པས་དེ་ཡང་དག་པའི་རང་བཞིན་ཇི་སྙེད་པ་ཐམས་ཅད་ལ་སྟོ་བ་མེད་ཅིང་རང་གི་སྒྲོན་མའི་དེ་བཞིན་ཉིད་དང་བྲལ་བར་གནས་ཏེ། སྣང་བ་དེ་ཅེ་རེ་སྣང་ཡང་ཡིད་མ་ཤོར་ཞིང་དོན་མ་འདྲུས་པ་དེ་ལྟར་གོང་གི་ཤེས་པ་ཆེན་པོ་ལ་གཅོད་བྱེད་མེད་པར་སྦྱར་ལ། བཞག་པའི་ཐབས་ཇི་ལྟར་བྱ་བ་ནི་བླ་མ་ལས་མན་ངག་ཞུས་ཏེ་ཕྱི་ནང་གི་བྱ་བ་བཏང་ལ་དབེན་པ་བརྟེན་པ་ལ་སོགས་ཏེ་ལུས་ངག་གི་གནད་དོ། །མདོར་ན་སྔོན་དུ་འགྲོ་བའི་མན་ངག་བྱ་བའི་རིམ་པ་རྣམས་སོ། །བསམ་གཏན་ལམ་ཁྱེར་གྱི་མན་ངག་བསྟན་པ་ནི། རྒྱ་མཚོ་ཅོག་བཞག་གི་དགོངས་པ་བསྟན་པ་དང་ཞེས་པ་སྟེ། འདི་རྒྱུད་དང་སྦྱར་ན་ཚིག་དང་ཡི་གེ་དང་བརྗོད་པ་ཐ་སྙད་དང་བྲལ་བར་གནས་པས་ཡི་གེ་མེད་པའི་རྒྱུད་ཅེས་པ་སྦྱར་སྟེ། ཐ་སྙད་དང་བྲལ་བའི་བསམ་པ་དེ་ཉིད་བརྟན་ཅིང་མི་འགྱུར་བས་རྩ་བའི་ལུང་བརྗོད་བྱ་ལས་འདས་པས་ངེས་པ་ཟད་པའི་ཆེན་པོའོ། །སྒོམ་པ་དང་སྦྱར་ན་རིག་པ་མངོན་སུམ་ལ་གོམས་པར་བྱེད་པའི་བསྒོམ་པ་ཡིན་ལ། དེ་ལྟར་རིག་པ་གཉིས་ལ་གཏད་པ་ཙམ་གྱིས་བསམ་པ་གཞན་དུ་མི་འཕྲོ་བས་བསམ་གཏན་ཡིན་ལ། དེ་ལྟ་བུའི་ངང་ལས་ཡེངས་པ་མེད་པར་གནས་པས་དགོངས་པ་སྟེ། བར་མེད་པས་དགོངས་པ་ཆོས་ཉིད་མ་བཅོས་པ། སྟོབས་གཞན་དབང་དུ་མ་གྱུར་བས་ཆེན་པོའོ། །ལམ་དང་སྦྱར་ན་ཕྱིའི་རྒྱ་མཚོ་ལས་ཆུ་བྲན་ཐམས་ཅད་འདུས་པ་ལྟར་གསང་སྔགས་ཀྱི་ལམ་སྣ་ཚོགས་པ་དགོངས་པ་ལ་འདུག་པས་ལམ། བསྒྲོད་པར་ནི་ཉན་ཐོས་ལ་སོགས་པས་མི་ཤེས་པས་བརྩོལ་བསྒྲུབ་ཆེ་བས་ནའོ། །དཀའ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་ཐུན་མོང་བ་རྣམས་ཡུན་རིང་པོར་སྦྱོང་དགོས་ཏེ། སྐལ་པ་སུམ་ཅུ་རྩ་གཉིས། ཉན་ཐོས་གྲངས་མེད་པ་གསུམ་དང་། མ་ཧཱ་ལམ་རིམ་གྱིས་བསྒྲོད་དགོས་པས་ན་དཀའ་བའོ། །ལམ་ནི་གཉིས་ཏེ། ལམ་མངོན་སུམ་པོ་དང་། རྗེས་འཇུག་གཉིས་ལམ་འདི་མངོན་སུམ་དུ་ཁྱེར་བའོ། །ཨ་ཏི་ཕྱོགས་གཞན་ལ་སོགས་ཏེ་ཐེག་པ་ཐུན་མོང་བ་རྣམས་ཀྱིས་མི་ཤེས་པས་ཆེན་པོའོ། །ངག་ནི་སུ་དང་ཡང་མ་སྨྲས་པས་བརྗོད་དུ་མེད་པའི་ཁོང་དུ་ཆུད་པར་བྱེད་པ་སྟེ། དེ་ཡང་དང་པོ་བསླབ་པར་བྱ་བའི་རིམ་པ་དང་། གཉིས་པ་བསྟན་པར་བྱ་བ་དང་། དེ་ཉིད་བཅོས་ཐབས་དང་། ངག་ཚད་ལ་ཕེབས་པའི་མན་ངག་གོ །འབྲས་བུ་དང་སྦྱར་ན་རྒྱ་མཚོ་ནི་ཆོས་ཉིད་ཀྱི་རྒྱ་མཚོ་རྣམ་པར་རྟོག་པའི་གཡོ་འགུལ་གང་གིས་ཀྱང་མི་བསྐྱོད་པའོ། །བརྡ་རྟགས་དབང་པོའི་སྒོའི་རྒྱ་མཚོ་ནི་མིག་གི་དེ་ཁོ་ན་ཉིད་མ་བཅོས་པ་ལས་མིག་གི་རྣམ་པར་ཤེས་པ་ཡུལ་དུ་མ་ལ་འཆར་བ་དང་། མིག་གི་རང་བཞིན་ཆུའི་ངོ་བོར་སྣང་བའོ། །དེ་རྒྱ་མཚོ་ནི་རྒྱ་མཚོ་རླུང་གི་མ་བསྐྱོད་པ་དང་འདྲ་བར་ཡོ་གའི་ལུས་ངག་ཡིད་རྐྱེན་དབང་དུ་མི་འགྲོ་བར་གནས་པ་ཉིད་ལ་བྱའོ། །ཆོས་བཞག་པ་གཞན་གང་གི་ཕྱོགས་སུ་ཡང་མི་ལྟ་ཞིང་དགོངས་པ་ལས་མི་འདའ་བར། གསལ་ལ་མ་ཡེངས་པར་སྣང་བ་ལ། ཀུན་ཏུ་ཁྱབ་པ་ཆེན་པོ། ཡངས་པའི་དབྱིངས་ཀྱི་སྣང་བ་དང་མ་བྲལ་བས། མཛེས་པའི་རིག་པ་དང་འདུ་འབྲལ་མེད་པར་གནས་པ་ལ་བྱའོ། །དགོངས་པ་ནི་དབྱིངས་ཀྱི་སྒྲོན་མ་ལ་མིག་ཟུར་གྱིས་བལྟ་བར་བྱ་སྟེ། །དབྱིངས་ཀྱི་ནང་དུ་རིག་པ་ཉིད་ཚུད་པའོ། །ཡེ་ཤེས་ལམ་ཁྱེར་གྱི་གདམ་ངག་བསྟན་པ་ལ། རིག་པ་ཅོག་བཞག་གི་མན་ངག་བསྟན་པ་དང་ཞེས་པས་བསྟན་ཏེ། རྒྱུད་དང་སྦྱར་ན་མཚན་གྱི་སྐབས་སུ་རྒྱལ་བའི་གདུང་རྒྱུད་ལྟ་བ་ནམ་མཁའི་མཐའ་དང་མཉམ་པར་བསྟན་པ་ཞེས་པ་སྟེ། རིག་པའི་ངོ་བོ་ཉིད་ཐམས་ཅད་ཀྱི་རྗེ་བཙུན་དུ་འགྱུར་ཞིང་དེ་ཉིད་མི་འགྱུར་བ་ལ་བྱ་སྟེ། མི་འགྱུར་པ་ནི་མིག་གི་དེ་ཁོ་ན་ཉིད་མ་བཅོས་པར་རང་སྣང་བས་དགོངས་པ་མི་འགྱུར་བའི་གནད་ཡིན་ལ། གཟེར་ནི་ཡུལ་ནམ་མཁའ་དང་མིག་གི་དབང་པོ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་གསུམ་མི་འབྲལ་བར་གཟེར་ཐེབས་པས་ཡི་གེ་ནི་རྒྱལ་པོའི་ཡིག་ཚང་དང་འདྲ་བར་སྨོས་མི་དགོས་པར་ཡོན་ཏན་རང་རྫོགས་སུ་ཡོད་པས་ཆེན་པོའོ། །ལྟ་བ་དང་སྦྱར་བ་ནི། ཆོས་ཉིད་ལྟ་བ་ཅིར་སྣང་རང་བྱུང་གི་ཡེ་ཤེས་སུ་ཤེས་ཤིང་མཐོང་བ་སྟེ། ལྟ་བ་རང་བྱུང་གི་མིག་གི་དེ་བཞིན་ཉིད་རང་གི་ལྟ་ཞིང་རང་ལས་བྱུང་བའོ། །འགྲོ་ས་ནི་གནས་སྐབས་ཉམས་ལེན་གྱི་དུས་ན་ནམ་མཁའ་སྤྲིན་དང་བྲལ་བ་མཐར་ཐུག་འདུག་ཚུལ་གྱི་དུས་ན་ཆོས་ཉིད་ཀ་དག་གོ །འདིར་བདག་གི་རིག་པས་སྔོན་ཆད་མ་མཐོང་མ་ཕྱིན་པས་ཆེན་པོའོ། །ཆོས་ཅན་ལྟ་བའི་ལྟ་བ་ནི། ཆོས་ཅན་ལྟ་བའི་ཡུལ་སྣ་ཚོགས་པ་དེ་ཉིད་རིག་པ་ལྷག་མཐོང་དུ་མ་མཐོང་བས་དཀའ་བ་ཡིན་ལ་མེ་ལོང་གི་དེ་ཉིད་རྟོགས་ན་ཆོས་ཉིད་ལྟ་བའི་ལྟ་བར་སྣང་བས་ནའོ། །ཆེན་པོ་ནི་དེའི་དོན་མཐོང་དཀའ་བས་ནའོ། །ཡིད་དང་སྦྱར་ན་བརྟག་པར་དཀའ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་སྣ་ཚོགས་པར་སྣང་ཞིང་དེ་ཉིད་དབང་པོ་ལ་བརྟེན་ནས་གཅོད་པར་བྱེད་པས་དེའི་མཚན་ཉིད་ཤེས་པའམ་ཚད་ལ་འབེབས་པར་དཀའ་བས་མཆོང་ནི་གཅིག་ཏུ་མི་གནས་པའོ། །ཆེན་པོ་ནི་བླ་མའི་མན་ངག་དང་ལྡན་པས་བརྟགས་པས་ཡེ་ཤེས་ཀྱི་གྲོགས་སུ་འགྲོ་བའོ། །འབྲས་བུར་སྦྱར་ན་གཞི་འཛིན་པའི་རིག་པ་མཚན་ཉིད་གང་དུ་ཡང་མ་གྲུབ་པ་དང་། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་བྱ་སྟེ། དེའི་ངང་དུ་བཟུང་སྟེ་བྱ་བྱེད་དང་བྲལ་བར་བྱའོ། །ཅོག་བཞག་ནི་དབྱིངས་ཀྱི་སྒྲོན་མར་དེ་ཉིད་ཐབས་ཀྱིས་བཟུང་བར་བྱ་སྟེ། དོན་མིག་མི་འགུལ་བས་ཡིད་མ་འགྱུས་པའོ། །མན་ངག་གི་བྱ་བྱེད་རིག་པའི་མན་ངག་བསྒྲུབ་ཐབས་དང་སྔགས་ལ་བརྟེན་པ་དང་། སླབ་ཐབས་བཅོས་པའི་མན་ངག་ཇི་ལྟར་བྱའི་གོ་རིམ་ལ་བརྟེན་པ་དང་། རིམ་འཇུག་དབང་གི་མན་ངག་གི་རང་གི་སྔར་མཐོང་གི་ལག་ལེན་ལ་བརྟེན་པ་དང་། འཇིག་རྟེན་མཐོང་སྦྱོར་གྱི་མན་ངག་གི་རིམ་པ་ལ་བརྟེན་ནས། མཐར་ཐུག་གནད་ཀྱི་མན་ངག་རང་གི་ལུས་ངག་ལ་བརྟེན་པ་དང་། སྙིང་ཏིག་མངོན་སུམ་གྱི་མན་ངག་བླ་མ་དྲིན་ཅན་ལ་བརྟེན་པ་སྟེ་དེ་ཡང་མན་ངག་གི་བཞག་ཐབས་ལ་ཐུག་གོ །འབྲས་བུ་ལམ་ཁྱེར་གྱི་མན་ངག་ངོས་བཟུང་བར་བསྟན་པ་ནི། རི་བོ་ཅོག་བཞག་གི་ལྟ་བ་བསྟན་པ་དང་ཞེས་པ་སྟེ། དེ་ཡང་རྒྱུད་དང་སྦྱར་ན་ནམ་མཁའི་མཐའ་དང་མཉམ་པར་བསྟན་པའི་རྒྱུད་ཆེན་པོ་སྟེ། ཡོད་པའི་མཐའ་དང་། མེད་པའི་མཐའ་དང་། རྟག་པའི་མཐའ་དང་། ཆད་པའི་མཐའ་བཞི་མ་སྤངས་པར་མཉམ་རྒྱུ་ཆོས་ཉིད་ནམ་མཁའ་མཉམ་པ་རིག་པ་ཡིན་པས་དེ་ཉིད་རང་ལ་རང་ཆས་སུ་ཡེ་ནས་འདུ་འབྲལ་མེད་པར་གནས་པས་རྒྱུད་ཅེས་བྱའོ། །འབྲས་བུ་དང་སྦྱར་ན་ལྡོག་བཅས་ཐུན་མོང་གི་འབྲས་བུ། ཨ་ནུ་མན་ཆད་ཐེག་པ་བརྒྱད་ཀྱི་འབྲས་བུ་ཡིན་ལ། མཐར་ཐུག་ཚད་ཕེབས་ཀྱི་འབྲས་བུ་ནི། གནས་པར་དཀའ་བ་ནི་ཆོས་ཉིད་ཐམས་ཅད་ཟད་པས་སོ། །ཡུལ་ནི་འཛིན་པ་དང་རིག་པ་རང་གདངས་ཀྱི་སྣང་བ་ཡུལ་ཅན་དུ་མ་ལས་འདས་པས་མངོན་གསུམ་འབྱོངས་པའི་ཡུལ་ལ་ཆེན་པོ་དེ་ལས་གོང་ན་གཞན་མེད་པའོ། །སེམས་དང་སྦྱར་ན་ཕྱིན་པར་དཀའ་བའི་སེམས་ཀྱི་རྟོག་ཚོགས་དང་བསམ་པ་དུ་མ་རྣམས་ལམ་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་འགྱུར་བ་མེད་པའི་ས་སེམས་ཀྱི་ཅིག་པའི་རང་བཞིན་ལ་ཉོན་མོངས་པ་ཀ་ནས་དག་པས་ཆེན་པོའོ། །གཏིང་མེད་པ་ནི། མན་ངག་ཡོད་པ་ལ་ཚེགས་མེད་པའོ། །ཐེག་པ་ཐུན་མོང་བ་རྣམས་ཀྱིས་མི་རྟོགས་པས་དེའི་དོན་དཔག་པར་དཀའ་བས་ཆེན་པོ་ནི་ཐབས་ཆེ་བས་སྐད་ཅིག་ལ་ཤེས་པའོ། །ཁྱབ་པ་མེད་པའི་ཡེ་གདངས་ནི་སེམས་ཀྱི་བྱུང་ཚོར་ཀྱི་དངོས་པོ་འདུག་ཚུལ་ལ་མ་ཁྱབ་པས་སོ། །ཡེ་གདངས་ནི་རིག་པའི་ཡེ་ནས་གདངས་ལྔའི་མཚན་ཉིད་དུ་གནས་པས་ཆེན་པོའོ། །འབྲས་བུ་དང་སྦྱར་ན་རིག་པའི་གནད་གཟིར་བ་ལས་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་ནི། རི་བོ་ནི། རིག་པ་ཉིད་མི་འགྱུར་ཏེ་ཐོག་མ་ནས་འཕོ་འགྱུར་མེད་ཀྱང་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བརྡལ་ཁྱབ་ཏུ་གནས་པའི་དོན་དེ་ཆེན་པོའོ། །ཕྲ་བ་ནི་རྟོགས་པར་དཀའ་བ་ཡིན་ལ། ཡོངས་སུ་གཟུང་བར་དཀའ་བ་ནི་རིག་པ་རང་སྣང་གི་འབྲས་བུ་དེ་ཐེག་པ་གཞན་གྱིས་མི་ཟིན་པས་སོ། །དེ་ལྟ་བུའི་དོན་དེ་རི་བོ་དང་འདྲ་བ་མི་འགྱུར་ལ་དབང་མཐོ་བ་ཉིད་དོ། །དེ་ལྟར་གཟུང་བར་དཀའ་བ་དེ་ཉིད་ཇི་ལྟར་བཞག་ན་ཆེ་བ་ལྟ་བ་སྟེ། སྣང་བའི་འབྲེལ་སྣ་ཚོགས་པར་སྣང་ཡང་བླ་མའི་མན་ངག་མེད་ན་སུས་ཀྱང་མཐོང་བ་མེད་པ་སྟེ། དེ་ཉིད་ཡིད་དཔྱོད་ཀྱིས་མི་རྙེད་པས་ཆེན་པོ་ཡིན་ལ། དེ་ཡང་མིག་གི་བྱ་བྱེད་མེད་པར་ནམ་མཁའི་ངང་ལ་མ་ཡེངས་པར་བཞག་སྟེ། མ་བཅོས་པར་རང་གིས་ལྟ་བར་བྱ། རང་གསལ་ཙམ་དུ་བཞག་པར་བྱའོ། །ལྟ་བ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་བཟླུམ་པ་ལ་ནི་ཐིག་ལེ་དང་ཐིག་ལེའི་ཕྱེད་སྐུ་ལ་སོགས་པ་མཐོང་བའོ། །དབྱིབས་ནི་རྫས་སུ་གྲུབ་པ་མེད་པའོ། །དེ་ལྟར་རིག་པའི་ངོ་བོ་དེ་ཉིད་ཡེ་ཤེས་ཀྱི་རྩལ་གྱི་འཁྱུད་པ་དང་། དེ་ཉིད་འགྲོ་འོང་ལྟར་སྣང་ཡང་ལས་ཀྱི་རླུང་ལས་གྲུབ་པའི་དབུགས་ཕྱི་ནང་དུ་འགྱུར་བ་མེད་པས། སྐྱེ་ཤི་ལས་འདས་པས་ཆེན་པོ་ཡིན་པས་ན། །དེ་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་མ་བྲལ་བས་མིག་གི་ལྟ་བ་མ་ཡེངས་པས་ལྟ་བས་རིག་པ་ཚད་ལ་ཕེབས་པའི་འབྲས་བུ་ཉིད་ཡིན་ནོ། །དེ་ལ་ཡང་ཐུགས་རྗེ་རྩལ་གྱི་འཆར་ལུགས་ལྟར་ན་འདི་ཉིད་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟ་བུ་ཐིག་ལེ་ནི་དོན་དམ་སྤྲོས་པ་མེད་པ། ཉག་ནི་ཟབ་པའམ་རྟོགས་པར་དཀའ་ལ་གཅིག་ནི་དུ་མ་དང་ཐ་སྙད་ལས་འདས་པ་དེ་ཡེ་ཤེས་གཉིས་ཀྱི་བདག་ཉིད་ཤར་བས་དངོས་པོའི་གནས་ལུགས་ཀྱི་ཐོག་ཏུ་རྫོགས་པས་ཆེན་པོའོ། །དེ་ཡང་ཆོས་ཐམས་ཅད་ཟད་པས་སྣང་བ་ཅི་ཡི་ངོ་བོར་ཡང་མ་གྲུབ་པས་ན་གང་གི་ཕྱོགས་སུ་ནི་དངོས་པོ་དང་། སྟོང་པར་བལྟས་ཀྱང་དེ་ཉིད་མ་གྲུབ་པ་མེད་པ་ཉིད་ཡིན་པས། རྒྱལ་པོ་གདན་ས་ཟིན་ཏེ་མི་འགྱུར། བློན་པོ་བཙོན་དུ་ཟིན་ཏེ་མི་འགྱུར། དམངས་ཆམ་ལ་ཕབ་སྟེ་མི་འགྱུར། རིག་པ་རང་ས་ཟིན་ཏེ་མི་འགྱུར་པའོ། །དེའི་ཕྱིར་ན་རང་བཞིན་རྣམ་དག་གི་འབྲས་བུ་ཞེས་བྱའོ། །སྣང་སྲིད་གཞི་བཞག་གི་ལྟ་བ་ནི། དབྱིངས་རིག་འདུ་འབྲལ་མེད་པར་བལྟས་པས་སངས་རྒྱས་ཀྱི་བདེན་པའི་རིག་པ་ལུ་གུ་རྒྱུད་དང་མ་བྲལ་བར་དུས་ཐམས་ཅད་དུ་གནས་པས་དབང་པོ་རབ་བར་དོ་མེད་པར་འབྱུང་བ་རང་དེངས་སུ་སངས་རྒྱས་པ་དང་། འབྲིང་བར་དོ་མེད་པར་སྐད་ཅིག་མ་གསུམ་ལ་སངས་རྒྱས་བ་དང་། །ཐ་མ་བར་དོ་མེད་པར་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱས་བའོ། །དེའི་ཕྱིར་ན་སྣང་སྲིད་གཞི་བཞེངས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འདྲེས་པ་དང་། གཞིར་བཞག་པས་ཆོས་ཉིད་རྣལ་དུ་ཕེབས་པ་དང་། ཁམས་གསུམ་ཡོངས་སུ་གྲོལ་བས་ཟག་བཅས་རང་འགགས་པ་དང་། །སྲིད་གསུམ་ཀ་ནས་དག་པའི་ཆོས་རྣམས་རང་ཟད་པའི་སྣང་བ་ཤར་བའོ། །དེས་ན་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱའོ། །མཐོང་སྣང་རང་དག་པའི་དགོངས་པ་ནི། བར་མ་དོ་དེ་ནི་རང་བཞིན་གནས་པའི་བར་མ་དོ་དེ་བེམ་པོའི་སྣང་བ་རང་དག །ཤི་ཀ་མའི་བར་དོ་མེད་དེ་སྐྱེ་ཤི་གཉིས་ཀྱི་མཐའ་རང་བཅད། ཆོས་ཉིད་ཀྱི་བར་མ་དོ་མེད་དེ་སྐུ་གསུམ་འདི་ཉིད་ལ་ལམ་དུ་བྱས་ཟིན། སྲིད་པའི་བར་དོ་མེད་དེ་རིག་པ་ཉིད་འཁྲུལ་གཞི་དང་བྲལ་བས་སྐད་ཅིག་མ་ལ་སྣང་བ་རང་འཕེལ་བ་དང་། རིག་པ་ཚད་ལ་ཕེབས་པ་དང་། ཆོས་ཉིད་རང་ཟད་པའི་སྣང་བ་ལ་སྤྱོད་པས་བར་དོ་བཞི་སངས་རང་བཞིན་འདུག་ཚུལ་དུ་རྒྱས་པས། ཉོན་མོངས་པ་གནས་བསྒྱུར་བས་འཁོར་བ་བཙལ་དུ་མ་རྙེད་པ་དང་། རྒྱས་བཏབ་པས་ཆོས་ཅན་ཆོས་ཉིད་འདྲེས་པ་དང་། གནས་དག་པས་སྣང་བ་རྣམས་རང་སར་དེངས་པ་དང་། རང་གྲོལ་བས་གཉན་པོ་གཞན་ལ་རག་མ་ལུས་པའོ། །དེའི་ཕྱིར་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །སྤྱོད་པ་རབ་བཞག་པས་སྤྱོད་པ་ནི། སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་པས་དེས་སྐྱེ་བ་ལ་རང་དབང་ཐོབ་སྟེ་སྤྲུལ་པ་སྐུའི་ཡོན་ཏན་རྫོགས་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ནས་ཐུགས་རྗེའི་གོ་མ་འགགས་པས། རང་བཞིན་གྱི་ཐུགས་རྗེས་སྤྲུལ་པ་ལྟ་བུའི་རིག་པ་ལ་དབང་ཐོབ་པས་ཆེན་པོ་སྟེ་ཕྱོགས་བཅུར་གང་ཟག་སུམ་སྟོང་མྱ་ངན་ལས་འདས་བར་བྱེད་དོ། །དེ་ཡང་ཇི་ལྟར་བྱེད་ན་འདི་ལྟར་གང་ལ་རིག་པ་བཅུག་པ་བདག་དང་མཉམ་པར་འགྱུར་བར་ངེས་པའོ། །དེའི་ཕྱིར་ན་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་གྱིས་འཁྲུལ་སྣང་ཞིང་ཁམས་སུ་སྤྱོད་པ་དང་། སྒོམ་པ་ལ་རྒྱུན་དུ་བྱེད་པས་འགྱུ་བྱེད་རང་སར་དག་པ་དང་། ལྟ་བ་ལ་རྒྱུན་དུ་བྱེད་པའི་འབྱུང་བ་རང་ཟད་པ་དང་། འབྲས་བུ་ལ་རྒྱུན་དུ་བྱེད་པས་ངན་སོང་དོང་སྤྲུགས་པས་ན། སྣང་བ་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ། །རི་བོ་ཅོག་བཞག་གི་ལྟ་བ་བསྟན་པ་ལ་བཞིས་བསྟན་པའི་དང་པོ་བཞིའི་དགོས་པ་བརྗོད་པ་བསྟན་པ་ནི། ཨེ་མ་ཧོ། སངས་རྒྱས་ཆེན་པོ་ཡི་མཛད་སྤྱོད་ནི་ཞེས་པ་ལ་སོགས་པ་ཡིས་བསྟན་ནོ། །ཨེ་མ་ཧོ། ཞེས་ངོ་མཚར་དུ་བརྗོད་ཅིང་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་མཛད་སྤྱོད་ནི་སྔོན་འབྱུང་ཅོག་བཞག་བཞི་པོ་དེ་ལ་བསྟན་པ་ད་ལྟར་ཡང་དེ་ཉིད་ལས་གཡོས་པ་མེད་དོ། །དུས་གསུམ་གྱི་སངས་རྒྱས་ཉིད་ཀྱི་སྣང་བ་ནི་བཞི་པོ་དེ་ལས་མེད་པར་རང་རྡོ་རྗེ་སེམས་དཔའ་ཡིས་སྔོན་བྱུང་དུ་ཡང་བསྟན་པའོ། །རྟོག་པ་གསལ་བར་བསྟན་པ་ནི། ཨ་ཨཱ་རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། ཅེས་པ་ལ་སོགས་པས་བསྟན་ཏེ། ཨ་དེ་ནི་སྐྱེ་མེད་ཀྱི་ལྟ་བ་ཨཱ་ནི་འགགས་པ་མེད་པའི་ལྟ་བ། །སྐྱེ་མེད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་བའོ། །རི་བོ་ལྟ་བུ་མི་འགྱུར་བའི་ལྟ་བ་རྩོལ་མེད་དུ་ཅོག་གིས་བཞག་པའི་ཐེག་པ་ཐུན་མོང་པས་མ་རྟོགས་པ་དེ་ཉིད་ལ་ལྟ་བ་གསང་བ་ཉིད་དོ། །དེ་ལྟ་བུའི་དོན་དེ་ལ་གཞི་ལ་ཐེ་ཚོམ་ཡོད་པ་མ་ཡིན་པས་འདི་ཉིད་ལ་ཡང་འགྱུ་བ་ངང་གིས་མེད་དོ། །གཞན་དབང་མ་གྲུབ་པའི་ཡེ་ཤེས་བསྟན་པ་ནི། དོན་གྱི་ངོ་བོ་ཉིད་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། དོན་གྱི་ངོ་བོ་ལུ་གུ་རྒྱུད་དེ་ཉིད་ལ། སྔར་སངས་རྒྱས་སྒམ་པོས་བྱས་པ་མ་ཡིན་ཕྱིས་སེམས་ཅན་སྒྲིན་པོས་བྱེད་པའི་མཁན་པོ་ག་ལ་ཡོད་དེ་རང་བྱུང་བའོ། །དེ་ཉིད་འབད་རྩོལ་ལས་འདས་པས་གཞན་གྱི་དབང་དུ་མ་གྱུར་པས་བཅོས་པ་མ་ཡིན་འདི་ལ་འཆོས་པའི་མཁན་པོའམ་བདག་པོར་གྲུབ་པ་མེད་དོ། ཡིད་དཔྱོད་ཀྱི་ལྟ་བ་མ་ཡིན་པས་བལྟ་བྱེད་འཛིན་འཛིན་པའི་ཆོས་དང་བྲལ་བའོ། །རིག་པ་འདི་ཉིད་ཐེག་པ་ཐུན་མོང་བས་མཐོང་བ་མ་ཡིན་ཏེ། བླ་མའི་མན་ངག་དང་ལྡན་པ་ལ་མཐོང་བྱེད་མིག་ལ་རྣམ་པར་འོད་ཐིག་ལེར་གསལ་ལོ། །དེ་ཉིད་སྣང་བ་སྣ་ཚོགས་སུ་སྣང་བར་བྱེད་པ་མ་ཡིན་ཏེ། སྟོང་པ་ཟང་ཐལ་དུ་ཡོད་པ་སྣང་བའི་ཕྱོགས་ཐེག་པ་རིམ་པ་དགུའི་འདོད་པ་དང་བྲལ། དེ་ལྟ་བུའི་རིག་པ་ལ་སྐྱེ་འབྲི་ཡོད་པ་མ་ཡིན་ཏེ་སྣང་བ་ལ་ཐོགས་པ་མེད་པར་ཕྱོགས་བཅུར་ཁྱབ་པར་སྣང་། རང་བཞིན་རྫོགས་པ་ཆེན་པོའི་དོན་རྩོལ་བ་མེད་པར་ཅོག་བཞག་ཏུ་བཞག་པ་ཉིད་ལ་བསྐྱོད་དུ་མེད་དེ་བསྒྲུབ་པའི་ཆོས་དང་བྲལ། གཅིག་ལས་འདས་པས་དུ་མ་ཡིན་ལ། དུ་མའི་ཆོས་དང་བྲལ་བས་གཅིག་པུ་ཡང་མ་ཡིན། ཕྱི་ནང་མེད་པར་ཟང་ཐལ་བར་ཡོད་དེ། མ་རྟོགས་པའི་དུས་ན་ཕྱི་དང་ནང་དུ་ཡང་གསལ་ལ། དེ་ཉིད་རང་གྲོལ་པས་ཕྱི་ནང་མེད་པར་ཟང་ཐལ་བས་གཞན་དབང་མ་གྲུབ་པ་ཉིད་དོ། །དེ་ལྟ་བུའི་དོན་དེ་ལ་མིག་གི་དེ་ཁོ་ན་ཉིད་བལྟ་བྱེད་མ་འགགས་པས་དངོས་མེད་ཡིན་པས་རྟག་པ་ལས། རང་གསལ་དུ་ཡོད་པས་ཆད་པ་གཉིས་ལས་འདས། དེ་ནས་མངོན་སུམ་དུ་བལྟར་ཡོད་པས་རང་རིག་ཁྱབ་ཆེ་བས་གཞན་དབང་དུ་མ་གྱུར་པའི་ཡེ་ཤེས་ཉིད་དོ། །ཀུན་བརྟགས་ཀྱི་གཞི་དགག་པར་བསྟན་པ་ནི། དེ་ལ་ལྟ་བ་མེད་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་མངོན། དེ་ལྟ་མངོན་སུམ་དུ་གྱི་དོན་ལ་མངོན་པར་ཞེན་ན་ལྟུང་བྱེད་ཡིན་པས་དེ་ལ་ལྟ་བ་རང་བཞིན་མེད་པས་ཞེས་པའི་མཐའ་དང་བྲལ་བར་ལྟ་བར་བྱ་སྟེ། དངོས་པོ་ལ་བལྟ་བ་ཞེས་གྲུབ་པ་མེད་པས་རྣལ་འབྱོར་བས་ཀྱང་ཞེན་པ་མཐར་ཐུག་གིས་བཅས་པས་ལྟ་རྒྱུ་མེད་དོ། །དེ་ལྟར་ཞེན་པ་མེད་པར་ལྟ་བ་དེ་ཉིད་ལྟ་བའི་དོན་ལས་མི་འདའ་བ་ཡིན་པས་རིག་པ་བྱད་ཀྱི་ཞེན་པ་མཐར་ཐུག་དང་བཅས་པའི་ལྟ་བ་ངང་གིས་མེད། དེ་དངོས་པོ་རང་སྣང་དུ་ཡོད་པ་མ་ཡིན་པ་དེ་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པས་རྣལ་འབྱོར་པ་དེའི་ངང་དུ་མ་བཅོས་པས་གཞན་དུ་མ་ཡེངས་པར་གནས་པར་བྱའོ། །རྒྱ་མཚོ་ཅོག་བཞག་ལ་གསུམ་གྱིས་བསྟན་པའི་དང་པོ་གོལ་ས་དགག་པར་བསྟན་པ་ནི། ཨེ་ཨཱེ་རྒྱ་མཚོ་ཅོག་བཞག་གི་དགོངས་པ་ནི་ཞེས་པ་ལ་སོགས་པས་བསྟན་པ་ནི། ཨེ་ནི་རིག་པ་སྐྱེ་བ་མེད་པ་ལ་ལམ་སྐྱེ་མེད་དུ་རྟོགས་པས་ཨཱེ་འགགས་པ་མེད་པའི་སྣང་བ་ཡིན་ལ། སྣང་བ་འགགས་མེད་ཚད་དུ་ཕྱིན་པ་ལས་འབྲས་བུ་སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་པས་ཨ་དེ་ཉིད་སྔོན་དུ་ལམ་སྦྱངས་པ་ལས་བྱུང་བས་ཨེ་ཞེས་བྱའོ། །རྒྱ་མཚོ་ནི་མིག་བྱ་བྱེད་དང་བྲལ་བར་ཅོག་གིས་བཞག་པ་ལ་བྱ། དགོངས་པ་ཐུན་མཚམས་མེད་པར་དུས་རྒྱུན་དུ་གནས་པ་ནི་བསམ་གཏན་དང་། སྒོམ་པ་དང་། ཏིང་ངེ་འཛིན་དང་གཞིའི་ཀ་དག་ཡིན་ནོ། །སྣང་བ་མ་ཡིན་པ་ནི་མིག་གཞན་དུ་ཡེངས་པ་ཡིན་སྣང་བར་བྱེད་བ་མིག་གིས་སྣང་བའི་ཡུལ་བཅད་པ་ཡིན་ཏེ་རང་སོར་བཞག་པར་བྱ། མིག་ནི་དེ་ཁོ་ན་ཉིད་འོད་ལྔའི་གསལ་བར་བྱས་པས་སྟོང་པ་ཡང་མ་ཡིན། ཡེ་ནས་སྟོང་མ་མྱོང་པས་སྟོང་པར་ཡོད་པ་མ་ཡིན། གསལ་པ་མ་ཡིན་པ་དབང་པོ་སྒོ་ལྔའི་རྣམ་ཤེས་ཐ་དད་པར་གསལ་མ་ཡིན་ཏེ། རང་བཞིན་རྣམ་པར་དག་པའི་སྣང་བ་རང་གསལ་བ་ཆེན་པོའི་ཡུལ་དུ་ཡེ་ནས་མེད་པའོ། །བྱིང་བ་ནི་རང་བཞིན་གྱིས་བྱིང་བ་གཉིད་ལྟ་བུ་ནི་མ་ཡིན། བར་ཆོད་གྱིས་བྱིང་བ་ཤེས་པ་རྨུགས་པ་དང་། འབྱུང་བས་བྱིང་བ་ལུས་མྱོགས་པ་དང་། ཉོན་མོངས་པས་བྱིང་བ་ཉམས་ཐོག་ཏུ་མི་ཕེབས་པ་དང་། ཕྱིན་ཅི་ལོག་གི་བྱིང་བ་དགོངས་པའི་གོལ་སར་གྱུར་པ་དང་། སྙོམས་ལས་ཀྱིས་བྱིང་བ་བསམ་གཏན་ལེ་ལོའི་དབང་དུ་གྱུར་པ་མ་ཡིན། རྒོད་པ་ནི་ཡིད་ཀྱིས་དགོད་པ་འགྱུ་བྱེད་སྣ་ཚོགས་དང་། སེམས་ཀྱིས་རྒོད་པ་དྲན་བསམ་སྣ་ཚོགས་དང་། བར་ཆོད་ཀྱིས་རྒོད་པ་ཡིད་སེམས་གཡེང་བ་སྣ་ཚོགས་དང་། འདུ་བའི་འབྱུང་བས་རྒོད་པ་ལུས་ཚ་གྲང་གིས་འཁྲུགས་པ་དང་། ཕྱིན་ཅི་ལོག་གིས་རྒོད་པ་སེམས་མི་དགེ་བ་སྣ་ཚོགས་སློང་བ། རང་བཞིན་སྣ་ཚོགས་པས་རྒོད་པ་བྱ་བ་མ་ཡིན་པའི་བསམ་པ་སྣ་ཚོགས་པ་དང་དྲུག་ངང་གིས་མེད་པ་ཡིན། དེ་ལྟར་བསྒོམ་པའི་གོལ་ས་བཅུ་གཉིས་མེད་པས་རིག་པ་མ་གཡོས་པས་རང་གསལ། དེ་ཉིད་མ་གཡོས་པས་ལུས་མི་གཡོ། ལུས་སེམས་བྱ་བྱེད་དང་བྲལ་བས་ཡིད་སེམས་གཡོ་བར་མི་འགྱུར་ཏེ་རང་བཞག་ཏུ་གནས་པའོ། །མ་བསྐྱོད་པ་ནི་མིག་གི་ཕྱེད་བཙུམ་མེད་པར་ཧར་པོར་ལྟ་བ་རིག་པ་ཉིད་རླུང་གིས་མ་བསྐྱོད་པ་ཅོག་བཞག་དུ་གནས་སོ། །དེ་གཉིས་རླུང་དང་བྲལ་བས་དབང་པོ་དང་ཉོན་མོངས་པ་དང་། ཡུལ་རྟོག་གི་སྤྱོད་པ་ཀུན་ལས་འདས་པ་ཡིན་ཏེ་འགྱུ་བྱེད་མེད་པའོ། །བྱས་བས་མ་བྱུང་བ་ནི་ཆེད་དུ་རྩོལ་བ་དང་བཅས་པས་ཤེས་པ་གུད་དུ་མི་བཅད་པར་བཞག་པ་ནམ་མཁའ་ཐབས་སླ་བའི་མན་ངག་ཆེན་པོ་གནད་ལྟོས་མིག་གིས། དེ་ལྟར་རང་བཞག་ཆེན་པོའི་དགོངས་པ་ལས་ས་གཅིག་དུ་བསྡད་པས། སྤྲོ་བར་བྱེད་པ་མེད། ཡུལ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས་བསྡུ་མི་དགོས། དེ་ཉིད་ཅོག་བཞག་གཅིག་གི་ངང་ཞེས་བྱ། དེ་ལྟར་གནས་པའི་དུས་ན་ཉོན་མོངས་པ་གནས་མི་སྲིད་པས་གོལ་བ་མ་ཡིན། དྲན་རྟོག་ཇི་ལྟར་ཤེས་ཀྱང་དོན་དེ་ཉིད་ལས་འདའ་བའི་ས་མེད་དོ། །ཡེ་ཤེས་ཀྱི་སྣང་བ་ངོས་བཟུང་བར་བསྟན་པ་ནི། གསང་བ་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ་ཞེས་པ་སྟེ། གསང་བ་གཞན་གྱིས་མི་ཤེས་པའི་ཡེ་ཤེས་ཀྱི་སྣང་བ་རྒྱ་མཚོ་ལྟ་བུ་རྒྱ་ཆེ་ལ་གཏིང་ཟབ་ཅིང་གཡོ་འགུལ་དང་བྲལ་བ་ཉིད་ལ། རིག་པ་ཡེ་ནས་གནས་པའི་དོན་བཅོས་པ་མེད་པས་རྒྱུན་དབང་པོའི་སྒོ་མ་བཀག་པས་འབྱམས་པ་ནི་དབྱིངས་ནམ་མཁར་ཞོག །གཏིང་དཔག་དཀའ་བ་ནི་ལུས་འབྱུང་བ་ལས་གྲུབ་པ་ཕུང་པོ་ལྔ་ལ་སོགས་པ་དཔག་ཏུ་མེད་པ་ཚོགས་པས་རྒྱ་མཚོ་དང་འདྲ་ནས། ཡེ་ཤེས་འབྱུང་བ་མིག་རྒྱལ་མཚན་གྱི་རྩེ་མོ་ལྟ་བུ་ནི་སྒྲོན་མས་ཐམས་ཅད་དུ་ནུབ་པ་མེད་པར་འཆར་བ་ལ་ལྟོས། ཞེས་རྡོ་རྗེ་འཆང་གིས་གདམས་པའོ། །འཁྲུལ་རྟོག་གི་ཐེ་ཚོམ་གཅོད་པར་བསྟན་པ་ནི། སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། ཞེས་པ་ལ་སོགས་ཏེ། སེམས་སྟོང་པར་འདུག་ཀྱང་སྣ་ཚོགས་སུ་འགྱུར་པ་དེ་མེད་པས་རིག་པ་ཉིད་མ་བཅོས་པ་ཆེན་པོའི་སྐུ་གསུམ་དུ་ཤར་བ་ལ་བྱ། །དེ་ཉིད་སུས་ཀྱང་བྱས་པ་མེད་པ་དང་། བྱེད་པ་ཡིད་ཀྱི་རྣམ་ཤེས་ཀུན་ལས་རྒྱལ། ཡེ་ནས་མ་བཅོས་པར་རང་བྱུང་ཅོག་བཞག་ཉིད་ནི་མིག་དང་སྒྲོན་མ་ནམ་མཁའ་གསུམ་ཡིན། དེ་གསུམ་འཁྲུལ་སྣང་གིས་མ་བསྒྱུར་རང་གི་བློ་ཡིས་མ་བཅོས་པ་ཉིད་བསམ་གཏན་ཡིན། ཆོས་ཉིད་རྣམ་པར་དག་པའི་ནམ་མཁའ་ལ་གནས་ན་སངས་རྒྱས་ཀྱི་དགོངས་པ་ཉིད་དུ་རྡོ་རྗེ་འཆང་གིས་བསྟན། ཆོས་ཀྱི་སྐུའི་ཡེ་ཤེས་ལ་བསམ་པ་ཀུན་རབ་ཏུ་སྤང་སྟེ་ཡེ་ནས་སེམས་ཡོད་མ་མྱོང་ཡིད་ཀྱི་འགྱུ་བྱེད་མེད་ན་སྒོམ་པ་ཡང་ཡིན། དགོངས་པ་དང་། ཏིང་འཛིན་དང་། བསམ་གཏན་ཡང་ཡིན། གྲུབ་པའི་དམིགས་པའི་ཕྱོགས་རང་གི་འདོད་པ་མི་འཛིན་ན། དཔེར་ན་རྒྱ་མཚོའི་གཏིང་དུ་གཟའ་དང་སྐར་མ་ཤར་བ་བཞིན་དུ་འཛིན་བྱེད་གསལ་ཆ་མེད་དེ་སྣང་ཡུལ་དུ་མེད་ལ། ཞེན་ཡུལ་དུ་མ་བཅད་པས་འཛིན་པ་མེད་པར་རང་སར་བཞག་པ་ནི་དེ་བཞིན་གཤེགས་པའི་དགོངས་པའི་འདུག་ཚུལ་དེ་བཞིན་ནོ་ཞེས་པ་དུས་ཐམས་ཅད་དུ་བཞུགས་པ་ཡིན་པས་རྣལ་འབྱོར་པས་ཀྱང་དེ་ལྟར་གནས་པར་བྱའོ། །རིག་པ་ཅོག་བཞག་གི་མན་ངག་ལ་ལྔ་ཡིས་བསྟན་པའི་དང་པོ། ཉམས་སུ་བླང་བའི་ཐབས་བསྟན་པ་ནི། ཨོ་ཨཱོ་རིག་པ་ཅོག་བཞག་གིས་མན་ངག་ཉིད་ཅེས་པ་ལ་སོགས་ཏེ། ཨོ་ནི་སྐྱེ་བ་མེད་པའི་དབྱིངས་ནམ་མཁའི་ཡིན་ལ། ཨཱོ་ནི་ནམ་མཁའ་ལ་སྐྱེ་མེད་ཀྱི་དབྱིངས་རྣམ་པར་དག་པའི་སྒྲོན་མ་བཞག་པས་སྣང་བ་འགག་མེད་དུ་ཤར་བས་དེ་ཉིད་ལ་རིག་པ་ཅོག་གིས་བཞག་པའི་མན་ངག་ཉིད་ཡིན། དེ་ལྟར་བཞག་པ་འདི་ནི་གསང་སྔགས་ཀྱི་ཐབས་རྣམས་ཀྱི་མཐར་ཐུག་པ་ནི་བླ་མ་ལ་རག་ལུས་པ་ཡིན། དེ་དབྱིངས་རྣམ་པར་དག་པ་ཉིད་ལས་འོད་དུ་འཆར། དེ་ལ་རིག་པའི་ངོ་བོ་ལུ་གུ་རྒྱུད་ལྟ་བུ་འབྱུང་བའོ། །དེ་ཡང་ཇི་ལྟར་འབྱུང་ན་ཕྲ་བ་ཤེས་རབ་ཀྱི་ཆ་དང་། འཁྱུད་པ་ཡེ་ཤེས་དང་འོད་ཀྱི་ཆ་དང་། འགྱུ་བ་རླུང་དང་སྐུ་ཡི་ཆ་གསུམ་དུ་འབྱུང་བའོ། །ཉམས་སུ་བླང་བའི་རྒྱུ་བསྟན་པ་ནི། མིག་ནི་ནམ་མཁའ་ཁམས་གསུམ་ལ་བརྟགས་ཅེས་པས་བསྟན་ཏེ། དེ་ཡང་མིག་ནི་ཆུ་བུར་གྱི་མིག་ཡུལ་འཛིན་པ་དང་བསྟན་པ་དང་། ཤའི་མིག་གིས་འབྱུང་བ་ལྔའི་རང་བཞིན་གླིང་ཉི་ཤུ། རི་རབ་དང་བཅས་པས་རྫས་ལྐོག་ཏུ་གྱུར་པ་རྣམས་གཅོད་ཅིང་ཤེས་པ་དང་། ཤེས་རབ་ཀྱི་མིག་གིས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་ཅིང་གཅོད་པ་དང་། ཡེ་ཤེས་ཀྱི་མིག་གིས་འཁོར་འདས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཐམས་ཅད་མཁྱེན་པའི་མིག་ཡིན་ཏེ་དོན་གྱི་སངས་རྒྱས་ཀྱི་མིག་གོ །མིག་གི་རྣམ་པར་ཤེས་པ་ནི་གསུམ་འདུས་པ་ལས་གཅོད་པ་དེ་འགགས་པ་ལ་དོན་དམ་དུ་འཛིན་པ་ཉིད་དོ། །མིག་གི་འདུས་ཏེ་རེག་པ་ནི་ཤེས་པ་དང་དབང་པོ་དང་ཡུལ་གསུམ་འདུས་པ་ལས་རེག་པ་ཉམས་སུ་མྱོང་བའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། འདུས་པའི་ཡུལ་གཟུང་བྱ་ལ་ཉེ་བར་ལེན་པ་དང་། མཆེད་པ་དང་། ཐོས་པ་དང་གསུམ་འདུས་པ་ལས་བདེ་བར་ཚོར་བ་དང་སྡུག་པ་དང་བཏང་སྙོམས་གསུམ་གྱིས་གཟུགས་ལ་ཞེན་པས་འཁྲུལ་པ་རང་འཁོར་དུ་གཅོད་པ་དང་། ཚོགས་པ་དང་གཡོ་ཞིང་ཆགས་པས་ཉམས་སུ་མྱོང་བ་ཕྱིན་ཅི་ལོག་དང་། ཀུན་རྫོབ་ཀྱི་རྣམ་པར་གཅོད་པའོ། དེ་ལྟར་མིག་རང་གི་ངོ་བོ་དང་། རྣམ་ཤེས་དང་། རེག་པ་དང་ཚོར་བ་དང་། བཞི་ནི་ཕྱེ་བ་དང་བཙུམས་པ་དང་། མཐོང་བ་དང་གཅོད་པ་བཞིར་བྱུང་སྟེ། དེ་བཞི་སྤངས་ལ་ནམ་མཁའི་ཁམས་སུ་སྤྲིན་སེར་བུ་མེད་པར་བརྟགས་ཅེས་པ་སྟེ བལྟས་པས་ཉམས་གོང་དུ་འཕེལ་བའི་སྣང་བ་སངས་རྒྱས་སྐུ་ནི་ཐིག་ལེར་འཆར་པ་དང་། དེ་ཉིད་ལ་བརྟན་པ་ཐོབ་ནས་དགོངས་པ་ནི་ལྟ་བ་མ་ཡེངས་པ་དྲོད་ལུས་ངག་ལ་རྟགས་འགའ་འབྱུང་། དེ་ནས་རིག་པའི་སྐུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཚིགས་རྣམས་སུ་སྐུ་རེ་རེ་སྣང་བའོ། །ཉམས་སུ་ལོངས་པའི་ཚད་བསྟན་པ་ནི། སྣང་བ་ཆིག་ཆོད་དགོངས་པ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ཉམས་གོང་འཕེལ་གྱི་སྣང་བ་རྫོགས་པས་སྣང་བ་འདི་ཉིད་ཆིག་ཆོད་དུ་ཟག་པ་མེད་པས་ཡོ་ག་བའི་དགོངས་པ་ཡིན་ནོ། །རིག་པ་ཉིད་ཀྱི་བཞག་ས་བཙལ་བ་ལས་བྱུང་ངོ་། །དེའི་ཕྱིར་གསང་བ་ནི་ཉན་ཐོས་དང་སོ་སོའི་སྐྱེ་བོ་ལ་སོགས་པ་ལགས་པ། གསང་བ་ཆེན་པོ་སྔགས་ཕྱི་ནང་རྣམས་ཀྱིས་འདིའི་དོན་མི་ཤེས་པས་སོ། །དེ་ལྟར་གསང་ཞིང་ཉམས་སུ་བླངས་པ་ལས་ཉམས་གོང་འཕེལ་གྱི་སྣང་བའི་སྟོབས་ལ་བརྟེན་ནས་རིག་པ་ཚད་ལ་ཕེབས་ནས་ཆོས་ཉིད་ཟད་པའི་ས་སྟེ། སྣང་བ་དེ་དག་ཟད་པའི་ཕ་རོལ་ན་ཆོས་རྣམས་ཟད་པ་སྟེ་འཁོར་བ་ལས་སྒྲོལ་བ་ཞེས་བྱའོ། །གོང་གི་སྣང་བའི་དུས་ན་ཡང་ཞེན་པ་མཐར་ཐུག་དང་བཅས་པའི་ཆགས་པས་མ་བཅིངས་པར་རང་སྣང་དུ་བཞག་གོ །རིག་པ་ལྟ་བ་དེ་དངོས་བསྟན་པ་ནི། དེ་ལས་གསང་སྔགས་ཉིད་ཀྱི་སྐུ་ཞེས་པ་ལ་སོགས་པས་བསྟན་ཏེ། །དེ་ཡང་གོང་འཕེལ་གྱི་དུས་ན་རིག་པའི་ཚིགས་ལས་སྐུར་སྣང་བ་དེ་ལས་གསང་སྔགས་ཕྱི་ནང་རྣམས་སུ་བསྟན་པའི་རིགས་ལྔ་ཉིད་ཀྱི་སྐུ་ཡབ་ལྔ་ཡུམ་ལྔ་སྟེ་ཟུང་བཅུ་མེ་རླུང་ཀུན་ལ་ཁྱབ་པའི་འབྱུང་བ་ནི་རིག་པ་ལུ་གུ་རྒྱུད་ཉིད་མངོན་སུམ་དུ་ལམ་དུ་བྱས་པ་ལས་བྱུང་བ་སྟེ། དེ་ཉིད་ལ་བརྟགས་པས་སྐུ་སྣ་ཚོགས་པ་ཡང་འཆར་བར་རྡོ་རྗེ་འཆང་གིས་བཤད་དོ། །སྣ་ཚོགས་ཀྱི་རྒྱུད་དང་ཡེ་ཤེས་བསྟན་པ་ནི། རིག་པའི་སྣང་བ་ཐབས་མཁས་པས་ཞེས་པ་སྟེ། གོང་གི་ཉམས་སུ་ལེན་པ་ལས་བར་ཆད་ནས་འབྱུང་བ་རང་དེངས་ལ་མ་སོང་ན་རིག་པའི་སྣང་བ་ཆོས་ཉིད་ཀྱི་བར་མ་དོ་ལ་ཐབས་ལྔར་བསྟན་པས་བླ་མ་མཁས་པས་འདི་ཉིད་དུ་གསང་སྔགས་ཀྱི་ལམ་སྣ་ཚོགས་སུ་སྣང་བས། སངས་རྒྱས་ནི་མིང་རྣམ་པར་སྣང་མཛད་ལ་སོགས་སྣ་ཚོགས་འཆར་བར་ངེས་པའོ། །སྣང་བའི་རྐྱེན་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལྔ་འོད་ལྔར་གསལ་བ་ནི། ཕྲ་བ་རྡུལ་དང་། རྡུལ་ཕྲན་ཀྱི་དྲི་མ་དང་རགས་པ་རི་རབ་དང་གླིང་བཞི་རྣམས་ཀྱི་དྲི་མ་གཉིས་མེད་དེ། དེ་ཉིད་མེད་པས་རིག་པའི་ཡེ་ཤེས་ལྔ་སྐུ་ལྔའི་འོད་ཀློང་དུ་ཐིམ་པས། འགགས་པ་མེད་པའི་འོད་དཀར་པོ་དང་། །སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ཀ་ལྔ་ཡུལ་བར་མ་དོ་ལ་དངོས་སུ་སྣང་བ་ཉིད་ནི་གཟུགས་སྐུ་འོད་ཀྱི་ཞལ་ཕྱག་གི་རྣམ་པར་སྣང་བས་བསམ་པ་དང་བཅས་པས་དོན་གཉིས་ལ་ཐོགས་པ་མེད་པར་བསྟན་ཏེ། ངའི་འཛིན་པ་ཉིད་རང་ལོག་པའི་རིག་པའི་རང་སྣང་དུ་ཤར་བས། རིག་པའི་ཡེ་ཤེས་ཁྱབ་བརྡལ་བས་ཞེས་བྱ་སྟེ། སྣང་བ་ཆེན་པོའི་རང་བཞིན་རྣམ་པར་དག་པ་སྟེ། ས་རྡོ་མི་སྣང་གསལ་བ་འོད་དང་སྐུ་དང་ཐིག་ལེ་རབ་ཏུ་རྒྱ་ཆེ་བར་སྣང་བ་ནི་གོང་དུ་འཁྲུལ་པའི་རྣམ་པར་རྟོག་པའི་བློ་ནི་བསམ་གྱིས་མི་ཁྱབ་པས་འགགས་པ་ལས་བྱུང་བས། བློའི་བྱེ་བྲག་དུ་མ་རྣམས་བརྗོད་པ་ལས་འདས་ཤིང་། ཆོས་ཀྱི་སྐུ་ལ་བསམ་པའི་སེམས་མེད་པས། ཡེ་ཤེས་ལྔ་འདུས་པའི་སྐུ་གཅིག་ནི་ཀུན་ཏུ་རྩལ་མ་འགགས་པར་སྣང་བ་དུ་མ་སྟོན་པ། དེ་ཡང་གསལ་བའི་ཡེ་ཤེས་ལྔ་འདུས་པ་རང་གི་རིག་པ་ཡིན་པས། དེ་ལ་ཆགས་པ་མེད་པའི་རིག་པ་རང་སྣང་བར་ཤེས་པ་ནི། སྔར་གྱི་བླ་མའི་གསུང་ལ་བརྟེན་པས་དཀྱིལ་རིག་པ་འཁོར་འོད་རྒྱ་ཆེན་པོ་ལ་སྤྱོད་པ། གོང་དུ་ཅོག་བཞག་བཞི་ཉིད་དུ་བཞག་པས་ཐམས་ཅད་དེའི་ངང་དུ་ཆུབ་པ་སྟེ། གསལ་བའི་ཆ་མ་འགགས་པར། རིག་པའི་ཡེ་ཤེས་ལྔ་སྐུ་ལྔ་ལྔ་ལྟར་སྣང་བ་ནི། གསང་བའི་ཡེ་ཤེས་ལྔ་སྐུ་ལྔའི་ཀློང་ནས་མཁྱེན་པ་མ་འགགས་པར་གསལ་བས། རིག་པའི་གསལ་བའི་ཆ་འོད་ལྔ་ཕྱོགས་བཅུར་ཟེར་གྱི་ཚུལ་དུ་འཕྲོ་བ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བའོ། །དེ་ལ་བརྟན་པ་ཐོབ་ནས་ཐིག་མི་འགྱུར་ཞིང་ལམ་དྲང་བ། ལེ་རང་བཞིན་སྣང་པར་བརྡལ་བ། ཉག་སྐུ་སྣ་ཚོགས་སུ་སྣང་བ་གཅིག་ནི་དེ་དག་རང་གི་རིག་པར་འདུས་པས་བར་དོའི་སྣང་བའི་སྤྲོས་པ་མེད་དེ། ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཏུ་ཀ་དག་ཆེན་པོར་རང་རྫོགས་པས་གོང་གི་སྐུ་དང་ཡེ་ཤེས་སྣང་བ་དུ་མ་མེད་པར་རིག་པས་ཆོས་ཉིད་ཟད་པའི་སྣང་བ་ཡེ་ནས་སྟོང་པ་ཅི་ཡི་ངོ་བོར་ཡང་མ་གྲུབ་ལ། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་བབས་ཞིང་སྟོན་པར་དཀའ་བའི་གནས་སུ་སངས་རྒྱ་བ་ནི། སྔོན་དུ་རིག་པ་ཅོག་བཞག་སྐུ་ནི། སྐྱེ་ཤི་མེད་པའི་དབྱིངས་གཅིག་ཏུ་འདྲིལ་བ་ལས་ན་སྟེ། དེ་ལྟར་གནས་པ་ནི་སྣང་བ་སྣ་ཚོགས་ཀྱི་རྒྱུ་ཡེ་ཤེས་ལས་བྱུང་བའོ། །དོན་བདུན་པ་སྣང་བ་ཅེར་བཞག་གི་ཐབས་རྒྱས་པར་བཤད་པ་ལ་གསུམ་གྱིས་བསྟན་པའི་དང་པོ། ཆེན་པོ་ལྔ་ངོས་བཟུང་བར་བསྟན་པ་ནི། ཨུ་ཨཱུ་སྣང་བ་གཅེར་བཞག་ཐབས་ཆེན་ནི། ཞེས་པ་ལ་སོགས་པས་བསྟན་ཏེ། ཨུ་ནི་སྐྱེ་བ་མེད་པའི་རིག་པ་ལས། མཛད་པ་མེད་པའི་ཐུགས་རྗེ་རང་སྣང་བའོ། །ཨཱུ་ནི་སྐྱེ་མེད་ཀྱི་ཤེས་རབ་ལས་འགག་མེད་ཀྱི་ཐུགས་རྗེ་ཕྱོགས་མེད་དུ་ཤར་བ་སྟེ། སྣང་བ་ཅེ་རེ་བཞག་པས་ཐབས་གཏད་པའི་འབེན་དང་འབྲེལ་པས། སྣང་བ་ཆེན་པོ་ནི། དངོས་པོ་འདུག་ཚུལ་གྱི་སྣང་བ་དང་། ཡེ་ཤེས་ཕྱོགས་དག་གི་སྣང་བ་དང་། གདུལ་བྱ་ཐ་དད་ཀྱི་སྣང་བ་དང་། རང་བཞིན་ལྟར་སྣང་གི་སྣང་བ་དང་། འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས་རང་གི་རིག་པ་ལ་འདུས་པས། གཞི་མ་ཡིན། འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་དང་ནམ་མཁའ་ལྔའི་སྒྲ་ལ་བསླབས་པས་མཆོག་ཏུ་སངས་རྒྱས་ཐོབ་པས་དེ་ཉིད་ལ་སྤྱོད་པ་ཡང་དག་པའི་ལམ་ལྟར་སྣང་བས། རགས་པའི་འབྱུང་བ་ལྔ་རང་ལོག་པས་ཆེན་པོ། ཞི་བ་དཀར་པོ་དང་རྒྱས་པ་སེར་པོ་དང་། དབང་གཞི་འཛིན་པ་དམར་པོ་དང་། བྱ་རྩལ་དུ་བྲལ་བའི་ལྗང་གུ་དང་། མི་འགྱུར་བའི་མཐིང་ག་ལྔ་ཉིད་ཆོས་གཞི་མའི་སྣང་བར་གསལ་པས། དེ་ཉིད་ལ་ལུས་ངག་གི་གནད་ཀྱིས་མ་ཡེངས་པའི་ངང་དུ་ཞེན་པའི་འཛིན་པ་མེད་པ་ནི་ཆེན་པོ་སྟེ། རང་སར་ཞོག་ཅེས་སྟོན་པས་གདམས་པའོ། །གསང་སྔགས་ཆེན་པོའི་མཚན་ཉིད་འཛིན་པའི་ཡེ་ཤེས་ཆེན་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོར་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་ལྔའོ། །འོད་ཆེན་པོ་ལྔ་ཡིས་གཞན་དུ་མ་བསྐྱོད་པས་དབྱིངས་རྣམ་དག་པའི་སྒྲོན་མར་ཞོག །དེ་ལྟར་བཞག་པས་རྡོ་རྗེ་མི་འགྱུར་བ་སེམས་དཔའ། བདག་དོན་དང་གཞན་དོན་ལ་སེམས་དཔའི་སྣང་བ་སྐུ་དང་ཡེ་ཤེས་སུ་ཅོག་བཞག་ནི། ཆོས་ཀྱི་སྐུ་ལས་བྱུང་བའི་སྣང་བ་ཐམས་ཅད་རིག་པ་དང་རིག་པས་བསྡུས་པ་ཐམས་ཅད་སྟོན་པ་ཡིན་ནོ། །ཡེ་ཤེས་དག་པ་ནི། གཉིས་ཀྱི་སྣང་བ་ཅེར་རེ། དབང་པོའི་སྒོ་ལ་སྣང་བས། གསང་བའི་བཞག་ཐབས་ནི་མིག་དང་། རིག་པ་ནམ་མཁའ་གསུམ་ཅེར་ཅེར་བཞག་པས་ཐབས་ཡིན་པས་ངང་ཕྱོགས་གང་དུའང་མ་ལྷུང་བ་ལས། སྐུ་ལྔའི་སྣང་བས་འབྱུང་བ་ལྔ་མ་སྤངས་པར་རང་དག་པ་ནི། རྩོལ་བས་སྤངས་པ་མ་ཡིན་པ་རང་རང་གིས་མ་བཅོས་པར་དོན་སྒྲོན་མ་ལ་ཞོག་ཅེས་པའོ། །ཆོས་ཉིད་རྣམ་པར་དག་པ་ནམ་མཁའི་ཀློང་ལས་ཅེར་མཐོང་དུ་སྣང་བས་དེ་ཐབས་ཆེན་པོར་རྟགས་པས། རང་བཞིན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བ་ལ་སྒོམ་རྒྱུ་མེད་པས་རྐྱེན་དམིགས་པ་རང་སར་དག་སྟེ་མ་བཅོས་ཉིད་དོ། །ལྟ་སྒོམ་སྤྱོད་པའི་རང་བཞིན་བསྟན་པ་ནི། ལྟ་བའི་འདུས་དབྱིངས་ཀྱི་སྒྲོན་མ་ཡིན། ཞེས་པ་ལ་སོགས་པས་བསྟན་ཏེ། ལྟ་བ་ནི་ཡང་དག་པའི་འདུ་བའི་ས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ལྟ་བ་མ་ཡེངས་ན་ཡིན། བསྒོམ་པ་དེ་ཉིད་ལས་མ་གཡོས་པས་བསྐྱལ་ས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་པར་རྡོ་རྗེ་འཆང་གིས་བསྟན། སྤྱོད་པའི་སྤྱད་པ་ཆེན་པོ་ནི་དེ་ཉིད་རང་མ་བྲལ་ན་ལྟ་སྒོམ་སྤྱོད་པ་རྣམ་གསུམ་གྱི་ངོ་བོ་ཉིད་ཡིན་པར་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཉིད་ཀྱི་གདམས་ངག་བསྟན་པ་ནི། སངས་པ་རགས་པའི་འབྱུང་བ་ལྔ་སྐུ་དང་ཡེ་ཤེས་སུ་རྒྱས་པས་དེ་ལ་བྱར་མེད་པ་རྫོགས་པ་ཆེན་པོའི་ཀློང་ཡིན་པས། དེ་ལས་མ་འདས་པར་གནས་ན་ཆོས་ཉིད་ལོགས་ན་བསྒྲུབ་ཏུ་མེད་དོ། །དེའི་ཕྱིར་ན་དེ་དང་མ་བྲལ་བར་གནས་པས་གསང་སྔགས་རྣམས་ཀྱི་ལྟ་བའི་གདེང་རྙེད་པའོ། །ཞེས་གོང་དུ་བསྟན་པ། ཡི་གེ་ཨ་ལི་དང་ཀ་ལིའི་ཚོགས་རིག་པ་ལ་མེད། རྒྱུད་སངས་རྒྱས་ནས་ད་ལྟའི་ཡི་གེ་མན་ཆད་དུ་བྲིང་ཆགས་པ། གསང་བ་ཉན་ཐོས་ལ་སོགས་པ་ལ། ཆེན་པོ་སྐལ་ལྡན་ལ་སྣང་བ་ལས། དགོངས་པ་བར་མེད་པས་སེམས་རྩེ་གཅིག་ཏུ་གནས་པ། བཅའ་བ་བཞིར་སྟོན། གཞིའི་དངོས་པོའི་འདུག་ཚུལ་ལ་བྱ། ལེའུ་ནི་གཞུང་གི་དུམ་བུ་ངེས་པར་གཅོད་པའོ། །གཉིས་པ་གྲངས་ཀྱི་གནས་བསྟན་པའོ། །ད་ནི་ལེའུ་གསུམ་པ་མ་འཁྲུལ་པའི་སངས་རྒྱས་ལ་མ་བྱས་པའི་ཆོས་བསྟན་པ་ལ་སྤྱི་དོན་དྲུག་གིས་བསྟན་པའི་དང་པོ། སྣང་བ་གསུམ་གྱི་མཚན་ཉིད་བསྟན་པ་ལ་ནང་གསེས་ཀྱི་དོན་བདུན་དུ་བྱས་པ་ལ་དང་པོ་འགྱུར་བ་མེད་པའི་ཡེ་ཤེས་བསྟན་པ་ནི། དེ་ནས་ཡང་རིག་པ་མི་འགྱུར་བའི་ཀློང་ཆོས་ཉིད་ཀྱིས་བརྒྱན་པའི་ཕོ་བྲང་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ལེའུ་གཉིས་པ་བསྟན་པ་དེ་ནས། ཡང་ནི་ཞེས་གསུམ་པ་བཤད་པས། རིག་པ་མི་འགྱུར་བ་སྟོན་པའི་གནས་ཀྱིས་ཚུལ་ཀློང་ཆོས་ཀྱི་དབྱིངས། ཆོས་ཉིད་མ་བཅོས་པ། །ཀྱི་འོད་དང་ཡེ་ཤེས་ཀྱིས་བརྒྱན་པའི་ཕོ་བྲང་འོག་མིན་ཀྱི་གནས་ནས་ནི་དེ་ལྟ་བུ་ནས་རིག་པ་དེ་ཉིད་སྟོན་པ་བྱུང་སྟེ་དུས་ཐམས་ཅད་དུ་འགྱུར་མ་མྱོང་བའི་ཡེ་ཤེས་གཉིས་འདུས་པའི་སྐུ་གསུམ་གཅིག་ཏུ་གྱུར་པས་ཆེན་པོ་སྟེ། འདི་ཞེས་ལེའུ་གསུམ་པ་སྐད་ཚིག་དང་ཡི་གེ་ཞེས་བཅད་ནས་སྨྲས་པ་སྣང་ཐབས་ཀྱི་འཁོར་ལ་སྨྲས་སོ། །དོན་གཉིས་པ་རང་བཞིན་གྱི་སྣང་བ་ངོས་བཟུང་བར་བསྟན་པ་ནི། ཨེ་མ་ཞེས་པས་བསྟན་ཏེ། ཨེ་མ་ཧོ། ཞེས་ངོ་མཚར་དང་བཅས་པས་བོས་ནས། རང་བཞིན་ནི་མ་བཅོས་པ། ཀྱི་སྣང་བ་ཡུལ་དུ་ཡོད་པ་སྟེ། དེ་ཉིད་རྣམ་པར་དག་པའི་ཡུལ་འོད་དང་འོད་ཁྱིམ་དུ་གནས་གནས་པ་འདི་ནི་འོད་ལྔ་གསལ་བ་མ་འདྲེས་པར་འཚེར་བ་ཟེར་སྣ་ཚོགས་པ། སྐུ་ལྔའི་ཕོ་བྲང་དབྱིངས་ཏེ་དཀྱིལ་འཁོར་དུ་བྱུང་བ་དེ་ཉིད་ཡེ་ནས་མི་འགྱུར་བར་གནས་པའོ། །གདུལ་བྱའི་སྣང་བ་ངེས་པར་གཟུང་བར་བསྟན་པ་ནི་འཁྲུལ་པ་རྒྱུ་རྐྱེན་དང་བཅས་པ་གཅིག་ཏུ་མི་གནས་པ་ལ་བྱ། གདུལ་བྱ་འགྲོ་བ་རིགས་དྲུག་གི་སྣང་བ་འདི་ནི་རགས་པ་དངོས་པོ་རྫས་སུ་ཡོད་པ་དང་། མཐའ་མེད་དང་གཟུགས་ཡས་པས་རྡུལ་དང་ཡི་གེར་སྣང་བ་ལ། དེའི་འདུལ་བྱེད་སྐུ་དང་མཛད་པ་མེད་པའི་ཐུགས་རྗེ་རིགས་མི་འདྲ་བ་སྣ་ཚོགས་པར་སྤྲུལ་ནས་དོན་བྱེད་པའོ། ཡེ་ཇི་བཞིན་པའི་སྣང་བ་བསྟན་པ་ནི། ཆོས་ཉིད་ཡེ་ནས་མ་བཅོས་པ་ཡངས་པ་དབྱིངས་བསམ་གྱིས་མི་ཁྱབ་པའི་སྣང་བ་རང་བཞིན་ཀྱི་འོད་གསལ་བ་གདངས་སྐུ་དང་ཡེ་ཤེས་ཀྱི་ཆ། ཡེ་ཤེས་མེད་པའི་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་སུ་ཕྱེ་བ་མེད་པས་ངོ་བོ་ཀ་དག་ཏུ་གཅིག་པ་ལས་ལྷུན་གྲུབ་ཀྱི་རྩལ་དུ་མར་འཆར་བའོ། །ཆས་འཇུག་སྣང་བ་བསྟན་པ་ནི། གསལ་བ་ནི་གབ་པའི་དོན་ཐལ་ལ་ངོ་སྤྲོད་པས་དད་པ་ཅན་དཔེ་ལ་བརྟེན་ནས་སྣང་བའི་འོད་སྣང་བ་ཆེན་པོ་བར་མ་དོ་ལ་འདི་ལྟར་སྣང་བ་ཡིན་ཞེས་པ། དེ་ཇི་ལྟར་སྣང་ཞེ་ན་སྐུ་ལྔའི་ཚོམ་བུའི་སྣང་བ་སྣ་ཚོགས་པ་ལྷ་དང་ལྷ་མོ་ཉིད་དུ་སྣང་བ་དེ་ལས་གསུང་རང་བྱུང་གི་ཡི་གེ་དྲུག་ལྗ྄གས་ཀྱི་དབང་པོ་ལས་སྤྲོས་ནས་གཞན་དོན་མ་འགགས་སྟེ་མོས་པས་སྤྱོད་པའི་ས་ལ་འདྲེན་པར་ནུས་པའོ། །དག་པ་སྟོང་པ་ཉིད་ཀྱི་སྣང་བ་བསྟན་པ་ནི། གཞི་ཀ་དག་ལས་ལྷུན་གྲུབ་ཀྱི་རོལ་པ་སྣ་ཚོགས་སུ་ཤར་བ་ཉིད་ལས་སངས་རྒྱས་ཀྱི་སྐུའི་འོད་ཁ་དོག་ཉི་ཤུ་རྩ་ལྔ་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་པར་ཤར་བ་ལས། ཐིག་ལེ་ཉིད་འོད་ལ་འདུ་བ་དང་འཕྲོ་བ་རབ་ཏུ་ཟེར་ཉི་མ་ལྟར་རབ་ཏུ་འཕྲོ་ཞིང་འབར་བའོ། །ཤེས་རབ་ཉམས་སྣང་གི་སྣང་བ་ནི། གསང་སྔགས་ཨ་ཏི་ཆེན་པོའི་མཛད་པ་ནི་མན་ངག་དང་ཐབས་མ་ལུས་པར་ལྷག་མ་མེད་ཅིང་། སོ་སོར་དབང་པོའི་བྱེ་བྲག་དུ་མ་ལས་འཕྲོ་བ་དང་གཏུན་ཏེ། ཡེ་ཐོག་མ་ནས་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་གཞིའི་དོན་དུ་གཞག་ཐབས་བཞིར་བསྡུས་ནས། དེ་ཉིད་དང་མི་འབྲལ་བར་བླང་དོར་མེད་པར་བསྟན་ནོ། །དོན་གཉིས་པ་འཁྲུལ་པ་རང་སྣང་གི་ཡེ་ཤེས་བསྟན་པ་ལ་དོན་གཉིས་ཀྱི་དང་པོ་སྐྱེ་བ་མེད་པའི་ལམ་བསྟན་པ་ནི། ཨེ་མ་ཧོ་ཞེས་པས་ངོ་མཚར་དང་བཅས་པས་བོས་ནས་གསང་སྔགས་ཨ་ཏི་ཡོ་ག་ལ་ཐབས་གསང་བ་དེ་སྐལ་ལྡན་ལ་སྔགས་པ་དེ་ཉིད་ཀྱིས་སེམས་གནས་པར་བྱ་སྟེ། གཞི་གནས་ཀྱི་ཡེ་ཤེས་ཉིད་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ཆེན་པོར་འགྱུར་བ་ནི། ཆོས་ཉིད་མི་སྣང་བ་དཀྱིལ་རིག་པ་འཁོར་སྣང་བ་ཡིན་ཏེ། རིག་པ་ལ་སྐྱེ་བ་མེད་པ་དེ་ཉིད་དབང་པོའི་མིག་གིས་མངོན་སུམ་དུ་ཕྲ་རགས་ཀྱི་དྲི་མ་སངས་ནས་འོད་དང་ཐིག་ལེར་རྒྱས་པས། ཡུལ་རགས་པ་མེད་དེ་རྣམ་པ་སྒོ་ལྔའི་ཡུལ་དུ་དག་པའི་སྣང་བ་འོད་དང་ཟེར་མཐོང་བའོ། །འགགས་མེད་ཀྱི་ཐུགས་རྗེ་བསྟན་པ་ནི། སྐུ་སྤྲུལ་པའི་སྐུ་ལས་ཡེ་ཤེས་རང་ལ་རང་ཆས་ཡོད་པ་དེ་ཉིད་མངོན་སུམ་དུ་བསྟན་པས་ངང་མ་བཅོས་པ་ལ་རྣམ་པར་རྟོག་པ་རང་བཞིན་གྱིས་མེད་པས། ཆོས་ཉིད་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་ལས་ཡེ་ཤེས་ལྔའི་འོད་ཐུགས་རྗེ་སྤྲུལ་པའི་སྐུར་འབར་མངོན་དུ་གདུལ་བྱ་ལ་བསྟན་པས་མུན་པ་འཁོར་བ་མ་ཡིན་པས་སྣང་བ་མྱ་ངན་ལས་འདས་པ་ཆེར་པོར་བསྟན་པའོ། །དོན་གསུམ་པ་རིག་པའི་དེ་བཞིན་ཉིད་མ་སྤངས་ལ་ཡོངས་སུ་རྫོགས་པར་བསྟན་པ་ལ་གསུམ་གྱིས་བསྟན་པའི་དང་པོ་དེའི་དོན་ཞུས་པར་བསྟན་པ་ནི། དེ་ནས་མི་སྣང་བའི་སྣང་བ་ཆེན་པོས་ནི་འཁྲུལ་པ་རང་སྣང་ཡེ་ཤེས་བསྟན་པའི་དེ་ནས་མི་སྣང་བ་འཁྲུལ་པ་མེད་པའི་རིག་པ་ཉིད་སྣང་བ་ཆེན་པོས་ནི་འཁྲུལ་པ་ཉིད་ལ་རྨི་ལམ་ཀྱི་རྣམ་པར་སྣང་ལ། རིག་པ་གཞི་འཛིན་པའི་རིག་པ་དང་ལྷག་མཐོང་སྐུ་ནི་སྐུ་གསུམ་གཅིག་དུ་གནས་ཤིང་དྲིལ་པ་རྒྱུན་འདབས་སུ། འབྲེལ་མ་ཆད་པར་སྐྱེ་བས་ལུ་གུ་རྒྱུད་དུ་སྣང་ལ་དབང་པོའི་ཡུལ་ལས། ཉིད་མ་བཅོས་པ་ལ་འདི་ནི་ཚིག་སྒྲ་སྐད་དུ་ཞུས་སོ། །ཀྱེ་ཞེས་བོས་ནས་གསང་བ་ལུས་མེད་པ་ལ་མི་སྣང་བས་རིག་པ་ལུ་གུ་རྒྱུད་འོད་ལྔ་དང་ཆས་པ་ཉིད། བདག་ནི་ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པས་ཅག །འགྱུ་བ་དང་འཛིན་པ་རྣམས་དང་བཅས་པ་ལ་གསལ་བའི་རང་གདངས་ཀྱི་སྣང་བ་བསྟན་དུ་གསོལ་ཞེས་ཞུས་པས། དེ་ནས་ལན་དུ་རིག་པའི་རྒྱུ་བསྟན་པ་ནི། དེ་ནས་ནི་ཞུས་མ་ཐག་པ་ནས་རིག་པ་མཁའ་ལ་ཁྱབ་སྟེ་དབྱིངས་གཅིག་ཏུ་དྲིལ་བའི་ཡུལ་ཆེན་པོ་ནས་འདི་སྐད་ཅེས་ཡིད་ཀྱི་རྣམ་ཤེས་འཁོར་དང་བཅས་པ་ལ་གསུངས་སོ། །ཀྱེ་མ་ཞེས་བོས་ནས་སྣང་བ་དབང་པོའི་ཡུལ་འཁོར་དང་བཅས་པ་རྣམས་རབ་ཏུ་ཉོན་ཅིག་ཅེས་ཉན་པར་སྣ་གཏད་ནས། ད་དངོས་པོའི་འདུག་ཚུལ་ཡེ་ནས་དག་པ་ལ་རིག་པ་མངོན་སུམ་དུ་མཐོང་ཞིང་རྟོགས་པས་ཡང་དག་པའི་རིག་པའི་ཆོས་ཉིད་ལས་འཁྲུལ་པ་ཡེ་ནས་མེད་པ་ནི། དེ་ཡང་གང་ཞེ་ན། རིག་པ་རྡོ་རྗེའི་མི་འགྱུར་བ་ལུ་གུ་རྒྱུད་ལས་རྒྱུན་བསྟན་པ་ཉིད། ངོ་བོ་ཀ་དག་ལ་འཁྲུལ་པ་མེད་པས་སྔར་ད་ལྟར་གང་ཟག་གི་ལུས་ལ་གནས་པ་མེད་པའི་སྔོན་དུ་ཡང་འཁྲུལ་མ་མྱོང་པས། ད་ལྟ་རིག་པའི་ངོ་བོ་ལ་འཁྲུལ་པ་མེད་དོ། །དེ་ལྟར་མེད་པའི་དོན་ཁོང་དུ་ཆུད་པས་ཕྱིས་འཁྲུལ་མི་སྲིད་པས། གཏན་ཚིགས་རིག་པ་མ་འཁྲུལ་པར་ཞེས་པ་དེའི་ཕྱིར་མ་འཁྲུལ་པའི་རིག་པ་ལ་མ་རིག་པ་སངས་ཏེ་སྐུ་དང་ཡེ་ཤེས་སུ་རྒྱས་སོ། །དབྱིངས་ཀྱི་རྒྱུ་བསྟན་པ་ནི། དབྱིངས་ནི་ཕྱིའི་ནམ་མཁའ་དང་། ནང་གི་དབྱིངས་འོད་དང་ཁ་དོག །གསང་བའི་དབྱིངས་སྒྲོན་མ་ལས་ཉོན་མོངས་པའི་དྲི་མ་དག་པས། ཡང་དག་དོན་གྱི་སྒྲོན་མ་དེ་ཉིད་ཀྱང་། རྟག་པའི་ཡེ་ཤེས་ལྟར་སྔར་ལུས་ལ་མ་བརྟེན་པའི་དུས་ན་སུས་ཀྱང་མ་བྱས་པས། ད་ལྟར་རྩོལ་བ་དང་བཅས་ནས་མི་བྱེད་པར་རང་སར་བཞག་པས། ཕྱིས་མི་ཕྱེད་པ་ནི་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པས་འཁོར་བར་གནས་པར་མི་འགྱུར་རོ། །གཏན་ཚིགས་ཡུལ་ཅན་དུ་མའི་རྟོག་པ་ཆོད་པ་དེའི་ཕྱིར་མ་བྱས་པའི་ཆོས་ནི་རང་བཞིན་རྫོགས་པ་ཆེན་པོའི་རྩོལ་བསྒྲུབ་དང་བྲལ་བ་ཞེས་བྱའོ། །དེ་ཡང་ཉམས་སུ་བླང་བྱ་དང་སྦྱར་ན་ལུས་མ་བཅོས་པར་དལ་བར་གནས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པས་ཆེན་པོའོ། །ངག་གི་མ་སླད་པར་འཁྲུལ་པའི་གཏན་རྒྱུད་དང་བྲལ་བར་གནས་པས་བརྗོད་དུ་མེད་པའི་གཞི་རྙེད་པས་ཆེན་པོའོ། །ཡིད་ཀྱི་དྲན་བསམ་བཅད་ནས་སྒྲོན་མ་གཏད་ནས་གང་དུ་ཡང་མ་སྐྱུར་བས་སྣང་བའི་འཕེལ་དང་འདྲིས་པས་ཆེན་པོའོ། །ཆེན་པོ་གསུམ་ནི་ལུས་སྤྲུལ་སྐུ་ལ་དབང་ཐོབ། ངག་ལོངས་སྐུ། ཡིད་ཆོས་སྐུ་ལ་དབང་ཐོབ་པས་བདག་ཉིད་གཅིག་པུ་ཟླ་དང་བྲལ་བས་སྣང་བའི་གྲོགས་དང་ལྡན་པ་ནི། མ་འཁྲུལ་པ་ནི་རིག་པ་ལ་གདོས་བཅས་ཀྱི་དྲི་མས་སངས་པས་རིག་པ་ཉིད་གཅེར་བུ་གླིང་པར་རྒྱས་པ་དེ་སུས་ཀྱང་མ་བྱས་པར་རང་གིས་རང་མཐོང་པ་ལས་བྱུང་བས་ཆོས་ལས་འདས་པས་བསྒྲུབ་ཏུ་མེད་པར་བསྟན་པ་ཞེས་བྱའོ། །རིག་པའི་དབྱིངས་ལ་བཟང་ངན་མེད་པར་བསྟན་པ་ལ་བཞིས་བསྟན་པའི་དང་པོ། རིག་པའི་རང་ས་བསྟན་པ་ནི། རིག་པ་ལྷག་མཐོང་རྡོ་རྗེ་ནི་མི་འགྱུར་ལུ་གུ་རྒྱུད་ཀྱི་སྐུ་སྣང་བའི་ཆ་ནས་བཞག་པའི་ཉིད་ནི། །སྔར་ལུས་ལ་མ་བརྟེན་པའི་དུས་ན་འཁོར་བ་ཞེས་བྱ་བར་གྲུབ་པ་མེད་པས་གནས་པ་ཡང་མེད་པས། །མྱ་ངན་ལས་འདས་པ་ཡང་ཉམས་སུ་མྱོང་པ་མེད་པས་དེ་ལྟ་བུའི་ཉམས་ཁོང་དུ་ཆུད་པའི་སྐལ་ལྡན་ལ་རིག་པ་ཉིད་ད་ལྟ་དང་འཁོར་བའི་ཉེས་སྐྱོན་མེད་པས་གནས་གཅིག་ཏུ་འཁོར་བ་མི་སྲིད་པ་ནི། ཕྱིས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པས་ལུས་ཉིད་དུ་འཁོར་བ་དང་། ལུས་ལ་རིག་པ་གནས་པ་མ་ཡིན་ནོ། །དབྱིངས་ཀྱི་རང་ས་བསྟན་པ་ནི། དབྱིངས་རྒྱ་ཆེ་ཞིང་མཐའ་དབུས་མེད་པ་རྣམ་པ་ཡུལ་དུ་འཛིན་པ་དག་པའི་སྒྲོན་མ་སྣང་བ་ཉིད་ནི། ལུས་ལ་མ་བརྟེན་པའི་དུས་དང་ད་ལྟ་གཉིས་ལ་ཁྱད་པར་མེད་པས་ནི། སྔར་སེམས་རྣམ་པར་རྟོག་པས་སླད་པ་ཅན་དེ་དང་ལྡན་པ་དེ་ཉིད་དང་བྲལ་བ་འཕོ་འགྱུར་མེད་པར་གནས་པའི་དེ་ལ་སེམས་ཀྱི་མྱོང་བྱེད་མེད་པས། ད་འཁོར་བ་ཡེ་སངས་རྒྱས་པས་སེམས་ཅན་དང་སངས་རྒྱས་གཉིས་མེད་དུ་ཁོང་དུ་ཆུད་པས་འབྲལ་བར་མི་འགྱུར། དངོས་པོ་གཤིས་ལ་སྲིད་པར་འཆར་བྱེད་མ་འགགས་པའི་ཕྱིར་ན། ཕྱིས་ཀྱང་རིག་པ་དང་དབྱིངས་གཉིས་སུ་མེད་པར་འདྲེས་པ་ཉིད་ལས་འབྲལ་བར་མི་འགྱུར་རོ། །གཏན་ཚིགས་རིག་པའི་ངོ་བོ་དབྱིངས་ལ་ཁྱབ་པ་དེའི་ཕྱིར་ན། སྣང་བ་ནི་མིང་དུ་མེད་པ་ལས་སྣང་བའི་མིང་དུ་མར་ཤར་བའི་ཕྱིར་རོ། །རིག་པའི་ངོ་བོ་བསྟན་པ་ནི། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་སྣང་ཆ་ནས་བཞག་པ་དེ་ཉིད། ཡེ་ནས་བུདྡྷ་ཐ་མར་བཞུགས་པས་འཁོར་བ་ཉིད་གྲུབ་པ་མེད་པས་སངས་རྒྱས་ཀྱང་མ་གྲུབ་པས་སྔར་ལུས་ལ་བརྟེན་པའི་དུས་ནས་སངས་རྒྱས་མ་མྱོང་བས། ད་སངས་རྒྱས་རྒྱུ་མེད་པས་སངས་རྒྱས་མི་སྲིད་དེ། དེའི་གནད་ཀྱིས་ཕྱིས་ལུས་བོར་བའི་དུས་ན་ཡང་སངས་རྒྱས་པར་མི་འགྱུར་རོ། །དབྱིངས་ཀྱི་ངོ་བོ་བསྟན་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད་ནི། དངོས་པོ་འདུག་ཚུལ་ལ་སེམས་ཅན་གྲུབ་པ་མེད་པས་སྔར་ལུས་ལ་མ་བརྟེན་པའི་དུས་ན་སེམས་ཅན་མིང་དུ་མེད་པས་གནས་པ་ཞེས་མ་མྱོང་བས། ད་ལྟ་བས་དེའི་དོན་ལ་མི་གནས་པར་ཤེས་ན་སྲིད་པའི་འཁོར་ལོ་ལ་འཇུག་མི་སྲིད་པ། དེའི་སྟོབས་ཀྱིས་སེམས་ཅན་གྱི་ལུས་ལ་བརྟེན་ཅིང་གནས་པར་མི་འགྱུར་རོ། །གཏན་ཚིགས་དབྱིངས་རིག་ཡེ་སངས་རྒྱས་པར་བཞུགས་པ་དེའི་ཕྱིར་ན་ལུང་གཟུང་དུ་མེད་པ་དང་། ངེས་པར་ཟད་པ་དང་། བྱིན་གྱིས་རླབས་པ་གསུམ་ཡེ་ནས་བུདྡྷ་ལ་བསྟན་དུ་མེད་ཀྱང་བླ་མའི་གདམས་ངག་ལ་བརྟེན་ནས་མཚོན་དུ་མེད་པས་སྙིང་པོའི་རང་གནད་ཅེས་བྱའོ། །རིག་པ་རང་རྫོགས་སུ་བསྟན་པ་ལ་གཞི་བསྟན་པའི་དང་པོ་འཁོར་འདས་གཉིས་སུ་མེད་པར་བསྲེ་བའི་མན་ངག་དྲན་པར་བྱ་བ་བསྟན་པ་ནི། ཨེ་མ་ཧོ། ཞེས་ངོ་མཚར་བ་དང་བཅས་པས་སྣང་བའི་ཚོགས་ལ་བོས་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་རྒྱུ་འབྲས་སངས་རང་ངོ་རྒྱས་པ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་སེམས་ཅན་གྱི་ལམ་རྟེན་དུ་བཞུགས་པ་གཉིས་ནི། སྔར་ལུས་ལ་མ་བརྟེན་པའི་དུས་ན་འདུ་འབྲལ་མེད་པར་གནས་པས་རྒྱབ་ཐ་དད་དུ་གྱེས་པ་མེད་པས་འཁོར་འདས་གཉིས་སུ་ཉམས་སུ་མ་མྱོང་པས། ད་ལྟ་ཡང་འདུ་འབྲལ་མེད་པར་དུས་ཐམས་ཅད་དུ་གཉིས་མེད་དུ་གྱེས་པ་མེད་པ་ནི་སྲིད་པའི་ཡུལ་ལ་རྟོག་བཅས་སུ་འཕྲོ་མི་སྲིད་པས། ཕྱིས་ལུས་དང་བྲལ་བའི་དུས་ན་ཡང་དབྱིངས་རིག་གཉིས་རྒྱུ་གྱེས་པར་མི་འགྱུར་རོ། །གཏན་ཚིགས་དབྱིངས་རིག་གཉིས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་པར་འདྲེས་པས་དེའི་ཕྱིར་ན། ལུང་གསུམ་ལ་འཁྲུལ་པ་རྒྱུ་རྐྱེན་མཚུངས་པ་གསུམ་དབྱིངས་དང་རིག་པ་ལ་མེད་པ་ལ། བླ་མའི་གདམས་ངག་གིས་བསྟན་པས་འཁྲུལ་པ་དང་མ་འཁྲུལ་པར་བསྟན་ལ་ཕབ་པས་འཁྲུལ་པ་འབྱུང་བ་ལྟར་སྣང་བའོ། །འཁོར་འདས་ངོ་སྤྲད་པའི་གདམས་ངག་དྲན་པར་བྱ་བར་བསྟན་པར་ནི། སེམས་ཅན་ཀྱིས་འཁོར་བ་ལ་སྤྱོད་ཅིང་ཡང་ནས་ཡང་དུ་འཁོར་ཏེ་དེ་ན་གནས་ཀྱང་འཁོར་བའི་མཚན་ཉིད་སྔར་མ་མཐོང་པས་བླ་མའི་གདམས་ངག་མེད་པ་དང་། རང་ལ་སྐལ་པ་དང་དད་པ་མེད་པ་རྣམས་ཀྱིས་ད་ཡང་འཁོར་བའི་མཚན་ཉིད་མི་མཐོང་པས་འཁོར་བ་ལ་བྱིངས་ཀྱང་སྐལ་མེད་རྣམས་ཀྱིས་མཐོང་བར་མི་འགྱུར། གཏན་ཚིགས་འདས་པ་ལ་འཁོར་བ་མ་གྲུབ་པར་གནས་ཏེ། དེའི་རྩལ་ཆོས་ཉིད་ལ་རྟོགས་པའི་རང་བཞིན་དུ་མེད་ཀྱང་སྐལ་པ་མེད་པའི་གང་ཟག་གིས་དུས་གཉིས་སུ་རྟོགས་མ་མྱོང་པ་དེའི་ཕྱིར་ན་འཁོར་བ་ལ་ཡུན་རིང་བར་གནས་པ་ཞེས་བྱའོ། །དེ་ལྟར་འཁོར་བའི་སྣང་བ་དེ་ལས་ཡེ་ཤེས་རང་གྲོལ་གྱི་གདམས་ངག་དྲན་པར་བྱ་བ་ནི། ཡང་ནི་མནན་པ་སྟེ་དག་པ་རྟོགས་པ་སྔོན་དུ་སྐུར་པའི་སངས་རྒྱས་ཀྱིས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཉིད་ཡིནརང་་པས་གཞན་ནས་རྟོགས་བྱའི་ཡུལ་མེད་པར་སྔར་འདས་པའི་དུས་ན་ཡང་མ་རྟོགས་ལ། ད་ཡང་གཞན་དུ་མི་རྟོག་པས། མ་འོངས་པའི་དུས་ཕྱིས་ཀྱང་གཞན་འབྱུང་དུ་རྟོགས་པར་མི་འགྱུར་རོ། །གཏན་ཚིགས་འཁོར་བ་ཉིད་རང་གྲོལ་བ་དེའི་ཕྱིར་ན། སངས་རྒྱས་ལ་རྣམ་པར་རྟོག་པ་ཡེ་ནས་མེད་མ་མྱོང་སྟེ་ཡུལ་ཐ་དད་དུ་མེད་པ་ཡིན་ཀྱང་སེམས་ཅན་ཀྱི་སྣང་ཚུལ་ལ་རྣམ་པར་རྟོག་པ་དུ་མ་བྱུང་བས་དབྱིངས་རིག་རང་གྲོལ་དུ་རྟོགས་པ་ལ་གཞན་འབྱུང་གི་ཆོས་མེད་པ་ཞེས་བྱའོ། །རིག་པ་སྤྱི་བླུགས་ཀྱི་མན་ངག་དྲན་པར་བྱ་བ་བསྟན་པ་ནི། རིག་པ་ཉིད་ལ་འབྱུང་བ་བཞིའི་དྲི་མ་རང་སངས་ནས་མཁྱེན་པའི་ཡེ་ཤེས་སུ་རྒྱས་པ་དབྱིངས་བསམ་གྱིས་མི་ཁྱབ་པར་ཤར་བ་སེམས་ཡིན་ལ། དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་གནས་སུ་གྱུར་པས་ཅན་ཞེས་བྱ་བ་གཉིས་དུས་ཆེན་པོ་བྲལ་བ་མེད་པར་ཡེ་ནས་བསྟན་པའོ། །དེས་ན་རིག་པ་རང་གི་གནས་ལུགས་ཉིད་ལ་འཁྲུལ་པ་མེད་ཀྱང་སྣང་བ་ཐབས་ཡུལ་ཅན་ལ་འཁྲུལ་ལྟར་བྱུང་བས་དེ་ཉིད་འཁྲུལ་གཞི་རྩད་བཅད་པས་ཡེ་ཤེས་རང་ལུགས་སུ་ལོག་པའོ། །གཏན་ཚིགས་སངས་རྒྱས་དང་སེམས་ཅན་གཞི་ལས་མ་གཡོས་པ་དེའི་ཕྱིར་ན་ངོ་བོ་ལ་གཅིག་པར་བཞུགས་པ་ཞེས་བྱའོ། །རིག་པའི་མཁའ་དབྱིངས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཞེན་པའི་བློས་སངས་པར་བསྟན་པ་ནི། ཨེ་མ་ཧོ་ཞེས་སྣང་བ་ལ་ངོ་མཚར་བོས་ནས་དགོངས་གཅིག་ནི་ཐིག་ལེ་ཉག་གཅིག་གི་དོན་ལ་གནས་པ་སྟེ་མཁའ་རིག་པ་ཀློང་དབྱིངས་ཏེ་དབྱིངས་རིག་གཉིས་སུ་མེད་པ་དེ་ཉིད། གསང་སྔགས་ཀྱི་ལྟ་བ་རྡོ་རྗེ་འདུས་མ་བྱས་པ། སེམས་པ་དོན་གཉིས་བྱེད་པ་རིག་པ་ཤེས་ཤིང་རང་རིག་ཏུ་ཡོད་པ། སྐུ་སྐུ་གསུམ་གཅིག་ཏུ་དྲིལ་བ་ལུ་གུ་རྒྱུད་དེ། རང་བཞིན་སྟོང་པའི་ངོས་ནས་རྟག་པ་མ་ཡིན། སྙིང་པོ་གསལ་བའི་ཆ་ནས་ཆད་པའི་ལྟ་བ་ཉིད་ཡོངས་ཀྱིས་མེད་པའོ། །འོ་ན་དེ་སྟོང་པ་ཕྱང་ཆད་པ་མ་ཡིན་ཏེ་འོད་ལྔ་འགགས་པ་མེད་པར་སྣང་བས་སྟོང་པ་མ་ཡིན། འོད་དེ་མཚན་མ་ཞེན་ཡུལ་དང་བཅས་པར་མེད་པས་གསལ་བ་ངང་གིས་མེད་དེ་གཏིང་ཡངས་སུ་གནས་པའོ། །སྟོང་པ་དང་གསལ་བ་གཉིས་རྒྱུ་མཐུན་པ་མ་ཡིན་ཏེ་སྟོང་པ་ཡུལ་ཡིན་ལ་གསལ་བ་གདངས་ཡིན་པས་དེ་གཉིས་ཀའི་སྣང་བ་རང་སར་རིག་པའི་ངོ་བོ་ལ་དག །དེ་གཉིས་ཀ་འབྱུང་བ་ཕྱིས་ཀྱི་ཚུལ་མ་ཡིན་པར་རིག་པ་ལས་བྱུང་བའི་ཚུལ་དུ་མ་སྤངས་ལ་ཡོངས་སུ་དགག་སྒྲུབ་མེད་པར་རྫོགས་པས། དེ་ལ་སྐྱེད་པའི་རིམ་པའི་ཚུལ་དུ་རིམ་པས་མ་ཡིན་ཏེ། སྣང་བ་ཅིག་ཆར་དུ་རང་སྣང་རང་གི་ཚུལ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་སྣང་བ་ལྟར་སྟོང་པ་དང་གསལ་བ་རང་རྒྱུད་དུ་བཟུང་བས་གོལ་ཏེ་སྣང་ངོ་། །འཁྲུལ་པའི་ཡུལ་སྤང་བར་བསྟན་པ་ནི། དེ་ལྟ་བུའི་ཆོས་ཉིད་སྟོང་གསལ་རིག་པའི་སྙིང་པོ་ལ་མིང་དང་ཡི་གེ་དང་ཐ་སྙད་ཀྱི་ཚོགས་དེ་དག་ཐམས་ཅད་ཡེ་ནས་ཡང་དག་པ་ཉིད་དུ་བྲལ་བ་དེ་ཉིད་ནི། ཡུལ་གང་ལ་སྣང་ན་དག་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལ་ངོས་གཟུང་མེད་པར་ཟང་ཐལ་དུ་སྣང་བ་ནི་རྟག་ཆད་དུ་ཀུན་ལས་འདས་པའི་དོན་དེ། སྐྱེ་བ་མེད་པར་ཡེ་ནམ་མཁའ་དང་གཉིས་སུ་མེད་པར་གནས་པ་ཨའི་སྣང་བ་འོད་ལྔ་ཡང་ཡེ་ནས་སྐྱེ་མེད་ལས་ངོས་འདི་དང་འདི་ལ་ཡོད་པ་དང་མེད་པ་ལས་འདས་པས་འདི་ལྟ་བུར་གཟུང་དུ་མེད། གཉིས་སུ་མེད་པའི་ཡང་དག་པའི་ཡེ་ཤེས་ནམ་མཁའ་ལ་གསལ་བ་དེ་ཉིད་ལ། ལུ་གུ་རྒྱུད་ལ་འགྲོ་འོང་ཡོད་པས་བྱ་བྱེད་མ་འགགས་པ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པ་སྟེ་དེ་ལ་དམིགས་པ་ཡོངས་སུ་དག་པས་རྣམ་པར་རྟོག་པའི་བདག་གིས་གོས་པ་མེད་པ་ནི། དཔེར་ན་དེ་ཉིད་རང་བཞིན་མེད་པ་དེ་མེ་ལོང་ནང་གི་གཟུགས་བརྙན་དང་ལྟར་སྣང་ཡུལ་དུ་ནམ་མཁའ་ལ་སྣང་སྟེ་གཟུང་ཡུལ་ཞེན་པའི་རྫས་སུ་མེད་པའོ། །དེ་ཡང་མ་འགགས་པར་ཟང་ཐལ་བས་ངོ་བོ་ལ་འགགས་པ་མེད་པར་སྣང་བ་དེ་ཉིད་ཀུན་གྱི་སྙིང་པོར་ཡེ་ནས་གནས་པའོ། །དེ་ལྟ་བུ་ནི་ཐེག་པ་ཐུན་མོང་པ་ལས་གསང་བ་འདི་ཉིད་ཀྱི་གནས་ལུགས་དེ་ཉིད་དང་འདུ་འབྲལ་མེད་པར་དེ་བཞིན་ཉིད་དུ་གནས་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་སྣང་བ་བསྟན་པ་ལས་དོན་གཉིས་ཀྱིས་བསྟན་པའི་དང་པོ་སྐུ་གསུང་ཐུགས་ཀྱི་རང་བཞིན་བསྟན་པ་ནི། ཀྱེ་རིག་པ་ཉིད་རང་དོན་མཐར་ཕྱིན་པས་ཀྱེ་གཞན་དོན་ལ་ཐོགས་མེད་དུ་བྱེད་པས། གདུལ་བྱའི་ཡུལ་མི་འདྲ་བ་ཐ་དད་པ་ལ། འདུལ་བྱེད་ཀྱི་སྐུ་མི་འདྲ་བ་ཐ་དད་པར་སྤྲུལ་ནས། སྣང་བ་ཐུབ་པ་དྲུག་ལ་སོགས་པར་སྣང་བ་མ་འགགས་པས། དེའི་གསུང་སོ་སོ་དང་མཐུན་པར་རོལ་པས། ཅིར་ཡང་རིགས་དྲུག་སོ་སོ་མཐུན་པར་སྟོན་པ་སྟེ། དེ་ལྟར་སྣ་ཚོགས་པའི་སྣང་བ་སྟོན་ཀྱང་རིག་པའི་ངོ་བོ་ལ་བུདྡྷ་དང་སེམས་ཅན་ལ་ཁྱད་པར་འགྱུར་བ་མེད་པས་ན། ཐུགས་ཀྱིས་མཛད་ཅིང་ཅིའི་ངོ་བོར་ཡང་མེད་པའོ། །རིག་པས་འཁྲུལ་པའི་བྱ་བྱེད་གཅད་པར་བསྟན་པ་ནི། རིག་པའི་བྱ་བ་དང་བྱེད་པ་མ་འགགས་པར་སྣང་བས། སེམས་ཀྱི་བསམ་པ་དུ་མར་ཤར་ཏེ་ཡུལ་སོ་སོར་བཅད་པས་རྣམ་པར་རྟོག་པ་སྣ་ཚོགས་པར་བྱུང་བས་སེམས་ཅན་གྱིས་རིག་པ་ཉིད་ངོ་མ་ཤེས་པས་ན་སེམས་དང་རིག་པ་འདྲེས་ཤིང་མཚུངས་པའོ། །ཞེས་རིག་པའི་ངོ་བོ་ལ་ཡི་གེར་བྲིས་པ་དང་འབྲི་བའི་མཁན་པོ་དང་འབྲི་བར་བྱེད་པ་མེད་པའི་རྒྱུད་འབྲེལ་བ་ལུ་གུ་རྒྱུད་གསང་བ་ཆེན་པོ་ལས་ཚིག་ཏུ་འཕྲོས་པ། མ་འཁྲུལ་རིག་པ་ཉིད་ལ་ཡེ་ནས་འཁྲུལ་མ་མྱོང་བས། དེ་ལ་ལུས་ཀྱང་བྱས་པ་མེད་པའི་ཆོས་ཨ་ཏི་ཡོ་ག་བསྟན་པའི་ལེའུ་གཞུང་གི་དུམ་བུ་ངེས་པར་གཅོད་པའོ། །གསུམ་པ་ནི་གཉིས་པ་བཤད་པའི་འོག་མ་བསྟན་པ་གྲངས་ཀྱི་གནས་གཞན་བསྟན་པའོ། །ད་ནི། ལེའུ་བཞི་པ་པདྨ་ཁ་འབྱེད་པ་བསྟན་པར་བྱའོ། །དོན་དམ་སྣང་བའི་ལེའུ་འདི་ལ་བསྡུས་པའི་དོན་བཞིའི་བསྟན་པ་ལས། དོན་དང་པོ་རིག་པའི་ངོ་བོ་བསྟན་པ་ལ། ནང་གསེས་ཀྱི་དོན་གཉིས་ཀྱིས་དང་པོ་རོལ་པའི་དོན་ཞུས་པར་བསྟན་པ་ནི། ལེའུ་གསུམ་པ་བསྟན་པའི་དེ་ནས་ཡང་ཚིག་འདི་སྐད་དུ། རྒྱུ་མ་རིག་པའི་བྱ་བ་མེད་པའི་རིག་པ་ཡེ་ནས་ཀ་དག་པས། ལུང་བྱེད་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་ཀུན་ཏུ་དེ་ནི་ཡོན་ཏན་སྣ་ཚོགས་སུ་ཤར་བ་ལ། ངན་པ་མེད་པས་བཟང་པོ། སྐྱོན་ལས་འདས་པས་བཀའ་ཕྱིན་ཅི་མ་ལོག་པ། །རྣ་བའི་དབང་པོར་རྩལ་བ་ནི། སྣང་ངོ་དེ་ལྟར་ཤར་བ་ཡི། དེའི་ཚེ་ཐབས་སླ་བའི་མན་ངག་ལས་བྱུང་བ་ནི། སྣ་ཚོགས་པར་སྟོན་པས་འགགས་པ་མེད་པའི་གནད་བསྡུས་པས་རང་སྣང་རྣ་བའི་དབང་པོས་བཅད་པས་མཉན་པའོ། །དོན་གསུམ་པ་མཐར་ཕྱིན་པས་ཀྱེ་ཀྱེ་སྣང་བའི་སྒྱུ་འཕྲུལ་པ་ཉིད་ཀྱང་དམིགས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དང་ཡེ་ནས་ལྡན་པ་ཡིན་པར་སེམས་ཅན་ཀྱིས་མ་རྟོགས་པས་རོལ་པའི་དོན་དུ་བྱུང་བའོ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་རོལ་པ་བསྟན་པ་ནི། རྡོ་རིག་པ་མི་འགྱུར་བ་ལས་རྗེ་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ལུ་གུ་རྒྱུད་རྒྱུན་འདབས་སྦྱོར་དུ་སྐྱེ་བ་སྐུ་གསུམ་གཅིག་དུ་དྲིལ་བ་ནི་གྲངས་མེད་པའི་སྣང་བ་ཆེན་པོ་ནི། སྐུ་གསུམ་དང་བཞི་དང་ལྔ་དང་སྐུ་གཅིག་པ་དང་ཐིག་ལེ་རང་བཞིན་གྱི་ཐིག་ལེ་ཀུན་ཁྱབ་དུ་གནས་པ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་ཡོན་ཏན་ཐམས་ཅད་དུ་ཤར་ཏེ། སྐྱོན་རྣམས་ལས་འདས་པ་དང་། ཆོས་ཉིད་སྤྲོས་པ་མེད་པ་དང་། དོན་དམ་པའི་ཐིག་ལེ་ཡུལ་ཐམས་ཅད་ལས་འདས་པ་དང་། ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་དང་རྐྱེན་གྱིས་རྣམ་པར་སྣང་བ་དང་། ཐིག་ལེའི་ཕྱེད་སྐུ་ནི་ཕྱེད་ཅེས་ཕྱེད་ཀྱི་དོན་དམ་པའི་རྒྱུ་བྱུང་བས་སྐུ་ཕྱེད་པའི་སྒྲོན་མ་བཞི་ཡིན་ལ། རྐྱེན་ཉམས་སུ་ལེན་པ་རྒྱུན་མ་ཆད་པ་ལས་འབྲས་བུ་སྐུ་རྣམས་སུ་སྨིན་ལ། ཕྱེད་ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་འབྱུང་བ་འདུས་པ་མའི་ཐིག་ལེས་ལུས་སྐྱེད་ལ། རྐྱེན་སྐྱེ་བ་བཞིས་འབྱུང་བ་ལས་གཟུགས་སྐུ་ཐ་དད་པར་སྨིན་ལ། ཕའི་རྒྱུ་བྱང་ཆུབ་ཀྱི་སེམས་ཀྱི་སྙིགས་མ་འདུས་པས་དྲན་བསམ་དུ་མ་སྐྱེད་ལ། རྐྱེན་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་ཐ་དད་པར་སྨིན་བས་ན་ཕྱེད་སྐུ་སྟེ། དོན་དམ་གྱིས་སྐུར་སྨིན། ཀུན་རྫོབ་ཀྱི་ལུས་སུ་སྨིན་པའོ། །ཉམས་ལེན་གྱིས་དུས་འོད་ཀྱི་ཐིག་ལེའི་དབུས་སུ་སྐུ་ལྟེ་བ་ཡན་ཆོད་དུ་སྣང་བ་རེ་རེ་འཆར་བས་ན་ཐིག་ལེའི་ཕྱེད་སྐུ་དང་ཞེས་པའོ། །ཡེ་ཤེས་དང་གཞི་གནས་ཀྱི་ཡེ་ཤེས་གསུམ། ཡེ་ཤེས་དང་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལས། གཟུགས་སྐུ་ནི་འོད་དང་ཁ་དོག་ཏུ་སྣང་བས་སྐུ། འོད་དང་དཀར་པོ་དྲི་མ་དག་པ་དང་། ཡོན་ཏན་རྫོགས་པའི་སེར་པོ་དང་། མ་ཆགས་དག་པའི་དམར་པོ་དང་། བྱ་རྩོལ་བྲལ་བའི་ལྗང་གུ་དང་། མི་འགྱུར་རྫོགས་པའི་མཐིང་གའོ། །འོད་ཀྱི་འཇའ་གུར་ནི་གྱེན་བསྒྲེང་དུ་སྣང་བ་དང་། རྩིབདངས་ཤར་་། སྤྱི་གཙུག་དང་། འཕྲེད་ཉལ་དང་། མུ་ཁྱུད་དུ་སྣང་བ་ལ་བྱ། དེའི་ངོ་བོ་ལ་དབུགས་འགག་པ་དང་བཅས་པ་མེད་པས་སྲོག་མེད་པའི་སྐུ་ཟང་ཐལ་དང་བཅས་པའོ། །འགྱུ་བ་ཡེ་ཤེས་ཀྱི་རླུང་ལ་བརྟེན་པས་སེམས་ཀྱི་བསམ་པ་མེད་པའི་གནད་ཀྱིས་སྣང་བའི་འོད་དེ་ཐིག་ལེ་དང་སྐུ་སྣ་ཚོགས་པར་སྣང་བ་དང་ཡེ་ནས་འདུ་འབྲལ་མེད་པར་གནས་བའོ། །དོན་གཉིས་ལ་དབྱིངས་ཀྱི་སྒྲོན་མའི་ངོ་བོ་བཔསྟན་་ལ་གཉིས་ཀྱིས་བསྟན་པའི་དང་པོ། དབྱིངས་དངོས་བསྟན་པ་ནི་དབྱིངས་ནི་རིག་པའི་གནས་ལ་བྱ། རྣམ་པ་འབྱུང་བ་བཞི་དག་པས་སྒྲོན་མ་ཡེ་ཤེས་ཀྱི་སྣང་བ་རང་གསལ་བ་ལ་བྱ། །འདིའི་ངོ་བོ་ལ་ལྟ་བ་ནི་དགོངས་པ་སྟེ་རྣམ་པ་རྟོག་པ་རྒྱུ་མི་སྲིད་དོ། །ཁྱབ་པ་མེད་པ་ནི་བེམ་པོ་ལ་མེད་ལ་རང་མདངས་མཐིང་ག་ལས་འོད་ལྔའི་སྣང་བ་འགྱུར་མ་བཅས་པས་ཏེ་རིག་པ་ཉིད་དང་། ཡུལ་སྒོ་ལྔའི་གཟུགས་ལ་སོགས་པ་མེད་པའི་གསལ་བ་ཡི་གེའི་ན་རོ་ལྟ་བུའི་ཆ་འོད་ལྔ་དང་བཅས་པ། སུས་ཀྱང་མ་བྱས་པར་རང་འབྱུང་བའི་འོད་ཀྱི་ར་བ་དང་བཅས་པའོ། །དབྱིངས་ཀྱི་སྣང་བ་བསྟན་པ་ནི་སྐྱེས་བུ་རྩོལ་བས་མ་བྲིས་པའི་འོད་ཀྱི་མུ་ཁྱུད་ཟླུམ་པོར་སྣང་བ་དང་བཅས་པ། དབང་པོ་སོ་སོས་མ་བཅད་པའི་ཡུལ་འོད་དང་ཟེར་དུ་བཅས་པ། ཡེ་ནས་རང་བྱུང་དུ་མཐིང་ག་ལ་སོགས་པའི་སྣང་བ་སྤེལ་ཞིང་རི་མོ་མཁན་ལྟ་བུའི་མ་བཀོད་པར་སྣང་བ་རང་རྫོགས་པས་འོད་དང་འོད་ཁྱིམ་དང་བཅས་པའོ། །དོན་གསུམ་པ་འདུ་འབྲལ་མེད་པའི་ཡེ་ཤེས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ་དེ་ཉིད་ཀྱི་རྒྱུད་བསྟན་པ་ནི། དེ་ཡང་ཞེས་པ་དབྱིངས་དང་རིག་པ་གཉིས་འདུ་འབྲལ་མེད་པར་གནས་ཏེ། གང་གིས་ཀྱང་མ་དམིགས་ཏེ་ཡུལ་དང་ཡུལ་ཅན་དུ་མ་བཅད་པའི་སྣང་བ་གང་གིས་ཀྱང་ངོ་བོར་མ་གྲུབ་པ་ཆེན་པོ་སྟེ། དེ་ལ་དྲི་མ་མ་རིག་པ་གསུམ་དང་རྐྱེན་བཞི་དང་། ཉོན་མོངས་པ་ལྔ་དང་། སྒྲིབ་པ་གཉིས་ཀྱི་ཕྱོགས་མེད་པ་ལ་རང་གིས་ངོ་བོར་རང་སྣང་དུ་བཞུགས་པ་ནི་སུས་ཀྱང་སྒྲོས་གདགས་སུ་མེད་དོ། །མཚན་མ་ཟིལ་གྱིས་མནན་པར་བྱ་བའི་གདམས་ངག་དྲན་པ་བྱ་བ་ནི། དབྱིངས་དང་རིག་པ་དེའི་ངོ་བོ་ལ་རྒྱུ་མ་རིག་པ་སངས་པས་དམིགས་པ་ཡུལ་གྱི་རྐྱེན་ལ་སོགས་པ་བཞི་དག །འཁྲུལ་པའི་དུས་ན་ཡུལ་སྣ་ཚོགས་མ་འགགས་པར་ཤར་ཡང་དེ་ཉིད་རང་གྲོལ་བས། རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་དང་བཅས་པ་ཉིད། གཟུགས་ལ་སོགས་པའི་ཡུལ་དྲུག་ལས་འདས་པས། ས་སྲ་བ་མེད་པར་བརྟན་པ་ཆེན་པོ་འོད་སེར་པོ་དང་། ཆུ་གཤེར་བ་མེད་པའི་འོད་དཀར་པོ་ཆེན་པོ་དང་། མེ་ཚ་བ་མེད་པའི་སྲེག་པ་ཆེན་པོ་དམར་པོ་དང་། རླུང་གཡོ་བ་མེད་པའི་བསྐྱོད་པ་ལྗང་གུ་ཆེན་པོའོ། །ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་མཐིང་ག་ཆེན་པོ་ལྔ་ཆོས་ཉིད་རང་ཟད་པའི་དབྱིངས་སུ་རང་དག་པས། སྣང་བའི་ངོ་བོ་གང་དུ་ཡང་གྲུབ་རྒྱུ་མེད་པས། དེ་ཉིད་ལ་འཇིགས་པ་མེད་པས་ཕྱིས་ཀྱང་མི་འཇིགས་པ་དེ་ལ་རྐྱེན་གྱིས་མི་ཤིགས་པས་ཡུལ་སྣང་མེད་པ་ལ། ངོ་མཚར་ཟད་པ་མཚན་ཉིད་ཤེས་པས་ཆེ་བའོ། །དེ་ལ་ཐེག་པ་རིམ་པ་དགུའི་གྲུབ་པའི་མཐའི་ཕྱོགས་གང་དུ་ཡང་མི་འཛིན་པས། ཐོག་མ་རང་གི་རིག་པ་ལྟ་བྱེད་མ་འགགས་པ་ལས་བྱུང་བའོ། །དབྱིངས་རིག་གཉིས་སུ་མེད་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱི་དང་པོ་སྐུ་ངོ་བོ་བསྟན་པ་ནི། ཀྱེ་མ་ཞེས་ངེས་པ་ཁོ་ནར་སྣང་བ་ལ་བོས་ནས། ཉམས་གོང་དུ་འཕེལ་བའི་སྣང་བ་ལས་ཡེ་ཤེས་དང་འོད་ཀྱི་སྐུ་བསམ་གྱིས་མི་ཁྱབ་བྱུང་བ་དེ་དག་ནི། སྔོན་དུ་དུ་མའི་ཐ་སྙད་ཐམས་ཅད་མ་སྤངས་བས་རང་བཞིན་རྫོགས་པ་ཆེན་པོ་བྱ་རྩོལ་ལས་འདས་པ་ཉིད་ཀྱི་ཀློང་དུ་ཡེ་ནས་མ་བཅོས་པར་ཆུབ་པའོ། །སངས་རྒྱས་ཀྱི་སྐུ་ནི་གཟུགས་མ་སྤངས་པ་ཡོངས་སུ་རྫོགས་པས་རྣམ་པར་སྣང་མཛད་ཀྱི་སྐུ་དང་། རྣམ་ཤེས་མ་སྤངས་པ་ཡོངས་སུ་རྫོགས་པས་རྡོ་རྗེ་མི་བསྐྱོད་པའི་སྐུ་དང་། ཚོར་བ་མ་སྤངས་པ་ཡོངས་སུ་རྫོགས་པས་རིན་པོ་ཆེ་འབྱུང་ལྡན་ཀྱི་སྐུ་དང་། འདུ་ཤེས་མ་སྤངས་ལ་ཡོངས་སུ་རྫོགས་པས་སྣང་བ་མཐའ་ཡས་ཀྱི་སྐུ་དང་། འདུ་བྱེད་མ་སྤངས་ལ་ཡོངས་སུ་རྫོགས་པས་དོན་ཡོད་གྲུབ་པའི་སྐུ་དང་ལྔ་པོ་འདི་དག་རྩོལ་བ་མེད་པར་ཡེ་ནས་སྐྱེད་མི་དགོས་པར་གནས་པ་དེ་ཡི་ཆ་ལས། རབ་ཏུ་མང་བར་འཕྲོ་བ་ནི་སེམས་དཔའ་དང་སེམས་མ་དང་སོ་སོའི་རིགས་ཀྱི་ཚོམ་བུ་ནས་སྤྲོ་ཞིང་གསལ་བ་སྟེ། དེ་ཡང་གང་ལས་འཕྲོས་ན་རིག་པ་ལས་སོ། །ཅིའི་ཕྱིར་འཕྲོ་ན་རང་གི་རྩལ་རྫོགས་པ་དང་ཆོ་འཕྲུལ་བསྟན་པའི་ཕྱིར། འཕྲོས་པ་ལ་དགོས་པ་ཅི་ཡོད་ན་ཆོས་སྐུ་ཁྱབ་བདལ་ཆེན་པོ་ལས་ལོངས་སྐུ་མཚན་དང་དཔེ་བྱད་དུ་བྱུང་། དེ་ལས་སྤྲུལ་སྐུ་གང་འདུལ་བའི་གཟུགས་སུ་སྤྲུལ་ནས་དོན་བྱེད་པས་དགོས་པ་ཡོད། ཇི་ལྟར་འཕྲོས་ན་རིགས་ལྔའི་གཙོ་བོ་དང་། འཁོར་དུ་འཕྲོས། གང་དུ་འཕྲོ་ན་གནས་ཉམས་ལེན་གྱི་དུས་ལ་ནམ་ཀ་དག་པ་ལ་འཕྲོ་ལ། རང་བཞིན་ལམ་སྣང་གི་དུས་ན་ཆོས་ཉིད་ཀྱི་བར་མ་དོ་ལ་འོག་མིན་གྱི་གནས་ཞེས་བྱ་བར་འཕྲོས་པས། ནམ་ཀ་ལ་ཆུ་བུར་གྱི་མིག་གིས་ཚུགས་པ་མེད་པར་སྣང་ལ། བར་དོ་ལ་ཤེས་རབ་ཀྱི་མིག་གིས་ཚུགས་པ་མེད་པར་སྣང་བས། དེ་ལ་ཉོན་མོངས་པ་གང་གིས་ཀྱང་མི་ཚུགས་པའོ། །དེ་ལྟར་སྣ་ཚོགས་སུ་སྣང་ཡང་ངོ་བོ་རིག་པ་ཆོས་ཀྱི་སྐུ་ལས་གཡོས་པ་མེད་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་སྣ་ཚོགས་པར་སྟོན་པ་ནི་དཔེར་ན་ཉི་མ་ལས་འོད་བཞིན་ནོ། །དེ་ལྟར་ལོངས་སྐུ་འཁོར་བ་ལས་འདས་ནས་ཀྱང་། གདུལ་བྱ་སེམས་ཅན་རྣམས་མྱ་ངན་ལས་འདས་པར་མཚོན་པའི་ཕྱིར་སྤྲུལ་པའི་སྐུ་གདུལ་བྱེད་ཐུབ་པ་ཆེན་པོ་རྣམས་སུ་སྤྲུལ་ནས་གཞན་དོན་རྫོགས་པར་བྱེད་པའོ། །རང་བཞིན་བསྟན་པ་ནི། ཆོས་དག་པ་སྐུ་མི་འགྱུར་བ་དེ་ཉིད་སྣང་བ་ལ་ངོས་བཟུང་ནས་གང་ལ་འཛིན་པའི་ཤེས་པ་མ་བཞུགས་པ་དེ་ལས་གཞན་དུ་འཕྲོ་བ་མེད་པར་གནས་པ་དེ་ལས་མ་གཡོས་པ་དེ་ཉིད་དོ། །དེ་ལྟར་བྱུང་ཚོར་ཀུན་དུ་སྣང་ཡང་ཉོན་མོངས་པ་གཞན་གྱིས་རང་གི་རིག་པ་ཉིད་ཟིལ་གྱིས་མི་ནོན་པ་ཉིད་ནི་ཆོས་སྐུའི་རང་བཞིན་ཏེ་དཔེར་ན་གཟུ་བོའི་བློ་ཅན་གྱིས་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ། །དེ་ཁོ་ན་རིག་པ་གཡོས་པ་མེད་པས་སྐུ་སྟེ་གས ལ་བ་རང་ཤེས་སུ་གསལ་བ་ལ་ཆ་ཉོན་མོངས་པའི་ཕྱོགས་སུ་མ་ལྷུང་། ཡོད་པ་དང་མེད་པ་དང་། སྣང་བ་དང་སྟོང་པ་དང་། ཆོས་དང་ཆོས་མ་ཡིན་པའི་ཕྱོགས་སུ་མ་ལྷུང་བས་སྙོམས་པ་ཆེན་པོ་སྟེ། དེ་ཡི་ངོ་བོ་མི་འགྱུར་བས་རྡོ་རྗེ་ལྟ་བུའི་སྐུའི་སྣང་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྒྱ་ཆེ་ཚད་མེད་པ་ཉམས་སུ་བླངས་པའི་ཚེ་སྐལ་ལྡན་གྱིས་མཐོང་བར་འགྱུར་རོ། །དེ་ལྟར་ཐམས་ཅད་རིག་པ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤར་ཡང་། ངོ་བོ་འཁོར་འདས་འཛིན་པའི་སྔ་དབྱིངས་དང་རིག་པ་གཉིས་ལ་བྱེད་པ་ཉིད་ལས་རབ་ཏུ་འདས་པ་ནི། །ངང་དང་རང་བཞིན་དང་། བདག་ཉིད་ཆེན་པོ་གསུམ་དུ་རང་བཞིན་དུ་བཞུགས། དཔེར་ན་མར་མེ་དང་མར་མེའི་རྐྱེན་ནང་འོད་བཞིན་ནོ། །ཞེས་ནི་དོན་དམ་པའི་རིག་པ་ཆོས་ཀྱི་སྐུ་ལས་རྟགས་བཀོད་པའི་ཡི་གེ་ཨ་ལི་དང་ཀ་ལིའི་ཚོགས་མེད་པ་ལ་རྒྱུད་གསང་བ་ཆེན་པོ་ལས། ལེའུ་མཚན་དོན་གྱི་དོན་དམ་པ་རང་གི་རིག་པ་དང་། བརྗོད་པའི་དོན་དམ་པ་དེ་ཉིད་གཏན་ལ་འབེབས་པའི་ཚིག་དང་ཡི་གེ་འདི་དག་དང་། ཐོབ་པ་དོན་དམ་པ་ནི་དེ་ཉིད་ལ་བརྟེན་ནས་རིག་པ་མངོན་སུམ་དུ་རྟོགས་པའོ། །དེ་ལྟར་རིག་པ་དོན་ཡིན་པ་ལ་དམ་པ་བླ་མའི་མན་ངག་གིས་གདམས་པས་སྣང་བ་ཡེ་ཇི་བཞིན་པའི་སྣང་བ་འདི་ཉིད་ལ་གཏན་ལ་ཕེབས་པའོ། །དེ་ཡང་སྣང་བ་ནི་གསུམ་སྟེ་ད་སོ་སོ་མེད་པ་ཡེ་ཇི་བཞིན་སྣང་བ་ཆོས་ཐམས་ཅད་ཟད་པ་ལ་བྱ། རིག་པ་རང་སྣང་གི་སྣང་བ་ཉམས་གོང་དུ་འཕེལ་བ་རྣམས་ལ་བྱ། ཆོས་ཉིད་ལ་མ་བཀོད་པའི་སྣང་བ་ད་སོ་སོ་འདུག་ཚུལ་ལ་བྱའོ། །ལེའུ་ནི་གཞུང་གི་དུམ་བུ་ངེས་པར་གཅོད་པར་བྱེད་པ་བཞི་བ་ནི་གསུམ་པ་བསྟན་པའི་འོག་ཏུ་གྲངས་ཀྱི་གནས་གཞན་ནོ། །ད་ནི་ལེའུ་ལྔ་པ་པདྨ་ཁ་འབྱེད་པ་སྟོན་ཏེ། ལེའུ་ལྔ་པ་རྫོགས་པ་ཆེན་པོ་ཚིག་གིས་གོལ་བར་བསྟན་པ་འདི་ལ་བསྡུས་པའི་དོན་བཞིའི་བསྟན་པའི་དང་པོ། །རིག་པའི་ཡེ་ཤེས་བྱ་རྩོལ་དང་བྲལ་བར་བསྟན་པ་ལ་ནང་གསེས་ཀྱི་དོན་གཉིས་ལས། དང་པོ་སྟོང་པའི་ཡེ་ཤེས་བསྟན་པ་ནི། ལེའུ་བཞི་པ་བཤད་པའི་དེ་ནས་ཡང་ལྔ་པ་སྟོན་ཏེ། རྡོ་རྗེ་འཆང་ཆེན་པོ་རིག་པ་རང་བྱུང་བ་ཉིད་ཡུལ་སྒོ་ལྔའི་ཞེན་པ་ཐ་དད་དུ་འཛིན་པ་མེད་པའི་ཆོས་ཉིད་ཀྱི་ཀློང་ཉོན་མོངས་པ་རང་བཞིན་གྱིས་དག་པ་ལས། སྣང་བ་ནི་རང་བཞིན་རྣམ་པར་དག་པའི་སྣང་བ་མཚན་མའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཡང་དག་བཀོད་པའི་སྣང་བ་ཡེ་ཤེས་རྣམས་ཀྱི་འབྱུང་གནས་ལས་ནི་སྣང་བ་གསུམ་དུ་བྱུང་སྟེ་དེ་བཞིན་གཤེགས་པའི་སྣང་བ་མཁྱེན་པ་མ་འགགས་པ་གཟིགས་སྣང་དུ་མར་བྱུང་བ་དང་། ད་དངོས་པོ་མེད་པས་སྣང་བ་སྟོང་པ་ཀུན་ལ་ཁྱབ་པ་དང་། རིག་པ་རང་སྣང་གི་སྣང་བ་དབྱིངས་སུ་ཤར་བའོ། །ཆོས་ཉིད་མ་བཀོད་པའི་སྣང་བ་ནི་དྲི་མ་གང་གིས་ཀྱང་མ་གོས་པ་དང་། ཡེ་ཤེས་ཕྱོགས་དག་པའི་སྣང་བ་སྐུ་དང་ཡེ་ཤེས་དང་ཐིག་ལེ་དང་འོད་སྣ་ཚོགས་པར་སྣང་བ་དང་། འགྲོ་དྲུག་འཁྲུལ་པའི་སྣང་བ་ཡུལ་གཅིག་ལ་ཐ་དད་པར་མཐོང་བ་ནི་ཆུ་ལ་རིགས་དྲུག་སོ་སོ་མཐོང་ལུགས་ལ་སོགས་པ་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ཐབས་ནི་དམིགས་རྟེན་ལ་བསླབ་པའི་རིམ་པ་དང་། དམིགས་རྟེན་ཡིན་པ་དེ་ལ་བསླབ་པའི་རིམ་པས་རིག་པའི་ཡེ་ཤེས་རང་གིས་ཉམས་ལ་སྟོབས་སྐྱེད་བ་མེད་པས། ཤེས་རབ་རྣམ་པར་དག་པ་ཉམས་སུ་མྱོང་བ་ནི། དེ་ཉིད་ལ་རྡོ་རྗེ་འཆང་བཀའ་འདི་ཆོས་ཀྱི་སྐུས་བསྡུས་པའི་དོན་དུ་བཀའ་རྩལ་བ་ནི། དཔེར་ན་འོ་མ་ལས་མར་བསྡུས་པ་ལྟར་བརྒྱད་ཁྲི་བཞི་སྟོང་ནང་གི་རིག་པར་བསྡུས་ནས་དབང་པོ་རབ་ལ་བསྟན། ལོངས་སྐུས་གཉེན་པོའི་དོན་དུ་བཀའ་རྩལ་ཏེ། དཔེར་ན་ཚ་བའི་ནད་ལ་ག་བུར་གྱིས་གཉེན་པོར་འགྱུར་ལ། གྲང་བ་ཅན་གྱི་དུག་ཏུ་འགྱུར་བ་དང་འདྲ་བར། རང་བཞིན་རྫོགས་པ་ཆེན་པོ་ཚིག་དུ་བསྟན་པས། གལ་ཏེ་གྲང་བ་ཅན་དང་མཚུངས་པས་ན། ཚིག་དང་ཡི་གེ་དང་བརྗོད་པ་ལས་འདས་པའི་དོན་ཤེས་པར་བྱའོ། །ཚ་བའི་ནད་ཀྱི་གཉེན་པོར་འགྱུར་བ་བཞིན་དུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་ཡང་དེ་ཙམ་གཅིག་བསྟན་པའོ། །བློ་རིམ་དང་སྦྱར་ནས་སྤྲུལ་པའི་སྐུའི་དབྱེ་བ་ལ་དགོངས་ཏེ་བཀའ་རྩལ་བ་ནི་དཔེར་ན་སྐས་ཀྱི་རིམ་པ་ལྟར་ཐེག་པ་རིམ་པ་དགུ་སོ་སོའི་བློའི་རིམ་པ་དང་སྦྱར་ནས་གོང་འོག་རིམ་པར་ཕྱེ་ནས་བཀའ་རྩལ་པའོ། །མི་མཉམ་པ་ནི་རང་བཞིན་རྫོགས་པ་ཆེན་པོ་ལ་ལྟ་བ་གང་དང་ཡང་མི་མཉམ་པ་སྟེ། ཆོས་ཉིད་མ་བཅོས་པ་ཉིད་བསྐྱེད་པས་མཁའ། དབྱིངས་སྐུ་དང་ཡེ་ཤེས་འབྱུང་བས་ཀློང་ངོ་རང་ལ་དྲི་མ་རྣམས་དག་པས་རབ་དུ་དབང་པོས་མཉམ་པ་ཉམས་སུ་མྱོང་བའོ། ཀྱེ་ཞེས་རང་ལ་བོས་པའི་ཚུལ་དུ་སྣང་བ་འདི་ནི་གོང་གི་སྣང་བ་རྣམས་ཏེ། མཚོན་པ་ཡེ་ཤེས་ཀྱི་ཚུལ་ལ་ཡི་གེ་མེད་པས་བརྡས་བརྟགས་པའི་མིང་གིས་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རེག་པར་མི་ནུས་པས། མ་ཧཱ་ཡོ་གས་སྐྱེད་པའི་ཡི་གེ་རྣམས་ཨ་ཏིའི་དོན་ལས་གོལ་བ་ཡིན། དེ་ཡང་རིག་པའི་ཡེ་ཤེས་དེ་ཚིག་གིས་གཏན་ལ་མི་ཕེབས་པ་ནི་ཚིག་བདག་ཉིད་ཀྱིས་བདག་ཉིད་རྟོགས་ན་གང་ཟག་གི་རྒྱུད་ལ་ཕན་བརྟགས་པས་དགོས་པ་མེད། ཚིག་དེ་ཤེས་པ་ཙམ་གྱིས་ཆོག་ན་ནུས་པ་བརྡ་འཕྲད་པ་ཙམ་ལ་ཚིག་དེ་བསླབས་ཏེ་དེས་ཤེས་པས་དེ་ཡང་གྲོལ་བར་འགྱུར་བས་འབད་རྩོལ་མི་དགོས་པར་གྲོལ་བར་རིགས་དཔེར་ན་ས་བོན་མ་བཏབས་པ་ལའང་འབྲས་བུ་འབྱུང་དགོས། ཚིག་དེ་བཅངས་པས་གྲོལ་ན་བྱོལ་སོང་ལ་སོགས་པའི་མགུལ་དུ་བཏགས་ཀྱང་གྲོལ་བར་འགྱུར། དེ་མ་ཡིན་པར་ཚིག་གིས་དོན་རྟོགས་ནས་གྲོལ་ན། དོན་དེ་ཇི་ལྟར་རྟོགས་ཏེ་ཡིད་དཔྱོད་ལས་མེད་པས་ན། རང་གི་རྒྱུད་ལ་ཉམས་སུ་མྱོང་བ་མེད་པས་ན། དཔེར་ན་མིག་ནད་ཅན་ལ་དུང་སེར་པོར་མཐོང་སྟེ་དེ་ལ་དཀར་པོའི་ཡོན་ཏན་དུ་མ་ཚིག་དུ་བརྗོད་ཀྱང་། སེར་པོའི་ཞེན་པ་ལྡོག་དུ་མི་བཏུབ་པ་དང་འདྲའོ། །དེའི་སེར་པོའི་ཞེན་པ་ལྡོག་པ་ལ་ནི་སྨན་པ་མཁས་པས་མིག་ནད་ཅན་དེ་དམིག་ཐུར་གྱིས་ཕེབས། །དཀར་པོར་བཤད་མི་དགོས་པས་སེར་པོའི་ཞེན་པ་རང་ལོག་པ་དང་འདྲ་བར། བླ་མའི་མན་ངག་གིས་ཉམས་སུ་མྱོང་བརྒྱུད་ལ་སྐྱེས་པས་ཚིག་ལ་བརྟེན་མི་དགོས་པར་གྲོལ་བ་ཡིན་ནོ། །འོ་ན་ཚིག་དེ་བཤད་པས་གྲོལ་བ་ཡིན་ན་ནི། དཔེར་ན་ཚ་བའི་རོ་མ་མྱོང་བར་ཚ་བ་གཏན་ལ་འབེབས་པ་དང་འདྲ་བར། ཚིག་གིས་ཐོག་ཏུ་མི་ཕེབས་སོ། །གལ་ཏེ་ཉམས་སུ་མྱོང་རྒྱུ་མེད་ན་ཐ་མལ་པ་དང་ཁྱད་པར་ཅི་ཡང་མེད་དོ། །དེའི་ཕྱིར་ན་ཚིག་ལ་དཔྱོད་ན་རྫོགས་པའི་དོན་ལས་གོལ་ཅེས་པས་ན། ཚིག་གིས་བྷུ་མི་དྷ་བས་རིག་པ་ཚིག་ཐམས་ཅད་ལས་ཡེ་ནས་འདས་པའོ། །དེ་ལྟར་ཚིག་མེད་པའི་ཕྱིར་ད་སོ་སོའི་འདུག་ཚུལ་དེ་ཉིད་བརྗོད་པ་གང་གིས་ཀྱང་གཏན་ལ་མི་ཕེབས་པས་ན་བརྗོད་པ་ཐམས་ཅད་ལས་ངང་གིས་འདས་སོ། །དེ་ལྟར་བརྗོད་དུ་མེད་པའི་ཨ་ཏིའི་གནས་ལུགས་དེ་ལ་རིམ་པ་དགུ་ཡི་གྲུབ་པའི་མཐའི་བལྟ་བའི་ལམ་གཞུང་རྣམས་ཀྱིས་ཀྱང་མཚོན་དུ་མེད་པས། སྣ་ཚོགས་པའི་སྐད་མི་འདྲ་བའི་མཚོན་བ་ངང་གིས་མེད་པའོ། །དེའི་ཕྱིར་ན་དངོས་པོའི་འདུག་ཚུལ་ཉིད་ལ་སྒོ་ལྔའི་ཡུལ་ཐ་དད་པར་འཛིན་པ་མེད་པས་ཚིག་གིས་གཏན་ལ་མི་ཕེབས་ཏེ། ཚིག་གི་རྗེས་སུ་འབྲང་བའི་རྣལ་འབྱོར་པ་ནི་ཐེག་པ་ཐུན་མོང་པར་གོལ་བར་བསྟན་ལ། འདི་ལྟར་རང་གི་རིག་པ་དངོས་པོ། འདུག་ཚུལ་ལ་སེམས་མེད་པས་སྐྱེས་པའི་རིམ་པ་ཡུལ་ཐ་དད་དུ་སློང་བའི་སྤྲོ་བསྡུ་མི་དགོས། དེའི་སྐུ་སྐྱེད་པའི་ཡི་གེ་སྤྲོ་བསྡུ་མང་པོ་མི་དགོས་པས་ཡི་གེ་མེད་པའི་གཏན་ཚིགས་དང་སོ་སོ་འདུག་ཚུལ་ལ་ཡི་གེ་ཡོད་པའམ། ཡི་གེར་བྲིས་པའམ། འབྲི་བའམ། །བཀོད་པ་མེད་དེ། ཡི་གེ་བས་ཡེ་ཤེས་ཙམ་དུ་ཡང་དོན་ལ་གྲུབ་པ་མེད་པའི་ཕྱིར་རོ། །རྒྱུད་ལུང་གི་ཚིག་ལས་འདས་པར་བསྟན་པ་ནི། རྒྱུད་ཀྱི་ཚིག་འདི་དག་ཤེས་བྱ་ཙམ་དུ་བྱས་ཏེ། རང་གི་མཚོན་པའི་ཡེ་ཤེས་མངོན་སུམ་དུ་བསྟན་བའི་བག་ཙམ་ཡང་མེད་དེ། ལ་ལ་གནས་སྐབས་ཡུལ་ལ་དགོངས་ནས་གསུང་། ལ་ལ་མ་འོང་པའི་སེམས་ཅན་འཇུག་པའི་ཕྱིར་གསུང། ལ་ལ་དྲང་དོན་འདྲེན་པར་གསུང་། ལ་ལ་གཞིའི་ཡོན་ཏན་བརྗོད། དེ་བཞིན་དུ་ལམ་དང་། འབྲས་བུ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། བྷུདྡྷའི་ཡོན་ཏན་བརྗོད། དེ་དག་གི་གྲངས་དང་ཆེ་བ་བརྗོད་པའི་ཚིག་ཕལ་ཆེར་ཡིན་པ་ལས། མངོན་གསུམ་རང་གནད་ལ་དབབ་པར་བསྟན་པ་ཉུང་པས་རྒྱུད་མེད་པའོ། །འདི་ཉིད་གཏན་ཚིགས་ཀྱིས་མི་ཕེབས་པས། ལུང་ཡང་མེད་པའོ། །མངོན་གསུམ་རང་གནད་ལ་དབབ་པའི་མན་ངག་ནི་མེད་བཅོས་མ་རྟོགས་པ་འཇུག་པའི་མན་ངག་གིས་བྷུ་མི་དྷ་བས་ན་མན་ངག་ཐམས་ཅད་ཀྱང་མེད་པའོ། །དེ་ཅིའི་ཕྱིར་ན་ཚིག་ལ་བརྟེན་པས་ན། རིག་པ་ཉིད་ཚིག་ཐམས་ཅད་བྲལ་བའོ། །དེས་ན་ཚིག་འཛིན་ཅིང་བརྗོད་པ་དང་། ཐོས་པ་དང་བྲལ་རྣམས་གོལ་བར་བསྟན་པ་ནི། སེམས་སྡེ་ལས་མཆོག་ཏུ་གསང་བའི་ཆོས་ཉིད་ནི། རྣ་དབང་གཞན་ལས་ཐོས་མི་འགྱུར། དེ་བཞིན་ལྕེའི་དབང་པོས་ཀྱང་། འདི་ལ་བརྗོད་དུ་རྡུལ་ཙམ་མེད་ཅེས་པས་ན་བརྗོད་པ་ཐམས་ཅད་ཀྱིས་སྟོང་པའོ། །དེ་ཡང་རང་གི་རིག་པའི་ཡེ་ཤེས་ཉིད། ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། དེ་ཉིད་ཚིག་གིས་གཏན་ལ་མི་ཕེབས་པ་དང་། འདི་ལ་སྡིག་པས་གོས་པ་མེད་པ་དང་། ད གེ་བས་ཟབ་དུ་མེད་པ་དང་། དབང་པོ་ལ་རྣོ་རྟུལ་མེད་པ་དང་། སྐུ་གསུམ་ཡེ་ཤེས་ལྔ་འབྲས་བུ་མ་ཡིན་ཏེ་ལམ་ཡིན་པ་དང་། འཁྲུལ་པ་ལམ་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བ་དང་བདུན་གྱིས་ཐེག་པ་ཐུན་མོང་བ་ལས་ཁྱད་པར་དུ་འཕགས་པའོ། ༈ །དོན་གཉིས་པ་རིག་པ་ཉིད་ཡི་གེས་གཏན་ལ་མི་ཕེབས་པར་བསྟན་པ་ལ་གསུམ་གྱིས་བསྟན་པའི་དང་པོ། ཡི་གེ་འབྲུ་གསུམ་གྱིས་འཁྲུལ་པ་སྤངས་པ་བསྟན་པ་ནི། ཨེ་མ་ཧོ། ཞེས་སྣང་བའི་བདག་པོ་ལ་ངོ་མཚར་དང་བཅས་པའི་ཚིག་གིས་བོས་ནས། རིག་པའི་ཡེ་ཤེས་ལ་ཆོས་མེད་པས་རང་སྣང་བ་ཡང་ཆོས་ལས་གྲོལ་ཏེ། ཚིག་མེད་པའི་ཕྱིར་ཆོས་སུ་སྣང་བ་ཀ་དག་སྟེ་མེད་པས། ངད་སོ་སོ་གཤིས་ཀྱི་འདུག་ཚུལ་མ་བལྟས་བཏགས་པའི་ཡི་གེ་ཡོད་པ་མ་ཡིན་པས་ཚིག་མེད་དེ། ཚིག་ནི་ཡི་གེ་ལ་བརྟེན་པའི་ཕྱིར་རོ། །རིག་པ་དངོས་པོའི་འདུག་ཚུལ་ཡེ་ནས་གནས་པའི་ང་ཉིད་ལ་སྐྱེ་བ་ཉིད་མེད་པས་ཞེས་པ་སྟེ། སྐྱེ་མེད་མཚོན་པའི་ཡི་གེ་ཨ་ཡིན་ཏེ་གློ་བུར་དུ་སྐྱེ་མེད་གཏན་ལ་དབབ་མི་དགོས་པས་ཡི་གེ་ཨ་ནི་ཡེ་ནས་སྐྱེ་མེད་དུ་བཞུགས་པས་མེད་དོ། །དེ་ཡང་རང་རིག་པའི་ཡེ་ཤེས་དང་སོ་སོའི་གནས་ལུགས་ལ་ཡེ་ནས་འགགས་མེད་རང་ཤར་བས། ད་དགག་པའི་གནས་གྲུབ་པ་མེད་པས། འགག་མེད་མཚོན་པའི་ཡི་གེ་ༀ་ཡིན་པས་ན་ཡེ་ནས་འགག་མེད་དུ་སྣང་བས་དེ་ཉིད་མཚོན་མི་དགོས་པས་སྐུ་གསུམ་དུ་བཞུགས་པས་ན་ངང་གིས་མེད་པའོ། །ང་རིག་པ་དངོས་པོའི་འདུག་ཚུལ་རང་བཞིན་མ་བཅོས་པ་ཐུགས་ཀྱི་དགོངས་པ་དེ་ཡེ་ནས་འདུ་འབྲལ་གཉིས་མེད་པར་གནས་པས། དེ་མཚོན་པའི་ཡི་གེ་ཧཱུྃ་ཡིན་ཏེ། ཧཱུྃ་གིས་མཚོན་མི་དགོས་པས་ཡེ་ནས་ཟད་པའོ། །དེའི་ཕྱིར་ན་འགགས་པ་མེད་པའི་ཐུགས་རྗེ་རང་ཤར་བས་གདུལ་བྱ་སོ་སོའི་སེམས་ཅན་ལ་འདུལ་བྱེད་ཀྱི་སྐུའི་སྣང་བ་སོ་སོར་སྣ་ཚོགས་པར་ཤར་ནས་དོན་བྱེད་པའོ། །མིང་འདི་ཞེས་བྱ་བ་འདུག་ཚུལ་ལ་མ་གྲུབ་པས་ཡི་གེས་བཏགས་པའི་མིང་རྣམས་ངོ་བོ་ལ་ངང་གིས་སྟོང་པའོ། །དེ་ཡང་གསང་སྔགས་ཕྱི་ནང་གཉིས་ཡི་གེ་ལ་བརྟེན་ཅིང་དེ་ཉིད་ཀྱི་མཚན་ཉིད་རབ་ཏུ་གསལ་བའི་རྣམ་པ་ཡིན་པས། ཨ་ཏིའི་རྣལ་འབྱོར་བས་ཡི་གེ་ལ་བརྟེན་ན་གསང་སྔགས་ཕྱི་ནང་དུ་གོལ་བ་ཡིན་པས། ཨ་ཏི་ལ་ཡི་གེའི་དངོས་པོ་ཡེ་ཉིད་ནས་ག་ལ་སྲིད་དེ་ཡོད་པ་མ་ཡིན་ནོ། །རྫོགས་པ་ཆེན་པོ་སངས་རྒྱས་ཉག་གཅིག་དུ་མ་ལས་འདས་ཤིང་སྤྲོས་པ་གང་གིས་ཀྱང་མ་སྤྲོས་པས། རང་གི་འདུག་ཚུལ་ཐིག་ལེ་ཉག་གཅིག་ཏུ་རབ་ཏུ་གནས་པས། ཕྱིར་སྣང་བའི་དུས་ན་ཡང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཉག་གཅིག་དུ་སྣང་བ་ཡིན་ནོ། །དེའི་ཕྱིར་ན་མཚན་མ་བློས་བཏགས་པའི་ཡི་གེས་ལྷ་ཡི་སྐུ་ཁ་དོག་དཀར་དམར་དུ་སྐྱེད་པ་རྣམས་ནི། །ཡེ་ནས་རང་བཞིན་གྱི་འོད་ཁ་དོག་ལྔ་ཡེ་ནས་བློས་བཏགས་ཤིང་བསྒྱུར་མི་དགོས་པར་ཡོད་པའི་དོན་མ་ཤེས་པས་ཨ་ཏི་ལས་གོལ་བ་ནི། ཨ་ཏི་ལ་མཚན་མའི་ཡི་གེ་གང་ཡང་མེད་དོ། །རིག་པ་ཉིད་ལ་ལྷན་ཅིག་བྱེད་པའི་རྒྱུ་མེད་དོ་ཡེ་ནས་རྒྱུས་མ་སྐྱེད་པར་རང་སྣང་བས། དེ་ལ་ད་སྐྱེད་མི་དགོས་ཏེ་ཡེ་ནས་རང་རྫོགས་སུ་ཡོད་པས་སྐྱེད་པའི་ས་བོན་ཀྱི་ཡི་གེ་ག་ལ་ཡོད་དེ། དེ་ལྟར་མ་ཤེས་པས་མ་ཧཱ་མན་ཆད་ཀྱི་སྔགས་ཀྱི་ཕྱི་ནང་རྣམས་གོལ་བའོ། །རིག་པ་ཉིད་ལ་ཡེ་ཤེས་དང་སྐུ་ལྔ་རང་ཆས་སུ་རྫོགས་པས་ཡེ་ནས་བཞུགས་པས། སྔགས་ཕྱི་ནང་གི་ཡི་གེ་ལ་བརྟེན་བའི་རྫོགས་པའི་རིམ་པ་ཡི་གེ་ཨ་ལ་སོགས་པ་ལ་རྟེན་པ་ནི་གོལ་བས་ཨ་ཏི་ལ་ཡང་ཡོད་པ་མ་ཡིན་ནོ། །རང་གི་རིག་པ་ཐིག་ལེ་ཉག་ཅིག་ཀུན་པས་ཡེ་ནས་གནས་པ་ཡིན་ཏེ། སྔགས་ཕྱི་ནང་གི་ཡི་གེ་མང་པོ་སྤྲོས་ནས་འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པ་སྤྲོས་པའི་ཡི་གེ་ནི་ཨ་ཏི་གནས་ལུགས་ལ་མིང་ཡང་མེད་དོ། །རིག་པ་ལ་ང་སོ་སོའི་འདུག་ཚུལ་ལ་འདི་ལྟར་སྣང་བ་ཡོད་ཐོས་སྣང་གྲགས་ཐམས་ཅད་ཡེ་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་ལ། སྔགས་ཕྱི་ནང་གི་བསྡུས་པས་ཡི་གེ་བསྡུས་པ་རྣམས་གོལ་པ་ཡིན་པས་ཨ་ཏིའི་གནས་ལུགས་ལ་མིང་ཡང་མེད་དོ། །རིག་པའི་སྐུ་ལ་དངོས་པོ་མཚན་མ་རང་སྣང་གི་སྐུ་དང་། གྲགས་པ་ཞེན་འཛིན་གྱི་གསུང་དང་། རྟོག་པ་འདུས་པའི་ཐུགས་ཀྱི་དངོས་པོ་མེད་པས། སྐུའི་ཡི་གེ་འབྲུ་ལ་ༀ་དང་། གསུང་གི་ཡི་གེ་ཨ་དང་ཐུགས་ཀྱི་ཧཱུྃ་གསུམ་མེད་པ་མ་ཡིན་ཏེ། དངོས་པོའི་མཐའ་ཐམས་ཅད་བཅད་པར་བསྟན་པ་ནི། འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ཁ་ལྔས་བརྒྱན་པའི་རིག་པ་ལ་སྔགས་ཕྱི་ནང་གི་ཡི་གེ་སྤྲོས་པའི་ཁ་དོག་ཉིད་དུ་ཡེ་ནས་མེད་པས་ན་ཡི་གེ་སྤྲོ་བསྡུས་ཁ་དོག་ཡོད་པ་རྣམས་ཨ་ཏིའི་གནས་ལུགས་ལ་གོལ་ལོ། །ཨ་ཏིའི་གནས་ལུགས་ལ་ཁ་དོག་ཡོད་པ་མིན་ནོ། །ཟླུམ་པ་ཐིག་ལེའི་ཆ་དང་འཁྲིལ་བ་རླུང་གི་ཆ་དང་ལུ་གུ་རྒྱུད་འབྲེལ་བའི་ཆ་དང་གསུམ་དེ་ཉིད་ཡེ་ནས་གནས་པའི་འདུག་ཚུལ་ལ། གྲུ་བཞི་ལ་སོགས་པའི་དབྱིབས་སུ་སྣང་བར་མེད་པའི་ཕྱིར་ན། ཡི་གེས་མཚོན་པའི་ཞི་རྒྱས་དབང་དྲག་གི་དབྱིབས་སུ་འདོད་པའི་སྔགས་རྣམས་གོལ་བས ། ཨ་ཏི་གནས་ལུགས་ལ་འདོད་པ་མེད་དོ། །རིག་པ་དངོས་ནི་ལུ་གུ་རྒྱུད་དབང་པོའི་ཡུལ་དུ་བསྟན་དུ་ཡོད་ལ། དེ་རྫས་སུ་གྲུབ་པ་མེད་པས་དངོས་པོ་མེད་པས། ཉན་ཐོས་ཀྱི་ཆོས་ཀྱི་བདག་དང་གང་ཟག་གི་བདག་ཏུ་འདོད་པ་ཆོས་ཉིད་མཉམ་པའི་དོན་ལས་གོལ་བ་དང་། མུ་སྟེགས་ཀྱི་བདག་ཆོས་ཉིད་ཕྱོགས་ལ་ལོགས་པའི་དོན་གྱིས་གོལ་བས་ན། ཨ་ཏི་གནས་ལུགས་ལ་བདག་ནི་ཆོས་ཀྱི་འཁོར་ལོས་ཀྱི་ཕྱོགས་གཅིག་ཙམ་ལ་ཡང་འདོད་པ་མ་ཡིན་ནོ། །རིག་པའི་སྐུ་ཞེས་ལུས་ལ་བརྟེན་པའི་དུས་ན་སྟེ། འདི་ལ་ཡུལ་དང་ཤེས་པ་གཉིས་སུ་མེད་པའི་ཕྱིར་ན། སེམས་ཙམ་པའི་རྣམ་པ་དང་ཤེས་པར་འདོད་པ་ནི། གཟུང་བའི་ཡུལ་དང་ཞེན་པའི་ཤེས་པར་གོལ་བ་ན། ཨ་ཏི་གནས་ལུགས་ལ་ཡི་གེ་བཟུང་བའི་ཡུལ་དང་། འཛིན་པའི་ཤེས་པ་ཡོད་དེ། རིག་པ་གཅིག་དང་གཉིས་ཞེས་ཡེ་ནས་མེད་པས་དབུ་མ་བའི་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་བསྒྲུབ་དགོས་པས་དེ་ལྟར་བསྒྲུབ་པའི་དབུ་མ་པའི་ཆོས་ཉིད་བརྗོད་དུ་མེད་པ་ལས་གོལ་བས་དང་། ཨ་ཏི་གནས་ལུགས་ལ་ཐ་སྙད་མེད་པ་དང་། ས་དང་ལམ་གཅིག་གནས་གཉིས་སུ་འདྲེན་པའི་ཕ་རོལ་དུ་ཕྱིན་པས་ཐིག་ལེ་ཉག་གཅིག་ཏུ་མ་རྟོགས་པས་གོལ་ཏེ། ཨ་ཏིའི་གནས་ལུགས་ཡི་གེའི་ས་བཅུ་དང་ལམ་ལྔ་དང་རིག་པ་ཉིད་ལ་མི་འདོད་པའོ། །རིག་པ་ཉིད་ཀྱི་སྣང་བ་ལ་ཐམས་ཅད་རྫོགས་པ་དེ་ཉིད་རང་ཡིན་པས་རྫོགས་ལ། བྱང་སེམས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་གཉིས་སུ་འདོད་པ་ནི། ཨ་ཏིའི་རྩོལ་སྒྲུབ་དང་བྲལ་བའི་དོན་མ་རྟོགས་གོལ་ཏེ། ཨ་ཏི་གནས་ལུགས་ལ་ཡི་གེས་བརྟགས་བའི་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་སུ་ང་རིག་པ་རང་བྱུང་ཉིད་ལ་མི་འདོད་དོ། །རང་གི་རིག་པ་ཉིད་ལ་ཡི་གེས་བསྟན་པའི་དཔེས་མཚོན་དུ་ཡེ་ནས་དངོས་པོ་མེད་པས། གསང་སྐོར་ལ་སོགས་པའི་དཔེའི་ངོ་སྤྲོད་ལ་སོགས་པ་འདོད་པ་ནི། རིག་པ་མངོན་གསུམ་གྱིས་དོན་ལ་མཐོང་བས་གོལ་བས་ཡི་གེས་བརྟགས་པའི་དཔེས་ང་རིག་པ་ཉིད་མི་མཐོང་ངོ་། །རིག་པ་ཉིད་ཀྱི་ཡེ་ནས་དྲི་མ་མེད་པར་ཟང་ཐལ་བར་བཞུགས་པས། བྱང་སེམས་ཀྱི་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་ཀྱི་དོན་མ་སྒྲིབ་པའི་འདོད་པས་འདི་གཉིས་སེལ་བར་འདོད་པས་ཡེ་ཤེས་ཟང་ཐལ་དྲི་མེད་རང་དག་ཏུ་མ་རྟོགས་པས་གོལ་ཏེ། ཨ་ཏི་གནས་ལུགས་ལ་ཡི་གེས་བཏགས་པའི་དྲི་མ་གཉིས་ཀྱིས་ང་རིག་པ་ལ་ཡེ་ནས་མ་སྒྲིབ་པར་ཟང་ཐལ་དུ་རྫོགས་པའོ། །རང་རིག་པ་ཉིད་ཡེ་ནས་དགེ་བཅུ་དང་སྡིག་པ་བཅུ་མེད་པས། ཐེག་པ་ཐུན་མོང་པ་རྣམས་ཀྱི་ཡི་གེས་བཏགས་པའི་དགེ་བ་བཅུས་ཐར་བ་ཐོབ་པར་འདོད་ལ་སྡིག་པ་བཅུས་ཐར་པའི་གེགས་སུ་འདོད་པ་ནི། དངོས་པོ་འདུག་ཚུལ་མ་རྟོགས་པས་གོལ་པས་ན། ཨ་ཏི་གནས་ལུགས་ལ་བཅུ་ཕྲག་གཉིས་ལས་འདས་པའོ། །རྫོགས་པ་ཆེན་པོ་ཚིག་ལས་གོལ་བས་རྒྱུ་བསྟན་པ་ལ་གཉིས་ཀྱི་བསྟན་པའི་དང་པོ། ཡི་གེ་རྒྱུན་ཐད་ཀྱི་གདམས་ངག་དྲན་པར་བསྟན་པ་ནི། ཨེ་མ་ཧོ་ཞེས་རང་ལས་ངོ་མཚར་སྐྱེས་ནས། དེ་ལྟར་ཡི་གེ་མེད་པའི་ཆོས་ཉིད་དག་པ་ཚིག་ལས་འདས་པ་ལ། ཡི་གེའི་རྒྱུ་ཐེ་ཚོམ་ཡིན་ལ་རྩལ་སྣང་བ་དང་ཚིག་ཏུ་བརྗོད་པ་གཉིས་སུ་ཡི་གེས་བརྟགས་པས་ཡོད་པ་མ་ཡིན་ཏེ། ཡི་གེའི་རྒྱུ་ཐེ་ཚོམ་དང་ལྟ་བ་སྣ་ཚོགས་པ་རབ་ཏུ་སྟོན་པས། ཡི་གེ་ཉིད་ལ་དངོས་པོ་གཤིས་ཀྱི་དོན་གང་ཡང་མེད་པས་ཡི་གེས་བརྟགས་པ་རྣམས་བརྡ་ཙམ་མི་ཚིག་ཙམ་ཡིན་པས་དོན་ལ་མེད་པར་བསྟན་པའོ། །ང་ནི་རིག་པའི་ཡེ་ཤེས་ཡི་གེས་བརྟགས་པའི་ཆོས་ལ་ཡེ་ནས་མ་བསྟན་པས་རང་འབྱུང་དུ་ཀུན་ལ་ཁྱབ་ཅིང་ཀུན་ལ་རང་ཤར་བས། ཡི་གེས་བརྟགས་ཅིང་ཐ་སྙད་མང་པོ་དོན་ཡིན་ཟེར་ཡང་མགོ་འཁོར་ཞིང་ང་རིག་པའི་སྐུ་ལ་མངོན་གསུམ་དུ་སྣང་བས་མ་འཐད་བའི་ཚིག་གིས་སླར་སྒྲོལ་བས་མི་མཐོང་བའོ། །ཐོག་མའི་གཞི་སུས་ཀྱང་མ་བཅོས་ཤིང་མ་བསླད་པའི་ཀ་དག་ཚིག་གི་སྒྲོ་སྐུར་དང་བྲལ་བའི་རང་འབྱུང་བའི་ཡེ་ཤེས་དེ་ཉིད་ལ་ཡི་གེའི་རྒྱུ་ཐེ་ཚོམ་དང་ལྟ་བ་མེད་ལ། ཡི་གེའི་རྐྱེན་ཐེག་པ་སྣ་ཚོགས་པ་གཉིས་རང་གི་ཞེ་འདོད་གཉིས་ལ་མ་ལྟོས་པར་རང་བྱུང་བས། ཡི་གེ་བརྟགས་པའི་ལྷན་གཅིག་བྱེད་པའི་རྒྱུ་དང་། ཉེ་བར་ལེན་པའི་རྐྱེན་གཉིས་རིག་པ་ཉིད་མི་འདོད་དོ། །རིག་པ་ཉིད་ལ་བསམ་པ་མེད་པའི་ཆོས་ཀྱི་སྐུ་བསམ་པ་མེད་པ་དང་། དེ་ཉིད་ལ་ཚིག་མེད་ཡི་གེ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུ་བརྗོད་པ་མེད་པ་དང་། དེ་ཉིད་ལ་ཡི་གེས་བརྟགས་པའི་ཡུལ་ཐ་དད་པ་མེད་པའི་སྤྲུལ་པའི་སྐུ་ཞེན་པ་མེད་པ་གསུམ་རིག་པ་རང་ལ་རྫོགས་པས། ཡི་གེས་བརྟགས་པའི་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པའི་ཚོགས་ལ་ང་རིག་པ་ཉིད་ལྟོས་པ་མི་ཆའོ། །དངོས་པོ་འདུག་ཚུལ་ལ་ཡེ་གེ་མེད་པའི་གནད་ཀྱི་རྒྱུན་དུ་གྲུབ་པ་མེད་པ་དང་། ལུང་དང་མན་ངག་དུ་གྲུབ་པ་མེད་པའི་དེ་གསུམ་ཡང་ཡི་གེའི་ཚོགས་ལ་བརྟེན་པས་ན། རྒྱུད་དང་ལུང་གི་ཚོགས་མང་པོར་ལ་དྲན་པར་གཏད་པའི་འབེན་མི་རྙེད་པས་རིག་པའི་ཡེ་ཤེས་ལ་བསྒྲིབ་པའོ། །སྟོན་པ་རྒྱུན་ཟད་གྱི་མན་ངག་བསྟན་པ་ནི། ཐོག་མ་ཡེ་ཇི་བཞིན་པའི་སངས་རྒྱས་འགྲོ་བ་རྣམས་ཀྱི་མགོན་པོར་བྱུང་བ་མ་རིག་པའི་དྲི་མ་མེད་པ་ཉིད་རྒྱུ་བདག་ཉིད་གཅིག་པའི་མ་རིག་པའི་འགྲན་ཟླ་དང་། ལྷན་གཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པ་གསུམ་གྱི་འགྲན་པའི་ཟླ་མེད་པར་ཡེ་ནས་རང་སངས་ཡེ་རྫོགས་ཆེན་པོར་རྒྱས་པས། འདིའི་དུས་ན་ཡི་གེ་ལ་མ་བརྟེན། ཡི་གེ་ཡིས་དོན་ལ་མ་བརྟེན་པར་སངས་རྒྱས་པས། །ད་ལྟ་ཡི་གེའི་དོན་སྟོང་ཉིད་དུ་མཚོན་པའོ། །མཚན་མ་མེད་པའམ། སྤྲོས་པ་མེད་པ་དང་གཉིས་མེད་དུ་བརྟགས་པའི་དོན་རྣམས་ལ་ང་རིག་པ་ཉིད་མི་གནས་སོ། །གཞན་ལས་ལོག་པའི་རང་ལས་བྱུང་བའི་རིག་པའི་རྒྱལ་པོ་གཞན་་ཟིལ་གྱིས་གནོན་པ་ཉིད། ཡི་གེས་སྒྲོས་བཏགས་པའི་ཚིག་སོ་སོའི་འདོད་པ་དུ་མ་ལ་དོན་དུ་འཛིན་པ་སྟེ། འདི་དག་ལ་མ་བརྟེན་པས། ཚིག་ཟབ་མོས་ཉམས་ཀྱི་གོང་ཆོད་ནས་ཉམས་སུ་མྱོང་བ་སྐྱེ་བར་བྱེད་པ་ལ་ཚིག་དང་ཡི་གེ་མི་དགོས་ཏེ། དཔེར་ན་ག་བུར་གྱིས་གྲང་བ་ཅན་ལ་བཏང་ན་དུག་དུ་འགྱུར་བ་དང་འདྲའོ། །དེ་ཡང་ཚིག་མང་པོ་ཤེས་པའི་གཏད་ཡལ་བ་ནི། དཔེར་ན་བཙན་དུག་ངོ་མ་ཤེས་པའི་སྐྱེས་བུས་སྔགས་མེད་པར་ཟོས་པ་དང་འདྲ་སྟེ། ཕྱིན་ཅི་ལོག་དུ་གོལ་བའི་འགྱུར་བ་ཡིན་ནོ། དང་པོ་བྱུང་བ་ཆོས་ཉིད་ཀ་དག་ཆེན་པོ་ལ། ཚིག་མེད་པའི་ཕྱིར་ཚིག་ལ་བརྟེན་ནས་བྱང་བ་ཆོས་སྐུ་དང་ཆུ བ་པ་ལོངས་སྐུ་དང་། སེམས་དཔའ་སྤྲུལ་པའི་སྐུ་མི་རྙེད་པས། ཚིག་ཀྱང་ཡི་གེ་ལས་བྱུང་བས་ན་ཡི་གེའི་མཚན་ཉིད་དུ་འདོད་པ་ང་རིག་པ་ཉིད་ལ་ཡེ་ནས་མེད་དོ། །བར་དུ་འགྲོ་བ་ལྷུན་གྲུབ་ཡོན་ཏན་གྱི་འཆར་ཚུལ་རེ་དགོས་པར་འགྱུར་བ་མེད་པའི་ལམ་ཡིན་པས། ཡི་གེས་བརྟགས་པའི་སྤོང་ལེན་ཡང་དག་པ་མེད་པས། ཨ་ཏིའི་གནས་ལུགས་ལ་སྤོང་ལེན་དུ་གྲུབ་པ་མེད་དོ། །རིག་པ་ཐིག་ལེ་ཉག་གཅིག་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ལ་སྣང་བའི་གྲངས་འདི་ལྟར་བཅད་པ་མེད་པའི་ཕྱིར་ན། ཀ་ཁ་ག་གྷ་ང་ལ་སོགས་པའི་ཨ་ལི་དང་ཀ་ལི་བཞི་བཅུ་རྩ་གཉིས་སུ་གྲུབ་པ་མེད་དེ་ཨ་ཏི་དོན་དམ་པའི་གནས་ལུགས་ཉིད་ལ་ཡོད་པ་མ་ཡིན་ནོ། །རིག་པའི་ཡེ་ཤེས་ཀྱི་སྣང་བ་མཐོང་བར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ་རིག་པ་ངོས་འཛིན་གྱི་གདམས་ངག་བསྟན་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་འོད་ལྔ་རང་བྱུང་བས་དཀྱིལ་རང་གི་རིག་པ་དང་འཁོར་སྐུ་དང་ཡེ་ཤེས་སུ་སྣང་ནས། བརྟགས་པའི་ཐ་སྙད་དང་བཅས་པའི་ཡི་གེ་གཅིག་ཀྱང་ཆོས་ཉིད་བར་དོ་ལ་མེད་ཀྱང་། ང་ཆོས་ཉིད་བཅོས་པ་མེད་པའི་སྣང་བ་རང་དག་པ་ལ། །གསལ་འགྱུར་ཚིག་དང་བཅས་པའི་ཡི་གེའི་ངང་ངམ་ཤུགས་ཀྱི་མེད་པས། ཨ་ཏིའི་གནས་ལུགས་ལ་ཐ་སྙད་དང་བྲལ་བའོ། །ཐེག་པ་ཐུན་མོང་བ་ལ་རང་བཞིན་གྱིས་གསང་བའི་རིག་པ་སྐུ་དང་ཡེ་ཤེས་ཀྱི་བྱུང་ཁུངས་ལྷུན་སྟུག་པའི་བདག་ཉིད་ལ་འཁོར་འདས་མ་སྤངས་པར་རྫོགས་པ་ལ་ཡི་གེ་མིང་དུ་བརྟགས་པའི་ཚིག་གཅིག་ཀྱང་མེད་པའི་ཕྱིར། ཨ་ཏི་བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པའོ། །ཨ་ཏི་ངོས་འཛིན་གྱིས་གདམས་ངག་བསྟན་པ་ནི། གསང་བ་ནི་ཐུན་མོང་དུ་གསང་བ་དང་། ཁྱད་པར་དུ་ཉན་ཐོས་ལ་གསང་དང་། མཆོག་ཏུ་ཨ་ཏི་གཞན་ཕྱོགས་ལ་གསང་བའོ། །དེ་ཡི་དོན་རང་ལ་སྔགས་ཏེ་རིག་པའི་ཡེ་ཤེས་མངོན་སུམ་དུ་བསྐུལ་བར་བྱེད་པའོ། །ཨ་སྐྱེ་བ་མེད་པ་ལ་ཏི་འགྱུར་བ་མེད་པའི་སྣང་བ་ལ། མཚན་མ་སྒྲོས་བརྟགས་པའི་ཡི་གེ་མེད་པའི་ཨ་ཏི་གནས་ལུགས་ལ་མིང་དང་མིང་ཅན་དུ་འཛིན་པའི་ཤེས་པའི་ཡི་གེ་ཡོད་པ་མ་ཡིན་ནོ། །ཨ་ཏི་ཡོ་ག་རང་ལ་རྫོགས་པ་དེ་ཉིད་ཡེ་ནས་བྱས་ཤིང་བཅས་པ་མ་ཡིན་པར་རྫོགས་པས། འཁྲུལ་པའི་བརྡས་བརྟགས་པའི་ཡི་གེ་མེད་པས་རང་སྣང་དུ་རྫོགས་པ་དང་། རང་རིག་ཏུ་གསལ་བ་དང་། རང་བྱུང་དུ་བྱུང་བ་དང་། །རང་ཤར་དུ་ཁྱབ་པ་དང་། རང་དག་ཏུ་གནས་པ་དང་། རང་གྲོལ་དུ་ཡངས་པའི་ཕྱིར་ན་ཨ་ཏི་ཡོ་ག་ཕྱོགས་གང་དུ་ཡང་ལྷུང་བ་མེད་པར། རྒྱ་གར་ཡང་ཆད་པ་མེད་དོ། །ཞེས་ཡི་གེས་བཏགས་པའི་ཚིག་དང་བརྗོད་པ་དང་དུ་ལེན་ཐེག་པ་ཐུན་མོང་པ་རྣམས་ལ་ཡང་དག་པའི་ཆོས་ཉིད་མེད་པས་བླ་མ་བརྒྱུད་པའི་མན་ངག་དང་བྲལ་པའི་རང་གི་གསང་བ་ཆེན་པོ་རང་གོལ་བ་སྟེ། རྫོགས་པ་ཆེན་པོ་ནི། གཞི་རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་ངོ་བོར་རྫོགས་པ་དང་། ལམ་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་སུ་རང་རྫོགས་པ་དང་། འབྲས་བུ་རྫོགས་པ་ཆེན་པོ་འཁོར་འདས་གཉིས་རང་གྲོལ་དུ་རྫོགས་པའོ། །ཆེན་པོ་ནི་འདི་ཉིད་ཐབས་སླ་བས་ཆེན་པོ་ཡིན་ཏེ་ཚིག་གསུམ་དུ་བསྡུས་ནས་བསྟན་དུ་ཡོད་པ་དང་། །ཐབས་མྱུར་སྟེ་ལུས་མ་བོར་བར་ཟག་བཅས་རང་ཟད་ལ་བུདྡྷཱ་བ་དང་། ཐབས་མང་པས་ཆེན་པོ་ཡིན་ཏེ། སྣང་བ་གང་ལ་གཏད་པ་ཐམས་ཅད་དངོས་པོ་གནས་ལུགས་ཀྱི་ཉམས་སུ་མྱོང་བ་འཆར་བ་དང་། །ཐབས་ཆེ་བ་ཡིན་ཏེ་འདི་ལས་མན་ངག་ཐབས་ཆེ་བ་གཞན་མེད་པས་ན་ཆེན་པོའོ། །ཚིག་ལས་གོལ་བར་བསྟན་པ་ནི། ཉན་ཐོས་རྣམས་ཚིག་ལ་ཉན་པ་དང་ཐོས་པ་རྗེས་སུ་འཛིན་པས་ཆོས་ཉིད་བརྗོད་དུ་མེད་པ་ལས་གོལ་བ་དང་། རང་རྒྱལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་ཚིག་ལ་བརྟེན་ཅིང་བསྒོམས་པས། རང་སྣང་བཅོས་པ་མེད་པའི་དགོངས་པ་ལས་གོལ་བ་དང་། སེམས་ཙམ་ཚིག་ལ་བརྟེན་པའི་སེམས་ཉིད་དོན་དམ་དུ་འདོད་པས་རིག་པ་བསམ་པ་ལས་འདས་པ་ལས་གོལ་བ་དང་། དབུ་མ་བ་དོན་དམ་ཀུན་རྫོབ་ཚིག་གིས་ཕྱེ་ནས། རང་བཞིན་མེད་པ་དོན་དམ་དུ་འདོད་པ་རིག་པ་མངོན་གསུམ་གྱི་ལམ་ལས་གོལ་བ་དང་། ཕ་རོལ་དུ་ཕྱིན་པ་སྤྱིའི་ཚིག་ལ་བརྟེན་པས་ས་ལམ་དོན་དམ་དུ་འདོད་པས་རྟོགས་བ་ཅིག་ཆར་ལས་གོལ་བ་དང་། ཀྲི་ཡ་བ་རང་གི་ཡི་དམ་གྱི་ལྷ་ཚོགས་ཀྱི་སྔགས་དང་ཕྱག་རྒྱ་དོན་དམ་དུ་འདོད་པས་རང་བྱུང་ཡེ་ཤེས་ལས་གོལ་བ་དང་། ཡོ་ག་བ་ཚིག་ལ་བརྟེན་པའི་བྱང་ཆུབ་ལྔ་དང་། བསྐྱེད་པའི་ལྷ་གཅིག་དང་ཐ་མི་དད་དུ་འདོད་པས། རང་སྣང་ཅེར་གྲོལ་ལས་གོལ། མ་ཧཱ་ཡོ་ག་བརྟེན་པ་ལྷ་དང་རྟེན་གཞལ་ཡས་ཁང་ཚིག་ལ་བརྟེན་ནས། ཡང་དག་པའི་ཀུན་རྫོབ་ལ་ཕྱི་སྣོད་གཞལ་ཡས་ཁང་དུ་འདོད་པ་དང་། ནང་བཅུད་བརྟེན་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འདོད་པ་ནི། ཚོགས་དྲུག་ལྷུག་བ་སྣང་བ་རང་གྲོལ་ཀྱི་དགོངས་པ་ལས་གོལ་བ་དང་། ཨ་ནུ་བ་ཚིག་ལ་བརྟེན་པའི་དབྱིངས་དང་ཡེ་ཤེས་དོན་དམ་འ དོད་པ་ནི། ཨ་ཏི་འབྲས་བུ་ཐིག་ལེ་ཉག་གཅིག་ལམ་དུ་བྱས་ཏེ་མ་སྤངས་ཡོངས་སུ་རྫོགས་པའི་དོན་ལས་གོལ་བ་དང་། གཞན་ཡང་ཨ་ཏིར་ཁས་བླངས་ཚིག་གི་འཇལ་བྱེད་དུ་འདོད་པ་ནི། ལྟ་བ་གཞི་ལ་ལུས་ནས་གོལ་བ་དང་། སྒོམ་ཡོན་ཏན་གྱི་འཆར་ཚུལ་ལ་ལུས་ནས་གོལ་བ་དང་། ཉམས་མྱོང་ཡིག་ཐོག་དུ་ལུས་ནས་གོལ་བ་དང་། སྤྱོད་པ་གནས་ལུགས་ལ་ལུས་ནས་གོལ་བ་དང་། ཐམས་ཅད་སེམས་ཡིན་དུ་ལུས་ནས་གོལ་བ་དང་། སྣང་བ་རྩལ་དང་རོལ་པ་ཉིད་དོན་དམ་པར་འདོད་པས་གོལ་བ་རྣམས་ཏེ། འདི་དག་ཀྱང་ཉམས་སུ་མྱོང་བ་མེད་པས་ཡིད་སྤྱོད་ཀྱི་ལྟ་སྒོམ་འཛིན་པས་གོལ་བ་ཡིན་ནོ། །འདི་ལྟར་ཚིག་གི་འདི་འདོད་པ་རྣམས་དང་བྲལ་བས་སྤྲོ་བསྡུ་མེད་པ་དང་། རིག་པ་ཉིད་ཤེས་རབ་ཀྱིས་སྤྱོད་ཡུལ་མ་ཡིན་པར་དབང་པོའི་མངོན་གསུམ་དུ་གཏན་ལ་ཕབས་པ་ཡིད་དཔྱོད་ལས་འདས་པ་དང་། གནད་རྣམ་པ་གསུམ་གྱིས་སྐྱེ་བ་མེད་པའི་ཆོས་ཉིད་དང་ལྷན་གཅིག་ཏུ་གནས་པས། ཐོས་བསམ་སྒོམ་གསུམ་བྱ་མི་དགོས་བས་དབང་པོ་ལ་རྣོ་རྟུལ་མེད་པ་དང་། ཉམས་མྱོང་ཉིད་རང་སྣང་ལ་ཕེབས་པས་ཐེ་ཚོམ་གྱི་མཐའ་ཆོད་པ་དང་། ཚོགས་དང་སྡིག་པའི་ལས་ཀྱི་ཕན་གནོད་དང་བྲལ་བར་ད་ལྟ་ཉམས་མྱོང་ལ་སྦྱར་དུ་ཡོད་པས་ལས་དགེ་སྡིག་ལས་འདས་པ་དང་། འདི་ལྟར་སྣང་བ་རང་ཐོག་ཏུ་གྲོལ་བས་གཉེན་པོ་གཞན་ལ་རེ་བ་ཆེ་བ་མེད་པ་དང་། བརྗོད་དུ་མེད་པའི་དོན་རང་གི་ངག་ལ་བརྟེན་ནས་ཉམས་སུ་མྱོང་དུ་ཡོད་པས། ཚིག་དང་བརྗོད་པ་ལ་འདས་པ་རྣམས་ཀྱིས་ཨ་ཏི་ཡོ་ག་ཕྱིན་ཅི་མ་ལོག་པ་རྣམས་གོལ་ས་ལས་འདས་ཏེ། གོལ་ས་གང་གི་ཡང་ཕྱོགས་སུ་མ་ལྷུང་པས་གཞན་ཚིག་དང་ཡི་གེས་བརྟགས་པ་རྣམས་ཡང་དག་དུ་འདོད་པ་དེ་རྣམས་གོལ་བར་བསྟན་པ་ནི། ལེའུའི་མཚན་བཤད་དོ། །ལེའུ་ནི་གཞུང་གི་དོན་ངེས་པར་གཅོད་པའོ། །ལྔ་པ་བཞིའི་འོག་དུ་བྱུང་བས་ན་གྲངས་ཀྱི་བྱེ་བྲག་གོ །ད་ནི་ལེའུ་དྲུག་པའི་དོན་པདྨ་ཁ་ཕྱེ་བ་ལྟར་བསྟན་པ་ནི། ལེའུ་དྲུག་པ་རང་བཞིན་རྫོགས་པ་ཆེན་པོ་ཉིད་ཞལ་ཆེམས་དུ་བསྟན་པའི་ལེའུ་ལ། །སྤྱི་དོན་གཉིས་ཀྱིས་བསྟན་པའི་དང་པོ། ཞལ་ཆེམས་ཀྱི་ངོ་བོ་བསྟན་པ་ལ། ནང་གསེས་ཀྱི་དོན་དགུས་བསྟན་པའི་དང་པོ། དེ་དག་གི་འབྱུང་བའི་ཡན་ལག་བསྟན་པ་ནི། དེ་ནས་ནི། ལེའུ་ལྔ་བསྟན་པའི་དེ་ནས་ཡང་སྣང་བ་ཆེན་པོ་ནི་ཡང་དག་དོན་ཀྱི་སྣང་བ་རང་བཞིན་གནས་ལུགས་བཀོད་པ་ཆེན་པོ་སྟེ། མུན་པའི་ཕྱོགས་དང་བྲལ་བས་གསལ་བའི་སྣང་བ་དེ་གང་ལ་སྣང་ན་འགྲོ་དྲུག་འཁྲུལ་པའི་ཡུལ་ལ་སྣང་བ་ལས། །ཆོས་ཉིད་ནི་རང་བཞིན་གནས་ལུགས་ཀྱི་ཆོས་ཉིད་འཁྲུལ་བ་རང་དག་པ་དང་། མ་བཅོས་རང་བཞག་གི་ཆོས་ཉིད་ལུས་ངག་རྣལ་དུ་འབེབས་པ་དང་། རང་སྣང་ལྷུག་པ་གཞན་མ་ཡིན་པའི་ཆོས་ཉིད་དེ། འཁྲུལ་པ་རང་དག་མ་ནོར་བའི་ཆོས་ཉིད་དང་། ཐིག་ལེ་སྤྲོས་བྲལ་རང་གི་ངོ་བོའི་ཆོས་ཉིད་དང་ལྔ་ལས། རང་རིག་བཅོས་པ་མེད་པའི་བདག་ཉིད་འདུ་འབྲལ་མེད་པར་རྟོགས་པའི་རྟོགས་པ་རྡོ་རྗེེ་ལུ་གུ་རྒྱུད་དང་སྟོན་པའི་ཐུགས་ཆོས་ཉིད་ལྔ་འདུ་འབྲལ་མེད་པའི་ངང་ལས་རིག་པ་བཞེངས་པ་སྟེ། ཞེས་ནི་ཤེས་རབ་ཐ་དད་པར་རང་ཤར་བའོ། །དེའི་ཚེ་སྣང་བ་ཐམས་ཅད་ཀུན་ཏུ་བཟང་མོའི་རང་བཞིན་དུ་ཡེ་ནས་རྒྱན་དང་རོལ་པར་ཤར་བས་བཀའ་ཕྱིན་ཅི་མ་ལོག་པར་རང་རིག་པའི་ཆོས་ཉིད་འདི་རྩལ་བ། ཀྱེ་ཀྱེ་དོན་ཉིད་རང་རྫོགས་པའི་ཚུལ་དུ་བོས་ནས་བརྡའ་དང་ཞེས་པ་ནི་རང་བཞིན་ཀྱི་བརྡའ། འདི་ལྟར་སྣང་བ་ཐམས་ཅད་དུ་ཤར་བ་དང་། བྱས་པའི་བརྡས་འཁོར་བའི་ཆོས་ཉིད་མི་རྟག་པའི་དོན་དུ་ཤར་བ་དང་། མི་སྣང་བའི་བརྡས་སེམས་ཀྱི་བྱུང་ཚོར་སྣ་ཚོགས་པར་ཤར་བ་དང་། སྣང་བའི་བརྡས་བརྟགས་པ་ཐམས་ཅད་རང་བཞིན་མེད་པར་ཤར་བ་དང་། ལག་གི་འདུ་བྱེད་ཀྱི་བརྡས་བྱས་པའི་ལས་ལ་དོན་མེད་པར་ཤར་བ་དང་། བྱས་པའི་བརྡས་ལ་གསུམ་ཡོད་པ་ལས། ལུས་ཀྱི་བརྡས་རང་གི་བདེ་བ་ངོ་ཤེས་པར་བྱ་བ་དང་། ངག་གི་བརྡས་བརྗོད་མེད་ཀྱི་དོན་རང་གི་རྒྱུད་ལ་བརྟེན་པ་དང་། ཡིད་ཀྱིས་བརྡས་འདི་ལྟར་བརྟགས་པའི་མི་རྣམས་འགགས་པར་བསྟན་པའོ། །ཡི་གེ་ནི་བརྡའ་རྟགས་མིང་གི་ཡི་གེ་ཨ་ལི་དང་ཀཱ་ལིའི་ཚོགས་དང་། རང་བཞིན་རྩ་གནས་ཀྱི་ཡི་གེ་བརྗོད་པའི་སྒྲ་ཐམས་ཅད་དང་། སྙིང་པོ་འགྱུར་བ་མེད་པའི་ཡི་གེ་རིག་པའི་ཡེ་ཤེས་དང་། ཡང་དག་དོན་དམ་ཀྱི་ཡི་གེ་ཆོས་ཉིད་བཀས་དག་པ་དང་། ཡོན་ཏན་རྫོགས་ཚུལ་གྱི་ཡི་གེ་ལྷུན་གྲུབ་འཆར་བྱེད་དང་བཅས་པ་དང་། བསྒྱུར་བྱེད་མིང་གི་ཡི་གེ་གང་བརྟགས་པ་དེའི་སྲོག་གནས་པར་བྱེད་པ་དང་། རྣམ་ཤེས་རང་སྲོག་གི་ཡི་གེས་འགྲོ་བ་རིས་དྲུག་སོ་སོའི་སྲོག་གནས་པ་དང་སྤེལ་བ་དང་། ཉམས་པ་དང་འཕྲོག་པར་བྱེད་པ་དང་བདུན་གྱི་དབྱེ་བ་ལ་སོགས་པ་རབ་ཏུ་སྤངས་ལ། དབྱིངས་རིག་འདུ་འབྲལ་མེད་པར་ཉམས་སུ་བླང་། ཐ་སྙད་ནི་འཁྲུལ་པ་རང་བཞིན་གྱི་ཐ་སྙད་བརྟགས་པ་རྣམས་དང་། །དེའི་རྟེན་འབྲེལ་ཀྱི་ཚོགས་འདུས་པ་རྣམས་ལས་མཆེད་པ་དང་། འཇལ་བྱེད་ཚད་མའི་ཐ་སྙད་ཀྱིས་ཡུལ་རྗེས་སུ་འགྲོ་ལྡོག་ཏུ་བྱེད་པ་དང་། སྒྲ་ཚད་རིག་པའི་ཐ་སྙད་ཀྱི་གང་ལ་འཇུག་པའི་རྒྱུ་མཚན་དང་། དེའི་འབྲེལ་པ་བསྒྲུབ་པ་དང་། གཞལ་བྱ་མ་ཡིན་པ་དང་། གང་གཞལ་བྱ་ཡུལ་གྱི་མཚན་ཉིད་གཏན་ལ་འབེབས་བར་བྱེད་པ་དང་། གྲུབ་མཐའི་བློའི་ཐ་སྙད་ཀྱི་རང་དོན་བསྒྲུབ་པ་དང་། གཞན་དོན་འགོག་པར་བྱེད་པ་སོ་སོ་གཤིས་ཀྱི་དོན་ཉམས་སུ་ལེན་པས་རབ་ཏུ་སྤངས་ཏེ། ཐམས་ཅད་ནི་དེ་དག་མ་ལུས་པར་སྤངས་པ། རང་གི་སྐུའི་སྣང་བ་གསུམ། འོག་ནས་སྟོན་པས་དེ་ལ་ལྟོས་ཤིག་ཅེས་སྟོན་པས་ཞལ་ཆེམས་ཀྱི་ཚུལ་དུ་གདམས་པའོ། །འདི་ལྟར་ཉམས་སུ་ལེན་པའི་སྐལ་ལྡན་དད་པ་ཅན་ཀྱིས་ཕྱིའི་ལོངས་སྤྱོད་རྫས་དང་ཡོ་བྱད་སྤངས་ལ། གྲོགས་གཡོག་འཁོར་དང་འབྲེལ་རྣམས་དང་བུ་དང་ཆུང་མ་ལ་སོགས་པ་ཐམས་ཅད་ལ་མ་ཆགས་པར་སྤངས་ལ། སྙིང་པོའི་དོན་སྟོན་པའི་རང་གི་བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་དབུལ་བར་བྱ། ལྷག་མ་རང་འཚོ་བའི་རྫས་ཁྱེར་ལ་ལུས་རྐྱེན་སྤངས་པའི་དགོན་པ་ནས་ནགས་མཐུག་པོ་ཡོད་པའི་ཁྲོད་དག་དུ་དེའི་དཀྱིལ་ན་བྲག་ཡོད་པའམ་སྤངས་ཤངས་སུ་གང་གི་གྲོགས་མེད་པར་རང་གཅིག་པུར་གནས་པར་བྱའོ། །དེར་བསྡད་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་གཉིས་དབང་པོའི་གཏད་ས་ནམ་ཀ་དང་གསུམ་འབྲལ་བ་མེད་པར་གནས་པར་གྱིས་ཅིག་ཅེས་ཞལ་ཆེམས་སུ་གདམས་པའོ། དེ་ཡང་ཉི་ཚེ་བའི་སྟོང་པ་ཐེར་ཟུག་ཏུ་མེད་པ་དང་། རིག་མེད་སྟོང་པ་ནམ་ཀ་དང་། རྣམ་པར་ཤེས་པ་ཙམ་དུ་སེམས་པའི་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་དང་། ནམ་ཀ་འདི་ཉིད་ཆོས་ཉིད་རྟོགས་པར་བསྒོམ་པ་ནམ་ཀ་མཐའ་ཡས་ཀྱི་སྐྱེ་མཆེད་དང་སྟོང་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མིན་པའི་ཡོད་མིན་མེད་མིན་ཀྱི་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྟོང་པ་ཅུང་ཟད་མེད་པའི་སྐྱེ་མཆེད་དང་། གྲངས་མཐའ་ཟད་པའི་སྟོང་བ་མུ་མེད་པ་ལ་སོགས་པའི་ཕྱོགས་འདོད་པ་མེད་པའི་སྣང་བ་ནི། འོག་ནས་སྣང་བ་གསུམ་སྟོན་པས་དེ་ཉིད་སྒྲིབ་བྱེད་རྣམས་སེལ་བའི་ཐབས་གྱི་མན་ངག་དང་བཅས་པས་ན་དེ་ཉིད་ཅེས་བྱ་ལ། ཡང་ན་དབྱིངས་ཀྱི་ནང་དུ་རིག་པ་བཅུག་བས་བྱས་པ་མེད་པའི་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། འདི་རྫས་སུ་མེད་པས་རྟག་པའི་ཕྱོགས་སུ་མ་ལྷུང་ལ། གསལ་བྱེད་གཞན་ལས་མ་ལྟོས་པས་ཆད་པའི་ཕྱོགས་སུ་མ་ལྷུང་ལ་ཤེས་ཤིང་རིག་པར་གནས་པས་རྟག་ཆད་མཐར་འཛིན་ཕྱོགས་སུ་མ་ལྷུང་ལ། རྒྱུ་འབྲས་གཞན་ལ་མ་ལྟོས་པས་མཚན་ཉིད་ཀྱི་ཐེག་པའི་ཕྱོགས་སུ་མ་ལྷུང་བསྙེན་སྒྲུབ་འབད་རྩོལ་བྱ་མི་དགོས་བས་སྔགས་ཕྱི་ནང་གི་ཕྱོགས་སུ་མ་ལྷུང་པ་དེ་ཉིད་ལྟོས་ཤིག །ཅེས་སྔོན་འབྱུང་མ་སྟོན་པའི་སྣང་བ་འདིས་ཀྱི་འཁོར་ལ་གདམས་པ། རྗེས་འཇུག་ཏུ་བླ་མས་དད་པ་དང་ལྡན་པའི་འཁོར་སྐལ་ལྡན་ལ་གདམས་པའོ། །གཞིའི་མདུངས་སྒྱུར་གྱི་གདམ་ངག་བསྟན་པ་ནི། གྲུབ་པའི་མཐའ་རྣམས་ཀྱི་ཤིན་ཏུ་བཟུང་བར་དཀའ་བ་ནི། ཆོས་ཉིད་ཀ་དག་གི་གཞི་ཡིན་སྟེ། འདི་ཉིད་རྒྱུ་ཞེས་ཐ་སྙད་དུ་གྲུབ་པ་མེད་པས་བདག་ཉིད་གཅིག་པའི་མ་རིག་པ་ཡོད་མ་མྱོང་། གཅིག་དང་གཉིས་ཀྱི་མཐའི་གྲངས་དང་བྲལ་བས། ལྷན་གཅིག་སྐྱེས་པའི་མ་རིག་པ་ཡོད་མ་མྱོང་བ་དང་། ཡུལ་འདི་ཞེས་གུད་དུ་བཅད་པ་མེད་པས། ཀུན་ཏུ་བརྟགས་བའི་མ་རིག་པ་མེད་པས་ཀ་དག་པའི་གཞིས་ནི། རེ་ཤིག་ཚིག་ཙམ་དུ་གཏན་ལ་ཕབ་ན། ངོ་བོ་ཀ་དག་གི་ཡེ་ཤེས་སུ་བཞུགས་པས་འཁྲུལ་པའི་ཕྱོགས་སུ་མ་ལྷུང་ལ། དེ་ཡང་གང་ཟག་གི་རྒྱུད་ལ་མཚོན་དུ་བཏུབ་པས་རྒྱ་གར་ཡང་མ་ཆད། རང་བཞིན་ཀྱི་ཆ་ནས་ཡོན་ཏན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་བཞུགས་བས་སྐྱོན་གྱི་ཕྱོགས་སུ་མ་ལྷུང་ལ། འདི་ཉིད་འཁོར་འདས་ཐམས་ཅད་ལ་ཁྱབ་པས་རྒྱ་གར་ཡང་མ་ཆད་ལ། ཐུགས་རྗེ་ཀུན་གྱི་ཡེ་ཤེས་སུ་བཞུགས་པས་འཁོར་འདས་གཉིས་ཀའི་ཕྱོགས་སུ་མ་ལྷུང་ལ། འདི་ཉིད་ཀྱི་གདུལ་བྱའི་ཡུལ་ཐ་དད་པ་ལ། འདུལ་བྱེད་ཀྱི་སྐུ་ཐ་དད་པ་ལྟར་སྣང་བས་རྒྱ་གར་ཡང་མ་ཆད་པའོ། །དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པའི་གཞིས་དེ། འདུག་ཚུལ་རང་དག་གི་ངོས་ནས་ངོ་བོར་ལ་བཞུགས་པ་སྟེ། དཔེར་ན་གུད་བཅད་ནས་ནམ་མཁའ་ཐ་དད་པ་རྣམས་ནམ་མཁའི་ངོ་བོར་གཅིག་པ་བཞིན་དུ་བཞུགས་ལ། ཆོས་ཉིད་སྒྱུ་མ་ལྟ་བུའི་སྒོ་ནས་རང་བཞིན་དུ་བཞུགས་ཏེ། དཔེར་ན་ནམ་མཁའ་གཅིག་ལ་ཉི་མ་སྟོང་ཤར་ཡང་འོད་གཅིག་ལས་དབྱེར་མི་ཕྱེད་པ་དང་མཚུངས། མཁྱེན་པའི་ཡེ་ཤེས་ཀྱི་ཆ་ནས་ཐུགས་རྗེར་བཞུགས་ཏེ། དཔེར་ན་འདུས་པ་གཅིག་པ་གྲུ་གང་གི་མི་དང་འདྲའོ། །ཡང་ངོ་བོ་ནི་ཀ་དག་པའི་ཡེ་ཤེས་རབ་སྣང་ལ། སྒྲིབ་ཕྱོགས་ཐམས་ཅད་བྲལ་བ། སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཞིང་ཟང་ཐལ་འགགས་མེད་ཀྱི་ངོ་བོར་བཞུགས་ལ། མཁྱེན་པའི་ཡེ་ཤེས་མ་འགག་པའི་སྒོ་ནས་སྐུའི་ཐ་སྙད་ཙམ་དུ་བཞུགས་ལ། ངོ་བོ་ཟང་ཐལ་བའི་ངོས་ནས་ཅིར་ཡང་གྲུབ་པ་མེད། སྤྲོས་བྲལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་གང་ལྟར་ཡང་ཤར་བ། དེ་ཡང་ངོ་བོ་ཀ་དག་གི་ཡེ་ཤེས་སུ་བཞུགས་པས་འཁྲུལ་པའི་ཕྱོགས་སུ་མ་ལྷུང་བའོ། །ཤེས་བྱ་རང་གི་འདུག་ཚུལ་ཀྱི་སྒོ་ནས་གང་གིས་ཀྱང་ཐོག་ཏུ་མི་ཕེབས་ལ། ཆོས་ཉིད་གཞི་ལ་རྣམ་པར་དག་པའི་སྒོ་ནས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་ཡང་མཚོན་དུ་བཏུབ། ཉག་གཅིག་སྤྲོས་པ་དང་བྲལ་བའི་སྒོ་ནས་འདི་ལྟར་ཡིན་ནོ་བའི་སྤྲོས་པ་མཐའ་དག་དང་བྲལ་བར་བཞུགས་སོ། །དེས་ན་ངོ་བོ་རྣམ་དག་ཟང་ཐལ་བ་ཞེས་བྱའོ། །རང་བཞིན་ནི་སྣ་ཚོགས་འགགས་པ་མེད་པའི་ཆ་ནས་སྣང་བར་ཡང་ཤར་ལ། ཆོས་སྐུ་རང་སྣང་གི་སྒོ་ནས་མཁྱེན་པའི་ཡེ་ཤེས་སུ་ཙམ་དུ་ཡང་གསལ། ཡེ་ཤེས་ལྔའི་མཁྱེན་པའི་སྒོ་མ་འགག་པའི་ཆ་ནས་རང་གདངས་འོད་ཙམ་དུ་སྣང་ལ། མཚན་མ་སྤྲོས་གཞི་ཉེ་བར་ཞི་བའི་སྒོ་ནས་ཁ་དོག་ཙམ་དུ་ཡང་སྣང་དུ་བཏུབ། ཡུལ་རྐྱེན་གང་ལ་ཡང་མ་ལྟོས་པའི་སྒོ་ནས་སྣང་བ་ཅིའི་ངོ་བོར་ཡང་གྲུབ་རྒྱུ་མེད་ལ། ཐབས་ཀྱི་སྒོ་ཡངས་པའི་ཆ་ནས་ཚིག་སྣ་ཚོགས་པ་ལྟར་ཡང་བྱུང་། ངོ་བོ་སྤྲོས་པ་དང་བྲལ་བའི་ཆ་ནས་བརྗོད་བྱ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་ལ། རང་བཞིན་སྣང་བའི་ཆ་ནས་སྐྱོན་ཡོན་ཐམས་ཅད་ལས་འདས་པའོ། །དེ་ཡང་འོག་ནས་རང་བཞིན་རྣམ་པར་དག་པའི་སྣང་བ་ནི་གསལ་དྭངས་ཞེས་པས་བསྟན། ཐུགས་རྗེ་ནི་ངོ་བོ་བྱ་བྱེད་ལས་འདས་པའི་ཆ་ནས་མཛད་པ་གང་དུ་ཡང་གྲུབ་པ་མེད་ལ། རང་བཞིན་སྣང་ལུགས་ཀྱི་སྒོ་ནས་མཛད་པ་མེད་པའི་ཐུགས་རྗེ་ཕྱོགས་མཐའ་དག་ཏུ་ཤར་ལ། ངོ་བོ་ཀ་དག་པའི་ཡེ་ཤེས་ལ་འཆར་རྒྱུ་ཅི་ཡང་གྲུབ་པ་མེད་དོ། །མཛད་པ་རྣམ་སྤྲུལ་ཀྱི་སྒོ་ནས་ཐུབ་པ་དྲུག་ལ་སོགས་ཏེ་སྐུ་ཐ་དད་པ་ལྟར་སྤྲུལ་པ། རང་བཞིན་རྣམ་དག་གི་སྒོ་ནས་གདུལ་བྱ་གང་དུ་ཡང་གྲུབ་པ་མེད་དོ། །ཉོན་མོངས་ཞི་དག་གི་སྒོ་ནས་གདུལ་བྱ་ཐ་དད་པར་ཤར་ལ། ཆོས་ཉིད་ཟབ་པའི་ཆ་ནས་རྣམ་རྟོག་གི་ཡུལ་ཐམས་ཅད་ལས་འདས་པའོ། །རང་ཤུགས་འགགས་མེད་ཀྱི་སྒོ་ནས་འདུལ་བྱེད་ཀྱི་སྐུ་སྣ་ཚོགས་པར་སྤྲུལ་པར་སྣང་བ་ལ། ཆོས་ཀུན་རང་ཐ་དད་པར་ཤར་ལ། ཆོས་ཉིད་ཟབ་པའི་ཆ་ནས་རྣམ་རྟོག་གི་ཡུལ་ཐམས་ཅད་ལས་འདས་པའོ། །རང་ཤུགས་འགགས་མེད་ཀྱི་སྒོ་ནས་འདུལ་བྱེད་ཀྱི་སྐུ་སྣ་ཚོགས་པར་སྤྲུལ་པར་སྣང་བ་ལ། ཆོས་ཀུན་རང་དག་པ་ཉིད་ལ་མཛད་པ་ཅི་ཡང་མེད་དོ། །ཡང་ངོ་བོ་ཅིའི་ངོ་བོར་ཡང་གྲུབ་པ་མེད་ལ། རང་བཞིན་འགགས་མེད་དུ་གསལ་བ་དང་། ཐུགས་རྗེ་སྣ་ཚོགས་སུ་ཤར་བའོ། །དེ་ཡང་ངོ་བོ་ཟང་ཐལ་བ་དང་། ངོ་བོ་ཟང་ཐལ་བས་རང་བཞིན་ཀུན་སྣང་བ་དང་། རང་བཞིན་ཀུན་སྣང་བས་ཐུགས་རྗེ་ཀུན་ཁྱབ་པའོ། །དེ་ལྟར་གནས་པའི་ད་སོ་སོའི་འདུག་ཚུལ་ལ། ཁ་ཅིག་ཡེ་ཤེས་མེད་པར་འདོད་པ་ཡོད་དེ། འདི་ལ་ཡེ་ཤེས་མེད་ན་ཡང་བེམ་པོ་ལྟ་བུའི་སྐྱོན་དུ་འགྱུར་ལ། ཡང་ན་སྟོང་པ་ནམ་མཁའ་ལྟ་བུ་སྟེ། ནམ་མཁར་ཉིད་ད་སོ་སོ་གཤིས་ཡིན་ན་དེ་ཉིད་མཐོང་བ་དང་ཤེས་པས་རྟོགས་པ་ཡིན་ནམ། གོམས་པ་ཡིན་ནམ། རྟོགས་མི་དགོས་པར་དེ་ཉིད་རང་ཡིན། དང་པོ་མཐོང་བས་ཆོག་ན་སེམས་ཅན་ཐམས་ཅད་ཀྱི་ནམ་མཁའ་མཐོང་བ་དང་ཤེས་པའི་ཕྱིར་གྲོལ་བར་འགྱུར་ཏེ། འདི་ནི་ཕྱི་རོལ་ཆད་པར་སྨྲ་བ་རྣམས་དང་ཁྱད་པར་ཅི་ཡང་བྱེད་དོ། །སྒོམ་དགོས་པ་ཡིན་ན་གོམས་ལུགས་ཇི་ལྟར་གོམས་པར་བྱེད། འདི་ཀ་ལྟར་ཡིན་ན་ནམ་མཁའ་ཉིད་ཀྱིས་ཉིད་གོམས་པས་གང་ཟག་ལ་ཕན་བ་མེད་ལ། གང་ཟག་གིས་གོམས་པས་འབྱོངས་པའི་ངོ་བོ་མེད་པས། གལ་ཏེ་དབང་སྒྱུར་བར་བྱེད་ན་ནི་འདབ་ཆགས་རྣམས་སུ་གོལ་བར་འགྱུར་བས། བྱོལ་སོང་དུ་སླར་སྐྱེ་བས་བསྐྱེད་པའི་ཕྱིར་དང་། འདི་ལ་གོམས་པའི་དོན་མེད་པར་འགྱུར་བ་སྐྱོན་སྤང་བར་མི་ནུས་སོ། །རྟོགས་མི་དགོས་ན་སེམས་མེད་པར་ཡེ་གྲོལ་བ་ཡིན་ཏེ། ཐ་མལ་པ་རྣམས་དང་ཁྱད་པར་ཅི་ཡང་མེད་དོ། །འདི་ནི་དེ་ལྟར་མ་ཡིན་ཏེ་ངོ་བོའི་ཆ་ནས་གྲུབ་རྒྱུ་ཅི་ཡང་མེད་པར་སྣང་ལ། རང་བཞིན་རྣམ་དག་གི་ངོས་ནས་ཡེ་ཤེས་དུ་མར་སྣང་ལ། ཐུགས་རྗེ་ཡོན་ཏན་གྱི་ཕྱོགས་ནས་མཁྱེན་པའི་ཡེ་ཤེས་མ་འགགས་པར་ཤར་བ་སྟེ། དེ་ཡང་ངོ་བོ་ལ་གཞི་གནས་ཀྱི་ཡེ་ཤེས་ཆ་ལ་གསལ་བས། མཁྱེན་པ་ནང་གསལ་དུ་ཡོད་པ་དང་། རང་བཞིན་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་རྩལ་དུ་སྣང་བས་མཁྱེན་པ་ཡུལ་དུ་མ་བྱེད་པ་དང་། ཐུགས་རྗེ་ལ་ཤེས་བྱ་རང་རྩལ་གྱི་ཡེ་ཤེས་མ་འགགས་པས། །ཤེས་བྱ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དངོས་པོའི་གནས་ལུགས་མཁྱེན་པ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་བསམ་པ་མཁྱེན་པ་གཉིས་ཀྱི་ཡུལ་ལ་སྣང་བ་མ་འགག་པར་མཁྱེན་ཚུལ་ཤར་བ་ནི། ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ་ལ་གཡོས་པ་མེད་ཀྱང་། རང་བཞིན་གསལ་ཆ་མ་འགགས་པའི་ཆ་ནས་འོད་དུ་གསལ། ཐུགས་རྗེ་ལ་མཁྱེན་པའི་ཡེ་ཤེས་གཉིས་རྩལ་དུ་སྣང་བའོ། །དེའི་ཕྱིར་ན་ངོ་བོ་ཀ་དག་པའི་ཡེ་ཤེས་སུ་ཟང་ཐལ་བ་དང་། དེ་ཉིད་ཟང་ཐལ་བས་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཙམ་དུ་ཡང་སྣང་ལ། དེ་ཉིད་ལྷུན་གྲུབ་ཀྱི་ཆ་མ་འགགས་པས་ཐུགས་རྗེ་མཁྱེན་པའི་ཡེ་ཤེས་སུ་གཉིས་གང་ལ་ཡང་ཐོགས་པ་མེད་པའོ། །དེ་ཡང་ངོ་བོ་ལ་མཁྱེན་པ་རང་གསལ་དུ་རིག་པ་ཙམ་དུ་བཞུགས་པས། སྐུ་ཐམས་ཅད་ཀྱི་བདག་ཉིད་ལས་འདས་པས་ཞལ་ཕྱག་གི་རྣམ་པར་གྲུབ་པ་མེད་པས། རིག་པ་རང་ངོ་རང་དག་ཏུ་བཞུགས་པས་ཐུགས་རྗེ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་བའོ། །རང་བཞིན་ནི་མཁྱེན་རིག་ཡུལ་ལ་ཤར་བས་ཐུགས་ཐམས་ཅད་ཀྱི་བདག་ཉིད་ལས་འདས་ཏེ། རིགས་དང་རིགས་ཀྱི་གཙོ་འཁོར་ཀྱི་སྐུ་ཡེ་ཤེས་ལྔའི་རྩལ་དུ་ཤར་བས། ཞལ་ཕྱག་གི་རྣམ་པ་སྐུ་ཐམས་ཅད་ཀྱི་རང་བཞིན་དུ་གསལ་བ་དང་། ཐུགས་རྗེ་མ་རྟོག་པ་རང་དག་གི་ཞལ་ཕྱག་དུ་མེད་པས་མཁྱེན་རིག་གི་རྩལ་ཕྱི་ནས་སྣང་བ་འཇའ་ཚོན་ལྟ་བུའི་སྐུ་ལས་འདས་པ་དང་། རིག་པ་རང་ངོ་ལ་མི་གནས་པས་ཡེ་ཤེས་ཀྱིི་མཁྱེན་པ་གཉིས་མ་འགགས་པས། དོན་གཉིས་ཐོགས་མེད་དུ་བྱེད་པས་ཐུགས་ལས་འདས་ཏེ། གསུང་རང་བྱུང་གི་ཡི་གེ་དྲུག་ལོངས་སྐུའི་མཁྱེན་པའི་ཡེ་ཤེས་དེ་ཡབ་ཡུམ་ལྗགས་ཀྱི་དབང་པོ་འཕྲོས་པས། །སྤྲུལ་པ་ཉིད་གང་ལ་གང་འདུལ་བ་དང་། དེ་དང་དེའི་ལུས་དང་མཐུན་པར་སྤྲུལ་ནས་གསུང་གིས་འདུལ་བའོ། །དེའི་འདུག་ཚུལ་གྱི་ཁ་ནས་ཚིག་ཙམ་དུ་སྐུ་གསུང་ཐུགས་སུ་ཡང་མཚོན་དུ་གཏུབ་པ་སྟེ། གསུང་གིས་ཡེ་ཤེས་གཉིས་ལ་བརྟེན་ནས་གདུལ་བྱ་ངག་གི་ཆོས་ཕྱིན་ཅི་མ་ལོག་པར་བྱེད་པ་དང་། སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལ་བརྟེན་ནས་སྣང་བ་ཕྱིན་ཅི་མ་ལོག་པར་བྱེད་པ་དང་། ཐུགས་ཀྱི་ངོ་བོའི་ཆ་ནས་གཞི་གནས་ཀྱིི་ཡེ་ཤེས་ལ་བརྟེན་ནས་དགོངས་པ་ཕྱིན་ཅི་ལོག་པར་བྱེད་པའོ། །དེ་ལྟར་ཡིན་པ་ནི་ངོ་བོ་ལ་མཛད་པ་མ་གྲུབ་སྟེ། ཤེས་བྱ་ཁ་ཕྱིར་མ་བལྟས་པས་མཁྱེན་པ་རང་ངོ་ལ་གསལ། རང་བཞིན་ལ་མཁྱེན་པ་མ་གྲུབ་པས་གདོས་བཅས་རགས་པའི་ཞལ་ཕྱག་དུ་མེད། ཐུགས་རྗེ་ལ་གནས་པ་མ་གྲུབ་པས་ངེས་པ་མེད་པའི་ཐུགས་རྗེ་ལྷུན་གྲུབ་ལས་ཡོན་ཏན་འགག་མེད་དུ་བཞུགས་སོ། །དེ་ཡང་དངོས་པོ་གཤིས་དང་སྦྱར་ན་ངོ་བོ་སྟོང་པར་བཞུགས་པས། རྟག་པ་མཐར་འཛིན་པ་ལས་རང་ལོག་པ་དང་། རང་བཞིན་གསལ་བར་བཞུགས་པས་ཆད་པའི་མཐར་འཛིན་པ་ལས་རང་ལོག་པ་དང་། ཐུགས་རྗེ་ཁྱབ་པར་བཞུགས་པས་རྟག་ཆད་གཉིས་དང་གཉིས་ཀ་མ་ཡིན་པ་ལས་འདས་པའོ། །རང་བཞིན་སྣང་ལུགས་དང་སྦྱར་ན་ངོ་བོ་ཀ་ནས་དག་པས་འཁྲུལ་པ་དང་མ་འཁྲུལ་པ་ཞེས་བྱ་བའི་ཐ་སྙད་དུ་མེད་པས་རང་དག་པའོ། །རང་བཞིན་རང་སྣང་བས་སྐུ་དང་ཡེ་ཤེས་ཀྱི་འབྱུང་ཁུངས་ཡིན་པའོ། །ཐུགས་རྗེ་ཀུན་འབྱུང་བས་གདུལ་བྱའི་ཡུལ་མི་འདྲ་བ་ཐ་དད་པ་ལས་འདུལ་བྱེད་ཀྱི་སྐུ་ཡང་ཐ་དད་པར་སྤྲུལ་ནས་དོན་བྱེད་པའོ། །རང་གི་ངོ་བོ་དང་སྦྱར་ན་ངོ་བོ་ནི་རིག་པ་སྟེ་རང་གིས་རང་རིག་པ་དང་། རང་བཞིན་འཆར་ཚུལ་དུ་བཞུགས་པས། དེ་ལས་སྐུ་དང་ཡེ་ཤེས་དང་འོད་དང་ཐིག་ལེ་རྣམས་སུ་རང་ཤར་བའོ། །ཐུགས་རྗེ་འཆར་བྱེད་དུ་བཞུགས་པས་དབྱིངས་དང་རིག་པ་དང་ཡུལ་དང་དབང་པོར་སྣང་བའོ། །ཀུན་གཞིའི་སྣང་ཚུལ་དང་སྦྱར་ན་ངོ་བོ་སྒྲོན་མ་བཞིར་བཞུགས་པས་རང་སྣང་མངོན་གསུམ་དུ་སྤྱོད། རང་བཞིན་སྣང་བར་བཞུགས་པས་དམིགས་གཏད་གང་ལ་གཏད་ཀྱང་སྤྲོས་པ་མེད་པའི་ཉམས་སུ་མྱོང་བ་སྐྱེ། །ཐུགས་རྗེ་ཡུལ་དུ་བཞུགས་པས་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ཚོགས་དྲུག་ལྷུག་པ་ཉིད་དམ་ཇི་ལྟར་སྤྱོད་ཀྱང་རུང་ཅི་བྱས་ཀྱང་སངས་རྒྱའོ། །རྣམ་རྟོག་བག་ཆགས་དང་སྦྱར་ན་ངོ་བོ་སེམས་སུ་བཞུགས་པས་བྱུང་ཚོར་ཇི་ལྟར་སྐྱེས་ཀྱང་རང་བཞིན་གྱི་བསམ་གཏན་ལ་གནས་པ་དང་། །རང་བཞིན་ངག་ཏུ་བཞུགས་པས་ཅི་བརྗོད་པ་སྔགས་ཚིག་ཏུ་འབྱུང་བ་དང་། ཐུགས་རྗེ་ལུས་སུ་བཞུགས་པས་བསྒུལ་སྐྱོད་ཕྱག་རྒྱར་གསལ་བའོ། །རིག་པ་རང་ངོ་དང་སྦྱར་ན། རིག་པ་སྟོང་པའི་ཆ་ནས་ངོ་བོར་བཞུགས་པས་མཚན་མའི་ཆོས་ལས་གྲོལ་བ་དང་། གསལ་བའི་ཆ་རང་བཞིན་དུ་བཞུགས་པས་སྟོང་པ་ཕྱང་ཆད་གྲོལ་བ་དང་། ཐུགས་རྗེ་བྱས་སྤྱོད་དུ་བཞུགས་པས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཉིད་དབུགས་མེད་པའི་འགྱུ་བ་དང་འགྲོ་འོང་དང་། སྲོག་མེད་པའི་སྐུ་དང་། འོད་དང་། མ་ཟླུམ་པའི་ཐིག་ལེ་དང་། མུ་ཁྱུད་དང་བཅས་པའོ། །རང་ལ་གནས་པ་དང་སྦྱར་ན། ངོ་བོ་ཙི་ཏ་ན་ཞི་བའི་སྐུ་ལྔ་དང་། དུང་ཁང་ཁྲོ་བོའི་སྐུ་ལྔ་ལྔ་ཡབ་ཡུམ་གྱི་ཚུལ་དུ་བཞུགས་ལ། རང་བཞིན་ཐིག་ལེའི་རྩ་གནས་ཀྱི་ནང་ན་རང་བཞིན་གྱི་ཐིག་ལེ་དང་། ཀུན་ཏུ་བཟང་པོའི་དང་། ཆོས་ཀྱི་དབྱིངས་དང་། །དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་། ཆོས་ཉིད་ཀྱི་ཐིག་ལེ་དང་། གཞི་དང་ལམ་གྱི་ཐིག་ལེ་དང་། དོན་དམ་དང་ཀུན་རྫོབ་ཀྱི་ཐིག་ལེར་བཞུགས་པའོ། །ཐུགས་རྗེ་འོད་དུ་བཞུགས་པ་ནི་ཡེ་ཤེས་ལྔའི་རང་སྣང་འོད་ལྔ་དང་ཡེ་ཤེས་ཉེར་ལྔའི་འོད་ཉེར་ལྔར་སྣང་བ་ནི་མི་གནས་ཤར་བའོ། །ཐབས་ལྡན་མན་ངག་དང་སྦྱར་ན། ངོ་བོ་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་སུ་བཞུགས་པ་དང་། རང་བཞིན་སའི་རླུང་དང་། ཆུའི། མེའི་དང་། རླུང་གི་དང་། དེ་ལས་སྲོག་འཛིན་པ་དང་། ཀུན་དུ་ཁྱབ་བྱེད་དང་། མེ་དང་མཉམ་པ་དང་། དྭངས་སྙིགས་འབྱེད་པ་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་རྣམས་སུ་བཞུགས་པ་དང་། ཐུགས་རྗེ་ཐིག་ལེར་བཞུགས་པ་ནི། ཀུན་རྫོབ་རྒྱུའི་ཐིག་ལེ་ཕ་མའི་བྱང་སེམས་དང་། དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་སྒྲོན་བཞིར་གནས་པའོ། །ཉམས་མྱོང་གོམས་ཤུགས་དང་སྦྱར་ན། ངོ་བོ་དྲོད་དུ་བཞུགས་པ་ནི། རིག་པ་ཚད་ལ་ཕེབས་པས་སྣང་བ་གང་ལ་ཡང་ཡིད་མི་འཇུག་པ་དང་། རང་བཞིན་ཉམས་སུ་བཞུགས་པ་ནི། ཉམས་སུ་མྱོང་བ་ཕྱོགས་མེད་དུ་ཤར་བས་ལུས་ངག་གི་བྱ་བ་ཅི་བྱེད་ཀྱང་རྐྱེན་ངན་གྲོགས་སུ་འཆར་པའོ། །ཐུགས་རྗེ་རྟགས་སུ་བཞུགས་པ་ནི་དེ་ལྟར་གོམས་པ་ལས་རིག་པ་ཚད་ལ་ཕེབས་ཏེ། ཉམས་རྒྱུད་ལ་ཤར་བས། ལུས་ལ་འབྱུང་བའི་གནོད་པས་མི་ཚུགས་པས། ཟས་དང་གོས་བྲལ་བ་དང་། སྐྲ་དཀར་དང་གཉེར་མ་མེད་པ་དང་། རང་བཞིན་ཀྱི་སྣུམ་བག་དང་ལྡན་པ་དང་། ལུས་ཡངས་ཤིང་འབུ་སྲིན་མེད་པ་དང་། སྐྲ་དང་སེན་མོ་སྐྱེ་བའི་རྒྱུན་ཆད་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཆུ་ལ་མི་འབྱིང་བ་དང་། རི་བྲག་ལ་ཟང་ཐལ་དུ་ལ་སོགས་པ་འདོད་པ་མེད་ཀྱང་རང་བཞིན་གྱིས་འབྱུང་བ་ནི། །ས་བོན་ནས་མྱུ་གུ་འབྱུང་བ་ནི་སུས་ཀྱང་དགག་བར་མི་ནུས་པར་རང་འབྱུང་བ་དང་། བུད་མེད་སྦྲུམ་མ་ཟླ་བ་རྫོགས་ནས་སུས་ཀྱང་དགག་པར་མི་ནུས་པར་བཙལ་བ་དང་། ནམ་ཟླ་ཟད་པའི་དུས་ཀྱི་རྩི་ཐོག་སུས་ཀྱང་གསོས་པས་མི་འཚོ་བར་རང་སྐམ་པ་དང་། ནམ་ཟླ་ཞུས་ན་ཆབ་རོམ་སུས་ཀྱང་དགོངས་པས་མི་འཕོངས་བར་རག་འཇུ་བ་དང་། སྐྱེས་བུ་འབྱུང་བ་རྙིང་པ་སྟེ་རྒས་པའི་དུས་ན་ཤེས་པས་མི་སྤོངས་པར་སྟོབས་རང་ཉམས་པ་དང་། སྤྲིན་མཐོང་ནས་ཐོན་པའི་ཉི་མ་སུས་ཀྱང་དགག་མི་ནུས་པར་རང་སྣང་བ་ལྟ་བུར་འདོད་པ་མེད་ཀྱང་འབྱུང་བ་ཡིན་ནོ། །དེ་ལྟར་དངོས་པོ་འདུག་ཚུལ་དེ་ཉིད་ཀྱང་གཞན་ལས་མ་ཡིན་ཏེ། ཡོ་གའི་རྒྱུད་ལ་གནས་པས་ཉམས་སུ་བླང་དུ་བཏུབ་པས་ན། གཟུང་བར་འདོད་ན་ཞེས་པའོ། །ད་ལྟར་གནས་པས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་རླུང་དང་ཕྲལ་ཏེ། ཐབས་དལ་བར་བཟུང་བས་འགྲོ་འོག་རྒྱུན་ཆད་པས། ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་ཀ་བྲལ་བས་སྣང་བའི་འཕེལ་བསམ་གྱིས་མི་ཁྱབ་པར་སྣང་བའོ། །ལྟ་བ་མཁའ་ཁྱབ་ཀྱི་གདམ་ངག་བསྟན་པ་ནི། དེ་ལྟར་དངོས་པོ་གཤིས་ཀྱི་འདུག་ཚུལ་ཉིད་རྣལ་འབྱོར་བས་ཉམས་སུ་བླང་པས་རིག་པ་སྐྱེ་མེད་དུ་རང་སྨིན། དེར་སྨིན་པས་ད་འཆི་བ་མེད་པར་རྫོགས་པས་སྐྱེ་ཤི་མེད་པར་དབྱིངས་ཐམས་ཅད་གཅིག་ཏུ་འབྲེལ་པ་སྟེ་འདི་ལྟར་འདོད་པས། དབྱིངས་སྟོང་གསལ་གཉིས་མེད་དུ་གནས་པ་ལ་རྣམ་པར་རྟོག་པ་ཡུལ་ཅན་དྲི་མ་ཐ་དད་པ་རྣམས་རང་བཞིན་གྱིས་དག་པའམ་སྒྲོན་མས་འཁོར་བའི་མུན་པ་སེལ་བར་བྱེད་པ་སྟེ་དཔེར་ན་རི་རབ་ཀྱི་འགུལ་ནས་ཉི་མ་ཤར་པས་རང་བཞིན་གྱིས་མུན་པ་སེལ་བ་དང་འདྲའོ། །དེ་ཉིད་ལ་མ་ཡེངས་པར་ལྟོས་ཤིག་ཅེས་པ་དེ་ལ་བལྟ་བའི་ཐབས་ལུས་ངག་ཡིད་ཀྱི་གནད་གསུམ་མོ། །འཁྲུལ་སྣང་རྒྱས་འདེབས་ཀྱི་མན་ངག་བསྟན་པ་ནི། གྲོགས་ནི་རྣལ་འབྱོར་བའི་གྲོགས་དུད་འགྲོ་དང་མི་གཞན་དག་མེད་པར་དང་། ཡེ་ཤེས་ཀྱི་གྲོགས་མ་རིག་པ་དང་ཉོན་མོངས་པ་དང་བག་ཆགས་སྔ་ཕྱི་མེད་པར་རྣལ་འབྱོར་བའི་ལུས་གཅིག་པུར་དལ་བ་དང་། ངག་གཅིག་པུར་སྨྲ་བ་གཅད་པ་དང་། ཡིད་གཅིག་པུར་ཏེ་སྒྲོན་མེ་ལ་གཏད་པ་དང་། རིག་པ་གཅིག་པུར་འབྱུང་བའི་རྐྱེན་དང་བྲལ་བ་ལ་འདུག་པར་ངེས་པར་འདོད་ན། སྣང་བ་འདི་ཤེས་ལ་དཔྱད་བྱེད་མ་ཞུགས་པ་སྟེ། དཔེར་ན་གཟུ་པོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུ་དང་། སྐྱེས་བུའི་གང་སློབ་པའི་ཡོན་ཏན་འབྱོངས་པས་བསླབ་བྱ་དང་བྲལ་བ་ལྟ་བུ་ཅེར་བཞག་དུ་བཞག་པས་དགོངས་པ་ལས་མ་བྲལ་བར་གནས་པ་ཡིན་ཏེ། །དེ་ལྟར་གྱིས་གཤིས་སྔོན་འབྱུང་དུ་སྟོན་པས་གདམས་ལ་རྗེས་སུ་བླ་མས་གདམས་པའོ། །རང་དག་ཉམས་གོང་དུ་འཕེལ་བའི་སྣང་བ་ལ་ཅེར་བཞག་དུ་བཞག་པས་ཆོས་ཉིད་བཅོས་པ་མེད་པའི་དགོངས་པ་དང་མ་བྲལ་བར་སངས་རྒྱས་པ་ཡིན་པས་དེ་ལྟར་གྱིས་ཤིག་པའོ ། །འུབ་ཆུབ་རྒྱས་འདེབས་ཀྱི་ལྟ་བ་བསྟན་པ་ནི། ལྟ་བ་རྩོལ་བ་དང་བྲལ་བ་མེད་པའི་ཉམས་གོང་འཕེལ་ཀྱི་སྐུ་ལ་མིག་གིས་བལྟ་བར་འདོད་ན་སྐལ་ལྡན་གྱིས་ཅིག་པ་ནི་དངོས་པོའི་བཞུགས་ཚུལ་གཅིག་མ་གྲུབ་པས་དུ་མ་མེད་ལ། དུ་མའི་སྤྲོས་པ་དང་བྲལ་བས་གཅིག་མ་གྲུབ་ལ། གཅིག་དང་དུ་མ་དང་བྲལ་བས་ན་ཐིག་མི་འགྱུར་བ་དང་ལེ་རང་བཞིན་གྱིས་བརྡལ་བའི་གནས་མིག་གི་དེ་ཁོ་ན་ཉིད་རིག་པ་ཉིད་མི་འགྱུར་བ་དཔེར་ན་རི་མོ་ལྟ་བ་ཡུལ་ནམ་མཁའ་ལ་ཅོག་གིས་གཞག་པ་ནི་མ་བཅོས་པར་བླ་མ་དག་པའི་མན་ངག་བསྟན་པའི་ཐབས་ལ་མཐའ་མ་སྤྲོས་པར་གཉིས་མེད་དུ་བསྡུས་གཅིག་ཅེས་གདམས་པའོ། །འགྲོ་དྲུག་རང་གཞག་གི་མན་ངག་བསྟན་པ་ནི། རྐང་པ་ནི་འགྲོ་བ་དང་བསྐྱོད་པའི་དོན་བྱེད་པ་ཡིན་པས་དེ་མེད་པ་ནི་དེ་སོ་སོ་གདོས་བཅས་མིང་དུ་གྲགས་པའི་རྐང་པ་རིག་པ་ལ་མེད་དེ། རང་གི་ཡེ་ཤེས་ཀྱི་རླུང་གི་སྟོབས་ལ་བརྟེན་ནས་ནམ་མཁའ་རྣམ་པར་དག་པ་ལ་རིག་པའི་ཡེ་ཤེས་འགྲོ་བ་སྟེ། དེ་ཉིད་ལ་རེག་པ་གསལ་བ་ལས་མ་གཡོས་པར་གནས་ནས་ཅོག་གིས་དེའི་དོན་ལ་མ་འགྱུར་བར་བཞག་པའི་ཐབས་ཀྱི་མན་ངག་ཏུ་མི་འགུལ་བ་གསུམ་ཡིན་ལ། རྩལ་རིག་པ་ཚད་ལ་ཕེབས་པ་འབྱོངས་པས་ཏེ། དེ་ཉིད་ཚད་ལ་ཕེབས་པས་རྣལ་འབྱོར་པ་དེ་རྐང་པའི་རྩོལ་བས་བསྐྱོད་མི་དགོས་པར་ནམ་མཁའ་ལ་འགྲོ་བ་དག་ཀྱང་འདོད་པ་མེད་ཀྱང་འབྱུང་བས་ན། སྦྱོངས་ཤིག་ཅེས་གདམས་པའོ། །འཁོར་འདས་རང་ཡན་ཀྱི་ཏིང་ངེ་འཛིན་བསྟན་པ་ནི། ཕྱི་ནང་མེད་པར་ཞེས་པ་ནི་ཕྱི་ནས་ལྟས་ན་ནང་གསལ། ནང་ནས་བལྟས་པས་ཕྱི་གསལ་བ་དཔེར་ན་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུ་ཆོས་ཐམས་ཅད་ཀྱང་ཐལ་བར་རྟོགས་པ་ནི། རྒྱ་མཚོའི་གཏིང་ལྟར་ལུས་དག་ལ་གཡོ་འགུལ་མེད་པར་ཅོག་གིས་བཞག་པས་ཆོས་ཉིད་བསམ་དང་བྲལ་བའི་དགོངས་པ་ལ་རྟག་ཏུ་གནས་པ་ཡིན་ཏེ། འདི་ལ་གནས་པས་བསམ་པའི་འཕྲོ་འདུ་རབ་ཏུ་ཆོད་པའི་དུས་ན་རི་བྲག་དང་རྩིག་པ་ལ་སོགས་པ་ལ་ཕྱི་ནང་དུ་མི་སྣང་བར་ལུས་ཀྱིས་ཀྱང་ཐལ་བར་རྒྱུ་བར་བྱུང་བ་ནི། འདོད་པ་མེད་ཀྱང་འབྱུང་བས་ན། དེ་ཉིད་གནས་པར་གྱིས་ཤེས་གདམས་པའོ། །གཟུང་འཛིན་རྦད་ཆོད་ཀྱི་ཡེ་ཤེས་སྟོན་པ་ནི། ཡེ་ཤེས་ཟང་ཐལ་བ་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་མ་སྤངས་ལ་ཡོངས་སུ་རྫོགས་པའི་དགོངས་པ་དུས་གསུམ་དུ་གནས་པ་ལ་བྱ། གོང་དུ་བསྟན་པའི་ཅོག་བཞག་བཞིའི་དོན་རྒྱུད་བཞི་ལམ་ཁྱེར་གྱིས་གདམས་ངག་ཉིད་ལས་མ་འདས་པར་རྩེ་གཅིག་ཏུ་སེམས་ཀྱིས་སྤྲོས་མེད་ཟང་ཐལ་ཀྱི་དོན་འདོད་པ་མེད་ཀྱང་ཁོང་དུ་ཚུད་པར་འགྱུར་བས་དེ་ཉིད་ལས་མ་འདས་གཅིག །ཅེས་གདམས་པའོ། །འཁོར་བ་གཡུལ་ཟློག་གི་སངས་རྒྱས་བསྟན་པ་ནི། འཁྲུལ་པ་ནི་རྒྱུ་མ་རིག་པ་རྣམ་པ་གསུམ་དང་། རྐྱེན་བཞི་དང་ལྡན་པས་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་འཁོར་བ་དང་འཁྲུལ་པའི་སྣང་བ་དེ་མ་ཡིན་ལ་དེར་འཛིན་ཀྱི་ཤེས་པ་སྟེ། །དཔེར་ན་སྐྱེས་བུ་ནམ་མ་དག་པ་ལ་སྒོར་ཐོན་བས་སྒོ་ན་ཐག་པ་གཅིག་ཡིན་པ་ལ་དུག་སྦྲུལ་དུ་མཐོང་ནས་སྔངས་ཏེ་ལོག་པ་དང་འདྲ་བར་དེ་མ་ཡིན་ལ་དེར་འཛིན་དུ་བཟུང་བའོ། །དེ་ཡང་དཔེར་ན་གྲུར་བཞུགས་པའི་དབང་པོ་དང་། སབ་མོ་རྟར་འཛིན་པ་དང་། ཐོ་ཡོར་ལ་མིར་བཟུང་བ་དང་། སྨིག་རྒྱུ་ལ་ཆུར་བཟུང་བ་ནི་བཟུང་བའི་ཡུལ་དེ་མ་ཡིན་པས་འཁྲུལ་པའོ། །ཕྱིན་ཅི་ལོག་ལས་འཁྲུལ་པ་ནི་ཤེས་པ་འཁྲུལ་པ་སྟེ། མིག་ནད་དང་ལྡན་པའི་སྐྱེས་བུའི་དབང་པོ་ལ་ནམ་མཁའ་ལ་སྐྲ་ཤད་འཛག་པར་སྣང་བའམ། བར་སྣང་ལ་བལ་གྱི་འཁོར་ལོ་འབབ་པར་མཐོང་བ་ནི་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པས་དབང་པོ་འཁྲུལ་ལ། དབང་པོ་འཁྲུལ་པས་ཤེས་པ་འཁྲུལ་ལོ། །ཞེན་པའི་ཡུལ་ལས་འཁྲུལ་པ་ནི། སྔར་ཞེན་པའི་སྟོབས་ཀྱི་གང་འདྲིས་པ་རྨི་ལམ་གྱི་རྣམ་པ་ལྟར་སྣང་བ་ནི་འཁྲུལ་པ། ཞེན་པའི་ཡུལ་ཀུན་རྫོབ་ཀྱི་རྣམ་པ་ཙམ་སྟེ་ཡང་དག་མ་ཡིན་པ་ལས་ཡང་དག་ཏུ་བཟུང་བ་དང་འཛིན་ཅིང་ཆགས་པས་འཁྲུལ་ལོ། །དེ་ལྟར་འཁྲུལ་པའི་སྣང་བ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་སུ་འཆར་བར་འདོད་པའི་སྐལ་ལྡན་གྱིས། །སྒྲོན་མ་དབྱིངས་རྣམ་པར་དག་པ་དང་རིག་པ་ལུ་གུ་རྒྱུད་དང་གཉིས་དུས་ཐམས་ཅད་དུ་མ་བྲལ་བར་གྱིས་ཤིག་ཅེས་གདམས་པའོ། །ད་ནི་རྒྱུད་བཞི་ལམ་དུ་བྱས་པས་སྐྱེ་བ་མེད་པའི་དོན་ཡེ་ནས་ཡོད་པ་ལ་ཐབས་སྔོན་འབྱུང་དུ་སྟོན་པ་གསུང་ལ། རྗེས་འཇུག་ཏུ་བླ་མས་སྐལ་ལྡན་ལ་ཐུན་མོང་མ་ཡིན་པར་མཆོག་ཏུ་གསུངས་པའོ། །དོན་གཉིས་པ་རིག་པ་སྣང་བའི་དྲི་མ་གདམས་ངག་གི་དག་པར་བསྟན་པ་ལ་དོན་དྲུག་གི་བསྟན་པའི་དང་པོ་ཀུན་གཞི་ཅིག་ཆར་གྱི་གདམས་ངག་བསྟན་པ་ནི། ཨེ་མ་ཧོ་ཞེས་རང་ལ་རང་ངོ་མཚར་བའི་ཚིག་ཏུ་བྱུང་སྟེ། དངོས་པོ་ནི་ས་ཆུ་མེ་རླུང་གི་དངོས་པོ་སྒོ་ལྔའི་ཡུལ་ཞེན་པ་དང་བཅས་པ་མེད་པའི་སྣང་བ་ནི་དངོས་པོའི་འདུག་ཚུལ་ལ་གཉིས་ཀྱི་དང་པོ་ངོ་བོ་ཀ་དག་གི་སྣང་བ་གོང་དུ་བསྟན་ལ། རང་བཞིན་ལྷུན་གྲུབ་ནི་གཞི་དང་གཞིའི་ཤེས་པའི་ཁྱད་པར་ལས་འཁྲུལ་བ་འབྱུང་བའི་གཞི་ལྷུན་གྲུབ་སྐྱོན་གྱི་རྣམ་པར་ཤར་ལ། རོལ་པ་འགགས་པ་མེད་པའི་ངོས་ནས་ཡོན་ཏན་སྣ་ཚོགས་པར་ཤར་ཏེ། འཁྲུལ་གཞིས་རྩིས་དང་བསྟུན་ན་སྔོན་རོལ་དུ་རང་རིག་པའི་རྩལ་ཡོན་ཏན་འོད་དུ་ཤར་བ་ལས། སེམས་ཀྱི་བྱུང་ཚོར་འདུས་པས་ང་ལས་ཕ་གི་བྱུང་ངམ་ཕ་གི་ལས་ང་བྱུང་སྙམ་པའི་སྙམ་བྱེད་ཕྱིར་གཡོས་པ་ལས། རང་གི་དེ་མ་དག་པ་ལས་སྐྱོན་ས་ཆུ་མེ་རླུང་ནམ་མཁའི་འབྱུང་བར་བྱུང་ལ། འཁྲུལ་བ་ལྡོག་པའི་སྒོ་ནས་འབྱུང་ལྔ་མ་སྤངས་པས་སྐྱོན་ཡོན་དུ་ཤར་བས། སྐྱོན་བཙལ་དུ་མ་རྙེད་པས་འཁྲུལ་པ་རང་ལོག་ལ། ཡོན་ཏན་བསྒྲུབ་ཏུ་མ་རྙེད་པས་འཁྲུལ་པ་དང་མ་འཁྲུལ་གཉིས་ལས་འདས་པའོ། །ཡང་འཁྲུལ་པ་འཇུག་ཚུལ་ལ་ལྷུན་གྲུབ་གདགས་བྱ་མ་འགགས་བས་སྐུ་ལྟར་ཤར་ལ། དེ་ཉིད་ཡོན་ཏན་དུ་མ་ཤེས་པས་འགྲོ་བ་རིགས་དྲུག་གི་ལུས་ཐ་དད་པར་འཁྲུལ་ལ། འཁྲུལ་བ་ལྡོག་ཚུལ་ཀྱིི་ཆ་ནས་འགྲོ་བ་ཡེ་སངས་རྒྱས་པས་སྐྱོན་ཉིད་ཡོན་ཏན་དུ་ཤར་ཏེ། རྐྱེན་གྲོགས་སུ་ཤར་བས་ཡེ་ནས་སྐྱོན་ཡོན་རང་དག་དུ་གྲོལ་བའོ། །ལྷུན་གྲུབ་རྩལ་སྣང་གི་ངོས་ནས་ཡེ་ཤེས་ལྟར་འཆར་བས། འཁྲུལ་པ་འཇུག་ཚུལ་གྱི་ཉོན་མོངས་ལྔ་སྐྱོན་གྱི་རྣམ་པར་དག་འཁྲུལ་ལ། །ལྷུན་གྲུབ་གཅིག་ཆར་དུ་འཁྲུལ་པ་ལྡོག་བའི་རྩལ་ལས་རང་ག་མ་རང་གཞག་དུ་སྣང་བས། སྐྱོན་ཡོན་ཏན་དུ་ལོག་ནས་བར་དངོས་ཆད་གྲུབ་ཏུ་གྱུར་པས། བར་དུ་གཅོད་པའི་བདུད་ན་ཉོན་མོངས་པ་མ་རྙེད་པས། སྐྱོན་རྩལ་དུ་མ་རྙེད་པས། ཡེ་ཤེས་བཞི་སྦྱོར་དུ་ཟང་ཐལ་བའོ། །ལྷུན་གྲུབ་སྣང་ཚུལ་གྱི་ཆ་ལས་གཉིས་མེད་དུ་ཤར་བ་ལས། འཁྲུལ་བ་འཇུག་ཚུལ་ལ་བདག་གཞན་གཉིས་སུ་བྱུང་ལ། འཁྲུལ་བ་ལྡོག་ཚུལ་ལྟར་ན་བདག་གཞན་གཉིས་མ་བཅོས་པར་རང་བཞག་པས། བདག་མེད་སྟོང་པའི་ཡོན་ཏན་དུ་གྲུབ་པས་སྐྱོན་རྩལ་དུ་མ་རྙེད་དེ་འཁོར་འདས་གཉིས་མེད་དུ་སངས་རྒྱས་པའོ། །ཡང་ལྷུན་གྲུབ་སྣང་ཚུལ་ལས་མཐའ་གྲོལ་ལྟར་ཤར་ལ། འཁོར་བ་འཇུག་ཚུལ་ལྟར་རྟོག་མཐའ་སྐྱོན་དུ་མར་འཁྲུལ་པས། དེ་ཉིད་བཟློག་ཚུལ་ལྟར་ན་མཐའ་གཉིས་དབུས་སུ་གྱུར་ནས་སྐྱོན་ཡོན་ཏན་དུ་ཤར་པས། འཁྲུལ་པ་ཡེ་ཤེས་སུ་རང་དག་ནས་སངས་རྒྱས་བའོ། ། ཡང་ལྷུན་གྲུབ་ཡོན་ཏན་གྱི་ཆ་ནས་དག་པ་ཡེ་ཤེས་ཀྱི་སྒོར་བྱུང་ལ། འཁོར་བ་འཇུག་ཚུལ་་ལྟར་ན་མ་དག་པ་འཁྲུལ་པར་སྣང་སྟེ། འཁྲུལ་པ་ལྡོག་ཚུལ་ལྟར་ན་མ་སྤངས་གནས་དག་ཏུ་གྲོལ་ནས་སངས་རྒྱའོ། །དེ་ཡང་ངོ་བོ་ཀ་དག་སྤྲོས་པ་དང་བྲལ་བ་ལ། ལྷུན་གྲུབ་ཡོན་ཏན་རྫོགས་ཚུལ་དུ་བྱུང་ལ། མ་རྟོགས་པ་རྣམས་ལ་སྐྱོན་ལྷུན་གྱིས་གྲུབ་པར་བྱུང་བའོ། །འདི་ལ་ཐིམ་ལུགས་བརྒྱད་དང་དཔེ་བརྒྱད་ལ་སོགས་པ་ཅི་རིགས་པར་སྤྲོའོ། །ཡེ་ཤེས་ཕྱོགས་དག་གི་སྣང་བ་ནི་ཉམས་སུ་བླངས་པའི་སྟོབས་ལས་བྱུང་བ་ནི། འོད་དང་ཐིག་ལེ་དང་སྐུ་རྣམས་ཀྱི་སྣང་བ་མངོན་གསུམ་དུ་གསལ་བ་ཡིན་ནོ། །དེ་ཉིད་སྣ་ཚོགས་པར་སྣང་བས་ངོ་མཚར་ཆེ་བའོ། །དེ་ཉིད་རགས་པའི་འབྱུང་བ་ལྔས་བསྒྲིབས་ནས། བླ་མའི་ལུང་མེད་པའི་གང་ཟག་སྐལ་མེད་ལ་སྣང་མ་ནུས་སོ། །རང་ག་མ་རྒྱས་འདེབས་ཀྱི་མན་ངག་བསྟན་པ་ནི། རིག་པ་རང་སྣང་གི་སྣང་བ་ནི་སྔོན་དུ་རིག་པ་གཏན་ལ་ཕབས་པ་མངོན་གསུམ་པ་དང་། ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་བསྟན་པ་དང་། རིག་པ་ཚད་ལ་ཕེབས་པའི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་སྟེ། ལྷུན་གྲུབ་སྐྱེད་པའི་རྒྱུ་ལས་བྱུང་བ་སྟེ། བརྗིད་པ་ནི་སོ་སོའི་རང་གདངས་ཡོད་པའོ། །དེའི་སྒྲིབ་བྱེད་ནི་འཕྲ་མོའི་ཉོན་མོངས་པ་ལྔས་གདངས་ལྔ་ལ་བསྒྲིབས་ནས་ཉམས་སུ་མ་བླངས་པའི་སྐྱེས་བུ་ལ་ཐོག་མ་བླ་མས་བསྟན་ཀྱང་བརྟགས་མ་ཐུབ་བའོ། །ཡེ་ཤེས་ཀུན་སྣང་གི་མན་ངག་བསྟན་པ་ནི། ཆོས་ཉིད་མ་བཀོད་པའི་སྣང་བ་ནི་རང་བཞིན་འབྱུང་ལུགས་ཀྱི་སྣང་བ་འདི་ལྟར་སྣང་བ་དང་། བྱས་པ་མེད་པའི་ཆོས་ཉིད་ཀྱི་བརྡས་བསྟན་པ་ལུས་ངག་ཡིད་སེམས་ཀྱི་སྣང་བ་ནི། དེ་ཉིད་བརྟགས་པས་བླ་མའི་མན་ངག་ཏུ་ཤར་བ་དང་། ཆོས་ཉིད་བཅིང་པ་མེད་པར་སྣང་བ་དེ་ཉིད་གསལ་བར་སྣང་བ་དང་ཐམས་ཅད་ཆོས་ཉིད་དུ་རོལ་བས་གདམ་པའོ། །དེ་རྣམས་ལ་ཤེས་པ་ཚུད་པ་མེད་པར་སྣ་ཚོགས་དུ་མའི་ལུས་དང་ངག་དང་ཡིད་སེམས་ཀྱི་སྤྱོད་པས་བསྒྲིབས་ནས། དེ་ཉིད་ལ་རྟག་མ་ཐུབ་པས་སྣང་བ་དེ་དག་མངོན་སུམ་དུ་ཡོད་ཀྱང་གང་ཟག་གིས་རིག་པའི་མངོན་གསུམ་དུ་སྣང་མ་ནུས་ཤིང་མེད་པའོ། །དེ་ལྟར་སྣང་བ་གསུམ་ནི་སྐུ་གསུམ་གྱི་སྣང་བ་གོ་རིམ་གྱིས་སྦྱར་རོ། །འཆི་ཀ་མའི་གཅིག་རྫོགས་ཀྱི་གདམས་ངག་བསྟན་པ་ནི། དེ་ལྟར་སྣང་བ་གསུམ་ལ་སྣང་བའི་ཡངས་རིག་པའི་ངོ་བོ་ལུ་གུ་རྒྱུད་དུ་གནས་པས་གཅིག་ཏུ་མི་གནས་གནས་པས་བཟུང་བར་དཀའ་སྟེ། འདི་ཉིད་རྣལ་དུ་ཕེབ་པ་དཀའ་ཡང་། བླ་མའི་མན་ངག་གི་བཅོས་ན་དེ་ཉིད་ཡེ་ཤེས་རྩལ་ཡིན་པས་ལུས་དལ་བར་གནས་པས་ཤེས་པ་གཅིག་ཏུ་གནས་པའི་གནད་ཡོད་པས་རྣལ་འབྱོར་པས་ལུས་དལ་བར་གནས་པ་གལ་ཆེ། དེ་ལྟར་དལ་བ་གསུམ་གྱིས་འགྲུབ་པ་ཡིན་ནོ། །ཞིང་ཁམས་རང་ལོག་ཀྱི་མན་ངག་བསྟན་པ་ནི། རིག་པའི་དབྱིངས་ནི་ཕྱིའི་ནམ་མཁའ་མཐའ་དང་དབུས་མི་འགྱུར་བ་དང་། ནང་གི་དབྱིངས་ཆོས་ཉིད་རང་བཞིན་གྱིས་མི་འགྱུར་བ་དང་། གསང་བའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། འདུ་འབྲལ་མེད་པས་མི་འགྱུར་བ་ཡིན་ཀྱང་། རིག་པ་རང་གི་སྟོབས་འབྱུང་བ་ལྔའི་རྐྱེན་དང་ཟད་པས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་འགྲུབ་པ་ཡིན་ནོ། །སྣང་བ་མ་བུ་སྤྲད་པའི་གདམས་ངག་བསྟན་པ་ནི། དེ་ལྟར་རིག་པའི་རང་བཞིན་འགྲོ་བ་ཀུན་ལ་ཁྱབ་ཀྱང་། ཆོས་སྐུ་མངོན་གསུམ་དུ་རྟོགས་པ་བླ་མའི་གདམས་ངག་མི་ཤེས་ཏེ། ཡིད་སྤྱོད་ཀྱི་ལུས་འགོ་འཇུག་ཏུ་རྩལ་ཀྱང་མི་རྙེད་དེ། འོ་ན་དེ་ལུས་ལ་མེད་པ་ཡིན་ནམ་སྟེ་ལུས་ལ་གནས་ངེས་པ་ཡིན། འོ་ན་ཡིད་སྤྱོད་ཀྱིས་རྩལ་བས་མ་རྙེད་པས་མེད་པ་མིན་ཏེ། ཁྱོད་ལ་བླ་མའི་མན་ངག་མེད་པས་མི་རྙེད་ཏེ། དཔེར་ན་གསེར་ལ་བཟོ་ཤེས་པས་ཅི་ཡང་བཏུབ་པ་ཡིན་ལ། བཟོ་མི་ཤེས་ཤིང་སྦྱོང་བྱེད་དང་བཙོ་སྲེག་གི་རྣམ་པ་མ་ཤེས་པའི་སྐྱེས་བུས་ཡིད་དཔྱོད་ཀྱིས་བྱས་ན་ཅི་ཡང་མི་བཏུབ་པ་རྣམས་དང་འདྲ་སྟེ། འོ་ན་གསེར་ལ་ཅི་ཡང་མི་བཏུབ་པ་མ་ཡིན་ཏེ། སྦྱོངས་བྱེད་ལ་སོགས་པའི་མན་ངག་ཡོད་པས་ཅི་ཡང་བཏུབ་པ་དང་འདྲ་བར། བླ་མའི་མན་ངག་མེད་པས་སངས་རྒྱ་བ་ལ་རེ་བ་མེད་དོ། །གལ་ཏེ་ཡིད་སྤྱོད་ཀྱིས་བཏགས་ཤིང་དཔྱད་པས་རྙེད་ཀྱང་དེ་ཉིད་ལ་གོམས་དགོས་པས་བརྟན་པར་མི་འབྱུང་སྟེ་ཡིན་མིན་ངོ་མི་ཤེས་པའི་ཕྱིར་རོ། །དེས་སྔོན་དུ་བླ་མ་དག་པ་གལ་ཆེ། དེ་ནས་རང་གིས་གོམས་ཤིང་འདྲེས་པ་གལ་ཆེའོ། །གཉིས་འཛོམས་པས་སྐྱེས་བུའི་ལག་པ་དང་རྩུབ་ཤིང་རང་འཛོམས་པས་མེ་འབྱུང་བ་བཞིན་ནོ། །དེ་ཡང་མེ་རྩུབ་ཤིང་ལ་ཡོད་པ་མ་ཡིན། སྐྱེས་བུའི་ལག་པ་ལ་ཡོད་པ་ཡང་མ་ཡིན། ལག་པ་དང་རྩུབ་ཤིང་དང་རྩུབ་བརྟེན་དང་གསུམ་དུས་འཛོམས་པས་མེ་འབྱུང་བ་དང་འདྲ་བའི། །ཆོས་ཉིད་གཉིས་མེད་དུ་སངས་རྒྱས་པ་ཡང་རང་གི་རིག་པ་གཅིག་པུ་ལ་ཡོད་ཅིང་ཆོག་པ་མ་ཡིན། དེ་བཞིན་དུ་བླ་མ་གཅིག་པུས་ཆོག་པ་མ་ཡིན། བདག་གི་གོམས་པ་གཅིག་པུ་མ་ཡིན། གསུམ་འཛོམ་པས་སངས་རྒྱ་བར་ངེས་པ་ཡིན་ནོ། །ཞེས་ཡི་གེ་མེད་པའི་རྒྱུད་ནི་རང་གི་རིག་པ་དེ་བླ་མའི་མན་ངག་མེད་པ་ལ་གསང་བ་ཡིན། ཡོད་པ་ལ་དངོས་གྲུབ་ཆེན་པོ་ཡིན་པ་ལས། ལེའུ་མཚན་ནི་རྫོགས་པའི་འབྱུང་བཞིའི་འདོད་ཡོན་ལ་བསླབ་པའི་གནད་ཀྱིས་བེམ་པོ་ཡང་རྫོགས་ལ། དབང་པོའི་འདོད་ཡོན་ལ་བསླབ་པའི་གནད་ཀྱིས་ཤེས་པས་བསྡུས་པ་རྣམས་ཀྱང་རྫོགས་པ་ཆེན་པོ། །ཞལ་སྟོན་པའི་ཁ་ཆེམས་ཕྱི་རབས་ལ་བཙས་སུ་བསྟན་པ་ནི་རང་ཏུ་ཟབ་པ་སྟེ། དཔེར་ན་སྐྱེས་བུ་འཆི་བ་དུས་བྱེད་པའི་ཚེ་རང་གི་སྙིང་གི་གཏམ་སྨྲ་བ་དང་། ཕྱིས་མི་སྨྲ་བས་ན། རྒྱུད་འདི་དུས་གཅིག་ལས་འབྱུང་དཀའ་བས་ན་དཀོན་པར་ཟུང་ཞེས་པའོ། །ལེའུ་ནི་གཞུང་གི་དོན་ངེས་པར་གཅོད་པའོ། །དྲུག་པ་ནི་གྲངས་ཏེ། དྲུག་ཁོ་ནར་ངེས་པ་ཅིའི་ཕྱིར་ཡང་ན་བཅུ་ལ་སོགས་པར་མི་སྟོན་པ། ཡང་ན་གཅིག་མ་ཡིན་པར་དྲུག་ཏུ་ངེས་པའི་རྒྱུ་མཚན་ནི། གོ་རིམས་ངེས་པ་ནི། ཐོག་མ་ལ་གླེངས་ན་མི་གོ་བས་གླེང་གཞི་བསྟན་ལ། དེ་ཉིད་དགོངས་པ་ལ་དགོངས་པར་ངེས་ཤེས་ཤིག་གནས་པ་དགོངས་གཞིའི་ལེའུར་ངེས་ལ། དགོངས་པ་དེ་རྩོལ་བཅས་སུ་སོང་ན་རྫོགས་ཆེན་མ་ཡིན་པས་གསུམ་པ་མ་འཁྲུལ་པའི་རིག་པ་ལ་མ་བྱས་པའི་ཆོས་བསྟན་པའི་ལེའུར་ངེས་སོ། །དེ་ལྟར་མ་བྱས་ཤིང་མ་འཁྲུལ་པའི་དོན་དམ་ཡིན་པས་བཞི་བ་དོན་དམ་སྣང་བའི་ལེའུར་ངེས་ལ། དོན་དམ་པ་དེ་ལ་ཚིག་དང་ཡི་གེའི་སྤྲོས་པ་དང་བྲལ་བས། ལེའུ་ལྔ་པ་རྫོགས་པ་ཆེན་པོ་ཚིག་གིས་གོལ་བར་བསྟན་པས་ངེས། ཚིག་དང་ཡི་གེ་མེད་པ་དེའི་དོན་གདམས་པ་ཞལ་ཆེམས་ཀྱིས་དགོངས་པ་གཞིའི་དོན་མཐར་སྡུད་ནན་ཅིག་དང་བཅས་པ་བསྟན་པའོ། །གྲངས་ནི་དེ་ལས་ཉུང་ན་དགོངས་པ་མ་ཚང་བས་རྒྱུ་མ་ཡིན་པ་དང་། དེ་ལས་མང་ན་མི་དགོས་པས་ལྡབ་པའི་སྐྱོན་དུ་འགྱུར་བས་དྲུག་ཁོ་ནར་ངེས་པའོ། །གནས་ལུགས་ནི་ཀ་དག་དང་ལྷུན་གྲུབ་ལས་བྱུང་བའི་རིག་པ་སྟོན་པར་བྱུང་ལ། སྣང་ཐབས་ནི་གོང་གི་སྣང་བ་གསུམ་ཀྱི་ཚུལ་དུ་བྱུང་བས་འཁོར་ལ་སྨྲས་པ་ནི་སྟོན་པ་དང་འཁོར་ཐ་མི་དད་པས་ཉིད་ལ་ཉིད་སྟོན་འཁོར་དུ་བྱུང་བའོ། །དེ་ལྟར་རྒྱུད་བཞི་པོ་གཞག་ཐབས་བཞི་རེ་དྲིལ་ནས་བསྟན་པ་དང་། དེ་ཡང་མཚན་གྱི་སྐབས་སུ་ཕྱི་ནང་གསང་བ་ཡོངས་རྫོགས་བཞིར་བསྟན་པའི་ཕྱིས་ལྡབས་པའི་སྐྱོན་འདི་ལ་མེད་དོ། །སྣང་བའི་དུས་ན་ལྟ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཀྱི་རང་བཞིན་གནས་པའི་བར་དོ་གཏན་ལ་ཕབ་པ། ཡི་གེ་མེད་པའི་རྒྱུད་ཤི་ཀ་མའི་བར་དོ ། རིན་པོ་ཆེ་རྒྱལ་མཚན་ཀྱི་རྒྱུད་ཡོན་ཏན་འགག་པ་མེད་པས་ཆོས་ཉིད་ཀྱི་བར་དོ། །རྒྱལ་པོའི་གདུང་མི་འགྱུར་བ་འཁོར་བ་ལ་ཆགས་པས་སྲིད་པའི་བར་དོ་གཏན་ལ་ཕབས་ཏེ་བསྟན་པའོ། །རྒྱུད་བཞི་སྐུ་བཞི་དང་ཡང་སྦྱར་བར་བྱའོ། །པདྨ་ཁ་འབྱེད་གསང་བ་ཡི་གེ་མེད་པའི་རྒྱུད་ཀྱི་ཚིག་དོན་པདྨ་ཁ་ཕྱེ་བ་ལྟར་བཤད་པ་མཁས་པ་ཆེན་པོ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ། །ཕྱི་རབས་ལས་ཅན་དེ་དང་འཕྲོད་པར་ཤོག་ཅིག །ས་མ་ཡ་རྒྱ། ཟབ་རྒྱ། གཏེར་རྒྱ། གསང་རྒྱ། གྷུ་ཧྱ་ས་མ་ཡ། ཁ་ཐམ། དགེའོ། །དགེའོ། །དགེའོ།། །།


previousཡི་གེ་མེད་པའི་རྒྱུད་ཀྱི་འགྲེལ་བ་པདྨ་ཁ་འབྱེད། བྱེ་མ་ལ་མུ་ཏྲ།no next