Nitartha Digital Library
Tibetan
 
previousསྐུ་གདུང་འབར་བའི་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་ཕྲེང་བ་བཀོད་པ། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ།no next

སྐུ་གདུང་འབར་བའི་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་ཕྲེང་བ་བཀོད་པ། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ།

སྐུ་གདུང་འབར་བའི་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་ཕྲེང་བ་བཀོད་པ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱ་ལོ་ཀེ་མ་ལཱ་པུ་ཏི་མཱ། བོད་སྐད་དུ། སྒྲོན་མ་ཕྲེང་བ་བཀོད་པ་ཞེས་བྱ་བ། བཅོམ་ལྡན་འདས་འབྱུང་བ་རྣམས་རང་སར་དག་པ་ཆེན་པོ་ལ་ཕྱག་འཚལ་ལོ། །མ་འོངས་དུས་ཀྱི་སྐལ་ལྡན་ངེས་ལུང་ཅན། །སྙིང་པོ་གསང་བ་བླ་མེད་རྒྱུད་རྒྱལ་ཉིད། །ཐེ་ཚོམ་མེད་པར་བདེ་བླག་ཉིད་དུ་ཡང་། །རྨོངས་ཤིང་འཁྲུལ་པ་མེད་པར་རྟོགས་བྱའི་ཕྱིར། །སྒྲོན་མ་སྣང་བྱེད་ཕྲེང་བ་བཀོད་འདྲ་བའི། །རབ་རྣོའི་མིག་དང་འདྲ་བའི་གསང་ཏིག་ཉིད། །རྗེ་བཙུན་དཔལ་ལྡན་ཉིད་ལ་གསོལ་བཏབ་ནས། །རང་སྣང་གོམས་པའི་རྟགས་ཚད་གཏན་འབེབས་པའི། །སྐུ་གདུང་ངེས་པའི་སྒྲོན་མ་བཤད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བ་རྣམས་ཀྱི་བླ་མ་དཔལ་རྡོ་རྗེ་འཆང་གིས་སྤྱིར་སྤྲོས་པའི་ཚིག་ལ་བརྟེན་པའི་ཆོས་བསམ་གྱིས་ཁྱབ་པ་ཞིག་གསུངས་པ་ལས། དེ་དག་གི་ནང་ནས་ཐེག་པ་ཀུན་ལས་ཁྱད་པར་དུ་བསྡུས་པ་མར་གྱི་ཉིང་ཁུ་ལྟ་བུ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ཤྭ་ལོ་ཀ་འབུམ་ཕྲག་དྲུག་བཅུ་རྩ་བཞི་མིང་ཐ་དད་པར་གསུངས་པ་ལས། དཀྱུས་ཚིག་མན་ངག་ཏུ་བསྟན་པས་ན་མན་ངག་གི་སྡེ་ཞེས་བྱ་བ་རབ་ཏུ་ཟབ་པར་བསྟན་ཏོ། །དེ་ལྟར་མན་ངག་གི་སྡེ་རྣམས་ལས་ཀྱང་ཐིག་ལེ་རང་གནད་ལ་དབབ་པ་རྣམས་ཟབ་པར་བསྟན་པས། རྫོགས་པ་ཆེན་པོ་ཐིག་ལེའི་སྐོར་ཞེས་བྱའོ། །དེ་ལ་སྡེ་ཚན་བཞིར་གནས་པ་ལས། གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་འདི་ཟབ་པར་བསྟན་པའོ། །འདི་ལ་རྒྱུད་ངེས་པ་བཅུ་བདུན་ཡོད་པ་ལས་གང་ཟག་གི་རྟགས་རྣམ་པ་གསུམ་བསྟན་པའི་སྐུ་གདུང་འབར་བའི་རྒྱུད་དོ། །རྒྱུད་འདི་ལེའུ་གསུམ་དུ་གསུངས་པ་སྟེ། ལེའུ་དང་པོས་སྔོན་སྦྱངས་ཀྱི་ལུས་ལ་རྟགས་ཇི་ལྟར་འབྱུང་བ་བསྟན་པ། གཉིས་པས་ད་ལྟ་གོམས་པའི་གང་ཟག་རྣམས་ལ་རྟགས་ཇི་ལྟར་འབྱུང་བ་བསྟན་པ། གསུམ་པས་གང་ཟག་དེ་འབྱུང་བའི་ཕུང་པོ་བོར་བའི་ཕྱི་ནས་ཇི་ལྟར་འབྱུང་བ་བསྟན་པའོ། །དེ་ལ་ལེའུ་དང་པོ་སྔོན་སྦྱངས་ཀྱི་རྟགས་བསྟན་པའི་ལེའུའི་དོན་འཆད་དོ། །འདི་ལ་རྒྱུད་ཀྱི་མཚན་བསྟན་པ་དང་། རྒྱུད་ཀྱི་གཞུང་དོན་མངོན་པར་རྟོགས་པ་བསྟན་པ་དང་། ལེའུའི་གཞུང་བསྟན་པའོ། །རྒྱུད་སྤྱིའི་གཞུང་ལ་ལེའུ་གསུམ་དུ་གནས་པའི། དེ་ལ་དང་པོའི་ལེའུའི་གཞུང་དང་། མཚན་དོན་གཉིས་ལས། མཚན་བསྟན་པ་སྟེ། དེ་ལ་མཚན་གྱི་བཞུགས་ཚུལ་བསྟན་པ་དང་། མཚན་གྱི་འགྱུར་བྱེད་བསྟན་པའོ། །དེ་ལ་མཚན་གྱི་བཞུགས་ཚུལ་ནི། དངོས་པོའི་འདུག་ཚུལ་གང་གིས་ཀྱང་སྒྲོས་མ་བཏགས་ཅིང་། མི་ཚིག་གིས་བར་དུ་མ་བསླད་པ་ཉིད། མཚན་གྱི་བཞུགས་ཚུལ་ཡིན་ཏེ། དེ་ཉིད་ཀྱི་མཚོན་བྱ་རྒྱུད་ཀྱི་སྟོན་པས་གསུངས་ལ། དེ་ཚིག་དང་ཡི་གེར་སློབ་དཔོན་དགའ་རབ་རྡོ་རྗེ་དང་། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས། རི་བོ་མ་ལ་ཡའི་རྩེ་མོ་ལ་ཚིག་དང་ཡི་གེར་དཀར་ཆག་ལ་བཏབ་ནས་རྒྱུད་སོ་སོའི་མཚན་དུ་གསལ་བར་བཀོད་པ་ལས། འདི་ནི་ཚིག་དོན་མཚན་དུ་གསལ་བར་བསྟན་པས། ངེས་པའི་རྟགས་སྐུ་དང་གདུང་ལ་སོགས་པ་སྟོན་པར་མཚན་གྱིས་གསལ་བས་ན། བཞུགས་ཚུལ་ཡིན་ལ། རྒྱུད་ལ་ནི་མཚན་དོན་ལ་བཏགས་པ་ཙམ་ལས། གཞུང་ན་མཚན་དང་མཐུན་པར་སྟོན་པ་ཡང་ཡོད། ལ་ལ་བསྐྱེད་རིམ་གྱི་ལྷ་གཙོ་བོའི་མིང་གིས་བཏགས་པ་ཡང་ཡོད། ལ་ལ་བམ་པོ་དང་ཤྭ་ལོ་ཀས་བཏགས་པ་ཡང་ཡོད། ལ་ལ་སྡེ་དང་རྣམ་གྲངས་ཀྱི་སྒོ་ནས་བཏགས་པ་ཡོད་པ་ལས། འདི་ནི་དེ་ལྟར་མ་ཡིན་ཏེ། རྒྱུད་ཀྱི་མཚན་བསྟན་པ་ཙམ་གྱིས་གཞུང་གི་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་མཚན་བསྟན་པས་གཞུང་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ཡང་མཚན་གྱི་བཞུགས་ཚུལ་རང་གི་ངོ་བོ་ནི་དཔལ་ནམ་མཁའ་མེད་པ་སྟེ། རྟེན་གྱི་གང་ཟག་གཅིག་སངས་རྒྱས་པ་ལ་རྟགས་མེད་པར་སངས་མི་རྒྱ། རྟགས་དང་ལྡན་པར་སངས་རྒྱ་བར་སྟོང་པ་རང་གསལ་བ་ཙམ་ལ་ཡང་མི་གནས་པས། སངས་རྒྱ་བས་ནམ་མཁའ་ཡུལ་དུ་གཅད་པ་མེད་པའི་ཕྱིར་མཚན་རང་གི་བཞུགས་ཚུལ་ལོ། །མཚན་གྱི་འགྱུར་བྱེད་བསྟན་པ་ལ་གསུམ་སྟེ། མཚན་སྒྲ་འགྱུར་དུ་བསྟན་པ་དང་། བརྡའ་འགྱུར་དུ་བསྟན་པ་དང་། དོན་འགྱུར་དུ་བསྟན་པའོ། །དེ་དག་ལ་གཉིས་གཉིས་ཏེ། མཚན་གྱིས་ལེའུའི་གཞུང་རྫོགས་པའི་གནས་ལུགས་དང་། གང་ཟག་གི་བྱེ་བྲག་སྟོན་པའི་དགོས་ཆེད་དོ། །ལེའུ་གཞུང་གི་མཚན་སྒྲ་འགྱུར་དུ་བསྟན་པས་ལེའུ་དང་པོའི་གཞུང་མངོན་པར་རྟོགས་པ་དང་། བརྡའ་འགྱུར་དུ་བསྟན་པས་གཉིས་པའི་ལེའུའི་གཞུང་མངོན་པར་རྟོགས་པར་འགྱུར་བ་དང་། དོན་འགྱུར་གྱིས་ལེའུའི་གཞུང་གསུམ་པ་མངོན་པར་རྟོགས་པའོ། །དེ་ལ་མཚན་སྒྲ་འགྱུར་དུ་བཤད་ན། འདི་ལྟར་རྒྱུད་ཀྱི་འདོད་པ་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་ཏེ། དེ་ཉིད་རྟོགས་པས་རྟགས་བསྟན་པ་དང་། གལ་ཏེ་མ་རྟོགས་ཀྱང་སྔོན་དུ་སྦྱངས་པ་དེ་ཉིད་ཤེས་རབ་ལ་བརྟེན་ནས་ད་ལྟའི་གཟུགས་ཀྱི་ཕུང་པོ་ལ་སྐུ་གསུང་ཐུགས་ཀྱི་རྟགས་ཤར་ཏེ། འོད་དང་རིས་སུ་སྣང་བའི་ཕྱིར་ན་ཤྲི། དེ་ད་ལྟ་སྐྱེས་བུ་རྣམས་ལ་གང་ནས་བྱུང་ན་ལུས་ལས་བྱུང་བས་ན། དེ་རྒྱུ་གང་ལས་བྱུང་ན་སྔོན་དུ་ཆོས་ཉིད་ལ་སྐྱེ་བ་མེད་པར་འདོད་པའི་དོན་དུ་བསྒྲུབས་པ་ལས་བྱུང་བས་ཨ། དེ་ཉིད་སྔོན་དུ་སྐྱེ་བ་མེད་པའི་དོན་མ་རྟོགས་ཏེ་སྐུ་གསུམ་གྱི་ཞེ་འདོད་བྲལ་བས། ད་ལྟའི་ལུས་དང་གནས་སྐབས་ཀྱི་གཞི་ལས་ལོག་པས། ཀ་མ་ནིའོ། །དེ་ཉིད་སྐུ་གསུམ་བདག་དུ་འཛིན་པའི་བློ་ལས་ལོག་ནས་ད་ལྟ་ཡང་གནས་སྐབས་ཀྱི་གཞི་དག་ནས་སྐུ་གསུམ་རང་རྒྱུད་དུ་འཛིན་པ་ལས་གྲོལ་བར་གྱུར་པ་ནི། མ་དྷ་ཀ་ཡ་ཞེས་བྱའོ། །དེ་ཉིད་ད་ལྟ་དེ་ལྟར་རྟོགས་ནས་འབྲས་བུ་སངས་རྒྱས་ནས་སྤྲུལ་པའི་སྐུ་རང་དག་ཆེན་པོའི་དོན་བྱེད་པ་ནི་གྷ་ཞེས་པའོ། །དེའི་ཕྱིར་ན་སྔོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་སྦྱངས་པའི་གདུང་ལ་སོགས་པ་རྟགས་ལུས་ལ་འབྱུང་ལ། དེ་ཡང་མགོ་ལས་འབྱུང་། སངས་རྒྱས་ཀྱི་གསུང་ལ་འབྱོངས་པས་འགྲིན་པར་པདྨ་ལ་སོགས་པ་ལྔ་འབྱུང་བ་དང་། ཐུགས་ལ་སྦྱངས་པས་ལུས་ཀྱི་སྙིང་ཁར་རྩེ་གསུམ་ལ་སོགས་པའི་རྟགས་ལྔ་འབྱུང་བའི་ཕྱིར་ཛ་ཞེས་སྐུ་གསུང་ཐུགས་མཚོན་པའམ་འཛིན་པའི་ཡི་གེའོ། །དེ་ཡང་ལུས་ལ་སྐུ་གསུང་ཐུགས་ཀྱི་རྟགས་བྱུང་བ་དེ། སྔོན་དུ་ལུས་ཀྱ ི་ལས་གཙོ་བའི་སྦྱངས་པ་ལས་བྱུང་བ་སྟེ། འོག་མའི་ནའོ། །ཡང་སྔོན་ངག་གཙོ་བའི་སྒོ་ནས་བསྒྲུབས་པ་ལ། ད་ལྟ་ངག་ལ་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བ་ནི། སྐུ་ལ་སྦྱངས་པའི་ཚིག་བཙན་པ་ལ་སོགས་པའི་རྟགས་བཞི་དང་། གསུང་ལ་སྦྱངས་པས་ཚངས་པའི་སྐད་ལ་སོགས་པའི་རྟགས་གསུམ་དང་། ཐུགས་ལ་སྦྱངས་པས་ཕ་རོལ་གྱི་ཚིག་ཅི་སྨྲས་པ་ལ་སོགས་པའི་རྟགས་གཉིས་འབྱུང་བས་ན་ལའོ། །ཡང་སྔོན་དུ་སེམས་གཙོ་བའི་སྒོ་ནས་བསྒྲུབས་པས་ད་ལྟ་ཡིད་ལ་སྨིན་པ་ནི། སྔོན་དུ་སྐུ་ལ་སྦྱངས་པས་མ་བསླབས་བསྒོམ་པ་རང་བབས་ལ་སོགས་པའི་རྟགས་གཉིས་དང་། གསུང་ལ་སྦྱངས་པས་བསམས་པའི་ཆོས་རྣམས་བློར་སྣང་བ་ལ་སོགས་པ་གསུམ་དང་། ཐུགས་ལ་སྦྱངས་པས་རྟག་ཏུ་གཅིག་པུར་འདུག་པ་ལ་སོགས་པའི་རྟགས་གསུམ་སྟེ་བརྒྱད་དང་ལྡན་པས། དེ་ཡང་རྟགས་ཡོད་པས་ཏའོ། །དེ་ཡང་དེ་ལྟ་བུའི་ལུས་འདི་ཡོད་པ་ལ་བརྩོན་འགྲུས་དང་ལྡན་པས་མ་བསྒྲུབས་ན། ལས་ཀྱི་མཐའ་ལོག་པས་ཡིད་འཁྲུག་པ་ལ་སོགས་པ་སྐྱེ་བའི་ལུས་སུ་གྱུར་པས་ནའོ། །དེ་ལྟར་རྟགས་དེ་དག་ཀྱང་རྟགས་ཀྱིས་འཆར་བར་བྱེད་པས་ཏྲ་ཞེས་བྱའོ། །རྟགས་འདི་དག་རྣམས་དང་ལྡན་པའི་སྐྱེས་བུ་འདི་ཉིད་ལ་འབད་པ་གཙོ་ཆེ་བས་བསྒྲུབས་ན་གནས་སྐབས་ཀྱི་གཞི་ལས་ལོག་ནས། ཐོག་མའི་གཞི་ལ་སངས་རྒྱ་བའི་ཕྱིར་ན་མཱ་ཞེས་བྱའོ། །དེས་ཐུགས་རྗེ་འགག་པ་མེད་པས་སེམས་ཅན་གྱི་དོན་བྱེད་པས་མ་རིང་པོར་བྱུང་བའོ། །མཚན་བརྡ་འགྱུར་དུ་བཤད་པ་ནི་རིག་པ་འཛིན་པའི་གང་ཟག་བརྡ་དུ་མ་ལ་བརྟེན་ནས་རྟོགས་པར་བསྟན་པས་ཏེ། བརྡའ་ནི་རང་བཞིན་གྱི་བརྡའ་གྱུར་པ་འདི་ལྟར་གྲགས་པ་སྣང་བས་བསྡུས་པ་ཐམས་ཅད་ཡིན་ཏེ། འདི་ཉིད་ལ་བཏགས་པས་རང་བཞིན་མེད་པའི་དོན་རྟོགས་པ་བརྡའ་རྣམས་བསྡུས་པར་བརྟགས་སོ། །བསྟན་པའི་བརྡའ་ནི་བླ་མའི་མན་ངག་འབོགས་པའི་དུས་ན་ཡིན་ནོ། །འབྱུང་བའི་བརྡའ་ནི་གསང་སྔགས་ཀྱི་དོན་ཟབ་མོ་ཉམས་སུ་བླངས་པས་སྐལ་ལྡན་གྱི་ལུས་ངག་ལ་འབྱུང་བས་ཏེ། དེ་ཡང་སྐལ་ལྡན་འདི་ཉིད་ལ་སྔོན་དུ་ཟག་པ་མི་སྣང་བར་སངས་རྒྱ་བ་རྣམས་ལ། ལུས་བོར་བའི་ཚེ་སྐུ་ནི་ཞི་བའི་སྐུ་དང་ཁྲོ་བོའི་སྐུ་གཉིས་ལས། སྐྱེས་བུ་གཅིག་ལ་ཞི་ཁྲོ་གཉིས་ཀ་བྱུང་ན། བར་མ་དོ་མེད་པར་སངས་རྒྱ་བའི་རྟགས་ཡིན། ཞི་བ་གཅིག་པུར་བྱུང་ན་བར་དོར་ཞག་ལྔ་གནས་པའི་བརྡའ་ཡིན། ཁྲོ་བོ་བྱུང་ན་བར་དོ་ལ་སྐད་ཅིག་མ་ལྔ་ལ་སངས་རྒྱ་བའི་རྟགས་དང་བརྡའ་ཡིན་ནོ། །གདུང་ནི་ལྔ་ལ་ཤ་རི་རམ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་སུ་འགྱུར། བ་རི་རམ་རྡོ་རྗེའི་རིགས་སུ་འགྱུར། ཆུ་རི་རམ་རིན་པོ་ཆེའི་རིགས་སུ་འགྱུར། བསེ་རི་རམ་པདྨའི་རིགས་སུ་འགྱུར། ཉ་རི་རམ་ལས་ཀྱི་རིགས་ཀྱི་སངས་རྒྱས་སུ་འགྱུར་ཏེ། འདི་དག་ནི་ལོངས་སྤྱོད་རྫོགས་པའི་རིགས་ཀྱི་སངས་རྒྱས་སུ་འགྱུར་བའི་བརྡའོ། །འབར་བའི་ནི་རིང་བསྲེལ་དང་། འོད་དང་། སྒྲ་དང་། ས་གཡོ་བ་དང་། ནམ་མཁའི་ཆོ་འཕྲུལ་ལ་སོགས་པ་སྟེ། དེ་ཡང་རིང་བསྲེལ་དང་འོད་དང་སྒྲ་ལ་སོགས་པས་ནི་སྐུ་གསུམ་རིགས་ཀྱིས་སོ་སོར་འགྲོ་བའི་བརྡའ་སྟེ། གཞུང་དུ་བརྟག་གོ། །ས་གཡོ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སར་འགྲོ་བས་ཏེ་གཞུང་ན་ཞིབ་བོ། །ནམ་མཁའི་ཆོ་འཕྲུལ་འདི་དག་རིགས་དྲུག་སྤྱི་མཐུན་གྱི་ལས་ཀྱི་ལེན་ལུགས་ཀྱི་བརྡའ་ཡིན་ནོ། །དོན་འགྱུར་ནི་དཔལ་ཞེས་བརྗོད་པས་ཏེ། སྔོན་དུ་འགྲོ་བའི་དོན་སྤྲོས་པ་ལ་དགའ་ན་འབྱུང་བཞིའི་རྣལ་འབྱོར་ལ་བྱས་པས། དེའི་དོན་རྒྱུད་ལ་སྐྱེས་པ་ལས་འབྱུང་བཞིས་མི་གནོད་པ་ལ་སོགས་པའི་རྟགས་དྲུག་དང་། དེས་རིགས་དྲུག་གི་སྐད་ཤེས་པའི་དོན་ཉིད་ལ་གནས་པའི་རྟགས་སུ་སྐད་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཤེས་པ་དང་། སྤྲོས་པ་ལ་མི་དགའ་བ་རྣམས་ཀྱིས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་པའི་དོན་རང་གི་རྒྱུད་ལ་སྐྱེས་པའི་རྟགས་རྣམས་དང་། ལྟ་སྒོམ་སྤྱོད་པ་རྟོགས་པའི་རྟགས་རྣམས་དང་། འོད་དང་། ཐིག་ལེ་དང་། སྐུ་དང་། དབྱིངས་ལ་གོམས་པའི་རྟགས་རྣམས་དང་། བྱེ་བྲག་ཏུ་སྐུ་གསུམ་ལ་གོམས་པའི་རྟགས་རྣམས་དང་། ཁྱད་པར་དུ་རིག་པའི་དོན་ལ་གོམས་པའི་རྟགས་རྣམས་ནི་མཆོག་ཏུ་རང་བཞིན་གྱི་རྫོགས་པའི་དཔལ་ལོ། །ནམ་མཁའ་མེད་པ་ནི་ཆོས་ཉིད་སྐྱེ་བ་མེད་པ་རྟོགས་པའི་རྟགས་ཉིད་ལས་ཁྱད་པར་དུ་ལུས་ངག་ཡིད་དོན་རྟགས་གཉིས་ལྡན་དང་། གསུམ་ལྡན་ལ་སོགས་པའི་བྱེ་བྲག་གིས་བསྟན་པའོ། །དབང་པོའི་བྱེ་བྲག་དང་རྒྱུད་ཀྱི་མཚན་སྦྱར་བ་ནི། གསུམ་སྟེ། སྒྲ་འགྱུར་དུ་བསྟན་པས་སྒྲ་ཇི་བཞིན་པའི་མན་ངག་ལ་བརྟེན་ནས། དབང་པོ་ཐ་མས་རྒྱུད་ཀྱི་དོན་མཚན་དུ་གོ་བ་དང་། བརྡའ་འགྱུར་དུ་བསྟན་པས་དབང་པོ་འབྲིང་པོས་བརྡའི་དོན་གྱི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་དོན་རྣམས་མཚན་བསྟན་པས་གོ་བ་དང་། དོན་འགྱུར་དུ་བསྟན་པས་དབང་པོ་རབ་ཀྱིས་དོན་མངོན་སུམ་གྱི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་དོན་རྣམས་མཚན་བསྟན་པས་གོ་བའོ། །དེ་ལ་མཚན་སྒྲ་འགྱུར་དུ་བསྟན་པ་ནི། སྒྲའི་སྒྲུབ་བྱེད་དང་དབྱིངས་གཉིས་ལ་བརྟེན་ནས་རང་གི་རྒྱུད་གཅོད་པའི་ཤེས་རབ་ཀྱིས་རང་དོན་མངོན་པར་རྟོགས་པ་དང་། སྒྲའི་གཞན་སེལ་དང་ཕན་པའི་རྐྱེན་ཅན་གཉིས་ལ་བརྟེན་ནས་གཞན་རྒྱུད་གཅོད་པའི་ཤེས་རབ་ཀྱིས་གཞན་དོན་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་ཤྲིའོ། །དེ་ཡང་སྒྱུ་མའི་ལུས་ལ་བརྟེན་ནས་བྱེད་པས་ན། དེ་ལྟར་དོན་གཉིས་བྱེད་ཀྱང་རང་གི་ངོ་བོ་ལ་སྐྱེ་མེད་དུ་གནས་པས་ཨ། སྐྱེ་བ་མེད་པ་ཉིད་སྐུ་མི་འགྱུར་བའི་དོན་དུ་རྟོགས་པས་ཀ །དེ་ལྟར་ཀྱང་གློ་བུར་དུ་བྱས་ཤིང་བཅོས་པ་ལས་བྱུང་བ་མ་ཡིན་ཏེ། ཡེ་ཐོག་མ་ཀ་དག་མ་བཅོས་པའི་གཞི་ལ་བབས་ཀྱིས་གྲུབ་པས་མ། དེ་ལྟ་བུའི་དོན་དེ་ད་ལྟ་རང་གི་ལུས་ལ་རང་བཞིན་ནམ་མཚན་ཉིད་ཇི་ལྟར་གནས་ན་འོད་དུ་ཡོད་པས་ན། འོད་དེ་གནས་སྐབས་ཀྱི་གཞི་ལ་ད་ལྟའི་སྣང་བ་ཡིས་མ་བསླད་པར་གནས་པས་ཡང་མཱ། དེ་ལྟར་གནས་པའི་རིག་པའི་ཡེ་ཤེས་དང་ཟེར་དུ་གནས་པ་དེ་ལ་ཉོན་མོངས་པའི་དྲི་མ་ཡེ་དག་ཏུ་བཞུགས་པས། དག་བྱེད་ཡི་གེའོ། །གོང་དུ་རྟོགས་པའི་སྐུ་གསུམ་གྱི་རང་བཞིན་དུ་ད་ལྟ་ཡང་གནས་པས་སྐུ་གསུམ་མཚོན་པར་བྱེད་པའི་ཡི་གེ་ཀའོ། །དེ་ལྟར་གནས་པའི་གནད་ཀྱིས་སྣང་བ་གསུམ་དུ་གཏན་ལ་ཕེབས་པས་འཁྲུལ་པ་རང་ལོག་པས་སྐུ་གསུམ་རང་སར་ལྡོག་པ་མཚོན་པའི་ཡི་གེ་ཡའོ། །དེ་ལྟར་སྣང་བ་གསུམ་རང་སར་ལོག་པ་དེ་གང་ལས་བྱུང་ན་ད་ལྟའི་སྣང་བ་འདི་ལོངས་སྐུར་གཏན་ལ་ཕེབས་པ་ལས་བྱུང་བས། ལོངས་སྐུ་མཚོན་པའི་ཡི་གེ་གྷ་ཞེས་འཐུག་པོས་སྣང་བ་ལ་དྲི་མ་རང་སར་དག་པ་མཚོན་པའོ། །དེ་ལྟར་ལོངས་སྐུའི་སྣང་བ་རང་དག་པས་སྐུ་གསུམ་དག་པའི་སྣང་བ་གསུམ་མི་གཏོང་བར་འཛིན་ཅིང་དེ་དང་མི་འབྲལ་བར་གནས་པས་འཛིན་པ་མཚོན་པའི་ཡི་གེ་ཛའོ། །དེ་ལྟར་གཟུང་བ་དེ་ལ་སྟོང་པ་ལ་བཟླ་ལྟ་བས་ཐག་གཅད་པའི་ཕྱིར་ན་ལ། དེ་ལྟ་བུའི་དོན་དེ་དུས་གསུམ་མཉམ་པ་ཉིད་དུ་བཞུགས་ཤིང་བརྟགས་པས་ཏ། དེ་ཡང་ཆོས་ཉིད་ཀྱི་བར་དོར་སྣང་བྱེད་འོད་ཀྱི་ལུས་སུ་སྣང་བས་ཀྱང་ན། དེ་ལྟར་དབང་པོ་ཐ་མ་དེས་འདི་ཉིད་ལ་མ་རྟོགས་ན་ཆོས་ཉིད་རྟག་པའི་དོན་སྲིད་པའི་བར་དོ་ཞེས་བྱ་བ་འཆར་བས་ཏྲའོ། །དེ་ལྟར་སྲིད་པའི་བར་དོ་ལ་རིག་བྱེད་འོད་ཀྱི་ལུས་ལ་འཇུག་པས་ཀྱང་ནའོ། །དེ་ལྟར་སྲིད་པའི་བར་དོ་ལས་མར་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པས་ཆོས་ཉིད་ཟབ་མོ་མཐོང་ཞིང་སྤྱད་པའི་ཡོན་ཏན་ལ་བརྟེན་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ། རྫུས་ནས་སྐྱེས་ནས་དེ་ནས་ཐོག་མའི་གཞི་ཀ་དག་གི་གནས་སུ་བར་དོ་མེད་པར་སངས་རྒྱ་བས་ནའོ། །དེས་སྤྲུལ་པའི་སྐུས་སེམས་ཅན་གཞན་གྱི་དོན་བྱེད་པས་ན་མཱ་རིང་པོར་བྱུང་བའོ། །འདིའི་དུས་ན་གཞན་དོན་རྫོགས་པར་བྱེད་པ་ནི་ཐོག་མའི་དུས་ན་སྒྲ་ཡིས་གཞན་སེལ་དང་ཕན་པའི་རྐྱེན་ཅན་ལ་བརྟེན་ནས་གཞན་གཅོད་ཀྱི་ཤེས་རབ་རྒྱུད་ལ་སྐྱེས་པ་ལས་བྱུང་བའོ། །དེ་ནི་དབང་པོ་ཐ་མས་རྒྱུད་ཀྱི་མཚན་དོན་མངོན་པར་རྟོགས་པའི་མན་ངག་གོ། །ད་ནི་དབང་པོ་འབྲིང་པོ་བརྡའ་འགྱུར་ལ་བརྟེན་ནས་རྟོགས་པ་ནི། དེ་ལྟར་རྒྱ་གར་གྱི་སྐད་རང་སོར་གནས་པ་རང་བཞིན་གྱི་སྒྲའི་བཞུགས་ཚུལ་ལས། ལོ་ཙཱ་བས་བརྡའ་སྐད་ཆོ་འཕྲུལ་གྱི་ཡི་གེར་བསྒྱུར་བས། བོད་སྐད་དུ། ཞེས་བརྡའ་བཏགས་པས་འདི་ནི་འགྱུར་བྱེད་སྣང་བའི་བརྡའ་ཡིན་པས། ཕྱི་རོལ་གྱི་སྣང་བ་ལ་རྟགས་བརྡའ་དོན་གྱི་མན་ངག་དུ་མ་གྱུར་པ་ཡེ་ནས་མེད་པས། སྣང་སྲིད་བརྡར་ཤར་བས་འཁྲུལ་པ་རང་དག་འཁྲུལ་རྐྱེན་རང་དག་པས་མ་རིག་པ་གདར་ཤ་ཆོད། དེ་ཆོད་པས་ཆོས་ལ་བྱན་ཚུད། དེ་ཚུད་པས་དབང་པོ་འབྲིང་པོས་ཆོས་ཉིད་མའི་སྣང་བ་ཆོས་ཉིད་ཀྱི་བར་དོ་ལ་རིག་པ་བུ་དང་འཛོམ་ནས་སངས་རྒྱའོ། །ད་ནི་དོན་འགྱུར་དབང་པོ་རབ་སྣང་བ་འདི་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱ་བ་ནི། དཔལ་ནི་གཉིས་ཏེ། བདག་ཉིད་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མན་ངག་ལ་བརྟེན་ནས་འདི་ཉིད་བརྩོན་འགྲུས་བཏོན་པས། འཁྲུལ་སྣང་རང་དག་ནས། འདི་ཡི་དུས་ན་རྟོགས་པས་བདག་གྲོལ་བས་བདག་དོན་མཐར་ཕྱིན་པས་བདག་གི་དཔལ་ཡིན་ལ། དེས་འཕོ་བ་ཆེན་པོའི་ལུས་སུ་སླར་བཞེངས་ནས་འགྲོ་བ་སུམ་སྟོང་དུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་བཀོད་པས་ཐུགས་རྗེས་གཞན་བསྒྲལ་བས་གཞན་དོན་མཐར་ཕྱིན་པས་ཐུགས་རྗེ་གཞན་གྱི་དཔལ་ལོ། །ནམ་མཁའ་ནི་གཉིས་ཏེ། བཏགས་པ་མིང་གི་ནམ་མཁའ་ནི། ཆོས་ཉིད་ཀྱི་ནམ་མཁའོ། །བཏགས་པ་ནི་ཕྱི་རོལ་གྱི་ནམ་མཁའ་འདི་ཡང་བཏགས་པ་ཡིན་ལ། ཡང་དག་པར་ནི་ནམ་མཁའ་ཡིན་པའི་ངོ་ཏི་མེད་པ་དང་། དེ་བཞིན་དུ་མིང་དུ་བཏགས་པའི་ནམ་མཁའ་རྣམས་ཀྱང་ནམ་མཁའ་ངོ་ཏི་མེད་པ་དང་། དང་པོ་འདོགས་པའི་མཁན་པོ་ངོས་མི་ཟིན་པ་དང་། བར་དུ་ཡོད་པར་ཡིད་མི་ཆེས་པ་དང་། ཐ་མ་ནམ་མཁའ་འགྲོ་བའི་ཐག་མ་ཆོད་པས་མིང་དུ་བཏགས་པའི་ནམ་མཁའ་སྔར་ཡོད་མ་མྱོང་། ད་ཡང་ཡོད་མི་སྲིད། ཕྱིས་ཡོད་པར་མི་འགྱུར་བས་མེད་དོ། །ཆོས་ཉིད་ཀྱི་ནམ་མཁའ་ནི་ཤེས་བྱའི་ཆོས་ཉིད་གྲུབ་མཐའ་དང་ཚིག་གི་སྤྲོས་པ་དང་སོ་སོའི་གནས་ལུགས་ལ། སྔ་མ་ཡོད་མ་མྱོང་། ད་ཡོད་མི་སྲིད་དོ། །ཕྱིས་ཡོད་པར་མི་འགྱུར་བས་མེད་དོ། །རང་ཉམས་སུ་བླངས་བྱའི་ཆོས་ཉིད་འཁྲུལ་པ་རང་འགགས་ཤིང་ཆོས་ཉིད་རང་ཟད་པས། སྔ་མ་འདས་ནས་མེད། ཕྱི་མ་ཟད་ནས་མེད། ད་འཁྲུལ་པ་ལ་མི་གནས་པས་མེད་དོ། །དེ་ལྟར་སྤྱིར་ཤེས་བྱའི་ཆོས་དང་བྱེ་བྲག་ཏུ་ཉམས་སུ་བླང་བྱའི་ཆོས་གཉིས་མེད་པས་ན། གཞན་འདི་ལྟར་སྣང་བའི་ཆོས་ཡོད་ཅེས་ཐོས་ཙམ་གྱི་སྣང་གྲགས་ཀྱི་ཆོས་རྣམས་ཡོད་པར་ག་ལ་སྲིད་པས། སྟོང་པ་ནམ་མཁའ་ཡང་མེད་པས་ན། གཞན་དངོས་པོ་སྣང་བ་རགས་པ་འདི་ཡང་དག་པ་ལ་ཡོད་མི་སྲིད་པས་འཁྲུལ་པ་རང་དག་པའོ། །སྐུ་ནི་སྐུའི་ངོ་བོ་ལུས་ཀྱི་བྱེ་བྲག་ཏུ་བཞུགས་པས། ངེས་ཚིག་ལས་ཀྱི་མཐའ་རྫོགས་པའོ། །དབྱེ་ན་སྣང་བ་གཟུགས་ཀྱི་སྐུ་དང་། བཏགས་པ་མིང་གི་སྐུ་དང་། ལུས་མེད་ལུས་ཀྱི་སྐུའོ། །སྣང་བ་གཟུགས་ཀྱི་སྐུ་ནི་རིས་སུ་བྲིས་པ་དང་། ལུགས་སུ་བླུགས་པ་དང་། འབུར་དུ་བཏོད་པ་རྣམས་དང་། མདོར་ན་འདི་ལྟར་སྣང་བ་ཐམས་ཅད་སྣང་བ་གཟུགས་ཀྱིས་བསྡུས་སོ་ཅོག་གོ། །བཏགས་པ་མིང་ནི་མིང་དུ་བཏགས་པ་ཙམ་ཡིན་ནོ། །ལུས་མེད་ལུས་ཀྱི་སྐུ་ནི། སྐུ་གསུམ་སྟེ། ལུས་མེད་ཅེས་འབྱུང་བ་རྒྱུ་རྐྱེན་གྱི་ལུས་དང་། རིག་བྱེད་འོད་ཀྱི་ལུས་དང་། སྲོག་མེད་སྒྱུ་མའི་ལུས་དང་། སྣང་བ་འོད་ཀྱི་ལུས་དང་། སྡུག་བསྔལ་འདུས་པའི་ལུས་མེད་པ་ནི་ཆོས་ཀྱི་སྐུ་སྟེ། ཆོས་ཡོད་པའི་འདོད་པ་ཙམ་མ་ཟད་པས་སྐུ་ཡིན་ལ། རིག་སྣང་འོད་ཀྱི་ལུས་ཡོད་པ་ནི་ལུས་ཏེ་ཞེས་པ་ལོངས་སྐུ་ལ་འོད་ཀྱི་ལུས་ཡོད་པས་སྐུ་ཡིན་ལ། ལུས་ཀྱི་མཆོག་ནི་འབྱུང་བ་རྒྱུ་རྐྱེན་འདུས་པའི་ལུས་རྣམས་ཀྱི་ནང་ནས་མཆོག་སྤྲུལ་པ་ངེས་མེད་ཀྱི་ལུས་སྤྲུལ་པའི་སྐུ་ཡིན་པས་སྐུ་ཞེས་བྱའོ། །དེའི་ཕྱིར་ན་གསང་སྔགས་འདིའི་ལུགས་ཀྱི་སྐུ་ཞེས་ལུས་ལ་ཞེས་བཅུག་པ་ཡིན་ཏེ། ལུས་ཡོད་ཕན་ཆད་འབྲས་བུ་མི་བཏུབ་པས་སྐུ་གསུམ་པོ་འདི་ནི་གང་ཟག་ལམ་གྱི་སྣང་བ་ཡིན་ནོ། །སྐུར་འཇོག་པའི་འཐད་པ་ནི་ཇི་སྲིད་རང་གི་གྲུབ་མཐའ་ལ་གནས་ཀྱི་རིང་ལ་ཆོས་ཡོད་པས་ཆོས་ཀྱི་སྐུ་སྟེ། ཆོས་ཀྱི་རྣམ་གྲངས་འདུས་པའི་ལུས་ཡིན་པས་སྐུ་ཞེས་བྱའོ། །ཇི་སྲིད་དུ་སྣང་བའི་གཟིགས་སྣང་དུ་མ་ལ་ལོངས་སྤྱོད་ཀྱི་བར་དུ་ལོངས་སྐུ་སྟེ། གདུལ་བྱ་ལ་སོགས་པའི་གཟིགས་སྣང་ཟང་ཐལ་དུ་འདུས་ཤིང་དེ་ལ་སྤྱོད་པས་རིག་བྱེད་འོད་ཀྱི་ལུས་སྟེ། དེ་ལ་ལོངས་སྤྱོད་པས་ལོངས་སྐུ་སྟེ་དེ་ལ་མདུན་དང་རྒྱབ་ཏུ་མེད་པར་ཞལ་ཐལ་ལེ་གཟིགས་པས་ན་སྐུའོ། །སྤྲུལ་པའི་ལུས་ཐ་དད་པར་མི་འདྲ་བར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་ན་སྤྲུལ་པའི་སྐུ་སྟེ། ངེས་མེད་སོ་སོ་དང་མཐུན་པ་གང་ལ་གང་འདུལ་དུ་སྟོན་པས་ན་སྐུའོ། །སྐུ་གསུམ་གྱིས་མཚམས་ནི། ལམ་པ་ལ་སྦྱར་ན་བློའི་རྣམ་པར་སྤྲུལ་པ་མ་ཟད་ཀྱི་བར་དུ་སྤྲུལ་སྐུ་ལ། སྣང་བའི་བྱེ་བྲག་ཡོད་ཀྱི་བར་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དོན་གྱིས་འདོད་ཡོན་ལ་སྤྱོད་ཀྱི་བར་རྣམས་སོ། །རྣལ་འབྱོར་པ་རང་གི་གྲུབ་པའི་མཐའ་མ་ཞིག་གི་བར་ལ་ཆོས་ཀྱི་སྐུ་སྟེ། དེ་ཞིག་པའི་དུས་ན་འབྲས་བུ་ཞེས་ཐ་སྙད་དུ་བྱའོ། །དེའི་ཕྱིར་ན་སྐུ་གསུམ་པོ་འདི་ལམ་ཡིན་ནོ། །རྟགས་སྟོན་ཚད་ཕྱིན་གྱི་སྐུ་ནི་ལམ་པ་དེ་འདས་པའི་འོག་ཏུ་རུས་པ་ལས་ཞི་བའི་སྐུ་དང་ཁྲོ་བོའི་སྐུ་རྣམ་པར་རྟགས་བསྟན་པའི་སྐུ་ལ་བྱའོ། །དེ་ཡང་ལུས་ཡིན་ལ་སྐུ་ཡིན་པ་ནི་འབྱུང་བ་རྒྱུ་རྐྱེན་དང་། རིག་བྱེད་ཡིད་དང་། གདོས་པ་སྲོག་མེད་པའོ། །སྐུ་ཡིན་ལ་ལུས་མ་ཡིན་པ་ནི་ཆོས་ཀྱི་ཕུང་པོ་འདུས་པ་སྟེ། ཞལ་ཕྱག་ཏུ་གྲུབ་པ་མེད་པ་ནི་ཆོས་སྐུའོ། །ལྷག་མ་གཉིས་པོ་ནི་སྐུར་མིང་བཏགས་ཀྱང་སྐུ་ཡང་མ་ཡིན་ལ་ཞལ་ཕྱག་ཏུ་ཡོད་ལ། ལུས་མ་ཡིན་ཏེ་བདག་འཛིན་གྱི་ཞེན་པ་དང་རགས་པ་རྫས་སུ་མེད། སྐུ་ཡང་ཡིན་ལ་ལུས་ཀྱང་ཡིན་པ་ནི་སྐྱེ་མཆེད་ཀྱི་ལྷའི་ལུས་ཏེ། ལུས་ཡིན་པས་འཕྲ་བ་འགྱུར་བའི་ཁ་མིག་རྣ་བ་ཡོད། སྐུ་ཡིན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའོ། །དེ་ནི་འགྱུར་བའི་སྐུ་དང་ལུས་ཡིན་ནོ། །མི་འགྱུར་བ་ཆོས་ཀྱི་སྐུའོ། །འཕྲལ་མི་འགྱུར་ལ་ཕུགས་སུ་འགྱུར་བ་ལོངས་སྐུ། འཕྲལ་འགྱུར་ལ་ཕུགས་མི་འགྱུར་བ་སྤྲུལ་སྐུའོ། །དེ་ནི་སྐུ་གཉིས་ཀྱིས་ལྷུན་གྱིས་གྲུབ་པ་ལས་འབྲས་བུ་ཚུལ་འབྱུང་བའི་གནད་ཀྱིས་སོ། །རྣམ་པར་སྨིན་པ་ལས་བྱུང་བའི་རིག་འཛིན་གྱི་ལུས་དང་། བསོད་ནམས་བསགས་པ་བྱང་ཆུབ་སེམས་དཔའི་ལུས་གཉིས་ནི་ངོ་བོ་མ་བརྗེས་པར་ལུས་འབྱུང་བ་དཔེར་ན་གྲོག་མའི་ལུས་བཞིན་ནམ་སྲོག་ཆགས་ལྕང་མོ་སྦྲང་བུ་ལ་སོགས་པར་ལུས་གཅིག་མ་བོར་བར་གཅིག་ཏུ་བརྗེ་བ་དང་འདྲའོ། །དེ་ལྟར་ལུས་ལས་འདས་པས་སྐུ་ཞེས་བྱའོ། །གདུང་ནི་དེའི་རིགས་སམ་རྒྱུད་དུ་མཚོན་པས་ཏེ། གདུང་གི་ངོ་བོར་འགྱུར་བ་མེད་པར་རིགས་མཚོན་པར་བྱེད་ལ། ངེས་ཚིག་ནི་སངས་རྒྱས་ཀྱི་རིགས་བཞིའི་རིགས་སུ་མཚོན་པར་བྱེད་ལ། དབྱེ་ན་ངེས་པར་ལྟར་སྣང་གི་གདུང་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེ་རིགས་དང་། རྨོངས་རིགས་ཞེས་པ་སོ་སོའི་རིགས་ངེས་པ་དང་། མིང་དུ་བཏགས་པའི་གདུང་གང་ལ་མིང་ཡོད་པ་དང་། བྱ་བ་འདེགས་པའི་གདུང་ཕྱམ་འདེགས་པར་བྱེད་པའི་ཤིང་ལ་སོགས་པ་ཡིན་ལ། ཚད་ཕྱིན་རྟགས་ཀྱི་གདུང་ནི། ཤ་རི་རམ་ལ་སོགས་པ་ལྔ་ཡིན་ནོ། །དེ་དག་གིས་གོང་གི་སྐུའམ་ལུས་དེ་དག་གི་རིགས་སམ་རྒྱུད་དུ་འགྱུར་བས་སོ། །འབར་བ་ནི་འཇིག་རྟེན་པའི་འབར་བ་དང་། སངས་རྒྱས་ཀྱི་འབར་བའོ། །འཇིག་རྟེན་པའི་བརྗོད་པའི་ངག་འབར་བ་སྨྲ་བར་བྱེད་པ་དང་། བསྐྱེད་པའི་ཤེས་རབ་འབར་བ་དགའ་བ་དང་མི་དགའ་བའི་ཤེས་པ་རྣམས་ཡིན་ནོ། །ལུས་ཀྱི་རྒྱུ་རྐྱེན་འབར་བ་ཚ་བ་དང་གྲང་བའི་ནད་གྱི་རིགས་རྣམས་དང་། ཕྱི་རོལ་གྱི་ཡུལ་ལ་འབར་བ་ནི། མེ་འབར་བ་ལ་སོགས་ཏེ་མིང་དུ་གྲགས་པ་རྣམས་སོ། །སངས་རྒྱས་ཀྱི་འབར་བ་ནི་སྐུ་འབར་ཏེ་ཁ་དོག་དང་གཟི་བརྗིད་དུ་འབར། གསུང་ཆོས་དང་ཆོས་ཉིད་དུ་འབར། ཐུགས་མཁྱེན་པ་དང་ཡེ་ཤེས་སུ་འབར་བའོ། །དེ་ལྟར་འབར་བས་ལེའུ་གསུམ་གྱི་རྟགས་སྣ་ཚོགས་པར་བྱུང་བའོ། །ཆེན་པོའི་ནི་དབང་པོ་རབ་ཀྱིས་ཟག་པ་དང་བཅས་པ་མི་སྣང་བར་འདི་ཉིད་དུ་སངས་རྒྱ་བས། རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བའི་དོན་ཐུགས་སུ་ཆུད་པ་ལས་བྱུང་བ་སྟེ། དེ་ཡང་འགྱུར་བ་དུས་འཛིན་གྱི་སྣང་བ་དང་སྦྱར་ཏེ་བཤད་ན། དྲན་པའི་མཐའ་ལས་གྲོལ་བས་དྲན་མེད་དུ་གནས། དེ་ཡང་དྲན་པ་བློ་ལ་མེད་དེ་ཡེ་ནས་རང་བྱུང་འོད་གསལ་དུ་ཡོད། དྲན་མེད་རྨུགས་པའམ་གང་དུ་ཡང་མ་ཤེས་པའམ་མ་བཅད་པ་མ་ཡིན་ཏེ། ཤེས་ཤིང་རིག་པར་གནས། དྲན་མེད་ཀྱི་མཐའ་ལས་གྲོལ་ཏེ་སྐྱེ་མེད་དུ་གནས་ཏེ། སྐྱེ་མེད་བློ་ཡིན་པས་སྐྱེ་མེད་ཀྱང་མཐའ་ལས་གྲོལ་ཏེ་བློ་འདས་སུ་གནས། འདས་པ་རྗེས་འགགས་པ་ཡིན་པས་འདས་ཞེས་བྱ་བ་ཙམ་དུ་ཡང་མི་འཛིན་པས་དེ་ལྟར་གློ་བུར་དྲན་པའི་མཐའ་དང་། མ་ཕྱེད་པ་དྲན་མེད་ཀྱི་མཐའ་དང་། སྐྱེ་མེད་བེམ་པོའི་མཐའ་དང་། བློ་འདས་ཚིག་གི་མཐའ་བཞི་ལས་གྲོལ་བས་མཐའ་བྲལ་ཡོངས་རྫོགས་ཆེན་པོའོ། ཆོས་ལམ་སྣང་གི་རྣམ་པ་དང་སྦྱར་ཏེ་བཤད་ན། ལུས་འཛིན་སྐུའི་མཐའ་དང་། མཁྱེན་པ་ཡེ་ཤེས་ཀྱི་མཐའ་དང་། གསལ་བ་འོད་ཀྱི་མཐའ་དང་། མྱོང་བ་རིག་པའི་མཐའ་བཞི་ལས་གྲོལ་ཏེ་ཡོངས་སུ་རྫོགས་པའོ། །ཤེས་བྱ་སྤྱིའི་མཚན་ཉིད་དང་སྦྱར་ཏེ་བཤད་ན། ཡོད་པ་དངོས་པོའི་མཐའ་དང་། མེད་པ་སྟོང་པའི་མཐའ་དང་། སྣང་བ་གཟུགས་ཀྱི་མཐའ་དང་། གྲོལ་བ་ཤེས་པའི་མཐའ་དང་བཞི་ལས་གྲོལ་བས་མ ཐའ་གྲོལ་དེ་ཉིད་དུ་ཡང་མེད་པས་ཡོངས་སུ་རྫོགས་པ་ཆེན་པོའོ། །ཤེས་བྱ་རང་གི་མཚན་ཉིད་དང་སྦྱར་ཏེ་བཤད་ན། འཇུག་པ་ཤེས་རབ་ཀྱི་མཐའ་དང་། ལྟ་སྒོམ་ཡིད་སྤྱོད་ཀྱི་མཐའ་དང་། གོམས་ཚད་ཉམས་མྱོང་གི་མཐའ་དང་། ཐོབ་བྱ་འབྲས་བུའི་མཐའ་བཞི་ལས་གྲོལ་བ་སྟེ་དེ་ཉིད་མ་སྤངས་དེ་ཡོངས་སུ་རྫོགས་པ་ཆེན་པོའོ། ། མཐའ་བཅུ་དྲུག་ལས་གྲོལ་བས་ཆེན་པོ་ཞེས་བྱ་སྟེ། རང་བཞིན་རྫོགས་པ་ཆེན་པོ་ལྟ་བ་མཐར་ཐུག་པས་ན། འདི་ཉིད་ལ་སངས་རྒྱ་བ་ཡིན་པས་ཆེན་པོ་ཞེས་བྱའོ། །རྒྱུད་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དཔེ་དང་། རྒྱུད་ཀྱི་ལྡང་ཚད་དོ། །རྒྱུད་ཀྱི་ངོ་བོ་ནི་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པའོ། །ངེས་ཚིག་ནི་ཚིག་ཏུ་བརྒྱུད་པའི་དོན་ལ་འཛོལ་བ་མེད་ཅིང་མི་འགྱུར་བ་ཡིན་པས་ན་རྒྱུད། ཡང་ན་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནས་ད་ལྟའི་རྣལ་འབྱོར་པ་ཡན་ཆད་དུ་རྒྱུད་ཀྱང་མི་ཚིག་གིས་མ་བསླད་པས་རྒྱུད་དོ། །དབྱེ་ན་རང་བཞིན་གྱི་རྒྱུད་དང་། ཐབས་ཀྱི་རྒྱུད་གཉིས། རང་བཞིན་གྱི་རྒྱུད་དངོས་པོའི་བཞུགས་ཚུལ་ཡིན་ཏེ། དེ་ཡང་སྙིང་པོ་རང་བཞིན་གྱི་རྒྱུད་སངས་རྒྱས་སེམས་ཅན་ཐམས་ཅད་ལ་རིག་པའི་ཡེ་ཤེས་ཀྱིས་ཁྱབ་པ་ཉིད་ཡིན་ལ། བཅུད་རང་བཞིན་གྱི་རྒྱུད་ནི་ཚིག་ལ་མ་བརྟེན་པའི་རྒྱུད་ཀྱི་དགོངས་པ་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཐབས་ནི་གོང་མའི་དོན་མཚོན་པར་བྱེད་པ་སྟེ། མཚོན་བྱ་ཐབས་ཀྱི་རྒྱུད་སྐལ་ལྡན་གྱི་རིག་པ། མཚོན་བྱེད་ཐབས་ཀྱི་རྒྱུད་གོང་མའི་དོན་མཚོན་པར་བྱེད་པ་སྐུ་གདུང་འབར་བའི་རྒྱུད་ཚིག་དང་ཡི་གེར་བཀོད་པ་འདིས་མཚོན་ནས། ཡིད་ཆེས་པའི་རྟགས་ལ་བརྟེན་ནས། གང་ཟག་བརྩོན་འགྲུས་རབ་དོན་འགྱུར་ལ་བརྟེན་ནས་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བ་དང་། འབྲིང་མཚན་བརྡའ་འགྱུར་ལ་བརྟེན་ནས་བར་དོར་སངས་རྒྱ་བ་དང་། ཐ་མ་མཚན་སྒྲ་འགྱུར་དུ་བཤད་པ་ལ་བརྟེན་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱ་བའོ། །རྒྱུད་ཀྱི་དཔེ་ནི་ཐགས་དང་འདྲ་སྟེ། རྒྱུ་དང་། སྤུན་དང་། སྐད་དང་སྐྱེས་བུའི་རྩོལ་བ་དང་བཞི་རྫོགས་པ་ལས་རས་ཡུག་ཏུ་ལོངས་པ་དང་འདྲ་བར། རྒྱུད་རང་གི་ཚིག་དང་། དེའི་དགོངས་པ་ཕྱིན་ཅི་མ་ལོག་པ་དང་། དེ་ཉིད་བླ་མའི་མན་ངག་གིས་ཟིན་པ་དང་། རང་གི་བརྩོན་འགྲུས་དང་བཞི་འཛོམས་པས་སངས་རྒྱའོ། །རྒྱུད་ཀྱི་ལྡང་ཚད་ནི། གོང་གི་མཚོན་བྱེད་ཐབས་ཀྱི་རྒྱུད་ལ་གཉིས་ཡིན་ཏེ། བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པའི་རྒྱུད་དང་། རྫོགས་པའི་རིམ་པ་གཙོ་བོར་བསྟན་པ་གཉིས་ལས། བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་ལ། དང་པོ་དབང་བཞི་ཡིན། དམ་ཚིག་གྲོགས་ཡིན་ཏེ་གཉིས། སྔགས་བསྒྲུབ་བྱ་ཡིན། ལྷ་འབྲས་བུ་ཡིན་ཏེ་གཉིས། དཀྱིལ་འཁོར་ཡུལ་ཡིན། བསྙེན་སྒྲུབ་ལམ་ཡིན་ཏེ་གཉིས། སྤྱོད་པ་འཇུག་སྒོ་ཡིན། ལྟ་བ་དགོངས་པའི་ཕུགས་ཡིན་ཏེ་ག ཉིས། ཕྲིན་ལས་ཡོན་ཏན་ཡིན། དངོས་གྲུབ་ཐོབ་བྱ་ཡིན་ཏེ་གཉིས། དེ་ལྟར་བཅུ་གཉིས་འཛོམས་པའི་བ སྐྱེད་པའི་རིམ་པ་གཙོར་བསྟན་པའི་རྒྱུད་ཀྱི་ལྡང་ཚད་དེ་ཚོ་དང་མི་ལྡན་ན་རྒྱུད་མ་ཡིན་ནོ། །རྫོགས་པའི་རིམ་པ་གཙོར་བསྟན་པའི་རྒྱུད་ཀྱི་ལྡང་ཚད་ནི། མན་ངག་གཞི་ཡིན། སྤྱོད་པ་ཐབས་ཡིན་ཏེ་གཉིས། བསྒོམ་པ་ལམ་ཡིན། ལྟ་བ་ཁོག་ཕུབ་ཡིན་ཏེ་གཉིས། ཉམས་ལེན་རྟེན་ཡིན། ཤེས་རབ་རྟགས་ཡིན་ཏེ་གཉིས། བར་དོ་བརྟེན་ཡིན། འབྲས་བུ་ཐོབ་བྱ་ཡིན་ཏེ་བརྒྱད་དང་ལྡན་པ་རྣམས་ནི་རྫོགས་པའི་རྒྱུད་དོ། །འདི་རྣམས་དང་མི་ལྡན་ན་རྒྱུད་མ་ཡིན་ནོ། །དེ་གཉིས་ལ་ཐུན་མོང་དུ་ཚིག་ལ་འདབ་བྱུང་ན་རྒྱུད་མ་ཡིན་ནོ། །ཚིག་བཅད་ལ་འདྲེས་བྱུང་བ་དང་། གཞན་གྱི་ཁུངས་ཕྱུངས་པ་དང་། གཞན་དུ་ཁ་འཕངས་པ་བྱུང་ན་མི་ཚིག་གིས་བསླད་པ་ཡིན་ནོ། །གལ་ཏེ་དེ་དག་དང་མི་ལྡན་པའི་རྒྱུད་ཅིག་བྱུང་ན། དེ་ལ་རྒྱུད་ཕྱི་མ་མ་ཚང་བ་ཁ་སྐོང་བའི་རྒྱུད་དམ། བཤད་པའི་རྒྱུད་ཅིག་ངེས་པར་དགོས་སོ། །དེ་མ་བྱུང་ན་ཡིད་ཆེས་མེད་དོ། །ཞེས་བྱ་བ་ནི་དེ་ལྟ་བུའི་རྒྱུད་ཅིག་བཤད་པར་བྱའོ་ཞེས་རྒྱུད་ཀྱི་མཚན་བསྟན་པའོ། །ད་ནི་རྒྱུད་ཀྱི་གཞུང་སྟོན་ཏེ། གཞུང་ལ་༡སྤྱིར་ལེའུ་གསུམ་དུ་བསྟན་པ་ལས་བྱེ་བྲག་ཏུ་ལེའུ་དང་པོའི་ཚིག་དོན་བཤད་པ། ལེའུ་༢དང་པོ་ལ་རྒྱུད་ཀྱི་གཞུང་རྫོགས་པར་བསྟན་པའི་ཕྱིར། སྔོན་དུ་ཕྱག་བཙལ་པ་བསྟན་པ་དང་། ལེའུའི་གཞུང་དངོས་བསྟན་པ་གཉིས་ལས། ཕྱག་འཚལ་བ་བསྟན་པ་ནི། རང་དོན་རྟོགས་པའི་སྒོ་ནས་ཕྱག་འཚལ་བ་དང་། གཞན་དོན་འཇུག་པའི་སྒོ་ནས་ཕྱག་འཚལ་བ་གཉིས། རང་དོན་ལ་གསུམ། རྟེན་གྱི་གང་ཟག་རབ་གཅིག་འདི་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བ་ནི། སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་པས་ལུས་ངག་ཡིད་ཀྱི་མངོན་ཞེན་གྱི་རྣམ་རྟོག་བཅོམ་པས་ན་བཅོམ། དེ་ལྟར་བྱས་ནས་དེ་ནས་ལུས་ངག་རྣལ་དུ་འབེབས་པའི་ཆོ་ག་བྱས་པས། ལུས་ངག་ཡིད་སྐུ་གསུམ་དང་ལྡན་པས་ན་ལྡན། དེ་ལྟར་བྱས་པའི་རྟེན་གྱི་གང་ཟག་དེ་འཁོར་བའི་ཞེན་པ་ལས་འདས་པས་འདས་ཞེས་བྱའོ། །དེ་ནས་མངོན་གསུམ་གནད་ཀྱི་སྣང་བ་གཟིར་ནས་རིག་པ་ཚད་ལ་ཕེབས་པས་ཕྱི་ནང་གི་འབྱུང་བ། ས་དང་ཆུ་དང་མེ་དང་རླུང་རྣམས་མི་སྣང་པར་འཁྲུལ་པ་འགགས་ནས་རང་སར་དག་པས་མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ལྟ་བ་མཐར་ཕྱིན་པ་ཉིད་ལ་ཕྱག་འཚལ་ལོ་ཞེས་བྱའོ། །བརྩོན་འགྲུས་འབྲིང་པོ་གཅིག་གིས་རིག་པ་མངོན་སུམ་གྱི་མན་ངག་ཞུས་ནས། སྔོན་འགྲོ་དངོས་གཞི་ཐང་གཅད་ནས་ནི་ཉམས་སུ་བླང་དུ་མ་བྱུང་། སྐབས་སུ་ཉམས་སུ་བླངས་པས་ཐ་མལ་པའི་ལུས་ངག་བཅོམ་པས་བཅོམ་ཞེས་བྱ། མངོན་གསུམ་རང་སྣང་མཐོང་བའི་བྱིན་རླབས་དང་ལྡན། ཡིད་དཔྱོད་བློ་ལས་འདས་ཏེ། འདི་ཉིད་ལ་སྣང་བ་རང་ཟད་དུ་མ་སོང་བས། དེ་ཚེའི་དུས་བྱེད་པའི་ཚེ་རང་གི་ལུས་ཀྱི་འབྱུང་བ་རྣམས་ས་ས་ལ་ཐིམ་པས་ལུས་ལྕི་བར་འགྱུར། ཆུ་ཆུ་ལ་ཐིམ་པས་ཁ་སྣ་ནས་ཆུ་འོར་གཅིག་འབྱུང་དེ་ནས་སྐམས། མེ་མེ་ལ་ཐིམ་པས་རྐང་མཐིལ་དང་ལག་མཐིལ་ནས་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་མི་བདེ། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཤེས་པ་མི་གསལ་བར་ཐིབ་ཐིབ་ཉོག་ཉོག་ཏུ་འགྱུར་རོ། །ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་ལུས་སེམས་བྲལ་ནས་ལུས་འབྱུང་བ་དེ་རྣམས་ཀྱི་ངང་དུ་རིམ་གྱིས་ཐིམ་ནས། ལུས་ལ་གནས་པའི་རིག་པའི་ཡེ་ཤེས་དེ་ཆོས་ཉིད་མའི་སྣང་བ་ལ་ཐིམ་པའི་ཚེ། འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། རིག་པ་བུའི་སྣང་བ་ལ་ཉོན་མོངས་པའི་དྲི་མ་རང་དག་ནས་མ་བུ་འཕྲད་པའི་དུས་དེར། འདིའི་དུས་ན་དྲི་མ་རྣམས་ནི་འགྱུར་བ་ཕྲ་རགས་ལུས་ཀྱིས་སྒྲིབ་པའི་དྲི་མ་ཡང་དག །ཉོན་མོངས་པ་བག་ལ་ཉལ་དང་མངོན་དུ་རྒྱུ་བའི་དྲི་མ་ཡང་དག །སྒོ་ལྔ་རང་རྒྱུད་དུ་འཛིན་པའི་ཞེན་པ་མེད་པས་གློ་བུར་ཡུལ་རྐྱེན་གྱི་དྲི་མ་ཡང་དག་ནས། མི་བརྗེད་པའི་གཟུངས་དང་། མངོན་པར་ཤེས་པ་དྲུག་ཐོབ་ནས་ལོངས་སྐུའི་ཞིང་ཁམས་ལ་ལོངས་སྤྱོད་ནས། དེ་དག་ཀྱང་རང་སར་དག་ནས། ཟུང་འཇུག་གཉིས་མེད་ལ་ཐིམ་པ་ཞེས་བྱ་སྟེ་ལྷུན་གྲུབ་རིན་པོ་ཆེའི་གཞི་ལ་ངེས་པ་རྙེད་ནས་ཆོས་ཉིད་ཀ་དག་ཆེན་པོ་ལས་རང་གིས་རང་གྲོལ་བ་ཉིད་ལ་ཉིད་ཕྱག་འཚལ་ལོ་ཞེས་བྱའོ། །ཡང་བརྩོན་འགྲུས་ཐ་མ་རང་བཞིན་རྫོགས་པ་ཆེན་པོ་འདིས་མངོན་སུམ་གྱི་ལམ་གྱི་སྒོ་ནི་མཐོང་། འཇིག་རྟེན་རྒྱབ་ཏུ་བོར་ནས་བསྒྲུབ་པར་མ་ནུས་ཏེ། ཟབ་མོའི་དོན་འདི་མཐོང་བ་དང་བཅས་པ་ཙམ་གྱིས། ཉོན་མོངས་པ་རང་རྒྱུད་དུ་འཛིན་པ་བཅོམ་སྟེ། རང་བཞིན་མེད་པ་ཙམ་དུ་ཤེས། ཐུན་མོང་གི་ཡོན་ཏན་དང་ལྡན། དེ་ནས་ལུས་ཀྱི་འབྱུང་བའི་དྲ་བ་ཟད་ནས་ལུས་བོར་བས་སྣང་བ་འདི་ལས་འདས། དེ་ནས་ཆོས་ཉིད་ཀྱི་བར་མ་དོ་ལ་འབྱུང་བ་ཕྲ་རགས་ཀྱི་དྲི་མ་རྣམས་རང་སར་དག་པས། རང་བཞིན་འོད་གསལ་གྱི་ལུས་ལ་གནས། ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་མཐོང་ཡང་། འདི་ཉིད་རང་སྣང་དུ་མ་ཤེས་པས། ལྷུན་གྲུབ་ཆེན་པོའི་སྣང་བ་ལ་ལམ་དོན་ནས། སྲིད་པའི་བར་དོ་ལ་ཚུད་པའི་ཚེ། རང་གི་ཤེས་རབ་ཀྱི་དྲན་པ་རྙེད་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ཤིང་དེར་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱས་པ་དེ་ཉིད་ལ་ཕྱག་འཚལ་ལོ་ཞེས་པའོ། །གཞན་དོན་དུ་འཇུག་པའི་སྒོ་ནས་ཕྱག་བཙལ་བ་བསྟན་པ་ནི། སྔོན་འབྱུང་དུ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་ལ་གཟུགས་ཀྱི་ཕུང་པོ་གདོས་པ་རང་རྒྱུད་པ་མེད་པ་དང་། ཚོར་བ་བདེ་སྡུག་ལ་ཞེན་འཛིན་མེད་པ་དང་། རྣམ་ཤེས་ཡུལ་དུ་མ་གཅོད་པ་མེད་པ་དང་། འདུ་ཤེས་སེམས་དཔའ་དང་བཅས་ཤིང་ཡུལ་གཞན་ལ་རྟོག་པ་མེད་པ་དང་། འདུ་བྱེད་ཉོན་མོངས་པའི་གློ་བུར་བ་མེད་པས་ཕུང་པོ་ལྔ་བདག་ཏུ་འཛིན་པའི་བདུད་བཅོམ་སྟེ། ཟག་མེད་ཟང་ཐལ་དུ་བཞུགས་པས། གཏི་མུག་དྲན་མེད་དུ་གནས་པ་མེད་པ་དང་། ཞེ་སྡང་རགས་པ་མངོན་དུ་རྒྱུ་བ་མེད་པ་དང་། འདོད་ཆགས་ཀྱི་ཡུལ་བདག་དང་བདག་ཏུ་ཞེན་པ་མེད་པ་དང་། ཕྲག་དོག་ཡུལ་ལ་སློང་བ་མེད་པ་དང་། ང་རྒྱལ་ཁེངས་པའི་སྣོམ་པ་མེད་པས། ཉོན་མོངས་པའི་བདུད་བཅོམ་སྟེ། ཡེ་ནས་གཉེན་པོ་གཞན་ལ་རག་མ་ལུས་པར་བཞུགས་པའོ། །དེ་ཉིད་སྔར་སྐྱེ་མ་མྱོང་པས་ད་འཆི་མི་སྲིད་པས་འཆི་བདག་གི་བདུད་བཅོམ་སྟེ། སྐྱེ་མེད་རང་གི་ངོ་བོར་བཞུགས་སོ། །དེ་ཉིད་ལ་སྣང་བས་བསླུ་ཞིང་འབྲིད་དུ་མི་ཚུགས་ཏེ། རང་སྣང་རང་གྲོལ་དུ་མཁྱེན། ཉོན་མོངས་པས་བསླུ་ཞིང་འབྲིད་དུ་མི་ཚུགས་ཏེ་རང་དག་རང་གྲོལ་དུ་མཁྱེན་པས་ལྷའི་བུའི་བདུད་བཅོམ་སྟེ། ཞེན་པའི་མཐའ་ཐམས་ཅད་ལས་གྲོལ་བར་བཞུགས་པས་ན་བདུད་བཞི་རང་གིས་རང་བཞིན་གྱིས་བཅོམ་པའོ། །དེ་ལྟར་སྟོན་པའི་སྐུའི་གཟི་བྱིན་གྱིས་བདུད་བཞི་བཅོམ་པས། ཉིད་ཀྱི་སྐུ་ལས་འབྱུང་བ་ཕྲ་རགས་ཀྱི་དྲི་མ་རྣམས་འབྱུང་བ་སོ་སོ་ཉིད་ཀྱི་རང་སར་དག་པས། བདུད་བཞི་ལས་རྒྱལ་བ། ཆེན་པོ་ཉིད་ཀྱི་སྐུ་ལ་རྗེས་འཇུག་རྒྱུད་འདི་ལ་མོས་པ་རྣམས་ཀྱིས་ལུས་ངག་གུས་པ་དང་བཅས་པས་ཕྱག་འཚལ་ལོ་ཞེས་འཚལ་བས། མོས་པས་སྤྱོད་པའི་སྐལ་ལྡན་གྱི་ལུས་ཀྱི་སྒྲིབ་པ་རྣམས་དག་ནས་ལུས་ལ་རྟགས་རྫོགས་པའི་དགོས་པ་ཡོད་དོ། །ཡང་མངོན་འབྱུང་དུ་རྒྱུད་ཀྱི་སྟོན་པའི་ལྗགས་ཀྱི་དབང་པོ་ལ་རང་བྱུང་རྩ་གནས་ཀྱི་ཡི་གེ་དྲུག་རང་གིས་རང་འཕྲོས་པའི་ཕྱིར། དབང་ཕྱུག་དང་ལྡན་པས་བདུད་ཀྱི་སྟོབས་ཕམ་པར་མཛད་པ་དང་། གྲགས་པ་དང་ལྡན་པས་འཇིག་རྟེན་གྱི་སྒྲོ་བསྐུར་མེད་པ་དང་། དཔལ་དང་ལྡན་པས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། གཟུགས་དང་ལྡན་པས་འགྲོ་བ་གཞན་རྣམས་ཀྱིས་བསྐུར་བའི་གནས་སུ་བྱེད་པ་དང་། བརྩོན་འགྲུས་དང་ལྡན་པས་གཞན་དོན་མཐར་ཕྱིན་པར་བྱེད་པ་དང་། ཡེ་ཤེས་དང་ལྡན་པས་མཁྱེན་པ་གང་ལ་ཡང་འགགས་པ་མེད་པ་ནི་ཕྱི་རོལ་གྱི་ལྡན་པ་དྲུག་ཡིན་ལ། ནང་དུ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་དང་ལྡན་པས་ཉེས་སྐྱོན་གང་གིས་ཀྱང་འགྲིབ་པ་མེད་པ་དང་། རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་དང་ལྡན་པས་གདུལ་བྱའི་རིགས་མི་འདྲ་བ་ཐ་དད་པ་ལ་འདུལ་བྱེད་ཀྱི་སྐུ་ཐ་དད་པར་སྤྲུལ་ནས་གཞན་དོན་ཐོགས་པ་མེད་པར་མཛད་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དང་ལྡན་པས་ཉིད་གསུང་མདོ་སྡེ་འདུལ་བ་མངོན་པར་སྤྲུལ་ནས། འགྲོ་བ་རིགས་དྲུག་ལ་ཐུབ་པ་དྲུག་གི་གཟུགས་སུ་སྣང་བས་རིགས་དྲུག་གི་འཁོར་བ་རྒྱུན་ཆད་པར་མཛད་པ་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་ལྡན་པས། གདུལ་བྱ་རྣམས་ཀྱི་བསམ་པ་ཕྱིན་ཅི་མ་ལོག་པར་མཁྱེན་པ་དང་། རང་བཞིན་རྒྱུན་ཆད་མེད་པའི་དགོངས་པ་དང་ལྡན་པས། རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པར་མི་ནུས་པ་དང་། གསང་སྔགས་ཀྱི་ཆོས་ཉིད་ཟབ་མོ་རྒྱུན་དུ་སྒྲོགས་པས་མཐའ་གྲོལ་ཡོངས་རྫོགས་དང་ལྡན་པས་མཐའ་བཅུ་དྲུག་ལས་གྲོལ་བ་ཉིད། ཡེ་ཉིད་ནས་བཞུགས་ཤིང་གཞན་ལ་སྒྲོགས་པ་དང་ལྡན་པ་ནི་ཉིད་ཀྱི་གསུང་གི་རང་བཞིན་གྱི་ཡོན་ཏན་ཏེ། གསུང་འགག་མེད་ཕྱོགས་བཅུར་གསལ་བ་ཉིད་ལ་འབྱུང་བའི་སྣང་རྐྱེན་ཤ་ཁྲག་བདག་ཏུ་འཛིན་པའི་དྲི་མ་རྣམས་རང་གི་ལུས་ཀྱི་རང་སར་དག་པས། གསུང་རང་བྱུང་གི་ཡི་གེ་དྲུག་གིས་ཆོས་ཀྱི་འཁོར་ལོ་ཆེན་པོ་བར་མཚམས་མེད་པར་བསྐོར་བ་ཉིད་ཀྱིས་གསུང་མོས་པ་སྤྱོད་པའི་ངག་གུས་པ་དང་བཅས་པས་ཕྱག་འཚལ་ལོ། །ཞེས་བཙལ་བས། ངག་གི་སྒྲིབ་པ་རྣམ་པར་དག་ནས་ངག་ལ་རྟགས་འཆར་བའི་དགོས་པ་ཡོད་དོ། །ཡང་སྟོན་པ་ཉིད་ཀྱི་ཐུགས་ལ་བདག་འཛིན་ཞེན་པ་མི་གནས་པས་འཁོར་བའི་སྐྱོན་ཡོན་གྱི་མཐའ་ཐམས་ཅད་ལས་འདས་ཏེ། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ཉིད་དུ་བཞུགས་པས། རྟོག་པ་ལས་བྱུང་བའི་དྲན་པ་དང་བསམ་པ་དང་། སེམས་དང་། ཡིད་དང་། འགྱུ་བ་རྣམས་རང་གི་ངོ་བོ་ལ་མི་གནས་ཤིང་། ཆོས་ཉིད་ཀ་ནས་དག་པའི་སར་རང་གྲོལ་བས་གཞི་གནས་ཆེན་པོའི་དགོངས་པ་ལ་གནས་པའི་སྟོན་པའི་ཐུགས་ལ། མོས་པ་སྤྱོད་པའི་སྐལ་ལྡན་གྱིས་ཡིད་གདུང་བས་ཕྱག་འཚལ་ལོ་ཞེས་བཙལ་བས། ཡིད་ཀྱི་སྒྲིབ་པ་རྣམ་པར་དག་ནས་ཡིད་ལ་རྟགས་འཆར་བའི་དགོས་པ་ཡོད་པའི་དོན་དུ་ཕྱག་འཚལ་བའོ། །འདི་ལ་བཤད་ཡམས་གསུམ་ཡོད་དོ། །ལེའུ་འདི་དང་མ་འབྲེལ་བ་ནི་མེད་དོ། །དེ་ཕྱག་བཙལ་བ་བསྟན་ནས། ད་ནི་རྒྱུད་ཀྱི་གཞུང་ངེས་པར་སྟན་ཏེ། དེ་ལ་རྒྱུད་འབྱུང་བའི་ཡན་ལག་རྒྱུ་གླེང་གཞི་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ལེའུའི་གཞུང་བསྟན་པ་ལ། ལེའུ་ནི་དང་པོའི་གཞུང་ངོ་། །དེ་ལ་གླེང་གཞི་ནི་རྒྱུད་སྤྱིའི་ལེའུ་གསུམ་ཀའི་ཆ་རྐྱེན་དང་ཡན་ལག་ཡིན་གྱིས་འདི་གཅིག་པུའི་གླེང་གཞི་ནི་མ་ཡིན་ཏེ། གླེང་གཞི་ལ་གཉིས་ལས། དང་པོ་ཐུན་མོང་མ་ཡིན་པའི་གླེང་གཞི་རྒྱུད་འདི་གཞན་ལས་ཟབ་པའི་མཚན་ཉིད་བསྟན་པ་ནི། སྔོན་བྱུང་དུ་སྟོན་པ་ཉིད་ཀྱིས་རང་གི་རྣམ་སྤྲུལ་གྱིས་གསུངས་པའམ། རྗེས་འཇུག་ཏུ་རང་གི་འཁོར་གྱི་རྟོག་པ་གཅད་པའི་དོན་དུ་འདི་སྐད་བདག་གིས་བསྟན་པའི་དུས་ཅིག་ན། ཞེས་སྟོན་པ་ཉིད་ཀྱིས་འཁོར་གྱི་ནང་དུ་བཀའ་སྩལ་པ་ནི། རྒྱུད་འདི་སྔོན་བྱུང་དུ་ཡང་སངས་རྒྱས་གཞན་གྱིས་བསྟན་པ་མེད། བདག་གིས་བསྟན་པ་ལས། ད་ལྟ་ཡང་བདག་མ་ཡིན་པ་གཞན་མི་གསུང་། ཕྱིས་ཀྱང་བདག་མ་ཡིན་གཞན་མི་གསུང་། ཞེས་པའི་ཐའ་ཚིག་སྟེ། རྒྱུད་འདི་རབ་ཏུ་ཟབ་ཅིང་སྟོན་པ་ཉིད་ཀྱིས་ཆེ་བ་བསྟན་པའི་ཕྱིར་བྱུང་ལ། རྣམ་པར་གཅིག་ཏུ་རྒྱུད་འདིར་བདག་གིས་བསྟན་པ་ལས་གཞན་དུ་བསྟན་པ་མེད་པས་འབྱུང་དཀའ་བར་སྟོན་པའོ། །དེ་ཡང་གནས་འདིར་ངས་བསྟན་པ་ལས་གཞན་དུ་བསྟན་པ་མེད་པ་དང་། དེ་ཡང་གནས་འདི་ཉིད་དུ་ངས་འཁོར་འདུས་པ་རྣམས་ལ་ལྷ་ཚངས་པའི་སྐད་ཀྱིས་བསྟན་པར་བྱའོ་ཞེས་གསུངས་པ་ཡིན། དེ་ཡང་ལྷ་ཚངས་པས་སྟོན་པ་མ་ཡིན་ཏེ། སྟོན་པ་བདག་རང་གིས་བཤད་པར་བྱའོ་ཞེས་པའོ། །གང་བཤད་ན་བསྟན་པ་ཐུན་མོང་མ་ཡིན་པ་སྐུ་གདུང་འབར་བའི་རྒྱུད་འདི་བཤད་པར་བྱའོ་ཞེས་གསུངས་སོ། །རྒྱུད་འདི་སྔ་མའམ་ཕྱིས་བསྟན་པ་མེད་པར་དུས་ད་ལྟ་ཉིད་དུ་འཁོར་མཁའ་འགྲོ་མ་ལ་སོགས་པ་ལ་བསྟན་པར་བྱའོ་ཞེས་གསུངས། དེ་ཡང་དང་པོ་མགོ་སྨོས་ནས་བར་ཆད་པ་མེད་པར་སྟན་གཅིག་གི་སྟེང་ནས་རྒྱུད་འདི་རྫོགས་པར་ཁྱེད་རྣམས་ལ་བསྟན་པར་བྱའོ་ཞེས་གསུངས་སོ། །འཁོར་དེ་དག་གི་ནང་ནས་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་གསལ་བའི་ཡིད་ཅན་མ་ཞེས་བྱ་བ་ལངས་ཏེ་ཐལ་མོ་སྦྱར་ནས་སྟོན་པ་ལ་ཞུས་པས། སྟོན་པ་ཉིད་དེ་ལྟར་གནས་དང་སྟོན་པ་དང་། སྟོན་པ་འཁོར་དང་དུས་དེ་ཀུན་ད་ལྟའི་འདི་ཉིད་ལགས་སམ་འོན་ཏེ་སྟོན་པས་སྔོན་འབྱུང་དུ་གསུངས་པ་གཞན་ཞིག་ལགས་ཞེས། ཡིད་ཀྱི་རྟོག་པ་སྐྱེས་པས། སྟོན་པས་མཁྱེན་ཏེ་སྡུད་པ་པོའི་རྟོག་པ་གཅད་པའི་དོན་དུ། གནས་ནི་སྔོན་འབྱུང་དུ་ངས་བསྟན་པའི་གནས་ཀྱང་ཡོད་དེ། ད་རེས་ཁྱེད་རྣམས་འདུལ་བར་བྱེད་པའི་གནས་འདི་ཉིད་རང་ཡིན་ནོ། །ཞེས་ཐུགས་ཀྱིས་མཁྱེན་པ་ལ་སྟོན་པས། སྡུད་པ་པོས་སེམས་ཀྱི་རྟོག་པ་ཆོད་ནས། འོ་ན་སྔོན་འབྱུང་དུ་མ་ཡིན་པར་ད་ལྟ་རྣམ་རྟོག་ཆོད་དེ། ད་ལྟའི་གནས་པ་འདིའི་མིང་གང་ཡིན། རྒྱུད་ཇི་སྐད་བྱ་བ་ཅིག་གསུང་། སྟོན་པའི་མཚན་ཇི་སྐད་དུ་གདགས། །དུས་ཀྱི་མིང་ཇི་སྐད་བྱ། འཁོར་གྱི་མིང་ཇི་སྐད་བྱ་བར་བདག་གིས་བདག་རང་གི་འཁོར་གྱི་ནང་དུ་སྨྲ་བར་བྱས་ན་སྙམ་པའི་ཡིད་ལ་རྟོག་པ་སྐྱེས་ཏེ། སྟོན་པས་སྡུད་པ་པོའི་བསམ་པ་མཁྱེན་པས་ཁྱོད་ཀྱིས་ང་འདས་པའི་འོག་ཏུ་གནས་འདིའི་མིང་ནི། མི་གནས་སྟོང་པ་ཆེན་པོའོ། །གནས་ནི་བསམ་པ་ཉིད་མེད་པ། །ཞེས་བྱ་བར་ཐོགས་ཞེས་བཀའ་སྩལ་པས། མཁའ་འགྲོ་མའི་ཡིད་ལ་མིང་དེ་ཡིན་ན་དེ་རང་ལ་ཡང་ཤེས་པའི་རྒྱུ་མ་བྱུང་སྙམ་པ་ལ། མི་གནས་ནི་འདི་ལྟར་བདག་རྟོག་གི་འཛིན་པ་མི་གནས། བཟུང་བའི་ཞེན་པ་མེད་པ་ཡིན་པས། སྟོང་པ་ཉིད་དངོས་པོ་རྐྱེན་གང་གིས་ཀྱང་སྐྱེད་པར་མི་ནུས་པས། ཤིན་ཏུ་རྒྱ་ཆེན་པོའི་གཞལ་ཡས་ཁང་གི། གནས་ནི་རང་བཞིན་གྱི་ཏིང་ངེ་འཛིན་ལ་གནས་པས་འདི་ལ་ངན་པའི་རྣམ་པར་རྟོག་པའི་བསམ་པ་ཉིད་ཡེ་ནས་མེད་པ་ཡིན་ཏེ། ད་ལྟ་ཡང་ཁྱོད་ལ་རྣམ་པར་རྟོག་པ་ངན་པའི་རྟོག་པ་ཅང་ཡོད་དམ་ཞེས་བསྟན་པས། དེ་ནས་ཡིད་ཀྱི་རྟོག་པ་ཆོད་དེ། འོ་ན་གནས་ཀྱི་མིང་དང་གོ་བ་ནི་དེ་ལྟར་ཡིན་ན། སྟོན་པ་ཉིད་ཀྱི་མཚན་ཇི་སྐད་དུ་བྱ་སྙམ་པ་ལ། སྟོན་པས་སྡུད་པ་པོའི་རྟོག་པ་གཅད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་། ཞེས་པའི་མཚན་མ་ཤེས་ན་དེ་ཡིན་ནོ། །ཞེས་གསུངས་པས། མཁའ་འགྲོ་མའི་ཡིད་ལ་དེ་རང་གང་ལ་ཟེར་སྙམ་པ་ལ། སྟོན་པའི་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་སྣང་བར་བྱས་ཏེ། འཁོར་བའི་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ཡེ་ཤེས་ལྔའི་བདག་ཉིད་དང་ལྡན། དེ་བཞིན་ཉིད་མ་བཅོས་རང་གནས་ཀྱི་དགོངས་པ་ལ་གནས་པ་ཡིན་ནོ། །གཤེགས་པ་འདི་སླར་འཁོར་བ་ལས་ལྡོག་པ་མ་ཡིན་ཏེ། ཆོས་ཉིད་ཡང་དག་གི་སར་གཤེགས་པའོ། །གདུང་ནི་མི་འགྱུར་བའོ། །ཞེས་མིང་དེ་ཡིན་ཞེས་སྡུད་པ་པོའི་ཐུགས་སུ་ཆུད་པའོ། །དེ་ལྟར་གནས་ཡིན་ལ། རྣམ་རྟོག་གི་བསམ་པ་མེད་པས་ཕུན་སུམ་འཚོགས་པ་ཡིན་ནོ། །སྟོན་པ་ཡིན་ལ་ཆོས་ཉིད་ཀ་ནས་དག་པའི་ས་ལ་གཤེགས་པས་ཕུན་སུམ་འཚོགས་པ་ཡིན་ནོ། །དེ་ནས་སྡུད་པ་པོའི་ཡིད་ལ་གནས་དང་སྟོན་པ་དེ་ལྟར་ཡིན་ན་སྟོན་པས་གསུངས་པའི་བསྟན་པའི་ཆོས་འདི་ལ་ཇི་སྐད་ཟེར་སྙམ་པ་དང་། སྟོན་པས་མཁྱེན་ནས་གསུངས་པ། མི་འབྱེད་སྣང་བའི་ཆོས་གདུང་ལ། མིང་ཐོགས་ཤིག་ཅེས་གསུངས་པས། ཡང་དེ་རང་གང་ཡིན་སྙམ་པ་དང་། ཐུགས་ཀྱི་བྱིན་རླབས་སྡུད་པ་པོའི་སེམས་ལ་ཤར་བ་ནི། ཆོས་ཉིད་མཉམ་པ་ཉིད་མཐའ་གང་དུ་ཡང་མི་འབྱེད་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ངོ་བོ་ལ་འགྱུར་བ་མེད་པ། རང་བཞིན་ལ་འགག་མེད་དུ་ཤར་བ་ཉིད་བསྟན་པ་ཡིན་ལ། དེ་ཉིད་ལ་འགྱུར་བ་མེད་པས་གདུང་ཞེས་ཆོས་ཀྱི་མིང་ཡིན་ནོ། །ཞེས་སྡུད་པ་པོའི་ཐུགས་སུ་ཆུད་དོ། །ཡང་སྡུད་པོ་དེས་མཐའ་གང་དུ་ཡང་མི་འབྱེད་པའི་ཆོས་ཡིན་ལ། སྣང་བའི་ཆོས་ཀྱི་ངོ་བོ་ལ་འགྱུར་བ་མེད་པས་ཕུན་སུམ་ཚོགས་པ་ཡིན་པར་མཁྱེན་ནོ། །དེ་ལྟར་སྡུད་པ་པོས་མཁྱེན་པ་ལས། གནས་དང་། སྟོན་པ་དང་། བསྟན་པ་གསུམ་དེ་ལྟར་ཡིན་ན། འཁོར་གྱི་མིང་དང་དུས་གང་ལ་བྱ་སྙམ་པ་ལ། སྟོན་པས་མཁྱེན་ཏེ་བཀའ་སྩལ་པ། རང་གི་རིག་པའི་ཡེ་ཤེས་གདུང་། ཞེས་འཁོར་གྱི་མིང་མ་ཤེས་ན་དེ་ཡིན་ནོ་ཞེས་གསུངས་པས། དེ་རང་གང་ཡིན་སྙམ་པ་ལ། བྱིན་རླབས་རྒྱུད་ལ་སྐྱེས་པས། སྟོན་པ་ཉིད་རང་གི་རིག་པ་ལས་སྤྲུལ་པའི་ཡེ་ཤེས་ཉིད་ལས་མི་གཞན་པའི་འཁོར་སྟོན་པའི་གདུང་འཛིན་པ་ནི། སྟོན་པ་ཉིད་ཀྱིས་རིག་པ་ལས་སྤྲུལ་པའི་འཁོར་ཡིན་ལ། ཡེ་ཤེས་ཉིད་ལས་མི་གཞན་པས་སྟོན་པའི་གདུང་འཛིན་པས་ཕུན་སུམ་ཚོགས་པའོ་ཞེས་སྡུད་པ་པོས་མཁྱེན་ནོ། །དུས་ཀྱི་མིང་མ་ཤེས་ན། ངས་ནི་ཐོག་མའི་དུས་སུ་ཡང་། །འདི་ཉིད་དུ་ནི་འོངས་པ་ཡིན། །ཆོས་ཀུན་གདུང་གི་རང་བཞིན་ལ། །ཞེས་བྱ་བར་ཐོགས་ཤིག་ཅེས་གསུངས་པས། དེ་གང་ཡིན་སྙམ་པ་ལ་སྟོན་པའི་བྱིན་རླབས་ཤར་བ་ནི། ངས་ནི་སྔོན་འབྱུང་དུ་དུས་དང་ཐོག་མའི་དུས་ཀྱང་འདི་རང་། ད་ལྟའི་དུས་སུ་ཡང་འདི་ཉིད་དུ་འོངས་པ་ཡིན་པས། འདིའི་མིང་ནི་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པའི་དོན་ལ་འགྱུར་བ་མེད་པས་གདུང་གི་རང་བཞིན་དུ་ཤར་བའི་དུས་ཡིན་པ་ལས། འདི་ལྟར་གནས་དང་སྟོན་པ་དང་ཆོས་དང་འཁོར་དང་ལྔར་གཏན་ལ་ཕབ་པའོ། །ཞེས་དུས་འགྱུར་བ་མེད་པའི་དུས་ཡིན་ལ། ཐམས་ཅད་དུ་ཤར་བས་ཕུན་སུམ་ཚོགས་པའོ་ཞེས་སྡུད་པ་པོས་མཁྱེན་པས་ཏེ། དེ་ལྟར་སྟོན་པའི་མཁན་པོ་གང་ཡིན་སྙམ་པ་ལ། ཕུན་སུམ་ཚོགས་པ་ལྔ་ཐུན་མོང་མ་ཡིན་པའི་གླེང་གཞི་འདི་ནི་ངས་སྔོན་དུ་ཡང་བསྟན་ལ་ད་ལྟ་ཡང་ང་ཡིས་ཁྱེད་ལ་བསྟན་པ་ཡིན་ལ་ཕྱིས་ནི་འཁོར་ཁྱེད་མ་ཡིན་པ་གཞན་ལའང་སྟོན་པའོ། །ཞེས་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་ནས། ད་ནི་ཐུན་མོང་གི་གླེང་གཞི་སྔགས་སྤྱི་དང་སྒོ་བསྟུན་པ་སྟོན་ཏེ། དེ་ནས་སྡུད་པ་པོའི་རྟོག་པ་རྣམས་ཆོད་རྒྱུད་ཀྱི་ཚིག་དོན་གསལ་བར་ཐུགས་སུ་ཆུད་ནས། སྡུད་པ་པོས་རང་གི་འཁོར་གྱི་ནང་དུ་གླེང་གཞི་རང་གཞུང་གི་ཚིག་འདི་དག་བརྗོད་དོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་འདི་ནི་ཆོས་ཕུན་སུམ་ཚོགས་པ་སྐུ་གདུང་འབར་པའི་རྒྱུད་འདི། སྐད་ནི་སྟོན་པའི་གསུང་དངོས་སུ་གང་གིས་ཐོས་ན་རྣ་བའི་དབང་པོས་ཕྱིན་ཅི་མ་ལོག་པ་ཐོས། སུ་ལ་ཐོས་ན་སྟོན་པ་ཉིད་ལ། བདག་རང་གིས་ཐོས་པ་ལས་གཞན་ནས་རྒྱུད་པ་མ་ཡིན་པར་དངོས་ཀྱིས་ཐོས། དུས་ཇི་ཙམ་ན་ཐོས་ན་འདི་ཉིད་གོང་བཞིན་ཤེས་ནས་རྟོགས་པའི་དུས་ན་ཐོས། དེ་ཡང་ལན་མང་པོ་མ་ཐོས་ཏེ་ལན་གཅིག་ལ་གང་བཞིན་རྟོགས་པས་སྡུད་པ་པོ་དེ་ཉིད་ཤེས་རབ་ཆེ་བས་སྟོན་པའོ། །དེ་ལྟར་བརྗོད་པས་མཁའ་འགྲོ་མའི་འཁོར་བྱང་ཆུབ་སེམས་དཔའ་གློག་གི་འོད་ཟེར་ཞེས་བྱ་བ་ལ། ཡིད་ལ་རྣམ་རྟོག་དྲུག་སྐྱེས་ཏེ། ཁྱོད་ཀྱི་ཚིག་འདི་དག་བརྫུན་ཡིན་བདེན་པ་མིན་སྙམ་སྟེ། འོ་ན་ཁྱོད་ཀྱིས་ཐོས་དང་ཐོས་ཏེ་གནས་ཇི་སྐད་བྱ་བར་སྟོན་པ་སུ་ལ་ཐོས། གྲོགས་གང་དང་ལྷན་ཅིག་ཏུ་ཐོས། ཆོས་ཇི་སྐད་བྱ་བ་ཐོས། དུས་ཇི་ཙམ་ན་ཐོས་སྙམ་པ་ལ། མཁའ་འགྲོ་མས་དེའི་ཐུགས་ཀྱིས་རྒྱུད་མཁྱེན་ཏེ། བྱང་ཆུབ་སེམས་དཔའ་ཁྱེད་རྟོག་པ་སྐྱེར་མི་རུང་བའི་འདི་དག་རྫུན་པའི་ཚིག་མ་ཡིན་པས། གནས་ནི་རྣམ་པར་རྟོག་པའི་བསམ་པ་ཐམས་ཅད་ཀྱིས་མ་བསླད་པ་མི་རྟོག་པའི་ཡེ་ཤེས་རང་སྣང་བའི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གནས། གཞལ་ཡས་ཁང་དབྱིབས་གྲུ་གསུམ་པ། མི་རྟོག་ཅིང་བསམ་པ་དང་བྲལ་བས་ན། སྟོན་པ་མི་འགྱུར་བའི་དེ་བཞིན་གཤེགས་པའི་གདུང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་དང་། རྐྱེན་ཡུལ་དང་འཕྲད་པའི་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། དེ་གསུམ་དབྱེར་མེད་དུ་ཕྱོགས་མེད་ཆེན་པོའི་སྐུར་ཤར་བའི་སྟོན་པ་རྡོ་རིག་པ་རྗེ་ཡེ་ཤེས་གཉིས་གཉིས་མེད་དུ་འཆང་བ་ཆེན་པོའི་བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས་པ་ཡིན་ལ། དེའི་ཚེ་གྲོགས་ནི་སྟོན་པ་དེས་གདུལ་བྱ་ཉོན་མོངས་པ་རིགས་དྲུག་གི་རྒྱུད་ལ་གནས་ནས་དེ་བརྟུལ་ཏེ། འགྲོ་བ་རིགས་དྲུག་གི་སྐྱེ་གནས་དག་པར་བྱ་བའི་ཕྱིར་ན། སྤྲུལ་པ་སྐུའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དབང་པོ་བརྒྱ་བྱིན་དང་། ཐགས་བཟང་རིས་དང་། སེང་གེར་སྤྲུལ་པ་དང་། ཁ་འབར་མ་དང་། ཆོས་ཀྱི་རྒྱལ་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་གླང་པོའི་ཟེར་ལ་སོགས་ཏེ་བརྗོད་ཀྱིས་མི་ལང་བ་དང་། གཞན་ཡང་འདོད་པའི་ལྷ་དང་། གཟུགས་དང་། གཟུགས་མེད་པའི་ལྷ་དཔག་དུ་མེད་པ་དང་། དགའ་རབ་རྡོ་རྗེ་འགྲོ་བ་མིའི་གཟུགས་སུ་འཛིན་པ་ལ་སོགས་ཏེ་མིའི་ཚོགས་དཔག་ཏུ་མེད་པ་སྐལ་བ་དང་ལྡན་པ་དང་། གཞན་ཡང་སྟོན་པའི་གདུལ་བྱའི་འཁོར་ནི། མཁའ་འགྲོ་མ་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། ཀླུ་དང་། འཇིག་རྟེན་གྱི་ཁམས་སྐྱོང་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། ལྷན་ཅིག་ཏུ་ཐོས་པ་ཡིན་ནོ། །དེའི་ཚེ་དུས་ནི་མི་གནས་པའི་ཡེ་ཤེས་ཆེན་པོ་རང་གི་བསམ་གཏན་ལ་གནས་པའི་དུས་སུ་ཐོས་ནས། ང་དང་འཁོར་དེ་ཐམས་ཅད་ངོ་བོ་ལ་ཐ་མི་དད་པར་འབྱེད་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཉིས་སུ་མེད་པའི་དགོངས་པ་ལ་ཐབས་གཅིག་ཏུ་སྟོན་པ་ཉིད་དང་དབྱེར་མི་ཕྱེད་པར་བཞུགས་པ་ཡིན་ནོ། །ཞེས་བསྟན་པས་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་རྟོག་པའི་ཐེ་ཚོམ་རྣམས་ཆོད། དེ་ཡང་གནས་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། སྟོན་པ་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། བསྟན་པ་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། འཁོར་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། དུས་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་པ་ནི། སྟོན་པ་མེད་ན་གནས་ཕུན་སུམ་ཚོགས་པ་མ་ཡིན་ལ། བསྟན་པ་མེད་ན་སྟོན་པ་མ་ཡིན། བཤད་པར་བྱ་བའི་ཆོས་ལ་འཁོར་མེད་ན་སྟོན་པ་ཉིད་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན། སྟོན་པ་མེད་ན་འཁོར་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན། དེ་ལྟར་གནས་དང་གཅིག །སྟོན་པ་དང་གཉིས། བསྟན་པ་དང་གསུམ། འཁོར་དང་བཞི་མ་འཛོམ་ན་དུས་ཡིན་ཡང་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་ལྟར་བཞི་དུས་འཛོམས་ལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལྟར་སྟོན་པ་དང་། གནས་དང་། བསྟན་པ་དང་། འཁོར་དང་། དུས་གཅིག་ལ་ཐབས་གཅིག་དུ་འཁོད་པའི་ཚེ། སྟོན་པ་ལ་ངས་འཁོར་དེ་དག་གི་ནང་ནས་ལངས་ཏེ་འདི་སྐད་ཅེས་ཞུས་སོ། །སྡུད་པ་པོ་རང་གི་འཁོར་གྱི་ཐེ་ཚོམ་བསལ་ལ། རྗེས་འཇུག་ཐུན་མོང་གི་གླེང་གཞི་རང་གཞུང་དུ་བསྟན་ནས། ད་ནི་ལེའུའི་གཞུང་སྟོན་ཏེ། དེ་ལ་བྱེ་བྲག་ཏུ་ལེའུ་དང་པོའི་གཞུང་ལ། དོན་གཉིས་ལས། ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པ་གཉིས་ལས། ཞུ་བ་མདོར་བསྟན་པ་ནི། དེ་ནས་འཁོར་དུ་འདུས་པ་དེ་ནས་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་རྗེས་སུ་འཇུག་པ་རྣམས་ལ་ཡིད་ཆེས་པར་བྱ་བའི་ཕྱིར། སྟོན་པ་དང་། གནས་དང་། བསྟན་པ་དང་། འཁོར་དང་བཞི་དུས་འཛོམས་པའི་དེ་ནས། འཁོར་དུ་འདུས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་དེ་དག་གི་ནང་ན་དེ་ནས་ནི་ཁྱད་པར་དུ་རྡོ་རིག་པ་རྗེ་ཡེ་ཤེས་གཉིས་གཉིས་མེད་རིགས་ཀྱི་རིག་པ་དང་། ཡེ་ཤེས་ཀྱི་སྡེ་ཚན་མཁའ་དབྱིངས་ཀྱི་འགྲོ་བ་རིག་པ་གསལ་བ་དྲི་མ་མེད་པ་ཡིད་ཀྱིས་ནི་དྲན་པ་རྣམ་པར་དག་པའི་ཤེས་རབ་ཀྱི་ཡིད་ཀྱིས། རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་གི་སྟོན་པ་ཉིད་མདུན་དུ་ཡང་དག་པར་མི་འགྱུར་བ་ཡིད་ཀྱི་རྣམ་པར་རྟོག་པ་མེད་པའི་འགྱུ་བ་མེད་པའི་དབུགས་རླུང་གི་བྱེ་བྲག་གི་ལས་ཕྱུང་ནས། ཚིག་འདི་སྐད་ཅེས་ནི་སྟོན་པ་ལ་ཞུ་བ་རབ་ཏུ་ཞུས་སོ། །ཀྱེ་སྟོན་པ་ཉིད་རྡོ་རྗེ་འཆང་ཞེས་སྟོན་པའི་མཚན་ནས་བོས་ནས་འཇིག་པ་ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་ལ། བརྟེན་པ་འགྲོ་བ་རིགས་དྲུག་གི་སེམས་ཅན། དེ་ལ་བརྟེན་པའི་སེམས་ཅན་བསྡུས་ན་ཁམས་གསུམ་དུ་འདུས་ཏེ། དེ་ཡང་འདོད་པ་ཁམས་ཀྱི་སེམས་ཅན་ནི། དམྱལ་བ་རྣམ་པར་སྨིན་པ་རབ་ཏུ་ཚན་ཆེ་བ་ལས་བྱུང་ལ། དེ་ཡང་དབྱེ་ན་རྒྱུ་ལས་ཀྱི་བྱེ་བྲག་ཚ་གྲང་གཉིས་ལས་བྱུང་བས་བརྒྱད་བརྒྱད་བཅུ་དྲུག །དེ་ཡང་བརྒྱད་དུ་བསྡུ་ན། ཉི་ཚེ་བ་དང་ཉེ་འཁོར་བ་གཉིས་ཏེ་བཅུ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་ ནངགིསྒྲིབཅན next hit་གཉིས་དང་བཅུ་གཅིག །བྱོལ་སོང་བྱིངས་ན་གནས་པ་དང་ཁ་འཐོར་བ་གཉིས་ཏེ་བཅུ་གསུམ། མི་དང་བཅུ་བཞི། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་དྲུག་སྟེ། དེ་ལྟར་ཉི་ཤུ་ནི་འདོད་པ་ཁམས་ཀྱི་སེམས་ཅན་ནོ། །འོད་གསལ་དང་། འོད་ཆུང་དང་། ཚད་མེད་འོད་སྤྲིན་མེད་ལ་སོགས་ཏེ། གཟུགས་ཁམས་ཀྱི་ལྷའི་རིས་བཅུ་བདུན། གཟུགས་མེད་པའི་ཁམས་ཀྱི་སྐྱེ་མཆེད་མུ་བཞི་སྟེ། སེམས་ཅན་གྱི་སྡེ་རིགས་བཞི་བཅུ་རྩ་གཅིག་གིས་ཁམས་གསུམ་གྱི་ནང་དུ་འཁོར་བར་འཁོར་ཞིང་། སེམས་ཅན་གྱི་ལུས་ཐ་དད་པ་ཐམས་ཅད་དུ་འཁོར་ཞིང་འཁྲུལ་བས། འདི་དག་གིས་སྔར་བླ་ན་མེད་པའི་འབྲས་བུ་དེ་བཙལ་བས་མ་རྙེད་པར་འཁྲུལ་ཏེ་སངས་རྒྱས་དོན། སྔ་མ་སེམས་ཅན་དེ་དག་ཙམ་སུས་ཀྱང་རིག་པ་མངོན་སུམ་གྱི་དོན་དེ་རྙེད་པ་མེད་དོ། །ད་ལས་དང་སྐལ་བར་ལྡན་པའི་གང་ཟག་སུས་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་བ། དེ་ལ་ལུས་ངག་ཡིད་ལ་རྟགས་ནི་ཇི་ལྟ་བུ་ཞིག་འབྱུང་བ་ལགས། སྤྱིར་སྡོམས་པ་བྱེ་བྲག་ཏུ་སོ་སོར་ཕྱེ་ན། དེའི་རྟགས་ཀུན་བདག་ལ་སྟོན་པས་བསྟན་དུ་གསོལ་ཞེས་ཞུ་བ་མདོར་བསྟན་ནས། ད་ནི་ལན་སྟོན་པ་ལ་གཉིས་ཀྱིས། བསྟན་པ་ལས་སྤྱིར་བསྟན་པ་དང་བྱེ་བྲག་གཉིས་ལས། སྤྱི་ལ་གཉིས་ཀྱིས་བསྟན་པའི་དང་པོ་ལན་མདོར་བསྟན་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་པས་སྟོན་ཏེ། ཞུས་མ་ཐག་པའི་དེ་ནས་སྟོན་པ་རྡོ་རྗེ་འཆང་ནི་མཚན། རང་ནི་གཞན་ལ་སོགས་པ་རང་ངོ་། །རིག་པ་ནི་ཤེས་བྱ་རང་གི་ངོ་བོའོ། །གསལ་བ་ནི་རང་བཞིན་གྱིས་གསལ་བ་ཉི་ཟླ་དང་། བྱས་ཤིང་རྒྱུ་རྐྱེན་གྱིས་གསལ་བ་མར་མེ་དང་། སྒྲོན་མེ་དང་མེ་ལོང་ལ་སོགས་པ། དག་པས་གསལ་བ་ངོ་བོ་ལྟར་སྣང་དང་། མ་བསྒྲིབས་པར་གསལ་བ་མན་ཤེལ་དང་། རྩོལ་བསྒྲུབ་ཀྱིས་གསལ་བ་མཉམ་གཞག་གི་དུས་དང་། ཡེ་ནས་གསལ་བ་རང་གི་རིག་པའི་ཡེ་ཤེས་ཉིད་ཡིན་ནོ། །སྟོབས་ཀྱིས་གསལ་བ་ཤེས་རབ་སྟེ། འདི་ནི་རིག་པ་ལས་བྱུང་བའི་ཤེས་རབ་ཀྱི་སྒོ་ཕྱེ་ནས། གཞི་ལ་གནས་པའི་ཤེས་རབ་རྣམ་བཞི་ཡིས་རྟོགས་པའི་རྟོགས་ལུགས་ནི། ཆོས་འབྱུང་ཆེན་པོའི་མཛོད་ནི་ཐུགས་ཀྱི་དགོངས་པ་ཇི་ལྟར་ཡོད་པའི་ལུགས་བསྟན་པ། ཀྱེ་མ་ཞེས་ངེས་པའི་སྙིང་པོ་སུ་ལ་ཡང་མ་བསྟན་པ་མཁའ་འགྲོ་མ་གསལ་བའི་ཡིད་ཅན་མ་ཁྱོད་ལ། ང་ཡིས་ངེས་པ་ཁོ་ནར་བསྟན་གྱིས་ཁྱོད་ཀྱིས་བློའི་སྐྱོན་རྣམ་པ་བཞི་པོ་འདི་སོལ་ལ། བློ་ཞབས་རྡོལ་ལྟ་བུ་དང་། དུག་ཅན་དང་། གཞོགས་རལ་དང་། ཁ་སྦུབ་དང་། ཕྱིན་ཅི་ལོག་གི་སྐྱོན་རྣམས་སྤོང་ལ་ཟུང་ཞིག་ཅེས་པ་ཉན་པ་པོ་ལ་གདམ་པ། དེ་ལྟར་གདམས་པས་སྡུད་པ་པོ་ཉིད་ཤིན་ཏུ་ཤེས་རབ་ཆེ་ལ་ངམ་པས་ཡིད་ལ། ང་ལ་སྐྱོན་དེ་དག་མེད་དེ་སྟོན་པ་ཉིད་ལ་ཚིག་གི་འཁྲུལ་པ་མ་བྱུང་ངམ་སྙམ་པ་ལ། སྟོན་པའི་ཐུགས་ལ་ཤར་ནས་གསུངས་པ་ངས་ཁྱོད་ལ་བསྟན་པའི་ཚིག་འདི་དག་ལ། འཁྲུལ་པ་རྡུལ་ཕྲ་རབ་སྟོང་དུ་བགོས་པའི་ཆ་ཙམ་ཡང་མེད་པས། ཁྱོད་ཀྱིས་ངས་བསྟན་པའི་ཚིག་ལ་མ་ལྷག་མ་ཆད་འཁྲུལ་པ་མེད་པའི་ཚིག་འདི་དག་ཁྱོད་རང་གི་འཁོར་རྣམས་ལ་མ་ནོར་བར་སྟོན་ཅིག་གསུངས་པས། སྡུད་པ་པའི་རྟོག་པ་ལ་གལ་ཏེ་འཁྲུལ་ལ་མ་ནོར་ན་ཉེས་པ་ཅི་ཡོད་སྙམ་པ་ལ། འདི་ནི་འདི་རང་ལྟར་ངེས་པའི་དོན་ཡིན་པས། དང་པོ་ཚིག་ཏུ་ངེས་པས། བར་དུ་ཉམས་སུ་བླང་དུ་ངེས། ཐ་མ་འབྲས་བུའི་དོན་དུ་ངེས་པའི་ཕྱིར་ནོར་རམ་འཁྲུལ་ན་ངེས་མེད་དུ་འགྲོ་བས། དེ་ལྟར་སོང་ན་དོན་ལ་ཡིད་ཆེས་མེད་པས་མ་ནོར་བར་ཟུངས་ཤིག །སྙིང་པོ་ནི་ཚིག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་རྒྱུད་འདི་ཡིན། དོན་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་འདི་ནས་བསྟན་པའི་རྟགས་འདི་དག་ཡིན་པས། སྙིང་པོ་ལ་འཁྲུལ་པ་ཡོད་ན་ས་བོན་མེས་ཚིག་པ་དང་འདྲའོ། །དེའི་ཕྱིར་ན་གལ་ཏེ་འཁྲུལ་ན་གསང་སྔགས་ཀྱི་དམ་ཚིག་ཉམས་ན་རྡོ་རྗེ་དམྱལ་བ་ཆེན་པོར་སེམས་ཀྱི་སྣང་བ་འཁྲུལ་བར་འགྱུར་བས། དེའི་ཕྱིར་ན་ཁྱོད་ཀྱིས་མ་འཁྲུལ་བར་གྱིས་ཞེས་གསུངས་པའོ། །དེ་སྐད་གསུངས་པས་མཁའ་འགྲོ་མའི་རྟོག་པ་ལ་ཅིའི་ཕྱིར་ན་དེ་དག་ངེས་པར་འགྱུར་སྙམ་པ་ལ། དོན་ཀུན་གྱི་ནི་རྟགས་མེད་ན་ཡིད་མི་ཆེས་པས། དོན་ཐམས་ཅད་འདི་ལ་འདུས་པའི་ཕྱིར་འདི་དོན་ཡིན། དོན་ལ་ཐེ་ཚོམ་མམ་སོམ་ཉི་ཟའམ་འཁྲུལ་ན་འདི་དག་དང་ལས་ཀྱི་སྐལ་བས་བསྟན་པ་ལ། འདི་དང་འཕྲད་མི་སྲིད་པ་ཡིན་ཏེ། དེ་ཡང་ཇི་ལྟར་འགྱུར་ཡང་རྫོགས་པའི་སངས་རྒྱས་གཅིག་མི་འབྱུང་ན་མི་འབྱུང་འབྱུང་ཕན་ཆད་ལ་རྟགས་འདི་རྣམས་ཀྱིས་མ་ཁྱབ་པ་མེད་པའི་ཕྱིར་རོ། །དེ་ལྟར་སྡུད་པ་པོའི་ཐེ་ཚོམ་གཅད་ནས་རྟགས་མདོར་བསྡུས་ན་སངས་རྒྱས་ཐམས་ཅད་ཀྱི། སྐུའི་རྟགས་དང་། གསུང་གི་དང་། ཐུགས་ཀྱི་རྟགས་དང་གསུམ་དུ་འདུས་སོ། །སྐུ་ནི་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྐུ་དང་། སྤྲུལ་པ་སྐུ་དང་གསུམ་མོ། །རྟགས་ནི་འོག་ནས་སྟོན་ཏོ། །གསུང་གི་ནི་གསུམ་སྟེ། བརྗོད་དུ་མེད་པ་རྒྱ་ཆེ་བའི་གསུང་དང་། གྲགས་ལ་གཟུང་དུ་མེད་པ་སྒྲ་བརྙན་ལྟ་བུའི་གསུང་དང་། ཚིག་གི་གསུང་དང་གསུམ་མོ། །དེ་ཡང་སྐུ་གསུམ་ལ་རིམ་གྱིས་སྦྱར་རོ། །རྟགས་ནི་འོག་ནས་སྟོན། དེ་བཞིན་དུ་རྡོ་རྗེའི་ཐུགས་ཀྱི་ནི་གསུམ་སྟེ། གཡོ་བའི་ཐུགས་དང་། མཁྱེན་རིག་གསལ་བའི་ཐུགས་དང་། འཇིག་རྟེན་མཁྱེན་པའི་ཐུགས་དང་གསུམ་སྐུ་གསུམ་གྱི་ཐུགས་ཡིན་ནོ། །རྟགས་ནི་འོག་ནས་སྟོན་པའོ། །ཇི་ལྟར་སྔོན་འབྱུང་དུ་སངས་རྒྱས་རྣམས་ལ་རྟགས་ཤར་བ་ལྟར་འདིར་ཡང་སངས་རྒྱ་བའི་སེམས་ཅན་ཀུན་གྱི་ལུས་ངག་ཡིད་ལ། རྟགས་འདི་དག་རྣམས་ནི་མངོན་སུམ་དུ་སྣང་བར་འགྱུར་བ་ཡིན་པས། འདི་ཉིད་ནས་བསྟན་པའི་རྟགས་རྣམས་སུ་ལ་སྣང་བ་དེ་ཚེ་འདིའི་སྔོན་མ་ནས་སྐུ་གསུང་ཐུགས་སོ་སོ་ལ་སྦྱངས་པའི་སྐལ་བ་ཅན་ཡིན་ནོ། །ཚེ་སྔ་མ་ལ་བར་ཆོད་དུ་སོང་བ་ལས་བསྒྲུབ་པའི་འབྲས་བུ་མ་སྨིན་པ་ལ་ནི། གོང་དུ་མ་སྨིན་པས། ཚེ་ད་ལྟའི་དུས་སུ་ངེས་པར་བསྒྲུབས་ན་འབྲས་བུ་ནི་ཚེ་འདི་ལ་སུ་ཡིས་གྲུབ་པའི་མི་དེ་ཉིད་ལ། འོག་ནས་སྟོན་པའི་ལུས་ཀྱི་རྟགས་དང་། དེ་བཞིན་དུ་ངག་གི་རྟགས་དང་། ཡིད་ལ་སོགས་པའི་རྟགས་འདི་རྣམས་འབྱུང་བ་ཡིན་ནོ། །ཞེས་སྟོན་པས་གསུངས་པ་ལ་སྡུད་པ་པོའི་རྟོག་པ་ལ་རྟགས་མེད་པར་སངས་རྒྱ་བ་ཡོད་དམ་མེད་སྙམ་པ་ལ། གལ་ཏེ་འདི་ནས་བཤད་པའི་རྟགས་འདི་ཀུན་མ་བྱུང་ན། ཕྱི་རོལ་འཇིག་རྟེན་པའི་ཡིད་དཔྱོད་འཛིན་པའི་ལྟ་བར་འགྱུར་བ་ཡིན་པས་རྟགས་མེད་པར་སངས་རྒྱ་མི་སྲིད་དོ། །ཞེས་ལན་མདོར་བསྟན་ནས། ད་ནི་སྤྱིའི་འཇུག་པར་བྱེད་པའི་ཡོན་ཏན་བསྟན་པ་ནི། དེ་ཕྱིར་རྟགས་དང་སུ་ལྡན་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེའི་ཕྱིར་ན་རྟགས་འདི་དག་རྣམས་སྐྱེས་བུ་སུ་ལྡན་པ་དེ་ལ་ཉམས་སུ་བླངས་པའི་ཡོན་ཏན་ཡོད་ལ། སྐལ་ལྡན་འདི་ཡིས་གསང་བའི་རྒྱུད་འདི་རྣམས་ཀྱི་ངེས་པའི་ལུང་ཐོབ་པ་ལས་བྱུང་བས། ངེས་པའི་ལུང་གི་ཉམས་སུ་བླངས་པའི་རིག་པའི་ཚད་ཟིན་པས་ནི་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་བས་ན། ཕྱི་རོལ་དུ་འཁྲུལ་བའི་སྣང་བ་འགགས་པ་དང་། ནང་དུ་ལུས་རྡོས་པ་འགགས་པ་དང་། དེ་ལ་སོགས་པ་འཁྲུལ་པ་དང་ཡེ་ཤེས་དང་། ཀུན་གཞི་དང་ཆོས་སྐུའི་ཚད་ཀུན་ཟིན་པ་འདི་ནི་རྣལ་མ་ཆོས་ཉིད་མ་བཅོས་པ། འབྱོར་པ་དེ་དང་གཉིས་སུ་མེད་པ། དེ་ལ་ཉོན་མོངས་པའི་དྲི་མ་མེད་པས་དག་པའི་ལམ་ལ་གོས་པ་མེད་པའོ། །ལམ་འདི་ཉིད་ལ་ནི་བགྲང་བྱའི་ལམ་ཚོགས་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། སྦྱོར་ལམ་དང་། མཐར་ཕྱིན་པ་ཡང་འདི་མ་ཡིན། འདི་དག་བགྲོད་དཀའ་ཚི་ཆད་པའི་ལམ་ཞེས་བྱའོ། །རྣལ་འབྱོར་རིག་འཛིན་གྱི་ལམ་ཀྱང་མ་ཡིན་ཏེ། འདི་དག་ནི་རྩོལ་བཅས་དོན་ཆུང་བའི་ལམ་ཡིན། འཇུག་སྒོ་གྲུབ་མཐའི་ལམ་ཉན་ཐོས་ལ་སོགས་པའི་ལམ་སྟེ། འདི་དག་ནི་ལམ་རིང་ལ་འབྲས་བུ་ལྡོག་པ་ཡིན་པས། འདི་ནི་མངོན་སུམ་རང་གནད་ཀྱི་ལམ་མོ། །ལམ་འདི་ལ་སྐལ་བ་དང་ལྡན་པ་གང་གནས་པ་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདེན་པ་ནི་གསུམ་སྟེ། ཀུན་རྫོབ་ལས་འབྲས་ཀྱི་བདེན་པ་དང་། དོན་དམ་རང་བཞིན་གྱི་བདེན་པ་དང་གཉིས་ནི་མ་ཡིན། ཟག་མེད་མཚན་ཉིད་དང་བྲལ་བའི་བདེན་པས་ཏེ། ཀུན་རྫོབ་ནི་ལས་དང་རྣམ་སྨིན་བདེན་པ་གཙོ་ཆེ་བ་ཡིན་ཏེ། འདི་ལ་ལས་དང་རྣམ་སྨིན་གྲུབ་མ་མྱོང་། དོན་དམ་པ་ཆོས་ཐམས་ཅད་རང་བཞིན་གནས་ལུགས་ཙམ་དུ་བདེན་པ་ཡིན་ཏེ། འདི་ལ་ཟག་པ་མེད་པས་གནས་ལུགས་སུ་གྲུབ་པ་མེད་ལ། མཚན་ཉིད་དང་བྲལ་བས་རང་བཞིན་ནམ་ཀུན་རྫོབ་ཀྱི་སྣང་ཆ་གྲུབ་པ་མེད་དོ། །དེ་ཡང་འདི་ཉིད་ཤེས་རབ་ཀྱིས་མ་ཡིན་པར་དབང་པོས་མཐོང་དུ་ཡོད་པའོ། །ཞེས་སྤྱིའི་འཇུག་པར་བྱེད་པའི་ལམ་གྱི་ཡོན་ཏན་བསྟན་ཏེ། དེ་གཉིས་ཀྱིས་ནི་སྤྱིའི་ལན་བསྟན་ནས། ད་ནི་བྱེ་བྲག་ཏུ་སྐུ་གསུང་ཐུགས་ལ་སྔོན་དུ་སྦྱངས་པའི་རྟགས་ད་ལྟ་འཆར་བའམ་གང་ཟག་གི་ལུས་ངག་ལ་ཇི་ལྟར་འབྱུང་བ་ལ་ནང་དོན་གསུམ་སྟེ། གང་གི་ལུས་ལ་སྐུ་གསུང་ཐུགས་ཀྱི་རྟགས་ཇི་ལྟར་འབྱུང་བ་དང་། དེ་བཞིན་དུ་ངག་དང་ཡིད་ལ་ཇི་ལྟར་འབྱུང་བ་བསྟན་པ་གསུམ་ལས། ལུས་ཀྱི་རྟགས་བསྟན་པས་ཏེ། འདི་ལ་ནང་གསེས་ཀྱི་དོན་གསུམ་ཡོད་པ་ལས། དང་པོ་སྔོན་དུ་སངས་རྒྱས་རྣམས་ཀྱིས་སྐུ་ལ་སྦྱངས་པའི་རྟགས་བསྟན་པ་ནི། བདེན་མཐོང་ལུས་ལ་རྟགས་འདིའི། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་གང་གི་བདེན་པ་གསུམ་གྱི་མཚན་ཉིད་མཐོང་བའོ། །ལུས་ལ་ནི་ལུས་ཀྱི་ངོ་བོ་བསགས་པ་འདུས་པ། ངེས་ཚིག་འཇོག་པའམ་ལུས་དེ་བོར་བའམ་བཞག་ནས་སེམས་འགྲོ་བའི་ཕྱིར་ན་ལུས་སོ། །དབྱེ་བ་ནི་འཇིག་རྟེན་མིང་ཙམ་དུ་གྲགས་པའི་ལུས་དང་། རྣམ་པར་རྟོག་པ་བག་ཆགས་ཀྱི་ལུས་དང་། ཡེ་ཤེས་སྒྱུ་མའི་ལུས་དང་། རིན་པོ་ཆེ་གསང་བའི་ལུས་དང་བཞིའོ། །མིང་ནི་འཇིག་རྟེན་པའི་མིང་དུ་གྲགས་པའི་ལུས་ཀྱི་བརྡའ་རྟགས་པ་རྣམས་སོ། །རྣམ་རྟོག་བག་ཆགས་ཀྱི་ལུས་ལ་དབྱེ་ན་དྲུག་སྟེ། རིགས་དྲུག་ཐ་དད་པའི་ལུས་དང་། བག་ཆགས་རང་ཀ་མའི་ལུས་དང་། ཕྱེད་སྣང་ཉམས་མྱོང་གི་ལུས་དང་། སྤྲུལ་པ་སྒྱུ་མའི་ལུས་དང་། དྲན་པ་རྨི་ལམ་གྱི་ལུས་དང་། ཚད་ཕྱིན་འོད་གསལ་གྱི་ལུས་སོ། །རིགས་དྲུག་ཐ་དད་པའི་ལུས་ནི་བཞི་སྟེ། གདོས་བཅས་འབྱུང་བ་འདུས་པ་ཤ་ཁྲག་གི་ལུས་དང་། གཟུགས་མཛེས་འོད་ཀྱི་ལུས་དང་། སྣང་བཅས་སྟོང་པའི་ལུས་དང་། རིག་བྱེད་ཡིད་ཀྱི་ལུས་སོ། གདོས་བཅས་ནི་འབྱུང་བ་བཞི་ལས་དང་པོ་འཁྲུལ་བས་ཁ་དོག་དང་། བརྡའ་དང་སྐད་མི་མཐུན་པ་སྣ་ཚོགས་པ་དང་། འདོད་པ་ཁམས་ཀྱི་སེམས་ཅན་གྱི་ལུས་འགའ་སྟེ། ཐོག་མ་ཡང་འབྱུང་བ་བཞི་ལས་གྲུབ་ཅིང་སྐྱེ་ལ། ཐ་མ་ཡང་འབྱུང་བས་འཇིག་ཅིང་ཡལ་བ་ཡིན་ཏེ། མི་དང་ལྷ་རིགས་དྲུག་དང་ལྷ་མིན་རྣམས་ཀྱི་ལུས་ཡིན་ཏེ། ངན་སོང་གསུམ་མ་གཏོགས་པའི་འདོད་ཁམས་ཀྱི་སེམས་ཅན་གྱི་ལུས་ཡིན་ནོ། །གཟུགས་མཛེས་འོད་ཀྱི་ལུས་ནི། གཟུགས་ཁམས་ཀྱི་ལྷ་རྣམས་ལ་འོད་ཀྱི་ལུས་ཡོད་པའོ། །དེ་ཡང་ཐོག་མ་འོད་ལས་གྲུབ་པས་བར་དུ་འོད་ལྔ་ལ་བརྟེན། ཐ་མ་ཡང་འོད་ཀྱིས་འཇིག་ཅིང་འོད་ཉིད་ཡལ་བའོ། །སྣང་བཅས་སྟོང་པའི་ལུས་ནི། ཐོག་མ་བསམ་གཏན་ལ་ཆགས་ཤིང་འཛིན་པས་འཁྲུལ་ཏེ། འདུ་ཤེས་ཙམ་པོ་སྟོང་པ་ལྟར་སྣང་གི་ལུས་དང་། སྐྱེ་མཆེད་ཅེས་བྱ་བ་དེ་དབང་པོ་མཐའ་ཡས་པ་དང་བཅས་པ། བསམ་གཏན་གྱི་ལྷའི་ལུས་ཏེ། བར་དུ་སྟོང་པ་ལ་གནས་ཐ་མར་སྟོང་པར་ཡལ་བའོ། །རིག་བྱེད་ཡིད་ཀྱི་ལུས་ནི་ཐོག་མ་འགྱུ་བྱེད་སྣ་ཚོགས་པ་ལས་འཁྲུལ་ཏེ། སྲིད་པ་བར་མ་དོ་དང་། ཡི་དྭགས་ཕལ་མོ་ཆེའི་ལུས་ཏེ། དེ་ཡང་དང་པོ་ཡང་ཡིད་ཀྱིས་བསྐྱེད་ཅིང་། བར་དུ་ཡང་ཡིད་ལ་གནས། ཐ་མ་ཡང་ཡིད་ཀྱིས་འཇིག་ཅིང་དེ་གཉིས་ལས་ཡལ་བའོ། །སེམས་ཅན་དམྱལ་བ་འགའ་ལ་ནི་ཚོར་བའི་ལུས་སུ་ཡོད་པས་སྡུག་བསྔལ་ཉམས་སུ་མྱོང་ལ། རེག་པའི་ལུས་སུ་མེད་པ་ཤ་ཁྲག་རང་ག་མ་མེད་པ་ཡང་ཡོད་དོ། །བག་ཆགས་རང་ཀ་མའི་ལུས་ནི་ཕུང་པོ་ལྔ་གཅིག་ལ་འདུས་པའོ། །ཕྱེད་སྣང་ཉམས་མྱོང་གི་ལུས་ནི་སྐལ་ལྡན་གྱིས་ཉམས་སུ་བླངས་པས་བག་ཆགས་བརྟན་པ་ལས་བྱུང་ཏེ། རང་གི་རྣམ་པ་སྐབས་སུ་ན་བུན་ལྟར་སྣང་བ་དང་། རེས་རླངས་པ་ལྟར་དང་། རེས་ཟང་ཐལ་དུ་སྣང་བའི་དུས་ན་ཡིན་ནོ། །སྤྲུལ་པའི་ལུས་ནི་བེམ་པོ་ལས་ལུས་སུ་གྱུར་པ་དང་། རང་བཞིན་མེད་པ་ལས་ལུས་སུ་གྱུར་པའོ། །བེམ་པོ་རིས་སུ་བྲིས་པ་ལ་སོགས་པ་ལག་གི་འདུ་བྱེད་ཀྱིས་བྱས་པའོ། །རང་བཞིན་མེད་པ་ནི་སངས་རྒྱས་ཀྱིས་སྤྲུལ་པའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་སེམས་དཔའ་དང་བཅས་པ་དང་། སྤྲུལ་པ་སྒྱུ་མའི་སྦྱོར་སྔགས་ལ་སོགས་པས་བྱས་པའི་སེམས་པ་མེད་པ་ཉིད། དྲན་པ་རྨི་ལམ་གྱི་ལུས་ནི། རྨི་ལམ་ན་ལུས་ཐ་དད་པར་མཐོང་བ་དང་། རང་གིས་ཐ་དད་པར་སྤྲུལ་པ་ལ་སོགས་པའོ། །ཚད་ཕྱིན་འོད་གསལ་གྱི་ལུས་ནི། རྒྱུའི་ལུས་དང་འབྲས་བུའི་ལུས་སོ། །རྒྱུ་ནི་རིག་པ་ཚད་ལ་ཕེབས་པའི་ཚེ་རྡོས་བཅས་ཀྱི་སྣང་བ་འགགས་ཏེ། འོད་གསལ་ཟང་ཐལ་དུ་མཐོང་བའོ། །འབྲས་བུ་ནི་སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་ལུས་ཀྱི་མཐའོ། །དེ་ལྟར་བྱེ་བྲག་ཐ་དད་པར་ཕྱེ་བས་བག་ཆགས་ཀྱི་ལུས་ལ་བཅུ་གཉིས་ཀྱིས་བསྟན་པའོ། །ཡེ་ཤེས་སྒྱུ་མའི་ལུས་ནི་ཆོས་ཉིད་ཀྱི་བར་དོ་སྟེ། འོད་ཀྱི་ལུས་དང་། ཐིག་ལེའི་དང་། སྐུ་སྣ་ཚོགས་པའི་དང་། སྣང་བ་ལ་རང་བཞིན་མེད་པའི་དང་། གསལ་བ་ལ་བདག་མེད་པ་དང་། འོད་གསལ་བ་ལ་ཡེ་ཤེས་ཀྱི་ཞལ་ཕྱག་དང་བཅས་པའོ། །དེ་ཡང་སྣང་བའི་ཆ་ནས་ལུས་ཡིན་ལ། གསལ་བའི་ངོས་ནས་ཡེ་ཤེས་ཡིན། རང་བཞིན་མེད་པའི་ཆ་ནས་སྒྱུ་མ་ཞེས་བྱ་བ་ཡིན་ནོ། །རིན་པོ་ཆེ་གསང་བའི་ལུས་ནི་རྩལ་སྣ་ཚོགས་སུ་སྣང་ལ། ཡོན་ཏན་ལྷུན་གྲུབ་དུ་རྫོགས་པའོ། །ངོ་བོ་འགགས་པ་མེད་པའི་བྱུང་ཚུལ་དུ་གནས་པ་སྟེ། འཆར་ལུགས་བརྒྱད་དང་ཐིམ་ལུགས་བརྒྱད་ལ་སོགས་པའི་བདག་ཉིད་ཆེན་པོར་བཞུགས་པས་ཏེ། དེ་ལ་རོལ་པ་འགག་མེད་དུ་ཤར་བ་དང་། གཏན་ཚིག་སྟོང་གསལ་དུ་ཁྱབ་པ་དང་། ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པས་ན་རིན་པོ་ཆེ་ཡིན་ལ། ཐེག་པ་ཐུན་མོང་པ་རྣམས་ཀྱིས་སངས་རྒྱས་ཀྱི་སར་འཇོག་པས་ན་སྐུ་ཡིན། མདོར་ན་བསོད་ནམས་རྫོགས་པའི་ཆོས་ཀྱི་སྐུ་ཡིན་པས་ལུས་ཞེས་བྱའོ། །ལུས་དེ་དག་གི་བྱེད་པའི་ལས་ནི། རྣམ་རྟོག་བག་ཆགས་ཀྱིས་ཤ་ཁྲག་གི་འདུ་བྱེད་དུ་བྱེད། དུ་མར་བྱེད། བག་ཆགས་རང་ཀ་མས་ཉེ་བར་ལེན་པ་བྱེད། སྤྲུལ་པས་སྣང་བ་འགྲིབ་པར་བྱེད། དྲན་པ་རྨི་ལམ་གྱི་བག་ཆགས་སྡུད་པར་བྱེད། ཚད་ཕྱིན་འོད་གསལ་གྱིས་འབྱུང་བ་རྣམས་དག་པར་བྱེད་དོ། །ཡེ་ཤེས་སྒྱུ་མས་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། དེ་ཉིད་བརྟན་པ་དང་མི་སྟོན་པ་དང་། མཚམས་ལེན་པ་དང་། བག་ཆགས་ཀྱི་མཚམས་ཉེ་བར་ཡོད་པར་བྱེད་པའོ། །རིན་པོ་ཆེ་གསང་བའི་ལུས་ཀྱིས་མངོན་པར་ཤེས་པ་དྲུག་དང་། རྒྱུན་གྱི་ཏིང་ངེ་འཛིན་དང་། མི་བརྗེད་པའི་གཟུངས། རང་བཞིན་གྱི་བསམ་གཏན་རྣམས་སུ་བྱེད་པའོ། །དེ་དག་གི་ཡུལ་ནི་རྣམ་རྟོག་བག་ཆགས་ཀྱི་ཡུལ་འཁྲུལ་སྣང་སྣ་ཚོགས་པ་ཡིན། ཡེ་ཤེས་སྒྱུ་མའི་ཡུལ་རྣམ་པར་དག་པའི་སྣང་བ་ཡིན། རིན་པོ་ཆེའི་བདེ་བར་གཤེགས་པའི་སྣང་བ་རྣམས་ཡིན། དེ་དག་གི་རྟེན་ནི་རྣམ་རྟོག་བག་ཆགས་ཀྱི་རྟེན་ལུས་ཀྱི་ལྟེ་བར་རྩ་ཐམས་ཅད་རོ་གཅིག་ཏུ་འདུས་པས་མདུད་པའི་དཀྱིལ་ན་འབྱུང་བ་འདུས་པའི་སྙིང་པོ་མིག་དཀར་ནག་ཕྱེད་པར་གནས་པ་ལ་བརྟེན་པའོ། །ཡེ་ཤེས་སྒྱུ་མ་ནི་མིག་གི་ཕུག་ན། འོད་ཐམས་ཅད་ཀྱི་སྙིང་པོ་འདུས་པ་སྐུ་ལྔ་ཉུངས་འབྲུ་ཙམ་ལས་སྤྱན་ཕུལ་ཐག་ཙམ་དུ་གནས་པ་ལ་བརྟེན་པའོ། །ལུས་དེ་དག་གི་སྣང་ལུགས་ནི། རྣམ་རྟོག་བག་ཆགས་ནི་དབང་པོ་དང་ཡན་ལག་དང་ཉིང་ལག་དང་བཅས་པ་དང་། ཕུང་པོ་ལྔའི་རང་བཞིན་དུ་སྣང་། ཡེ་ཤེས་སྒྱུ་མ་ནི་འོད་དང་ཐིག་ལེ་དང་དབྱིངས་དང་རིག་པ་དང་སྐུ་སྣ་ཚོགས་པར་སྣང་བའོ། །རིན་པོ་ཆེ་ནི་ཡོན་ཏན་གྱི་བྱུང་ཚུལ་དུ་མ་དང་། སྐུའི་འཆར་སྒོ་དུ་མ་དང་། རང་སྣང་ཁ་དོག་དུ་མ་དང་། མཛད་པའི་ཕྲིན་ལས་དུ་མར་སྣང་བའོ། །དེ་དག་ལས་འགྱུ་བྱེད་ཀྱི་ངོ་བོ་གང་འགྱུ་བ་ནི། རྣམ་རྟོག་ལས་བྱུང་ཚོར་སྣ་ཚོགས་པ་གཟུང་བ་དང་འཛིན་པ་དང་། ལས་སྣ་ཚོགས་པ་དང་ཡེ་ཤེས་ཀྱི་ངོ་བོ་དག་འགྱུ་བ་ཡིན་ནོ། །ཡེ་ཤེས་སྒྱུ་མ་ལས་རླུང་དང་ཡེ་ཤེས་དང་སྐུ་དང་མཚན་དང་དཔེ་བྱད་དུ་བཅས་པ་རྒྱུ་བས་ཏེ། དབུགས་མེད་པའི་འགྱུ་བ་དང་། སྲོག་མེད་པའི་སྐུ་ཞེས་བྱའོ། །རིན་པོ་ཆེའི་རྩལ་སྣ་ཚོགས་དང་། རོལ་པ་སྣ་ཚོགས་དང་། འབྱུང་ཚུལ་མ་འགགས་པ་དག་ཏུ་འགྱུ་བའོ། །དེ་ཀུན་གྱི་རྟགས་ནི་རྣམ་རྟོག་གི་རྨི་ལམ་ཡིན། ཡེ་ཤེས་ཀྱི་རྟགས་སྒྲོན་མ་ཡིན། རིན་པོ་ཆེའི་དབྱིངས་རྣམ་པར་དག་པའི་སྒྲོན་མའོ། །དེ་དག་སོ་སོའི་ངོ་བོ་ནི་རྣམ་རྟོག་བག་ཆགས་ཀྱིས་འབྱུང་བ་བཞིའི་བདག་ཉིད། ལྷུམས་སུ་ཞུགས་པ་དང་། ལྷུམས་ན་གནས་པ་དང་། བཙས་པ་དང་། འབྱུང་བ་དེ་དག་གཟུག་པ་དང་བྱེར་བ་དང་། སྙོམས་པ་དང་། འཁྲུག་པར་གནས་པ་དང་། རྒས་པ་དང་། ན་བ་དང་། འཆི་བའི་བདག་ཉིད་དུ་གནས་པའོ། །ཡེ་ཤེས་སྒྱུ་མ་ནི་རིག་ལྔ་དང་། ཡབ་དང་། ཡུམ་ལྔ་དང་། སྐུ་ལྔ་ཡེ་ཤེས་ལྔ་དང་། འོད་ད ང་ཐིག་ལེ་དང་ཚོམ་བུའི་བདག་ཉིད་ཆེན་པོར། མཚན་དང་དཔེ་བྱད་དང་བཅས་པར་བཞུགས་སོ། །རིན་པོ་ཆེ་གསང་བའི་ནི་འཆར་སྒོ་བརྒྱད་དང་། ཐིམ་ལུགས་བརྒྱད་དང་། ཡོན་ཏན་ལྷུན་གྲུབ། རྩལ་ལྷུན་གྲུབ། རོལ་པ་ལྷུན་གྲུབ། སྣ་ཚོགས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོར་བཞུགས་སོ། །ལུས་དེ་དག་ཕྱི་ནང་གི་འབྱུང་བ་དང་སྦྱར་ན། རྣམ་རྟོག་བག་ཆགས་ནི་སེམས་ཀྱི་བརྟེན་པའི་གནས་ཡངས་པ་ཡིན་པས་ནམ་མཁའ་ལ། ཁྱབ་བྱེད་ཀྱི་གོ་སྐབས་འབྱེད་ཅིང་ངོ་བོ་སྟོང་པར་གནས་པས་སེམས་ཡིན་ལ། ཡེ་ཤེས་སྒྱུ་མ་སྣང་ལ་རང་བཞིན་མེད་པར་གནས་པས་ན་ནམ་མཁའ་ཡིན་ལ། སྟོང་པ་བདག་ཏུ་མ་གྲུབ་པས་སེམས་སོ། །རིན་པོ་ཆེ་གསང་བ་ནི་སྣ་ཚོགས་འབྱུང་བཞིར་པས་གྱུར་པས་ནམ་མཁའ་ཡིན་ལ། ཡུལ་དངོས་པོ་ལས་འདས་པས་སེམས་ཡིན་ནོ། །ལུས་དེ་དག་གི་འགྱུ་བྱེད་གཅད་པའི་མན་ངག་ནི། རྣམ་རྟོག་བག་ཆགས་ཀྱི་ལུས་ལ་སྒོ་ལྔའི་ཞེས་པ་རང་ལོག་སྟེ། དུས་གསུམ་གྱི་ཞེན་པ་རང་ལོག་པས་བག་ཆགས་ཀྱི་འགྱུ་བ་རང་ཆོད་དོ། །ཤིང་གི་རྣམ་པ་ལ་བརྟེན་ནས་བསླབས་པས། དུས་བཞི་མཉམ་པར་སྦྱོར་བའི་བསམ་གཏན་ལ་རྒྱུན་དུ་གནས། འཁྲུལ་རྐྱེན་དུ་མར་འཛིན་པ་རྣམས་འགགས། ཡེ་ཤེས་རང་ངོ་ལ་གནས་པ་ཡིན། སྔོན་དུ་ལུས་གནད་ལ་ཕབ་པ་ལས་བྱུང་བའོ། །དེ་ལྟར་བསླབ་ཐབས་དུ་མ་ལ་བརྟེན་ནས་གོམས་པས་རྣམ་པར་རྟོག་པའི་འགྱུ་བ་རང་ཆོད་དེ། སྐུ་ལྔའི་སྣང་ལུགས་རྣམས་དུས་ཐམས་ཅད་དུ་འདུ་འབྲལ་མེད་པར་གནས་པའོ། །དེ་ཡང་སྔོན་དུ་མིག་གཅུན་པ་ལས་བྱུང་བའོ། །འདི་ལྟར་སྣང་བ་ཐམས་ཅད་གཅེར་སྣང་གཅེར་བཞག་གཅེར་གྲོལ་དུ་བཞག་པས། སྐྱོན་དུ་སྣང་བའི་འགྱུ་བ་རང་འགགས་ཏེ། ཐམས་ཅད་ཡོན་ཏན་དུ་ཤར་བས། རྣམ་པར་རྟོག་པ་བཙལ་དུ་མི་རྙེད་པ། ཡེ་ཤེས་རང་གི་ངོ་བོ་ལ་རྒྱུན་དུ་གནས་པ། རིན་པོ་ཆེའི་ལུས་སུ་བྱུང་བའོ། །ལུས་དེ་དག་ལ་གོམས་པའི་འབྲས་བུ་ལ། དེ་ཡང་ལུས་རང་གི་གནས་ལུགས་སུ་ཤེས་ཤིང་དེ་ཉིད་ལ་གོམས་པས། འབྲས་བུ་སྤྲུལ་པའི་སྐུའི་བདག་ཉིད་ཆེན་པོར་རང་གིས་རང་ཤེས་པས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས། སྐྱེ་བ་གཅིག་གིས་ཐོགས་ཏེ་སངས་རྒྱའོ། །ཡེ་ཤེས་སྒྱུ་མའི་ལུས་ཀྱི་གནས་ལུགས་ཤེས་ཤིང་དེ་ཉིད་ལ་གོམས་པས། འབྲས་བུ་ལོངས་སྐུའི་བདག་ཉིད་ཆེན་པོར་རང་གིས་རང་ཤེས་ཏེ་བར་མ་དོ་ལ་སངས་རྒྱ་བ་ཡིན་ནོ། །རིན་པོ་ཆེ་གསང་བའི་ལུས་ཀྱི་གནས་ལུགས་ཤེས་ཤིང་དེ་ཉིད་ལ་གོམས་པས། འབྲས་བུར་ཆོས་སྐུ་རང་གིས་རང་ཤེས་ནས་སྣང་བ་འདི་ཉིད་ལ་ཟག་བཅས་རང་ཡལ་དུ་འཚང་རྒྱའོ། །ལུས་དེ་དག་ཀྱང་ཀུན་གཞི་རྣམ་པར་རྟོག་པ་ཉིད་ལས་སྤྲུལ་པས་ན་ཀུན་གཞིའི་རྣམ་པར་རྟོག་པའི་ཞེན་པ་རང་འགག་པས། ཕྱིས་ཉེ་བར་ལེན་པའི་ལུས་རིན་པོ་ཆེ་གསང་བའི་སྦུབས་སུ་ནུབ་ནས། མཚན་མར་འཛིན་པ་རྣམས་ལས་རང་གྲོལ་ནས། ཆོས་ཉིད་ཟད་པའི་སྣང་བ་མཐོང་ནས་སླར་མི་ལྡོག་པའོ། །དེ་ལྟར་ལུས་ཀྱི་བྱེ་བྲག་དེ་དག་ལ་ཆོས་ཀྱི་རྣམ་གྲངས་ནི། ལུས་སྤྱིའི་ངོ་བོ་དང་གཅིག །ངེས་ཚིག་དང་གཉིས། དབྱེ་བ་སོ་སོ་རང་གི་མཚན་ཉིད་དང་གསུམ། བྱེད་པའི་ལས་དང་བཞི། ཡུལ་དང་ལྔ། རྟེན་པ་དང་དྲུག །སྣང་ལུགས་དང་བདུན། དེ་དག་ལས་འགྱུ་བྱེད་ཀྱི་ངོ་བོ་གང་འགྱུ་བ་དང་བརྒྱད། ལུས་དེ་དག་ལ་སོ་སོའི་ངོ་བོ་དང་དགུ། ཕྱི་ནང་གི་འབྱུང་བ་དང་སྦྱར་ལུགས་དང་བཅུ་ཐམ་པ། འགྱུ་བྱེད་ཇི་ལྟར་གཅད་པའི་མན་ངག་དང་བཅུ་གཅིག །འབྲས་བུ་དང་བཅུ་གཉིས་ཀྱིས་བསྟན་པའོ། །དེ་ལྟར་ལུས་ཀྱི་བྱེ་བྲག་དུ་མ་བསྟན་ཀྱང་། ལུས་འདི་ནི་ད་ལྟའི་འབྱུང་བ་ལས་གྲུབ་པའི་ལུས་འདི་ལ་རྟགས་འདི་ཀུན་འབྱུང་བའོ། །དེ་ལ་ཡང་ཚེ་སྔ་མ་ལ་སྔོན་དུ་འབྱོངས་པའི་ཚད། ད་ལྟའི་ལུས་འདི་ལ་བཟུང་སྟེ། སྔོན་དུ་འགྱུ་བ་གཅད་པའི་མན་ངག་གོམས་པས་ནི། འདིར་ནི་ཐབས་ལས་བྱུང་བའི་བདེ་བས་ལུས་ངག་ཡིད་ཀྱི་འཁྲུལ་པ་རྒྱུན་གཅད་ནས། ཤེས་རབ་ལས་བྱུང་བའི་བདེ་བས་སེམས་ཀྱི་འཁྲུལ་བ་རྒྱུན་གཅད་ནས། ཆོས་ཀྱི་དབྱིངས་སྟོང་པ་ཉིད་འདུས་མ་བྱས་པར་གཤེགས་པའོ། །དེ་ཡང་གཤེགས་ལུགས་ཇི་ལྟར་གཤེགས་ན། མཛད་པའི་ཕྲིན་ལས་མ་ལུས་པ་མཛད་ནས་གཤེགས་པ་དང་། མཛད་པའི་ཕྲིན་ལས་ཕྱིས་འབྱུང་དུ་གཤེགས་པའོ། །དེ་ལྟར་ལུས་ཀྱི་མཚན་ཉིད་ཤེས་ཤིང་ལུས་ལ་གོམས་པས། སྐུ་གསུམ་གྱི་འབྲས་བུར་གྱུར་བ་ཡིན་པས། སྔོན་དུ་སྐལ་བ་དང་ལྡན་པ་དེ་སུས་འབྱོངས་པ་དེའི་དཔྲལ་བའི་དབྱིངས་སུ་ཡང་དག་པའི་རྟགས། དུང་ནི་གཡས་སུ་འཁྱིལ་པ་དང་འདྲ་བའི་རི་མོའམ་འབུར་དུ་དོད་པ་དག་བྱུང་བ་ནི་སྤྲུལ་སྐུ་ལ་འབྱོངས་པའི་རྟགས་ད་ལྟའི་ལུས་ལ་ཤར་བ་ཡིན་ནོ། །དེ་ཡང་སྔར་སྦྱངས་པའི་འཕྲོ་ལ་བར་ཆད་པ་ད་ལྟའི་ལུས་ལ་སྨིན་པའོ། །ཡང་ལོངས་སྐུ་ལ་འབྱོངས་པར་བྱས་པས། ཚེ་སྔ་མ་བར་ཆད་པ་ད་ལྟའི་ལུས་ཀྱི་ཡང་དཔྲལ་བའི་སྨིན་མའི་བར་ནས་ཡར་མདུང་རྩེ་མོ་གསུམ་པ་དང་འདྲ་བའི་གཉེར་མ་གྱེན་ལ་འགྲེང་བ་གསུམ་རི་མོའམ་འབུར་དུ་གང་རུང་བ་འབྱུང་ན་ལོངས་སྐུ་ལ་འབྱོངས་ཏེ། འདི་ལ་བར་མ་ཆད་པར་ཉམས་སུ་བླངས་ན་ལོ་གསུམ་གྱིས་གྲོལ་བ་ཡིན་ནོ། །གལ་ཏེ་གཅིག་བྱུང་ན་སྐྱེ་བ་གཅིག་གིས་ཐོགས། གཉིས་བྱུང་ན་སྐྱེ་བ་གཉིས་ན་གྲོལ་བ་ཡིན་ནོ། །འདི་ལ་འབད་པ་མ་བྱས་ན་གོལ་སའི་གནས་སུ་འགྱུར་བ་ཡིན་ནོ། །གལ་ཏེ་འདི་ལ་རྟགས་འདི་དག་ཡོད་ཀྱང་ཆོས་མི་སྤྱོད་ན། སྔ་མ་སྦྱངས་པའི་ཡོན་ཏན་འདི་ལ་རྫོགས་ཏེ། དེའི་མན་ངག་ལ་སྐྱོན་ནམ་སྔགས་ཀྱི་དམ་ཚིག་ལ་སྐྱོན་བྱུང་བ་ཡིན་པས། རྟགས་འདི་དག་དང་ལྡན་ཡང་སེམས་ཅན་དམྱལ་བར་འགྲོ་བ་ཡིན་ནོ། །རྟགས་དང་ལྡན་པའི་སྐྱེས་བུའི་ད་ལྟའི་ཆོས་ལ་གནས་པ་ནི། སྔོན་དུ་བརྩོན་འགྲུས་ཀྱི་བར་ཆད་པ་ལས་ད་ལྟ་སྨིན་པ་སྟེ། འདི་ནི་ཆོས་སྤྱོད་ན་གྲོལ་བར་ངེས་སོ། །དེ་བཞིན་དུ་ཡང་ཆོས་ཀྱི་སྐུ་ལ་ཚེ་སྔ་མ་སྦྱངས་པའི་སྐྱེས་བུའི་དཔྲལ་བ་ལ་ཡི་གེ་ཨཱོཾ། རི་མོར་བྱུང་ན་དམ་ཚིག་གི་ཉེས་པ་ཡོད་པས་བཤགས་པའི་ལས་བྱས་པས་འགྲུབ། དེ་ལྟར་མ་བྱས་པའམ་ཆོས་དང་སྒོ་འཛོལ་ནས་མ་སྤྱད་ན་ནི་དམྱལ་བར་ལྷུང་བར་ངེས་སོ། །ཡང་ན་ཤ་ལས་རང་འབུར་དུ་བྱུང་ན། བརྩོན་འགྲུས་ཀྱི་བར་ཆད་པ་ཡིན་པས་ཆོས་དང་འཕྲད་པ་ཙམ་གྱིས་སངས་རྒྱའོ། །དེ་ལྟར་རང་བཞིན་གྱིས་སུ་ལ་ཡང་རུང་སྟེ། བྱ་དང་རི་དྭགས་ལ་སོགས་པ་ལ་འོང་བ་ཡང་ཡོད་དེ། འདི་ཀུན་ནི་སྔོན་དུ་བླ་མ་ལ་མ་གུས་པས་བར་ཆད་པ་ཡིན་ཏེ། ཡུལ་མཐའ་འཁོབ་ཏུ་སྐྱེས་ནས། དེ་ནས་དམྱལ་བར་འགྲོ་བ་ཡིན་ནོ། །རྟགས་འདི་གསུམ་སུ་ལ་འབྱུང་བའི་མི་དེས་ནི། ཚེ་སྔོན་དུ་སངས་པ་ཉོན་མོངས་པའི་རང་བཞིན་སངས། སྐུ་དང་ཡེ་ཤེས་སུ་རྒྱས་པའོ། །སྐུ་གསུམ་ལ་སྦྱངས་པ་ཡིན་པས། ད་ཡང་ཚེ་འདི་ཉིད་ལ་ལུས་ཀྱི་འགྱུ་བ་གཅད་པའི་མན་ངག་ལ་སྦྱངས་པའི་རྣལ་འབྱོར་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དང་དབྱེར་མི་ཕྱེད་པར། ད་ལྟའི་ལུས་འདི་ལ་གདེང་དང་ལྡན་པའི། དྲོད་ཚད་ཕེབས་པས་སངས་རྒྱའོ། །རང་དུས་ནི། ཚེ་འདི་ལ་རྟོགས་པའི་ཚེ་ནི་གཉིས་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཚེ་འདི་ལ་ཆོས་མ་སྤྱད་ཅིང་བར་ཆད་ན་གོང་གི་སྐྱོན་གཉིས་པོ་ཡིན་པས། དམ་པའི་དོན་ལ་མ་ཞུགས་པར་ལེ་ལོས་གཡེངས་ན་གོལ་སར་ལྷུང་ངོ་། །འདི་ཉིད་ལས་བསྒོམ་པ་ཉིད་ལས་རབ་ཏུ་བརྩོན་པ་ནི་རྟགས་དེ་ལྟར་བྱུང་བའི་མི་དེས། ཚེ་འདི་ཉིད་ལ་རབ་ཏུ་འབད་པ་ཞེས་སོ། །ཞེས་དེ་དག་གིས་གང་ཟག་གི་ལུས་ལ་སངས་རྒྱ་བའི་སྐུ་གསུམ་གྱི་རྟགས་གསུམ་བསྟན་ནས། ད་ནི་ལུས་ལ་སངས་རྒྱས་ཀྱི་གསུང་ལ་སྔ་མ་སྦྱངས་པའི་རྟགས་དྲུག་བསྟན་པ་ནི། སངས་རྒྱས་ཀུན་གྱི་གསུངས་ལ་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ། སངས་རྒྱས་ཀྱིས་ནི་འདས་པ་དང་། ད་ལྟར་དང་། མ་འོངས་པ་ཀུན་གྱི་གསུངས་ལ་ནི། ཚེ་སྔ་མ་ལ་སྦྱངས་པའི་རྟགས་ནི། སྔོན་དུ་སྦྱངས་པ་བྱས་ནས་འབྱོངས་པའི་ཚད་དང་མ་རྙེད་པའི་མི་དེ་ཉིད་སྔ་མ་ལ་སྐལ་བ་དང་ལྡན་པ་ལ། ལུས་ལ་རྟགས་འདི་ལྟ་བུ་མི་དེའི་མགྲིན་པའི་གཡས་སུ་སྐྱེས་པ་རྣམས་ལ་འོང་པ་ཡིན་ལ། བུད་མེད་རྣམས་ལ་གཡོན་དུ་པདྨ་འདབ་མ་བརྒྱད་པའམ་རི་མོ་འབུར་དུ་བྱུང་ན། འདིས་ནི་སྔོན་དུ་ལུས་ཀྱི་འགྱུ་བ་བཅད་པའི་མན་ངག་ལ་བརྟེན་པའི་བསམ་གཏན་ལས་བྱུང་བ་ཡིན་ཏེ། ཚེ་འདི་ལ་ལུས་ཀྱི་བསམ་གཏན་དང་ངག་ལ་བརྟེན་པ་ལ་སྦྱངས་ན། སྣང་བ་མཐའ་ཡས་ཀྱི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །གལ་ཏེ་པདྨ་དེའི་འདབ་མ་ལ་ཆེ་ཆུང་འདུག་ན་ཚེ་སྔ་མ་ལ་རྡོ་རྗེའི་སྤུན་ལ་དམ་ཚིག་ཉམས་པ་ཡིན་པས་གསང་སྔགས་ཀྱི་རྒྱུད་བཀླག །འདབ་མ་བཞི་པར་བྱུང་ན་བླ་མའི་ངག་བཅག་པས་བར་ཆད་པ་ཡིན་ནོ། །འདི་ལ་བླ་མ་ལ་གསོལ་བ་གདབ། རི་མོ་པད་འདབ་ཡོ་ན་ཐུགས་ཀྱི་དམ་ཚིག་ཉམས་པ་ཡིན་པས། རྣལ་འབྱོར་བ་ཉམས་སྐྱོང་པ་རྣམས་ལ་བཤགས། དེའི་ལྟེ་བ་མ་གསལ་ན་སྔོན་གྱི་མན་ངག་ལ་སྐྱོན་དང་ལྷག་ཆད་བྱུང་བ་ཡིན་པས་བསྐང་བའི་ཆོ་ག་བྱའོ། །འདི་ལ་དེ་དག་མ་བྱས་ན་གོལ་སར་འགྱུར་རོ། །འདི་ལ་དེ་དག་བྱས་ཤིང་དགོངས་པ་ལ་གནས་ན་སྣང་བ་མཐའ་ཡས་ཀྱི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །ཡང་ན་མགྲིན་པར་དུང་གཡས་སུ་འཁྱིལ་པའམ་འབུར་དུ་བྱུང་ན་དེ་སྐྱེས་པ་བུད་མེད་ལ་ལོག་པའམ། བུད་མེད་ཆོས་ཀྱི་སྒོ་ལས་ལོག་ན་དམ་ཚིག་གི་འཁྲུགས་ཀྱིས་བར་ཆད་པས་འདི་ལ་བཤགས་པ་རྒྱ་ཆེན་པོ་བྱ། དེ་མཆུ་འཐུར་དུ་བྱུང་ན་བཀའ་ལ་རས་ཆོད་བྱས་པས་བར་ཆད་པ་ཡིན་པས་ཉེས་པ་བཤགས། གཡས་སུ་བྱུང་ན་བརྩོན་འགྲུས་ཆུང་བས་བར་ཆད་པ་ཡིན་པས་འདི་ལ་འབད་པ་ཆེར་བྱ། གཡོན་དུ་བྱུང་ན་བླ་མ་སྤོང་ལེན་བྱས་པ་ལས་བར་ཆད་པ་ཡིན་པས་འདི་ལ་ལུས་ཀྱི་བཤགས་པ་བྱའོ། །རྟགས་དེ་ཡོ་བར་མངོན་ན་སྔ་མར་སློབ་མ་ལ་ཆོས་ཀྱི་ཆ་ལག་རྫོགས་པར་མ་བྱས་པ་ལས་བར་ཆད་པས་ཚོགས་འཁོར་བྱའོ། །དེ་ལྟར་བྱས་ཤིང་ཆོས་ཀྱི་སྒོ་མ་ལོག་པར་སྤྱད་ན། རྡོ་རྗེ་མི་བསྐྱོད་པའི་སངས་རྒྱས་སུ་འགྱུར་རོ། །དེ་ལྟར་དུ་ཡང་མགྲིན་པ་དར་ལྕེ་འཕྱར་བ་ལྟ་བུའི་རི་མོའམ། འབུར་དུ་བྱུང་བ་ནི། སྔོན་དུ་གསུང་ལ་སྦྱངས་པའི་རྟགས་ཡིན་ཏེ། དར་གྱི་དབྱིབས་དེ་ལྕེ་གསུམ་པར་བྱུང་ན། གཞན་ལ་དབང་བསྐུར་པས་བར་ཆད་པ་ཡིན་ཏེ། དགེ་སློང་ལ་སྟོན་མོ་བྱས་ལ་བསྒྲུབས། ལྕེ་ལྔ་པའམ་དྲུག་པ་བྱུང་ན། བླ་མའི་ངག་ལན་དྲུག་བཅག་པ་ལས་བྱུང་བ་ཡིན་ནོ། །ཡི་གེ་བརྒྱ་པ་འབུམ་ཕྲག་ལྔས་བཤགས་པ་བསྒྲུབས། དེ་འཕྲེད་ཉལ་དུ་བྱུང་ན་སྔ་མ་ལ་ཆོས་ལ་རང་བཟོ་བྱས་པས་བར་ཆད་པ་ཡིན་པས། བྲི་བའི་ལས་ནུས་ཚད་བྱས་ལ་བསྒྲུབ་བོ། །དེ་ལྟར་བྱས་ནས་ཆོས་སྤྱད་ན་གོལ་སར་མི་འགྱུར་བར་རིན་ཆེན་འབྱུང་ལྡན་གྱི་སངས་རྒྱས་སུ་འགྱུར་རོ། །དེ་ལྟར་མ་བྱས་ཤིང་ཆོས་མ་སྤྱོད་ན་གོལ་སར་འགྱུར་རོ། །ཡང་སྐྱེས་པའམ་བུད་མེད་གང་རུང་ལ་མགྲིན་པ་ལ་ལྕགས་ཀྱུའི་རི་མོའམ་འབུར་དུ་བྱུང་བ་དེ་ནི་སངས་རྒྱས་ཀྱི་གསུང་ལ་སྔོན་དུ་སྦྱངས་པ་ལས་བྱུང་བ་སྟེ། མགོ་ཐུར་ལ་ལྟ་ན་བླ་མའི་ཡུམ་དང་དམ་ཚིག་གི་སེལ་ལས་བར་ཆད་པས་ཏེ། བཤགས་པའི་ལས་ཅི་རིགས་པར་བྱ། མགོ་གཡས་སུ་བྱུང་ན་ཚུལ་ཁྲིམས་འཆལ་བ་ལས་བར་ཆད་པས་དགེ་སློང་རང་ལོ་དང་མཉམ་པ་ལ་བཤགས། གཡོན་དུ་བྱུང་ན་སྔ་མ་དམ་བཅའ་ཉམས་པས་བར་ཆད་པ་ཡིན་པས་རང་གི་བླ་མའི་མདུན་དུ་བཤགས། གྱེན་དྲང་པོ་ལ་བྱུང་ན་བླ་མའི་མན་ངག་ལ་ཐེ་ཚོམ་སྐྱེས་པ་ལས་བར་ཆད་པ་ཡིན་ཏེ། རང་གི་བླ་མའི་སྤྱན་སྔར་བཤགས་སོ། །དེ་ལྟར་བྱས་ཤིང་ཆོས་སྤྱོད་ན་རྣམ་པར་སྣང་མཛད་རིགས་ཀྱི་སངས་རྒྱས་སུ་འགྱུར། ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་མགྲིན་པར་རལ་གྲིའི་རི་མོའམ་འབུར་དུ་གྱུར་བ་དེས་ནི་སྔོན་དུ་སངས་རྒྱས་ཀྱི་གསུང་ལ་སྦྱངས་པའི་བར་དུ་ཉེས་པ་ཙམ་གྱིས་བར་ཆད་ནས་ལུས་བླངས་པ་ལས་བྱུང་བ་སྟེ། དེ་ཡང་རྩེ་མོ་ཐུར་ལ་བྱུང་ན་གཞན་གྱི་ཉམས་གྲིབ་ཀྱིས་གནོད་པས་བར་ཆད་པ་ཡིན་པས་བསྐང་བ་བྱ། གཡས་སུ་བྱུང་ན་ཉམས་པ་གཞན་དང་ལྷན་ཅིག་ཏུ་གནས་པས་བར་ཆད་པ་ཡིན་པས། གཅིག་པུར་གནས་པས་བསྒྲུབ། གཡོན་དུ་བྱུང་ན་གཞན་གྱིས་མ་དམིགས་པའི་རྫས་ལ་ལོངས་སྤྱད་པས་བར་ཆད་པ་ཡིན་པས་སྙིང་རྗེའི་ཡུལ་ལ་སྦྱིན་པ་གཏོང་། དབུས་སུ་བྱུང་ན་བླ་མའི་ཁས་བླངས་བཅག་པ་ལས་བར་ཆད་པ་ཡིན་པས། ད་ལྟའི་བླ་མ་ལ་བསྙེན་བསྐུར་བྱའོ། །དེ་ལྟར་བྱས་ཤིང་ཆོས་ཚུལ་དང་མཐུན་པ་སྤྱད་ན། འབད་པ་ཆེར་བྱ་མི་དགོས་པར་དོན་འགྲུབ་པའི་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་ཡིན་ནོ། །ཡང་སྐྱེས་པའམ་བུད་མེད་གང་རུང་གི་མགྲིན་པར། ཡི་གེ་ཨའི་མཚན་མ་ནི། རི་མོ་ཉིད་དང་འབུར་དུ་ཡང་། སུ་ལ་ཡོད་པའི་སྐྱེས་བུའམ་བུད་མེད་དེས། སྔོན་དུ་སངས་རྒྱས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ཀུན་གྱི་གསུང་ལ་ཡང་། འདི་ཡིས་སྔོན་དུ་སྦྱངས་པས། ཉེས་པའི་སྐྱོན་གྱིས་བར་ཆད་པ་ཡིན་པས་ན། ཡང་མགོ་ཐུར་ལ་བྱུང་ན། སྔོན་དུ་གཞན་གྱི་ནོར་མི་འདོད་པར་དམ་བཅས་ནས། སྐབས་སུ་འདོད་པས་ནོར་ལ་ཞུགས་ནས་བར་ཆད་པས། ད་འཁོར་གསུམ་ཡོངས་སུ་དག་པར་བྱས་ནས་བསྒྲུབ་བོ། །གཡས་སུ་ལྟ་ན་མཚམས་གཅད་པའི་བར་ཆད་པ་ལས་བྱུང་སྟེ་བསྐང་བའི་ལས་བྱའོ། །གཡོན་དུ་བྱུང་ན་ངག་བཅད་པ་ལས་བར་ཆད་པའི་སྐྱོན་ཏེ། ད་རྩ་གནས་ཀྱི་ཡི་གེའི་འཁོར་ལོ་བསྐོར་རོ། །སྟེང་དྲང་པོར་བྱུང་ན་དད་པ་ཅན་གཞན་ཞིག་གི་ཚོགས་བཅག་པ་ལས་བར་ཆད་པའི་ཉེས་པ། བླ་མ་ལ་ཡོན་དབུལ། དེ་ལྟར་བྱས་ཤིང་ཆོས་སྤྱད་ན་རྡོ་རྗེ་འཆང་གི་སངས་རྒྱས་སུ་ཚེ་འདི་མ་རྟོགས་པ་ཚེ་གཉིས་ཀྱིས་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གཅིག་པུར་གྱུར་པ་དཔལ་རྡོ་རྗེ་འཆང་གི་ངེས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ན་ལུས་ལ་གསུང་གི་རྟགས་ཡོད་ཀྱང་། ཚེ་འདི་ལ་ཡང་ཆོས་སྤྱོད་ཅིང་བར་ཆོད་མེད་པ་ཞེས་པ་ཡིན་པས། འདི་ལ་བར་མ་ཆོད་པའི་གསུང་། རྩ་གནས་ཀྱི་ཡིག་འབྲུ་བསྒོམས་པ་ནི་ཚེ་གཉིས་ན་གདོན་མི་ཟ་བར་འབྲས་བུ་ཐོབ་པར་ངེས་སོ། །ཞེས་གང་ཟག་ལུས་ལ་སངས་རྒྱས་ཀྱི་གསུང་ལ་སྔོན་དུ་སྦྱངས་པའི་རྟགས་བསྟན་ནས། ད་ནི་སངས་རྒྱས་ཀྱི་ཐུགས་ལ་སྦྱངས་པའི་རྟགས་ད་ལྟའི་ལུས་ལ་འབྱུང་བར་བསྟན་པ་ནི། སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏེ། སངས་པ་ནི་རྣམ་རྟོག་ཐ་དད་དུ་འཛིན་པའི་དྲི་མ་དང་། དངོས་པོའི་ཞེན་པ་ཐ་དད་དུ་འཛིན་པ་དང་། འཁྲུལ་པའི་འདུ་བྱེད་རྣམས་རང་བཞིན་གནས་ལུགས་ཀྱིས་སངས་ལ། རྒྱས་པ་མི་རྟོག་པ་རང་གནས་ཀྱི་ཏིང་ངེ་འཛིན་གྱི་དགོངས་པ་བཞུགས་ཚུལ་ལ་རྒྱས་སོ། །དེ་ལྟར་རྒྱས་པ་ནི། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུ་དང་། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་མེ་ལོང་གི་གཡའ་དག་པ་ལྟ་བུ་དང་། ཇི་བཞིན་པའི་སངས་རྒྱས་མན་ཤེལ་ལ་དྲི་མས་མ་གོས་པ་ལྟ་བུ་དང་། དེ་རྣམས་ཀྱི་ཐུགས་ཀྱི་མཁྱེན་རིག་གསལ་བའི་དང་། འཇིག་རྟེན་མཁྱེན་པའི་དང་། དྲན་རྟོག་ཟད་པའི་ཐུགས་གསུམ་ལ་ཡང་། སྐྱེས་པ་དང་བུད་མེད་གང་གིས། ཚེ་སྔོན་དུ་གོམས་པར་བྱས་པའི་སྐྱེས་པ་དང་བུད་མེད་སུས་སྦྱངས་པ་བྱས་པ་འདིའི་ལུས་ལ་རྟགས་ལྔ་པོ་འདི་དག་རྣམས། སྐལ་ལྡན་གང་ཞིག་གི་སྙིང་ཀའི་གནས་སུ་ནི། རྩེ་གསུམ་པའི་རྡོ་རྗེ་གྱེན་ལ་འགྲེང་པའི་རི་མོའམ། འབུར་དུ་བྱུང་བའི་མི་དེ་ནི་སངས་རྒྱས་ཀྱི་ཐུགས་ལ་གོམས་པས་ཏེ། དེ་ཡང་བརྩེ་མོ་ཐུར་ལ་བྱུང་ན་སྔགས་ཀྱི་བཟླས་པ་ལ་བར་ཆད་པ་ལས་བར་དུ་ཆད་པ་ཡིན་པས། ངག་བཅད་ཅིང་བསྐང་བའི་ལས་བྱའོ། །རྩེ་མོ་གཡས་སུ་བྱུང་ན་གཞན་མི་དད་པའི་དམ་ཚིག་བསྐང་བས་བར་ཆད་པ་ཡིན་པས། ད་ལྟ་ཨའི་འཁོར་ལོ་བསྐོར་རོ། །གཡོན་དུ་བྱུང་ན་འདོད་པས་ལོག་པ་ལ་བར་ཆད་པས་སྡོམ་པ་བླང་བའི་ལས་བྱས་ལ་བསྒྲུབ་བོ། །དྲང་པོར་གྱེན་ལ་བྱུང་ན་ལྟ་བའི་ཆོས་ཉིད་ལ་ཡིད་གཉིས་ཞུགས་པ་ལས་བར་ཆད་པ་སྟེ། གྲུབ་པའི་མཐའ་ལ་སྦྱངས་ལ་བསྒྲུབ་བོ། །གྱེན་ཞེས་པ་ནུ་མའི་སྟེང་དུ་བརྟག་གོ། །འདི་ནི་ཆོས་ཀྱི་སྐུའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །ཡང་དེ་བཞིན་དུ་འཁོར་ལོ་རྩིབས་བཞི་པའི་རི་མོའམ་འབུར་དུ་སྙིང་གའི་གནས་སུ་བྱུང་བ་ལ་ནི། ཚེ་སྔ་མ་ལ་སངས་རྒྱས་ཀྱི་ཐུགས་ལ་སྦྱངས་པ་སྟེ། ཙཀྲ་དེ་གཡས་སུ་ཡོ་ན་ཐབས་ཀྱི་མན་ངག་ལ་མངོན་པར་ཞེན་པའི་སྐྱོན་ཡིན་བས། བརྡའ་ལ་གནས་པར་བྱའོ། །གཡོན་དུ་ཡོ་ན་ཤེས་རབ་ཡིད་དཔྱོད་དུ་གྱུར་པ་ལས་བར་ཆད་པ་ལས་བྱུང་བ་ཡིན་པས། ད་ལྟ་སྟོང་ཉིད་ལ་སྦྱང་ངོ་། །དེ་ལྟར་བྱས་ཤིང་འདི་ལ་ཆོས་ཚུལ་བཞིན་དུ་བསྒྲུབ་པ་ཙམ་གྱིས་ལོངས་སྐུའི་ཐུགས་ཀྱི་རིགས་ཀྱི་སངས་རྒྱས་སུ་འགྱུར་རོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་སྙིང་གའི་གནས་སུ་རིམ་པ་དཀར་བ་དང་། དམར་བ་དང་སེར་བ་གསུམ་པའི་ཤའི་མདོངས་སུམ་བརྩེག་གི་རི་མོའམ། གཏིང་གི་བཀྲག་ཏུ་བྱུང་བ་ནི། དེ་ཡང་དཀར་བ་ཤས་ཆེ་ན་བརྩོན་འགྲུས་ཆུང་བས་བར་ཆད་དེ། དེ་ལ་རྒྱུད་བཀླག་པའི་ལས་བྱས་ལ་བསྒྲུབ་བོ། །དམར་བ་ཤས་ཆེ་ན་དབང་མ་རྫོགས་པར་སྒྲུབ་པ་བྱས་པའི་ཉེས་པས་དབང་བསྐུར་རྫོགས་པར་བྱའོ། །སེར་བ་ཤས་ཆེ་ན་རང་གི་ཡོན་ཏན་ལ་རློམ་པ་ཆེས་བས་ཉེས་པས། གཞན་ལ་བསྟོད་པའི་ལས་བྱས་ནས་བསྒྲུབས་པས། སྤྲུལ་པ་སྐུའི་ཐུགས་ཀྱི་རིགས་སུ་སངས་རྒྱ་བར་འགྱུར་རོ། །སྐྱེས་པའམ་བུད་མེད་གང་ཡང་རུང་བའི་སྙིང་ཀའི་གནས་སུ་རིན་པོ་ཆེའི་རྩེ་མོ་ཐུར་ལ་ལྟས་པ་བྱུང་ན། ཏིང་ངེ་འཛིན་ལ་གཡེང་བའི་བར་ཆད་ཞུགས་པས་བྱུང་སྟེ། ནགས་ཁྲོད་དུ་བརྟེན་པ་བྱ་བ་ཉིད་དམ། ངག་བཅད་ལ་བསྒྲུབ་བོ། །གཡས་སུ་ཡོ་ན་ལུས་ཀྱི་ལེ་ལོས་བར་ཆད་པས་ཆོས་སྤྱོད་པ་ཙམ། གཡོན་དུ་ཡོ་ན་ངག་གིས་བར་ཆད་པས་ཡི་གེ་བརྒྱ་པ་བརྗོད། སྟེང་དྲང་པོར་བྱུང་ན་ལྟ་སྒོམ་གྱི་མན་ངག་ཆུང་བའི་སྐྱོན་ཡིན་པས། ད་ལྟ་སྒོམ་ལ་གནས་པར་བྱའོ། །དེ་ལྟར་བྱས་ནས་ལས་མ་ལོག་ན་ངོ་བོ་ཉིད་ཀྱི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རིགས་སུ་སངས་རྒྱ་བར་འགྱུར་རོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་སྙིང་ཀ་སྟེ་ནུ་མ་གཡོན་པའི་སྟེང་དུ། ཡི་གེ་ཧཱུྃ་གི་མཚན་མ་ནི། རི་མོའམ་འབུར་དུ་སུ་ལ་བྱུང་བའི་སྐྱེས་པའམ་བུད་མེད་ནི། ཚེ་སྔ་མ་ལ་ཡང་དག་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་ནི། སྐལ་བ་དང་ལྡན་པ་འདི་ཡིས་གོམས་པར་བྱས་སོ་སྐལ་བ་དང་ལྡན་པའི་མཁའ་འགྲོ་མ་ཞེས་བོས་ཏེ་སྡུད་པ་པོའི་ཉན་པ་བསྐུལ་བའོ། །དེ་ལྟར་ན་ཧཱུྃ་དེ་མགོ་ཐུར་ལ་བྱུང་ན་བསྒོམ་པ་ལ་བར་ཆད་པ་ཡིན་པས། ད་སྐལ་ལྡན་འདིས་ནི་བསྒོམ་པ་ལ་བརྩོན་པར་བྱས་ནས་བསྒྲུབ་པར་བྱའོ། །གཡས་སུ་ཡོ་ན་ཐུགས་ཀྱི་དམ་ཚིག་ལ་སེལ་ཞུགས་པའི་རྟགས་ཡིན་པས། ད་ལྟ་ཉམས་པ་གསོ་བའི་ཆོ་ག་བྱའོ། །གཡོན་དུ་ཡོ་ན་རྡོ་རྗེའི་སྤུན་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལས་བར་ཆད་པ་ལ་བྱུང་བས་བཤགས་པའི་ལས་བྱའོ། །དྲང་པོར་འདུག་ན་གཞན་གྱིས་བཅས་པའི་སྡིག་པས་བར་ཆད་པ་ལས་བྱུང་བས་ཏེ། སེམས་གཙོ་བའི་དགེ་བ་བྱའོ། །དེ་ལྟར་བྱས་ཤིང་ལས་ཀྱི་མཐའ་མ་ལོག་ན། ཚེ་འདི་ཉིད་ལ་བར་མ་ཆད་པར་ཆོས་སྤྱད་ན་མི་དེ་ཚེ་འདི་དང་གསུམ་ན། རྡོ་རྗེ་འཛིན་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དུ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ། །དེའི་ཕྱིར་ན་འདི་ལྟར་སྐུ་གསུང་ཐུགས་ལ་ནི། ཚེ་སྔ་མའམ་སྔོན་དུ་སྦྱངས་པའམ་གོམས་པའི་ཡོན་ཏན་གྱིས་ཚེ་འདི་ཉིད་ལ་བྱུང་བ་ད་ལྟ་གོམས་པའི་ལས་ཀྱི་བྱེ་བྲག་བྱས་ཆོས་སོ་ཅོག་གང་ཡང་རུང་བ་ཕྱིན་ཅི་ལོག་མ་ཡིན་པ་ལ་མི་འདི་ནི། ཞུགས་པ་ཙམ་ལ་གོང་གི་རྟགས་འདི་རྣམས་འབྱུང་བར་ངེས་པ་ཡིན་ནོ། །དེ་ལྟར་རྟགས་དང་ལྡན་པའི་མི་ལ། ཚེ་འདི་ལ་བར་མཚམས་མེད་པར་ཆོས་སྤྱད་ན་བསྒོམས་པའི་རྟགས་གདོན་མི་ཟ་བར་འབྲས་བུ་ཐོབ་པར་ངེས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟགས་དང་ལྡན་པའི་མིས་ཚེ་འདི་ལ་ཆོས་མ་སྤྱད་ཅིང་གོང་གི་ཆོ་ག་རྫོགས་པར་མ་སྤྱད་ན། གོལ་སར་ལྟུང་བ་ནི། ཚེ་འདི་ཉིད་ལ་ལས་དང་བྱ་བ་ལ་གཡེངས་ནས་བསྒྲུབ་པ་མ་བྱས་པ་ནི་སྔ་མའི་བར་ཆོད་ཞུགས་པའི་སྐྱོན་གྱིས། འབྲས་བུ་ད་ལྟ་ཉིད་ལ་མི་ཐོབ་སྟེ་གལ་ཏེ་སྐྱེས་པའམ་བུད་མེད་ལ་གོང་གི་ཐུགས་ཀྱི་རྟགས་ཡོད་པ་ལ། འདི་ལ་བར་ཆད་ནས་ལས་ཀྱི་མཐའ་ལོག་པར་འགྱུར་བས་གོལ་སའི་གནས་ནི་དྲུག་སྟེ། ཀུན་ཏུ་འཚོལ་བའི་ཡིད་དང་། གཏན་ལ་འབེབས་པ་དང་། ངེས་པར་འཇོག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འགྱུ་བྱེད་འཛིན་པའི་ཡིད་དང་དྲུག་གིས། རང་གི་ལུས་ངག་འཁྲུགས་པར་བྱེད་པའི་གནས་ལྷ་མིན་གྱི་གནས་སུ་ཚེ་གསུམ་ན་སྐྱེ་བར་འགྱུར་རོ། །དེ་འདས་པའི་འོག་ཏུ་བྱོལ་སོང་གི་ལུས་འབུམ་ཕྲག་དྲུག་ལེན། དེ་དག་འདས་པའི་འོག་ཏུ་ཡི་དྭགས་ཀྱི་སྐྱེ་གནས་དེ་ཉིད་ཚེ་སྟོང་ཕྲག་བཅུ་གཉིས་འཕོ་བར་བྱེད་པའོ། །དེ་དག་འདས་པའི་འོག་ཏུ་དམྱལ་བའི་ལུས་གྲངས་མེད་པར་འགྱུར་བ་ཡིན་ནོ། །དེ་ནི་སྔོན་དུ་དམ་པའི་འབྲས་བུ་དང་ཕྲད་ནས་དེ་ཉིད་སྤངས་པར་འགྱུར་བའི་ཉེས་པ་ཡིན་ནོ། །འདི་རྣམ་པར་སྨིན་པ་ལྷག་པར་ཆེ་བ་ཡིན་པའི་ཕྱིར་ཏེ། འདིས་མཚམས་མེད་པ་ལྔ་བྱས་པ་དང་ཁྱད་པར་ཅི་ཡང་མེད་དོ། །ཡང་སྐྱེས་པ འམ་བུད་མེད་གང་ཡང་རུང་བ་ལ་གོང་གི་སངས་རྒྱས་ཀྱི་སྐུའི་རྟགས་རྣམས་བྱུང་བ་ལས། འདི་ཉིད་དུ་རྣམ་པར་གཡེངས་ནས་བར་ཆད་པས། དེ་བཞིན་དུ་གོལ་སར་གྱུར་ནས་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བ་ཡིན་ནོ། །དེར་ཚེ་བརྒྱར་གནས་པ་འགྱུར་བ་ཡིན་ནོ། །དེ་འདས་པའི་འོག་ཏུ་འདོད་པ་ཁམས་ཀྱི་ལྷ་རྣམས་ཀྱི་ལུས་རིམ་གྱིས་བརྒྱ་ཕྲག་དུ་མ་བླངས་ནས་དེ་འདས་པའི་འོག་ཏུ་ལྷ་མིན་སྟོང་ཕྲག་ལྔ། དེ་འདས་ནས་མིའི་སྐྱེ་བ་ལྔ་བརྒྱ། དེ་འདས་ནས་བྱོལ་སོང་འབུམ་ཕྲག་ལྔ། དེ་འདས་ནས་ཡི་དྭགས་ཁྲི་ཕྲག་བདུན། དེ་འདས་དམྱལ་བ་གྲངས་མེད་པ་ལ་སྤྱད་ནས། ལས་ཀྱི་མཐའ་འཁོར་བའོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བ་ལ་གོང་གི་གསུང་གི་རྟགས་བྱུང་བ་ལས། འཇིག་རྟེན་འདི་ཡི་རྣམ་པས་གཡེངས་ནས་བར་ཆད་ན་ཆོས་ཉིད་མ་དང་འཛོལ་ནས་གོལ་སར་འགྱུར་བ་ནི། ལྷ་ཚངས་པའི་གནས་སུ་སྐྱེའོ། །དེ་ཡང་དང་པོ་དང་གཉིས་པ་དང་། གསུམ་པ་དང་བཞི་པ་རིམ་གྱིས་གནས་ནས་འདས་པའི་འོག་ཏུ་མནར་མེད་པའི་ཚེ་སྟོང་ཕྲག་བདུན། དེ་ནས་ཡང་ལས་ཀྱི་མཐའ་འཁོར་བ་ཉིད་དེ། གོང་དུ་མ་སྤྱད་པའི་གོལ་སའོ། །སྐུ་གསུང་ཐུགས་ཀྱི་རྟགས་གཞི་ལ་ཁྱབ་པས་ཀུན་ལ་འོང་བ་ནི། དེ་ཡང་འདི་དག་རྣམས་ཀྱི་གཞིའི་ཡོན་ཏན་དུ་སེམས་ཅན་རྣམས་ལ་ཁྱབ་ནས་ཡོད་པས། གལ་ཏེ་དམ་པའི་དོན་གྱི་སྐལ་བ་མེད་ཅིང་དེ་ཉིད་ཚེ་འདི་ལ་མ་མཐོང་བའི། རྣམ་སྨིན་ལས་ཀྱི་མཐའ་རྫོགས་པའི་ཤན་པའི་སྲོག་གཅོད་པ་དོན་དུ་གཉེར་བ་དང་། སྨད་ཚོང་མ་མངལ་གྱི་སྒོར་ཡིད་ཀྱི་ལུས་ཅན་གྱི་སྲོག་གཅོད་པར་བྱེད་པ་དང་། ཡུལ་དང་གནས་ཀྱི་བསྐལ་པའི་མཐའ་འཁོབ་དང་། སངས་རྒྱས་མི་བཞུགས་པའི་ས་དང་། ཆོས་མི་དར་བའི་ས་དང་། མོན་དང་། ཀློ་དང་། རྡོ་སོགས་ཆོས་ཀྱི་སྒྲ་ཙམ་ཡང་མེད་པ་རྣམས་ལ་ཡང་། ཐོག་མའི་གཞི་ནས་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་རང་ཆས་སུ་ཡོད་པས་ས་བོན་གྱི་ཚུལ་དུ་ཁྱབ་ནས་ཡོད་དེ། དང་པོ་ཚེ་སྔོན་དུ་སྐུ་གསུང་ཐུགས་གང་རུང་ལ་གོམས་པས་ནི། རྟགས་ད་ལྟའི་ཚེ་འདི་ལ་འོང་བ་ཡོད་དོ། །དེ་ཚེ་གོང་མ་ལ་ཆོས་སྤོང་པ་དང་། བླ་མ་ལ་ལོག་ལྟ་སྐྱེས་པ་དང་། གཞན་གྱི་དམ་ཚིག་གི་སེལ་གྱིས་གནོད་པ་དང་། རང་གི་ངག་བར་ཆད་པ་དང་། ལུས་ཀྱི་བསམ་གཏན་ལ་གནོད་པའི་ལས་དང་། དམ་པའི་བཀའ་ལ་རས་ཆོད་དང་གཟུ་ལུམས་བྱས་པ་དང་། བཀའ་བསླད་པ་དང་། བརྐུས་པ་དང་། བསླུས་པ་དང་། བརློམས་པ་དང་། རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་སྤུན་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སོགས་པའི། གོང་དུ་བར་ཆོད་སྤྱོད་པའི་དུས་ན་ཞུགས་པ་ལས། དེ་ཉིད་ལ་ཚད་དུ་མ་ཕྱིན། བར་ཆད་ཀྱི་དབང་དུ་གྱུར་པས་ཚེ་འདི་ལ་ཤན་པ་ལ་སོགས་པའི་ལུས་སུ་ཚེ་འདི་ལ་བྱུང་ན། གོང་དུ་སྦྱངས་པའི་སྟོབས་ཀྱིས་གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་རྟགས་ངན་པ་ལ་སོགས་པ། འདི་ཀུན་ཀྱང་ཚེ་འདི་ལ་འབྱུང་བ་ཡོད་དོ། །རིགས་བཟང་ངན་སྔོན་སྦྱངས་པའི་སྟོབས་ཀྱིས་བྱུང་ལ། དེའི་དུས་ན་གོང་ལྟར་བར་ཆད་པས་ལུས་ཀྱི་ལེན་ལུགས་དེ་ལྟར་བྱུང་བའོ། །དེ་ཡང་ཤན་པ་ལ་སོགས་པའི་ལས་ཀྱི་བསྐལ་པའི་ལུས་ལ་རྟགས་ཡོད་ཅིང་མཚན་མ་འདི་ལྟར་བྱུང་བའི་རིགས་ངན་པ་གནས་ཀྱི་བསྐལ་པའི་མི་དེ་ཡིས། གལ་ཏེ་དམ་པའི་ཆོས་དང་འཕྲད་ནས་གདམས་པ་འདི་ལ་དོན་མ་ནོར་བ་ལ་ངེས་པ་སྐྱེས་ཏེ་ཞུགས་ན་ནི་རིགས་དང་མི་ལྡན་པའི་མི་དེ་ཡང་སྐལ་བ་དང་ལྡན་པར་འགྱུར་རོ། །ཚེ་འདི་ལ་ཆོས་ལ་མ་ཞུགས་ན་རེ་ཞིག་ལྷའི་གནས་རྣམས་སུ་གོང་དུ་བསྟན་པ་བཞིན་དུ་སྐྱེས་ནས། ཐ་མ་དམྱལ་བའི་ཚེ་སྤྱོད་པ་དང་འཁོར་བ་ལས་ཀྱི་མཐའ་འཁོར་བ་ཡིན་ནོ། །ཞེས་ཐུགས་ཀྱི་རྟགས་གོལ་ས་དང་བཅས་པ་བསྟན། དེ་དག་དྲིལ་བས་ནི། དོན་དང་པོ་ལུས་ལ་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བར་བསྟན་ནས། ད་ནི་སྔོན་དུ་སྦྱངས་པའི་སྐྱེས་བུའི་ངག་ལ་སྐུ་གསུང་ཐུགས་ཀྱི་རྟགས་ཇི་ལྟར་འབྱུང་བ་བསྟན་པ་ལ། ནང་དོན་གསུམ་ཡོད་པ་ལས། དང་པོ་སངས་རྒྱས་རྣམས་ཀྱི་སྐུ་ལ་གོམས་པའི་རྟགས་ངག་ལ་ཇི་ལྟར་འབྱུང་བ་བསྟན་པ་ནི། འདི་ལྟར་སེམས་ཅན་ངག་ལ་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ལྟར་ནི་འོག་ནས་སྟོན་པ་འདི་ལྟར། སེམས་ཅན་སྨྲ་བའི་ངག་ཡོད་དོ་ཅོག་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བ་ཡིན་ནོ། །ངག་ལ་ཡང་ནི་ངག་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལས་དང་། འབྲས་བུ་དང་། ངག་སྦྱང་བར་བྱའི་རིམ་པ་དང་། གནས་ཤིང་དུས་ཀྱི་ཆོ་ག་རྒྱས་པར་བྱ་བ་དང་། ངག་ཉིད་འཁོར་བ་ལས་མི་འཇུག་པར་བྱ་བ་དང་། ཕྱི་ནང་གི་འབྱུང་བ་དང་ཇི་ལྟར་སྦྱར་བ་དང་། འབྲས་བུ་སྐུ་གསུང་ཐུགས་སུ་ལ་བཟླ་བ་དང་བཅུས་ངག་གི་ཆོ་ག་རྒྱས་པར་བསྟན་པའོ། །ངག་གི་ངོ་བོ་ནི་ལུས་སེམས་གཉིས་ཀྱི་འཚམས་སྦྱོར་བར་བྱེད་ཅིང་། རང་གི་ལུས་ལ་གྲགས་པར་བྱེད་པ་ཡིན་ལ། མདོར་ན་བརྗོད་པའི་གཞི་ཡིན་ནོ། །ངག་གི་ངེས་ཚིག་ནི་རང་གཞན་གྱི་ཡུལ་ལ་བསྔགས་ཤིང་རྗེས་སུ་འཛིན་པ་དང་། མི་འཛིན་པའི་རྣམ་པ་རྣམས་ཡིན་ནོ། །མདོར་ན་བརྗོད་བྱ་གསལ་བར་བྱེད་པའོ། །དབྱེ་བ་ནི་བཏགས་པ་ལྟར་སྣང་གི་ངག་དང་། མཚན་ཉིད་དངོས་གཞིའི་ངག་གོ། །བཏགས་པ་མིང་དུ་གྲགས་པ་རྣམས་སོ། །མཚན་ཉིད་ནི་འཁྲུལ་པ་ཡུལ་འཛིན་གྱི་ངག་དང་། རང་བཞིན་ཡང་དག་གི་ངག་གོ། །འཁྲུལ་པ་ཡུལ་འཛིན་གྱི་ངག་ནི། འགྲོ་དྲུག་རང་སོའི་ངག་དང་། རང་བཞིན་སྣང་ཚུལ་གྱི་ངག་གོ། །འགྲོ་དྲུག་རང་སོའི་ངག་ནི་སོ་སོའི་སྐད་དང་། བརྡའ་དང་། ཚིག་དང་བརྗོད་པ་རྣམས་ཡིན་ལ། དེ་ཡང་ལྷ་དང་མི་ལ་སོགས་པ་འགྲོ་དྲུག་སོ་སོའི་ངག་ཡིན་ནོ། །རང་བཞིན་སྣང་ཚུལ་གྱི་ངག་ནི་འབྱུང་བ་ཚ་གྲང་འདུས་པའི་རང་སྒྲ་དང་། ས་དང་ཆུ་དང་མེ་དང་རླུང་གི་སྒྲ་རྣམས་ཏེ། མདོར་ན་བྱས་པ་མེད་པའི་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་རྣམས་སོ། །དེ་ལྟར་གཉིས་ནི་འཁྲུལ་པ་ཡུལ་འཛིན་གྱི་ངག་གོ། །རང་བཞིན་ཡང་དག་གི་ངག་ནི། འཁྲུལ་པ་རྒྱུ་དག་པའི་ངག་དང་། རྐྱེན་དག་པའི་ངག་དང་། རྒྱུ་རྐྱེན་གཉིས་ཀ་དག་པའི་ངག་གོ། །རྒྱུ་དག་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་གོ། །རྐྱེན་དག་པ་ནི་ངག་གི་ནུས་པ་རྫོགས་པས་ཏེ། བྲམ་ཟེ་དང་སྔགས་ཀྱི་ནུས་པ་ཐོབ་པའི་གང་ཟག་རྣམས་སོ། །རྒྱུ་རྐྱེན་གཉིས་ཀ་དག་པ་ནི། སྤྲུལ་པ་སྐུའི་གསུང་དབྱངས་གཅིག་གིས་འགྲོ་བ་སོ་སོའི་གོ་བའི་ཡུལ་དག་པར་བྱེད་པ་ཡིན་ལ། དེ་དག་གི་བྱེད་པའི་ལས་ནི། བཏགས་པ་ལྟར་སྣང་གིས་སོ་སོའི་མིང་འཛིན་པའི་ལས་བྱེད་ཅིང་། དེ་ཉིད་མཚོན་པར་བྱེད་པའོ། །འཁྲུལ་བ་ཡུལ་འཛིན་གྱི་ངག་གིས་རང་རང་གི་བརྡའ་འཕྲད་ཅིང་བརྗོད་བྱ་ལེན་པར་བྱེད་ལ། རང་བཞིན་ཡང་དག་གིས་ནི་རང་དོན་དུ་བརྗོད་བྱའི་དོན་ཁོང་དུ་ཆུད་པར་བྱེད་ལ། གཞན་དོན་དུ་ནུས་པ་བསྐྱེད་ཅིང་གཞན་གྱི་ནུས་པ་རྫོགས་པའི་ལས་བྱེད་དོ། །ངག་གི་འབྲས་བུ་ནི་བཏགས་པ་ལྟར་སྣང་གི་འབྲས་བུ་ནི་གཟུགས་རྫོགས་པ་ཡིན་ནོ། །འཁྲུལ་པ་ཡུལ་འཛིན་གྱི་འབྲས་བུ་ནི་འཁོར་བའི་ལས་ཐ་དད་པ་སྨིན་པ་ཡིན་ནོ། །རང་བཞིན་ཡང་དག་གིས་ནི་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨིན་པ་དང་། འགྲོ་བ་གཞན་ལ་སྐུ་གསུང་ཐུགས་སུ་སྨིན་པ་དང་། རང་གི་སྟོབས་དང་རྫུ་འཕྲུལ་སྨིན་པ་དང་། གཞན་གྱི་སྡུག་བསྔལ་ཉིད་བདེ་བར་སྨིན་པ་དང་། ངག་སྦྱང་བར་བྱ་བའི་རིམ་པ་ནི། འདི་ལ་དབྱེ་བའི་ལས་བྱེད་མི་དགོས་ཏེ། ད་ལྟའི་རྟེན་གྱི་གང་ཟག་ལས་དང་སྐལ་བར་ལྡན་པ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་དད་པ་དང་ལྡན་པ་ཞིག་གིས། སྔོན་དུ་འཁོར་བ་མི་རྟག་པའི་མཚན་ཉིད་རྒྱུད་ལ་སྐྱེས་པས། འཇིག་རྟེན་གྱི་རྣམ་པ་ལས་བློ་ལོག །དེ་ལས་ལོག་པས་ཚེ་འདི་རྒྱབ་ཏུ་བོར། དེ་བོར་བས་དང་དུ་བླང་རྒྱུ་དམ་པའི་ཆོས་ལས་མེད། དེ་ལྟར་མེད་པ་སྔོན་དུ་སོང་བས་ད་བླ་མ་མཚན་ཉིད་བཞི་དང་ལྡན་པ་གཅིག་ལ་མན་ངག་ཞུས་ཏེ། དེ་ལྟར་བླ་མ་མཚན་ཉིད་བཞི་དང་ལྡན་པ་དེ་ལ། མན་ངག་ཀྱང་སངས་རྒྱས་ནས་སྙན་རྒྱུད་བར་མ་ཆད་པ་དང་། ཡིད་ཆེས་བཀའི་དཔང་པོ་དང་བྲལ་བ་གལ་ཆེ། དེ་ཡང་སྙན་རྒྱུད་ལ་མི་ཚིག་གི་འཕྲ་མ་མ་ཚུད་པ་དང་། བཀའ་རྒྱུད་ཀྱི་བཤད་པ་ལ་ཡིད་དཔྱོད་ཀྱི་སྒྲོས་མ་བཏགས་པ་གཉིས་ཕྱིན་ཅི་མ་ལོག་པ་དང་། བླ་མ་མཚན་ཉིད་དང་ལྡན་པ་དང་། བདག་ཉིད་མོས་པ་དང་དད་པ་ཡིད་ཆེས་ཤེས་རབ་དང་གསུམ་འཛོམ་པ་ནི། སངས་རྒྱས་ལག་བཅངས་སུ་འཆང་བའི་སྐལ་བ་ཅན་ཡིན་ཏེ། དེ་ལྟར་འཛོམ་ན་རིགས་ཀྱི་བུ་དེས་བླ་མའི་མན་ངག་ཐབས་དུ་མས་ཡང་ནས་ཡང་དུ་ཞུ་ཐག་བཅད་དེ། དེ་ནས་ཆོད་པ་དང་། རྐྱེན་གྱིས་མི་གནོད་པའི་དགོན་པར་རི་དྭགས་ཀྱི་ཚུལ་གྱིས་བསྒྲུབ་པ་དང་། ཆ་མེད་རྒྱུས་མེད་པའི་ཡུལ་དུ་སྤྲང་པོའི་ཚུལ་གྱིས་བསྒྲུབ་པ་གཉིས་གང་མོས་པ་བྱའོ། །འདི་གཉིས་གང་བྱེད་ཀྱང་ངག་བཅད་པ་རབ་ཏུ་གལ་ཆེའོ། །ངག་སྦྱང་བའི་མན་ངག་ནི། སྔོན་དུ་ཉི་མ་ལྔ་དྲུག་ཏུ་བརྗོད་པའི་གཏམ་སྣ་ཚོགས་པ་སྨྲ་བར་བྱའོ། །དེ་ལྟར་བྱས་པས་ངག་གི་ཞེན་པ་ལོག་པའི་དགོས་པ་ཡོད་དེའི་ཞེན་པ་ལོག་པས་ཕྱིས་འཁོར་བའི་ངག་ལ་འཇུག་མི་སྲིད་དོ། །དེ་མ་ཞུགས་ན་འབྲས་བུ་སངས་རྒྱས་ངེས་པའོ། །དེ་ནས་ཉི་མ་བདུན་ནམ་དྲུག་ཙམ་དུ་ངག་མ་འདྲེས་པར་བྱས་ཏེ། གཞན་དང་ཚིག་མི་འདྲེ་བ་དང་། རང་གི་བརྗོད་པ་ཙམ་མི་སྨྲ་བར་བྱས་པས། ངག་འཇིག་རྟེན་པ་མ་ཡིན་པའི་དགོས་པས་ཏེ། གཞན་དང་མ་འདྲེས་པས་རང་གི་དོན་རྫོགས་པར་འགྱུར་བ་ཡིན་ནོ། །དེ་ནི་ངག་མི་འདྲེ་བའི་སྦྱང་བའོ། །དེ་ནས་ཟླ་བ་ཙམ་དུ་ངག་གནས་པའི་རིམ་པ་ཏེ། གཞན་ལ་ཡི་གེའམ་བརྡའ་ཙམ་བྱ་ཞིང་རང་སྐབས་སུ་རྩ་གནས་ཀྱི་ཡི་གེ་དང་། ཆོས་མ་ཡིན་པའི་འཁྲུལ་ཚིག་མི་སྨྲ་བར་གནས་པ་ནི། ངག་དམ་པའི་ལམ་སྲོལ་དུ་བཞུགས་པས་ཏེ། འདི་ལ་འཁྲུལ་བས་གོས་མི་སྲིད་དོ། །དེ་ལྟར་བྱས་པས་ངག་གི་འཁྲུལ་པའི་ཉོན་མོངས་པ་རང་དང་གཞན་ལ་སྐྱེ་མི་སྲིད་པས་གལ་ཆེའོ། །དེ་ནས་ངག་བཅད་པ་ཞེས་བྱ་སྟེ་རང་གིས་ཀྱང་ཚིག་གི་ཟུར་ཙམ་ཡང་མི་སྨྲ། གཞན་དང་འདྲེ་བ་ནི་ལྟ་ག་ལ་སྲིད་དེ། ལྐུག་པའི་འདུ་ཤེས་བརྟེན་པས། ཆོས་ཐམས་ཅད་ཀྱི་གཞུང་ནས་བརྗོད་དུ་མེད་དོ། །སྨྲར་མེད་དོ་ཞེས་བསྟན་པའི་དོན་ལ་ལག་ལེན་བྱས་པ་སྟེ། འདི་ལྟར་བྱས་པའི་སྐྱེས་བུ་དེའི་རྒྱུད་ལ་བརྗོད་དུ་མེད་པའི་ཆོས་ཉིད་ཀྱི་དོན་མི་སྐྱེ་མི་སྲིད་དོ། །འདི་དག་གི་དུས་ན་ཡི་གེ་བརྡའ་ལ་སོགས་པ་ཡང་སྤང་བར་བྱའོ། །དེ་ལྟར་ཡུན་རིང་དུ་གནས་པས། ཐ་མ་ངག་རང་བརྡོལ་ནས། ཆོས་དང་ཆོས་ཙམ་ཡིན་པ་ལ་སོགས་པ་སྨྱོན་པའི་ཚིག་ལྟ་བུར་འགྱུར་ཏེ། འདིའི་དུས་ན་འཁྲུལ་པ་རང་ཐོག་ཏུ་གྲོལ་བ་ཡིན་ནོ། །སྐྱེས་བུ་ལ་ལ་ངག་རང་རྡོལ་བ་མི་འབྱུང་པར་ལྐུག་པ་ལྟར་རྒྱུན་དུ་འགྱུར་བ་ཡང་ཡོད་དོ། །འདི་ནི་བརྗོད་མེད་ཀྱི་ངང་དུ་སངས་རྒྱ་བ་ཡིན་ཏེ། སྤྲུལ་པའི་སྐུ་འབྱུང་བ་མ་ཡིན་ནོ། །དེ་ཡང་མ་འདྲེས་པའི་འཁོར་བའི་ཞེན་པ་འཇིག་རྟེན་ལས་བློ་ལྡོག་ངག་བསྡམས་པ་དེ་གནས་པར་བྱས་པས་རང་གི་རྒྱུད་ལས་འཁྲུལ་པ་འཆར་མི་སྲིད་དོ། །ངག་བཅད་པས་ཆོས་ཐམས་ཅད་བརྗོད་དུ་མེད་པར་མི་རྟོགས་མི་སྲིད་དོ། །དེ་ལྟར་སྦྱངས་པས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བ་ངེས་པ་ཡིན་ནོ། །ངག་ཉིད་གནས་ཤིང་དུས་ཀྱི་ཆོ་ག་རྒྱས་པར་བྱ་བ་ནི། རྣལ་འབྱོར་པ་དེ་སའི་ལུས་ཡིན་ན། རླུང་གི་དུས་དང་། ཉི་མ་དང་། ཟླ་བ་དང་། ལོ་དང་འཛོམ་པ་ལ་ངག་གི་ལས་ཅི་བྱས་ཀྱང་། འཁོར་བ་དང་། ལྡོག་པ་དང་། གཡེལ་བ་དང་འབྱམ་པར་འགྱུར་བ་ཡིན་ནོ། །རང་གི་ལོ་དང་། ཟླ་བ་དང་། ཉི་མ་དང་། དུས་ལ་ངག་གི་ལས་ཅི་བྱས་ཀྱང་རྒྱས་པ་ཡིན་ནོ། །སས་ཆུའི་དུས་ལ་བྱས་ན་འཕེལ། མེའི་དུས་ལ་བྱས་ན་འཇིག་པ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་དེ་ཆུའི་ལུས་ཡིན་ན་མེའི་དུས་ལ་ནུས་པ་མི་འབྱིན། སའི་དུས་ལ་འཕེལ། རླུང་གི་དུས་ལ་འཇིག །མེས་ཆུའི་དུས་ལ་མི་བྱ་ནུས་པ་གཏན་བརླག །རླུང་གི་དུས་ན་འཕེལ། སའི་དུས་ལ་འཇིག་པའོ། །རླུང་གིས་སའི་དུས་ལ་བྱས་ན་ནུས་པ་གཏན་བརླག །མེའི་དུས་ལ་འཕེལ། ཆུ་ལ་འཇིག་པའོ། །དེ་ཡང་སས་རླུང་གི་ལོ་ལ་འབྱུང་བས་རང་ཤས་ཆེའི་ངག་གི་ལས་སྔགས་ལ་སོགས་པ་བརྗོད་ན་སེམས་ཅན་སྤྱི་ལ་འབྱམས། མེ་ཤས་ཆེ་བའི་ལས་བྱས་ན་རང་གི་འཁོར་དང་ལོངས་སྤྱོད་ལ་འབྱམ་པར་འགྱུར་རོ། །རླུང་གི་ཉི་མ་ལ་སྔགས་པས་ཡི་གེ་སམ་དང་ཀྲམ་དང་བཅས་པ་ཤས་ཆེ་བས། སའི་རང་ཡིག་མང་པོ་བརྗོད་ནས་སེམས་ཅན་སྤྱི་ལ་ལྡོག །རི་དང་། མ་དང་། ས་དང་། སོད་ཤས་ཆེ་བར་བཟླས་ན། རང་དང་། རང་གི་འཁོར་དང་ལོངས་སྤྱོད་ལ་ལྡོག་གོ། །རླུང་གི་ཟླ་བ་ལ་ཡང་འབྱུང་བ་ཆུའི་ཡི་གེ་ཁཾ་དང་ཧཱུྃ་མང་པོ་བརྗོད་ན་སེམས་ཅན་སྤྱི་ལ་འཁོར་རླུང་གི་ཡི་གེ་ཡཾ་དང་། ཡ་དང་། ཕཊ་ཤས་ཆེ་བར་བརྗོད་ན་རང་དང་འཁོར་དང་ལོངས་སྤྱོད་ལ་འཁོར་བར་འགྱུར་རོ། །དུས་ལ་བཟླས་ཤིང་བརྗོད་ན། འབྱུང་བ་བཞིའི་ས་རང་ཤས་ཆེ་ན་སེམས་ཅན་སྤྱིའི་ལོངས་སྤྱོད་ཉམས། མེ་ཤས་ཆེ་ན་རང་གི་ལོངས་སྤྱོད་ཉམས། ཆུ་ཤས་ཆེ་ན་སེམས་ཅན་སྤྱིའི་སྲོག་ལ་གཟན། རླུང་ཤས་ཆེ་ན་རང་གི་སྲོག་ལ་གཟན། ཀུན་འཛོམ་པ་ལ་བྱས་ན་གོང་ལྟར་ནུས་པ་གཏན་བརླག་ཅིང་ངན་སོང་དུ་འཕེན་པར་བྱེད་པས། ངག་རྒྱས་པར་བྱེད་པའི་ཆོ་ག་འདི་རབ་ཏུ་གལ་ཆེའོ། །དེ་ཡང་ས་རང་གི་ལོ་ལ་ས་དང་མཐུན་པའི་ལས་གཙོ་ཆེ་བར་བྱས་ན་རྒྱས། མེ་དང་མཐུན་པར་བྱས་ན་འཕེལ། ཆུ་དང་མཐུན་པར་བྱས་ན་རྫོགས། རླུང་དང་མཐུན་པར་བྱས་ན་དོན་ཐོབ་པའོ། །རང་གི་དུས་སུ་མ་འཁྲུལ་བས་ནུས་པ་འབྱིན། ཟླ་བ་ལ་གཞན་གྱི་གཤེད་འགྲུབ་ཉི་མ་ལ་རང་གི་གཤེད་ལྡོག་པའོ། །དེའི་འགྲེས་ཀྱིས་འབྱུང་བ་བཞིའི་གྲལ་གྱིས་རྣལ་འབྱོར་གསུམ་པོ་ལ་ཡང་རྩིའོ། །ངག་ཉིད་འཁོར་བ་ལས་མི་འཇུག་པར་བྱ་བའི་མན་ངག་ནི། དེ་ལྟར་བྱས་པས་ངག་གི་ཞེན་པ་རང་ལོག་ནས་ལོངས་སྐུར་གྲོལ་བས། ད་འཁོར་བ་ལ་འཇུག་མི་སྲིད་དོ། །དེ་མི་འཇུག་པ་དེ་རང་གང་ཡིན་ན། ད་ལྟ་ཡང་ཉོན་མོངས་པ་སྐྱེ་བའི་རྒྱུ་སེམས་ཀྱིས་བྱེད། རྐྱེན་ངག་གིས་བྱེད་དེ། ངག་ལ་བརྟེན་ནས་ཉོན་མོངས་པ་སྣ་ཚོགས་བསྐྱེད་པར་བྱེད་པས། ངག་གཅད་པས་ཡུལ་དང་ཡུལ་ཅན་གྱི་ཉོན་མོངས་པ་སྐྱེ་མི་སྲིད་དོ། ། ཕྱི་ནང་གི་འབྱུང་བ་དང་སྦྱར་བ་ནི། ངག་འབྱུང་བ་མེ་ཡིན་ཏེ། འཕྲ་བ་ལས་མཆེད་ནས་ཆེན་པོར་འགྱུར་བའི་ལས་བྱེད་པ་དང་འདྲ་བར། ངག་ལ་བརྟེན་པའི་ཚིག་ཕྲ་མོ་ལ་བརྟེན་ནས་འཁོར་བའི་ཉེས་དམིགས་ཆེན་པོར་འགྱུར་བ་ནི། ཚིག་རྩུབ་གཅིག་ཙམ་ལ་བརྟེན་ནས་འཁྲུགས་པ་ལ་སོགས་པའི་ལས་ཀྱིས་འགྲོ་བ་རྣམས་སྲོག་བཅད་པས་འབྲས་བུ་ངན་སོང་དུ་ཁྲིད་པར་བྱེད་པ་ཡང་ངག་གིས་བྱེད། སྐྱེད་ཅིང་སྨིན་པར་བྱེད་པ་དྲོད་ཡིན་ལ། དེ་ཡང་ལུས་དྲོད་ཕྲ་མོ་ལ་བརྟེན་ནས་ལུས་སུ་སྨིན་པར་བྱས་པ་དང་འདྲ་བར། ངག་གི་གནས་ལུགས་ཀྱི་ཚིག་ཕྲ་མོ་ལ་བརྟེན་ནས། ཆོས་ཉིད་བརྗོད་དུ་མེད་པའི་དོན་རྟོགས་ནས་འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པས་ན་དྲོད་དོ། །འབྲས་བུ་སྐུ་གསུང་ཐུགས་སུ་ལ་བཟླ་བ་ནི། གཞུང་གི་རྟགས་འདི་དག་ཀྱང་སྔོན་དུ་ངག་ལ་སྦྱངས་པས་འབྱུང་གིས། གཞན་གྱིས་ནི་མ་ཡིན་ནོ། །དེ་ཡང་ངག་ཉིད་སྐུ་གསུམ་དུ་ཡོད་པས་ངག་གི་འབྲས་བུ་རང་རྫོགས་མཐའ་གྲོལ་ཡེ་གནས་ལ། གསུང་གསུམ་དུ་ཡེ་ནས་ཤར་བས་བརྗོད་བྱའི་རོལ་པ་སྣ་ཚོགས་སུ་སྣང་ལ། ཐུགས་གསུམ་རང་དུ་བྱུང་བས་ངོ་བོ་ཅི་ཡང་མི་གནས་པས་རང་གནས་སུ་རང་གྲོལ་བའོ། །དེ་ལྟར་བཅུས་ངག་ལ་ཡང་དག་པའི་འབྲས་བུ་མཐར་ཐུག་འབྱུང་བར་བསྟན་པའོ། །དེ་ཡང་ངག་གི་ལས་དེ་ལྟར་ཚེ་སྔོན་དུ་རང་བཞིན་ལྷུན་གྲུབ་ཀྱི་དང་། ཡེ་ཇི་བཞིན་པ་དང་། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ། ངག་ལ་བརྟེན་ནས་གང་ཟག་གིས་གོམས་ཤིང་སྦྱངས་པའི་རྟགས་སུ་ལ་ཡང་གཞུང་འདི་ནས་བཤད་པ་འདི་ལྟར་འབྱུང་ངོ་། །མཁའ་འགྲོ་མ་ཞེས་སྟོན་པས་སྡུད་པ་པོ་ལ་བོས་ནས་ལན་བཀའ་སྩལ་པ་ནི། དེ་ཡང་བྱེ་བྲག་ཏུ་ཚེ་སྔ་མ་ལ་སངས་རྒྱས་ཀུན་གྱི་སྐུ་ཉིད་ལ་སྔོན་དུ་གང་ཟག་སུ་ཡིས་གོམས་པར་བྱས་པའི་མི་དེ་ཡིས། ཇི་སྐད་སྨྲས་པའི་ངག་གི་ལས་ཚིག་བརྗོད་པའི་བརྟེན་ནམ་གཟུངས་ནི་བཙན་པ་ཡི་བརྗེད་པ་མེད་ཅིང་མི་འགྱུར་བ་དང་། སུ་དང་དམ་བཅས་པའི་ཆད་པ་ནི་ཚིག་གི་ཆད་པ་བྱ་བའི་ལས་དང་། སྒྲ་འཇུག་པའི་རྒྱུ་མཚན་གྱི་ཆད་པ་སྔར་ཡོད་པའི་ཕྱིས་མེད་པ་ནི་འདི་མ་ཡིན། གང་གིས་དམ་བཅས་པ་ལས་མི་གཡེལ་བའི་ཕྱིར་ན་ཆད་པ་རྣམས་འགྱུར་བ་མེད་པར་བྱུང་བ་ནི། ངག་གི་ལས་ཀྱིས་ཚེ་སྔ་མ་ལ་སངས་རྒྱས་ཀྱི་སྐུ་ལ་གོམས་པར་བྱས་པ་ཡིན་ཏེ། འདི་ནི་འཇིག་རྟེན་གྱི་ལས་ཀ་ཐ་དད་པ་ལས་བར་ཆད་ནས་འབྲས་བུ་མ་སྨིན་ཏེ། ད་ལྟ་ངག་གི་ལས་རྒྱུད་བཀླག་པ་ལ་སོགས་པའི་ལས་བྱས་ནས། ཆོས་སྤྱོད་ལ་ཞུགས་པས་འབྲས་བུ་ངེས་པ་ཐོབ་སྟེ། ཚེ་འདི་ཉིད་ལ་སངས་རྒྱ་བར་འགྱུར་ཏེ་བར་མ་ཆད་པའི་ཚེ་གཅིག་གིས་སྐལ་བ་དང་ལྡན་པ་ཡིན་ནོ། །ཡང་སྐལ་བ་དང་ལྡན་པའི་སྐྱེས་པའམ་བུད་མེད་གང་ཡང་རུང་བ་དག་གིས་ཉི་མ་གཅིག་ལ་དབང་པོའི་བྱེ་བྲག་གིས་མི་བརྗེད་པའི་གཟུངས་ཐོབ་པ་ནི། དབང་པོ་འབྲིང་གི་སྦྱངས་པ་ཡིན་ལ། སྐད་ཅིག་གམ་དུས་གཅིག་ལ། ཚིགས་སུ་གཅད་པ་སྟོང་ངམ་ནི་སྟོང་ཟིན་པར་འགྱུར་ལ། ཡང་ན་བཞི་བརྒྱའི་ཚིགས་བཅད་ཀྱི་དོན་དང་ཡི་གེ་འཁྲུལ་པ་མེད་པར་ཐུགས་སུ་ཆུད་པ་ནི་ཚེ་སྔ་མ་ལ་འདོད་ཆགས་ཀྱི་གཡེང་བས་བར་ཆད་པ་ཡིན་ཏེ། ད་ལྟ་སྡོམ་པ་ལ་གནས་པར་བྱས་ནས་བསྒྲུབས་པས་འབྲས་བུ་ཚེ་འདི་མ་གཏོགས་པ་གཉིས་ནས་སངས་རྒྱ་བ་ཡིན་ནོ། །ཡང་གོང་མའི་བློ་འབྲིང་པོ་ལས་ཉི་མ་གཅིག་ལ་གྲུབ་པ་ནི་ཚིགས་སུ་བཅད་པ་སྟོང་ཉི་མ་གཅིག་གི་ཁོངས་སུ་བློ་ལ་ཚུད་པའམ། ཡང་ན་ཁྲིའམ་ཉིས་སྟོང་ངམ་སྟོང་ཕྲག་ལ་མི་དེས་ཚིག་དེ་དག་གི་དོན་བློ་ལ་སྟེ། བློ་ནི། བློའི་རྒྱུ་དང་། རྐྱེན་དང་། རང་བཞིན་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །བློའི་རྒྱུ་ནི་དད་པ་དང་གུས་པ་ལས་བྱུང་བ། རྐྱེན་བླ་མ་མཚན་ཉིད་དང་ལྡན་པ་ལ་བརྟེན་ནས་སྐྱེ་བ་ཡིན། རང་བཞིན་འགྱུར་བ་ཡིན་ལ། ངོ་བོ་ཚིག་ལ་རྟོག་དཔྱོད་ཀྱི་ཤེས་པ་བློ་དང་བཅས་པ་ཉིད། ངེས་ཚིག་ནི་བློ་ཞེས་འགྱུ་ཞིང་མཆེད་པ་དང་བཅས་པར་བྱེད་ལ། རྟོག་ཅིང་སྤྱོད་པར་བྱེད་པའོ། །དབྱེ་ན་འཇིག་རྟེན་ལྟར་སྣང་གི་འཇིག་རྟེན་ལ་གྲགས་པའི་བློའི་བྱེ་བྲག་ཡིན་ལ། ཕྱིན་ཅི་ལོག་གི་བློ་ལོག་ཤེས་རྣམས་ལ་བྱ། མཐུན་སྣང་གི་བློ་ཀུན་རྫོབ་ཀྱི་མཚན་ཉིད་རྟོགས་པར་བྱེད་ཅིང་། དེ་དག་ལ་འཇུག་ཅིང་སྤྱོད་པའོ། །དག་པའི་བློ་རྟོག་པ་དང་མི་རྟོག་པའི་མཚན་ཉིད་ཤེས་པ་སྟེ་བཞིའོ། །བློ་དེ་དག་གི་བྱེད་པའི་ལས་ནི། ཀུན་རྫོབ་ཀྱི་ཡུལ་དང་ཡུལ་ཅན་ལ་འཛིན་ཅིང་རྟོག་པ་དང་། དཔྱོད་པའི་ཡིད་དང་ལྡན་པའོ། །དེ་ཡང་འཇིག་རྟེན་པའི་རྟོག་པ་རྣམས་འཛིན་པར་བྱེད་པའོ། །དེ་དག་རྣམས་སུ་ལ་སྣང་བར་འགྱུར་བ་ནི། ཚེ་སྔ་མ་ལ་སངས་རྒྱས་ཀྱི་སྐུ་ལ་འབྱོངས་པའི་འཕྲོ་ལ་ཉན་པ་རྒྱུན་ཆད་པ་ལས་བར་ཆད་ནས་འབྲས་བུ་མ་སྨིན་པ་སྟེ། འདི་ལ་ཡེ་ཤེས་ཀྱི་སྣང་བ་ལ་འདྲིས་པར་བྱས་ནས་བསྒྲུབ་ན་ཚེ་གཉིས་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བས་ཅི་སྨྲས་པ་གཞན་ལ་ཕན་ཐོགས་པའི་མི་དེས་ནི། སྔོན་དུ་སངས་རྒྱས་རྣམས་ཀྱི་སྐུ་ལ་ངག་གིས་ཡང་དག་པར་སྦྱངས་པ་ཡིན་པས། འདི་ནི་ཚེ་སྔ་མ་ལ་སེམས་ཅན་གྱི་དོན་བྱེད་པའི་འཕྲོ་ལ་རང་ལ་རློམ་པ་སྐྱེས་ནས་བར་ཆད་ན་འབྲས་བུ་མ་རྫོགས་པས། ད་བཤད་ཉན་གྱི་ལས་གཙོ་བས་སངས་རྒྱས་ཐོབ་པར་འགྱུར་བ་ཡིན་པས་ན། འདི་ལ་གོམས་པར་བྱ་བར་རབ་ཏུ་གཅེས་པ་ཡིན་ནོ། །མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་བོས་ནས། དེ་ལྟར་རྟགས་བཞི་པོ་གཅིག་གི་ངག་ལ་གཅིག་དང་ལྡན་ན་སོ་སོའི་འབྲས་བུ་ཚེ་གཉིས་ན། གཉིས་དང་ལྡན་ན་ཚེ་གཅིག །གསུམ་དང་ལྡན་ན་འབྲས་བུ་འདི་ཉིད་ལ། བཞི་ཀ་རྫོགས་པ་ནི་འབད་པ་བྱ་མི་དགོས་པར་སངས་རྒྱའོ། །ཞེས་གང་ཟག་གི་ལུས་ངག་ལ་སངས་རྒྱས་ཀྱི་སྐུའི་རྟགས་བཞི་བསྟན་ནས། ད་ནི་ལྔ་པ་སངས་རྒྱས་ཀྱི་གསུང་ལ་སྦྱངས་པའི་རྟགས་འདི་དག་ལ་འབྱུང་བ་བསྟན་པ་ནི། སྔོན་དུ་སངས་རྒྱས་ཀུན་གྱི་ཡང་ཞེས་པ་ལ་སོགས་པས་བསྟན་ཏེ། ཚེ་སྔོན་དུ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པ་དང་། ཡེ་ཇི་བཞིན་པའི་སངས་རྒྱས་སོ་སོའི་གནས་ལུགས་དང་། རྟོགས་པ་མངོན་དུ་གྱུར་པ་འཁྲུལ་སྣང་རང་དག་པ་ཀུན་གྱི་ཡང་གསུང་ལ་སྐྱེས་པ་དང་བུད་མེད་སུ་ཡིས་གོམས་པར་བྱས་པའི་ངག་ལ་རྟགས་འདི་དག་འབྱུང་བ་ཡིན་ནོ། །དེ་ཡང་སྔོན་དུ་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་སྐད་ལྷ་ཚངས་པའི་དབྱངས་བཞིན་དུ་ཕྱི་ནང་ཉེ་རིང་མེད་པར་གསལ་ཞིང་། སེམས་ཅན་ཀུན་གྱི་རྣ་བར་སྙན་པ་དང་ལྡན་པ་ནི། ཚེ་སྔ་མ་ལ་གོམས་པའི་བར་ལ་གཞན་གྱི་ཆོས་ལ་ཉན་པའི་བློ་སྐྱེས་ནས་ཉན་པས་བར་ཆད་ནས་འབྲས་བུ་མ་སྨིན་པ་ལས་གྱུར་པས་ཏེ། ད་རྫོགས་པར་རྒྱུད་ལ་བརྟེན་ཅིང་བསྒྲུབ་པས་འབྲས་བུ་ཐོབ་པ་ཡིན་ནོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བ་གཅིག་གིས་ཚིགས་སུ་བཅད་པ་སྟོང་ལ་ཡང་དག་པར་སེམས་གཞུང་ནས་བཟུང་ན། ཉིན་གཅིག་ལ་སྐལ་ལྡན་དེས་བློར་ཟིན་པའི་མི་དེ་ནི། ཚེ་སྔ་མ་ལ་གཞན་ལ་སྒྲོ་བསྐུར་བའི་ལས་དང་། ཚིག་བརླང་པོས་གཞན་གྱི་ཞེ་གཅད་པས་བར་ཆད་པ་འབྲས་བུ་མ་སྨིན་པ་ཡིན་པས། དེ་ཉིད་དང་ལྡན་པའི་སྐྱེས་བུ་དེས། ད་ལྟ་ཚོགས་ཀྱི་འཁོར་ལོ་ལན་ལྔ་བྱས་ནས་འབྲས་བུའི་དོན་ལ་གནས་ན། ཡང་འབྲས་བུ་ངེས་པར་ཐོབ་པ་ཡིན་ནོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བའི། སེམས་ཅན་མི་དང་མི་མ་ཡིན་པ་དང་། བྱོལ་སོང་དང་ཐ་ན་བྱ་དང་རི་དྭགས་ལ་སོགས་པ་ཐམས་ཅད་བྲན་བཞིན་དུ་འདུ་ཞིང་དབང་སྒྱུར་བ་དང་། བཀའ་ཉན་པ་དང་། བྱ་བའི་ལས་ཅི་འགྲུབ་པ་དང་། གང་ཟག་འདི་ཡིས་ལས་ལ་འཁོར་བར་གྱུར་པ་དེ་ནི། ཚེ་སྔ་མ་ལ་ངག་གི་ལས་གཙོ་བའི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་བསྒྲུབ་པ་བྱེད་པའི་ཚེ་ན་གཞན་གྱི་གཏམ་རྒྱུད་ཀྱི་བར་གཅད་པས་འབྲས་བུ་མ་རྫོགས་ཏེ། ད་ལྟའི་ལུས་སུ་སྨིན་པས་ན། ཚེ་འདི་ལ་ངག་གཅད་པ་གཙོ་ཆེ་བའི་སྒོ་ནས་བསྒྲུབས་པས་འབྲས་བུ་ངེས་པ་ཐོབ་པར་འགྱུར་བ་དག་ཡིན་ནོ། །དེ་ལྟར་རྟགས་དེ་དག་རེ་རེ་བྱུང་བ་ནི། ཚེ་འདི་མ་གཏོགས་པ་གཉིས་ན་འབྲས་བུ་ཐོབ་པ་ཡིན་ལ། གཉིས་དང་ལྡན་ན་བར་མ་དོ་ལ་སངས་རྒྱ་བ་ཡིན། གསུམ་ཀ་གང་ཟག་གཅིག་གི་ལུས་ལ་རྫོགས་ན་ཆོས་མ་ལོག་པར་བར་ཆད་མེད་པར་སྤྱད་ན་ཚེ་འདི་ལ་སངས་རྒྱ་བ་ཡིན་པས་ན། དེ་ལྟ་བུའི་རྟགས་དང་ལྡན་པའི་སྐྱེས་བུ་དེ་ནི། སྔོན་དུ་སངས་རྒྱས་ཀྱི་གསུང་པ་ངག་གཙོ་བོར་བསྒྲུབས་པས་ན། མི་འདི་ཡིས་སྔ་མ་ལ་གོམས་པར་བྱས་སོ་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་གདམས་པ་དང་བཅས་པས་ཏེ། སྔོན་དུ་སངས་རྒྱས་ཀྱི་གསུང་མ་གོམས་པའི་རྣལ་འབྱོར་པའི་ད་ལྟའི་ལུས་ལ་སྨིན་པ་བསྟན་ནས། ད་ནི་སྔོན་དུ་ངག་གི་ལས་གཙོ་བའི་སྒོ་ནས་སངས་རྒྱས་ཀྱི་ཐུགས་ལ་སྦྱངས་པ་ད་ལྟའི་རྣལ་འབྱོར་པའི་ངག་ལ་སྨིན་པ་བསྟན་པའི་རྟགས་ནི། སངས་རྒྱས་ཀུན་གྱི་ཐུགས་ལ་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏེ། སངས་ནི་ཤེས་བྱ་རང་གི་མཚན་ཉིད་ལ་བདག་ཏུ་འཛིན་པའི་དྲི་མ་མེད་པས། རྟོགས་པ་འཕྲ་རགས་ཀྱི་དྲི་མ་རང་དག་པས་སངས་ཞེས་བྱ་ལ། དེ་ལྟར་སངས་པས་རང་གི་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་སུ་དྲི་མ་དང་། བྱས་བཅོས་བརྩོལ་སྒྲུབ་དང་བྲལ་བས་རྒྱས་པའོ། །དེ་ལྟ་བུའི་འདས་པའི་སངས་རྒྱས་ལ་མ་འོངས་པ་གྲུབ་པར་མི་འཛིན། མ་འོངས་པ་འདས་པའི་སྔོན་དུ་མི་སློང་། དེ་ལྟ་བུ་ལ་འགག་པ་དང་སྐྱེ་བ་གྲུབ་པ་མེད་པས། ཡོད་པའི་མཐར་འཛིན་པ་རྣམས་ཡེ་གྲོལ་བས། དེ་ཉིད་ཡོད་མ་མྱོང་བས་རྟགས་པ་ཡེ་ནས་གྲུབ་པ་མེད། མེད་མ་མྱོང་བས་ཆད་པའི་མཐར་འཛིན་གྱི་རྟོག་པ་མེད་པས། མཐའ་གཉིས་ལས་འདས་པའོ། །ངོ་བོ་ཅིར་ཡང་ཤར་རྒྱུ་མེད། རང་བཞིན་གང་དུ་ཡང་སྣང་བ་མེད། ཐུགས་རྗེ་ལ་རོལ་པ་སྣ་ཚོགས་ཤར་བས། ཡོད་པ་རོལ་པ་རང་ཤར། མེད་པ་གནས་ལུགས་སུ་རང་གྲོལ། ཡོད་མེད་གཉིས་སུ་མ་གྲུབ་པས་ངོ་བོ་རང་གྲོལ་རང་དག་པའོ། །ཡང་དག་པའི་ཐུགས་དེ་ལྟ་བུ་ལ་སྔོན་དུ་གོམས་པར་བྱས་པའི་སྐྱེས་པའམ་བུད་མེད་ཡང་རུང་བའི་ངག་ལ་རྟགས་གཉིས་པོ་བྱུང་བ་དེ་ཡིས། འདི་ཉིད་སྦྱངས་པའི་རྟགས་འགྲོ་བ་ཕ་རོལ་ཡོན་ཏན་དང་ལྡན་པ་གཅིག་གིས་ཚིག་གཅིག་སྨྲས་པ་ཙམ་གྱིས་ནི། ཚིག་དེའི་དོན་ཁོའི་འདོད་པ་གང་ཡིན་པ་ནི་ཕྱིན་ཅི་མ་ལོག་པར་དེའི་འདོད་པ་བདེ་ལུགས་སུ་ཕ་རོལ་པོ་དེ་ཇི་ལྟར་འདོད་པ་བཞིན་དུ་གོ་བ་མ་ནོར་བར་སྐྱེས་བ་ནི། ཚེ་སྔ་མ་ལ་ངག་གཙོ་བའི་སྒོ་ནས་སངས་རྒྱས་ཀྱི་ཐུགས་ལ་སྦྱོང་བའི་འཕྲོ་ལ། སེམས་ཅན་ཕ་རོལ་པོ་གཅིག་ལ་ངག་གི་ནུས་པ་ཕྱུང་བས་བར་ཆད་ནས་ནུས་པ་མ་རྫོགས་པ་སྟེ། འདིས་ནི་ད་ལྟའི་ཚེ་ལ་གང་ཟག་གི་ངག་གི་ནུས་པ་དང་ལྡན་པ་ལ། ཚོགས་རྫོགས་པར་བྱས་ནས་ཆོས་མ་ལོག་པར་སྒྲུབ་ན། ཚེགས་མེད་པར་འབྲས་བུ་ཐོབ་པ་ཡིན་ནོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བ་དེ། རང་གིས་ཁ་ནས་སྨྲས་པའི་ཚིག །འཇིག་རྟེན་པའི་གཏམ་དང་། གྲུབ་པའི་མཐའི་ཚིག་དང་། ཉམས་སུ་མྱོང་བ་དག་གི་ཚིག་དང་། མདོར་ན་བརྗོད་པ་ཐ་དད་པའི་ཚིག་དང་། རང་གི་གནད་ཐོག་ཏུ་འབེབས་པའི་ཚིག་རྣམས་ལ། ཇི་སྐད་སྨྲས་པ་བཞིན་དུ་འགྱུར་བ་མེད་པར་གང་ཟག་གཞན་རྗེས་སུ་འཛིན་པ་དེས་བསླབ་ཏུ་བཏུབ་པ་དང་། དེ་ཉིད་ལོངས་པ་དང་རྗེས་མི་འགྱུར་བར་སྨྲ་བ་དེ་ནི། ཚེ་སྔ་མ་ལ་ངག་གཙོ་བའི་སྒོ་ནས་སངས་རྒྱས་ཀྱི་ཐུགས་ལ་སྦྱོང་བའི་དུས་སུ་བག་ཙམ་མ་འབྱོངས་པ་ལ། ཡིད་དཔྱོད་ཀྱི་ཚིག་བཏགས་པས་བར་ཆོད་དེ་འབྲས་བུ་མ་རྫོགས་པ་སྟེ། དེ་ཉིད་ལ་ད་ལྟ་བླ་མ་མཆོད་པ་དང་། རྡོ་རྗེ་སྤུན་ལ་ཚོགས་བསགས་པའི་ལས་བྱས་ནས་བསྒྲུབས་ན་འབྲས་བུ་ཚེགས་མེད་པར་འབྱིན་པའོ། །འདི་ལྟ་བུ་དང་ལྡན་པ་དེས་ནི་སངས་རྒྱས་རྣམས་ཀྱི་རྟགས་སྔོན་དུ་གོམས་པ་ལས། ད་ལྟའི་ངག་ལ་ཡང་དག་པར་སྨིན་པས་ཏེ་འདི་ནི་སྔོན་དུ་གོམས་པ་ལས་བྱུང་བ་ཡིན་ནོ། །མཁའ་འགྲོ་མ་ཞེས་བོས་ནས། གོང་དུ་ངས་བསྟན་པ་དེ་ལྟར་ངག་གཙོ་བའི་སྒོ་ནས་སྐུ་གསུང་ཐུགས་ལ་ཡང་ནས་ཡང་དུ་སུས་གོམས་པའི་སྐྱེས་པའམ་བུད་མེད་དེ་ནི་རྟགས་སོ་སོ་དང་ལྡན་པ་རྣམས་ཚེ་འདི་ལ་བར་མ་ཆད་པར་ཆོས་སྤྱོད་ན། ཚེ་འདི་མ་གཏོགས་པ་གཉིས་ལ་ནི་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཐོབ་པར་ངེས་སོ། །གོང་མའི་རྟགས་གཉིས་ཀ་རྫོགས་པས་ནི་ཚེ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་ལ་ཐེ་ཚོམ་བྱར་མེད་དོ། །གལ་ཏེ་དེ་ལྟ་བུའི་རྟགས་ཡོད་ཀྱང་ཚེ་འདི་ལ་ཆོས་ལ་ཞུགས་ཙམ་ལས་བར་ཆད་ནི། ལུས་ཀྱི་སྐབས་སུ་བཤད་པའི་གོལ་སར་ལྟུང་བ་ཡིན་ནོ། །ཞེས་སངས་རྒྱས་ཀྱི་ཐུགས་ཀྱི་རྟགས་བསྟན་ཏེ། དེ་དག་རྣམས་ནི་རྣལ་འབྱོར་པས་སྔོན་དུ་སྦྱངས་པས་ད་ལྟའི་གང་ཟག་ཏུ་སྐྱེས་པ་ཆོས་ལ་ཞུགས་ཙམ་གྱི་ངག་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བ་བརྟན་པའོ། །ད་ནི་དོན་ཐ་མ་རྣལ་འབྱོར་པས་སྔོན་དུ་སྦྱངས་པའི་སེམས་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟགས་བསྟན་པ་ལ་བཞི་ཡོད་པའི་དང་པོ། སྔོན་སྦྱངས་ཀྱི་སྐྱེས་བུ་རྣམས་ཀྱི་སེམས་ལ་སངས་རྒྱས་ཀྱི་སྐུའི་རྟགས་བསྟན་པ་ནི། ཡང་ན་མཁའ་འགྲོ་གསལ་ཡིད་ཉོན། །ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ནི་ལན་གདབ་པའི་ཚིག་དེ། འདི་ཉིད་ལ་ཡང་ནས་ཡང་དུ་བསྟན་པར་བྱ་ཞེས་པའོ། །མཁའ་རིག་པ། འགྲོ་ཡེ་ཤེས་མ་ཆོས་ཉིད་དང་གསུམ་དབྱེར་མི་ཕྱེད་པའི་དོན་རང་གསལ་སྙིང་པོའི་དོན་ལ། ཀུན་ཏུ་འཚོལ་བའི་ཡིད་ཀྱིས་ཡུལ་བདག་ཏུ་གཅད། གཏན་ལ་འབེབས་པའི་ཡིད་ཀྱིས་ཡུལ་བདག་དང་བདག་གིར་བྱས། ངེས་པར་འཇོག་པའི་ཡིད་ཀྱིས་ཡུལ་སོ་སོའི་མཚན་ཉིད་ངེས་པར་གཟུང་། འགྱུ་བྱེད་འ ཛིན་པའི་ཡིད་ཀྱིས་གང་ལ་འགྱུས་པ་ཙམ་ལས་འཛིན་པའི་བློ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པས་ཚོགས་དུ་མ་བསྡུས། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཕྲ་རྒྱས་འཚོགས་པའི་ལས་བསྡུས་པ་སྟེ། དེ་ལྟར་ཡིད་དྲུག་གི་བྱུང་ཚོར་གྱི་རྟོག་པ་སྤོངས་ལ། རིག་པའི་ཡེ་ཤེས་ཆོས་ཉིད་གསལ་བ་ཆེན་པོའི་ཀློང་ནས་ཉོན་ཅིག་ཅེས་སྡུད་པ་པོའི་ཡིད་ཀྱི་སྐྱོན་དྲུག་བསལ་ནས། སྔར་སྦྱངས་པའི་རྟགས་སྐུ་གསུང་ཐུགས་ཀྱི་རྟགས། ད་ལྟའི་ཡིད་ལ་ཇི་ལྟར་བྱུང་བ་བསྟན་གྱིས་ཁྱོད་ཀྱིས་མ་ཡེངས་པར་ཉོན་ཅིག་ཅེས་གདམས་པའོ། །སེམས་རྣམ་པར་རྟོག་པའི་བག་ཆགས་དུ་མ་འདུས་པའི་ལས་ཅན་ཀུན་གཞི་ཉེར་ལེན་གྱི་ལུས་ཀྱིས་བསླད་པས་སེམས་ཅན་ཞེས་བྱའོ། །དེ་ལྟ་བུའི་འགྲོ་བ་སྐྱེས་པའམ་བུད་མེད་གང་གི་ཡིད་ལ་ཡིད་ནི། ཡིད་ཀྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བྱེད་པའི་ལས་དང་། རྒྱུ་དང་། རྐྱེན་དང་། རང་བཞིན་དང་། འབྲས་བུ་དང་། སོ་སོའི་མཚན་ཉིད་དང་། ཡིད་དེ་བཟུང་ཞིང་བསྟན་པར་བྱ་བའི་མན་ངག་དང་། ཕྱི་ནང་གི་འབྱུང་བ་དང་སྦྱར་བ་དང་། སྐུ་གསུམ་དུ་ལ་བཟླ་བ་དང་བཅུ་གཉིས་ཀྱིས་ཡིད་ཀྱི་ཆོས་རྒྱས་པར་བསྟན་ཏེ། ངོ་བོ་དྲན་པ་དང་། བསམ་པ་དང་། འགྱུ་བའི་རྒྱུ་རྣམས་སོ། །ངེས་ཚིག་ནི་ཡུལ་སྣ་ཚོགས་པ་ལ་འཇུག་པ་བྱེད་པའོ། །དབྱེ་ན་དྲུག་ཏེ། ཀུན་ཏུ་འཚོལ་བའི་ཡུལ་གསུམ་སྟེ། དུས་གསུམ་ལ་འཇུག་ཅིང་འཚོལ་བར་བྱེད་པ་དང་། གཏན་ལ་འབེབས་པའི་ཡིད། དེ་ལྟར་དུས་གསུམ་གྱི་ཡུལ་ལ་འགྱུས་པས་དེའི་རྗེས་སུ་ལུས་དང་བཅས་ཏེ་གཏན་ལ་འབེབས་པའོ། །ངེས་པར་འཇོག་པའི་ཡིད་ནི་དེ་ལྟར་ལུས་དང་བཅས་པས་ཚོང་དུས་ལ་སོགས་པའི་རྣམ་པ་དུ་མ་གཏན་ལ་ཕབ་པ་དེ་ལ་ངེས་ཤེས་མཐར་ཐུག་དང་བཅས་པས་ཡུལ་ལ་ཞེན་པ་མཐར་ཐུག་དང་བཅས་པས་འཛིན་པའོ། །དེ་ལྟར་རྣམ་པ་དུ་མ་ལ། ངེས་པ་གཞག་པའི་ཡུལ་གསུམ་ལ་འགྱུ་བར་བྱེད་པའི་དྲན་པ་སྣ་ཚོགས་པ་འགྱུ་བས་ཡུལ་དུ་མ་ལ་འཛིན་པས་དུ་མར་བཟུང་བས་འགྱུ་བྱེད་འཛིན་པའི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་ལྟར་ཡུལ་གསུམ་ལ་འགྱུས་ཤིང་བཟུང་བ་སྒོ་ལྔ་ལ་སོགས་པའི་ཤེས་པ་མང་པོ་སོ་སོར་སྣང་བར་འགྱུར་བས། དེ་དག་གིས་ཡུལ་མི་འདྲ་བ་ཐ་དད་པ་ལ་ཤེས་པ་འཛིན་པའི་ཆ་ཐ་དད་པར་བཟུང་བས། ཕྱི་ནང་གི་བཟུང་བའི་ཡུལ་སྣ་ཚོགས་པར་ཤར་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི། དེ་ལྟར་སྒོ་ལྔའི་ཤེས་པ་ཐ་དད་པ་ཡུལ་ཐ་དད་པ་རྣམ་འཁྲུལ་པའི་ཤེས་པ་ཡིན་པར་མ་ཤེས་པས་གཏི་མུག་བག་ལ་ཉལ་དང་སྔོན་དུ་རྒྱུ་གཉིས་བྱུང་། དེ་མ་ཤེས་པས་ཡུལ་བཟང་ངན་གྱི་བྱེ་བྲག་ལ་འདོད་ཅིང་ཆགས་པས་འདོད་ཆགས་བྱུང་། དེ་ལ་ཆགས་པས་ང་དང་བདག་གིར་གཟུང་འཛིན་རགས་པ་ལས། ཞེན་ཅིང་ཆགས་པའི་དབང་གིས། གཞན་ལ་ཞེ་སྡང་པའི་ཉོན་མོངས་པ་བྱུང་། དེ་ལྟར་ཞེ་སྡང་ནས་སྡང་བའི་དབང་གིས། མཉམ་པ་ལ་ང་རྒྱལ་བར་བྱས། དེ་བྱས་པས་འཕྲ་བ་ཉིད་ལའང་དོག་ཅིང་གཞན་ལ་སྤོངས་ཤིང་བདག་ཏུ་འདོད་པ་བསྒྲུབ་པ་དང་། དེ་དག་ལ་སོགས་པ་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པ་རྣམས་སུ་བྱུང་བའོ། །བྱེད་པའི་ལས་ནི། ཀུན་ཏུ་འཚོལ་བྱེད་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟའི་ཡུལ་རྣམས་འཚོལ་ཞིང་སློང་བར་བྱེད། དེ་བྱས་པས་དྲན་པའི་གཞི་འཛིན་པའོ། །གཏན་ལ་འབེབས་པའི་ཡིད་ཀྱིས་མིང་ཐ་དད་པར་འདོགས་གཞིར་བྱེད་པའོ། །དེ་བྱས་པས་ཚིག་དང་བརྗོད་པ་རྣམས་ལ་ཡིད་ཀྱིས་བརྗོད་པའོ། །ངེས་པར་འཇོག་པའི་ཡིད་ཀྱིས་སྙམ་བྱེད་དུ་མ་ལ་གནས་ཤིང་འཇོག་པའོ། །དེ་བྱས་པས་ཡིད་དཔྱོད་འཛིན་པའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པར་གྱུར་པའོ། །འགྱུ་བྱེད་འཛིན་པའི་ཡིད་ཀྱིས་ནི་ཡུལ་མིང་དང་བཅས་པ་དུ་མ་ལ་གཅོད་ཅིང་འ ཛིན་པའི་ཤེས་པ་བློ་དང་བཅས་པར་བྱེད་ལ། དེ་བྱས་པས་དོན་ལ་ཡིད་ཆེས་མེད་པར་འགྱུར་བའོ། །ཡིད་ཀྱི་རྣམ་ཤེས་ཀྱིས་ནི་སྒོ་ལྔའི་ཞེན་པ་ཐ་དད་དུ་འཛིན་པའི་ལས་བྱེད་ལ། དེ་བྱས་པས་འཁྲུལ་པའི་ཤེས་པ་སྣ་ཚོགས་པ་སྡུད་པར་འགྱུར་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི། རྟོག་པ་ཐ་དད་པ་སློང་བར་བྱེད་ལ། དེ་བྱས་པས་མི་རྟོག་པའི་ཡེ་ཤེས་ཀྱི་གེགས་སུ་གྱུར་པའོ། །རྒྱུ་ནི་ཀུན་དུ་འཚོལ་བྱེད་ཀྱི་རྒྱུ་དྲན་པ། གཏན་ལ་འབེབས་པ་ཀུན་གཞི། ངེས་པར་འཇོག་པ་བློ། འགྱུ་བྱེད་འཛིན་པ་མིང་། ཡིད་རྣམ་ཤེས་ཀྱི་རྒྱུ་དབང་པོ་སོ་སོའི་བྱེད་རྒྱུ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྒྱུ་འཁྲུལ་པའོ། །རྐྱེན་ནི་ཀུན་དུ་འཚོལ་བྱེད་ཀྱི་ཡིད་ཡུལ་གསུམ་ལ་བརྟེན་ནས་སྐྱེ། གཏན་ལ་འབེབས་པ་བཟུང་བའི་ཡུལ་ཙམ་ལ་བརྟེན་ནས་སྐྱེ། ངེས་པར་འཇོག་པ་ཞེན་པའི་ཡུལ་དུ་གྱུར་པ་ལ་བརྟེན་ནས་སྐྱེ། འགྱུ་བྱེད་འཛིན་པ་རང་བཞིན་མ་བཅོས་པ་ལ་བརྟེན་ནས་སྐྱེ། ཡིད་ཀྱི་རྣམ་ཤེས་འདོད་པའི་ཡོན་ཏན་ལ་བརྟེན་ནས་སྐྱེ། ཉོན་མོངས་པ་ཅན་གྱི་ཡིད་བག་ཆགས་སྔ་ཕྱིའི་ཉིང་འཚམས་སྦྱོར་བ་རྨི་ལམ་གྱི་རྣམ་པ་ལ་བརྟེན་ནས་སྐྱེའོ། །དེ་དག་གི་རང་བཞིན་ནི། ཀུན་དུ་འཚོལ་བའི་ཡིད་ཀྱི་རང་བཞིན་འདོད་པས་ཆོ་ག་ཤེས་རྒྱུ་མེད་པ་དང་། གཏན་ལ་འབེབས་པ་ནི་ང་དང་བདག་གིར་འཛིན་པ་དང་། ངེས་པར་འཇོག་པ་ནི་གཅད་པའི་ཡུལ་ལ་ཞེན་པ། འགྱུ་བྱེད་འཛིན་པའི་རང་བཞིན་རྟེན་གཅིག་ལ་མི་གནས་པ། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གཅིག་ལ་ཐ་དད་དུ་འཛིན་པ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པའམ་རང་བཞིན་ཕྱིན་ཅི་ལོག་གི་རྣམ་པ་རྣམས་ཡིད་ལ་བྱེད་ཅིང་འཁྲུལ་པའི་རང་བཞིན་ནོ། །འབྲས་བུ་ནི་ཀུན་དུ་འཚོལ་བའི་འབྲས་བུ་བག་ཆགས། གཏན་ལ་འབེབས་པའི་རྟོགས་པ། ངེས་པར་འཇོག་པ་ཡིད་དཔྱོད། འགྱུ་བྱེད་འཛིན་པའི་ཐེ་ཚོམ། ཡིད་ཀྱི་རྣམ་ཤེས་ཀྱི་འབྲས་བུ་ལོག་ཤེས། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གོང་མ་རྣམས་འདུས་པའི་ཕྱིར་ན་འགྲོ་བ་རིགས་དྲུག་ཏུ་འཁོར་བའོ། །སོ་སོའི་མཚན་ཉིད་ནི། ཀུན་དུ་འཚོལ་བའི་ཡིད་ཀྱི་མཚན་ཉིད་ཟླར་སྡུད་ཅིང་གནས་པ་མ་ཡིན་པའོ། །གཏན་ལ་འབེབས་པའི་རྟོག་པ་བྱེད་ཅིང་ཡུལ་ཡོངས་སུ་གཅོད་པའོ། །ངེས་པར་འཇོག་པ་ནི་འཁྲུལ་པ་ལ་ཡང་དག་ཏུ་འཛིན་པའོ། །འགྱུ་བྱེད་འཛིན་པའི་མཚན་ཉིད་སྣང་རུང་རྣམས་འཛིན་པར་བྱེད་པའོ། །ཡིད་ཀྱི་རྣམ་ཤེས་ཀྱིས་ནི་སྒོ་ལྔའི་རྗེས་སུ་འགྲོ་ལྡོག་གོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་མཚན་ཉིད་ནི་སྡུག་བསྔལ་ཞིང་རྒྱུན་མི་རྟག་པའོ། །ཡིད་དེ་དག་བཟུང་སྟེ་བསྟན་པར་བྱ་བའི་མན་ངག་ནི། ཡིད་དྲུག་པོ་དེ་དག་ནི་ཡེ་ནས་ཡོད་པ་མ་ཡིན་ཏེ། གློ་བུར་བ་དཔེར་ན་ནམ་མཁའི་སྤྲིན་དང་འདྲ་སྟེ། གློ་བུར་དུ་བྱུང་ཞིང་གློ་བུར་དུ་དེངས་པ་དང་འདྲ་བར། ཆོས་ཉིད་ཡེ་ནས་གནས་པ་དེ་ལ། ཡིད་དྲུག་གློ་བུར་དུ་བྱུང་ཞིང་གློ་བུར་དུ་ཡལ་བས་ཏེ། དེ་ལྟར་སྣང་བ་སྣ་ཚོགས་སུ་སྣང་ཡང་གཅིག་ཡིན་པས། གཅིག་ལ་ཐ་དད་དུ་འཛིན་པའི་འགྱུ་བ་རང་གཅད་པས། ཡུལ་གསུམ་ལ་བདག་ཏུ་རྟོག་པའི་བློ་ལས་འདས་པས། དྲན་པ་གློ་བུར་བའི་རྟོག་པ་རྒྱུན་ཆད། དེ་ཆད་པས་དྲན་པ་མེད་པ་བེམས་པོའི་ཤེས་པ་རང་འགགས། དེ་འགགས་པས་སྐྱེ་མེད་རང་གི་ངོ་བོ་ལ་གནས་ཏེ། འགག་མེད་དུ་ཟང་ཐལ། དེ་ལས་འདས་ཏེ་མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ལྟ་བར་བཞུགས་ཏེ། ཡིད་ཀྱི་འགྱུ་བ་རང་ཆོད། དེ་ཆོད་པས་ཡུལ་ལ་འཛིན་པའི་ཤེས་པ་རང་གཏན་སྟོང་པའོ། །དེ་སྟོང་པས་བག་ཆགས་སྔ་ཕྱིའི་ཞེན་པ་སྐྱེ་མི་སྲིད་པས། འཁྲུལ་པ་རྒྱུན་ཆད་པའོ། །དེ་ཡང་དེ་ཉིད་བཟུང་བའི་མན་ངག་དངོས་ནི་ཐབས་ལ་བརྟེན་ནས་བཟུང་བ་དང་། ཤེས་རབ་ལ་བརྟེན་ནས་བཟུང་བའོ། །ཐབས་ལ་བརྟེན་ནས་བཟུང་བ་ནི། སྒྲའི་དམིགས་རྟེན་ལ་སོགས་པ་སྒོ་ལྔའི་རང་རྒྱུད་ཀྱི་ཞེན་པ་ཟློག་པའི་ཐབས་ལྔའམ་དྲུག་ལ་བརྟེན་ནས་སྦྱངས་པས། སྣང་ལ་རང་བཞིན་མེད་པའི་ཡིད་ཀྱི་བྱུང་ཚོར་གྲོལ་བ་འབྱུང་བ་ཡིན་ནོ། །ཡང་རྣམ་པར་རྟོག་པ་ཧཱུྃ་གིས་དེད་པ་ལ་སོགས་པ་སྙིང་གཟེར་ཉེར་གཅིག་ལ་བསླབས་པས་ཡིད་ཀྱི་འགྱུ་བ་རང་འགགས་ནས། བདེ་ཆེན་རང་ལུགས་སུ་འཆར་བ་དག་ཡིན་ནོ། །ཤེས་རབ་ལ་བརྟེན་ནས་བཟུང་བ་ནི། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་འཁོར་འདས་གྲུབ་མ་མྱོང་བས། འགྱུ་བའི་ཤེས་པ་ཡོད་མི་སྲིད། དེ་མེད་པས་ཡིད་དྲུག་གི་ཡུལ་ལ་སྣང་མ་མྱོང་། དེ་མ་མྱོང་བས་གཅོད་པར་བྱེད་པའི་ཤེས་པ་རྒྱུན་ཆད་པའོ། །གང་ལྟར་ཤར་བ་ཐམས་ཅད་ཆོས་ཉིད། ཇི་ལྟར་སྣང་བ་ཐམས་ཅད་རོལ་པ། ཡོད་མེད་སྣང་གྲགས་ཐམས་ཅད་གནས་ལུགས་སུ་གྲོལ་བ་ཞེས་བྱ་སྟེ། ཡིད་དྲུག་བཙལ་དུ་མ་རྙེད་པས་འཁྲུལ་པ་ཀ་ནས་དག་པའོ། །དེ་ལྟར་ཀ་དག་པས་སྣང་བ་རང་ས་ན་བརྟན། ཤེས་པ་རང་ས་ནས་གྲོལ་ཏེ། སྣང་བའི་དུས་ན་རང་སྣང་དུ་ཤེས་པའི་གནད་དང་། འགྱུ་བའི་དུས་ན་རང་ཡུལ་དུ་ཤེས་པའི་གནད་དང་། གྲོལ་བའི་དུས་ན་ཡེ་གྲོལ་དུ་རྟོགས་པའོ། །ཡིད་དེ་དག་ཕྱི་ནང་གི་འབྱུང་བ་དང་སྦྱར་བ་ནི། གང་ལ་ཡང་ཐོགས་པ་མེད་པས་འགྱུ་བ་རླུང་ཡིན་ལ། འབྱུང་འཇུག་གང་སྟོང་དུ་བྱེད་པས་དབུགས་ཡིན་ནོ། །སྐུ་གསུམ་དུ་ལ་བཟླ་བ་ནི། དེ་ལྟར་ཆོས་ཀྱི་རྣམ་གྲངས་བཅུ་གཉིས་ཀྱིས་ཡིད་གཏན་ལ་ཕབ་པས། ཡིད་ལ་ཡིད་དུ་ཤེས་པས་ཕྱི་ཡུལ་ལ་འཛིན་པ་རང་དག །ནང་སེམས་ཀྱི་འཆིང་བ་རང་གྲོལ། བདག་འཛིན་ཉོན་མོངས་པའི་རྟོག་པ་རང་འགགས་པས། དྲན་པ་མི་གནས་དེ་འདྲ་བསམ་ཡུལ་དང་བྲལ། དྲན་མེད་ལ་མི་གནས་ཡེ་ནས་སྐྱེ་བ་མེད། སྐྱེ་མེད་ལ་མི་གནས་པས་འགྱུ་བ་བློ་ལས་འདས། འདས་ཐོག་ན་མི་གནས་ཏེ་མཐའ་གྲོལ་ཅི་ཡི་ངོ་བོར་ཡང་མ་གྲུབ་པས། སྐུ་གསུམ་དུ་ཡོངས་སུ་རྫོགས་པ་ནི། སྣ་ཚོགས་ཡིད་ཀྱི་ཆོ་འཕྲུལ་ཡིན་པས་སྤྲུལ་སྐུ་རང་ཤར། བྱས་སྤྱོད་ལོངས་སྤྱོད་ཀྱི་རྒྱུན་དུ་ཤར་བས་ལོངས་སྐུ་རང་ཤར། ཡོད་མེད་སྣང་སྟོང་གཤིས་ལས་གྲོལ་བས་ཆོས་སྐུར་རང་ཟང་ཐལ་བ་ནི། དེ་དག་ངོས་བཟུང་བ་ཡིད་དཔྱོད་འགྱུ་བ་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ་ཐུག་ཕྲད་དུ་ངོ་སྤྲད། ཡིད་ཀྱི་དྲན་པ་ཡུལ་དུ་མ་སྤྱད་པ་ལོངས་སྐུ་ཐུག་ཕྲད་དུ་ངོ་སྤྲད། ཡིད་ཀྱི་འཛིན་པ་གློ་བུར་རང་སར་དག་པ་ཆོས་སྐུ་ཐུག་ཕྲད་དུ་ངོ་སྤྲད་པས། སྣང་བ་རང་རྒྱུད་དུ་འཛིན་པའི་ཞེན་པ་རང་ལོག་པས་སྤྲུལ་པའི་སྐུ་ལ་ཞེན་པའི་འགྱུ་བ་རང་ཆོད་པས་ཡིད་ཀྱི་དྲན་པ་ལ་བཟླ། ཆོས་ཉིད་བཅོས་མ་ལས་གྲོལ་བའི་ཡིད་རང་བྱུང་གི་ཡེ་ཤེས། གསལ་བ་རང་རྒྱུད་དུ་འཛིན་པའི་ཞེན་པ་རང་ལོག་པས། ལོངས་སྤྱོད་རྫོགས་པའི་སྐུ་ཡིས་བཅིངས་པའི་མདུད་པ་རང་ས་ནས་གྲོལ་བས། ཡིད་ཀྱི་བྱུང་ཚོར་ལ་བཟླ་སྟེ། ཆོས་ཉིད་གཉུག་མ་གཉིས་སུ་མེད་པར་གནས་པས་ཡིད་རང་བྱུང་གི་ཡེ་ཤེས། སྟོང་པ་རང་རྒྱུད་དུ་འཛིན་པ་རང་ལོག་པས། ཆོས་ཀྱི་སྐུར་འཛིན་པའི་ཞེ་འདོད་རང་འགགས་པས། ཡིད་ཀྱི་འགྱུ་བ་གཏན་མེད་པར་ཡོད་མེད་ལ་བཟླས་ཏེ། རྣལ་མ་དོན་གྱི་ཆོས་ཉིད་དུ་ཡིད་རང་བྱུང་གི་ཡེ་ཤེས་སུ་རང་ཤར་བའོ། །དེ་ལྟར་ཡིད་ཀྱི་རང་གི་མཚན་ཉིད་ཀྱི་ཆོས་བཅུ་གཉིས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང་རྩ་བ་ཆོད་པ་ལས་སྐྱེས་བུའི་ཡིད་ཡང་དག་པའོ། །ཆོས་ཉིད་ཁོང་དུ་ཆུད་པ་འདི་ལྟ་བུའི་རྟགས་རྣམས་དང་ཡིད་ལ་ལྡན་པར་གྱུར་པ་དེ་ནི། ཚེ་སྔ་མ་ལ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཡང་དག་པར། ད་ལྟའི་ཡིད་ལ་རྟགས་བྱུང་བ་འདི་ཡིས་ཚེ་སྔ་མ་ལ་གོམས་པར་བྱས་པ་སྟོན་པ་རྡོ་རྗེ་འཆང་ང་ཡིས་བསྟན་ལ། འདི་མ་ཡིན་པ་གཞན་དུ་སངས་རྒྱས་གཞན་དག་གིས་ཀྱང་བསྟན་པའོ། །རྟགས་གཉིས་པོ་འདི་ལྟར་བྱུང་བའི་སྐྱེས་བུ་ནི་སྐུ་ལ་གོམས་པ་ནི། སུས་ཀྱང་མ་བསླབས་པར་བསྒོམ་པ་རང་བབས་སུ་གང་ལ་བྱུང་བའི་སྐྱེས་པའམ་བུད་མེད་ནི། སྔ་མ་ལ་བསྒོམ་པའི་དུས་ན་བྱིང་བའི་སྐྱོན་ལས་བར་ཆད་ནས་འབྲས་བུ་མ་རྫོགས་པ་སྟེ། འདི་ལ་སྣང་གསལ་གྱིས་བསྐང་བར་བྱས་ནས། སྒྲུབ་པས་འབྲས་བུ་ཚེ་གཉིས་ན་ཐོབ་པར་ངེས་སོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་རང་བཞིན་གྱིས་རྣམ་རྟོག་ཆུང་ཞིང་སེམས་ནི་སུས་ཀྱང་བཅོས་པ་མེད་པར་ངང་གིས་རང་གཞག་ཏུ་དལ་བ་རྙེད་པའི་སྐྱེས་པའམ་བུད་མེད་འདིས་ནི་སྔོན་དུ་སངས་རྒྱས་ཀྱི་སྐུ་ལ་ཡིད་གཙོ་བའི་སྒོ་ནས་གོམས་པར་བྱེད་པའི་དུས་ན། བླ་མ་ལ་སེམས་པས་བག་མེད་པར་གྱུར་པ་ལས་བར་ཆད་ནས་འབྲས་བུ་དེ་ཉིད་ལ་མ་རྫོགས་ཏེ། ད་ལྟའི་བླ་མ་ལ་སེམས་ཀྱི་གདུང་བ་རབ་ཏུ་བསླང་བ་ཡང་དང་ཡང་དུ་བྱས་པས། བསྒྲུབ་ན་ཚེ་འདི་དང་གཉིས་ཏེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དེ་བཞིན་ཉིད་ཀྱི་སངས་རྒྱས་སུ་འགྱུར་རོ། །ཞེས་སྔོན་དུ་སྦྱངས་པའི་ཡིད་ལ་སངས་རྒྱས་རྣམས་ཀྱི་སྐུའི་རྟགས་བསྟན་ནས། ད་ནི་སྔོན་དུ་སངས་རྒྱས་ཀྱི་གསུང་ལ་གོམས་པར་བྱས་པའི་རྟགས་ད་ལྟའི་ཡིད་ལ་འབྱུང་བར་བསྟན་པ་ནི། བསམ་པས་ཆོས་རྣམས་བློར་སྣང་དང་། །ཞེས་པ་ལ་སོགས་པས་བསྟན་ཏེ། སྐྱེས་པའམ་བུད་མེད་གང་གིས་སྔོན་ཆད་མ་མཐོང་བའི་ཆོས་རྣམས་ཀྱང་། བསམས་པ་ཙམ་གྱིས་ཤེས་བྱ་སྤྱིའི་རྣམ་པ་ཆོས་གྲུབ་པའི་མཐར་འཛིན་པ་དང་། ཤེས་བྱ་རང་གི་ཆོས་རང་གི་འདུག་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་པ་རྣམས་སྐྱེས་བུ་དེའི་བློར་སྣང་ཞིང་འཁྲུལ་པ་མེད་པར་ཤེས་པའི་གང་ཟག་ནི། སྔོན་དུ་སངས་རྒྱས་ཀྱི་གསུངས་ལ་ཡིད་གཙོ་བོའི་སྒོ་ནས་སྦྱོང་པའི་ཚེ་རང་གི་བླ་མ་ལ་མི་དད་པ་སྐད་ཅིག་མ་གཉིས་ཀྱི་ཆ་ཙམ་སྐྱེས་པ་ལས། བར་ཆད་ནས་འབྲས་བུ་དེ་ཉིད་ལ་མ་རྫོགས་པར་འདི་ལ་ལས་ཀྱི་འཕྲོ་འཐུད་པ་སྟེ། ད་ལྟ་ཡིད་ཀྱིས་བླ་མ་ལ་རབ་ཏུ་མོས་པ་དཔག་ཏུ་མེད་པ་བསགས་པ་ལས་བསྒྲུབ་སྟེ། ཆོས་མ་ལོག་ན་ཚེ་འདི་དང་གསུམ་ན་སངས་རྒྱས་ཀྱི་གསུང་གི་སངས་རྒྱས་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྐྱེས་པའམ་བུད་མེད་གང་ཡང་རུང་བས་སྔར་མཐོང་མ་མྱོང་བའི་གླིང་དང་རབ་ཏུ་བཅས་པ་དང་། གླིང་དུམ་བུ་དང་། ལྷ་དང་ལྷ་མིན་གྱི་ཡུལ་དང་། ངན་སོང་གསུམ་གྱི་ཡུལ་ཡིད་ཀྱིས་མཐོང་བ་ནི། སྔོན་དུ་ཡིད་གཙོ་བའི་སྒོ་ནས་སངས་རྒྱས་ཀྱི་གསུང་ལ་བསྒྲུབས་པའི་ཚེ། རང་གི་ཡུལ་ལ་ཞེན་པའི་འགྱུ་བ་བྱུང་ནས་བར་ཆད་པས་འབྲས་བུ་དེ་ཉིད་ལ་མ་རྫོགས་པས། ད་ལྟ་འདི་ལ་ལས་ཀྱི་འཕྲོ་འཐུད་པས་བྱུང་བ་ཡིན་ཏེ། རང་གི་ཡུལ་སྤངས་ནས་ཡིད་ཀྱི་བསམ་གཏན་ལ་བསླབས་པས་འབྲས་བུ་ཚེ་འདི་དང་གསུམ་ན་འབྱིན་པ་ཡིན་ནོ། །ཡང་སྐྱེས་བུས་སྔར་རྣ་བའི་དབང་པོས་མ་ཐོས་པའི་ཆོས་ཀྱི་ཚིག །རང་བཞིན་དུ་བྱས་པ་མེད་པར་ནི་སྐྱེས་པའམ་བུད་མེད་སུས་ཤེས་པ་ནི། སྐལ་ལྡན་འདིས་ནི་སྔོན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་གོམས་པར་བྱེད་པའི་ཚེ། ཚིག་ལ་ཐེ་ཚོམ་སྐྱེས་པ་ལས་བར་ཆད་ནས་འབྲས་བུ་དེ་ཉིད་མ་རྫོགས་ཏེ། ད་ལྟ་ཡིད་ལ་སྨིན་པས་ཏེ། འདི་ཉིད་ལ་ཆོས་མ་ལོག་པ་གཞན་ལ་བསྟན་ན། ཚེ་འདི་དང་གསུམ་ན་འབྲས་བུ་རྫོགས་པར་འགྱུར་རོ། །མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་གདམས་པའོ། །ཞེས་སངས་རྒྱས་ཀྱི་གསུང་ལ་སྦྱངས་པའི་རྟགས་བསྟན་ནས། ད་ནི་ཐུགས་ལ་སྔོན་དུ་སྦྱངས་པའི་རྟགས་ཡིད་ལ་འབྱུང་བར་བསྟན་པ་ནི། རྟག་ཏུ་གཅིག་པུར་འདུག་པ་དང་། །ཞེས་པ་ལ་སོགས་པས་བསྟན་ཏེ། སྐྱེས་བུ་འདི་ནི་དུས་རྟག་ཏུ་རང་གཅིག་པུར་འདུག་ཅིང་མི་དང་མི་འགྲོགས་པར། གཞན་གྱི་ཟླ་ལ་མི་བརྩི་བར་འདུག་ཚུགས་དང་ལྡན་པའི་སྐྱེས་པའམ་བུད་མེད་ནི། ཚེ་སྔ་མ་ལ་ཡིད་གཙོ་བའི་སྒོ་ནས་སངས་རྒྱས་ཀྱི་ཐུགས་ལ་སྦྱོང་བ་ལ་བར་ཆད་ནས། མི་གཞན་གྱིས་མ་མཐོང་བར་ལུས་ཀྱི་སྡིག་པ་ཆ་འཕྲ་མོ་སྐྱེས་པས་འབྲས་བུ་དེ་ཉིད་མ་རྫོགས་པས། ད་ལྟའི་ཡིད་ལ་སྨིན་པས། སཱཙྪ་དང་མཆོད་རྟེན་གྱི་ལས་བྱས་ནས་བསྒྲུབ་པས། འབྲས་བུ་ཚེ་གསུམ་ན་རྫོགས་པའོ། །ཡང་སྐྱེས་པའམ་བུད་མེད་གང་ཡང་རུང་བས་གང་ལ་ཡང་འཇིགས་ཤིང་ཡ་ང་བའི་སེམས་མེད་པ་དང་ལྡན་པ་ནི། སྔོན་དུ་ལྷག་པའི་ང་རྒྱལ་སྐྱེས་པ་ལས་བར་ཆད་ནས་འབྲས་བུ་དེ་ཉིད་ལ་མ་རྫོགས་པ་ཡིན་ནོ། །ད་ལྟའི་ཡིད་ལ་སྨིན་པའོ། །དེ་ལྟ་རང་གི་བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་བྱས་ནས་སྒྲུབ་པས་ཚེ་གསུམ་ན་འབྲས་བུ་རྫོགས་པར་འགྱུར་རོ། །ཡང་སྐྱེས་བུ་རང་བཞིན་གྱིས་རི་མཐོན་པོ་རྣམས་དང་རི་སུལ་དང་ནགས་འཐུག་པོའི་ཚལ་དུ་འགྲིམ་པའི་མི་འདིས་ནི་སྔོན་དུ་སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་དག་པར་གོམས་པར་བྱེད་པའི་ཚེ་ན། རྡོ་རྗེའི་སྤུན་ལ་ཡིད་ཀྱིས་ཕྲག་དོག་ཞུགས་པས་བར་ཆད་ནས། ད་ལྟའི་ཡིད་ལ་སྨིན་པས། ད་རྡོ་རྗེའི་སྤུན་ལ་ཚོགས་ཀྱི་སྟོན་མོ་བྱས་ནས། ཆོས་མ་ལོག་པར་བསྒྲུབས་ན། འབྲས་བུ་འབྱིན་པ་ཡིན་ནོ་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་གདམས་པའོ། །དེ་ཡང་འབྲས་བུ་ཇི་ཙམ་ན་ཐོབ་ཞེ་ན། རྟགས་འདི་ལྟར་ཡིད་ལ་ལྡན་པའི་སྐྱེས་བུའམ་བུད་མེད་ལ། ཚེ་འདི་ལ་འཇིག་རྟེན་གྱི་འཁྲུལ་པ་བར་མ་ཆད་བར་ཆོས་ཉིད་ཀྱི་བདེན་པ་ལ་སྤྱད་ན། ཚེ་འདི་དང་གསུམ་གྱིས་ནི་གདོན་མི་ཟ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སངས་རྒྱས་ཉིད་ལ་ཐེ་ཚོམ་མེད་པར་ཐོབ་ངེས་སོ། །གལ་ཏེ་བར་ཆད་ནས་གོལ་སར་གྱུར་པ་ནི་ལུས་ཀྱི་སྐབས་སུ་བསྟན་པ་དང་འདྲའོ། །ཞེས་ཐུགས་ཀྱི་རྟགས་བསྟན་ནས། ད་ནི་དེ་དག་ཀྱང་གཞི་རང་བཞིན་གྱིས་གནས་པ་རིག་པ་བཟང་ངན་མེད་པར་མཇུག་བསྡུ་བ་ཕན་ཡོན་དང་བཅས་པ་བསྟན་པ་ནི། འདི་ལྟར་རིགས་དང་རིགས་དམན་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། རྟགས་ཀྱི་རྣམ་པ་འདི་ལྟར་ཆོས་སྤྱོད་པའི་རིགས་དང་། མ་རབས་ངན་པའི་རིགས་ཆོས་མི་སྤྱོད་པ་དང་འགྲོ་བ་དམན་པ། མཁའ་ལྡིང་གི་རྒྱལ་པོ་བྱ་ཁྱུང་དང་། རི་དྭགས་ཀྱི་རྒྱལ་པོ་ཨེ་ནྱ་དང་། ཁྱིའི་རྒྱལ་པོ་རྣ་བ་བཞི་ཡོད་པ་ལ་སོགས་པ་ནི་བྱོལ་སོང་གཞན་རྟ་དང་མ་ཧེ་ལ་སོགས་པའི་གཟུགས་སུ་འཛིན་པ་ཐ་དད་པ་རྣམས་ལ་ཡང་། སྔོན་དུ་གོམས་པ་བྱས་པའི་རང་ཤུགས་ཀྱིས་ནི་གོང་དུ་བསྟན་པའི་རྟགས་འདི་ནི་སྐུའི་སྐུ་སྤྲུལ་པའི་སྐུ་དང་། སྐུའི་གསུང་ལོངས་སྐུ་དང་། སྐུའི་ཐུགས་ཆོས་སྐུ་གསུང་ལས། ལུས་ཀྱི་ལུས་དང་དབང་པོའི་ཡན་ལག་གསལ་བར་རྫོགས་པ་སྟེ། རགས་པ་སྔོན་དུ་སྣང་བའི་ལུས་འདི་དང་། ལུས་ཀྱི་ངག་ཡན་ལག་སྤྱོད་པ་དང་སེ་གོལ་གཏོགས་པ་ལ་སོགས་པ་ལུས་ཀྱི་རྩོལ་བའི་སྒྲ་སྟེ་མ་བརྗོད་པར་རང་ཤུགས་ལས་བྱུང་བ་དང་། ལུས་ཀྱི་ཡིད་རླུང་གི་སྟོབས་ལ་བརྟེན་ནས་འགྲོ་བ་དང་བསྐྱོད་པར་ནུས་པ་རྣམས་ཏེ། དེ་ལྟར་ལུས་གསུམ་ལ་འབྱུང་བ་ཡོད་དོ་ཞེས་བསྟན་པ་དང་། དེ་བཞིན་དུ་འདིའི་རྟགས་གསུང་གི་གསུང་མཚོན་དུ་མེད་པའི་གསུང་དང་། གསུང་གི་སྐུ་ཚིག་གི་གསུང་དང་། གསུང་གི་ཐུགས་བརྗོད་དུ་མེད་པ་གསུང་གི་རྟགས་དང་གསུམ་ལས། ངག་གི་ལུས་བརྗོད་གཞི་སྣ་ཚོགས་སུ་བྱུང་བ་དང་། ངག་གི་ངག་སྒྲ་སྣ་ཚོགས་པ་དང་། ངག་གི་ཡིད་ཚིག་སྣ་ཚོགས་བརྗོད་པ་དང་། བསམ་པ་དང་སྐྱེ་བ་ལ་བརྟགས་ཏེ་འབྱུང་བ་ཡིན་ནོ། །དེ་ལྟར་ཐུགས་ཀྱི་སྐུ་ཡིད་མེད་པ་དང་། ཐུགས་ཀྱི་གསུང་སེམས་པ་དང་། ཐུགས་ཀྱི་ཐུགས་མ་རིག་པ་མེད་པའི་རྟགས་དང་གསུམ་ལས། ཡིད་ཀྱི་ལུས་འགྱུ་བར་བྱེད་པ་དང་། ཡིད་ཀྱི་ངག་ཡུལ་གཅོད་པ་དང་། ཡིད་ཀྱི་ཡིད་བག་ཆགས་སྔ་ཕྱི་རྣམས་ལ་རྟགས་འདི་རྣམས་ནི་འབྱུང་བ་ཡོད་དོ། །འདི་ཀུན་ནི་སྔོན་དུ་སྦྱངས་ཏེ། དེ་ལས་གོང་དུ་བསྟན་པའི་ཉེས་པས་བར་ཆད་པས་མཐར་མ་ཕྱིན་པ་སྟེ། ད་ལྟའི་ལུས་ངག་ཡིད་ལ་སྨིན་པ་ཡིན་ནོ། །འདི་ལྟར་བྱུང་བའི་སྐྱེས་བུ་རྣམས་ཀྱིས་ཚེ་འདི་ལ་བར་ཆད་བསྐང་བའི་ལས་བྱས་ནས། ཆོས་སྤྱད་ན་རྟགས་དང་ལྡན་པ་དེ་ཀུན་ཀྱང་ནི་སྐད་དང་བརྡའ་གཅིག་པར་འབྲས་བུ་གོང་ལྟར་ཐོབ་པ་ཡིན་ནོ། །གལ་ཏེ་ལེ་ལོས་གཡེངས་ནས་ཚེ་འདི་ལ་བར་ཆད་ནས་ཆོས་མ་སྤྱད་ན། སྐུའི་རྟགས་དང་ལྡན་པ་ལ་འདི་ལ་ཆོས་མེད་ན་གོལ་ཏེ་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། གསུང་གི་རྟགས་དང་ལྡན་ནས་འདི་ལ་ཆོས་མ་སྤྱད་ན་ཚངས་པའི་གནས་བཞིར་སྐྱེའོ། །ཐུགས་ཀྱི་རྟགས་དང་ལྡན་ནས་འདི་ལ་ཆོས་མ་སྤྱད་ན་སྐྱེ་གནས་ལྷ་མིན་དག་ཏུ་སྐྱེས་ཏེ། དེ་ནས་འཁོར་བ་ལས་ཀྱི་ཁ་བརྒྱུད་ནས་གོང་དུ་ལུས་ཀྱི་སྐབས་སུ་བསྟན་པ་བཞིན་དུ་ཐ་མ་སེམས་ཅན་དམྱལ་བའི་གནས་སུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་འདི་ལྟར་བྱུང་བའི་སྐྱེས་བུ་ལ་སྔ་མ་སྦྱངས་པའི་རྟགས་ཀྱིས་ནི། ད་ལྟ་མ་ཆ ད་པར་བསྒྲུབས་ན་བདེ་བའི་ལས་རྫོགས་ནས་ཡང་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་འགྱུར་རོ་ཞེས་ཡིད་ལ་སྐུ་གསུང་ཐུགས་ཀྱི་རྟགས་འབྱུང་བ་འཇུག་བསྡུ་བ་ཕན་ཡོན་དང་བཅས་པ་བསྟན་ཏེ་ལེའུ་གཞུང་བསྟན་ཏོ། །ལེའུའི་མཚན་ནི་སྐུའི་སྔ་མའི་རྟགས་བསྟན། གདུང་གིས་ཕྱི་མིའི་རྟགས་བསྟན། འབར་བས་ད་ལྟའི་རྟགས་བསྟན། རིན་པོ་ཆེས་ཡོན་ཏན་འཕེལ་སྣོད་བསྟན། རྒྱུད་ནི་སྐུའི་རྒྱུད་འགྲོ་བའི་ལུས། གསུང་གི་རྒྱུད་ངག་དང་། ཐུགས་ཀྱི་རྒྱུད་སེམས་སོ། །དེ་ལྟར་རྒྱུད་གསུམ་གཅིག་ཏུ་འདུས་པ་རང་རྒྱུད་རྫོགས་པ་ཆེན་པོ་ལས། སྐྱེས་བུ་གང་ཟག་ལུས་ཀྱི་ལུས་དང་། ལུས་ཀྱི་ངག་དང་། ལུས་ཀྱི་ཡིད་དང་། ངག་གི་ལུས་དང་། ངག་གི་ངག་དང་། ངག་གི་ཡིད་དང་། ཡིད་ཀྱི་ལུས་དང་། ཡིད་ཀྱི་ངག་དང་། ཡིད་ཀྱི་ཡིད་རྣམས་ལ་སྔོན་དུ་སྦྱངས་པའི་རྟགས་ད་ལྟའི་ལུས་ངག་ཡིད་དགུ་ལ་ཇི་ལྟར་འབྱུང་བ་ཚིག་དང་ཡི་གེར་བསྟན་པའོ། །ལེའུའི་གཞུང་གི་དུམ་བུའམ་སྐབས་སམ། སྡེ་ཚན་ངེས་པར་གཅད་པ། དང་པོའོ། །སྟེ་ཐོག་མའོ། ། ༅། །ད་ནི་ལེའུ་གཉིས་པ་ད་ལྟའི་ལུས་ངག་སེམས་ལ་ཉམས་སུ་བླངས་པའི་རྟགས་བསྟན་པ་འདི་ལ་སྤྱི་དོན་བཞིས་བསྟན་ཏེ། སྔོན་འགྲོ་ལ་སྦྱང་པར་བྱ་བའི་རིམ་པའི་རྟགས་དང་། དངོས་གཞི་ཟག་པ་མེད་པའི་དོན་ལ་ཉམས་སུ་བླངས་པ་ལས་འབྱུང་བ་བྱེ་བྲག་སོ་སོའི་རྟགས་བསྟན་པ་དང་། རྟགས་དང་ལྡན་པའི་སྐྱེས་བུའི་ཡོན་ཏན་གྱི་རྣམ་པར་གཞག་པ་བསྟན་པ་དང་། གལ་ཏེ་རྟགས་དང་མི་ལྡན་ན་མན་ངག་ཕྱིན་ཅི་ལོག་ཏུ་བསྟན་པའི་སྐྱོན་དང་བཞི་ལས། དང་པོ་སྔོན་དུ་འགྲོ་བ་སྦྱོང་བར་བྱ་བའི་དོན། སྦྱངས་པ་ལས་བྱུང་བའི་རྟགས་བསྟན་པ་ལ་ནང་གསེས་ཀྱི་དོན་བཞིས་བསྟན་པའི་དང་པོ། སྟོན་པས་གདུལ་བྱ་ཁྱད་པར་ཅན་གྱི་ཡུལ་ལ་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་ལེགས་པར་ཉོན་ཅིག་པར་བསྟན་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལེའུ་དང་པོ་བཤད་མ་ཐག་པའི་དེ་ནས། སྟོན་པ་ནི་བསྟན་པ་ཁྱད་པར་ཅན་ཐུགས་ལས་ཕྱུང་ནས་འགྲོ་བ་སྨིན་པར་བྱེད་པའོ། །རྡོ་རྗེ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མི་མངའ་བའོ། །འཆང་བ་ནི་ཆོས་ཉིད་མཉམ་པའི་དགོངས་པ་ལ་མི་འབྲལ་བར་གནས་པའོ། །དེ་ལྟར་ན་སྟོན་པ་ཉིད་ཀྱིས་མཚོན་བྱ་དོན་གྱི་ཆོས་དང་། མཚོན་བྱེད་ཚིག་གི་ཆོས་གཉིས་མཚོན་བྱེད་ལ་རིག་པ་ཡིད་དཔྱོད་ཀྱི་ཆོས་དང་། རྟག་པ་རྗེས་ཀྱི་ཆོས་དང་། རང་རིག་མངོན་གསུམ་གྱི་ཆོས་ཀུན་ཐམས་ཅད་ལ། ཟག་པ་ནི་འབྱུང་བ་རྡོས་པའི་ཟག་པ་དང་། ཉོན་མོངས་པ་ཐ་དད་པའི་ཟག་པ་དང་། གློ་བུར་རྐྱེན་གྱི་ཟག་པ་དང་གསུམ་མོ། །འབྱུང་བའི་ཟག་པ་ནི་ཕྱི་འབྱུང་བ་རགས་པའི་ཟག་པ་གཟུང་བའི་ཡུལ་དང་ཞེན་པའི་ཡུལ་རགས་པ་རྫས་དང་བཅས་པ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་མ་ཡིན་པ་འཛག་པར་བྱེད་ལ། ནང་འབྱུང་བ་ལུས་ཀྱི་ཟག་པ་ཞེན་པ་ཐ་དད་པར་བཟུང་བས་ཆོས་ཉིད་གཉིས་སུ་མེད་པའི་དོན་འཛག་པར་བྱེད་པས་ཏེ། ཤ་ཁྲག་རྡོས་པ་དང་བཅས་པའོ། །ཉོན་མོངས་པའི་ཟག་པ་ནི། རྒྱུ་མ་རིག་པའི་ཟག་པ་དང་། རྐྱེན་དུག་ལྔ་ཐ་དད་པའི་ཟག་པ་དང་། འབྲས་བུ་བག་ཆགས་སྔ་ཕྱིའི་མཚམས་སྦྱོར་བ་དང་བཅས་པའི་ཟག་པ་དང་གསུམ་མོ། །རྒྱུ་མ་རིག་པའི་ཟག་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་འཁྲུལ་པ་དོན་དམ་པར་འཛིན་པའི་ཟག་པའི་རྒྱུ་བྱས། ཀུན་ཏུ་བཏགས་པའི་མ་རིག་པས་ནི་ཡུལ་གཉིས་པོ་ལ་དེ་མ་ཡིན་ལ་དེར་འཛིན་གྱི་ཟག་པའི་རྒྱུ་བྱས། རྒྱུ་བདག་ཉིད་གཅིག་པའི་མ་རིག་པས་ནི་ལྟ་བ་དང་བསྒོམ་པ་ལ་ཡིད་དཔྱོད་ཀྱིས་འཛིན་པའི་ཟག་པའི་རྒྱུ་བྱས་པའོ། །རྐྱེན་དུག་ལྔ་ཐ་དད་པར་འཛིན་པའི་ཟག་པ་ནི། དེ་ལྟར་རྒྱུ་གསུམ་འདུས་པས་དངོས་པོའི་གཤིས་ཤེས་བྱ་རང་གི་མཚན་ཉིད་མ་ཤེས་མ་གསལ་བས་གཏི་མུག་པས་རང་གསལ་སྙིང་པོའི་དོན་ཟག་པར་བྱས། རྒྱུ་དེ་ཞེན་པའི་བློའི་ཡུལ་དུ་བྱས་གཅད་པས་འདོད་ཅིང་ཆགས་པས་ཆགས་མེད་ལ་ཟླ་དང་བྲལ་བའི་དོན་ཡེ་ཤེས་ཟག་པར་བྱས། རྒྱུ་དེ་དག་རང་རྒྱུད་པའི་ཡིད་ཀྱིས་གཅད་པས་ཞེ་སྡང་བ་སྟེ་མཉམ་ཉིད་གཉུག་མ་ལྷུན་གྲུབ་ཀྱི་དོན་ཟག་པར་བྱས་སོ། །དེ་ལྟར་གསུམ་ལས་འདོད་པའི་ཁམས་འདོད་ཆགས་ཀྱི་ལས་གཙོ་བས་ན་འདོད་ཁམས་བདག་དང་བཅས་པར་གྲུབ་ལ། གཟུགས་ཀྱི་ཁམས་རགས་པ་ཞེ་སྡང་གི་ལས་གཙོ་བས་མཛེས་པ་འོད་ཀྱི་ཁམས་སུ་གྲུབ་པའོ། །གཟུགས་མེད་པའི་ཁམས་གནས་པ་གཏི་མུག་ལས་འབྱེད་མེད་རྨུགས་པ་ཁམས་སུ་གྲུབ། དེ་དག་གི་རྐྱེན་ཡུལ་དང་ཤེས་པ་ཐ་དད་པ་ལས་ཕྲ་བ་དང་རགས་པའི་ཟག་པ་དང་། ཤིན་ཏུ་ཕྲ་བའི་ཟག་པ་དང་། རབ་ཏུ་ཕྲ་བའི་ཟག་པས་ཏེ། འགྱུ་བ་དང་དྲན་པ་དང་ཡིད་རྣམས་སོ། །དེ་ཡང་ཡིད་གང་ལས་བྱུང་ན་དྲན་པ་ལས་བྱུང་། དྲན་པ་གང་ལས་བྱུང་ན་འགྱུ་བ་ལས་བྱུང་། འགྱུ་བ་དུག་གསུམ་ལས་བྱུང་། དུག་གསུམ་པོ་མ་རིག་པ་གསུམ་པོ་ལས་བྱུང་། དེ་དག་རྣམས་འདུས་པ་ལས་འཁྲུལ་པ་ཞེས་བྱ་བའི་མཚན་ཉིད་དོ། །འབྲས་བུ་བག་ཆགས་སྔ་ཕྱིའི་ཟག་པ་ནི། ཡིད་ལ་སོགས་པ་གསུམ་འདུས་པ་ལས་སྔ་མའི་བག་སྟེ་ཤེས་བཞིན་པའི་ཆ་སྟེ་དེ་ཉིད་ལ་ཆགས་པས་འཁྲུལ་པའི་རྟེན་བྱས། ད་ལྟའི་བག་ཆགས་ཡུལ་སྣ་ཚོགས་པའི་བག་ལ། འབྲས་བུ་ང་དང་བདག་ཏུ་འཛིན་པས་ཆགས། དེ་གཉིས་ཀྱི་མཚམས་གཉིད་དང་རྨི་ལམ་གྱིས་སྦྱར་བས་འབྲས་བུ་ཡུལ་སེམས་གཉིས་སུ་བྱུང་། ད་ལྟའི་བག་དགའ་བ་དང་། མི་དགའ་དང་། བདེ་བ་དང་སྡུག་པ་ལ། ཡུལ་སྣོད་དང་འདྲ་བ་ལ་ཆགས་པ་ལས་བཟུང་པ་དང་འཛིན་པ་བྱུང་། ཕྱིས་འབྱུང་གི་བག་ཆགས་ཤིང་ཞེན་པའི་བློ་འཕེན་པས་ཆགས་ཏེ། མཚམས་ཉེ་བར་ལེན་པའི་ལུས་ཀྱིས་སྦྱོར་བས། འབྲས་བུ་འཁོར་བ་ནས་འཁོར་བར་འཁོར་ཏེ། སྔར་གྱི་བག་ཆགས་ཞེན་པའི་མཐའ་དང་ད་ལྟའི་ལུས་འཚོགས་པ་དང་བཅས་པའི་འབྲས་བུར་སྨིན་པས། བདག་འཛིན་གྱི་ཞེན་པ་དུ་མའི་ཟག་པ་བསགས་པས། སྔར་གྱི་ཟག་པ་དང་ད་ལྟའི་འཚོགས་པ་གཉིས་འདབ་འབྱོར་པས། ཕྱིས་འབྱུང་བའི་ཟག་པ་ཀུན་གཞི་འཕེན་པའི་ལས་སྡུད་པས། ཕྱིས་ལུས་ལེན་པའི་རྒྱུ་ད་ལྟར་བསྐྱེད་པས། སྐྱེ་རྒས་ན་འཆི་བཞི་ལ་བརྟེན་ནས་འབྲས་བུ་མ་འོངས་པའི་དུས་སུ་ལུས་ཏེ། དེ་ཡང་ད་ལྟའི་གཟིགས་པའི་ཆོས་ཉིད་ལས་གྲུབ་པས། དེ་གསུམ་གྱི་མཚམས་གཉིད་དང་རྨི་ལམ་ལུས་དང་གསུམ་གྱིས་སྦྱར་བས། ཕྱི་མ་ཕྱི་མའི་ལུས་ཀྱི་འབྲས་བུ་དང་། དེའི་ཕྱི་མ་ལ་སོགས་པ་ཐུག་པ་མེད་པར་འགྱུར་བ་ནི་ཟག་པའི་འབྲས་བུ་དང་འཁོར་བའི་མཐའ་སྟེ་འཁོར་བ་ཉིད་མ་ཟད་ཀྱི་བར་ལ་ལུས་ཀྱང་དེ་སྙེད་དུ་ལེན་པའོ། །དེ་ལྟར་ཤེས་པ་གཟུ་བོ་ལུང་དུ་མ་བསྟན་པས། བག་ལ་ཉལ་སྤྱད་པ་མེད་པའི་ཡུལ་དུ་ཆགས་པས་ཟག་པ་ཉིད་དུ་བྱུང་བའོ། །གློ་བུར་རྐྱེན་གྱི་ཟག་པ་ནི། ཆོས་ཉིད་ཟབ་མོའི་དོན་ལ་ཕྱིན་ཅི་ལོག་དུ་རྟོགས་པའི་ཟག་པ་དང་། གྲུབ་པའི་མཐའ་ལོག་པ་ལས་བྱུང་བའི་ཟག་པ་དང་། རང་གི་གྲུབ་པའི་མཐའ་ལ་ཞེན་ཡུལ་བློ་དང་བཅས་པས་བཟུང་བའོ། །ཆོས་ཉིད་ཟབ་མོའི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པ་ནི། རང་རིག་མངོན་གསུམ་དུ་མ་རྟོགས་པར་ཡིད་དཔྱོད་ཚིག་གི་མཐའ་ལ་སྤྱོད་པའི་ཐ་སྙད་ཀྱི་མངོན་གསུམ་དང་རྗེས་དཔག་ལ་སོགས་པའི་ཟག་པ། ཆོས་ཉིད་མངོན་གསུམ་ལ་བསྒྲིབ་པ་དང་། ཚིག་གི་ཡིན་ཚུལ་བློས་གཞག་པས་ཆོས་ཉིད་རང་སྣང་གི་འགྲོས་དང་བྲལ་ནས་ཕྱིན་ཅི་ལོག་གི་ཟག་པ་ཡིན་ལ། དེ་བཞིན་སྟོང་པ་ཡིད་ཀྱིས་གཅད་པ་དང་། གསལ་བ་དང་རང་བཞིན་མེད་པ་ཡིད་ཀྱིས་གཅད་པ་དང་། མཐའ་ལོག་ནས་རྒྱུ་འབྲས་ལས་ཀྱི་རྒྱུན་གཅད་པ་རྣམས་ཡིན་ནོ། །གྲུབ་པའི་མཐའ་ལོག་པའི་ཟག་པ་ནི། ལྟ་བ་ཕྱིན་ཅི་ལོག་ཏུ་ཞུགས་པ་རྣམས་ཟག་པ་རང་ཀ་མར་སྤྱོད་པ་ཡིན་ལ། རང་གི་གྲུབ་པའི་མཐའ་ལ་ཞེན་ཡུལ་བློ་དང་བཅས་པའི་ཟག་པ་ནི། ངའི་བླ་མ་ལས་ལྷག་པ་མེད་པར་ཞེན་པ་དང་། དེ་བཞིན་དུ་ངའི་མན་ངག་ལས་ཟབ་པ་མེད་དོ་བར་ཞེན་པ་དང་། ངའི་ལྟ་བ་དང་། བསྒོམ་པ་དང་། ཆོས་པ་ང་ལས་བ ཟང་བ་མེད་སྙམ་པའི་བློ་དང་ལྡན་པའི་ཟག་པ་རྣམས་ཡིན་ནོ། །ཟད་ཅིང་ནི་གང་ཟད་པ་དང་། གང་ལ་ཟད་པ་དང་། གང་གིས་ཟད་པ་དང་། གཏན་ཚིགས་གང་གི་ཕྱིར་ཟད་པ་དང་། དཔེ་གང་ལྟར་ཟད་པ་དང་། ཟད་པའི་དགོས་པ་དང་དྲུག་གིས་བསྟན་ཏོ། །གང་ལ་ཟད་ན་གོང་མའི་ཟག་པ་རྣམས་ཟད། གང་ལ་ཟད་ན་ཆོས་ཉིད་མངོན་གསུམ་གྱི་དོན་ཉམས་སུ་མྱོང་བའི་སྐལ་ལྡན་ལ་ཟད། གང་གིས་ཟད་ན་བླ་མའི་མན་ངག་ཕྱིན་ཅི་མ་ལོག་པ་དང་རང་གི་བརྩོན་འགྲུས་མྱུར་བར་བསྟན་པས་ཟད། གཏན་ཚིགས་གང་གི་ཕྱིར་ཟད་ན། གཅིག་ཤེས་ཀུན་གྲོལ་གྱི་གཏན་ཚིགས་ཀྱིས་ཤེས། གཅིག་མ་ཤེས་པས་ཀུན་མ་ཤེས་པ་ནི། རང་གི་གནས་ལུགས་མ་ཤེས་པས་འཁོར་འདས་ཀུན་མི་ཤེས་ལ། རང་གི་རིག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པས་འཁོར་འདས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པའོ། །དེའི་ཕྱིར་ན་བསད་པ་ཀུན་བསད་པས་སོད་པ་གཅིག་ཀྱང་མ་སོད་པ་དང་། བསད་པ་གཅིག་བསད་པས་སོད་པ་ཀུན་སོད་པའོ། །ཆོས་ཉིད་བྱ་བ་ཙམ་དུ་ཡང་བློ་ལ་གྲུབ་པ་མེད་པས། དངོས་པོའི་འདུག་ཚུལ་རང་གིས་རང་ཟད་པ་སྟེ། རྒྱབ་གཅིག་ལ་རྒྱབ་པས་ཕོག་པ་ཀུན་ལ་ཕོག་པ་དང་། འཁོར་བ་ཉིད་རང་ཟད་པས་མྱ་ངན་ལས་འདས་པ་བཙལ་དུ་མེད་པས། རང་གནས་སྟོང་པ་ཉིད་དུ་ཟད་པས་རྐྱེན་གྱི་བློ་ཡོད་མ་མྱོང་། དེ་མེད་པས་བཏགས་པ་མིང་གི་མཐའ་ཟད་པས། ཐ་སྙད་ཚིག་ལ་ལྟོས་མི་འཆའོ། །དེའི་ཕྱིར་ན་ཚིག་མེད་ཡི་གེ་ལས་འདས་པས་བརྗོད་པའི་མཐའ་ཟད་པས། ཆོས་ལས་འདས་པའི་ཟད་པ་ཞེས་བྱའོ། །དཔེ་ཇི་ལྟར་ཟད་ན་ཤེས་བྱ་རང་རྒྱུད་དག་པ་མཁའ་ལ་སྤྲིན་དེངས་པ་ལྟར་ཟད་པ་དང་། ངོ་བོ་ཉིད་རང་དེངས་པ་ཆུའི་སྙོག་མ་རང་སར་དེངས་པ་ལྟར་ཟད་པ་དང་། འཁྲུལ་འཁོར་གྱི་རྒྱུན་དག་པ་ཤིང་ཟད་མེ་ཤི་བ་ལྟར་ཟད་པ་དང་། ཆོས་ཉིད་ཀྱི་ལམ་ལ་ཟད་པ་ལམ་གྱི་མཐར་རང་གི་ཐེམ་སྒོར་ཟད་པའོ། །དེ་ལྟར་ཟད་པའི་དགོས་པ་ནི། རྒྱུ་ཟད་པས་འཁོར་བའི་འཕྲེང་ཐག་གཅད་པའི་དགོས་པ་ཡོད། རྐྱེན་ཟད་པས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་དགོས་པ་ཡོད། རྒྱུ་རྐྱེན་གཉིས་ཀ་ཟད་པས་འཁོར་འདས་ལྟེ་ཆད་པའི་དགོས་པ་ཡོད། ཉམས་མྱོང་ལྟ་བསྒོམ་ཟད་པས་ཆོས་ཀྱི་བདག་ལ་མི་གནས་པའི་དགོས་པ་ཡོད། ཆོས་ཟད་པས་དགྲོལ་རྒྱུ་མེད་དེ་ཡེ་ནས་གྲོལ་བར་ཤེས་པའི་དགོས་པ་ཡོད། འཁྲུལ་པ་ཟད་པས་འཁོར་བ་རྒྱུན་ཆད་པའི་དགོས་པ་ཡོད་དོ། །དེ་ལྟར་ཟག་པ་རང་ཟད་པའི་ཆོས་ཉིད་དེ་ལ། ཕྲ་རགས་དྲི་མའི་རྡུལ་མེད་པ་ནི། ཕྲ་བའི་རྡུལ་དང་རགས་པའི་རྡུལ་ལོ། །ཕྲ་བ་ལ་གཉིས་ཏེ་འབྱུང་བ་ཕྲ་བའི་རྡུལ་ཕྲ་རབ་ཀྱི་ཟག་པ་དང་ཟད་པས་ཕུང་པོའི་བདག་མ་གྲུབ་ལ། ཉོན་མོངས་པའི་ཕྲ་བའི་རྡུལ་ཤེས་བྱའི་སྒྲིབ་པའི་ཟག་པ་མེད་པས། སྦྱང་བྱའི་ལམ་མ་གྲུབ། རགས་པ་ནི་འབྱུང་བའི་རགས་པ་ཤིང་དང་རྡེའུ་དང་རྩིག་པ་དང་སྣམ་བུ་དང་བུམ་པ་དང་། རི་དང་ཁང་ཁྱིམ་དང་རི་རབ་དང་གླིང་བཞིའི་ཟག་པ་ཟད་པས་ཆོས་ཀྱི་བདག་མ་གྲུབ། ཉོན་མོངས་པ་རགས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་ཟག་པ་ཟད་པས་ཐོབ་བྱ་དོན་གྱི་འབྲས་བུ་མ་གྲུབ་པས། རེ་དོགས་གཉིས་ཀྱི་མཐའ་ལས་འདས་ཏེ། རེ་གང་ལ་ཡང་མི་ཆེ། ལྟོས་གང་ལ་ཡང་མི་འཆའ། འདོད་པ་གང་དང་ཡང་བྲལ་བའི། དེ་ལྟར་ཟག་པ་དེ་ཟད་པས་ནི། རྡུལ་མེད་པ་དེ་ལ། མཉམ་པ་ཉིད་ཅེས་གདགས་སུ་བཏུབ་པ་ཡིན་ནོ། །དེ་མ་ཡིན་ན་མཉམ་པ་ཉིད་ཀྱི་མིང་གིས་གདགས་སུ་མི་བཏུབ་བོ། །འོ་ན་དེ་གང་ཡིན་ན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ལ་ཆོས་ཀྱི་ཆོས་ཉིད་ཅེས་པ་སྟེ། ཐ་སྙད་སྒྲོས་གདགས་སུ་མེད་པ་ནི་ཟག་པ་ཟག་པའི་ཕྱིར་རོ། །དེ་ལྟར་ཟག་པ་ཟད་པ་དང་རྡུལ་མེད་པ་དང་ཆོས་ཉིད་གསུམ་དབྱེར་མེད་པས་མཉམ་པ་ཆེན་པོར་ཐམས་ཅད་ཤར་ཞིང་གནས་པ་ཞེས་བྱའོ། །དེ་ལྟ་བུའི་ཆོས་ཉིད་མཉམ་པ་ཆེན་པོ་གཉིས་སུ་མེད་པའི་དོན་དེ་སྔོན་འབྱུང་གི་དུས་སུ་རྒྱུད་ཀྱི་སྟོན་པས་གཟིགས་ནས་གདུལ་བྱའི་ཡུལ་ལ་གཟིགས་པ་དང་། ཆོས་ཉིད་རང་གི་ངོ་བོ་ལ་གཟིགས་པའོ། །གདུལ་བྱ་ནི་འགྲོ་བ་རང་རྒྱུད་དག་པ་གུ་རུ་དགའ་རབ་རྡོ་རྗེ་ལ་སོགས་པ་ལ་གཟིགས་ནས་གཞན་དོན་ཕྱིན་ཅི་མ་ལོག་པར་མཐར་ཕྱིན་པར་མཛད་པ་དང་། ཆོས་ཉིད་རང་གི་ངོ་བོ་ལ་གཟིགས་སྟངས་གསུམ་གྱིས་གཟིགས་ནས་ནི་རང་དོན་རྫོགས་པའི་འབྲས་བུ་ཕྱིན་ཅི་མ་ལོག་པ་མཐར་ཕྱིན་པར་མཛད་དོ། །རྗེས་འཇུག་ལམ་ལ་གནས་པའི་སྐལ་ལྡན་གྱིས་ཆོས་རང་གི་ངོ་བོ་ལ་གཟིགས་སྟངས་གསུམ་གྱིས་གཟིགས་ཏེ། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་འཁྲུལ་སྣང་སྤྲུལ་པ་ལྟ་བུར་མཐོང་ལ། ལོངས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་ཡེ་ཤེས་སྒྱུ་མ་ལྟ་བུར་མཐོང་ལ། ཆོས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་ཆོས་ཉིད་མཚན་ཉིད་བྲལ་བར་མཐོང་བས་རང་དོན་ཕྱིན་ཅི་མ་ལོག་པར་རྫོགས། དེ་ལྟར་ཟད་པའི་ཆོས་ཉིད་མཐོང་བས་འཕོ་བ་ཆེན་མོའི་ལུས་སུ་སླར་ལོག་པས། གཞན་དོན་ཕྱིན་ཅི་མ་ལོག་པར་མཐར་ཕྱིན་པ་ནི་གཟིགས་སྟངས་གསུམ་ལས་བྱུང་བའོ། །དེ་ལྟ་བུའི་ཆོས་ཉིད་ལ་གནས་ཤིང་ཕྱིན་ཅི་མ་ལོག་པར་མཁྱེན་པའི་སྟོན་པ་དེས། འཁོར་གདུལ་བྱ་རྣམ་པར་དག་པའི་རིགས་རྣམས་ལས་རྡོ་རྗེའི་ནི་རིགས་ཀྱི་ནང་ནས་ཡང་དག་པའི་མཁའ་འགྲོ་མ་ནི་གསལ་བའི་ཡིད་ཅན་མ་ལ། སྟོན་པས་འདི་སྐད་ཅེས་ཚངས་པའི་དབྱངས་དང་ལྡན་པས། ཚིག་འདི་ནི་སྟོན་པས་སྡུད་པ་པོ་མཁའ་འགྲོ་མ་ལ་གསུངས་སོ། །ཀྱེ་མ་ངེས་པ་ཁོ་ནར་ཁྱོད་ཀྱིས་རྣ་བའི་དབང་པོ་སྒྲ་གཞན་ལ་མ་ཡེངས་པར་ཉོན་ཅིག་མཁའ་འགྲོ་མ། ང་ཡིས་གསང་བའི་རྒྱུད་གཞུང་ཚིག་དང་ཡི་གེར་བསྟན་གྱིས། ཁྱོད་ཀྱིས་ང་ལ་དང་བའི་དད་པ་དང་། མོས་པའི་དད་པ་དང་། ཡིད་ཆེས་པའི་དད་པ་དང་གསུམ་གྱིས་ཉོན་ཅིག །དེ་ལྟར་ཁྱོད་ཀྱིས་ལུས་མི་འགྱུར་བར་མདུན་དུ་དྲང་པོར་འདུག་སྟེ། ཐལ་མོ་སྦྱར་བ་དང་། ངག་མི་འགྱུར་ཏེ་བརྗོད་པ་སྒྲ་ལ་མ་ཤོར་བས་དང་། ཡིད་མི་འགྱུར་ཏེ་དགའ་བ་དང་སྤྲོ་བའི་དད་པ་དང་གསུམ་མི་འགྱུར་བའི་ཡིད་ཀྱིས་ཡང་དག་པའི་ཤེས་རབ་ཕྱིན་ཅི་མ་ལོག་པས་ངའི་ཚིག་འདི་དག་ཤེས་རབ་གསལ་བ་དང་། དག་པ་དང་། མ་འདྲེས་པ་དང་། ཕྱིན་ཅི་མ་ལོག་པས་ཉོན་ལ། མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལ་ཁྱོད་ཀྱིས་རབ་ཏུ་དང་པའི་ཡིད་ཀྱིས་གཞན་དོན་ལེགས་པར་རྫོགས་པར་བྱ་བའི་ཕྱིར། འཁྲུལ་པ་མེད་པའི་ཚིག་འདི་དག་ཟུངས་ཤིག་ཅེས་སྟོན་པས་གདུལ་བྱ་ཁྱད་པར་ཅན་ལ་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་འདི་ལེགས་པར་ཉོན་ཅིག་ཅེས་པར་གདམས་པ་བསྟན་ནས། ད་ནི་སྤྲོས་བཅས་འབྱུང་བ་བཞིའི་སྒྲ་ལ་སྔོན་དུ་འགྲོ་བ་སྦྱང་པ་སྐུ་གསུམ་གྱི་སྣ་ཁྲིད་པའི་རྟགས་བསྟན་པ་ནི། འདི་ལྟར་སྐྱེས་བུ་སྐལ་བ་ཅན། །ཞེས་པ་ལ་སོགས་པས་བསྟན་ཏེ། ཚེ་འདི་ལ་ཉམས་སུ་བླངས་ཤིང་བསྒྲུབས་པས་འདི་ལྟར་རྟགས་དང་ལྡན་པའི་སྐྱེས་བུ་ནི་སྐལ་པ་ཅན་ཞེས་བྱ་བ་ཡིན་ནོ། །ཚེ་འདི་ལ་ཆོས་དང་ཆོས་ཉིད་གཉིས་མེད་དུ་རྟོགས་པ་དེ་ལ་འདྲིས་པར་བྱས་པས། དེ་ཉིད་མངོན་སུམ་དུ་མཐོང་བ་དོན་ཡིན། དེ་ལ་གོམས་པར་བྱས་ནས་ནི། ད་ཁམས་གསུམ་འཁོར་བ་ལས། ཕྱིར་མི་ལྡོག་པས་སྔོན་དུ་ཉམས་ལེན་ཐུན་མོང་མ་ཡིན་པ་ལས་བྱུང་བའི། བཀའ་དག་པའི་གཞིའི་ངོ་བོ་མི་འགྱུར་བ། རང་བཞིན་གྱིས་གསལ་བ། ཐུགས་རྗེ་ཁྱབ་པའི་ས་ལ་ཡང་དག་པར་གནས་པ་ཉིད་ཡིན་ཏེ། དེ་ལྟ་བུའི་དོན་ལ་སྐལ་བ་དང་ལྡན་པ་སུ་ཡིས་སྤྱད་པར་ནུས་པ་ལ། ལུས་དང་ངག་དང་སེམས་ཀྱི་རྟགས་སུ་ཡང་། རྒྱུད་འདི་ནས་བཤད་པ་འདི་རྣམས་འབྱུང་ངོ་མཁའ་འགྲོ་མ། ཞེས་བོས་ནས། རྟེན་གྱི་གང་ཟག་སྤྲོས་པ་ལ་དགའ་བ་གང་ཞིག་གིས་སྔོན་དུ་འབྱུང་བ་བཞིའི་སའི་སྒྲ་དོན་ལ་བསླབ་པ་དང་། མེ་དང་ཆུ་དང་རླུང་གི་སྒྲ་དོན་ལ་གོམས་ཤིང་སྦྱངས་པའི་རྟགས་ནི་གོམས་པའི་ཚད་དེར་ཕྱིན་པ་དང་། འགྲོ་བ་རིགས་དྲུག་གི་སྒྲ་ལ་སྐལ་བ་དང་ལྡན་པ་སུས་གོམས་པ་ལ། ཚེ་འདི་ལ་འབྱུང་བ་སས་མི་སུབ། ཆུས་མི་ཁྱེར། མེས་མི་ཚིག །རླུང་གིས་མི་ཁྱེར་བས་དེ་དག་གིས་མི་གནོད་ཅིང་། ལྷག་པར་ལུས་ཀྱི་ཡན་ལག་དེ་བཞིན་དུ་མེ་ཡིས་ཚིག་པ་མེད་པ་ནི། ཤེས་རབ་ཀྱིས་ཕྱིའི་སྒྲོ་འདོགས་ཆོད་པའི་རྟགས་ཡིན་ནོ། །ལུས་ནི་ཆུ་ཡིས་བྱིང་བར་མི་ནུས་ཤིང་ཟང་ཐལ་པ་ནི། ཆོས་ཉིད་ཀྱིས་རང་ཁྱབ་ཅིང་སྤྲུལ་པས་གཞན་དོན་ལ་འཇུག་པའི་རྟགས་ཡིན། སྐྱེས་བུ་འདི་ཡི་སྐྲ་དང་གོས་ཆུ་ལ་བོར་ཀྱང་ཆུས་འཁྱེར་བ་མེད་པས་གཅིག་ཏུ་སྡོད་པ་ནི། འཁོར་བར་སླར་མི་ལྡོག་པའི་རྟགས་ཡིན། སྐལ་བ་དང་ལྡན་པ་དེ་ཡིས་རྐང་པས་ས་ལ་ཁྲུ་གང་གིས་མ་རེག་པར་བར་སྣང་ལ་འགྲོ་བར་ནུས་པ་ནི་སའི་སྒྲ་ལ་འབྱོངས་པས་རྫུ་འཕྲུལ་གྱི་རྐང་པ་བཞིས་སེམས་ཅན་གྱིས་དོན་རྫོགས་པར་བྱེད་པའི་རྟགས་ཡིན། ཡང་སྐལ་ལྡན་དེ་འབྱུང་བ་རླུང་གིས་དྲང་ཞིང་གཡོ་བ་མེད་པར། འདི་ལྟར་སུ་ལ་བྱུང་བ་ནི། སྔོན་དུ་རླུང་ལ་འབྱོངས་པས་སྣང་བ་འདི་ཟད་པར་འགྱུར་བའི་རྟགས་ཡིན། དེ་ལྟར་འབྱུང་བའི་སྐལ་ལྡན་ནི། འབྱུང་བ་བཞིའི་སྒྲ་ལ་གོམས་པའི་རྟགས་ཡིན་ནོ་ཞེས་སྐུ་གསུམ་གྱི་སྣ་ཁྲིད་པའི་རྟགས་བསྟན་ནས། ད་ནི་ནང་དོན་གསུམ་པ་སེམས་ཀྱི་སྣ་འ ཁྲིད་པའི་སྔོན་དུ་འགྲོ་བ་འབྱོངས་པའི་རྟགས་བསྟན་པ་ནི། སེམས་ཅན་སྣང་དང་མི་སྣང་བའི། །ཞེས་པ་ལ་སོགས་པས་བསྟན་ཏེ། སེམས་དྲི་མ་ཐ་དད་པའི་སྣང་བ་ཅན་ལ་ཀུན་གྱིས་གཞི་འཚོགས་པ་དང་བཅས་པར་སྣང་དང་ནི། དབང་པོ་ལྔའི་ཡུལ་དུ་སྣང་བའི་ཆོས་ཅན་རྣམས་དང་། མི་སྣང་བའི་དབང་པོའི་མངོན་སུམ་དུ། མ་འདུས་པ་ཡིད་ཀྱིས་བསྡུས་པའི་སེམས་ཅན་རྣམས་ཏེ། དོན་འགྲོ་བ་རིགས་དྲུག་སོ་སོའི་སྐད་ནི་སྐལ་བ་དང་ལྡན་པ་གང་གིས་ཤེས་པ་དེས་སྔོན་དུ་སེམས་ཀྱི་སྔོན་དུ་འགྲོ་བ་ལ་འབྱོངས་པས། ད་འགྲོ་བ་རིགས་དྲུག་གང་གི་ཡང་གཟུགས་སུ་ལུས་མི་ལེན་པའི་ཕྱིར་ན། རྟགས་འདི་དག་རྣམས་ལྡན་པ་ནི། སྤྱིར་ལུས་ཀྱི་མངོན་ཞེན་དང་། བྲལ་བའི་རྟགས་ཡིན་ལ། བྱེ་བྲག་ཏུ་ནི་འགྲོ་བ་མི་བསོད་ནམས་ཀྱིས་བརྒྱན་པ་གཙོ་ཆེ་བ་ཡིན་ནོ། །དེ་ནས་ལྷ་གཙོ་བ་དང་། ལྷ་མིན་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་དྲུག་གི་སྐད། མི་ལ་གླིང་བཞི་ལས་འཛམ་བུའི་གླིང་གི་མི་རང་ལ་སྐད་རིགས་མི་འདྲ་བ་སུམ་བརྒྱ་དང་དྲུག་བཅུ། ཤར་ལུས་འཕགས་ཀྱི་གླིང་ན་བརྒྱ་དང་བཅུ་གཅིག །ནུབ་བ་ལང་སྤྱོད་ན་སྐད་ཉིས་བརྒྱ་དང་ལྔ་བཅུ། བྱང་སྒྲ་མི་སྙན་ན་སྟོང་དང་ལྔ། ལྷག་མའི་གླིང་བཅུ་དྲུག་ན། སྐད་རིགས་མི་མཐུན་པ་སྟོང་བདུན་བརྒྱ་དང་། འདི་ལྟར་གླིང་ཉི་ཤུ་ན་སྐད་མི་འདྲ་བ་སུམ་སྟོང་དང་བཞི་བརྒྱ་དང་ཉི་ཤུ་རྩ་དྲུག །གླིང་གཞན་དང་གཞན་གྱི་སྐད་གྲངས་རྣམས་ཤེས་པ་ནི་བསམ་པའི་ཤེས་རབ་རང་རྡོལ་བའི་རྟགས་སྔོན་དུ་འགྲོ་བ་སེམས་ཀྱི་རྟགས་ཡིན་ནོ། །ལྷའི་སྐད་ན་འདོད་པ་ལ་སྤྱོད་པའི་ལྷ་ལ་སྐད་མི་འདྲ་བ་དྲུག །གཟུགས་ཀྱི་ཁམས་ལ་ཉི་ཤུ། གཟུགས་མེད་པ་ལ་བཞི་བཅུ་སྟེ། དྲུག་བཅུ་རྩ་དྲུག་ཤེས་པ་ནི། ངག་གི་སྔོན་དུ་འགྲོ་བ་འབྱོངས་པའི་ཚད་ལ་ཕེབས་པའི་རྟགས་ཡིན་ནོ། །ལྷ་མིན་ལ་སྐད་མི་འདྲ་བ་བཞི་ཡོད་དེ་འདི་དག་རྣམས་ཤེས་པ་ནི་ངག་གི་སྒྲིབ་པ་ཟད་པའི་རྟགས་ཡིན་ནོ། །ཡང་བྱོལ་སོང་གི་སྐད་རིགས་མི་འདྲ་བ་འབུམ་ཕྲག་གཉིས་དང་དྲུག་སྟོང་ལྔ་བརྒྱ་ཡོད། འདི་དག་ཤེས་པ་ནི་ལུས་ཀྱི་བཅིངས་པ་ལས་གྲོལ་བའི་རྟགས་ཡིན་ནོ། །ཡི་དྭགས་ཀྱི་སྐད་བརྒྱ་ཉི་ཤུ་ཤེས་པ་ནི་ཡིད་ཀྱི་ཐེ་ཚོམ་ཆོད་པའི་རྟགས་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཉེ་བར་ལེན་པའི་སྐད་མི་འདྲ་བ་འབུམ་དང་ཁྲི་ཕྲག་གཉིས་དང་ཉེར་ལྔ་དང་དེ་དག་རྣམས་ཤེས་པ་ནི་ངག་གི་ལས་མཐར་ཕྱིར་པའི་རྟགས་ཡིན་པས། དེ་དག་རྣམས་ཅིའི་ཕྱིར་ཤེས་ན་སྐལ་ལྡན་འདི་ཡིས་འགྲོ་བ་དྲུག་གི་སེམས་ཀྱི་རྣམ་པར་རྟོག་པ་རྒྱུན་རང་ཆོད་པའི་ཕྱིར་ཏེ། དེ་དག་རྣམས་སུ་འཇུག་མི་སྲིད་པའི་ཕྱིར་རོ། །ཡང་འགྲོ་བ་དྲུག་པོའི་སྐད་མི་འདྲ་བ་དེ་ཀུན་གྱི་སེམས་ཀྱི་བསམ་པ་སྔ་ཕྱི་ཇི་ལྟར་གྱུར་པ་རྣམས་རང་གི་མངོན་པར་ཤེས་པས་མཁྱེན་པ་ནི་སེམས་ལས་སུ་རུང་བའི་རྟགས་ཡིན་ཏེ། དེ་ཅིའི་ཕྱིར་ཤེས་ན་སེམས་ཀྱི་འཁྲུལ་པའི་རྣམ་རྟོག་གི་བསམ་པ་རྣམས་ཟད་པའི་ཕྱིར་རོ། །དེ་ལྟར་ལུས་ངག་ཡིད་ཀྱིས་སྔོན་དུ་འགྲོ་བ་ཚད་དུ་འབྱོངས་པ་ལས། མདོར་ན་རྣ་བའི་མངོན་ཤེས། མིག་གི་དང་། འཆི་འཕོ་དང་། སྐྱེ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། དུས་གསུམ་གཅིག་དུ་ཤེས་པ་དང་། ཆོས་ཉིད་ཟབ་མོའི་དོན་ཤེས་པའི་མངོན་ཤེས་དང་དྲུག་སྐལ་ལྡན་དེ་ལ་དུས་རྒྱུན་དུ་འབྱུང་བ་སྟེ། འདིས་ནི་འགྲོ་བ་དྲུག་གི་སྣང་བ་མ་དག་པའི་འདི་ནི་སྔོན་དུ་འགྲོ་བའི་སྐབས་རང་དུ་གཅད་པ་ཏེ། དེ་ཡང་གཞན་གྱིས་མ་ཡིན་པར་རང་གིས་རང་བཞིན་གནས་ལུགས་སུ་ལོག་ནས་ཡང་དག་པའི་སྣ་འཁྲིད་པས། འདི་ལ་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ཕྱིས་ཀྱི་སྐྱེ་བའི་རྒྱུན་བཅད་པའི་དོན་གྱི་གནད་ནི། ད་ལྟའི་ཚེ་འདི་ལས་སྔོན་དུ་འགྲོ་བའི་ལས་སྦྱངས་པས་སྣང་བ་འདི་ལྟར་སྐྱེས་བུ་འདིས་ཁྲེགས་ཆོད་དུ་ཆོད་པས། ད་ལྟ་རང་རྟགས་འདི་ཀུན་འབྱུང་བའོ། །ཞེས་སེམས་ཀྱི་སྣ་འཁྲིད་པར་བྱེད་པའི་སྔོན་དུ་འགྲོ་བ་ལ་འབྱོངས་པའི་རྟགས་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཉམས་སུ་ལོངས་པའི་དུས་ན་འབྱུང་བ་བསྟན་ནས། ད་ནི་རིག་པའི་སྣ་འཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྔོན་དུ་འགྲོ་བ་ལ་ལུས་ངག་སྦྱངས་པའི་རྟགས་དངོས་གཞིའི་དོན་རྒྱུད་ལ་སྐྱེས་པའི་དུས་ན་འཆར་བར་བསྟན་པ་ནི། འཁོར་འདས་རུ་ཤན་འབྱེད་པའི། །ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔས་བསྟན་ཏེ། ངོ་བོ་སྡུག་བསྔལ་བསྐྱེད་པར་བྱེད། ངེས་ཚིག་འཁོར་བས་ཏེ་གཅིག་ནས་གཅིག་ཏུ་འཁོར་བའི་ཕྱིར་འཁོར་རོ། །དབྱེ་བ་ནི་གསུམ་སྟེ། མ་དག་པའི་འཁོར་བ་ཕྱིན་ཅི་ལོག་གིས་ལྟ་བས་བསྡུས་པ་རྣམས་དང་། དག་པ་ཕྱོགས་གཅིག་པའི་འཁོར་བ། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཡང་དག་པའི་འཁོར་བ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱིས་བསྡུས་པ་རྣམས་ཡིན་ནོ། །འཁོར་བའི་མཚན་ཉིད་ནི་འདི་འདྲ་བ་གཅིག་ཏུ་མ་ངེས་སོ། །འབྲས་བུ་འགྲོ་བ་རིགས་དྲུག་དང་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་སོ། །འདས་པ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །མྱང་འདས་ཀྱི་ངོ་བོ་སྐྱེ་ཤི་གཉིས་ལས་འདས་པའོ། །ངེས་ཚིག་མྱ་ངན་འཆི་བའི་དུས་ན་སྡུག་བསྔལ་ལ་སྤྱོད་པ་མེད་དེ། དེ་ཉིད་ལ་འཆི་བ་མེད་པས་མྱ་ངན་སྨྲེ་སྔགས་ལས་འདས་པས་ན་འདས་པའོ། །དབྱེ་བ་གསུམ་སྟེ། རྒྱུའི་ཐེག་པ་གསུམ་གྱི་འདས་པའི་ས་དང་། འབྲས་བུ་གསང་སྔགས་རྣམས་ཀྱི་འདས་པའི་ས་དང་། རང་བཞིན་རྫོགས་པ་ཆེན་པོའི་འདས་པའི་སའོ། །རྒྱུའི་ཐེག་པ་ནི། ཉན་ཐོས་ཀྱི་འདས་པ་དགྲ་བཅོམ་པ། རང་རྒྱལ་བའི་རིང་དུ་སོང་བ་རྣམ་པ་བརྒྱད། བྱང་ཆུབ་སེམས་དཔའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །འབྲས་བུ་གསང་སྔགས་ཀྱི་ཕྱི་ནང་གི་མཚན་རྫོགས་རྡོ་རྗེ་འཆང་གི་སའོ། །རང་བཞིན་རྫོགས་པ་ཆེན་པོས་ཆོས་ཉིད་ཀ་ནས་དག་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་དུ་འདས་པའོ། །མཚན་ཉིད་ནི་རྒྱུའི་ཐེག་པ་གསུམ་གྱི་འདས་པའི་མཚན་ཉིད་ནི། སྦྱང་བྱ་གཙོར་བླངས་ནས་རྩོལ་བཅས་སུ་འདས་པ་དང་། སྔགས་ཕྱི་ནང་གིས་བསྒྱུར་བྱ་གཙོར་བྱས་ནས་དབྱེར་མེད་དུ་འདས་པ་དང་། རྫོགས་པ་ཆེན་པོས་མངོན་གསུམ་གཙོར་བྱས་ནས་སྤང་བླང་རྩོལ་བསྒྲུབ་མེད་པར་འདས་པའོ། །འདས་པའི་འབྲས་བུ་ནི། ཉན་ཐོས་ཀྱིས་སྐལ་པ་གྲངས་མེད་པ་གསུམ་ན་འཐོབ་ལ། རང་རྒྱལ་གྱིས་སྐལ་པ་གྲངས་མེད་པ་གསུམ་ན་འཐོབ་ལ། ཕ་རོལ་དུ་ཕྱིན་པའི་ཐེག་པས་བསྐལ་པ་ཆེན་པོ་སུམ་ཅུ་རྩ་གཉིས་ནས་འབྲས་བུ་ཐོབ་པ་བརྒྱད་སྟོང་པའི་འགྲེལ་པ་ནས་བཤད་དོ། །སྔགས་ཕྱི་ནང་གིས་ནི་ཕྱི་པ་གསུམ་གྱིས་གོས་གསུམ་བརྗེ་བ་དང་། ཟས་གསུམ་བརྟེན་པའི་དབང་གིས་ཚེ་གསུམ་ནས་འབྲས་བུ་ཐོབ་པ་དང་། ནང་པ་གཉིས་ཀྱིས་ནི། དོན་དམ་པ་དང་ཀུན་རྫོབ་ལྷ་དང་ལྷ་མོའི་རང་བཞིན་ལ་བརྟེན་ནས་སྐྱེ་བ་གཅིག་གིས་འབྲས་བུ་ཐོབ་པ་དང་། རང་བཞིན་རྫོགས་པ་ཆེན་པོས་ནི། གང་ཟག་བརྩོན་འགྲུས་རབ་ཀྱིས་ནི་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པ་དང་། འབྲིང་པོས་སྐྱེ་བ་བརྒྱུད་པ་མེད་པར་བར་མ་དོ་ལ་འབྲས་བུ་ཐོབ་པ་དང་། ཐ་མ་ཡིས་ཀྱང་མངལ་གྱི་སྒོར་མི་འགྲིམ་པར་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་བརྫུས་ནས་སྐྱེས་ཏེ། དེ་ཉིད་དུ་ད བུགས་བྱུང་སྟེ་བར་མ་དོ་མེད་པར་སངས་རྒྱས་ཐོབ་བོ། །དེ་ལྟར་འདས་པའི་གནས་ལུགས་དེ་ཡང་གོང་མའི་འཁོར་བའི་ཆོས་དེ་དག་ལས་སྔོན་དུ་འགྲོ་བའི་ལུས་ངག་གི་སྤྱོད་པས། རུ་ཤན་འབྱེད་པའི་སྤྱོད་པ་བྱས་པ་ལས་བྱུང་བ་ཡིན་པས། དེ་ལྟར་རུ་ཤན་ཕྱེད་པ་ལས། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཉམས་སུ་ལོངས་པའི་དུས་ན། སྐྱེས་བུ་དེ་ཡི་ལུས་ངག་ཡིད་ལ་རྟགས་འདི་རྣམས་འབྱུང་བ་ཡིན་ནོ། །དེ་ཡང་སྔོན་དུ་འགྲོ་བ་ལུས་ཀྱི་སྤྱོད་པ་བྱས་པས་ལུས་འཁོར་བ་ལས་འཇུག་མི་སྲིད་པ་ནི་ལུས་རྣལ་དུ་ཕེབས་པའི་སྟོབས་ལས་བྱུང་། ངག་གི་སྔོན་དུ་འགྲོ་བའི་སྤྱོད་པ་བྱས་པས་ངག་འཁོར་བ་ལས་འཇུག་མི་སྲིད་པ་ནི། ངག་རྣལ་དུ་ཕེབས་པའི་སྟོབས་ལ་བརྟེན་ནས་བྱུང་། དེ་བཞིན་དུ་ཡིད་ཀྱི་སྔོན་དུ་འགྲོ་བ་ལ་གོམས་པའི་རྟགས་འདི་དག་འབྱུང་བ་ནི། ཡིད་རྣལ་དུ་ཕེབས་པའི་སྟོབས་ལ་བརྟེན་ནས་འབྱུང་པའོ། །དེ་ལ་བྱེ་བྲག་ཏུ་འདི་ལྟར་ལུས་ཀྱི་སྔོན་འགྲོ་ལ་གོམས་པའི་རྟགས་འདི་རྣམས་འབྱུང་བ་ཡིན་ནོ། །རྣལ་འབྱོར་པ་དེའི་ལུས་ཀྱི་ཞེན་པ་རང་ལོག་པའི་རྟགས་སུ། གཏན་ཚིགས་འདི་ལྟར་སྣང་བའི་འཁྲུལ་པ་ནི་དངོས་པོ་ལས་འཁྲུལ་པ་དང་། ཡུལ་ལས་འཁྲུལ་པའོ། །དངོས་པོ་ལས་འཁྲུལ་པ་ནི་དངོས་པོ་གཤིས་ཀྱི་འདུག་ཚུལ་ལས་འཁྲུལ་པ་དང་། དེའི་རང་བཞིན་ལས་འཁྲུལ་པའོ། །འདུག་ཚུལ་ནི་རྟོགས་ཏེ་སངས་རྒྱས་པའི་སྔ་རོལ་ནའང་གྲུབ་པའམ་མིང་དུ་བཏགས་པ་མེད། མ་རྟོགས་སེམས་ཅན་དུ་གྲུབ་པ་དང་མིང་དུ་བཏགས་པ་མེད་པའི་སྔོན་རོལ་གྱི་གཞི་དེ་ལ། རྒྱུ་མ་རིག་པ་གསུམ། རྐྱེན་འཚོགས་པ་བཞི། གཞི་དང་གཞི་ཤེས་པའི་ཁྱད་པར་ལས་འཁྲུལ་པས། འཁོར་བ་ཞེས་བྱ་བར་གྲུབ་པ་དང་། དེའི་རང་བཞིན་ལས་འཁྲུལ་པ་ནི། ལྷུན་གྲུབ་ཅིར་ཡང་སྣང་བ་ལས་རོལ་པ་ཅིར་ཡང་ཤར་བས། སྣང་ཚུལ་ཐ་དད་པར་བྱུང་བས། ཅིར་ཡང་ངེས་པ་མེད་པར་འཁྲུལ་པའོ། །ཡུལ་ལས་འཁྲུལ་པ་ནི་ཆོས་ཉིད་ཀྱི་བར་མ་དོ་ལས་འཁྲུལ་པས་ཏེ། གཟུང་བའི་ཡུལ་ལས་འཁྲུལ་པ་དང་། ཞེན་པའི་ཡུལ་ལས་འཁྲུལ་པའོ། །གཟུང་བའི་ཡུལ་ནི་གཟུང་བའི་ཡུལ་ཙམ་ཕྱིན་ཅི་ལོག་ཏུ་རྟོགས་ནས་འཁྲུལ་པ་དང་། གཟུང་བའི་ཡུལ་བྱེ་བྲག་པ་ལ་ཕྱིན་ཅི་ལོག་ཏུ་རྟོགས་ནས་འཁྲུལ་པའོ། །གཟུང་བའི་ཡུལ་ཙམ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་ནི། ཆོས་ཉིད་ཀྱི་བར་མ་དོ་ལ་སྣང་བ་ཐམས་ཅད་ཀྱང་འོད་དང་འོད་ཁྱིམ་གྱི་ཚུལ་དུ་ཤར་བ་དེ། རྣམ་པར་ཤེས་པ་མངོན་དུ་རྒྱུ་ནི་ལུས་མེད་པས་མེད་དོ། །བག་ལ་ཉལ་གྱིས་བཟུང་སྟེ། དེ་ལྟར་སྣང་བ་དེ་ལ་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པས། འདི་ལྟར་སྣང་བ་ཀུན་ལ་རྟོག་པ་བཙུད་པས་འདི་ལས་ང་བྱུང་ངམ་ང་ལས་འདི་བྱུང་སྙམ་པའི་སྙམ་བྱེད་ལས་འཁྲུལ་པས་སྲིད་པ་བར་མ་དོར་ལས་ཀྱི་ཁ་བརྒྱུད་ནས་འཁོར་བར་འཁྲུལ་པ་དང་། གཟུང་པའི་ཡུལ་གྱི་བྱེ་བྲག་ནི་འོད་དམ་ཐིག་ལེའམ་སྐུ་ལྟ་བུ་གཅིག་ལ་ཡིད་དཔྱོད་ཀྱི་ཤེས་པ་བག་ལ་ཉལ་སྐྱེས་ཏེ། ཕྱིན་ཅི་ལོག་ཏུ་རྟོགས་ཏེ་ལྷག་མ་རྣམས་ཀྱི་རྟོག་པ་ཆོད་ཀྱང་། བྱེ་བྲག་པ་གཅིག་གིས་ཐེ་ཚོམ་མ་ཆོད་པ་ལས་འཁོར་བར་འཁྲུལ་ཏེ། སྲིད་པའི་བར་མ་དོ་ལ་འཁྲུལ་པའོ། །ཞེན་པའི་ཡུལ་ལས་འཁྲུལ་པ་ནི། སྔར་ཞེན་པའི་བག་ཆག་གིས་མཚམས་སྦྱོར་གྱི་ཡུལ་ལས་འཁྲུལ་པ་དང་། དེ་ཉིད་གློ་བུར་བའི་ཡུལ་ལ་ཞེན་པ་མཐར་ཐུག་དང་བཅས་པས་འཁྲུལ་བའོ། །སྔར་ཞེན་པའི་ཡུལ་ལས་ཕྱིན་ཅི་ལོག་ཏུ་རྟོགས་ནས་འཁྲུལ་པ་ནི། འདིའི་དུས་ན་རྨི་ལམ་གྱི་རྣམ་པ་དང་འདྲ་སྟེ། ད་ལྟའི་དུས་ན་སྔར་གྱི་ཡུལ་གང་དང་གང་ལ་འདྲིས་པ་དེ་མཚན་མོའི་རྨི་ལམ་གྱི་དུས་ན་སྣང་བ་དང་འདྲ་བར། འདིའི་དུས་ན་སྔར་གྱི་བག་ཆགས་བཟང་ངན་གང་བསགས་པ་རྣམས་ཀྱིས་ཞེན་པ་སྣང་བ་ཡིན་པས། འདིའི་དུས་ཀྱི་ཡེ་ཤེས་ལྔ་ཡི་སྣང་བ་འདི་དག་ལ་ཡང་། སྔར་གྱི་བག་ཆགས་ཀྱི་སྟོབས་ཀྱིས་སྐབས་སུ་རང་གི་སྔར་ཞེན་པའི་བག་ཆགས་སུ་གྱུར་བས་ཏེ། སྣང་བ་ཡང་འཆར་བས། དེའི་དབང་གིས་བག་ཆགས་ཀྱི་སྟོབས་ཀྱིས་དེ་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོགས་པས་སྲིད་པའི་བར་མ་དོར་འཁྲུལ་ནས། དེ་ཉིད་ལས་བཟང་ངན་གྱི་དབང་གིས་འགྲོ་བ་དྲུག་ཏུ་འཁྲུལ་པའོ། །ཞེན་ཡུལ་གློ་བུར་བ་ལས་འཁྲུལ་པ་ནི། འདིའི་དུས་ཀྱི་ཡེ་ཤེས་ལྔའི་སྣང་བ་འདི་ལ་གཅེས་པའམ་སྡུག་པར་བཟུང་བས། དེ་ཉིད་ཞེན་པ་མཐར་ཐུག་པ་དང་བཅས་པའི་དབང་གིས་སྲིད་པའི་བར་མ་དོ་ལ་འཁོར་བའི་མཚན་ཉིད་དུ་འཁྲུལ་པའོ། །དེ་དག་གི་ཞེན་པའི་རྒྱུན་གཅད་པ་ནི། དངོས་པོ་ལས་འཁྲུལ་པ་ལ་འཁྲུལ་གཞི་རྩིས་ཀྱི་ཡི་གེས་གཅད། གཟུང་པ་ཡུལ་ལ་འཁྲུལ་པའི་རྒྱུན་རྟེན་འབྲེལ་ཐབས་ཀྱི་ངོ་སྤྲོད་ཀྱི་གཅད། ཞེན་པའི་ཡུལ་ལས་འཁྲུལ་པའི་རྒྱུན་གོམས་པའི་གནད་ཀྱི་ངོ་སྤྲོད་ཀྱིས་གཅད་པའི་ཕྱིར་རོ། །དེ་ལྟར་ཆོད་པའི་རྟགས་སུ་ཡོ་གི་ནི་རང་གི་ལུས་ལ་ཆགས་པ་མེད་པར་སེམས་ཅན་ལུས་སུ་འདོད་པ་ལ་གཏོང་བར་ནུས་པ་སྟེ། དཔེར་ན་རྒྱལ་པོ་ཟླ་བས། ལུས་ཀྱི་མགོ་བརྒྱ་རྩ་བརྒྱད་གཏོང་བར་དམ་བཅས་ནས་གཏོང་པ་དང་འདྲ། དེའི་ཕྱིར་ན་མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཞེས་པའོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་སུ། ཕྱི་རོལ་གྱི་རྒྱན་ནམ་མཁའ་ལ་ཡོ་གི་འདི་ནི་བསྐྱོད་པ་དང་། འཕུར་བར་ནུས་པ་དང་། ཐོགས་པ་མེད་པར་རྒྱུ་བའི་ཕྱིར། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས་ཞེས་པ་དང་། དེ་བཞིན་དུ་རིག་པ་དངོས་མེད་ཟང་ཐལ་དུ་རྟོགས་པའི་རྟགས་སུ། ཡོ་གི་དེའི་རགས་པ་ཀུན་རྟེན་གྱིས་འདི་ལ་འཛུལ་བར་ནུས་པས་ཏེ། སྟོང་ཕྲག་བརྒྱ་པ་ལས་ཀྱང་། ས་ལ་ཡང་བྱ་བཞིན་ཞེས་པ་དང་། རྣལ་འབྱོར་པ་འདིས་སེམས་ཀྱི་རྣམ་པར་རྟོག་པ་རྒྱུན་ཆད་པའི་རྟགས་སུ། སེམས་ཅན་རྣམས་ཀྱི་བསམ་པ་ཡོ་གི་འདིས་ཤེས་པ་དང་། འདུ་ཤེས་ཀུན་གྱི་དོན་ཤེས་ཤིང་ཞེས་པའོ། །དེ་བཞིན་དུ་འཁོར་བའི་ཆོས་རྣམས་ཀྱི་མཚན་ཉིད་ཤེས་པའི་རྟགས་སུ། མི་བསམ་པ་ནི་བེམ་པོའི་སྣང་བ་རྣམས་ཀྱི་དོན་ཡོ་གི་འདིས་ཤེས་པ་སྟེ། འཁྲུལ་སྣང་ཆེན་པོའི་བེམ་རིག་འབྱེད་པའི་རྒྱུད་ལས། བེམ་པོ་རྣམས་ལ་ཅི་དགར་རོལ་ཞེས་པའོ། །བསྒོམ་པ་ལས་བྱུང་བའི་ཤེས་རབ་རང་རྡོལ་བའི་རྟགས་སུ། ཁ་ནས་ཚིག་རྒྱུད་རིམ་པར་སྤྲོས་པའི་ཆོས་སྔར་ཐོས་མ་མྱོང་པའི་གཞུང་ཚིག་དང་ཡི་གེར་བཀོད་པ་རྣམས། སྔོན་ཆད་ཡོངས་སུ་གྲགས་པའི་འདོད་པའི་སྲོལ་དང་མཐུན་པར་ཤེས་པ་དང་། མི་མཐུན་པའི་རིམ་པ་སྤང་ཤེས་ཤིང་། ཡོ་གི་དེའི་ཁ་ནས་ཀྱང་སྨྲ་བར་འབྱུང་བ་སྟེ། ཡུལ་མུ་སྟེགས་ཅན་རྣམས་ཚར་གཅོད་ནུས་པ་དང་། འདི་ལྟར་རྣལ་འབྱོར་པ་སུ་ལ་བྱུང་བའི་མི་དེ་ནི། སྔོན་དུ་འགྲོ་བ་ལ་གོམས་པའི་རྟགས་ཡིན་པའི་ཕྱིར་ན། སྨྲ་བའི་དམ་པ་མཆོག་གི་གནས་ཞེས་པའོ། །རྟགས་དེ་དག་རྣམས་དང་ལྡན་པའི་སྐལ་ལྡན་ནི། ལུས་དང་ངག་དང་སེམས་ཀྱིས་འདི་ནི་འཁོར་བའི་འཆིང་བའི་རྣམ་པར་རྟོག་པའི་ཞེན་པ་གང་གིས་ནི་གོང་མ་འཁྲུལ་པ་གཉིས་པོའི་བཅིངས་པ་ཀུན་ལས་ཡང་དག་པར་གྲོལ་བ་སྟེ། སྐྱེས་བུ་འདིས་ཕྱིས་འཁོར་བའི་ལུས་ངག་སེམས་ཀྱི་འབྲེལ་པ་ཆོད་པར་ངེས་པ་སྟེ། དེ་ནི་སྔོན་དུ་རུ་ཤན་ཕྱེད་པ་ལས་བྱུང་བའོ་ཞེས་རིག་པའི་སྣ་འཁྲིད་པའི་སྔོན་འགྲོ་ལས་བྱུང་བའི་རྟགས་བསྟན་ཏོ། །དེ་དག་དྲིལ་ནས་སྔོན་དུ་འགྲོ་བའི་རྟགས་བསྟན་ནས། ད་ནི་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་ཉམས་སུ་བླངས་པ་ལས་བྱུང་བའི་རྟགས་སྟོན་ཏེ། འདི་ལ་བཅུས་བསྟན་པའི་དང་པོ་ལྟ་བའི་དོན་རྟོགས་ཤིང་ཁོང་དུ་ཆུད་པའི་རྟགས་བསྟན་པ་ནི། ལྟ་བ་ལ་ནི་གོམས་པའི་རྟགས། །ཞེས་པ་ལ་སོགས་པས་བསྟན། ལྟ་བ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། རང་གི་མཚན་ཉིད་དང་། འབྲས་བུ་དང་ལྔའོ། །ལྟ་བའི་ངོ་བོ་ནི་མཐོང་བ་ཡིན་ལ། ངེས་ཚིག་ནི་གང་ལ་ལྟ་བའི་ཡུལ་དེ་ཕྱིན་ཅི་མ་ལོག་པ་མཐོང་བའི་དོན་མྱོང་བ་རྒྱུད་ལ་སྐྱེ་བར་བྱེད་པའོ། །དབྱེ་ན་འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་པ་མ་ཡིན་པའི་ལྟ་བའོ། །འཇིག་རྟེན་པ་ནི་བཏགས་པའི་ལྟ་བ་མིང་དུ་གྲགས་པ་རྣམས་ཡིན་ལ། ཕྱིན་ཅི་ལོག་གི་ལྟ་བ་མུ་སྟེགས་རྟག་ཆད། མ་དག་པའི་ལྟ་བ་ཉན་ཐོས་དང་རང་སངས་རྒྱས། དག་པ་ཕྱོགས་མ་མཐོང་བའི་ལྟ་བ་ཕ་རོལ་དུ་ཕྱིན་པ་དང་སྔགས་ཕྱི་ནང་ངོ་། །འཇིག་རྟེན་པའི་ལྟ་བར་འཇོག་པ་ནི་འདི་དག་རྣམས་ཀྱིས་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་བ་མེད་པས་སོ་སོའི་སྐྱེ་བོ་དང་ཁྱད་པར་ཅུང་ཟད་མེད་པའི་ཕྱིར་ན། འཇིག་རྟེན་པར་བཞག་སྟེ་འཇིག་རྟེན་ལས་མི་གྲོལ་བའི་ཕྱིར་རོ། །འཇིག་རྟེན་པ་མ་ཡིན་པའི་ལྟ་བ་ལ་གསུམ་སྟེ། ཆོས་ཅན་ལྟ་བའི་ཁྱད་པར་དུ། ཨ་ནུ་མན་ཆོད་ཀྱི་ཡོ་ག་གསུམ་སྟེ། ཕྱི་ཆོས་ཅན་གྱི་སྣང་བ་ལ་ལྟས་པས་ན། ཆོས་ཅན་གྱི་དོན་མཐོང་མ་མྱོང་བས་འཇིག་རྟེན་པ་དང་མཐུན། ཆོས་ཉིད་ལྟ་བའི་ལྟ་བ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་དང་ཀློང་གི་སྡེ་དང་མན་ངག་གི་སྡེ་ཁ་ཅིག་ཡིན་ཏེ། ཆོས་ཉིད་འབའ་ཞིག་ལ་བལྟས་པས། ཆོས་ཐམས་ཅད་གནས་ལུགས་ཡིན་ཐོག་ཏུ་ལུས་པས། རང་གི་རིག་པ་ལ་མངོན་གསུམ་དུ་ཉམས་སུ་མྱོང་བ་མ་སྐྱེས་པས། གཞན་རྒྱུད་ཤེས་བྱའི་ཆོས་ཉིད་གཏན་ལ་ཕེབས་ཀྱང་རང་རྒྱུད་རྣམ་པར་གྲོལ་བའི་ཡེ་ཤེས་རང་གི་ངོ་བོའི་མཚན་ཉིད་མ་མཐོང་བས། འདི་ཉིད་ལ་སངས་མི་རྒྱ་བས་ཡང་དག་པའི་ལྟ་བ་མ་ཡིན། རང་རིག་ལྟ་བའི་ལྟ་བ་ནི་རྫོགས་པ་ཆེན་པོ་འདིའི་ལུགས་ཡིན་ཏེ། རང་གི་རིག་པ་དབང་པོའི་མངོན་གསུམ་དུ་གཏན་ལ་ཕབ་ནས། དོན་ཉམས་སུ་མྱོང་བ་རང་རྒྱུད་ལ་ད་ལྟ་སྐྱེས་པས་ཕུང་པོའི་ཟག་པ་འདི་ཉིད་ལ་ཟད་ནས་རྡོས་བཅས་མི་སྣང་བའོ། །ལྟ་བ་རང་གི་མཚན་ཉིད་ནི། གང་ལ་ལྟ་ན་སོ་སོའི་ཡུལ་མཚན་ཉིད་མ་འཁྲུལ་བ་ལ་བལྟ། གང་གིས་ལྟ་ན་ཚིག་གི་ཡུལ་སྒྲོས་ཐ་སྙད་སྣ་ཚོགས་པའི་ཡུལ་ལ། ཤེས་རབ་ཕྱིན་ཅི་མ་ལོག་པས་བལྟ། རང་རིག་མངོན་གསུམ་གྱི་འཁྲུལ་པ་མེད་པ་ལ། མིག་གི་དབང་པོའི་དེ་ཉིད་མ་འཁྲུལ་བས་བལྟ། ཆོས་ཅན་སྣ་ཚོགས་པའི་མཚན་ཉིད་ཀྱི་ཡུལ་ལ། ཐབས་དང་འཇུག་སྒོ་ཁྱད་པར་ཅན་གྱིས་ཉམས་སུ་མྱོང་བས་བལྟ་བའོ། །ཇི་ལྟར་ལྟ་ན་ཕྱིན་ཅི་ལོག་གི་བློ་དང་བྲལ་བས་ལྟའོ། །དེ་ལྟར་བལྟས་པས་གང་མཐོང་ན་སོ་སོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ལྟར་མཐོང་བའི་འབྲས་བུ་ནི་འཇིག་རྟེན་པའི་ལྟ་བའི་འབྲས་བུས་འཇིག་རྟེན་མཐུན་སྣང་དུ་གྲུབ་ལ། འཇིག་རྟེན་པ་མ་ཡིན་པའི་ལྟ་བའི་འབྲས་བུ་ནི་ཆོས་ཅན་ཆོས་ཉིད་དུ་འགྱུར་བ་དང་། ཆོས་ཉིད་གང་གི་ངོ་བོར་ཡང་མ་གྲུབ་པ་དང་། རང་རིག་ཚེགས་མེད་དུ་སངས་རྒྱ་བ་ཉིད་དུ་འགྱུར་རོ། །དེ་ཡང་འདིར་ནི་ལྟ་བ་དེ་དག་གི་ནང་ནས་རང་རིག་ལྟ་བའི་ལྟ་བ་ལ་རྣལ་འབྱོར་པས་གོམས་པའི་རྟགས། རང་བཞིན་རྫོགས་པ་ཆེན་པོ་འདི་ཉིད་ཀྱི་སྐལ་པ་དང་ལྡན་པའི་སྐྱེས་པའམ་བུད་མེད་ལ། རྟགས་འདི་བཞིན་དུ་ཡང་ད་ལྟའི་ལུས་ངག་སེམས་ལ་འབྱུང་བར་འགྱུར་བ་ཡིན་ཏེ། དེ་ཡང་ཆོས་ཉིད་སྟོང་པ་རྣལ་འབྱོར་པ་དེའི་ལུས་དང་སེམས་ལ་གང་ཞིང་རྒྱས་པའི་རྟགས་སུ་མཁའ་ལ་འགྲོ་བའི་བྱ་བཞིན་ཏེ་ནམ་མཁའ་འདི་ལ་ཐོགས་པ་མེད་པར་རྒྱུ་བ་ནི་ལྟ་བ་ཆོས་ཉིད་དུ་རྟོགས་པ་ལས་བྱུང་བ་སྟེ། དེའི་ཕྱིར་ན་ཕ་རོལ་དུ་ཕྱིན་པ་ནས། ནམ་མཁའ་གནས་ཏེ་ཅིག་ཆར་ཆོ་འཕྲུལ་རྣམ་པར་སྟོན། ཞེས་པའོ། །ཡང་སྐལ་པ་དང་ལྡན་པའི་སྐྱེས་བུ་དེས་རླུང་ལ་བརྟེན་པའི་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས། ནང་ལུས་ཀྱི་རླུང་ལ་རྣལ་འབྱོར་པ་དེ་རང་གིས་སྔོན་དུ་སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་བཞི་རྫོགས་པར་བྱས་པས། ཐ་མ་དེ་ཉིད་ལ་དབང་ཐོབ་པས་ཕྱི་ནང་གི་སྣང་བ་རྣམས་ལ། གོམས་པའི་སྟོབས་ཀྱིས་གང་ལྟར་ཅི་ཡང་བསྒྱུར་བའི། རྫུ་འཕྲུལ་དང་སྟོབས་རྫོགས་པའི་ཕྱིར་ན། དཔེར་ན་བར་སྣང་ལ་རྒྱུ་བའི་ཕྱིའི་རླུང་བཞིན་དུ་སྐད་ཅིག་མ་དྲུག་བརྒྱའི་བར་དུ། རྣལ་འབྱོར་པ་འདི་ཡིས་ལུས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་འཛམ་བུའི་གླིང་དུ་རྒྱུ་ཞིང་དགེ་བ་དང་མི་དགེ་བའི་མཚན་ཉིད་ཤེས་ཤིང་། དེ་ཉིད་ཀྱི་བར་ལ་དོན་བྱ་བ་དང་མི་བྱ་བའི་ནུས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ཅེས་པའོ། །ཡང་ལྟ་བའི་དོན་རང་གི་སེམས་ཉིད་སྟོང་པར་རྟོགས་པའི་རྟགས་སུ། ཕྱི་རོལ་གྱི་བེམ་པོའི་རྣམ་པའི་རི་དང་མཁར་ཁྱིམ་ལ་སོགས་པ་དངོས་པོའི་རྣམ་པ་གང་ལ་མིག་གིས་བལྟས་པ་ཙམ་གྱིས་དངོས་པོ་མེད་པ་ལྷན་ལྷན་ཞུ་བར་ནུས་པ་འདིས་ནི། རང་གི་སེམས་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པས་ཏེ། དངོས་པོའི་དམིགས་རྟེན་ཞུ་བར་འགྱུར་ཞེས་སྐལ་པ་གཅོད་པའི་འཁོར་ལོ་ལས་སོ། །དེ་ལྟ་བུའི་རྟགས་རྫོགས་པར་བྱུང་བའི་རྣལ་འབྱོར་པ་འདིས་ནི་ལྟ་བའི་གདེང་རྙེད་པ་ཡིན་ནོ། །ཞེས་ལྟ་བ་རྟོགས་པའི་རྟགས་བསྟན་ནས། ད་ནི་བསྒོམ་པ་གོམས་ཤིང་འདྲིས་པའི་རྟགས་རྣལ་འབྱོར་པའི་ལུས་ངག་ལ་ཇི་ལྟར་འབྱུང་བ་བསྟན་པ་ནི། གང་གིས་སྒོམ་ལ་འབྱོང་བའི་རྟགས། ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ནི་རྣལ་འབྱོར་པ་གང་ཞིག་གིས། སྒོམ་ལ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། སྒོམ་པ་རང་གི་མཚན་ཉིད་དང་། འབྲས་བུའོ། །སྒོམ་པའི་ངོ་བོ་ནི་ཐོབ་བྱའི་དོན་དེ་དང་མི་འབྲལ་བ་ཡིན་ལ། ངེས་ཚིག་ནི་གང་ཐོབ་པར་བྱེད་པའི་དོན་དེ་མི་གཏོང་ཞིང་ཡུན་རིང་པོར་གནས་པར་བྱེད་པའོ། །དབྱེ་བ་ནི་མིང་གི་སྒོམ་པ་དང་། འཇིག་རྟེན་བློ་སྣང་འཁྲིད་པའི་སྒོམ་པ་དང་། མཚན་མ་དམིགས་གཏད་ཀྱི་སྒོམ་པ་དང་། རྩ་རླུང་ངལ་སོའི་སྒོམ་པ་དང་། ཆོས་ཉིད་རང་ཐོག་ཏུ་གནས་པའི་སྒོམ་པ་དང་། རང་བཞིན་མ་བཅོས་པའི་སྒོམ་པ་དང་ལྔའོ། །མིང་ནི་མིང་དུ་བཏགས་པ་རྣམས་སོ། །འཇིག་རྟེན་པའི་བློ་སྣ་ཁྲིད་པའི། བདེ་བའི་ཡོན་ཏན་དང་། མི་བདེ་བའི་སྐྱོན་འཆོས་པའི་སྒོམ་པ་རྣམས་ཡིན་ནོ། །མཚན་མ་དམིགས་གཏད་དང་བཅས་པའི་སྒོམ་པ་ནི། བསྐྱེད་པའི་རིམ་པ་གཙོར་བསྒོམ་པ་དང་ཐབས་མི་འདྲ་བ་གཙོར་སྒོམ་པའོ། །རྩ་རླུང་ངལ་གསོའི་སྒོམ་པ་ནི་སྒོམ་གྱི་ལམ་སྟེགས་སུ་འགྲོ་བ་ཡིན་ནོ། །ཆོས་ཉིད་རང་ཐོག་ན་གནས་པའི་སྒོམ་པ་ནི། གནས་དང་རྟེན་པའི་ལམ་དུ་བྱེད་པའོ། །རང་བཞིན་མ་བཅོས་པའི་སྒོམ་པ་ནི། བྱས་བཅོས་དང་འབད་རྩོལ་མེད་པར་ཐམས་ཅད་རང་སར་བཞག་སྟེ། འདི་ལ་རྩོལ་བ་མེད་པས་བྱས་པའི་ཕྱོགས་སུ་མ་ལྷུང་སྟེ་བློ་སྣ་ཁྲིད་པའི་སྒོམ་པའི་སྐྱོན་མེད། ཡིད་ཀྱི་ཡུལ་དུ་མི་སྒོམ་པས་མཚན་མ་དམིགས་གཏད་དང་བཅས་པའི་སྒོམ་པའི་སྐྱོན་མེད། ལུས་ངག་ཡིད་ཀྱི་གཅུན་པ་ལ་མི་ལྟོས་པས་རྩ་རླུང་སེམས་ཀྱི་ངལ་གསོའི་སྒོམ་པའི་སྐྱོན་མིན། གནས་པ་ཚན་ཆེ་བའི་ཞི་གནས་ཕྱོགས་གཅིག་ཏུ་མ་ལྷུང་བས། ཆོས་ཉིད་རང་ཐོག་ཏུ་གནས་པའི་བསྒོམ་པའི་སྐྱོན་མེད་པས། ཚོགས་དྲུག་རང་ཡན། སྒོ་ལྔ་སོར་བཞག །སྣང་བ་གཅེར་བཞག་ཏུ་གཞག་པས། རང་བཞིན་གནས་ལུགས་ཀྱི་བསྒོམ་པའོ། །མཚན་ཉིད་ནི་གང་སྒོམ་ན་ཆོས་ཉིད་དངོས་པོའི་འདུག་ཚུལ་གྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྒོམ། གང་གིས་སྒོམ་ན་རྣལ་འབྱོར་པ་མཚན་ཉིད་དང་ལྡན་པ་འཁོར་བ་ལས་ཡིད་དབྱུང་བ་གཅིག་གིས་སྒོམ། སྒོམ་ལུགས་ཇི་ལྟར་སྒོམ་ན། མ་བཅོས་རང་བཞག་ཆེན་པོར་སྒོམ་པའོ། །འབྲས་བུ་ནི་བློའི་བབས་སྤྱོད་པའི་འབྲས་བུ་དང་། མཐར་ཐུག་རང་གྲོལ་གྱི་འབྲས་བུའོ། །བློའི་བབས་སྐྱེས་པ་ནི། དང་པོ་སོ་མ་ཞེས་པ་རང་ངོ་ཡིན་སྙམ་པ་ཙམ་འབྲས་བུར་སྣང་བ་དང་། གཉིས་པ་ལུས་ངག་གི་བདེ་བ་སྐྱེས་པ་འབྲས་བུར་སྣང་བ་དང་། གསུམ་པ་གཉུག་མ་སྟོང་པའི་དོན་གོ་བ་ཙམ་འབྲས་བུར་གྱུར་པ་དང་། བཞི་པ་མ་བཅོས་པ་ལུས་ངག་གནད་ལ་མི་ལྟོས་པ་འབྲས་བུར་འདོད་པ་སྟེ། འདི་དག་ནི་ཤེས་པ་བློའི་ཡིད་ཀྱི་ཕྱོགས་མཚོན་པ་ཡིན་ནོ། །མཐར་ཕྱིན་རང་གྲོལ་གྱི་འབྲས་བུ་སྐུ་གསུམ་དུ་འཛིན་པའི་ཞེན་པ་དང་བྲལ་ནས། ཆོས་ཐམས་ཅད་ཟད་པ་ཉིད་ལ་གནས་པ་ཡིན་ནོ། །དེ་ལྟར་རང་བཞིན་མ་བཅོས་པའི་སྒོམ་པའི་དོན་ལ་འབྱོངས་པའི་རྟགས་བསྟན་པ་ནི། ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་སྒོམ་པས་གོམས་པ་སྔོན་དུ་གྱུར་པའི་རྟགས་སུ། རྣལ་འབྱོར་པ་དེའི་ལུས་ལ་འབུ་དང་སྲིན་བུ་དང་སྲོག་ཆགས་ཤིག་དང་སྲོ་མ་ལ་སོགས་པ་མེད་པ་ནི། སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་མེད་པར་འཁོར་བ་ལས་སྒྲོལ་བ་ཡིས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། བདག་གིས་ཆོས་ཟབ་མོའི་དོན་རྟོགས་པར་བྱས་པས། གཞན་དོན་རྫོགས་པར་བྱའོ་སྙམ་པའི་བློ་འབྱོངས་པས་ཆོས་ཉིད་ལ་དམིགས་པའི་སྙིང་རྗེ་སེམས་ཅན་གྱི་གཞན་དོན་དང་། རང་གི་དོན་གཉིས་མཐར་ཕྱིན་པར་བྱ་བའི་ཕྱིར་ན། རང་གི་ལུས་ལ་སྲོག་ཆགས་འབྱུང་མི་སྲིད་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་ཡིན་ནོ། །ཡང་སྐལ་བ་དང་ལྡན་པ་དེས། རྣམ་པ་ཡུལ་ལ་བརྟེན་པར་རྟོགས་པ་དེ་ཉིད་བློ་དུ་མས་སྤྱད་པ་འཁྲུལ་པའི་སེམས་དང་ཕྱིན་ཅི་ལོག་གི་སེམས་དང་། མ་དག་པའི་སེམས་དང་། བྱང་ཆུབ་ཀྱི་སེམས་དོན་དམ་དང་། ཀུན་རྫོབ་དང་། ཀུན་རྫོབ་གྱི་རྣམ་པ་རྒྱུན་སྐྱེ་བར་བྱེད་པའི་སེམས་སྟོང་པས། ད་སེམས་ཀྱི་བྱུང་ཚོར་མི་འབྱུང་བའི་རྟགས་སུ། སྐལ་ལྡན་དེའི་ལུས་ནི་ཤིང་བལ་གྱི་འདབ་མ་གཡེངས་སུ་གནས་པའམ། བྱ་སྒྲོའི་རྣམ་པ་ལྟ་བུའམ། རས་བལ་བཞིན་རབ་ཏུ་ཡང་པར་འགྱུར་བ་ཡིན་ནོ། །ཡང་རྟེན་གྱི་གང་ཟག་གིས་རང་གི་རིག་པ་དེ་ཉིད་སྔར་མ་སྐྱེས་པའི་དོན་དང་། ད་འཆི་བ་མེད་པའི་དོན་ཁོང་དུ་ཆུད་ཅིང་རྟོགས་པ་དང་ལྡན་པའི་རང་གི་དོན་རྟོགས་པའི་རྟགས་སུ། དེའི་ལུས་ནི་ལོ་བཅུ་དྲུག་ལོན་པ་བཞིན་དུ་འགྱུར་བའོ། །ཡང་གང་ཟག་དེ་ཉིད་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་རླན་གྱིས་རང་གི་སེམས་ཉིད་ལ་ཁྱབ་པའི་ཕྱིར་ན། གང་ཟག་དེའི་ལུས་ཀྱི་བ་སྤུ་དང་། གདོང་ཡན་ལག་དང་། ལུས་སྤྱིའི་ཤ་མདོག་ལ་སོགས་པ་དང་། དེ་བཞིན་དུ་སོ་དང་སེན་མོ་དང་སྐྲ་རྣམས་ལ་རང་བཞིན་གྱིས་སྣུམ་མ་བྱུགས་པར་བག་ལ་སྣུམ་རང་ཞུགས་ལས། སྣུམ་ལྕུག་དང་ལྡན་པ་ནི། དེ་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་སྒོམ་པ་ཚད་འབྱོངས་པའི་རྟགས་སོ། །ཡང་སྐལ་བ་དང་ལྡན་པའི་གང་ཟག་གཅིག་ལ་སེམས་ཀྱི་སྒོམ་པ་མངོན་དུ་གྱུར་པའི་རྟགས་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ལ། རྣལ་འབྱོར་པ་དེའི་སེམས་ནི་སྐད་ཅིག་ཀྱང་སྣང་བའི་རྐྱེན་ཇི་ལྟར་བྱུང་ཡང་། ས་གཅིག་ཏུ་གནས་པ་ལས་གང་ལ་ཡང་མི་འཕྲོ་བར། ཐོག་མ་གང་དུ་གཏད་པའམ་བར་སྣང་གི་སར་སྡོད་ཅིང་། འཁྲུལ་པའི་ཡུལ་གཉིས་མ་རིག་པ་ཉིད་འཇུག་པར་མི་ནུས་པར་རང་སར་གནས་ཤིང་། རྣམ་རྟོག་གི་དབང་དུ་མི་འགྲོ་བ་ནི་ནང་གི་རྟགས་ཏེ། རྟགས་འདིས་ནི་བསྒོམ་པ་གཞན་མ་ཡིན་པ་རང་གིས་རྙེད་པ་ཡིན་པས་ན། འདི་དག་ནི་སྒོམ་པ་འབྱོངས་པ་སྟེ། འདི་དག་རྣམས་དང་ལྡན་པའི་སྐལ་ལྡན་ནི། ཚེ་འདི་དང་གཉིས་ཀྱིས་ནི་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཐོབ་པར་ངེས་སོ། །ཞེས་སྒོམ་པ་ལས་བྱུང་བའི་རྟགས་བསྟན་ནས། ད་ནི་ཆོས་ཉིད་ཀྱི་ཡུལ་འོད་ལ་གོམས་པའི་རྟགས་བསྟན་པ་ནི། གང་གིས་འོད་ལ་སུས་གོམས་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་གིས། འོད་ལ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །འོད་ཀྱི་ངོ་བོ་ནི་རང་གི་གདངས་སྟོན་པར་བྱེད་པ་ཉིད་ཡིན་ལ། ངེས་ཚིག་ནི་ཡུལ་རྣམ་པར་དག་པ་ལ་སྣང་བར་བྱེད་པའི་ཕྱིར་ན་འོད། རང་གི་རང་བཞིན་སྟོན་པར་བྱེད་པའི་ཕྱིར་ན་འོད། ཐུགས་རྗེ་རང་ཤུགས་ཀྱིས་སྟོན་པས་ན་འོད་དོ། །དབྱེ་ན་མིང་གི་འོད་དང་། འཇིག་རྟེན་ལྟར་སྣང་གི་འོད་དང་། ཡེ་ཤེས་ལྔའི་རང་གི་མཚན་ཉིད་ཀྱི་འོད་དང་། བསོད་ནམས་ལུས་སྟོབས་ཀྱི་འོད་དང་། ཉམས་བླངས་གོམས་ཚད་ཀྱི་འོད་དོ། །མིང་ནི་མིང་དུ་བཏགས་པ་རྣམས་ཡིན་ལ། འཇིག་རྟེན་ལྟར་སྣང་གི་འོད་ནི། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་དང་། མར་མེའི་འོད་དང་། སྲིན་བུ་མེ་ཁྱེར་ཀྱི་འོད་དང་། ཡི་དྭགས་ཀྱི་འོད་ལ་སོགས་པ་སྟེ་འདི་དག་རྣམས་འོད་ཡིན་ཡང་མཚན་ཉིད་དང་མི་ལྡན་པའོ། །བསོད་ནམས་ལུས་སྟོབས་ཀྱི་འོད་ནི། འཇིག་རྟེན་པ་དང་། འདས་པའོ། །འཇིག་རྟེན་པ་ནི་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ལ་བསོད་ནམས་ལས་གྲུབ་པའི་འོད་ལ་རེ་བས་ལུས་རྒྱན་རྣམས་ཡིན་ལ། འདས་པ་ནི་ཉན་ཐོས་ཀྱི་འོད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཀྱི་འོད་དོ། །ཡེ་ཤེས་ལྔའི་རང་གི་མཚན་ཉིད་ཀྱི་འོད་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གི་མཚན་ཉིད་ལ་འོད་མཐིང་ཀ་ཆོས་ཉིད་ལམ་གྱི་རང་གདངས་སུ་གནས་པས། ལྟ་བ་རང་གི་ངོ་བོ་ལས་མི་འགྱུར་བར་སྣང་བར་བྱེད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འོད་དཀར་པོ་ཆོས་ཉིད་ལམ་གྱི་ཟེར་གདངས་སུ་སྣང་བས། སྒོམ་པ་རང་གནས་པའི་གཤིས་སྣང་བར་བྱེད། མཉམ་པ་ཉིད་ཀྱི་ཡེ་ཤེས་རང་གི་མཚན་ཉིད་འོད་སེར་པོ་ཆོས་ཉིད་ལམ་གྱི་གཏིང་གདངས་སུ་སྣང་བས། སྤྱོད་པ་རང་གི་ཡོན་ཏན་དུ་སྣང་བར་བྱེད། སོ་སོར་རྟོག་པའི་འོད་དམར་པོ་ཆོས་ཉིད་ལམ་གྱི་ཁྱབ་པའི་ཡེ་གདངས་སུ་གནས་པས། འབྲས་བུ་རང་དབང་བའི་རྩལ་སྣང་བར་བྱེད། བྱ་བ་གྲུབ་པའི་རང་གི་མཚན་ཉིད་འཛིན་པའི་འོད་ལྗང་གུ་ཆོས་ཉིད་རྩལ་གདངས་སུ་སྣང་བས། རིག་པ་རང་གི་ངོ་བོ་རྩོལ་སྒྲུབ་དང་བྲལ་བར་སྣང་བར་བྱེད་པའོ། །ཉམས་སུ་བླངས་པ་གོམས་ཚད་ཀྱི་འོད་ནི། རྟེན་གྱི་གང་ཟག་གཅིག་གིས་ཉམས་སུ་བླངས་པའི་ཚེ། ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་ཁ་དོག་དང་དབྱིབས་མི་འདྲ་བ་ཐ་དད་པར་སྣང་བ་སྟེ། འོད་ཀྱི་དུམ་བུ་དང་། གྲུ་ཆད་དང་། གྱེན་འགྲེང་དང་། རྩིབས་ཤར་དང་། མུ་ཁྱུད་དང་། རིན་པོ་ཆེའི་དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། མཁར་ཐབས་དང་། གུར་ཁྱིམ་དང་། མིག་ཚགས་དང་། མིག་མངས་རིས་ལ་སོགས་པ་ནང་གི་རྟགས་ཀྱི་སྐབས་ནས་སྟོན་པ་ཡིན་ནོ། །འོད་དེ་དག་ནི་དངོས་པོའི་གཤིས་ལ་ཆ་ཚང་བ་གྲུབ་པ་རང་གི་ཆ་ཙམ་དུ་ཡོད་པ་ལས། ཕྱི་རོལ་སྣང་བྱེད་དུ་ཡོད་པ་མ་ཡིན་ཏེ། དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་དང་མཚུངས་སོ། །འདི་དག་ནི་ལམ་གྱི་སྣང་ཆའོ། །ཡང་དག་པའི་ཆོས་ཉིད་ཟབ་མོའི་ངོ་གང་ལ་འོད་ཡོད་ཅེས་པའམ་མེད་བྱ་བ་གང་ཡང་གྲུབ་པ་མེད་དོ། །འདི་ནི་ཚིག་གིས་བརྗོད་པར་དཀའོ། །མཚན་ཉིད་ནི་གསལ་བྱེད་གཞན་ལ་མ་ལྟོས་པའོ། །དེ་ཡང་གསལ་བྱ་རང་གི་རང་བཞིན་དེ་གསལ་བྱེད་དུ་ཉམས་སུ་མྱོང་བ་ལས། མྱོང་གསལ་གཉིས་སུ་མེད་པར་གསལ་བའོ། །འབྲས་བུ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ངང་དུ་སངས་རྒྱའོ། །དེ་ལྟ་བུའི་འོད་ཀྱི་ལམ་སྣང་ལ་སྐྱེས་བུ་སུས་གོམས་པ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ངང་དུ་སངས་རྒྱ་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་པ་རང་གི་མིག་གི་དབང་པོ་ཡིས་མཐོང་བའི་སྤྱོད་ཡུལ་དུ། ཕྱི་རོལ་གྱི་འབྱུང་བ་ས་དང་མེ་དང་ཆུ་དང་རླུང་གི་རྣམ་པ་རྣམས་མི་སྣང་བར་རང་འོད་ཀྱི་སྣང་བར་སྐབས་སུ་སྣང་ཞིང་། སྐབས་སུ་འབྱུང་བ་བཞིའི་སྣང་བ་སུས་ཀྱང་བྱས་པ་མེད་པར་རང་ནུབ་སྟེ། དེ་ནས་ཐོག་མའི་མཐིང་ཀ་དང་། དེ་ནས་དཀར་པོ། དེ་ནས་སེར་པོ་དང་གསུམ་དུ་འགྱུར། དེ་ནས་དམར་པོ། དེ་ནས་ལྗང་གུའི་སྣང་བ་རྣམས་རིམས་ཀྱིས་ཤར་ནས། དེ་ལྟར་གོང་ནས་གོང་དུ་འཕེལ་ནས། ཁ་དོག་ལྔ་ལ་སྤྱོད་པའི་ཚེ། འོད་ལ་གོམས་པས་ཏེ། འོད་ཀྱི་སྣང་བ་འདི་དང་ཡོ་གི་དེ་འབྲལ་བ་མེད་པའི་རྟགས་སུ། འགྲོ་བ་གཞན་གྱིས་མཐོང་བའི་མིག་གི་སྤྱོད་ཡུལ་དུ་འཁྲུལ་པ་ཞིག་པའི་སྐལ་ལྡན་དེ། སྨྱོན་པ་བཞིན་དུ་མཐོང་སྟེ། དེ་ཉིད་ཀྱང་སྣང་བ་གང་ལ་ཡང་ཐོགས་རྡུགས་མེད་པར་མདོར་ན་འབྱུང་བ་བཞིའི་གནོད་པ་དང་བྲལ་ནས། ཆུ་ལ་བྱིང་བ་མེད་པ་ལ་སོགས་པ་ཡང་འབྱུང་། དེ་དག་ལ་རང་གིས་སྤྱོད་ཅིང་གནོད་པ་དང་བྲལ་བའོ། །དེའི་དུས་ན་སྐྱེས་བུ་དེ་དངོས་པོའི་རྫས་གང་ལ་ཡང་ཆགས་པ་མེད་པ་དང་། འདི་ལྟར་བྱུང་བའི་དུས་ན་འབྱུང་བ་བཞིའི་བཅིངས་པའི་དྲི་མ་ལས་གྲོལ་བའི་རྟགས་སུ། རི་དང་བྲག་ལ་སོགས་པ་རྣམས་ལ་ལུས་ཟང་ཐལ་དུ་འགྲོ་བར་ནུས་པ་དང་། དེ་བཞིན་དུ་སའི་གཏིང་དུ་འཛུལ་བར་འགྲོ་བ་གཞན་གྱི་སྣང་བ་ལ་མཐོང་བ་དག་འབྱུང་ལ། དེ་ལྟར་ཆུ་རྣམས་ལ་ཡང་བྱིང་བ་མེད་པར་ཟང་ཐལ་བའོ། །འདིའི་དུས་ན་ལུས་ལ་གོས་དང་བྲལ་ནས་ཆོས་ཀྱི་རང་དྲོད་ཕེབས་པས་ཀྱང་གྲང་བ་མེད་པ་ནི། གཅེར་བུ་སྣང་བ་གང་ལ་ཡང་ཐོགས་པ་མེད་ཅིང་རྒྱུ་བར་བྱེད་ལ། འདིའི་དུས་ན་ཏིང་ངེ་འཛིན་རོ་མཉམ་གྱི་ཟས་རྙེད་པས་འཇིག་རྟེན་གྱི་ཁམས་ཀྱི་ཟས་དང་སྐོམ་དང་ན་ཚ་དང་སྐྱེ་ཤི་ལ་སོགས་པའི་འདོད་པ་རང་བཞིན་གྱིས་བྲལ་བས་འདིས་ནི་སྣང་བ་འདི་ཉིད་ལ། ཟག་པ་དང་བཅས་པ་ཕུང་པོའི་ཟག་པ་དང་ཉོན་མོངས་པའི་ཟག་པ་རང་ཟད་ནས་འབྱུང་བ་བཞི་རང་སར་དེངས་ནས་ནི། ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ཚེ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་ལ་ཐེ་ཚོམ་མེད་དོ་ཞེས་འོད་ལ་གོམས་པའི་རྟགས་བསྟན་ནས། ད་ནི་དབྱིངས་ལ་གོམས་པའི་རྟགས་བསྟན་པ་ནི། གང་གིས་དབྱིངས་ལ་གོམས་པས་ནི། ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་གིས་ཆོས་ཀྱི་དབྱིངས་པ་ནི། དབྱིངས་ཀྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །དབྱིངས་ཀྱི་ངོ་བོ་ནི་ཡངས་ཤིང་ཁྱབ་བརྡལ་ཆེན་པོའི་བདག་ཉིད་གསལ་བ་རང་གསལ་ཉིད་དོ། །ངེས་ཚིག་ནི་དཀྱིལ་ཞེས་བྱ། དབྱིངས་ཞེས་བྱ། ཆོས་ཉིད་དངོས་པོ་གཤིས་ཀྱི་རང་བཞིན་ཡངས་ཤིང་མཐའ་ལ་ཐུག་པ་མེད་པ་ཉིད་དོ། །དབྱེ་ན་བཞི་ཏེ། ཕྱིའི་དབྱིངས་ནམ་མཁའ་དང་། ནང་གི་དབྱིངས་ཀྱི་སྒྲོན་མ་དང་། གསང་བའི་དབྱིངས་འོད་དང་ཐིག་ལེ་དང་། གསང་བ་བླ་ན་མེད་པའི་དབྱིངས་འཁྲུལ་སྣང་རང་འགགས་པའོ། །དེ་ཡང་ཕྱིའི་དབྱིངས་རིག་པའི་ཡུལ་ཡིན། ནང་གི་དབྱིངས་ཡེ་ཤེས་ཀྱི་ཡུལ་ཡིན། གསང་བའི་དབྱིངས་སྐུ་གསུམ་གྱི་ཡུལ་ཡིན། གསང་བ་བླ་ན་མེད་པའི་དབྱིངས་མཐར་ཐུག་འབྲས་བུའི་ཡུལ་ཡིན་ནོ། །མཚན་ཉིད་ནི། སྤྱི་མཚན་དང་རང་མཚན་ལས། སྤྱི་མཚན་ནི་སྣང་བ་ནུས་པ་ལ་ཁྱབ་པ་ཕྱོགས་མེད་དུ་ཤར་ཤིང་། གསལ་བའི་ཡུལ་དེ་དཔེར་ན་མེ་ལོང་གི་ནང་དུ་བཞིན་སྣང་གསལ་བར་བྱེད་པ་དང་འདྲའོ། །མདོར་ན་ཆོས་ཉིད་རང་ནི་མ་ཡིན་ཆོས་ཉིད་སྣང་བར་བྱེད་པའི་ཡུལ་གསལ་བའི་ནུས་པ་འབྱིན་པར་བྱེད་པའོ། །རང་མཚན་ནི་ཕྱིའི་དབྱིངས་ཀྱི་མཚན་ཉིད་སྟོང་པ་ངོས་གཟུང་དང་བྲལ་བ་ཡིན་ལ། ནང་གི་གསལ་བ་ངོས་བཟུང་དང་བྲལ་བ་ཡིན། གསང་བའི་སྣང་བ་ངོས་བཟུང་དང་བྲལ་བ་ཡིན་ལ། གསང་བ་བླ་ན་མེད་པ་དབྱིངས་ཀྱི་མཚན་ཉིད་མྱོང་བ་ངོས་བཟུང་དང་བྲལ་བའོ། །འབྲས་བུ་ནི་ཆོས་ཉིད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང་ཤེས་པ་ལ་བརྟེན་ནས་ཆོས་ཉིད་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་མཐོང་ནས། མངོན་སུམ་མི་འགྱུར་བ་ལ་ལམ་དུ་བྱས་ནས་འབྲས་བུ་ཕྱིན་ཅི་མ་ལོག་པར་སངས་རྒྱས་སོ། །དེ་ལྟ་བུའི་དབྱིངས་ལ་གོམས་པའི་སྐལ་ལྡན་དེ་ལ་ནི། རྣམ་པར་རྟོག་པའི་རླུང་བརྒྱད་དང་བྲལ་བའི་རྟགས་སུ། དབུགས་ནི་ཕྱིར་རྒྱུ་བ་མེད་པར་རྣམ་པར་སྣང་བའི་ཡུལ་གྱི་རྣམ་པར་རྟོག་པ་དང་བྲལ། ནང་དུ་རྒྱུ་བ་རང་ཟད་པ་ནི་ནང་སེམས་ཀྱི་རྣམ་པར་རྟོག་པ་མེད་པའི་རྟགས་ཡིན་ནོ། །དེ་ལྟར་ཕྱི་ནང་གཉིས་ཀྱི་རྣམ་རྟོག་མེད་པས་ལུས་ཀྱི་རྡོས་པ་མེད་ཅིང་སྟོང་པའི་རྟགས་སུ་ལུས་ཀྱི་ཕྲ་རགས་ནུབ་པ་ནི། སྔོན་དུ་ཕྱིིའི་དབྱིངས་ལ་གོམས་པར་བྱས་པས་དེ་ཉིད་ལ་ཚད་འབྱོངས་པས། ལུས་ཀྱི་སྟོབས་ཀྱིས་ཕྱིའི་ནམ་མཁའ་ལ་བྱ་བཞིན་དུ་འགྲོ་བ་དང་། དེ་བཞིན་དུ་ཆུ་ལ་ཡང་ཉ་བཞིན་དུ་རྐྱལ་བ་དང་ལྡན་པ་འདིས་འགྲོ་སྟེ། དེ་ནི་ཕྱིའི་དབྱིངས་ལ་གོམས་པའི་རྟགས་ཡིན་ནོ། །ཡང་སྐལ་ལྡན་དེས་ནང་དབྱིངས་ལ་གོམས་པའི་རྟགས་ནི། སྔར་མཐོང་མ་མྱོང་བའི་ཡུལ་རྒྱ་དཀར་པོའི་རྒྱལ་ཁམས་དང་། ནག་པོ་དང་། ལི་དང་། ཧོར་གྱི་ཡུལ་རྣམས་དང་། དེ་ལས་རྒྱ་ཆེ་བའི་གླིང་བཞི་རི་རབ་དང་བཅས་པ། ཡང་འདུག་ས་གཅིག་ཏུ་སྐྱིལ་ཀྲུང་ངམ། ཙོག་པུའམ། གན་རྐྱལ། ཁ་སྦུབས། ཇི་ལྟར་འཇུག་པ་དེའི་ལུས་མ་ཞིག་པའི་སྒོ་ནས་མཐོང་བ་དེ་ནི་ཡེ་ཤེས་ཀྱི་མིག་མངའ་བ་ཡིན་ནོ། །ཡང་སྐལ་ལྡན་དེས་དེ་དག་འདས་པའི་འོག་ཏུ་གསང་བའི་དབྱིངས་ལ་གོམས་པའི་རྟགས་སུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཁོང་དུ་ཆུད་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་ཞིང་ཁམས། ཤར་ཕྱོགས་ན་མངོན་པར་དགའ་བ་དང་། ལྷོ་ཕྱོགས་ན་དཔལ་དང་ལྡན་པ་དང་། ནུབ་ཕྱོགས་ན་པདྨ་རྩེགས་པ་དང་། བྱང་ཕྱོགས་ན་ལས་རབ་རྫོགས་པ་ལ་སོགས་པ་དེ་དག་གི་ཡོན་ཏན་རྣམས་ཤེས་ཤིང་ཁོང་དུ་ཆུད་པ་དང་། དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་དུམ་བུ་བ་སྟེ། རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་འཁོར་དང་གཙོ་བོ་ལ་སོགས་པ་དང་། དེ་བཞིན་མི་བསྐྱོད་པ་ལ་སོགས་པ་རིགས་ལྔའི་གཙོ་འཁོར་གྱི་ཁྱད་པར་མཐོང་བ་དང་། ལོངས་སྐུའི་ཞིང་ཁམས་རྒྱ་ཆེན་པོ་ཕྱོགས་བཅུའི་ཞིང་ཁམས་དཔག་ཏུ་མེད་པ་མཐོང་བ་དང་། གཞན་ཡང་ཆོས་ཀྱི་སྐུའི་ཞིང་ཁམས་ནི་གྲངས་ཅན་དང་། ཚད་ཅན་དང་། གྲངས་མེད་པ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ། སྔར་མཐོང་བ་དག་ག་ལ་སྲིད་དེ་ཐོས་པ་ཡང་མེད་པ་རྣམས། ད་ལྟའི་འདུག་ས་གཅིག་ནས་ཞིང་ཁམས་འདི་ཀུན་དུས་གཅིག་ལ་སྐད་ཅིག་མ་བཅུ་དྲུག་གི་ཁོངས་སུ་མཐོང་བར་འགྱུར་བ་ནི། ཡེ་ཤེས་ཆེན་པོའི་མིག་རྙེད་པས་ཏེ་འདི་ལྟར་རྟགས་དེ་དག་དང་འདས་པའི་འོག་ཏུ་སྐལ་བ་དང་ལྡན་པའི་སྐྱེས་བུ་ལ། གསང་བ་བླ་ན་མེད་པའི་དབྱིངས་ལ་གོམས་པའི་རྟགས་བསྟན་པ་ནི། རྟགས་འདི་དག་རྣམས་རྫོགས་ནས་ཟླ་བ་བཅུ་དྲུག་ན། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་སྐལ་ལྡན་དེས་མཐོང་བར་འགྱུར་ཏེ། འདི་མཐོང་མ་ཐག་ཏུ་སྐལ་བ་དང་ལྡན་པ་དེ། སྐུ་གསུམ་གྱི་སངས་རྒྱས་ཀྱི་འབྲས་བུ་འདི་ཉིད་ལ་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ། །དེ་ལྟར་རྟགས་དང་ལྡན་པ་འདིའི་དུས་ན་སྐལ་ལྡན་དེ་ལ་སྡིག་པ་མི་དགེ་བའི་སེམས་མི་འབྱུང་སྟེ། གལ་ཏེ་བྱུང་ཡང་སྐལ་ལྡན་དེ་ལ་ཕན་པ་ཉམས་ཀྱི་གྲོགས་དང་། གནོད་པ་བསད་གཅོད་ཀྱི་རྣམ་པ་ཅི་བྱས་ཀྱང་རྣམ་སྨིན་དང་བྲལ་ཏེ། ཡེ་ཤེས་རང་གི་ངོ་བོ་ལ་གནས་པའོ། །དེ་ལྟ་བུའི་རྟགས་དང་ལྡན་པའི་རྣལ་འབྱོར་པ་འདི་ཡང་སྣང་བ་འདི་ཉིད་ལ། འབྱུང་བའི་ཟག་པ་དང་ཉོན་མོངས་པའི་དང་། ཕུང་པོའི་ཟག་པ་ཕྲ་རགས་བདག་ཏུ་མེད་པས་གཟུགས་ཕྲ་རགས་ཀྱི་ཟག་པ་དང་། བྱུང་ཚོར་གང་དུ་ཡང་མ་གྲུབ། ཚོར་བ་བདེ་སྡུག་དུ་མ་གྲུབ་པས་ཚོར་བའི་ཟག་པ་མེད། འཚོགས་པ་དུ་མར་མེད་པས་འདུ་ཤེས་ཀྱི་ཟག་པ་མེད། ཡུལ་དང་ཤེས་པ་ཅིའི་ངོ་བོར་ཡང་མེད་པས་རྣམ་པར་ཤེས་པའི་ཟག་པ་མེད། མི་རྟག་པ་མ་ཡིན་ཏེ་རང་སྣང་རྟག་པ་ཆེན་པོར་ཡོད་པས་འདུ་བྱེད་ཀྱི་ཟག་པ་མེད། ཟག་པ་དང་བཅས་པའི་ཕུང་པོ་ནི་ལྔ་སྟེ། འབྱུང་བ་ཕྲ་རགས་ཀྱི་ཚོགས་པ་འདུས་པས་གཟུགས་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་ཡུལ་ཅན་ཐ་དད་པར་སྣང་བས་རྣམ་པར་ཤེས་པའི་ཕུང་པོ་དང་། ཚོགས་པའི་ཆོས་རྟེན་འབྲེལ་དང་། འབྱུང་བ་སོ་སོའི་སྨིན་པའི་ལས་དང་། བྱེད་པའི་ལས་གསུམ་དང་། ལོ་དང་། དུས་དང་། གཟའ་དང་། རྒྱུ་སྐར་དང་། གདོན་ལ་སོགས་པ་སོ་སོའི་རྟེན་དུ་མ་བྱེད་པས་འདུ་བྱེད་ཀྱི་ཕུང་པོ་དང་། བདེ་བ་དང་། སྡུག་པ་དང་། བཏང་སྙོམས་གསུམ་འདུས་པ་ལས་ཚོར་བའི་ཕུང་པོ་དང་། ཕྲ་བའི་ཉོན་མོངས་པ་ལྔ་བཅུ་རྩ་ལྔའི་འཚོགས་པའི་རྟེན་དང་འབྲེལ་བ་འདུས་པས་འདུ་བྱེད་ཀྱི་ཕུང་པོའོ་ལ་སོགས་ཏེ། ཕུང་ལྔ་མི་སྣང་བར་རང་སར་དེངས་པ་ནི། འབྱུང་བ་བཞི་ས་དང་ཆུ་དང་མེ་དང་རླུང་རང་གི་སར་རང་སར་དེངས་ནས། ཕྱིའི་འབྱུང་བ་ལྔའི་སྣང་བ་མི་སྣང་། ནང་ཕུང་པོ་ལྔའི་སྣང་བ་མི་སྣང་། གསང་བ་ཡེ་ཤེས་ལྔའི་སྣང་བ་ཙམ་དུ་ཡང་མི་སྣང་བས། འབྲས་བུ་ངེས་པར་ཐོབ་པར་ཡིན་ནོ། །དེ་དག་ནི་ཕྱིའི་རྟགས་དེ་རང་གཞན་གྱིས་ཚོར་བར་སྐྱེ་བ་ཡིན་ནོ། །འདིར་མ་བསྟན་པའི་ཚིག་གི་ལྷག་མ་ནང་གི་ཉམས་དང་རྟགས་ནི། རྒྱུད་འདིར་ནི་ང་སྟོན་པ་རྡོ་རྗེ་འཆང་གིས་མ་བཤད་དེ། དོན་གྱི་སྐལ་ལྡན་རང་གི་ཉམས་ལས་མ་སྐྱེས་པས་ན། ཉམས་སྐྱེས་པའི་རྟགས་དེ་ཤེས་པར་འདོད་ན་འདི་ལྟར་མཁའ་འགྲོ་མའི་མཛོད་ནས་བཤད་པས་ཤེས་པར་བྱའོ། །ནང་གི་རྟགས་ནི་འདི་བཞིན་དུ་རིག་པར་བྱའོ། །འཁྲུལ་པ་རང་གིས་རང་གཟིངས་པ་འགྱུར་བའི་རྟགས་དང་། མན་ངག་གི་གནད་ཐོག་དུ་མ་ཕེབས་པས་ངེས་པ་མེད་པའི་རྟགས་དང་། རིག་པ་མངོན་གསུམ་གྱི་གནད་ཀྱིས་མ་ཟིན་པ་བར་ཆོད་བདུད་གྱི་རྟགས་དང་། མངོན་གསུམ་རང་ཐོག་ཏུ་ཕེབས་པས་འགྱུར་བ་མེད་ཅིང་མི་འགྱུར་བའི་རྟགས་དང་བཞིའོ། །འགྱུར་བའི་རྟགས་ནི་ཉམས་སུ་མ་བླངས་པ་རྣམས་ལ་ཡང་འབྱུང་བ་ཡོད་ཀྱང་དོན་མི་འབྱུང་། བྱ་དང་རི་དྭགས་ལ་སོགས་པ་རྣམས་ལ་ཡང་འབྱུང་བ་ཡོད་དེ་འདི་ནི་རྒྱུའི་རྟགས་ཞེས་བྱ་སྟེ་དོན་མི་འབྱུང་ངེས་པ་ཡིན་ནོ། །དེ་ཡང་ངེས་པ་མེད་པའི་རྟགས་ནི། ཡིད་དཔྱོད་ཚིག་ལ་མཁས་པ་རང་རྡོལ་བ་དང་། ཕ་རོལ་གྱི་ཤེས་པ་དུམ་བུ་པ་དང་། ལྷའི་སྐུ་མཐོང་བ་དང་། ལུས་ལ་སྐུ་གདུང་འབྲུལ་བ་དང་། ངག་ལ་ནུས་པ་འབྱུང་བ་དང་། གཞན་གྱིས་ལུང་སྟོན་པ་དང་། རྟོགས་པ་འགགས་པ་དང་། ཞི་གནས་རྒྱུན་རིང་བ་དང་། ལུས་ཀྱི་དྲོད་དུམ་བུ་བ་དང་། འཇིག་རྟེན་འདྲེའི་ཆ་བྱད་མཐོང་བ་དང་། ཆོས་རྩོམ་ཞིང་ཚིག་གི་སྒྲོ་འདོགས་པ་རྣམས་ལ་བཟོ་བ་དང་། ཤེས་པའི་སྣ་དཔག་ཏུ་མེད་པ་འཕྲོ་བ་དང་། སེམས་ཡངས་པ་དང་། དབང་པོ་གསལ་བ་དང་། སྔོན་བས་བདེ་བ་ལྷག་ཏུ་ཆེ་བ་དང་། གཉིད་མི་འབྱུང་བ་དང་། དགའ་བ་ཁྱད་པར་ཅན་དང་། ཤེས་པ་སེར་བ་དང་། རྟག་ཏུ་ཁ་གླུ་ལེན་སྙིང་འདོད་པ་དང་། འགྲོ་སྙིང་འདོད་པ་དང་། མིག་འགྲོ་བ་གཞན་ལ་མི་ཆགས་པ་དང་། རྐང་པ་འགྲོས་མགྱོགས་པ་དང་། སེམས་ཕྱམ་བརྡལ་དུ་སོང་བ་དང་། ཤེས་པ་རྟག་ཏུ་འགྱུར་བ་དང་། བློ་གཅིག་ཏུ་མི་ཕེབས་པ་དང་། ཚིག་རྣམས་ལ་རྟོག་པ་འཛུད་པར་བྱེད་པ་དང་། མཁའ་འགྲོ་མའི་སྐད་ཐོས་པ་དང་། ཡུལ་མཐའ་འཁོབ་ཀྱི་སྐྱེ་བོ་དང་ལྷན་ཅིག་གནས་པ་དང་། རྟག་ཏུ་སྙིང་འདར་བ་དང་། ལུས་ཀྱི་བ་སྤུ་རྣམས་གྱེན་ལ་ལངས་པ་དང་། སེན་མོའི་དཀྱིལ་ན་ཡི་གེ་རྣམས་རང་བྱུང་བ་དང་། རྒང་ནས་སོའུ་སྐྱེ་བ་དང་། གཞན་གྱི་ལུས་ལ་བྱིན་བརླབས་བསྟིམ་པ་དང་། སྐྱིལ་ཀྲུང་ནམ་མཁའ་ལ་འཕར་བ་དང་། ལག་པའི་མཐིལ་ན་ཙཀྲ་ཡོད་པ་དང་། རྐང་པའི་སོར་མོ་གཉིས་འབྲེལ་བ་དང་། ཁའི་ནང་ནས་འོད་འབྱུང་བ་དང་། འགྲོ་འདུག་མི་ཚོར་བ་དང་། ལུས་བྱོལ་སོང་དུ་སྤྲུལ་ཤེས་པ་དང་། ཡན་ལག་ལ་རིང་བསྲེལ་ཕྲ་མོ་དག་འབྲུལ་བ་དང་། ལྷ་དང་ལྷ་མིན་བརྩོད་པ་མཐོང་བ་དང་། ཡི་གེ་འབྲུ་སྦྱོར་ལ་མཁས་པ་དང་། མིག་ལས་སྒྲ་འབྱུང་བ་དང་། མི་མ་ཡིན་རྣམས་དང་གླེང་བར་ནུས་པ་དང་། རླུང་འཆིང་བར་ནུས་པ་དང་། ཉི་ཟླ་འཛིན་པར་ནུས་པ་དང་། གཞན་གྱི་འབྱུང་བ་འཁྲུགས་པའི་འདུ་ཤེས་པ་དང་། ལུས་ལ་མེ་སྟག་འཕྲོ་བ་དང་། ཐལ་མོ་བརྡབ་པ་ལ་སྒྲ་ངོ་མཚར་ཅན་འབྱུང་བ་དང་ལྔ་བཅུ་ཐམ་པ་ནི་ལུས་ངག་སེམས་ལ་མངོན་པར་འབྱུང་བའི་ངེས་པ་མེད་པའི་རྟགས་སོ། །འདི་ལྟར་རྨི་ལམ་གྱིས་འགྱུར་ཞིང་ངེས་པ་མེད་པའི་རྟགས་ནི། རྟག་ཏུ་ཆོས་སྨྲ་བ་དང་། ཉན་པ་དང་། ཀློག་པ་དང་། བྲི་བ་དང་། འཛིན་པ་དང་། སྒོམ་པ་དང་། ལྷའི་སྐུ་མཐོང་བ་དང་། མཆོད་རྟེན་དང་། གཞལ་ཡས་ཁང་དང་། ལུང་སྟོན་པ་དང་། སེང་གེའི་ཁྲི་ལ་འདུག་པ་དང་། ཡུལ་ངེས་པ་སྣ་ཚོགས་པ་མཐོང་བ་དང་། ཉན་ཐོས་མཐོང་བ་དང་། རང་རྒྱལ་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་། ཤེལ་གྱི་མཆོད་རྟེན་ལ་འཛེག་པ་དང་། གསེར་གྱི་སྐས་ལ་འཛེག་པ་དང་། གངས་ཀྱི་སྟངས་ན་བསྒོམ་པ་དང་། ནམ་མཁའ་ལ་འཕུར་ཞིང་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་དང་། སེང་གེ་ལ་ཞོན་ནས་ཕྱོགས་བཅུར་འགྲོ་བ་དང་། ཤེས་ཀྱི་མདུང་རིང་གཞན་ལ་བརྡེག་པ་དང་། སེམས་ཅན་རྣམས་ངན་སོང་ནས་བཏོན་པ་དང་། འཁོར་བའི་ཆུ་བོ་ལས་བརྒལ་བ་རྨི་བ་དང་། ལུས་བརྗེས་པར་རྨི་བ་དང་། སྟོན་པའི་ཞལ་མཐོང་བ་དང་། རིན་པོ་ཆེའི་གཏེར་རྙེད་པ་དང་། འགྲོ་བ་དྲུག་སྐྱབས་གནས་སུ་བཙུད་པ་རྨི་བ་དང་། གླིང་བཞི་མཐོང་བ་དང་། བླ་མ་དང་མཁན་པོས་ལུང་བསྟན་པ་རྨི་བ་དང་། སྐུ་གསུམ་མཐོང་བ་དང་། ཆོས་ཐམས་ཅད་ཤེས་པར་རྨི་བ་དང་། དབུས་ཀྱི་རི་བོའི་རྩེར་ཕྱིན་པ་རྨི་བ་དང་། ངན་སོང་གསུམ་རྒྱུན་ཆད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང་། བདག་ཉིད་སངས་རྒྱས་པར་རྨི་བ་དང་། འགྲོ་བ་དྲུག་གི་ཁ་ལོ་གྱེན་ལ་བསྒྱུར་བ་རྨི་བ་དང་། ཡན་ལག་རྣམས་རིན་པོ་ཆེའི་མཆོད་རྟེན་དུ་སོང་བར་རྨི་བ་དང་། བདག་གི་ལུས་ལ་སངས་རྒྱས་ཀྱི་སྤྲུལ་པ་འགྱེད་ཅིང་རྨི་བ་དང་། ཁམས་གསུམ་དོང་ནས་བཏོན་པར་རྨི་བ་དང་། གསེར་གྱི་མདའ་གཞུ་འཛིན་པར་རྨི་བ་དང་། མགོ་བོའི་སྟེང་དུ་སངས་རྒྱས་བཞུགས་པ་རྨི་བ་དང་། བདག་ཉིད་ཀྱི་ལུས་ཟང་ཐལ་དུ་སོང་བ་རྨི་བ་དང་། འཁོར་བ་རྒྱུན་ཆད་པར་རྨི་བ་དང་། བདག་ཉིད་ལ་རྒྱལ་པོས་དབང་བསྐུར་བར་རྨི་བ་དང་། བདུད་རྣམས་ཕམ་པར་བྱས་པར་རྨི་བ་དང་། རང་གིས་ལུས་རང་གིས་སྦྱངས་པར་རྨི་བ་དང་། སྐྱེ་རྒ་ན་འཆིའི་ཆུ་བོ་བཞིའི་རྒྱུན་ཆད་དོ་ཞེས་སྒྲ་ཐོས་པ་རྨི་བ་དང་། བདག་ཉིད་བྱང་ཆུབ་སེམས་དཔའི་ལུས་སུ་སྤྲུལ་བར་རྨི་བ་དང་། ཆོས་ཉིད་བརྗོད་དུ་མེད་པའི་དོན་རྟོགས་པར་རྨི་བ་དང་། བདག་ཉིད་ལུས་མི་འདྲ་བ་དག་ཏུ་སྤྲུལ་བར་རྨི་བ་དང་། ངག་གིས་འགྲོ་བ་རྣམས་བསྡུས་པར་རྨི་བ་དང་། སེམས་ཀྱི་མཚན་ཉིད་མཐོང་བར་རྨི་བ་དང་། ལྷ་རྣམས་ཀྱི་ཡུལ་མཐོང་བར་རྨི་བ་དང་། གསེར་གྱི་ལྷ་ཁང་གི་ཡང་ཐོག་ན་འདུག་པར་རྨི་བ་དང་། སངས་རྒྱས་ཀྱི་གསུང་ཐོས་པ་དང་། སྐུ་མཐོང་བ་དང་། ཐུགས་ཀྱི་དགོངས་པ་རྟོགས་པར་ནུས་པ་དང་། ལག་པས་གསེར་གྱི་གདུགས་གཉིས་བཟུང་ནས་ནམ་མཁའ་ལ་འཕུར་བ་རྨིས་པ་དང་། ལྷ་དང་ལྷ་མིན་གྱིས་ཕྱག་བྱེད་པར་རྨི་བ་དང་། ཡིད་བཞིན་གྱི་ནོར་བུའི་ཕུང་པོ་ལ་སྤྱོད་པར་རྨི་བ་དང་། གསེར་གྱི་གླེགས་བམ་གྱི་ཆར་བབས་པ་རྨི་བ་དང་། ཆོས་ཀྱི་སྒྲ་སྣ་ཚོགས་པ་བདག་ཉིད་ཀྱི་རྣ་བར་གྲགས་པ་དང་། བདག་ཉིད་ལ་སིལ་སྙན་སྣ་ཚོགས་པས་མཆོད་པར་རྨི་བ་དང་། ལྷའི་དབང་པོས་རིན་པོ་ཆེའི་ཁྲི་རྐང་པ་བཞི་དང་ལྡན་པའི་སྟེང་དུ་བཞག་ནས་ནམ་མཁའ་ལ་བཏེག་ནས་འགྲོ་བ་རྨི་བ་དང་། ཀླུའི་རྒྱལ་པོ་རྣམས་ཀྱིས་བདག་ལ་ནོར་བུ་རིན་པོ་ཆེ་སྟེར་བ་རྨི་བ་དང་། བར་མ་དོའི་སྣང་བ་འཆར་བ་རྨི་བ་དང་། གླང་པོ་ཆེ་ཞོན་ནས་སྐྱེས་བུ་སྟོབས་དང་ལྡན་པ་བཞིས་རྐང་པ་བཞི་ནས་བཏེག་ནས་ནམ་མཁའི་མཐོང་ན་ཡར་འགྲོ་བ་རྨི་བ་དང་། གསེར་གྱི་འཁོར་ལོའི་སྟེང་ན་བདག་ཉིད་གནས་ནས་ནམ་མཁའ་ལ་ལན་གསུམ་འཕར་བར་རྨི་བ་དང་། དྲུག་བཅུ་རྩ་དྲུག་སྟེ་བརྒྱ་དང་བཅུ་དྲུག་ནི་ངེས་པ་མེད་པའི་རྟགས་སོ། །དེ་རྣམས་ནི་ལམ་གྱི་རྟགས་ཏེ། འགྱུར་རམ་མི་འགྱུར་ཆ་མེད་པའོ། །བར་ཆད་ཀྱི་རྟགས་ནི་ལུས་སྣ་ཚོགས་སུ་སྤྲུལ་ཤེས་པ་དང་། ལུས་ལ་འོད་འབྱུང་བ་དང་། གང་དུ་ཕྱིན་པའི་ས་ཕྱོགས་སུ་སྒྲ་འབྱུང་བ་དང་། གཞན་ལ་ནུས་པ་འཇུག་པ་དང་། ཚོགས་པ་འདུ་བ་དང་། ཚིག་གི་སྒྲོས་འདོགས་པ་ལ་བཟོ་བ་རྣམས་ནི་གང་ཟག་དེ་ལ་བར་ཆོད་བྱུང་བའི་རྟགས་སོ། །དེ་ལྟར་རྟགས་གསུམ་པོ་དེ་སུ་ལ་བྱུང་ཀྱང་གནད་ཀྱི་མན་ངག་འདི་ལྟར་བྱས་ཏེ། འགྱུར་བའི་རྟགས་བྱུང་བ་ལ་སྐབས་སུ་ཆུ་དཀྱིལ་དུ་སྡད་ཅིང་། འཇིང་པ་གཉིས་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་ནང་དུ་སྟེམས་ཏེ། ལུས་ལ་ཙན་དན་གྱི་མར་གྱིས་རྟག་ཏུ་བྱུགས་ནས། ཕྱི་ནང་ཐམས་ཅད་དངོས་པོ་རགས་པར་བསྒོམས་ནས་འབྲས་བུ་ཐམས་ཅད་ཆུད་མི་ཟོས་པ་ཡིན་ནོ། །ངེས་པ་མེད་པའི་རྟགས་བྱུང་བ་ལ་ནི། ལུས་ལ་བསིལ་བའི་གོས་གྱོན་ཅིང་ཁ་ཟས་ཀྱང་བསིལ་བ་བཟའ། ངག་ཏུ་ཨའི་རྣམ་པ་བཟླས་ཤིང་། སེམས་ཀྱིས་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུ་མང་པོ་བསྒོམ་པས། ཕར་ཆེར་ངེས་པ་ཅན་གྱི་རྟགས་སུ་འགྲོ་བ་ཡིན་ནོ། །བར་ཆོད་ཀྱི་རྟགས་ནི། ལུས་སྣ་ཚོགས་སུ་སྤྲུལ་པ་འདི་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཉིད་ལ་རབ་ཏུ་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བར་ཡིན་ནོ། །དེ་ལྟར་མ་མཐོང་ན་དེ་ཉིད་ལ་གུ་གུལ་ནག་པོ་དང་། ནིམ་པའི་ཆུས་ལུས་མགོ་འཇུག་ཏུ་བྱུག་ཅིང་། ཡན་ལག་ལྔ་ལ་སྡེར་སོ་རྙིང་པའི་ས་འདགས་གིས་བྱུགས་ན། དེའི་ལུས་ཁྲ་བོར་འོང་ངོ་། །དེ་ལྟར་བྱུང་ན་དེའི་ལུས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་མི་ལོང་ལ་བསྟན་པ་དེའི་ཁྲུས་ཆབ་ཀྱིས་བཀྲུས་པའི་ཁྲུས་ཆབ་ཀྱིས་བཀྲུ། ངག་ཏུ་ཕཊ་ཀྱི་རྣམ་པ་བཟླས་ཤིང་། སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པས་བར་ཆོད་ཞི་བ་ཡིན་ནོ། །དེ་བཞིན་འོད་དང་། སྒྲ་དང་། ནུས་པ་དང་། ཚིག་ལ་སོགས་པ་རྣམས་ལ་ཡང་བྱའོ། །དེ་ལྟར་བར་ཆོད་ཀྱི་རྟགས་བྱུང་བ་ལ་མན་ངག་དེ་ལྟ་བུ་དང་མི་ལྡན་ན་ཡི་དྭགས་ཀྱི་སྐྱེ་གནས་སུ་སྐྱེ་བ་ཡིན་ནོ། །དེ་དག་ནི་ཐེག་པ་ཐུན་མོང་བ་རྣམས་ཀྱི་འགྱུར་བའི་རྟགས་ཡིན་ནོ། །རིག་པ་མངོན་གསུམ་གྱི་དོན་མཐོང་བ་རྣམས་ལ་ནི། འགྱུར་མི་སྲིད་དོ། །དེ་ཡང་དངོས་པོ་མཐོང་བའི་གནད་ཀྱིས་བྱས་པའོ། །འདི་ཉིད་ཀྱི་རྟགས་ནི་གསུམ་སྟེ། རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས་དང་། གཞན་གྱིས་མཐོང་ལ་རང་གིས་མི་མཐོང་བའི་རྟགས་དང་། རང་གཞན་གཉིས་ཀའི་རྟགས་རྣམས་ཏེ། འདི་དག་ནི་རྟགས་ཀྱི་ཡི་གེ་དང་སྦྱར་འོག་ནས་ཀྱང་སྟོན་ཏོ། །དེ་ལྟ་བུའི་རྟགས་གསུམ་དང་ལྡན་པའི་རྣལ་འབྱོར་པ་དེས་ལུས་ངག་རྣལ་དུ་ཕེབས་པ་ཡིན་པས། རྟགས་འདི་ལྟར་བྱུང་བའི་གང་ཟག་གིས་རྟགས་འདི་ཀུན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་དམ་ཚིག་མི་གཅིག་པ་རྣམས་ལ་རབ་ཏུ་གསང་ངོ་། །དེ་ཉིད་གསང་བའི་རྟགས་འདི་ཉིད་ཀྱི་ཡོན་ཏན་རྣལ་འབྱོར་པ་དེའི་ལུས་ངག་སེམས་ལ་ལྡན་པ་སྟེ། དེ་ལྟར་ཡོན་ཏན་རྫོགས་པའི་དུས་ན། དག་པའི་སྣང་བ་རང་ཤར་བ་ནི་ཡེ་ཤེས་ལྔའི་རང་རྟགས་སོ། །ཞེས་དབྱིངས་ལ་གོམས་པའི་རྟགས་བསྟན་ནས། ད་ནི་ཐིག་ལེ་ལ་གོམས་པའི་སྐལ་ལྡན་ལ་རྟགས་ཇི་ལྟར་འབྱུང་བ་བསྟན་པ་ནི། ཐིག་ལེ་ཀློང་དུ་སུས་གྱུར་བ། །ཞེས་པ་སོགས་པས་བསྟན་ཏེ། ཐིག་ལེ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །ཐིག་ལེའི་ངོ་བོ་ཐ་དད་པ་མ་ཡིན་པར་གཅིག་ཏུ་གནས་པ་ཡིན་ཅིང་ཟླ་དང་བྲལ་བའོ། །ངེས་ཚིག་ནི་ཐིག་མི་འགྱུར་ཅིང་དྲང་པོར་གནས་པའམ་ཆ་མཚོན་པར་བྱེད་པ་ཡིན་ལ། ལེ་བརྡལ་བ་ཆེན་པོ་ཐམས་ཅད་ལ་མ་ཁྱབ་པ་མེད་པ་ལ་བྱའོ། །དབྱེ་ན་ལུས་གནས་གཞིའི་ཐིག་ལེ་དང་། རང་བཞིན་ལམ་གྱི་ཐིག་ལེ་དང་། མཐར་ཕྱིན་འབྲས་བུའི་ཐིག་ལེ་དང་གསུམ་མོ། །ལུས་གནས་པ་གཉིས་ཏེ། ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་ཡེ་ཤེས་ཀྱི་ཐིག་ལེའོ། །ཀུན་རྫོབ་ཀྱི་ཐིག་ལེ་ནི། འབྱུང་བ་བཞིའི་དངས་མ་འདུས་པ་ཕ་མའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ། ཀུན་རྫོབ་བསྐྱེད་པར་བྱེད་པའི་རྒྱུ་འབྱུང་བ་བཞིའི་བདག་ཉིད་ཅན་ནོ། །དེ་ལ་བརྟེན་ནས་ལུས་བསྐྱེད་པ་སྟེ། ཐིག་ལེ་དེ་ལ་འབྱུང་བ་མེའི་དྭངས་མ་ཡོད་པས་དྲོ་བས་དྲོད་དུ་བསྐྱེད་ལ། སའི་དྭངས་མ་ཡོད་པས་སྲ་བ་ས་དེས་ཤ་བསྐྱེད། ཆུའི་དངས་མ་ཡོད་པས་སྡུད་པ་ཆུས་ཏེ་ཁྲག་བསྐྱེད། རླུང་གི་དྭངས་མ་ཡོད་པས་ཡང་བ་རླུང་སྟེ་དབུགས་བསྐྱེད་པས་ལུས་ཞེས་བྱ་བ་གྲུབ་པས་ན་ཀུན་རྫོབ་བོ། །དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལྔ་སྟེ། གཞིའི་ཐིག་ལེ་བཟང་པོ་འོད་ཀྱི་གོང་བུར་དེ་ལྟར་ལུས་སུ་གྲུབ་པ་རྩའི་ནང་ན་གནས་ཤིང་གཡོ་འགུལ་མེད། ལམ་གྱི་ཐིག་ལེ་བཟང་པོ་རྩའི་ནང་ནས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འགྲོ་འོང་བྱེད། བཟང་པོའི་བཟང་པོ་སྒྲོན་མ་ཡུལ་ལ་འཆར་བར་བྱེད། བཟང་པོའི་རྩེ་མོ་ཤེས་རབ་ཀྱི་གཅོད་སྣ་ཚོགས་པར་རྩའི་ནང་ནས་བསྐྱོད་པར་བྱེད། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་ནི་སྒྲོན་མ་རྣམ་པ་བཞི་ལ་བརྟེན་ནས་ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་སྣང་བ་སྟོན་པར་བྱེད་པའོ། །རང་བཞིན་ལམ་གྱི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་བཅོས་པ་མེད་ཅིང་ཀུན་ལ་ཁྱབ་པ་དང་། ཀུན་ཏུ་བཟང་པོ་བཟང་ངན་དང་ཆེ་ཆུང་མེད་པར་སྣང་བ་དང་། དབྱིངས་ཀྱི་ཐིག་ལེ་ཕྱི་ནང་མེད་པར་གསལ་བ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་གོལ་སྒྲིབ་དང་ཕྱོགས་ལྷུང་མེད་པར་རང་ཤར་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་ཡེ་ནས་བྱས་པ་མེད་པར་རང་བཞུགས་པ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་ཉོན་མོངས་པ་གང་གིས་ཀྱང་མ་སྒྲིབ་པར་མངོན་གསུམ་དུ་སྣང་བ་དང་དྲུག་གོ། །མཐར་ཕྱིན་པ་འབྲས་བུའི་ཐིག་ལེ་ནི་ཆོས་ཀྱི་སྐུའི་ཐིག་ལེ་ཉག་གཅིག་སྤྲོས་པ་གང་གིས་ཀྱང་མ་སྤྲོས། བསྡུས་པ་སུས་ཀྱང་མ་བསྡུས། འདི་འདྲ་ཞེས་མཚན་ཉིད་དང་བྲལ་ལ། ངོ་བོ་ངོས་བཟུང་དང་བྲལ་ལ། རྩལ་སྣ་ཚོགས་སུ་སྣང་ལ། གྲུབ་རྒྱུ་གང་དུ་ཡང་མེད་པའོ། །ཐིག་ལེའི་མཚན་ཉིད་ནི། གནོད་འཇུག་ཟུག་རྔུ་དང་བྲལ་བའོ། །ཟླུམ་པོ་སྤྲོས་པ་མེད་ལ། རིག་པ་མཚོན་པའི་རྣམ་པ་དུམ་བུར་བསྟན་པས་ཡེ་ཤེས་ཟང་ཐལ་དུ་ཡོད་ལ། མུ་འཁྱུད་ལྔ་གཅིག་ཏུ་ཟླུམས་པས་སྐུའི་གནས་ཡིན་ལ། སྟོང་ཉིད་རྫས་སུ་མ་གྲུབ་པས་ངོས་བཟུང་ལས་འདས་པའོ། །དེ་ལས་སྣང་བའི་འཕེལ་རྣམས་འབྱུང་བས་ཡོན་ཏན་ཕྱོགས་མེད་དུ་ཤར་སྐྱོན་གང་གིས་ཀྱང་མ་གོས་པས། མཚན་ཉིད་ལ་དྲི་མ་མེད། རྩལ་འགག་པ་མེད་པས་རོལ་པ་སྣ་ཚོགས་སུ་ཤར། མཚན་ཉིད་གཉིས་སུ་མེད་པས་ངོ་བོ་རང་དག་ལ། གཏན་ཚིགས་ཕྱོགས་མེད་དུ་ཤར་བས་གནས་ལུགས་སུ་རང་གྲོལ་བའོ། །འབྲས་བུ་ནི་ཐིག་ལེ་ལ་རང་བཞིན་ཕྱི་ནང་མེད་པས་སྣང་སྲིད་ཟང་ཐལ་དུ་གྲོལ། མཚན་ཉིད་ངོས་བཟུང་མེད་པས་སྣང་བ་ཕྱོགས་མེད་དུ་གྲོལ། གཏན་ཚིགས་ལ་འགྱུར་ལྡོག་མེད་པས། དམ་བཅའ་ལ་ཡིན་མིན་མེད་པར་གྲོལ་བའོ། །དེ་ལྟ་བུའི་ཐིག་ལེ་དེ་ཀློང་དུ་སྐལ་བ་ལྡན་པ་སུས་མངོན་དུ་གྱུར་པ་འདི་ནི། རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་ཡོད་པས་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དང་ལྡན་པ་དེ་ཆོས་ཀྱི་སྐུའི་ཐིག་ལེ་ཉག་གཅིག་མཐོང་བའི་རྟགས་ནི། རང་གི་མིག་ནས་ཐིག་ལེ་སྟོང་པའི་སྒྲོན་མ་ནི། རང་གི་མཐེབ་མཛུབ་ཀྱིས་རྩོལ་བ་མེད་པར་ནམ་མཁའ་སྟོང་པ་ལ་རང་ཤར་བ་ནི་དེ་ཉིད་ཚེའི་དུས་བྱས་ཀྱང་མངལ་གྱི་སྒོར་མི་འཇུག་ངེས་པའི་རྟགས་ཡིན་ནོ། །ཡང་སྐལ་ལྡན་དེ་ལ་འདི་ཀུན་རང་གིས་ཉམས་སུ་བླངས་པའི་རྟགས་ནི། ཚིག་གི་སྤྲོས་པ་མེད་པ་ལ་ཡོད་པར་སྒྲོ་བཏགས་དང་། ཡོད་པ་ལ་མེད་པར་དང་། ཡིན་པ་ལ་མིན་པར་དང་། མིན་པ་ལ་ཡིན་པར་ཚིག་གིས་སྒྲོ་བཏགས་དང་། ཡིད་ཀྱིས་དཔྱད་ཅིང་གཅིག་ལས་ཐ་དད་དུ་སྤྲོས་པ་དང་། དོན་གཅིག་ལ་ཚིག་གིས་དོན་ཐ་དད་དུ་ངོས་བཟུང་བ་དང་། ངོ་བོ་གཏན་ལ་མ་ཕེབས་པར་མཚན་ཉིད་འཚོལ་བ་དང་། དོན་མཚོན་པའི་ཚིག་གཅིག་གིས་ཆོག་པ་ཡིན་པ་ལ། དེ་ལས་སྤྲོས་པས་དོན་མ་རྙེད་པ་རྣམས་ཀྱིས་སྤྲོས་པ་མ་ཆོད་དེ་ཚིག་གང་ཡང་བཏགས་ཤིང་དཔྱད་པ་མེད་པ་རྣམས་ནི་སྐྱོན་ཅན་དང་ཡང་དག་པ་ནི། གྲུབ་མཐའ་གཞན་གྱིས་ཚིག་ཟབ་མོ་ལ་བློ་སྐད་ཅིག་ཀྱང་འཇུག་པར་མི་འགྱུར་ཏེ། ཚིག་གི་སྤྲོས་པ་ལ་རྟོག་པའི་སྐབས་མེད་པར་གནས་པ་ནི། གནས་ལུགས་ཀྱི་དོན་འབའ་ཞིག་ལ་གནས་པའི་རྟགས་ཡིན་ཏེ། དེ་ཉིད་ཀྱི་ལུས་སུ་རྣལ་འབྱོར་པ་རང་གིས་སྨྲ་བར་བྱེད་པའི་གཏམ་རྒྱུན་ཆད་པ་ནི་ཚིག་གི་བརྗོད་པ་ཟད་པའི་ཕྱིར་རོ། །འདིའི་དུས་ན་རྣལ་འབྱོར་པ་འདི་ཡང་ལྐུག་པ་ལྟ་བུར་གྱུར་ཏེ་འགྲོ་བ་གཞན་ལ་སྨྲ་བར་བྱེད་པ་དག་ག་ལ་སྲིད་དེ་སྨྲའོ་སྙམ་པའི་བསམ་པ་ཡང་། སྐྱེས་བུ་འདི་ལ་འབྱུང་མི་སྲིད་པ་ནི་ཆོས་ཉིད་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པའི་རྟགས་ཡིན། དེ་ཉིད་གཞན་གྱི་སྒྲ་ཉན་པ་དང་ཚིག་ཉན་པའི་རྗེས་སུ་སེམས་པ་དག་ག་ལ་འགྱུར་ཏེ། འདི་ལྟར་གང་ཟག་སུ་ལ་སྣང་བ་ཤར་བ་དེ། དངོས་པོ་གཤིས་ཀྱི་འདུག་ཚུལ་སྤྲོས་པ་མེད་པའི་ཆོས་ཀྱི་སྐུའི་ཐིག་ལེ་ཉག་གཅིག་སྐྱེས་བུ་དེས་རྩད་ནས་ཆོད་པ་ཡིན་པས། དེའི་ཕྱིར་ན་འདི་ལྟར་རྟགས་དང་ལྡན་པ་དེ་ནི། སྐུ་གསུམ་གྱི་སྣང་བའི་རྟགས་ཏེ། དེ་ནས་ལོ་ནི་གཉིས་ན་ཡང་དག་པའི་ཡེ་ཤེས་རང་གི་རིག་པ་ཉིད་ཀྱིས་སྣང་བ་ཚད་ལ་ཕེབས་པར་ཤེས་ནས། དེ་ནས་དབྱིངས་ཕྱི་ནང་འདྲེས་པ་རང་རིག་པའི་རང་སྣང་གཉིས། གཉིས་མེད་དུ་འདྲེས་པ་དང་། དེ་ལྟར་རིག་པ་ཚད་ལ་ཕེབས་པའི་སྣང་བ་དང་། དུས་ཐམས་ཅད་དུ་འབྲལ་བ་མེད་པ་དེའི་ངང་ལ་སྐལ་ལྡན་དེ་འདུག་པའོ། །དེ་ནས་ཆོས་རྣམས་རང་ཟད་པས་གང་ཟག་དེ་ཡང་ལུས་ཀྱི་འབྱུང་བཞི་རང་དེངས་སུ་འགྱུར་བར་ཚེ་འདི་ལ་ཐེ་ཚོམ་མེད་དོ། །ཞེས་ཐིག་ལེ་ལ་གོམས་པའི་རྟགས་འབྲས་བུ་དང་བཅས་པ་བསྟན་ནས། ད་ནི་སྐུ་ལ་གོམས་པའི་རྟགས་ལ་བྱེ་བྲག་ཏུ་ཆོས་ཀྱི་སྐུ་ལ་གོམས་པའི་རྟགས་བསྟན་པ་ནི། གང་གིས་སྐུ་ལ་ཚད་འབྱོངས་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་གིས་སྤྱིར་སྐུ་ཐམས་ཅད་ལ་བྱེ་བྲག་ཏུ་སྐུ་གསུམ་ལ་ཚད་འབྱོངས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་སྐལ་པ་དང་ལྡན་པའི་སྐྱེས་བུ་ལ། ཕྱི་རོལ་མངོན་པའི་ཡུལ་དུ་རྟགས་ནི་འདི་ལྟ་བུ་འབྱུང་བ་ཡིན་ཏེ། དེ་ཡང་བྱེ་བྲག་ཏུ་ཆོས་ཀྱི་སྐུ་ལ་འབྱོངས་པའི་རྟགས་ནི། ཆོས་ཀྱི་སྐུ་ལ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །ཆོས་ཀྱི་སྐུའི་ངོ་བོ་ནི་ཡུལ་དུ་མེད་ལ་སྟོང་པ་ཉིད་གཟུགས་ཅན་མ་ཡིན་ལ། འགྲོ་འོང་མེད་པ། དུས་ཐམས་ཅད་པའི་ཡེ་ཤེས་ཚད་དང་ལྡན་པའོ། །ངེས་ཚིག་ནི་ཆོས་ཉིད་ཕྱིན་ཅི་མ་ལོག་པ་ཐམས་ཅད་འདུས་པའི་སྐུ་གང་གིས་ཀྱང་མི་ཤིགས་པས་ན་ལམ་གྱི་མཐར་ཐུག་སྟེ། ཆོས་མྱ་ངན་ལས་འདས་པའི་ཆོས། སྐུ་སྐྱེ་འཇིག་མེད་པས་ཆོས་ཀྱི་སྐུ་ཞེས་བྱའོ། །དབྱེ་ན་འཁོར་བའི་ཆོས་སྐུ་དང་། མྱ་ངན་ལས་འདས་པའི་ཆོས་སྐུའོ། །འཁོར་བའི་ཆོས་སྐུ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་སྐུ་སྟེ། ཉན་ཐོས་ཀྱི་ཆོས་སྐུ་དགྲ་བཅོམ་པ། རང་རྒྱལ་རང་སངས་རྒྱས་ཉིད། བྱང་ཆུབ་སེམས་དཔའི་ཆོས་སྐུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །མྱ་ངན་ལས་འདས་པའི་ཆོས་སྐུ་ནི་གསུམ་སྟེ། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ། སྔགས་ཕྱིའི་མཐར་ཐུག་གི་འབྲས་བུ། ཆོས་ཀྱི་སྐུའི་ལོངས་སྐུ་སྔགས་ནང་པའི་མཐར་ཐུག་གི་འབྲས་བུའོ། །ཆོས་ཀྱི་སྐུའི་ཆོས་སྐུ་རྫོགས་པ་ཆེན་པོ་ཁ་ཅིག་གི་འབྲས་བུའོ། །མཚན་ཉིད་ནི་ཉན་ཐོས་ཀྱི་ཆོས་ཀྱི་མཚན་ཉིད། ཕྱི་གཟུང་བའི་ཡུལ་གྱི་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་པ་ལ། ནང་འཛིན་པའི་སེམས་ཀྱི་དགྲ་བཅོམ་པས་ཕུང་པོ་དང་ཁམས་ལ་བདག་མེད་པས་ཆོས་ཀྱི་སྐུ་ཡིན་པར་འདོད་ལ། རང་རྒྱལ་བའི་ཆོས་ཀྱི་སྐུའི་མཚན་ཉིད་ནི་རང་གིས་རྟེན་ཅིང་འབྲེལ་པའི་ཆོས་ཉིད་ཟབ་མོ་བསྒོམས་པས། དེ་ཉིད་ལ་གནས་པའི་སྟོབས་ཀྱིས་ཆོས་ཉིད་ལ་བདག་གཏན་མེད་ལ། ནང་སེམས་ལས་བྱུང་བའི་རྟེན་ཅིང་འབྲེལ་བ་ལུགས་འབྱུང་དང་ལུགས་བཟློག་ཏུ་བསྒོམས་པས་གང་ཟག་གི་བདག་ལས་རང་རྒྱལ་བས། དེ་ཉིད་ཆོས་ཉིད་རང་གི་ངོ་བོ་ཆོས་སྐུར་འདོད་པའོ། །བྱང་སེམས་ཀྱི་ཆོས་ཀྱི་སྐུ་ནི། སེམས་ཙམ་པ་སེམས་ལས་སྣང་བ་སེམས་ལས་བྱུང་བས་ཆོས་ཀྱི་བདག་མེད་ལ། སེམས་ཉིད་ཕྱི་རོལ་དུ་སྣང་བས་གང་ཟག་གི་བདག་མེད། དེ་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་རང་གསལ་དོན་དམ་དུ་འདོད་པས། དེ་ཉིད་ཕུང་པོའི་ཡུལ་དང་། ཞེན་པའི་ཤེས་པ་དང་བྲལ་བ་ནི། ཆོས་ཀྱི་སྐུ་ཡིན་ཏེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དེ་ཉིད་ཐོབ་པར་འདོད་པ་དང་། དབུ་མ་པས་སྟོང་པ་ཅིའི་ངོ་བོ་ཡང་མ་གྲུབ་པ་ཉིད། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ། ཀུན་རྫོབ་ཀྱི་སྣང་བ་འདི་ལ་སྣང་མི་སྲིད་པས། དཔེར་ན་བུད་ཤིང་ཟད་པས་མེ་རང་ཤི་ནས་རྒྱུ་རྐྱེན་སྐྱེ་རྒྱུ་མེད་པ་དང་འདྲ་བ་ཉིད་ཆོས་སྐུ་ཞེས་ཐ་སྙད་དུ་བྱས་ཏེ། དེ་ཉིད་ས་བཅུ་གཅིག་པ་ཡིན་པར་འདོད་ལ། ཕ་རོལ་དུ་ཕྱིན་པས་ས་བཅུ་རིམ་གྱིས་བགྲོད་པའི་ཐ་མ་བཅུ་གཅིག་པ་ལ་ཤེས་བྱའི་སྒྲིབ་པ་ཟད་ནས་སངས་རྒྱ་བར་འདོད་པ་ནི། དེ་ཉིད་ཆོས་ཀྱི་སྐུ་སྟེ་ཆོས་ཀྱི་མཆོག་ཞེས་བྱའོ། །སྔགས་ཕྱི་པའི་ཆོས་སྐུའི་སྤྲུལ་པ་སྐུ་ནི། དཔལ་རྡོ་རྗེ་འཆང་མཚན་ཉིད་མངོན་པར་བྱང་ཆུབ་པ་ལྔ་དང་ལྡན་པའོ། །སྔགས་ནང་པའི་ཆོས་ཀྱི་སྐུའི་ལོངས་སྐུ་དཔལ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཚན་ཉིད་གསུམ་དང་ལྡན་པ། རྫོགས་པ་ཆེན་པོ་ལ་ལ་དག་གི་ཆོས་ཀྱི་སྐུའི་ཆོས་ཀྱི་སྐུ་གཞི་དངོས་པོའི་གནས་ལུགས་མ་བཅོས་ལྷུན་གྱིས་གྲུབ་པའི་མཚན་ཉིད་དང་། མ་འགགས་རོལ་པར་ཤར་བའི་མཚན་ཉིད་དང་། མ་བསྒོམས་རང་སར་གྲོལ་བའི་མཚན་ཉིད་དང་རྣམ་པ་གསུམ་དང་ལྡན་པའོ། །རྫོགས་པ་ཆེན་པོ་དེའི་ལུགས་ཀྱིས་ནི། ཆོས་ཀྱི་སྐུ་ལམ་གྱི་སྣང་བ་ཡིན་པར་འདོད་པས་ཏེ། ཆོས་ཇི་སྲིད་ཡོད་པའི་བར་ལ་བློ་ཡོད་པས་ཀྱང་ལམ་ཡིན་ལ། སྐུ་ཇི་སྲིད་ཡོད་ཀྱི་བར་ལ་ཡང་ལུས་ཡོད་པའི་ཕྱིར་ན་འདི་དག་ནི་ལམ་གྱི་སྣང་བ་ཡིན་ཏེ། མཐར་ཐུག་ནི་མ་ཡིན་ནོ། །འདིའི་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་པའི་སྣང་བའི་དུས་ན། ཆོས་ཉིད་ཀྱི་མཐའ་ཟད་དུ་ཉེ་བའི་དུས་ཡིན་པས། འདིའི་དུས་ན་ཆོས་ཀྱི་སྐུ་ཡིན་ནོ། །ཆོས་ཀྱི་སྐུའི་འབྲས་བུ་ནི། འདིའི་ལུགས་ཀྱིས་ལམ་གྱི་མཐར་ཐུག་ཡིན་ལ། གཞན་དག་ནི་སངས་རྒྱས་དངོས་ཀྱི་འབྲས་བུར་འདོད་པའོ། །དེ་ལྟ་བུ་ལ་སྐལ་ལྡན་སུས་གོམས་པ་ནི། འགྲོ་བ་གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ་རྣལ་འབྱོར་པ་དེའི་ལུས་ནི་སུས་ཀྱང་མི་མཐོང་བར། རྣལ་པ་ལུས་ངག་ཡིད་རྣལ་དུ་ཕབ་པས། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ལ་འབྱོར་པ་དེ་ཉིད། རང་གི་སྣང་བ་ལ་འབྱུང་བས་མི་འགྲིབ་པར་གང་དགར་རོལ་པ་སྣ་ཚོགས་སུ་སྣང་བར་བྱེད་པའོ། །དེ་ནི་ཆོས་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་ཡིན་ནོ། །ཡང་རྣལ་འབྱོར་པ་གང་ཞིག་བརྩོལ་བས་མ་བཙལ་བར་གཞག་པའི་བསམ་གཏན་ནི། རྣལ་འབྱོར་པ་རང་གི་རྒྱུད་ལ་ཕྱིན་ཅི་མ་ལོག་པ་སྐྱེས་པའི་རྟགས་སུ། རྣལ་འབྱོར་པ་དེའི་བློ་དང་བཅས་པའི་ཤེས་པ་ཇི་མི་སྙམ་པའི་ཉམས་ནི་ལྐུག་པའི་རྨི་ལམ་ལྟ་བུ་དང་། གཞོན་ནུ་མའི་བདེ་བ་ལྟ་བུར་འགྱུར་བ་ཡིན་ནོ། །དེ་ཉིད་རྟོགས་པའི་རྣལ་འབྱོར་པ་ཀུན་གྱི་སེམས་ལ་དེ་ལྟར་སྣང་བའོ། །འདི་ལྟར་གོང་གི་རྟགས་རྣམས་བྱུང་བའི་སྐྱེས་བུ་རྣམས་ཀྱིས་ནི། ཆོས་ཀྱི་སྐུའི་སྣང་བ་མཐོང་བ་ཡིན་ནོ། །ཆོས་ཀྱི་སྐུ་འདི་མཐོང་བས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་སྐུའི་ཀློང་དུ་སེམས་ཉིད་འདུས་པས་ལམ་གྱི་མཐར་ཐུག་སྟེ་མངོན་པར་རྫོགས་པ་སངས་རྒྱ་བའོ་ཞེས། ཆོས་ཀྱི་སྐུ་ལ་གོམས་པའི་རྟགས་བསྟན་ནས། ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་གོམས་པའི་རྟགས་བསྟན་པ་ནི། གང་གིས་ལོངས་སྤྱོད་རྫོགས་པ་ལ། །ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་གིས་ནི་ལོངས་སྤྱོད་རྫོགས་པ་ལ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །ངོ་བོ་ནི་མདུན་དང་རྒྱབ་ཏུ་མེད་པར་ཞལ་ཀུན་ཏུ་ཐལ་ལེ་བའོ། །ངེས་ཚིག་ནི་ཆོས་ཉིད་ལ་ལོངས་སྤྱོད་པས། ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་རྫོགས་པས། སྐུ་མཚན་དང་དཔེ་བྱད་དུ་ལྡན་ཏེ། རང་བཞིན་གཅིག་ལ་ངོ་བོ་ཐ་དད་དུ་སྣང་བའོ། །དབྱེ་ན་འཇིག་རྟེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། ལྷའི་ལུས་འགའ་ཡིན་ཏེ། འདི་དག་ནི་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པ་ལས་བྱུང་བའོ། །འཇིག་རྟེན་ལས་འདས་པ་ནི། ལོངས་སྐུའི་སྤྲུལ་པའི་སྐུ་རིགས་གསུམ་མགོན་པོ་དང་། ལོངས་སྐུའི་ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་། ལོངས་སྐུའི་ཆོས་སྐུ་དཔལ་རྣམ་པར་སྣང་མཛད་གངས་ཆེན་མཚོའོ། །མཚན་ཉིད་སྐུ་དང་ཡེ་ཤེས་འོད་དང་ཁ་དོག་ཐམས་ཅད་དང་ལྡན་ཞིང་། རྡོས་བཅས་སུ་མི་སྣང་ལ་རང་བཞིན་རང་གིས་གསལ་བ་ཉིད་དོ། །དེ་ཡང་རགས་པའི་གཟུགས་ཅན་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བའི་འགྲོ་འོང་མ་ཡིན། རང་བཞིན་རང་སྣང་གི་དུས་ཐམས་ཅད་པའོ། །འབྲས་བུ་ནི་ཆོས་ཉིད་ཀྱི་བར་དོའོ། །དེ་ལྟ་བུའི་སྐུ་ལ་གོམས་ཤིང་གདེང་དུ་གྱུར་པའི་རྟགས་ནི། རྟེན་གྱི་གང་ཟག་ཞིག་འདི་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཉམས་སུ་མྱོང་བ་སྐྱེས་པའི་མི་ནི། རྣམ་པར་སྣང་མཛད་ཀྱི་སྐུ་དང་། རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་སྐུ་དང་ལྔ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་ལྔ་ལ་རོལ་པ་ཕྱོགས་མེད་དུ་སྣང་བས། དེ་ལྟར་སྣང་བའི་སྣང་བ་ཉིད་ལ་ཡོ་གིས་མིག་གི་རོལ་པ་ཆེན་པོའི་སྣང་བ་ལ། ལྟ་སྟངས་གསུམ་གྱིས་བལྟས་པས། ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དུས་གཅིག་ལ་མཐོང་སྟེ། འདི་ལྟར་མཐོང་བའི་ཚེ་ལུས་དང་ངག་དང་སེམས་ལ་རྟགས་འདི་དག་རྣམས་མཐོང་བ་དང་མ་བྲལ་བར་ཉམས་སུ་བླངས་པ་དེ་ཉིད་དང་ལྡན་པ་ནི། རྣལ་འབྱོར་ལྡན་པའི་རིགས་ཏེ། དེ་ཉིད་ཀྱི་སྐལ་པ་འདི་ཉིད་ལ་ལྡན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་ནི། སྐྱེས་བུ་རང་གི་ལག་གིས་རྩོལ་བ་མེད་པར་ཤར་བ་ལ་ཕྱིས་མངལ་གྱི་གྲོང་ཁྱེར་དུ་འཇུག་མི་སྲིད་པས། དེ་བྱུང་ན་རིང་པོར་མ་ལོན་པར་འདི་ལྟར་སྣང་བ་འདི་ཉིད་ཀྱང་སྐུ་ལྔ་རུ་ཡང་དག་པར། དང་པོ་རྡོ་རྗེ་མི་བསྐྱོད་པ་དང་། དེ་ནས་རིན་པོ་ཆེ་འབྱུང་ལྡན་དང་། དེ་ནས་སྣང་བ་མཐའ་ཡས་དང་། དེ་ནས་དོན་ཡོད་གྲུབ་པ་དང་། དེ་ནས་དཔལ་རྣམ་པར་སྣང་མཛད་ཀྱི་སྐུ་རྣམས་རིམ་གྱིས་མཐོང་བའི་སྐྱེས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་རྩ་བ་རྣལ་འབྱོར་པ་འདིས་ཆོད་པས། ལོངས་སྐུ་རང་གི་ངོ་བོ་མཐོང་བ་ཡིན་ནོ། །དེ་ནི་ལོངས་སྐུ་ལ་གོམས་པའི་རྟགས་ལུས་ལ་སྣང་བ་སྟེ། རང་གི་སྣང་བའི་ཁོངས་སུ་འདུ་བ་ཡིན་ནོ། །ཡང་རྣལ་འབྱོར་པ་དེས་འདི་ལྟར་རང་གི་རྒྱུད་ལ་གོམས་པའི་རྟེན་གྱི་གང་ཟག་དེའི་ངག་ནི་གསལ་ཞིང་སྐད་སྙན་པ་དང་ལྡན་པ་ལ། དུས་ཐམས་ཅད་དུ་བརྫུན་དུ་བརྗོད་པའི་ཚིག་ནི་སྐལ་ལྡན་འདིའི་ཁ་ནས་ལོང་གཏམ་ཙམ་དུ་ཡང་མི་འབྱུང་བ་ནི་ཆོས་ཉིད་བདེན་པའི་དོན་ཁོང་དུ་ཆུད་པའི་རྟགས་ཡིན་ནོ། །དེ་བཞིན་དུ་མི་དགེ་བའི་ལས་ཀྱི་ཚིག་ཟུར་ཙམ་ཡང་མི་འབྱུང་བ་ནི་ལས་དང་རྣམ་པར་སྨིན་པ་ཟད་པའི་རྟགས་ཡིན། རྣལ་འབྱོར་པ་འདི་ནི་ལྐུག་པ་ལྟ་བུར་གཏམ་དུ་སྨྲ་བའི་བརྗོད་པའི་མཐའ་འགགས་པ་ནི། ཆོས་ཉིད་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པའི་རྟགས་ཡིན། དེ་ལྟར་ངག་གི་རྟགས་དང་ལྡན་པ་དེས་སེམས་རྟགས་ལུས་ལ་ཤར་བ་ནི། ལོངས་སྐུའི་སྣང་བ་འདིའི་དོན་ཚིག་གཅིག་གིས་དོན་གཅིག་གཏན་ལ་ཕེབས་པར་ཉམས་སུ་བླངས་ན་འདི་ནི་ནམ་མཁའ་ལ་འཕུར་བ་ནི་ཡེ་ཤེས་ཀྱི་རླུང་ལས་སུ་རུང་བའི་རྟགས་ཡིན། དེ་བཞིན་དུ་རི་བྲག་ལ་ཡང་ཟང་ཐལ་བ་ནི། འདི་ལྟར་སྣང་བ་རང་བཞིན་མེད་པར་མཐོང་བའི་རྟགས་ཡིན། དེ་བཞིན་དུ་སའི་འོག་ཏུ་འཛུལ་བ་ནི། དངོས་མེད་ཡེ་ཤེས་ཟང་ཐལ་དུ་རྟོགས་པའི་རྟགས་ཡིན། དེ་བཞིན་དུ་ཆུ་ལ་བྱིང་བ་མེད་པར་བྱུང་བ་ནི། འཁོར་བའི་ཉེས་པའི་སྐྱོན་གྱིས་མི་གནོད་པའི་རྟགས་ཡིན། དེ་ལྟར་སེམས་རྟགས་ལུས་ལ་ཤར་བའི་རང་གི་ཡེ་ཤེས་ལ་དབང་བསྒྱུར་བའི་སྐལ་ལྡན་གྱིས། རྟགས་གཅིག་ཙམ་བྱུང་བ་ལས་ཉམས་སུ་ལེན་འཕྲོ་ཆད་ནས་དབྱིངས་དང་རིག་པ་བྲལ་ནས་གདེང་དུ་མ་ཚུད་ན། ཚེ་འདི་ལ་འབྱུང་བ་ཉིད་ནི་རང་དེངས་སུ་འགྱུར་བ་ཉིད་ནི་མ་ཡིན་ཏེ། ད་ལྟའི་ལུས་འདི་ནས་སྐྱེ་བ་མེད་པར་རིག་པ་འཕོས་ནས་ནི། ཆོས་ཉིད་ཀྱི་བར་མ་དོ་ལ་སྐད་ཅིག་མ་ལྔ་ལ། ཆོས་ཉིད་ཀ་དག་གི་གཞི་ལ་གྲོལ་བར་འགྱུར་རོ། །ཞེས་ལོངས་སྐུ་ལ་གོམས་པའི་རྟགས་བསྟན་ནས། ད་ནི་སྤྲུལ་སྐུ་ལ་གོམས་པའི་རྟགས་བསྟན་པ་ནི། གང་དག་སྐྱེས་བུ་སྐལ་དང་ལྡན་ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་སྣང་བ་དག་པའི་སྐྱེས་བུ་རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པ་དེས། སྤྲུལ་སྐུའི་ཆོས་ཉིད་ལ་གོམས་པའི་རྟགས་ནི། སྤྲུལ་པའི་སྐུ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །སྤྲུལ་སྐུའི་ངོ་བོ་ནི་འདི་འདྲ་གཅིག་མ་ངེས་ལ། རང་བཞིན་ཐ་དད་པར་སྣང་བའོ། །ངེས་ཚིག་ནི་གདུལ་བྱའི་ཡུལ་མི་འདྲ་བ་ཐ་དད་པ་ལ་འདུལ་བྱེད་ཀྱི་སྐུ་ཡང་དེ་རྙེད་དུ་སྤྲུལ་པས་ན་སྤྲུལ་པའོ། །དབྱེ་ན་མ་དག་པའི་སྤྲུལ་སྐུ་དང་། འགྲོ་བ་འདུལ་བའི་སྤྲུལ་སྐུ་དང་། རང་བཞིན་སྤྲུལ་པའི་སྐུའོ། །མ་དག་པ་ནི་ཕ་མ་ལས་མ་དག་པའི་སྐྱེ་གནས་སུ་དགེ་བའི་བཤེས་གཉེན་དགོངས་བ རྒྱུད་རྣམ་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའོ། །འགྲོ་བ་འདུལ་བའི་ཐུབ་པ་དྲུག་ལ་སོགས་པའོ། །རང་བཞིན་སྤྲུལ་པའི་སྐུ་ནི་གསུམ་སྟེ། སྤྲུལ་པ་སྐུའི་སྤྲུལ་སྐུ་ཕྱག་ན་རྡོ་རྗེ་དང་། སྤྲུལ་པ་སྐུའི་ལོངས་སྐུ་རིགས་བཞི་སྤྲུལ་སྐུ་སོ་སོའི་ཞིང་ཁམས་དང་བཅས་པའོ། །སྤྲུལ་པ་སྐུའི་ཆོས་སྐུ་ཧེ་རུ་ཀ་ལྔའོ། །མཚན་ཉིད་ནི་གཟུགས་ཀྱི་ཕུང་པོ་གདུལ་བྱ་གང་མོས་སུ་སྣང་བ་ཡིན་ལ། གནས་གཅིག་ཏུ་ཡུན་རིང་བར་མི་གནས་པ་དང་མཛད་པའི་ལས་མཐར་ཕྱིན་པར་མཛད་པའོ། །འབྲས་བུ་ནི། འདི་ཉིད་ལས་གོམས་པ་མཐར་ཕྱིན་པས་ཀྱང་དག་པའི་སངས་རྒྱས་ཉིད་ལས་སླར་མི་ལྡོག་ལ། གལ་ཏེ་གོམས་པའི་ཚད་ལས་མ་ཕེབས་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའོ། །དེ་ལྟ་བུའི་སྤྲུལ་པའི་སྐུ་ཉིད་ལ་གོམས་ནས་ནི། སྣང་བ་འདི་ཉིད་ལ་གདེང་དུ་གྱུར་པའི་མི་དེའི། ལུས་དང་ངག་དང་སེམས་ལ་རྟགས་འདི་དག་སུ་ལ་བྱུང་བའི་སྐྱེས་བུ་ནི། སྤྲུལ་པའི་སྐུ་ལ་གོམས་པས་ན། གང་ཟག་འདི་ཡང་དག་པའི་སྐལ་བ་དང་ལྡན་པར་གྱུར་བ་ཡིན་ཏེ། སྔོན་དུ་བླ་མ་དམ་པ་ལ་ཐོས་པའི་ཆོས་རྣམས་ཀྱིས། དོན་ནི་འཇིག་རྟེན་པའི་དོན་དང་། འདས་པའི་དོན་ནོ། །འཇིག་རྟེན་པ་ནི་ཚིག་ཐ་དད་པ་ལ་དོན་ཀྱང་དེ་སྙེད་དུ་ཐ་དད་པའོ། །འདས་པའི་དོན་ནི་གཅིག་ཡིན་པ་ལ་ཚིག་ཐ་དད་པས་མཚོན་དུ་བཏུབ་པའོ། །དེ་ལྟར་ཚིག་ཐ་དད་ཀྱང་དོན་གཅིག་ཏུ་རང་གི་རྒྱུད་ལ་ཡང་དག་པའི་དོན་དེ་རིམ་གྱིས་མ་ཡིན་པར་གཅིག་ཆར་དུ་ནི་རང་འཆར་བར། གང་ཟག་འདི་ནི་ཚེ་འདི་ལ་འགྱུར་རོ་མཁའ་འགྲོ་མ། ཞེས་སྡུད་པ་པོ་ལ་གདམས་པའོ། །གང་ཟག་དེས་དེ་བཞིན་དུ་སྔོན་ལ་མ་ཐོས་པའི་བཀའ་དང་བསྟན་བཅོས་ཀྱི་ཚིག་ནི་སྣ་ཚོགས་པ་ཐོགས་པ་མེད་པར་གང་ཟག་དེའི་རང་བཞིན་དུ་བྱས་པ་མེད་པར་ཁ་ནས་སྨྲ་བར་འབྱུང་བ་ནི། ཚིག་གི་མཐའ་ཆོད་པའི་རྟགས་ཡིན། དེ་བཞིན་དུ་སྔར་མ་ཐོས་པའི་གསང་སྔགས་གཞན་དག་གི། རྒྱུད་ཀྱི་ཚིག་རྣམས་ཇི་བཞིན་དུ་སོ་སོའི་འདོད་པ་མ་ཉམས་པར་སྟོན་ཤེས་པ་ནི། ཚིག་གི་དོན་ཁོང་དུ་ཆུད་པའི་རྟགས་ཡིན། རྒྱུན་དེའི་གཞུང་གི་བཤད་པ་གོ་རིམ་མ་ནོར་བར་རང་རང་གི་འདོད་པ་ཇི་ལྟར་གསལ་བར་བཤད་པར་ནུས་པའོ། །དེ་བཞིན་དུ་ཆོས་ཀྱི་རྣམ་པ་མཐའ་དག་ལ། ཚིག་དང་དེའི་དོན་གྱི་རྣམ་པ་ཀུན་དེ་ཉིད་ལ། སེམས་ཅན་ཇི་ལྟར་མོས་པ་ཡི། ཆོས་རྣམས་ཀྱང་ནི་དེ་དང་མཐུན་པར་ཡང་། ཕ་རོལ་གྱིས་ཇི་ལྟར་དྲིས་པའི་ལན་དེ་ནི། སྐལ་བ་དང་ལྡན་པ་འདིས་ཕ་རོལ་པོའི་འདོད་པ་དང་མཐུན་པར་ལེན་འདོད་པས་ན། གང་ཟག་འདི་ནི་སྨྲ་བའི་སེང་གེ་ཞེས་བྱའོ། །དེ་ལྟར་རྟགས་དང་ལྡན་པ་དེ་ནི་འཇིག་རྟེན་མཁྱེན་པའི་ཤེས་རབ་ཐོབ་པའི་རྟགས་ཡིན་ནོ། །ཡང་སྐལ་ལྡན་དེ་ལ་ལུས་ཀྱི་སྟོབས་སུ་སྔོན་བས་ཡང་བར་གྱུར་ཏེ། རྐང་བ་མགྱོགས་པའི་དངོས་གྲུབ་དང་སྟོབས་རྣམས་ཀྱང་རྙེད་པ་ནི། སྙིང་རྗེས་གཞན་དོན་རྫོགས་པར་འགྱུར་བའི་རྟགས་ཡིན། ཡང་གང་ཟག་དེའི་ལུས་ཀྱི་གཉེར་མ་མེད་པར་འགྱུར་ཏེ། འོ་མ་གྲོད་པར་བླུགས་པ་དང་འདྲ་བར་འགྱུར་ནས། ལུས་ཀྱི་བདག་འཛིན་ལས་གྲོལ་བར་འགྱུར་བའི་རྟགས་ཡིན། ཡང་སྐྲ་དཀར་པོ་དག་ཏུ་ཡོད་ཀྱང་དེ་ནག་པོར་འགྱུར་བ་ནི་རིག་པ་འཆི་མེད་དུ་རྟོགས་པའི་རྟགས་ཡིན། དེ་བཞིན་དུ་དེའི་ལུས་བྱིས་པ་ལོ་བཅུ་དྲུག་ལོན་པ་བཞིན་དུ་གྱུར་པས་ཏེ། གཞོན་པའི་ཤ་ཆགས་ཤིང་དཀར་ཞིང་སྔོ་སངས་ཀྱི་མདངས་དང་ཡང་ལྡན་པར་འགྱུར་ཏེ། དཔེར་ན་ནམ་ཟླ་སོས་ཀའི་རྩ་ནི་གཞོན་ནུ་ལ་ཆར་པ་དག་ནི་ཡང་ནས་ཡང་བབ་པས ། དེ་ལ་སྐྱེད་ཆེན་པོ་ནི་རང་སྐྱེད་དང་ལྡན་པར་འགྱུར་བ་བཞིན་དུ་གཞོན་ཤ་ཆགས་པ་ནི། འཕོ་བའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་རྟགས་ཡིན། ཡང་གང་ཟག་དེ་ལ་སྔོན་ནས་མེད་པ་སྙིང་རྗེ་ཡང་དག་པར་འདི་ལ་གཏིང་ནས་སྐྱེས་པ་དང་། དེ་སྐྱེས་པས་དེའི་རྗེས་ལ་སེམས་ཅན་གྱི་དོན་ལ་འཇུག་པ་ནི། ཐེག་པ་ཆེན་པོའི་དོན་རྒྱུད་ལ་གོ་བའི་རྟགས་ཡིན། ཡང་རང་གི་ལུས་ཀྱིས། སེམས་ཅན་གཞན་ལ་ཕན་པའི་སེམས་ཅན་དག་ནི་བྱུང་བ་ན། གང་ཟག་འདི་ལ་ཤ་དང་ཁྲག་དང་མགོ་དང་རྐང་ལག་དང་ལྤགས་པ་ལ་སོགས་པ་ཇི་ལྟར་འདོད་པའི་ལུས་སྤྱི་དང་ཡན་ལག་གཏོང་བར་ནུས་ཤིང་ཕྱི་རོལ་གྱི་རྫས་དང་ལོངས་སྤྱོད་དགོས་པ་ཐམས་ཅད་སྨོས་ཅི་དགོས། དེ་སེམས་ཅན་གཞན་དང་། དེ་བཞིན་དུ་ལུས་ལ་སོགས་པ་གཏོང་པར་ནུས་པའི་རྟགས། འདི་ལྟར་སུ་ལ་བྱུང་པའི་མི་དེས། སྤྲུལ་པའི་སྐུ་ལ་སྐལ་ལྡན་དེས་རེག་གོ། །དེ་ནི་ཕྱི་ནང་གི་སྣང་བས་མི་གནོད་པའི་རྟགས་ཡིན་ནོ། །རྟགས་དེ་ལྟར་ལྡན་པའི་སྐྱེས་བུ་ནི། ལུས་འདི་བོར་བའི་རྗེས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་མངལ་གྱི་སྒོར་མི་འགྲིམ་པར་པདྨ་ལ་རྫུས་སྐྱེས་ཀྱི་ལུས་བླངས་ནས་ཞིང་ཁམས་དེར་ནི་ལོ་དྲུག་ཁྲི་དང་སྟོང་ཕྲག་བརྒྱད་དང་ཡང་སྟོང་ཕྲག་གཅིག་སྟེ་ཁྲི་ཕྲག་བདུན་ལ་སྟོང་ཕྲག་གཅིག་གིས་མ་ཚང་བར་ཞིང་ཁམས་དེར་གནས་ནས་སེམས་ཅན་གྱི་དོན་སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ལྟར་དོན་བྱས་ནས་དེ་ནས་ངོ་བོའི་རང་བཞིན་ལས་སངས་རྒྱས་ཏེ་སྤྲུལ་པའི་སྐུར་རང་བྱུང་སྟེ། འཛམ་བུའི་གླིང་རྣམས་སུ། སྤྲུལ་པའི་སྐུ་བྱེ་བ་གཅིག་དང་དྲུག་ཁྲི་ཡིས། སེམས་ཅན་དེ་དག་རང་རང་དང་མཐུན་པའི་ལུས་བླངས་ནས། སེམས་ཅན་གྱི་དོན་ནི་བྱེད་པར་གང་ཟག་འདིས་ནི་འགྱུར་རོ་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་གདམས་སོ། །དེ་ནས་སྤྲུལ་པ་དེ་དག་ཆོས་ཉིད་ངོ་བོ་ཀ་དག་ལ། དཔེར་ན་ཉི་མ་རྒས་པའི་དུས་འོད་ཟེར་གྱིས་གླིང་བཞིའི་མུན་པ་སེལ་བའི་ལས་ནི་བྱས་ནས། གླིང་གཅིག་ན་མི་གནས་པའི་ཚེ་འོད་ཟེར་དེ་དག་ཉི་མ་ཉིད་ལ་འདུས་པ་ལྟར། རང་གི་སྤྲུལ་པར་བཅས་པ་ནི། རང་གི་ངོ་བོར་རང་ཐིམ་པ་དཔེར་ན་ཆུ་ལ་ཆུ་ཐིམ་པ་ལྟར་སོང་ནས། རང་གི་ངོ་བོ་དང་དབྱེར་མེད་དེ་གཅིག་པ་མ་ཡིན་དབྱེ་བ་མེད་དོ་ཐ་དད་པ་མ་ཡིན་ལ། དེའི་ཕྱིར་ན་གཅིག་དང་ཐ་མི་དད། རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་གྱུར་ནས། ཇི་ལྟར་ཆུ་ལ་ཆུ་ཐིམ་པ་དང་འདྲ་བར། མེ་ཆུ་དང་ཁ་དོག་མི་ཕྱེད་ལ། དེ་བཞིན་དུ་མར་ལ་མར་ཐིམ་པ་དང་འདྲ་བར། དབྱེར་མེད་བསྟན་དུ་མེད་པ། དེ་བཞིན་དུ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་བཞིན་དུ་ངོས་བཟུང་མེད་པ་ནི། གཉིས་མེད་ངོས་བཟུང་མེད་པར་ཤེས་པས་སྔ་མ་དང་ཕྱི་མའི་རྟོག་པ་རང་གྲོལ་དུ་འགྱུར་བའོ། །ཞེས་སྤྲུལ་པའི་སྐུ་ལ་གོམས་པའི་རྟགས་བསྟན་ནས། ད་ནི་རིག་པ་ལ་གོམས་པའི་རྟགས་བསྟན་ཏེ། རིག་པ་ལ་ནི་སུས་གོམས་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། རིག་པ་ནི། རིག་པའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །རིག་པའི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཡིན་ལ། ངེས་ཚིག་ནི་སྔར་མ་རིག་པ་དེ། ད་བླ་མའི་མན་ངག་ལ་བརྟེན་ནས་རིག་པས་ན་རིག་པའོ། །དབྱེ་ན་འཇིག་རྟེན་པའི་རིག་པ་དང་། འཇིག་རྟེན་པ་མ་ཡིན་པའི་རིག་པའོ། །འཇིག་རྟེན་པ་ནི་མིང་དུ་བཏགས་པ་རྣམས་དང་གནས་རིག་པའོ། །རིག་པའི་གནས་ནི་ལྔ་སྟེ། བཟོ་རིག་པ་དང་། གསོ་བ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དང་། ལུང་རིག་པའོ། །བཟོ་ནི་བཟོའི་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཤེས་པ་ཡང་སྔོན་དུ་རིག་པ་ལ་སྦྱངས་པའི་རྟགས་ཡིན། འདིས་ཀྱང་དམ་པའི་དོན་ལ་ངེས་པར་ཞུགས་ན་འབྲས་བུ་ཐོབ་པའོ། །གསོ་བ་ནི་སྨན་དཔྱད་སྣ་ཚོགས་པ་དང་། བསྲུང་བའི་རིགས་དང་། བཅུད་ལེན་སྣ་ཚོགས་པ་དང་། བསད་པ་དེ་ཉིད་སླར་གསོ་བར་ཤེས་པ་ནི། སྔོན་དུ་རིག་པ་ལ་སྦྱངས་པའི་རྟགས་ཡིན་ནོ། །སྒྲ་ནི་སྒྲའི་བྱིངས་དང་། བསྒྲུབ་བྱེད་དང་། གཞན་སེལ་དང་། ཕན་པའི་རྐྱེན་ཅན་བཞི་གང་ལ་ཡང་ཐོགས་པ་མེད་པར་ཤེས་པ་ཡང་སྔོན་དུ་སྦྱངས་པའི་རྟགས་ཡིན། གཏན་ཚིགས་ནི། ཚད་མ་དང་། དབུ་མ་དང་། སེམས་ཙམ་པ་ལ་སོགས་པའི་རིགས་པ་མི་འདྲ་བ་སྣ་ཚོགས་པ་ཤེས་པ་ཡང་སྔོན་དུ་རིག་པ་ལ་སྦྱངས་པའི་རྟགས་ཡིན་ནོ། །མདོར་ན་བསྟན་བཅོས་སྣ་ཚོགས་པ་མ་མཁྱེན་པའོ། །ལུང་ནི་རྒྱལ་བའི་བཀའ་ཕྱིན་ཅི་མ་ལོག་པ་རྣམས་ཏེ། རྒྱལ་བ་ལས་ཀྱི་ལུང་དང་། ཡེ་ཤེས་ལྷའི་ལུང་དང་། ངེས་པར་ཟད་པའི་ལུང་དང་། བྱ་བྲལ་རྫོགས་པ་ཆེན་པོའི་ལུང་ལ་སོགས་པ་རྣམས་དང་། སྔ་ན་ཐོས་མ་མྱོང་བ་ཤེས་པ་ནི། སྔོན་དུ་རིག་པ་ལ་སྦྱངས་པའི་རྟགས་ཡིན། འཇིག་རྟེན་པ་མ་ཡིན་པའི་རིག་པ་ནི། གཞི་གནས་ཀྱི་རིག་པ་དང་། ལམ་སྣང་གི་རིག་པ་དང་། ལྷག་མཐོང་གི་རིག་པའོ། །གཞི་གནས་ཀྱི་རིག་པ་ནི། གཞི་དངོས་པོ་དོན་གྱི་གནས་ལུགས་བཅོས་བསླད་གང་གིས་ཀྱང་ཕན་མ་བཏགས། གནོད་པ་མ་བསྐྱལ། དགེ་བས་སྐྱབས་ཀྱིས་མི་སྐྱོབས་ཏེ། དཔེར་ན་ནམ་ཟླ་དུས་ཚོད་ཀྱི་ཆབ་རོམ་སུས་ཀྱང་དགག་གིས་མི་ཁེགས་པར་རང་འཁྱག་པ་དང་། དེ་ཉིད་དུས་ལ་བབ་པའི་ཚེ་རང་ཞུ་བ་དང་འདྲའོ། །སྡིག་པས་མི་གོས་པས་ཏེ་དཔེར་ན་ཉི་ཟླ་ལ་སྤྲིན་གྱིས་གོས་པ་མེད་པ་དང་ཉེས་པ་མེད་པ་དང་། མན་ཤེལ་ལ་སྣོད་ཀྱིས་མ་གོས་པ་དང་འདྲ་བར། རིག་པ་ཉིད་ཀྱིས་སངས་རྒྱས་སེམས་ཅན་ལ་ཁྱད་མེད་དུ་གནས་པའོ། །ལམ་སྣང་གི་རིག་པ་ནི། གྲུབ་པའི་མཐའ་སྣ་ཚོགས་པས་མིང་བསྒྱུར་ཏེ། ལ་ལས་སེམས་སུ་བཏགས། ལ་ལས་སྐྱེ་མེད་དུ་བཏགས། ལ་ལས་ལྷན་ཅིག་སྐྱེས་པར་བཏགས། ལ་ལས་བློ་འདས་སུ་བཏགས། ལ་ལས་དངོས་པོའི་གནས་ལུགས་སུ་བཏགས། ལ་ལས་ཀུན་གཞིར་བཏགས། ལ་ལས་བྱང་ཆུབ་སེམས་ལ་སོགས་པའི་མིང་གི་འདོགས་ལུགས་མི་འདྲ་བ་ཐ་དད་པར་བཏགས་ཀྱང་། དོན་ཉམས་སུ་མྱོང་བ་རྣམས་ལ་འདྲ་སྟེ། དཔེར་ན་ཚའི་རོ་མྱོང་བ་རྣམས། རྒྱ་གར་བས་ལོན་ནེར་བཏགས། བལ་པོས་ཇི། ཞང་ཞུང་གིས་ཀུ་པ། རྒྱ་ནག་པོས་ཁྱེན། ཟ་ཧོར་གྱིས་རྡ། ཚ་བ་དམར་ཐག་གིས་སིབ། ཁྱི་ཐན་གྱི་རས་སུ་བཏགས་པ་ལ་སོགས་པ་འཛམ་བུའི་གླིང་རང་ན་ཡང་། མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡོད་ཀྱང་། དོན་ཚའི་རོ་མཆོག་གཅིག་པ་དང་འདྲ། དེ་བཞིན་དུ་རིག་པ་ཉིད་ཀྱི་དོན་ཉམས་སུ་མྱོང་བས། དཔེར་ན་ཚའི་རོ་མ་མྱོང་བར་ཚ་ལ་ཡོན་ཏན་སྣ་ཚོགས་དང་། མིང་དུ་མ་བཏགས་ཀྱང་གཏན་ལ་མི་ཕེབས་པ་དང་འདྲ་བར། རིག་པ་ཉིད་བླ་མའི་མན་ངག་གིས་གཏན་ལ་ཕེབས་པས། ཚིག་གང་ལྟར་བཏགས་ཀྱང་དོན་ལ་འགྱུར་བ་མེད་དོ། །དོན་ཉམས་སུ་མ་མྱོང་བར་ཚིག་སྣ་ཚོགས་ལ་ཁྱད་ཕྱེ་ཞིང་བོགས་བཏོན་ཀྱང་གཏན་ལ་མི་ཕེབས་ཏེ། དཔེར་ན་སྐྱེས་པ་སྙིང་ངན་པ་བརྗེད་ངས་ཆེ་བ་གཅིག་འདོད་པ་བུམ་པ་འདོད་པ་ལ། རང་གི་ལག་ན་བུམ་པ་བཟུང་ནས། ཚིག་སྣ་ཚོགས་པས་མི་རྣམས་ལ་བུམ་པ་འདྲི་བ་དང་འདྲའོ། །དེ་ལྟ་བུའི་རིག་པ་དེ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཁྱབ་པར་གནས་པའོ། །ལྷག་མཐོང་གི་རིག་པ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་ཏེ། འདི་ཉིད་བླ་མའི་མན་ངག་དང་ལྡན་པས་མངོན་གསུམ་དུ་རྟོགས་པས། ཡིད་དཔྱོད་ཚིག་གིས་སྒྲོས་གཞུག་ཏུ་མི་རྙེད། འདི་ཉིད་ཤེས་རབ་ཀྱིས་དཔྱད་དུ་མེད་པས་སྙམ་བྱེད་ཀྱི་ཡིན་སྙམ་གྱི་ལྟ་སྒོམ་གྱིས་གཏན་ལ་མི་ཕེབས། གཞན་ལྟོས་ཡིད་ཆེས་རྒྱུད་ལུང་ལ་མི་ལྟོས་པས། དེ་ཉིད་བསྟན་པ་ཙམ་གྱིས་མི་ཤེས་པ་མེད་པས། དབང་པོ་རྣོན་པོས་གཏན་ལ་མི་ཕེབས། ཚིག་གསུམ་གྱིས་གཏན་ལ་ཕེབས་པས་དབང་པོ་རྟུལ་པོས་ཀྱང་ད་ལྟ་ཉིད་དུ་རྟོགས་པ་མངོན་དུ་གྱུར། དེ་ཉིད་དབང་པོས་ཡུལ་དུ་བསྟན་དུ་ཡོད་པས་བསྒོམས་ཤིང་བསྒྲུབས་པས་འདི་ཉིད་མི་རྟོགས་ལ། འདི་ཉིད་ལ་ཡུལ་རྐྱེན་གྱིས་གནོད་མ་མྱོང་བས། ལས་དང་རྣམ་སྨིན་གྱིས་འགྲིབ་མི་སྲིད་དོ། །དེ་ལྟར་ལྷག་མཐོང་དུ་གང་གིས་མཐོང་ན། མིག་གིས་མཐོང་། ཡུལ་གང་ལ་མཐོང་ན་ནམ་མཁའ་ལ། མཐོང་ལུགས་ཇི་ལྟར་མཐོང་ན་རྡོ་རྗེ་ལུ་གུ་རྒྱུད་དུ་མཐོང་། མཐོང་བ་ལ་དགོས་པ་ཅི་ཡོད་ན་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱའོ། །རིག་པའི་མཚན་ཉིད་ནི་སྣང་ཡུལ་དུ་ཡོད་པས་གསལ་ལ། གཟུང་ཡུལ་དུ་མེད་པས་སྟོང་ལ། ཞེན་ཡུལ་དུ་མ་སྤྱད་པས་གསལ་སྟོང་དབྱེར་མི་ཕྱེད། དེ་ཡང་བསྟན་དུ་ཡོད་པས་ཡོད་པ་ཡིན་ལ། རྫས་སུ་མེད་པས་མེད་པ་ཡིན་ཏེ། དེ་རང་སྣང་དུ་བཞག་པས་ཡོད་མེད་དབྱེར་མི་ཕྱེད་པའོ། །འདི་ཉིད་ལུས་ལ་གནས་པས་འཁོར་བ་ཡིན་ལ། དེ་རང་ཡུལ་ལས་འདས་པས་མྱ་ངན་ལས་འདས་པ་སྟེ། དེ་ཉིད་མ་འཁྲུལ་བར་རང་གཞག་དུ་བཞག་པས་འཁོར་འདས་དབྱེར་མི་ཕྱེད་པའོ། །དེ་ལྟ་བུའི་རིག་པ་དེ་གཉེན་པོ་མེད་པས་ཉོན་མོངས་པ་སྣ་ཚོགས་པ་ཡང་ཡིན་ལ། དེ་ཉིད་ལ་ཡང་བསླད་མེད་པས་ཡེ་ཤེས་ཀྱང་ཡིན། དེ་ཉིད་རང་སར་བཞག་པས་ཉོན་མོངས་པ་ཉིད་ཉོན་མོངས་པ་ཉིད་ཀྱིས་གྲོལ། ཡེ་ཤེས་ཉིད་ཡེ་ཤེས་ཀྱིས་གྲོལ་བས་གཉེན་པོ་གཞན་ལ་རག་མ་ལུས་པས། བག་ཆགས་སྔ་ཕྱིས་དེ་ཉིད་འགྲེ་བ་མི་སྲིད་དོ། །རིག་པ་དེ་ཉིད་ལ་འཁོར་བའི་རྣམ་རྟོག་བྱུང་ཚོར་ཇི་ལྟར་བྱུང་ཀྱང་དེ་ཉིད་གསལ་བས་ཟང་ཐལ་དུ་སྣང་བས། ལས་ཀྱི་རྣམ་པར་སྨིན་པས་གོས་མི་སྲིད་དོ། །དེའི་ཕྱིར་ན་རིག་པ་དེ་ངོ་བོ་སྟོང་ལ། མཚན་ཉིད་ནི་གསལ་བ། གཏན་ཚིགས་ནི་སྐྱོན་ཡོན་ལས་འདས་པའོ། །དེ་ཉིད་ལ་ཡང་དག་པར་བཏགས་ན་ཚིག་གིས་འདི་འདྲ་ཞེས་སྒྲོས་གདགས་སུ་མེད་དེ་ཚིག་ཙམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་མཚན་ཉིད་ལ་ཡི་གེ་མེད་པས། ད་ལྟ་ཡི་གེས་གཏན་ལ་མི་ཕེབས། ཚིག་མེད་པས་ད་ལྟ་ཚིག་གིས་གཏན་ལ་མི་ཕེབས། སེམས་མེད་པས་ད་ལྟ་སེམས་ཡིན་དུ་གཏན་ལ་མི་ཕེབས། ཆོས་མེད་པ་ཆོས་ཀྱི་གཏན་ལ་མི་ཕེབས། དེ་ལ་སྡིག་དང་རྣམ་སྨིན་མེད་པས། དེ་ལ་སྡིག་དང་རྣམ་སྨིན་གྱིས་མི་གོས། དེ་ལ་སངས་རྒྱས་མེད་པས་འབྲས་བུ་སངས་རྒྱ་བའི་ས་མེད། སེམས་ཅན་མེད་པས་རྒྱུ་དྲུག་སེམས་ཅན་གྱི་དོགས་མེད། དེ་ཉིད་ཡེ་ནས་གྲོལ་ཟིན་པས་ལྟ་སྒོམ་སྤྱོད་པའི་རྒྱུ་མེད་དོ། །དེ་རང་རིག་པས་དེ་ལ་སྒོམ་མི་དགོས། སྣ་ཚོགས་སུ་སྣང་བས་བལྟར་མེད། གཉིས་མེད་རང་རྫོགས་སུ་ཡོད་པས་སྤྱོད་དུ་མེད་དོ། །འབྲས་བུ་ནི་རིག་པ་ཉིད་མངོན་གསུམ་ལམ་དུ་བྱས་པས་བརྩོན་འགྲུས་རབ་ཚེ་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱ་བ་དང་། འདི་ཉིད་མངོན་གསུམ་ཡུལ་དུ་ཤེས་པ་ཙམ་གྱིས། བརྩོན་འགྲུས་འབྲིང་པོ་ཆོས་ཉིད་ཀྱི་བར་མ་དོ་ལ་སངས་རྒྱ་བ་དང་། འདི་ཉིད་བསྟན་པ་ཙམ་གྱི་ཡོན་ཏན་གྱིས་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས། མངོན་པར་རྫོགས་པ་སངས་རྒྱའོ། །དེ་ལྟ་བུའི་རིག་པ་ལ་རྣལ་འབྱོར་པ་སུས་གོམས་པ་བྱས་པ་དེའི་ལུས་ལ་རྟགས་འདི་འབྱུང་བའོ། །དམིགས་པ་གང་དུ་གཏད་པའི་དངོས་པོ་རྡོའམ་ཤིང་བུ་ལ། དེང་རང་གི་ཤེས་པ་བཅུག་པར་ནུས་པའི་དུས་ན་གང་ལ་བཙུད་པ་དེ་འགུལ་བར་ནུས་པ་ནི། རིག་པ་ལ་དབང་ཐོབ་པའི་རྟགས་ཡིན། དེ་བཞིན་དུ་གང་དུ་ཤེས་པ་འདུག་པའི་ས་དེ་ཉིད་དུ། རྣལ་འབྱོར་པ་དེའི་ལུས་ཀྱང་དེའི་ལུས་སུ་འཕོ་བ་སྟེ། རྗེས་ནས་གཉིས་སུ་མེད་དེ། དཔེ་ཇི་ལྟར་ན་རིག་པའི་ཆོས་ཉིད་དང་མཚུངས་སོ། །འདི་ནི་ལུས་ཀྱི་སྒྲིབ་ཤིང་དང་བྲལ་བའི་རྟགས་སོ། །ཡང་བསམ་རྒྱུན་ཞེན་པ་རང་འགགས་པ་དང་། འདི་ཉིད་ལ་ནང་གི་ཉམས་གོང་དུ་འཕེལ་བའི་རྟགས་རྣམས་ཀྱང་གསལ་བར་འགྱུར་བའོ། །མངོན་གསུམ་ནི། ཐ་སྙད་དུ་བློ་བཏགས་ཀྱི་མངོན་གསུམ་དང་། རང་རིག་གཅེར་སྣང་གི་དང་། གོམས་པ་མཐར་ཕྱིན་གྱིའོ། །ཐ་སྙད་བློ་བརྟགས་ནི་དབང་པོའི་མངོན་གསུམ་དང་། ཡིད་ཀྱི་དང་རྣལ་འབྱོར་གྱི་དང་། རང་རིག་གི་མངོན་གསུམ་མོ། །རང་རིག་གཅེར་སྣང་ནི་རྡོ་རྗེ་ལུ་གུ་རྒྱུད། གོམས་པ་མཐར་ཕྱིན་གྱི་ནི་ཆོས་ཟད་པའི་མངོན་གསུམ་ཉིད་དུ་སུས་རིག་པ། འདི་ནི་ལུས་ཀྱི་འབྱུང་བ་རང་གིས་ན། སྐལ་བ་ལྡན་པ་འདི་ལུས་ཀྱི་འབྱུང་བ་དེངས་ནས་སྐྱེ་མེད་མཆོག་ལ་མངའ་བརྙེས་པའོ། །ཞེས་རིག་པ་ལ་གོམས་པའི་རྟགས་བསྟན་ནས། ད་ནི་སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པའི་རྟགས་བསྟན་པ་ནི། གང་གིས་སྐྱེ་མེད་སུ་ཡིས་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་གིས། སྐྱེ་མེད་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །སྐྱེ་མེད་ཀྱི་ངོ་བོ་ནི་སླར་མི་ལྡོག་ཅིང་མཁྱེན་པ་འགགས་པ་མེད་པ་ཉིད་ཡིན་ལ། ངེས་ཚིག་ནི་སྔར་མ་སྐྱེས་པའི་ཆོས་ཉིད་དེ་ད་སྐྱེ་མི་སྲིད་པས་ན་སྐྱེ་མེད་དོ། །དབྱེ་ན་རིག་མེད་བེམ་སྣང་གི་སྐྱེ་མེད་དང་། སྟོང་པ་མཁྱེན་མེད་ཀྱི་དང་། རང་རིག་ལམ་སློངས་ཀྱི་སྐྱེ་མེད་དང་། མཐར་ཐུག་བློ་ཟད་ཀྱི་སྐྱེ་མེད་དོ། །རང་རིག་བེམ་སྣང་གི་སྐྱེ་མེད་ནི། འདི་ལྟར་ས་ཆུ་མེ་རླུང་གི་སྣང་བ་བེམ་པོ་འདི་དག་དང་པོ་གང་ནས་ཀྱང་མ་སྐྱེས། ད་ཡང་མི་སྐྱེའོ། །སྟོང་པ་མཁྱེན་མེད་ཀྱི་སྐྱེ་མེད་ནི། ནམ་མཁའ་འདི་ཉིད་སྟོང་པ་ཡིན་ཏེ། མཁྱེན་པ་ཡེ་ཤེས་ཀྱི་ཆ་མེད་པ་འདི། དང་པོ་ཡང་སྐྱེ་མ་མྱོང་། ད་ལྟ་ཡང་སྐྱེ་བ་མི་གནས། ཐ་མ་ཡང་མི་སྐྱེ་བའོ། །རང་གི་ལམ་སློངས་ཀྱི་སྐྱེ་མེད་ནི། རིག་པ་དེ་ཉིད་སྔར་སྐྱེ་བ་མེད་ཀྱང་ད་ལྟར་ལུས་སུ་གྲུབ། ད་ལྟར་གྲུབ་པ་འདི་ཉིད་སྐྱེ་མེད་དུ་ཤེས་པས། ད་སྐྱེ་མི་སྲིད་པས་སྐྱེ་མེད་དེ། མཐར་ཐུག་བློ་ཟད་ཀྱི་སྐྱེ་མེད་ནི། བློ་ཟད་པས་ཆོས་མེད། ཆོས་མེད་པས་ཚིག་ལས་འདས། དེ་ལས་འདས་པས་སྐྱེ་བ་མེད། དེ་ཡང་གང་མི་སྐྱེ་ན་བློ་དང་དྲན་པ་མི་སྐྱེ། གང་གི་ཕྱིར་མི་སྐྱེ་ན་བློ་ཟད་པས་མི་སྐྱེ། དཔེ་གང་ལྟར་མི་སྐྱེ་ན། བསེ་ཤིང་གི་འབྲས་བུ་ལྟར་མི་སྐྱེ། དེ་ལྟར་མ་སྐྱེས་པས་བློའི་ཡུལ་རང་ཟད་དེ་སྐུ་གསུམ་དུ་འཛིན་པའི་ཤེས་རབ་ཀྱང་སྐྱེ་མེད། དེ་མེད་པས་སྐྱེ་བ་མེད་དོ་ཞེས་ཚིག་ཙམ་དུ་ཡང་གྲུབ་པ་མེད་དོ། །དེའི་ཕྱིར་ན་བློ་ལས་འདས་པས་གྲུབ་ཏུ་མེད་ཞེས་པས། དེ་ཉིད་མཐའ་ཐམས་ཅད་ལས་གྲོལ་བས་མཐའ་གྲོལ་ཡོངས་རྫོགས་ཉམས་བླངས་དང་བྲལ་བའོ། །དེ་ལྟར་མ་སྐྱེས་པ་ཕུང་པོ་ལྔའི་མཚམས་སྦྱོར་ཅིང་སྐྱེ་བ་མེད་པའི་དྲན་པ་དང་། བློ་ལས་གྲོལ་བས་མཐའ་གྲོལ་ཞེས་བྱའོ། །མཚན་ཉིད་ནི་མ་སྐྱེས་པའི་ཆོས་ཉིད་ལ་སྐྱེ་བ་མེད་པར་ཤེས་པས། ད་ལྡོག་པ་མེད་དེ་དཔེར་ན། དཔག་ཆེན་གྱི་མདའ་འཕངས་པ་དང་། རྒྱ་མཚོའི་གཏིང་དུ་རྡོ་བོར་བ་དང་འདྲའོ། །དེ་ཡང་དྲན་པའི་མཚན་ཉིད་མ་སྐྱེས་པས་འགྱུ་བ་རང་འགགས། དེ་འགགས་པས་རྣམ་རྟོག་བདག་ཏུ་འཛིན་པའི་ཉོན་མོངས་སྐྱེ་མི་སྲིད། དེ་མ་སྐྱེས་པས་ཆོས་དང་ཆོས་མིན་གཅོད་པའི་བློ་ལས་འདས། དེ་འདས་པས་ཚིག་ཏུ་འཛིན་པའི་ཤེས་རབ་སྐྱེ་མི་སྲིད། དེ་མ་སྐྱེས་པས་ལྟ་སྒོམ་ཡིད་དཔྱོད་ཡིན་ཐོག་ཏུ་འཇོག་པའི་མཐའ་ལས་གྲོལ་བས་མཐའ་གྲོལ་ལོ། །འབྲས་བུ་ནི་སྣང་བ་སྐྱེ་མེད་དུ་རྟོགས་པས་ཡུལ་གྱིས་འཁྲུལ་པ་རྒྱུན་ཆད། སེམས་སྐྱེ་མེད་དུ་རྟོགས་པས་སེམས་ཀྱི་དྲན་པ་རྒྱུན་ཆད། དེ་ལྟར་ན་སྣང་སེམས་གཉིས་མེད་རང་གྲོལ་བས་ན་སྐྱེ་བ་མེད་པའོ། །དེ་ལྟ་བུའི་ཆོས་ཉིད་གང་ཟག་སྐྱེ་མེད་རྩད་ནས་ཆོད་པའི་མི་དེ་ལ། རྟགས་ནི་འདི་ལྟར་འབྱུང་བར་ཡང་འགྱུར་ཏེ། འདི་ལྟ་བུའི་རྟགས་དང་སུ་ལྡན་པས་ནི། ང་སྟོན་པ་རྡོ་རྗེ་འཆང་དང་སྐལ་བ་མཉམ་པ་ཡིན་དེ་ཅིའི་ཕྱིར་ཞེ་ན། རྟགས་འདི་ལྟ་བུ་སུ་ལ་བྱུང་བའི་སྐྱེས་བུ་དེ་དང་ང་མཉམ་སྟེ། རྟགས་གང་ཞེ་ན། རྣལ་འབྱོར་པ་གང་གི་ལུས་ལ་འབུ་དང་སྲིན་བུ་དང་ཤིག་དང་སྲོ་མ་དང་སྲོག་ཆགས་སྐྱེ་བ་མེད་པ་ལ་སོགས་ཏེ། སྲོག་ཆགས་འདི་ཀུན་སྐྱེ་བ་རྒྱུན་ཆད་ནས། སྲིད་པ་སྐྱེ་མེད་དུ་རྟོགས་པའི་རྟགས་ཡིན། ཡང་རྣལ་འབྱོར་པ་གང་གི་སྐྲ་དང་སེན་མོ་ལན་གཅིག་བྲེགས་པ་དང་། འདི་ཀུན་གྱི་སྐྱེ་བ་རྒྱུན་ཆད་ནས་འདིས་རང་བཞིན་སྐྱེ་མེད་དུ་རྟོགས་པའི་རྟགས་ཡིན་ཏེ་བེམ་སྣང་རྟོགས་པའོ། །རྣལ་འབྱོར་པ་འདི་ནི་སྐྱེ་བ་མེད་པས་ཏེ། འདི་ལྟར་རྟགས་དེ་དག་དང་ལྡན་ནས་ནི། ཟླ་བ་དག་ནི་གསུམ་ན་ཡང་། སྐལ་ལྡན་འདི་ནི་ལུས་ཀྱི་འབྱུང་བ་རང་དེངས་སུ། ཟག་བཅས་ཕུང་པོ་མི་སྣང་བར། གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ་རང་འོད་མདོངས་ཕྱིར་བྱུང་ནས། དེའི་དཀྱིལ་དུ་རིག་པ་འོད་དང་བཅས་ཏེ། སངས་རྒྱ་བར་འདི་འགྱུར་རོ། །སྐལ་ལྡན་འདི་ལ་བར་མ་དོ་མི་སྲིད་པར་འདི་ཉིད་ལ་སངས་རྒྱའོ། །སྔར་སྐྱེ་བའི་ཞེན་པའི་རྒྱུན་གཅད་པས་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་མཚམས་འོད་ཀྱི་ལུས་སུ་ལེན་མི་སྲིད་པར་འདི་ཉིད་ལ་ཕུང་པོ་བཞག་རྒྱུ་མེད་པར་སངས་རྒྱ་བའོ། །ལུས་ཀུན་གྱི་ཐ་མ་ཆོས་ཀྱི་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་ལམ་དུ་བྱས་པས་ཚེ་གཅིག་ལ་འདིས་ཟད་པས་བྱས་ནས། ལུས་མེད་ཤ་ཁྲག་རང་ཀ་མ་ཕུང་པོ་ལྔ་རང་རྒྱུད་དུ་འཛིན་པའི་ལུས་མེད་པས་ཆོས་སྐུ། ལུས་དེ་འོད་དང་ཡེ་ཤེས་སྒྱུ་མ་ཙམ་གྱི་ལུས་སུ་གསལ་བ་ཟང་ཐལ་དུ་ཡོད་པས་ལོངས་སྐུ་འོད་ལུས་སུ་བྱུང་། ལུས་ཀྱི་མཆོག་མཚན་དང་དཔེ་བྱད་དུ་ལྡན་པའི་ལུས། འགྲོ་བ་གཞན་གྱི་ལུས་ལས་མཆོག་ཏུ་གྱུར་པ། སྤྲུལ་པ་སྐུའི་ལུས་ཕུང་པོ་ཁམས་དང་ལྟར་སྣང་བ། འདི་གསུམ་ལས་ནི། ལམ་གྱི་སྣང་ཆ་ལས་རྣལ་འབྱོར་པ་འདིས་བརྒལ་ནས་ཆོས་ཐམས་ཅད་ཟད་པས་བསྒྲུབ་ཏུ་མེད། ངོ་བོ་འདི་ཡིན་ཐ་སྙད་ལས་འདས་པས་བལྟར་མེད། རང་སྣང་གོམས་ཚད་ལས་འདས་པས་བསྒོམ་དུ་མེད་པའི་ས་ལ་རང་གི་རིག་པ་ཉིད་བརྡལ་བ་ཆེན་པོའི་ཡེ་ཤེས་མཐའ་ཐམས་ཅད་ལས་གྲོལ་བས། གྲུབ་རྒྱུ་ཅི་ཡང་མེད་པའི་ལུས་མེད་པར་རང་གི། ངོ་བོ་ཡེ་ནས་སངས་རྒྱས་པ་ཡིན་པར་དེ་ཉིད་དུ་གྲོལ་བ་ནི། དེ་ཡང་གློ་བུར་བྱས་བཅས་ལས་བྱུང་བ་མ་ཡིན་ཏེ། ཡེ་ནས་གནས་པ་སྙིང་པོའི་དོན་དུ་ཐོག་མ་ནས་ཡོད་པས། དེ་ཉིད་དུ་རང་ཐིམ་པའོ། །དེ་ལྟར་ཡེ་ནས་གནས་པའི་དོན་ཡིན་པས། དེའི་ཕྱིར་ན་སྐལ་ལྡན་འདི་ནི་སྐྱེ་བ་མེད་པའི་ས་ཐོབ་པའོ། །དེ་ལྟར་སྐྱེ་བ་མེད་པའི་ས་ཐོབ་པའི་རྣལ་འབྱོར་པ་དེ་མཐའ་གང་ལ་ཡང་མི་གནས་པའི་སྟོང་པ་ཉིད་ལ་སྤྱོད་དེ་དེ་ལྟར་སྟོང་པ་ཉིད་ཀྱི་རང་བཞིན་ལས་ཀྱང་འདས་པའི་རྣལ་འབྱོར་པ་དེ་མི་རྟོག་པ་ཉིད་རང་ལ་གནས་པས་འདི་ལ་བསམ་པའི་ཞེན་པ་མི་སྣང་བའོ། །དེ་ཡང་གཞན་ནས་བྱུང་ཞིང་བཙལ་བས་རྙེད་པ་མ་ཡིན་ཏེ་རང་གི་རང་བཞིན་དུ་ཡེ་ནས་དེ་བཞིན་ཉིད་དུ་གནས་པ་ཡིན་ནོ། །ཞེས་སྐྱེ་བ་མེད་པའི་རྟགས་བསྟན་ཏེ། དེ་དག་ཧྲིལ་གྱིས་དྲིལ་ནས་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་རྟགས་བསྟན་པ་ལ་ནང་དོན་བཅུར་བྱས་ནས་ནི་དོན་གཉིས་པ་བསྟན་ནོ། །ད་ནི་སྤྱི་དོན་གསུམ་པ་རྟགས་དང་ལྡན་པའི་སྐྱེས་བུའི་ཡོན་ཏན་གྱི་རྣམ་པར་བཞག་པ་བསྟན་པ་ལ། ནང་གསེས་ཀྱི་དོན་དྲུག་ཡོད་པ་ལས་དང་པོ་ཡོན་ཏན་སྤྱིའི་ཁྱབ་པ་རྣམ་བཞག་ཏུ་བསྟན་པ་ནི། འདི་ལྟར་རྟོགས་པའི་སྐྱེས་བུ་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏེ། རྒྱུད་འདི་ལྟར་རྟོགས་པའི་སྐྱེས་བུ་དེ་ཡོད་པའི་ཕྱོགས་ནས་ཕུན་སུམ་ཚོགས་པ་ལྔ་ལྟར་ཡང་ཡོན་ཏན་གྱི་ཆ་ལ་སྣང་ལ། མེད་པའི་ཕྱོགས་ནས་སྟོང་པ་ཉིད་བཅོ་བརྒྱད་ལྟར་ཡང་གཏན་ལ་དབབ་ཏུ་གཏུབ་ལ། བསམ་གྱིས་མི་ཁྱབ་པའི་ཕྱོགས་ནས་ཚིག་ཐ་དད་པ་ལྟར་ཡང་སྣང་ཞིང་། རང་བཞིན་མ་ངེས་པར་ཤར་ལ། དེ་ཉིད་ཤར་བས་རོལ་པ་འགགས་མེད་དུ་ཁྱབ་པ་སྟེ། དེ་དག་ཐ་དད་དུ་བྱུང་ཡང་དོན་ཐ་དད་པ་མ་ཡིན་པ་ནི་གཅིག་པར་གནས་པའི་ཡེ་ཤེས་ཡིན་པ་ནི། དོན་གྱིས་ངོ་བོ་གཉིས་ལ་སོགས་པའི་གྲངས་ཀྱིས་ཐ་སྙད་ཀྱིས་གྲུབ་པ་མེད་པས་གཅིག་ཏུ་གནས་ལ། དུ་མའི་སྒྲོ་འདོགས་རྣམ་པར་ཆོད་པས། གཅིག་རང་གི་མཚན་ཉིད་དུ་གནས། གཅིག་ཙམ་མམ་གཅིག་ཞེས་གདགས་སུ་མེད་པས་དེ་ཉིད་རང་གིས་རང་བསྟན་པས་ན་སྟོན་པ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་དོན་དེ་སུས་ཀྱང་མ་བཀོད་པར་ཡེ་ནས་ཆོས་ཉིད་ཀྱི་གདངས་ལ་རང་གནས་པ་ལ། ཀུན་རྫོབ་དོན་དམ་གྱི་སྣང་བའི་ཆ་ལྷུན་གྱིས་གྲུབ་པས་ན། ཐབས་ཀྱིས་བདེ་བ་མཚོན་པ་དང་། ཤེས་རབ་ཀྱིས་སྟོང་པ་མཚོན་པའོ། །རང་བཞིན་ལས་གདུལ་བྱ་ཀུན་རྫོབ་ཀྱི་ངོ་བོ་གང་ལ་སངས་རྒྱས་པའི་རིགས་རྣམ་པར་སྣང་མཛད་དང་། མོའི་རིགས་ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་པར་ཀྱང་ཕོ་མོ་གཉིས་ཐབས་ཤེས་རབ་གཉིས་སུ་སྣང་བའོ། །དེའི་ཕྱིར་ན་རྟགས་རྫོགས་པའི་སྐལ་ལྡན་འདི་ཀུན་ཀྱང་ཀུན་རྫོབ་ཀྱི་སྣང་ཆ་ལ་དེའི་འཁོར་དུ་སྣང་བའོ། །དེ་སྣང་བ་ཅིའི་ཕྱིར་ན་ཆོས་ཉིད་གཞིའི་སྣང་བ་རང་བཞིན་མེད་པ་ལས་ཆོས་ཐམས་ཅད་སྨྲར་མེད་པའི་འཁོར་དུ་སྣང་ལ། དེ་བཞིན་དུ་བསམ་དུ་མེད་པ་དང་བརྗོད་དུ་མེད་པའི་ཆོས་སུ་སྣང་བས། འཁོར་དང་། སྟོན་པ་དང་། གནས་དང་། ཆོས་ཐམས་ཅད་དུས་ལས་དབྱེར་མི་ཕྱེད་པས་དུས་གསུམ་མཉམ་པ་ཉིད་དུ་ཡང་དག་པར་ཡེ་ནས་འདི་ཀུན་སུས་ཀྱང་བྱས་པ་མེད་པར་རང་ལ་གནས་པའོ། །ཞེས་སྤྱིའི་ཡོན་ཏན་རྣམ་པར་བཞག་པ་བསྟན་ནས། ད་ནི་ལུས་ངག་སེམས་ཀྱི་རྟགས་བྱེ་བྲག་ཏུ་ཡོན་ཏན་གྱི་ངེས་པའི་འབྲས་བུ་བསྟན་པ་ནི། གང་གིས་སྐྱེས་བུ་བློ་བརྩལ་ཅན་ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ཁྱབ་པ་སྤྱིར་གཏང་ནས་བྱེ་བྲག་ཏུ་སྐྱེས་བུ་ནི་རྟེན་གྱི་གང་ཟག་བློ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །བློའི་ངོ་བོ་མི་འགྱུར་བ་བསྟན་པ། ངེས་ཚིག་ཡུལ་འཕྲལ་སྤྱོད་པར་བྱེད་པ་སྟེ། བློ་ནས་སྐྱེ་བ་དང་། གནས་པ་དང་འབྲལ་བར་བྱེད་པའོ། །དབྱེ་ན་རྟོག་བཅས་ཀྱི་བློ་དང་། རྟོག་མེད་ཀྱི་བློ་དང་། རྟོག་བཅས་ནི། ཡུལ་ཐ་དད་པ་གཅོད་པར་བྱེད་པ་སྟེ། ཚིག་དང་། ཤེས་པ་དང་། དྲན་པ་དང་། བསམ་པ་དང་། དངོས་པོ་ཡུལ་ལ་སྤྱོད་པར་བྱེད་པའོ། །རྟོག་མེད་ནི་ཆོས་ཉིད་ཡུལ་གྱི་རྒྱུ་མཚན་འཚོལ་བར་བྱེད་པ་རྣམས་ཡིན་ཏེ། དོན་གྱིས་ཡིད་སྤྱོད་དོ། །མཚན་ཉིད་ནི་ངེས་པ་མེད་པ་ཡིན་ནོ། །འབྲས་བུ་བློ་ལྟར་སྣང་ཞིང་རྟག་མི་ཐུབ་པའོ། །རྩལ་ནི་བློ་དེ་ལས་འདས་པས་ཤེས་རབ་སྟེ། ཚིག་གི་མཐའ་གཅོད་ནས་ཉོན་མོངས་པ་ལས་གྲོལ་བར་བྱེད་པས་ན་ཅན་ནོ། །ཞེས་བྱའོ། །དེ་ལྟར་ཉོན་མོངས་པ་ལས་གྲོལ་བའི་སྐྱེས་བུ་དེའི་ལུས་ལ་གོང་དུ་བཤད་པའི་ལུས་ཀྱི་རྟགས་རྣམས་མ་ལུས་པ་རྫོགས་པར་བྱུང་བས་ན་ལུས་བོར་མ་ཐག་ཏུ། བར་མ་དོའི་ཆོས་ཉིད་ལས། ཆོས་ཉིད་རང་གི་ངོ་བོའི་བདེན་པ་མཐོང་སྟེ་སངས་རྒྱས་རྒྱའོ། །ཡང་སྐྱེས་བུ་གང་ཞིག་ལ་ངག་གི་རྟགས་གོང་དུ་བསྟན་པ་རྣམས་མ་ལུས་པ་རྫོགས་པར་ཡོད་པ། འདི་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱའོ། །བརྫུས་ནས་སྐྱེས་ནས་སྐྱེ་བ་གཅིག་གིས་ཐོག་སྟེ་སངས་རྒྱའོ། །ཡང་གོང་དུ་བསྟན་པའི་སེམས་ཀྱི་རྟགས་དང་གང་ལྡན་པ། འདི་ནི་ཚེའི་འདུ་བྱེད་ཀྱིས། སྐྱེ་བ་འདི་དང་གཉིས་ན་བར་མ་དོ་མེད་པར་དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་དུ་སྐད་ཅིག་མ་གཅིག་ལ་འཁྲུལ་སྣང་འདི་འགགས། གཅིག་ལ་ཆོས་ཉིད་ཀྱི་བར་མ་དོར་སྣང་། གཅིག་ལ་ཆོས་ཉིད་ཀྱི་ཀ་དག་གི་སར་གྲོལ་བ་དང་གསུམ་གྱིས་དེ་ཉིད་ལ་སྤྲུལ་པའི་སྐུ་དང་བཅས་པ་ཡང་དག་པའི་ཆོས་ཉིད་ངོ་བོ་ཉིད་དང་རང་ཐིམ་པའོ། །ཞེས་ལུས་ངག་སེམས་ཀྱི་བྱེ་བྲག་གི་རྟགས་བསྟན་ནས། ད་ནི་ལུས་ངག་གི་རྟགས་གཉིས་འཛོམ་པའི་འབྲས་བུའམ་ཡོན་ཏན་བསྟན་པ་ནི། ལུས་དང་ངག་གི་རྟགས་འཛོམ་ན། །ཞེས་པ་ལ་སོགས་པ་སྟེ། ལུས་ནི་དཔེའི་ལུས་སྒྱུ་མ་ལྟ་བུ་ལ་བཏགས་པས་དམིགས་པ་མེད་པའི་དོན་རྟོགས། རྟགས་ཀྱི་ལུས་རྨི་ལམ་སྟེ། དེ་ཉིད་ལ་བརྟགས་པས་སྐྱེ་བ་མེད་པར་རྟོགས། དོན་གྱིས་ལུས་སྐུ་གསུམ་དབྱེར་མེད་པས་ཏེ། དེ་ཉིད་ལ་བརྟགས་པས་ཅོག་གཞག་ཅེར་གྱིས་གྲོལ་བར་རྟོགས་པའོ། །ངག་གི་དཔེའི་ངག་བྲག་ཆ་ལྟ་བུས་ཏེ་གྲགས་པ་རང་སྟོང་དུ་རྟོགས། རྟགས་ཀྱི་ངག་ཨ་ལི་དང་ཀ་ལིའི་རྣམ་པར་སྣང་བས་ཏེ། དེ་ཉིད་ལ་བརྟགས་པས་བརྗོད་པ་ཐམས་ཅད་རང་བཞིན་མེད་པར་རྟོགས། དོན་གྱི་ངག་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རང་སྒྲ་སྟེ། དེ་ཉིད་ལ་རྟགས་པས་སྤྲོས་མེད་ཐིག་ལེ་ཉག་གཅིག་ཏུ་རྟོགས་པའོ། །དེ་ལྟར་གོང་དུ་བསྟན་པའི་ལུས་དང་ངག་གི་རྟགས་གང་ཟག་གཅིག་ལ་འཛོམ་ན་སྐལ་ལྡན་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །འདིས་སེམས་ཅན་ཐམས་ཅད་འཛིན་པའི་སྙིང་རྗེ་ཅན་འདིས་ནི་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འཛིན་པའི་ཕྱིར་ན། ལུས་གཅིག་གིས་ལོ་ནི་བྱེ་བ་གཅིག་དང་བརྒྱད་སྟོང་དུ། འགྲོ་བ་མིའི་ལུས་ནི་གཅིག་གིས་ཡང་དག་པར་རྒས་པ་མེད་པར། འདི་ལྟར་སེམས་ཅན་གྱི་དོན་རྫོགས་པར་བྱས་ནས་ནི། སྔར་གྱི་སྐྱེ་བ་དང་ཕྱིས་ཀྱི་སྐྱེ་བ་དང་གཉིས་ཀྱི་བར་འཚམས་བར་དོ་ཉིད་དུ་མི་འཇུག་པར་སྐུ་མངོན་པར་འོད་དང་། སྒྲ་དང་གདུང་དང་། སྐུ་ལ་སོགས་པ་རྫོགས་པས་སངས་ཡང་རྒྱའོ། །ཞེས་ལུས་དང་ངག་གི་རྟགས་རྫོགས་པའི་འབྲས་བུ་བསྟན་ནས། ད་ནི་ལུས་དང་སེམས་ཀྱི་རྟགས་དང་ལྡན་པའི་ཡོན་ཏན་བསྟན་པ་ནི། ཡང་ན་སྐལ་ལྡན་སུ་ཞིག་ལ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ན་མནན་པའི་ཚིག་རྫོགས་པ་ཆེན་པོའི་སྐལ་པ་དང་ལྡན་པ་སུ་ཞིག་གི་ལུས་ངག་སེམས་ལ། ལུས་ནི་བསྟན་ཟིན། སེམས་ཀྱི་ནི་དཔེའི་སེམས་སྤྲིན་དང་ཆར་འདྲ་སྟེ། དེ་ཉིད་ལ་བརྟགས་པས་ཡོད་མེད་གཉིས་འཛིན་དང་བྲལ་བར་རྟོགས། རྟགས་ཀྱི་སེམས་དྲན་བསམ་འགྱུ་བ་སྣ་ཚོགས་པ་སྟེ། དེ་ཉིད་ལ་བརྟགས་པས་བསམ་དུ་མེད་པའི་ཆོས་ཉིད་ཡེ་ནས་གྲོལ་ས་ཟིན་པར་རྟོགས། དོན་གྱི་སེམས་སྣ་ཚོགས་རང་སར་གྲོལ་བས་ཏེ། དེ་ཉིད་ལ་བརྟགས་པས་ཁམས་གསུམ་ཡོངས་སུ་གྲོལ་བར་རྟོགས་པའོ། །དེ་ལྟར་གོང་དུ་བསྟན་པའི་རྟགས་མ་ལུས་པར་ལྡན་པའི་གང་ཟག་འདི་ནི་འཇིག་རྟེན་མི་ཡུལ་དུ། ཡུན་རིང་དག་ཏུ་མི་གནས་པར། ལོ་དགུ་ན་ཆོས་ཉིད། སྐྱེ་བ་མེད་པར་རྟོགས་ནས་བསྟན་འཛིན་ནོ། །ཞེས་ལུས་དང་སེམས་ཀྱི་རྟགས་བསྟན་ནས། ད་ནི་ངག་དང་སེམས་ཀྱི་རྟགས་བསྟན་པ་ནི། ངག་དང་སེམས་ཀྱི་རྟགས་དང་ལྡན་ན། སྐྱེས་བུ་དེ་ཡང་འདི་ལྟར་ལྡན་ནས་ལོ་བཅུ་ན། ལུས་ཀྱི་འབྱུང་བ་རང་སར་དེངས་ནས་ནི། ཕྱི་རོལ་གྱི་སྣང་བ་འདི་ཉིད་ནི་མི་སྣང་བར་ཆོས་ཉིད་ནི་མ་བཅོས་པ་ལ་བྱ། ཟད་པ་ནི་ཕུང་པོ་ལྔའི་རྡོས་པ་མི་སྣང་བས། ཕྲ་རགས་ཀྱི་དྲི་མ་ཟད་པ་དང་། འབྱུང་བའི་རྐྱེན་རང་སར་གྲོལ་བས། ལུས་ཀྱི་འཆིང་བྱེད་ཟད་པ་དང་། སྔོན་རྒྱུ་དང་བག་ལ་ཉལ་རང་སར་དག་པས། འཁྲུལ་པ་ཉོན་མོངས་པ་རང་སར་ཟད་པའི་སར་ནི་ངོ་བོ་འགྱུར་མེད་ཟང་ཐལ། རང་བཞིན་འགག་མེད་ཟང་ཐལ། ཐུགས་རྗེ་རང་ཤར་ཟང་ཐལ་དུ་སྐྱོལ་ལོ། །ཞེས་ངག་དང་སེམས་ཀྱི་རྟགས་རྫོགས་པའི་འབྲས་བུ་བསྟན་ནས། ད་ནི་ལུས་ངག་སེམས་ཀྱི་རྟགས་གསུམ་རྫོགས་པའི་འབྲས་བུ་བསྟན་པ་ནི། གང་ལ་ལུས་ངག་སེམས་ཀྱི་རྟགས། །ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་གང་ལ་ལུས་དང་ངག་དང་སེམས་ཀྱི་རྟགས་རྣམས་མ་ལུས་པར་རྫོགས་ན། འདི་ལྟར་སུ་ལ་འཛོམ་པའི་སྐལ་པ་དང་ལྡན་པ་ཞེས་བྱས་ཏེ་འདི་ལ ། དེ་ལྟར་རྟགས་རྫོགས་ནས་ནི་ལོ་གཉིས་ན་ཡང་སྐྱེས་བུ་དེ་འབྱུང་བ་རང་དེངས་སུ་འགྱུར་བ་ཡིན་པས་འདི་ལ་ནི་ཐེ་ཚོམ་བྱར་མེད་པར་འདི་ནི་སངས་རྒྱས་ཀུན་གྱི་ཡང་དག་པའི་ལམ་དུ་སྣང་བའོ། །ཞེས་སྐུ་གསུམ་ཚད་དུ་ཕྱིན་པའོ། །ས་མ་ཡཱ། ཞེས་དམ་ཚིག་ཆེན་པོའི་སྒྲ་ལས་དྲངས་པ་སྟེ། བསྲུང་མཚམས་དང་བཅས་པའི་དམ་ཚིག་དང་། བསྲུང་མཚམས་ལས་འདས་པའོ། །བསྲུང་མཚམས་ནི་རྣམ་གྲངས་དང་བཅས་པ་དང་། རྣམ་གྲངས་མ་ཡིན་པའོ། །རྣམ་གྲངས་དང་བཅས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལས། སྐུའི་དམ་ཚིག་ལ་བསྲུང་རྒྱུ་ཁྲི་ཕྲག་བཞི། གསུང་ལ་ཁྲི་ཕྲག་གསུམ་སྟེ་བདུན། ཐུགས་ལ་གསུམ་སྟེ་འབུམ་ཡོད་དོ། །རྣམ་གྲངས་མ་ཡིན་པ་ནི། སྤྱོད་དང་བསྒོམ་པ་དང་ལྟ་བའི་གེགས་སུ་འགྱུར་རོ་ཅོག་བསྲུང་བ་ཡིན་ནོ། །བསྲུང་མཚམས་ལས་འདས་པ་ནི་སྐལ་ལྡན་ལུས་ངག་སེམས་ཀྱི་རྟགས་དང་ལྡན་ཞིང་ཚད་དུ་ཕྱིན་པའི་དུས་ཡིན་ཏེ། འདི་ཉིད་ལ་འབྲས་བུར་སྨིན་པའི་ཕྱིར་རོ། །དེ་ཡང་གང་བསྲུང་ན་རྩ་བ་སྐུ་གསུང་ཐུགས་ལས་འགལ་བ་རྣམས་བསྲུང་ངོ་། །གང་གིས་བསྲུང་ན་འབྲས་བུ་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་བསྲུང་། ཚུལ་ལམ་ཐབས་ཇི་ལྟར་བསྲུང་ན་གསང་བར་འོས་པ་དམ་རྫས་དང་། དབང་བསྐུར་བའི་དུས་ཀྱི་ལས་ཀྱི་ཕྱག་རྒྱ་མ་གསང་བ་དང་། གསང་བར་གཉེར་གཏད་པ་བླ་མའི་མན་ངག་དང་། ཡི་དམ་ལྷ་དང་སྙིང་པོ་དང་། རང་གི་ཡི་དམ་བླ་མའི་གདམས་པ་རྣམས་གསང་ངོ་། །གསང་བར་ཞལ་གྱིས་བཞེས་པའི་ལམ་རྟགས་རྣམས་དང་། སྒྲུབ་པའི་དངོས་གྲུབ་དང་། རྒྱལ་བའི་བཀའ་ནོར་གྱི་མི་བཙོང་སྟེ་གསང་། དེ་གང་ལ་གསང་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་བ་རྣམས་ལ་གསང་ངོ་། །དེ་ནི་གསང་བའི་དམ་ཚིག་གོ། །ནང་གི་དམ་ཚིག་དང་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེའི་སྤུན་ལྕམ་སྲིང་གི་སྐུ་ལ་བརྙས་པའི་ལས་མི་བྱ་སྟེ་བསྲུང་། གསུང་བཅག་པ་དང་བདག་ཉིད་ཀྱི་ངག་ཏུ་བརྙས་པ་ཡང་། ཐུགས་དང་མི་མཐུན་པའི་ལས་དང་། རང་གི་ཡིད་ལ་ངན་སེམས་མི་བྱ་བར་བསྲུང་ངོ་། །ཕྱིའི་དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་སྤང་ཞིང་བསྲུང་། ངག་རྫུན་ལ་སོགས་པ་བསྲུང་། སེམས་ཀྱིས་ལོག་པར་ལྟ་བ་ལ་སོགས་པ་བསྲུང་བའོ། །ཅིའི་ཕྱིར་བསྲུང་ན་འབྲས་བུ་གསང་སྔགས་ལ་ལམ་དུ་བྱེད་པའི་ཕྱིར་བསྲུང་། མ་བསྲུངས་ན་སྐྱོན་ཅི་ཡོད་ན་ཕྱིའི་དམ་ཚིག་ཉམས་ན་ངན་སོང་གསུམ་དུ་སྐྱེ། ནང་གི་དམ་ཚིག་མ་བསྲུངས་ཤིང་ཉམས་ན་རྡོ་རྗེ་དམྱལ་བར་སྐྱེ། གསང་བའི་དམ་ཚིག་མ་བསྲུང་ཤིང་ཉམས་ན་མནར་མེད་པའི་སེམས་ཅན་དམྱལ་བར་ལྷུང་ངེས་པའོ། །དེ་བསྲུངས་པ་ལ་དགོས་པ་ཅི་ཡོད། བསྲུངས་ཤིང་མ་ཉམས་ན་ཚེ་གཅིག་ལ་ཟག་བཅས་མི་སྣང་བར་བརྩོན་འགྲུས་རབ་གཅིག་འདི་ལ་སངས་རྒྱ། འབྲིང་གཅིག་བར་མ་དོ་ལ་སངས་རྒྱ། ཐ་མ་གཅིག་ཡང་མངལ་གྱི་སྒོར་མ་འགྲིམ་པར་སྤྲུལ་པ་སྐུའི་ཞིང་ཁམས་སུ་བརྫུས་ནས་སྐྱེ་སྟེ། དེར་དབུགས་ཕྱུང་ནས་སངས་རྒྱའོ། །ཉན་ཐོས་ལ་སོགས་པ་སྐལ་པ་དཔག་ཏུ་མེད་པར་ཚོགས་བསགས་ནས་ཀྱང་ཇི་སྲིད་འདུལ་ཁྲིམས་ལན་གཅིག་ཉམས་ཀྱང་གསོར་མེད་དེ། སླར་ལྷུང་བ་ཡིན་ལ། གསང་སྔགས་པས་ནི་ཇི་སྲིད་ཉམས་ཀྱང་བསྐང་ཞིང་གསོར་ཡོད་དོ། །དེ་ལྟར་དམ་ཚིག་ལ་གནས་པར་བྱས་པས་འདི་ལྟར་རྟགས་རྣམས་རྫོགས་པའི་གྲོགས་སུ་འགྲོ་བས་སྐྱེས་བུ་ཡིས་དམ་ཚིག་མ་ཉམས་ཤིང་འགལ་འཁྲུལ་མེད་ན་འཇིག་རྟེན་འདི་རང་ལ་ཡང་ཇི་ལྟར་འདོད་པའི་བྱེ་བྲག་ཏུ་འབྱུང་བ་སྲིད་ན། འཇིག་རྟེན་འདི་དང་དེ་ལས་འདས་པའི་དངོས་གྲུབ་དེ་ཀུན་ལ་ནི། རྣལ་འབྱོར་པ་འདིས་དབང་བསྒྱུར་བ་ནི་སྤྲོས་པ་དང་བཅས་པའི་དབང་གིས་ལུས་ཀྱི་རྣམ་པ་བསྒྱུར། སྤྲོས་མེད་ཀྱི་ངག་བསྒྱུར། ཤིན་ཏུ་སྤྲོས་པ་མེད་པའི་དབང་གིས་སེམས་བསྒྱུར། རབ་ཏུ་སྤྲོས་པ་མེད་པའི་དབང་གིས་ལུས་ངག་སེམས་ཐ་དད་དུ་འཛིན་པ་བསྒྱུར་བའོ། །གང་བསྒྱུར་ན་ལུས་སངས་རྒྱས་ཐམས་ཅད་ཀྱི་སྐུར་བསྒྱུར། ངག་གསུང་དུ། ཡིད་ཐུགས་སུ་བསྒྱུར། གང་གིས་བསྒྱུར་ན་རྟེན་གྱི་གང་ཟག་དབང་བཞི་རྫོགས་པར་བྱས་པ་དེས་བསྒྱུར། གང་གི་ཕྱིར་བསྒྱུར་ན་འཁྲུལ་པ་རྟོག་པ་གཅད་པའི་ཕྱིར་བསྒྱུར། བསྒྱུར་བའི་དགོས་པ་ནི། སངས་རྒྱས་ཀྱི་འབྲས་བུ་ཆུད་མི་ཟ་བར་བྱེད་པའོ། །ཞེས་ལུས་ངག་སེམས་ཀྱི་རྟགས་རྫོགས་པ་དམ་ཚིག་དང་དབང་ལས་བྱུང་བ་བསྟན་པ་སྟེ། དེ་དག་གིས་ནི་རྟགས་དང་ལྡན་པའི་སྐྱེས་བུ་ལ་ཡོན་ཏན་གྱི་རྣམ་པར་བཞག་པ་སྤྱི་དོན་གསུམ་པ་བསྟན་ནོ། །ད་ནི་སྤྱི་དོན་བཞི་པ་གལ་ཏེ་རྟགས་དང་མི་ལྡན་ན་མན་ངག་ཕྱིན་ཅི་ལོག་ཏུ་འགྱུར་བའི་སྐྱོན་བསྟན་པ་ལ། གསུམ་གྱིས་བསྟན་པའི་དང་པོ་ཡིད་དཔྱོད་ཀྱི་སྐྱོན་དུ་གྱུར་པ་བསྟན་པ་ནི། འདི་ལྟར་རྟགས་དང་མི་ལྡན་པར་ཞེས་པ་ལ་སོགས་པས་བསྟན་ཏེ། གཞུང་འདི་ནས་བཤད་པ་འདི་ལྟར་གང་ཟག་རྟགས་དང་མི་ལྡན་པར་ངས་ལྟ་བ་རྟོགས་ཟེར་བའམ། བསྒོམ་པ་བཟང་པོ་ཡོད་ཟེར་བ་རྣམས་ནི། བརྫུན་དུ་སྨྲ་བ་ཡིན་ཏེ། རང་གི་སྣང་བ་གདེང་དུ་མ་ཚུད་པ་ནི། རྟགས་མེད་པར་ལྟ་བ་རྟོགས་པར་ཁས་ལེན་པའི་རྟེན་གྱི་གང་ཟག་གང་ཞིག་གིས་ངས་ནི་ལྟ་བ་རྟོགས་པས་ཅི་བྱས་ཀྱང་མི་སྟོ་ཟེར་ནས་ཁས་ལེན་པ་དེ་ནི། ཡིད་ཀྱིིས་ཕྱོགས་གཅིག་ཏུ་སྤྱོད་པ་ཡིན་པས་འདི་རྣམས་ནི་ཡིད་ལ་ཡིན་སྙམ་པ་ལས། དངོས་པོ་མངོན་སུམ་དུ་མ་མཐོང་བས་ཕྱལ་བ་ཡིད་དཔྱོད་ཀྱི་ལྟ་བ་ཡིན་པས། འདི་ནི་འཁོར་བའི་ས་བོན་འདེབས་པར་བྱེད་པ་ལ་འདི་ལས་ལྷག་པ་མེད་དོ། །དེ་བཞིན་དུ་རྟགས་མེད་པར་ང་ལ་བསྒོམ་པ་ཡོད་ཟེར་བ་ནི། ཡིད་དཔྱོད་ཀྱི་གླེན་བསྒོམ་བྱེད་པ་ཡིན་ཏེ། འདིས་ནི་མི་རྟོགས་པའི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེ་བར་ནི་མི་འགྱུར་བར་སླར་འཁོར་བར་འཆིང་བར་བྱེད་པའོ། །འདི་ཀུན་ཡིད་དཔྱོད་ཀྱི་ལྟ་བསྒོམ་ཡིན་པས་སངས་རྒྱས་ཀྱི་ས་ལ་འགྲོ་བར་ཡང་། ཡིད་དཔྱོད་ཀྱི་ལྟ་བསྒོམ་པ་མན་ངག་ཕྱིན་ཅི་ལོག་པ་འདི་ཉིད་ཡིན་པས་གྲོལ་བར་ནུས་པ་མ་ཡིན་ཏེ། འཁོར་བ་ཉིད་ལ་ཡུན་རིང་པོར་གནས་ནས། ཐ་མ་སེམས་ཅན་དམྱལ་བའི་གནས་སུ་མི་འདི་ནི་གནས་པ་སྟེ། སྔོན་དུ་མན་ངག་ལོག་པའི་དབང་གིས་སོ། །ཞེས་ལྟ་བསྒོམ་ཡིད་དཔྱོད་དུ་གྱུར་པའི་སྐྱོན་བསྟན་ནས། ད་ནི་ཐུན་མོང་རྒྱུའི་སྐྱོན་དུ་གྱུར་པ་བསྟན་པ་ནི། ལུས་ངག་ཡིད་ཀྱི་རྟགས་ཀུན་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ། ལུས་ཀྱི་རྟགས་འགའ་ཙམ་དང་། ངག་དང་ཡིད་ཀྱི་རྟགས་ཀུན་ནི་སྐྱེས་བུ་གཅིག་ལ་འགའ་ཙམ་བྱུང་བའི་སྐྱེས་བུ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན་ཏེ་འདིས་ནི་འཇིག་རྟེན་འདིའི་ཐུན་མོང་གི་དངོས་གྲུབ་ཐོབ་པའི་རྟགས་ཡིན་པས་ན། ཐེག་པ་ཐུན་མོང་པ་རྣམས་ཀྱི་ས་དང་ལྷན་ཅིག་སྤྱོད་པའི་ཕྱིར་ན། སྐྱེས་བུ་དེ་ལ་ལུས་ཀྱི་རྟགས་འགའ་ཙམ་བྱུང་ན། འདིས་དང་པོ་མིའི་ལུས་ཕལ་པ་དེ་ནས་མི་ལུས་ཁྱད་པར་ཅན་རིམ་གྱིས་ཐོབ་ནས་ཉན་ཐོས་ཀྱི་ས་ལ་གནས་པའོ། །ཡང་དག་གི་རྟགས་འགའ་ཙམ་བྱུང་བ་ནི། རང་སངས་རྒྱས་ཀྱི་ས་ལ་གནས་པའོ། །དེ་བཞིན་དུ་ཡིད་ཀྱི་རྟགས་འགའ་ཙམ་བྱུང་ན་རིག་པ་འཛིན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏུ་འདི་ནས་གྱུར་ནས། རྒྱུ་དང་ལས་ཀྱི་རྩལ་སྦྱངས་པའི་དབང་གིས་ནི་རིམ་གྱིས་ཉན་ཐོས་དང་། རང་རྒྱལ་དང་རིག་འཛིན་གྱི་ས་ལ་ཡང་དག་པར་སྐྱེ་བུ་འདི་ཉིད་དེའི་ས་སྟེ་ཉན་ཐོས་ཀྱི་ས་དང་། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་དང་། བརྒྱད་པའི་དང་། རྒྱུན་དུ་ཞུགས་པའི་ས་དང་། ཕྱིར་འོང་བའི་ས་དང་། ཕྱིར་མི་འོང་བའི་ས་ལ་རིམ་གྱིས་གནས་པས་དང་། རང་རྒྱལ་བའི་ས་ནི་ལམ་བརྟེན་པ་དང་མི་བརྟེན་པ་ལ་གནས་པ་དང་། རིག་འཛིན་པའི་ས་ནི་ཚེ་ལ་དབང་བའི་རིག་འཛིན་གྱི་ས་དང་། ལྷུན་གྱིས་གྲུབ་པའི་དང་། རྣམ་པར་སྨིན་པའི་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ཚོགས་ཆེན་རྫོགས་པ་ལ་ཞུགས་ནས་གནས་པ་ཡིན་ཏེ། རྟེན་གྱི་གང་ཟག་འདི་ལ་ཆོས་ཉིད་རྣམ་པར་དག་པ་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་རྣམ་དག་ཡེ་གྲོལ་དུ་རྟོགས་པ་ནི་མེད་པས། དེའི་ཕྱིར་ན་རྣལ་འབྱོར་པ་འདིས་རང་གི་ཆོས་ཉིད་ཀྱི་སྣང་བ་བདེ་ལུགས་སུ། འདི་ཡིས་ཟིན་པ་མ་ཡིན་ནོ། །དེའི་ཕྱིར་ན་རྣམ་པ་དང་ནི་ཡུལ་དང་ཡུལ་ཅན་གྱི་རྟོག་པ་དུ་མ་དང་། མཚན་མ་བདག་ཏུ་འཛིན་པའི་ཆ་དང་། བཅས་པའི་འཁྲུལ་པ་སྣང་བ་ཡང་དག་ཏུ་འཛིན་པའི་ཆ་ནི་མེད་ལ། འཁྲུལ་པའི་ཞེན་པ་རྒྱུན་ནི་མ་སྤོངས་ཏེ། འཁྲུལ་བའི་འཁོར་ལོ་སྐྱེ་བ་ཐ་དད་དང་བཅས་པ་ལ་གང་ཟག་འདི་ཀུན་སྤྱོད་པའོ། །ཞེས་རྒྱུ་ཐུན་མོང་དུ་གྱུར་པའི་སྐྱོན་བསྟན་ནས། ད་ནི་རིག་པ་མངོན་གསུམ་གྱི་དོན་ཉམས་སུ་བླངས་པའི་ལུས་ངག་ཡིད་གསུམ་ལ་རྟགས་དེ་དག་འབྱུང་བར་ངེས་པའི་ཚིག་གིས་ལ་བཟླ་བར་བསྟན་པར་ནི། གང་གིས་ལུས་ངག་ལྡན་པ་ཡི། །ཞེས་པ་ལ་སོགས་པས་བསྟན་ཏེ། གང་གི་ནི་རྣལ་འབྱོར་བ་གང་ཞིག་གི་ལུས་དང་ངག་དང་ཡིད་ཀྱི་རྟགས་དང་ལྡན་པའི་སྐལ་ལྡན་དེ་ལ། ལུས་ངག་ཡིད་གསུམ་གྱི་རྟགས་ནི་གཅིག་ཀྱང་མ་ལུས་པར་རྫོགས་པའི་སྐྱེས་བུ་ནི། མཉམ་པ་ནི་རྒྱ་མ་ཆད་པར་སངས་རྒྱས་དང་སེམས་ཅན་དུ་མཉམ། ཕྱོགས་སུ་མ་ལྷུང་སྟེ་ཡོད་མེད་རྟག་ཆད་དུ་འཛིན་པ་མེད་པས་འཁོར་འདས་མཉམ་པ་དང་། བྱ་བྱེད་འབད་རྩོལ་མེད་པས་ཆོས་ཉིད་ཡེ་ནས་གྲོལ་བས་ཕྱོགས་ཐམས་ཅད་དུ་ཤར་བས་རྟོགས་མ་རྟོགས་མཉམ་པ་དང་། འདི་ཉིད་རིས་སུ་མ་ཆད་དེ་ངོ་བོ་ལ་བཟང་ངན་མེད་པས་མཐོ་རིས་དང་ངན་སོང་དུ་མཉམ་པ་དང་། གཞན་འབྱུང་དུ་མ་ཡིན་རང་བྱུང་གི་ཡེ་ཤེས་རང་ལ་ཤར་བས་བསྒོམས་མ་བསྒོམས་མཉམ་པ་སྟེ། དེའི་ཕྱིར་ན་རྟོགས་པ་རོལ་པ་རང་ཤར་ལ། མ་རྟོགས་གནས་སུ་རང་གྲོལ། རྟོགས་མ་རྟོགས་གཉིས་སུ་མེད་པ་དེ་ངོ་བོ་རང་དག་པའོ། །དེ་བཞིན་དུ་འཁོར་བར་སྣང་བ་རོལ་པ་རང་ཤར། ཤར་བ་མྱང་འདས་ཏེ་གནས་ལུགས་སུ་རང་གྲོལ། འཁོར་འདས་གཉིས་མེད་དེ་ངོ་བོ་རང་དག་པའོ། །དེ་ལྟར་ཀུན་ཤེས་པར་བྱའོ། །དེ་ལྟར་མི་མཉམ་པ་མེད་པས་མཉམ་པ་ཉིད་མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ས་ནི། ཉན་ཐོས་དང་རང་རྒྱལ། རིག་འཛིན་གྱི་ས་མ་ཡིན་པ། ཆོས་ཉིད་ལ་འཕོ་འགྱུར་མེད་པའི་ས་བྱས་བཅོས་དང་འབད་རྩོལ་དུ་མེད་པའི་ཡང་དག་པའི་ས་ལ་ཡང་དེ་ལྟར་རྟགས་རྫོགས་པའི་སྐལ་ལྡན་འདི་ཀུན་འགྲོའོ་མཁའ་འགྲོ་མ། ཞེས་སྡུད་པ་པོ་ལ་ངེས་པར་གདམས་པ་དང་བཅས་པའི་ཚིག་གིས་བོས་ནས། དེ་རྟགས་རྫོགས་པ་དེ་དང་པོ་རྒྱུ་གང་ལས་བྱུང་ན། བླ་མའི་མན་ངག་ཕྱིན་ཅི་མ་ལོག་པ་དེ་གོམས་པར་བྱས་པ་ལས་བྱུང་བས་ན། གཏན་ཚིགས་དེའི་ཕྱིར་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཡང་ནས་ཡང་དུ་གོམས་པར་གཅེས་ཏེ། ཉམས་སུ་ལེན་པ་བར་མ་ཆད་པ་སྔོན་དུ་གལ་ཆེ་བས་ན། དབྱིངས་ཆོས་ཉིད་ཀྱི་ཡུལ་ཡིན་པ་དང་། རིག་པ་ཆོས་ཉིད་རང་གི་ངོ་བོ་ཡིན་པས་དེ་གཉིས་ལ་རྣལ་འབྱོར་བ་སུས་གོམས་པ་བྱས་པ་ལ། གོང་དུ་ནི་ལེའུའི་གཞུང་དུ་བཤད་པ་ནི་བཤད་པའི་ཆིངས་ཀྱིས་ཚིག་གཞན་དུ་མ་འབྱམས་པ་དང་། སྤྲོས་པ་དང་། འགྱངས་པ་དང་། འཐོར་བ་དང་། ཡས་པ་རྣམས་སུ་བསྡུས་ཏེ་བཅིངས། འགྲོལ་བར་བྱེད་པ་ཡིས་མི་ཤེས་པའི་ཚིག་བཀྲོལ། འདོམས་ཀྱིས་རྒྱུད་ཡན་མན་གྱི་ཚིག་གཅིག་གི་གཅིག་གཏེམས་ནས་བཤད་པའི་ལུས་ངག་ཡིད་ཀྱི་རྟགས་དེ་དག་རྣམས། འདོད་པ་མེད་ཀྱང་མི་འབྱུང་བ་ཉིད་ནི་སྐྱེས་བུ་དེ་ལ་མི་སྲིད་དོ། །དཔེར་ན་ནམ་ཟླ་དྲོད་བབས་པའི་དུས་ནས་རྣམས་རང་བཞིན་གྱིས་དྲོས་ནས་ཆབ་རམ་ལ་སོགས་པ་རང་བཞིན་གྱིས་ཞུ་བ་ནི། སྐྱེས་བུས་འདོད་ནས་བྱས་པ་མ་ཡིན་ཏེ། རང་བཞིན་སུས་ཀྱང་དགག་པར་མི་ནུས་པར་རང་འབྱུང་བ་དང་འདྲ་བར། བུད་མེད་སྦྲུམ་མ་ཟླ་བ་རྫོགས་ནས་སུས་ཀྱང་དགག་པར་མི་ནུས་པར་བུས་པ་སྐྱེ་བ་དང་འདྲ་བར་དང་། དཔེར་ན་ས་བོན་བཏབ་ནས་ཆུ་ལུད་ཀྱིས་སྟོན་གྱི་ལོ་ཐོག་ཏུ་ཚོད་རྫོགས་ནས་འབྲས་བུ་རང་སྨིན་པ་ནི་སུས་ཀྱང་དགག་པར་མི་ནུས་པར་འབྲུ་སྨིན་པ་དང་འདྲ་བར། རང་རིག་མངོན་གསུམ་གྱི་དོན་ལ་བརྟེན་ནས་ཉམས་སུ་བླངས་པའི་རྟགས་ཚད་ནི་འདོད་པ་མེད་ཀྱང་། རང་གི་རང་བཞིན་གྱིས་མི་འདོད་ཀྱང་འབྱུང་བར་ངེས་པ་ཡིན་ནོ། །ཞེས་རིག་པ་མངོན་གསུམ་གྱི་དོན་ཉམས་སུ་བླངས་པའི་རྣལ་འབྱོར་པ་ལ་རྟགས་དེ་དག་འབྱུང་བར་ངེས་པ་ལ་བཟླ་བ་དང་བཅས་པ་བསྟན་ཏེ། དེ་དག་ཧྲིལ་གྱིས་དྲིལ་བས་ནི། གལ་ཏེ་རྟགས་དང་མི་ལྡན་ན་མན་ངག་ཕྱིན་ཅི་ལོག་ཏུ་གྱུར་པའི་སྐྱོན་བསྟན་པའོ། །དེ་དག་གིས་ལེའུའི་གཞུང་བསྟན་ནས། ལེའུའི་མཚན་བསྟན་པ་ནི། ཞེས་གཞུང་ཚིག་དང་ཡི་གེར་བཅད་པ། སྐུ་སྔོན་དུ་འགྲོ་བ་རྣམ་པ་གསུམ་སྦྱངས་པའི་རྟགས་བསྟན་པ་དང་། གདུང་ནི་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་ཉམས་སུ་བླངས་པ་ལས་བྱུང་བའི་རྟགས་བསྟན་པ་དང་། འབར་བ་དེ་ལྟར་རྟགས་མ་བྱུང་ན་ལྟ་སྒོམ་ཕྱིན་ཅི་ལོག་ཏུ་སོང་བའི་རྟགས་བསྟན་པ་དང་། ཆེན་པོ་དེ་དག་ལ་ལ་བཟླ་བའོ། །རྒྱུད་ལས་ནི། ལུས་དང་། ངག་དང་། ཡིད་ལས། སྐལ་ལྡན་གྱི་སྐྱེས་བུ། གོམས་པ་མཐར་ཕྱིན་པ་དང་། རྟོགས་པ་མཐར་ཕྱིན་པ་རྣམས་ལ་ལུས། སངས་རྒྱས་ཐམས་ཅད་ཀྱི་སྐུར་གྲོལ་བའི་རྟགས་དང་། ངག་གསུང་དང་། སེམས་ཀྱི་རྟགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་གྲོལ་བའི་རྟགས་དང་ད་ལྟའི་ལུས་ངག་སེམས་ལ་ཇི་ལྟར་བྱུང་བསྟན་པའོ། །ལེའུ་སྟེ། ཆོས་ཀྱི་སྡེ་རྣམ་པར་བཅད་པའོ། །གཉིས་པའོ་ནི་གཅིག་ལས་གཞན་དུ་གྱུར་པའི་གྲངས་ཀྱི་རྣམ་པའོ། །ད་ནི་ལེའུ་གསུམ་པའི་ཚིག་དོན་འཕྲེང་བ་རྣམས་པར་བཀོད་པའོ། །ལེའུ་འདི་ལ་བསྡུས་པའི་དོན་རྣམ་པ་གཉིས་ཏེ། དྲིས་ལན་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པའོ། །མདོར་བསྟན་པ་ལ་གཉིས་ལས། དྲི་བ་སྤྱིིའི་རྣམ་པར་འདོད་པ་གཞུང་དུ་དྲིས་པ་བསྟན་པ་ནི། དེ་ནས་རྡོ་རྗེ་རིགས་ཀྱི་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལེའུ་གཉིས་པ་སྟོན་པས་གསུངས་མ་ཐག་པའི་དེ་ནས། རྡོ་རྗེ་སྟོང་ཉིད་སྐྱེ་འཇིག་དང་བྲལ་བ། རིགས་དེ་ཉིད་ལས་བྱུང་ཞིང་དེ་ལྟར་སྟོང་པ་ཉིད་ཀྱི་སྡེའམ་མཚན་ནོ། །ཀྱེ་འབྲེལ་བ་མཚན་པ་སྟེ་དེ་ལྟར་སྟོང་པ་ཉིད་སྐྱེ་འཇིག་དང་བྲལ་བའི་སྡེ་ཚན་ནམ་རིགས་ལས་བྱུང་བའི་མཁའ་འགྲོ་མ་འདིའི་མིང་གསལ་བའི་ཡིད་ཅན་མ་ཞེས་བྱ་བ་འབྲས་བུ་གསང་སྔགས་ཀྱི་སྡུད་པོར་བྱུང་བ་དེ་ཉིད། གོང་དུ་ལེའུ་གསུམ་པའི་རྟགས་བསྟན་པས། དེའི་དོན་རྒྱུད་ལས་སྐྱེས་པས། འཁོར་བ་ལ་རབ་ཏུ་མི་འཇིགས་པ་བཞིའི་གདེང་རྙེད་དེ། སྣང་བ་ལ་ཕྲ་རགས་ཀྱི་དྲི་མ་མེད་པར་རྟོགས་པས་ཡོད་མེད་དངོས་པོའི་སྣང་བས་མི་འཇིགས་པ་དང་། རང་རྒྱུད་ལ་སྒྲིབ་པ་གསུམ་རང་དག་པར་རྟོགས་པས་ཉོན་མོངས་པ་མི་འཇིགས་པ་དང་། དེ་ལྟར་སྣང་བ་དང་ཉོན་མོངས་པས་མི་འཇིགས་པས་རང་རྒྱུད་ཡེ་ནས་སངས་རྒྱས་པར་རྟོགས་པས་འཁོར་བའི་འཇིག་པ་མེད་པ་དང་། དེ་ལྟར་འཁོར་བ་ཉིད་ཡེ་སངས་རྒྱས་པར་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་རྟོགས་པས་ན། མཁའ་འགྲོ་མ་དེ་ལ་རང་བཞིན་རྫོགས་པ་ཆེན་པོའི་རྟགས་དང་ལྡན་པར་མཁའ་འགྲོ་མ་དེ་གྱུར་ནས་ནི་མཁའ་འགྲོ་མ་དེ་ཉིད་རང་གི་ཆོས་ཉིད་དྲི་མ་མེད་པའི་མིག་རྣམ་པར་དག་པའི་རྡུལ་དང་བྲལ་བ་ཉིད་ཀྱང་། སྔར་མ་རྟོགས་ཤིང་མ་རྙེད་པ་ལོང་བ་དང་འདྲ་བ་སྟེ། རང་སྣང་ངོ་མ་ཤེས་པ་ལས། སྨན་པས་ལོང་བའི་མིག་ཕྱེ་བས་ཕྱེད་པ་དང་འདྲ་བར་སྟོན་པས་གསུངས་པས་སྔོན་འབྱུང་དུ་མཁའ་འགྲོ་མའི་མིག་དུས་འདིར་ཕྱེད་པས་ཡེ་ཤེས་ཀྱི་མིག་གིས་ཆོས་ཉིད་རྣམ་པར་དག་པའི་སྣང་བ་མཐོང་ལ། རྗེས་འཇུག་ཏུ་སློབ་མས་སྔར་འཁོར་བར་ཡུན་རིང་དུ་གནས་ཀྱང་མ་རིག་པའི་མིག་མ་ཕྱེད་པ་སྟེ། དུས་འདི་ཉིད་དུ་བླ་མ་ཕྱིན་ཅི་མ་ལོག་པ་དང་། མན་ངག་ཕྱིན་ཅི་མ་ལོག་པ་དང་། བདག་ཉིད་ཀྱི་རང་རྒྱུད་ཕྱིན་ཅི་མ་ལོག་པ་གསུམ་དུས་འཛོམ་པས་ཡེ་ཤེས་ཀྱི་མིག་ཏུ་ཕྱེད་པས་ཆོས་ཉིད་མངོན་གསུམ་གྱི་སྣང་བ་མཐོང་བའོ། །དེ་ལྟར་ཡེ་ཤེས་ཀྱི་མིག་ཕྱེད་པས་སྔོན་འབྱུང་དུ་སྡུད་པ་པོ་དེ་དྭངས་པའི་དད་པ་དང་ལྡན་ཞིང་སྟོན་པ་ལ་མགུ་བའི་སེམས་སྐྱེས་ནས། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ལ་ཚིག་འདི་སྐད་ཅེས་གསོལ་ཏེ། རྗེས་འཇུག་དུ་སློབ་མ་ཡེ་ཤེས་ཀྱི་མིག་རྙེད་ནས། དྭངས་པའི་དད་པ་སྐྱེས་ནས་བླ་མ་ལ་མགུ་བའི་སེམས་སྐྱེས་ནས་བླ་མ་ལ་མོས་པ་ཐུན་མོང་མ་ཡིན་པ་སྐྱེས་པའོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་ཞེས་རང་གཞན་གྱི་དོན་མཐར་དབྱུང་བའི་ཕྱིར་བོས་ནས། སྔར་གྱི་གོང་དུ་ལེའུ་གཉིས་པའི་རྟགས་དེ་དག་ད་ལྟ། བསྒོམས་ཤིང་བསྒྲུབས་པའི། རྣལ་འབྱོར་པ་སྐལ་པ་དང་ལྡན་པའི་ལུས་དང་ངག་དང་སེམས་ལ། རྟགས་ནི་དེ་ལྟར་ལེའུ་གཉིས་པར་གསུངས་པ་དེ་ལྟར་འབྱུང་བ་ལ་གནས། ཡང་རྣལ་འབྱོར་པ་སྐལ་པ་དང་ལྡན་པ་ཞིག་གིས། སྙིང་པོ་ངེས་པའི་དོན་འདི་རྙེད་ནས། འཇིག་རྟེན་འདིའི་ལེ་ལོས་གཡེངས་ནས་ཚེ་འདི་ཉིད་ལ་གོམས་པ་མཐར་ཕྱིན་པ་ནི་མ་ནུས། གོམས་པའི་གདེང་ཙམ་ཞིག་ཡོད་པ་ལ་ཡེ་ཤེས་དང་དབྱིངས་དང་རིག་པ་ལ་གོམས་པ་ཀློང་དུ་མ་གྱུར་པས་སྣང་བ་འདི་ཉིད་ལ་མ་དག་ན། རྣལ་འབྱོར་པ་གང་ཞིག་གིས་ད་ལྟ་རིག་པ་མངོན་གསུམ་ལ་འབྱོངས་པ་མཐར་ཕྱིན་པའི་རྟགས་མེད་པ་དང་། འོན་ཏེ་སྐལ་བ་དང་ལྡན་པ་དེ་ད་ལྟའི་སྣང་བ་འདི་ཉིད་ལ་གོམས་པར་བྱེད་པའི་དུས་སུ་ཉམས་སུ་མྱོང་བ་བག་ཙམ་ནི་ཡོད། མཐར་ནི་མ་ཕྱིན་པའི་དུས་ན་རྣལ་འབྱོར་པ་ལུས་ནི་འབྱུང་བ་བཞི་ལས་གྲུབ་པ་སྟེ། དེ་ཡང་འབྱུང་བ་ཆུས་བསྡུས་པས་ཕུང་པོ་ཚོགས་པའི་ཆོས་རྣམས་བསྡུས། དེ་ལྟར་ཆུས་བསྡུས་པ་དེས་ས་སྲ་ཞིང་གནས་པར་བྱས་ཏེ་རྡུལ་དང་རྡུལ་ཕྲན་གྱི་མཚན་ཉིད་དང་ལྡན་པར་བྱས། མེས་སྨིན་ཅིང་སོ་སོ་ནས་གསལ་བར་བྱས། དེ་ལྟར་སྨིན་ཅིང་གསལ་བ་དེ་རླུང་གིས་སོ་སོར་མ་འདྲེས་པར་ཕྱེས་ཏེ་དེ་ལས་སོ་སོར་བསྐྱེད་པས་ན། ད་ལྟ་ཡང་སྨིན་པའི་ལུས་མི་འདྲ་བ་ཐ་དད་པ་ནི། ཆུའི་འབྱུང་བ་ཤས་ཆེ་བས་ཉེ་བར་ལེན་པ་ཉེར་ལྔ། མེ་ཉེར་ལྔ། ས་ཉེར་ལྔ། རླུང་ཉེར་ལྔ་སྟེ་བརྒྱ་ཐམ་པ། ཆུའི་ཆུ་ལ་ཉེར་ལྔ། ཆུའི་མེ་ལ་ཉེར་ལྔ། ཆུའི་ས་ལ་ཉེར་ལྔ། ཆུའི་རླུང་ལ་ཉེར་ལྔ་སྟེ་བརྒྱ་ཐམ་པ། དེ་བཞིན་དུ་ཕྱེ་བས་ས་ལ་ཡང་བརྒྱ། མེ་ལ་བརྒྱ། རླུང་ལ་བརྒྱ་སྟེ་བཞི་བརྒྱར་སྨིན་པ། ཐོག་མར་ཡང་འབྱུང་བས་སྐྱེད། བར་དུ་ཡང་འབྱུང་བས་སྨིན་པ་ལ་གནས། ཐ་མ་ཡང་འབྱུང་བ་བྱེད་པའི་ལས་འགྱུར་བས་འཇིག་པ་ཡིན་པས། རྣལ་འབྱོར་པ་ཉམས་སུ་ལེན་པ་འདིའི་དུས་ན་འབྱུང་བའི་བྱེད་པའི་ལས་བྱེར་བ་དང་ཟུག་པ་སྙོམས་པ་དང་གསུམ་བྱེད་པའི་ལས་མི་མཐུན་པ་ལས། དེ་ཡང་ཆུ་དང་ས་དང་མེ་དང་རླུང་གང་གིས་བསྐྱེད་ཀྱང་འབྱུང་བའི་བྱེད་པའི་ལས་བཅུ་གཉིས་ཀྱིས། ཆུའི་ཟུག་པ་དང་བྱེར་བ་དང་སྙོམས་པ་དང་གསུམ། དེ་བཞིན་དུ་མེ་ལ་གསུམ། ས་ལ་གསུམ། རླུང་ལ་གསུམ་སྟེ་བཅུ་གཉིས། འབྱུང་བ་ནམ་མཁའ་ནི་མ་ནིང་གི་འབྱུང་བ་ཡིན་པས་བྱེད་པའི་ལས་ཕྱིར་མི་སྣང་སྟེ་སྟོང་པའི་ཕྱིར་རོ། །དེ་ཡང་ལུས་དེ་དག་གཙོ་ཆེ་བ་ལ་སྐྱེད་པ་གཅིག་ཡིན་ཀྱང་། ཆུའི་ལུས་གཅིག་པོ་ལ་ཉེ་བར་མཚོན་ཏེ། ཆུའི་ལུས་བཞི་ནི། ཆུ་རང་གི་ཟུག་པ་ཡི་ནི་འབྱུང་བའི་ཉི་མ་དང་། སོ་སོའི་ལོ་དང་། ཟླ་བ་དང་། དུས་ཚོད་དང་བཞི་མ་འཁྲུལ་པ་ལ་རྣལ་འབྱོར་པ་དེ་ལ་གནད་ཀྱིས་བཏབ་པར་གྱུར་ན་ནི། དེ་ནས་འབྱུང་བའི་བྱེད་ལས་རྫོགས་པའི་ཞག་བཅུ་གཉིས། འབྱུང་བ་རང་ནི་སོ་སོ་སྨིན་པའི་ཉི་མ་དང་བཅུ་གསུམ་གྱི་རང་གི་དུས་མ་འཁྲུགས་པ་ལ། སྐྱེས་བུ་དེ་ཚེའི་འདུ་བྱེད་དུ་གྱུར་ནས། རྡོས་བཅས་ཟག་པའི་ཕུང་པོ་ལྔའི་རྒྱུ་དང་། རྐྱེན་ལས་གྲུབ་པ་ནི། གཟུགས་ཀྱི་ཕུང་པོ་འབྱུང་བ་ཕྲ་རགས་འདུས་པ་དང་། ཚོར་བའི་ཕུང་པོ་སྡུག་བསྔལ་ཕྲ་རགས་འདུས་པ་དང་། འདུ་ཤེས་ཀྱི་ཕུང་པོ་འགྱུ་བ་ཕྲ་རགས་འདུས་པ་དང་། རྣམ་པར་ཤེས་པའི་ཕུང་པོ་འཚོགས་པ་ཕྲ་རགས་འདུས་པ་དང་། འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཕྲ་རགས་འདུས་པ་རྣམས་ལས་ལུས་ཞེས་བྱ་བར་མིང་དུ་ཐོག་པ། དེ་ཡང་གང་ལུས་ན་འབྱུང་བ་ཕྲ་རགས་ལས་གྲུབ་པའི་ཕུང་པོ་ལུས། གང་ལ་ལུས་ན་ཕྱིའི་འབྱུང་བ་རགས་པ་ལ། ལུས་གང་དང་བྲལ་ན་ལུས་དང་སེམས་བྲལ་སྟེ། སེམས་ཆོས་ཉིད་ཀྱི་བར་མ་དོ་ལ་སོང་། ལུས་འབྱུང་བ་ལ་ཕྱིར་ལུས་པའོ། །ཅིའི་ཕྱིར་ལུས་ན་འབྱུང་བའི་བྱེར་ཟུག་ནམ་མཐུན་པས་ལུས་ཀྱི་འབྱུང་བ་འཁྲུགས་ཏེ་ལུས་ཀྱི་རྟེན་ཕུང་པོ་ལྔའི་རྟེན་འགྱེལ་ཏེ་ས་ས་ལ་ཐིམ། ཆུ་ཆུ་ལ་ཐིམ། མེ་མེ་ལ་ཐིམ། རླུང་རླུང་ལ་ཐིམ། རླུང་རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ། འོད་གསལ་ཟུང་འཇུག་ལ་ཐིམ། ཟུང་འཇུག་གཉིས་སུ་མེད་པ་ལ་ཐིམ་པར་འགྱུར་བས། སྐྱེས་བུ་དེ་བར་ཆོད་ཀྱི་དབང་དུ་གྱུར་པས་ཚེ་འདི་ཉིད་ལ་རིག་པའི་གདེང་མ་རྙེད་པས། ལུས་ཀྱི་འབྱུང་བ་བཞི་རང་སར་མ་དག་པར་གྱུར་ནས། ཚེ་འདི་ལ་གོང་མའི་རིག་པ་མངོན་གསུམ་གྱི་མན་ངག་དེ་གོམས་པའི་ལོང་མེད་པར་བར་ཆོད་ཀྱི་དབང་དུ་གྱུར་པའི་དུས་སྐལ་བ་དང་ལྡན་པ་ལ། རྟོགས་པ་བག་ཙམ་ནི་སྐྱེས་གོམས་གདེང་དུ་མ་གྱུར་པའི་མི་དེའི་ཕུང་པོ་ལྷག་མ་འབྱུང་བ་ཟག་པའི་ཕུང་པོ་ལ། རིག་པ་མི་གནས་པར་གྱུར་པའི་ན། ཕྱི་རྟགས་ཇི་ལྟར་འབྱུང་བ་ལགས། ཡང་ནང་རྟགས་ཀྱང་མེད་ལ་འདི་མི་གྲོལ་བར་འཁོར་བའི་ལམ་ལ་ཡུན་རིང་བར་གནས་པ་ལགས་སམ། འདི་ཀུན་བདག་གིས་མ་འཚལ་བས་ཇི་ལྟར་འགྱུར་བ་ལགས། འདི་དག་ཀུན་སྟོན་པས་བདག་ལ་ཡང་དག་པར་ཐུགས་ཀྱི་དཀྱིལ་ནས་སྙིང་པོ་གསང་བའི་བཅུད་ཕྱུང་ལ། བདག་ལ་འདིའི་ཆོས་ཀུན་ཡང་དག་པར། རྒྱུད་ཀྱི་སྟོན་པ་ཐུགས་རྗེ་གསུམ་མངའ་བ་ཆེན་པོ་ཡིས། བདག་ལ་རིག་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར། བཀའ་སྩལ་ལ་ཕྱིན་ཅི་མ་ལོག་པར་ཞུའོ་བཅོམ་ལྡན་འདས། ཞེས་སྡུད་པ་པོས་དྲིས་པ་མདོར་བསྟན་ནས། ད་ནི་སྟོན་པས་ལན་མདོར་བ སྟན་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའི་དེ་ནས། སྟོན་པ་ལ་ཡོན་ཏན་ཁྱད་པར་ཅན་གྱི་སྒོ་ནས་བོས་པ། རྡོ་རྗེ་ནི་དོན་ཆོས་ཉིད་ཀྱི་རྟགས། འཆང་བ་ནི་དོན་རྟགས་གཉིས་མེད་དུ་འཛིན་པའོ། །འདི་སྐད་གསུང་ཚིག་དང་ཡི་གེ། སྙིང་པོ་ཡང་དག་པའི་དོན་རྒྱུད་འདི་ཉིད། སྟོན་པ་དེས་ཐུགས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མ་གཡོས་ཀྱང་། སྟོན་པ་ཡིས་ནི་གསུང་ཚངས་པའི་དབྱངས་དང་ལྡན་པ། ཐུགས་ཀྱི་དགོངས་པ་ནི་སྔོན་དུ་གཏང་ནས་ནི། ཞུ་བ་པོ་མཁའ་འགྲོ་གསལ་བའི་ཡིད་འབར་མ་ལ། གསང་སྔགས་ཀྱི་ལམ་ཉེ་བར་མཚོན་པའི་སྒོ་ནས། བོས་ཏེ་འདི་སྐད་དབང་པོའི་དོན་དང་སྦྱར་བའི་རྟགས་བཀའ་བསྩལ་ཏོ། །བོས་པ་དེ་གང་བོས་ན། ང་ལ་འཁྲུལ་པ་ཡོད་མ་མྱོང་བས་ནོར་ས་མེད་པའི་སེམས་ལས་བྱུང་བའི་ཚིག །འདི་ཁྱོད་ཀྱིས་ཀྱང་འཁྲུལ་པ་མེད་པར་ཟུང་ཞིག་ཅེས་ཉན་པ་དང་སྣ་གཏད་པར་བསྟན་ནས། སྐྱེས་བུ་བློ་རྩལ་རབ་ཉིད་ནི། འདི་ལ་བརྩོན་འགྲུས་རབ་ཏུ་གྱུར་པས། འཁྲུལ་པའི་སྣང་བ་འདི་ཉིད་ལ་རང་དག་ནས། ལུས་ཀྱི་འབྱུང་བ་བཞི་རང་གི་ས ར་དེངས་ནས་ཆོས་ཉིད་ཀ་དག་གི་ང་ོབོ་ཉིད་ཀྱི་སྣང་བ་ལ་འབྲས་བུ་ཟང་ཐལ་དུ་ཐོས་པས། འདི་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར། འབྲས་བུ་རང་སངས་ཉིད་དུ་དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འགྱུར་རོ། །དེ་མ་ཡིན་པའི་བརྩོན་འགྲུས་འབྲིང་པོ་རྣམས་ལ་ཡང་། འདི་ལྟར་ཕྱིའི་རྟགས་རྣམས་འབྱུང་སྟེ་མངོན་པར་རྫོགས་པར་སངས་རྒྱའོ། །སྐྱེས་བུ་བརྩོན་འགྲུས་འབྲིང་པོ་གང་དག་མྱ་ངན་ལས་འདས་ན། དེ་ལ་སྐུ་དང་གདུང་དང་ནི། དེ་བཞིན་འོད་དང་སྒྲ་ཉིད་དང་། ས་ནི་གཡོས་པར་གྱུར་པའོ། །ནམ་མཁར་ཆར་པ་འབབ་པ་དང་། དེ་བཞིན་ཁུ་རླངས་དང་། འདི་ལྟར་རྟགས་པ་བདུན་དང་ཕྱི་ནས་འབྱུང་བ་རྣམས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་དང་། འགྲོ་བ་རིགས་དྲུག་གི་སྐྱེ་གནས་ཀྱི་ཁྱད་པར་དུ་འགྱུར་བའོ། །ཞེས་ལན་མདོར་བསྟན་ནས། ད་ནི་དྲི་བ་རྒྱས་པར་བཤད་པ་བསྟན་པ་ནི། དེ་ནས་མཁའ་འགྲོ་གསལ་ཡིད་ཀྱིས། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལན་མདོར་བསྟན་པའི་དེ་ནས། མཁའ་ནི་མཁའ་ལ་འགྲོ་བར་བྱེད་པའོ། །མ་ཆོས་ཉིད་ལ་གནས་པའོ། །གསལ་བ་ནི་ཤེས་རབ་རྣམ་པར་དག་པས་ཆོས་དང་ཆོས་མ་ཡིན་པའི་རྣམ་པ་ཕྱིན་ཅི་མ་ལོག་པར་ཡིད་ལ་གསལ་བའི་རང་བཞིན་གྱིས་འོད་གསལ་བའོ། །སྟོན་པ་ནི་གསང་སྔགས་ཀྱི་སྲིད་ཞུ་ཁྱད་པར་ཅན་གྱི་སྒོ་ནས་འབོད་པའོ། །དེ་ལ་ནི་ཚིག་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཞེས་བོས་ནས། རྟེན་གྱི་གང་ཟག་རང་བཞིན་རྫོགས་པ་ཆེན་པོའི་རིགས་དང་ལྡན་པ་གཅིག་མྱ་ངན་ལས་འདས་པའི་རྟགས་སྔར་བྱེ་བྲག་ཏུ་གསུང་པའི། སྐུ་ཞེས་བགྱི་བ་ནི་ཇི་ལྟ་བུ་ལགས། དེའི་དོན་བདག་གིས་སྔར་མ་འཚལ་བས་གསུང་པར་ཞུ་ཞེས་ཀུན་ལ་སྦྱར་རོ། །དེ་བཞིན་དུ་གདུང་གི་རྣམ་པ་ནི་ཅི་ལགས། འོད་ཞེས་བགྱི་བ་གང་ལ་གསུང་པ་ལགས། དེ་བཞིན་སྒྲ་ཞེས་བགྱི་བ་ཇི་ལྟ་བུ་ལགས། ས་ནི་ཇི་ལྟར་དུ་གཡོ་བར་འགྱུར་བ་ལགས། དེ་བཞིན་ཆར་དང་ཁུ་རླངས་ཀྱི་རྣམ་པ་ཅི་ལགས། འདི་ཀུན་སྔར་མ་འཚལ་བས་སྟོན་པས་བདག་ལ་གསུང་དུ་གསོལ། ཞེས་དྲི་བ་རྒྱས་པར་བསྟན་ནས། ད་ནི་ལན་ཤིན་ཏུ་རྒྱས་པར་བཤད་པ་ལ་དོན་གཉིས་ཏེ། མྱ་ངན་ལས་འདས་པའི་རྟགས་བསྟན་པ་དང་། རིག་དྲུག་གི་སྐྱེ་གནས་ངེས་པའི་རྟགས་བསྟན་པ་ལས། དེ་ལ་མྱ་ངན་ལས་འདས་པའི་རྟགས་དང་པོ་ལ་ལྔ་ཡོད་པ་ལས། དང་པོ་སྐུ་ལྟར་འབྱུང་བ་བསྟན་པ་ནི། འདི་ལ་གཉིས་ཏེ། དང་པོ་སྐུ་སྤྱིའི་རྣམ་པའི་ལན་ཤིན་ཏུ་རྒྱས་པར་བཤད་པ་ནི། དེ་ནས་སྟོན་པས་ཡང་གསུངས་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་དྲིས་མ་ཐག་པའི་དེ་ནས། སྟོན་པས་རྒྱུད་ཀྱི་ཚིག་འདི་དག་ཡང་རྟགས་ཀྱི་རིགས་པ་སྦྱར་ནས་གསུངས་པ། མཁའ་འགྲོ་མ་གསལ་བའི་ཡིད་ཅན་འབར་མ་ཁྱོད་ཉོན་ཅིག །ཅེས་བོས་ནས། རྟེན་གྱི་གང་ཟག་རྫོགས་པ་ཆེན་པོའི་རིགས་དང་ལྡན་པ་མྱ་ངན་ལས་འདས་པ་ལ། དེའི་ལྷག་མའི་ཟག་བཅས་ཀྱི་ཕུང་པོའི་རྗེས་ཤུལ་སྲེགས་ཤིང་སྦྱངས་པས། དེ་ལ་སྐུ་བྱུང་ན་རྣམ་པ་གཉིས་ཏེ། ཞི་བའི་སྐུ་དང་ཁྲོ་བོའི་སྐུ་རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་དག་པར་རྟེན་གྱི་གང་ཟག་སུ་ཞིག་རྣལ་འབྱོར་ལྡན་པ་ལ། སྐུ་འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་དག་པར་རུས་པའི་གཟུགས་བརྙན་དུ་གལ་ཏེ་གཉིས་ཀ་བྱུང་བ་སྲིད་ན་སྐལ་བ་དང་ལྡན་པ་འདི་ནི་བར་མ་དོ་མེད་པར་ཡང་དག་པའི་ཆོས་ཉིད་ངོ་བོ་ཀ་དག་ཆེན་པོའི་གཞི་ཡེ་ནས་འཁྲུལ་པ་ཡོད་མ་མྱོང་བས། གློ་བུར་གྱི་དྲི་མས་འགྲིབ་པ་མི་སྲིད་དེ། དཔེར་ན་ཆུའི་རྙོག་མ་བཞག་ཅིང་བཅས་བཅོས་མ་བྱས་པར་རང་སར་བཞག་པས་རང་སར་དེངས་པ་ལྟར་རང་གི་ངོ་བོ་རང་ཐིམ་པས་ཏེ། ཀ་དག་པའི་ཡེ་ཤེས་སུ་རང་གྲོལ་བའོ། །དེ་ཡང་ངོ་བོ་ཀ་ནས་དག་པའི་ཆ་ནས་མ་རིག་པ་ཡོད་མ་མྱོང་བས་ན། འགྲོ་བ་དྲུག་གི་སེམས་ཅན་འདི་རྣམས་འབད་རྩོལ་མེད་པར་རང་གྲོལ་བའི་གནད་དང་། རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་ལམ་གང་ལ་ཡང་སྣ་བཟུང་ནས་མངོན་པར་རྫོགས་པ་སངས་རྒྱས་པར་འགྱུར་བ་ཡིན་པ་དང་། དེ་ལྟར་ཀ་དག་ལྷུན་གྲུབ་གཉིས་སུ་མེད་དེ། གནས་ལུགས་ཕྱོགས་མེད་དུ་ཤར་བའི་གནད་ཀྱིས་སོ། །དེ་ཀ་ནས་དག་པས་སྒྲུབ་ཏུ་མེད་ལ། ཟང་ཐལ་བས་བསྒྲུབ་ཏུ་མེད་པའི་གདེང་དང་ལྡན་པར་སྐལ་ལྡན་འདི་འགྱུར་རོ། །ཞེས་སྐུ་སྤྱིའི་རྣམ་པ་བསྟན་ནས། ད་ནི་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ཡོད་པ་ལས། དང་པོ་ཞི་བའི་སྐུའི་རྟགས་བྱུང་ན་དེ་ཉིད་མྱ་ངན་ལས་འདས་པ་ཡིན་པར་བསྟན་པ་ནི། ཞི་བའི་སྐུའི་རྟགས་བྱུང་ན་ཞེས་པ་ལ་སོགས་པས་བསྟན་ཏེ། ཞི་བའི་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུ་དང་ལྔའོ། །ངོ་བོ་ནི་ཟུག་རྔུ་དང་བྲལ་ཅིང་མཐའ་གང་དུ་ཡང་མ་སྤྲོས་པའོ། །ངེས་ཚིག་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཞི་བས་ན་ཞི་བའོ། །དབྱེ་ན་རང་བཞིན་གྱིས་ཞི་བ་དང་། གནས་པ་ཞི་བ་དང་། བཅོས་པས་ཞི་བ་དང་། འཕྲལ་འབྱུང་དུ་ཞི་བ་དང་། བསྒྲུབས་ནས་ཞི་བའོ། །རང་བཞིན་གྱིས་ཞི་བ་ནི། ཡེ་ནས་ཆོས་ཉིད་སྤྲོས་པ་དང་བྲལ་ནས། རྣམ་པར་རྟོག་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བའོ། །གནས་པ་ཞི་བ་ནི་རིག་པ་དེ་ལུས་ལ་གནས་པའི་ཚེ་རྣམ་པར་རྟོག་པ་རླུང་གིས་མ་བསྐྱོད་པས། དེ་ཉིད་ལ་གནས་པས་ཉོན་མོངས་པ་ཞི་བའོ། །བཅོས་པས་ཞི་བ་ནི་རླུང་བཟུང་བ་དང་། མི་རྟོག་པ་ལ་སེམས་བཟུང་བས་རྣམ་པར་རྟོག་པ་ཞི་བའོ། །འཕྲལ་བྱུང་དུ་ཞི་བ་ནི། ཆོས་ཉིད་ཐུག་ཕྲད་ཀྱི་དགོངས་པས་འཕྲལ་བྱུང་གི་རྣམ་པར་རྟོག་པ་ཞི་ནས་མ་བཅོས་རང་བཞག་གི་དགོངས་པ་ལ་གནས་པའོ། །བསྒྲུབས་པས་ཞི་བ་ནི་བསྐྱེད་པའི་རིག་པས་ཏིང་ངེ་འཛིན་བསྒོམས་པས་ལུས་ཀྱི་རྣམ་པར་རྟོག་པ་ཞི་བ་དང་། ངག་བསམ་གཏན་གྱི་འཁོར་ལ་བསྒོམས་པས་ངག་གི་རྣམ་པར་རྟོག་པ་ཞི་བ་དང་། སེམས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པས་སེམས་བྱུང་གི་རྣམ་པར་རྟོག་པ་ཞི་བའོ། །མཚན་ཉིད་ནི། མཉེན་པ་དང་། ལྕུགས་པ་དང་། འཁྲིལ་བ་དང་། གཞོན་པའི་ཚུལ་དང་ལྡན་པ་དེ། དེ་ལྟར་ཞི་བའི་སྐུ་བྱུང་བས་གང་ཞི་ན་འཁོར་བའི་ཆོས་རྣམས་ནི། གང་གི་ཞི་ན་ཆོས་ཉིད་མངོན་གསུམ་གྱི་དོན་ལ་གོམས་པར་བྱས་པས་ཞི་ལ། དེ་ལྟར་ཞི་བ་ལ་དགོངས་པ་ཅི་ཡོད་ན། འཁོར་བ་ལས་འདས་པ་ཉིད་དོ། །འབྲས་བུ་ནི་ཀུན་བཟང་ཡབ་ཡུམ་གྱི་ངང་དང་རང་བཞིན་བདག་ཉིད་ཆེན་པོར། ཆོས་ཉིད་ཀྱི་བར་མ་དོ་ལ་བདེན་པ་ཐོབ་ནས་སངས་རྒྱ་བའི་རྟགས་ཡིན་ནོ། །དེ་ཡི་ཕྱིར་ན་དེ་ལྟ་བུའི་ཞི་བའི་སྐུའི་རྟགས་བྱུང་ན། ཆོས་ཉིད་ཀྱི་བར་མ་དོ་ལ། ཞག་ནི་ལྔ་ཡི་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ། དེ་ལྟར་ཞི་བའི་སྐུ་བྱུང་བའི་གང་ཟག་དེ་ཡང་རྣམ་པར་རྟོག་པའི་དྲི་མ་སངས་ཡེ་ཤེས་རང་གི་ངོ་བོར་རྒྱས་ནས་ཆོས་ཉིད་མའི་སྣང་བ་ལ་ཐིམ་མོ། །ཞེས་ཞི་བའི་སྐུ་བྱུང་བས་སངས་རྒྱ་བའི་རྟགས་བསྟན་ནས། ད་ནི་ཁྲོ་བོའི་སྐུ་བྱུང་བའི་གང་ཟག་མྱ་ངན་ལས་འདས་པའི་རྟགས་བསྟན་པ་ནི། གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །ཞེས་པ་ལ་སོགས་པས་བསྟན་ཏེ། གལ་ཏེ་ནི། ཕུང་པོ་བོར་བའི་ཕྱིར་ནས་རུས་པའི་ཁྲོ་བོའི་སྐུ་བྱུང་ན་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །ཁྲོ་བོའི་སྐུའི་ངོ་བོ་ནི། འབར་བ་ཆེན་པོ་ཉིད་ཡིན་ལ། ངེས་ཚིག་ནི་གདུག་པ་ཅན་རྣམས་ཚར་གཅོད་པར་བྱེད་ཅིང་གང་འདུལ་བ་ལ་ཁྲོ་བོའི་ཚུལ་སྟོན་པས་ཁྲོ་བོ་ཞེས་བྱའོ། །དབྱེ་ན་གཉེན་པོ་རིགས་ལྡན་གྱི་ཁྲོ་བོ་དང་། རང་བཞིན་འདུལ་སྟངས་ཀྱི་ཁྲོ་བོའི་སྐུའོ། །གཉེན་པོ་ནི་ཀླུ་འདུལ་བར་བྱེད་པ་ལ་མཁའ་ལྡིང་གི་རྒྱལ་པོ་ཁྲོ་བོའི་སྐུར་བྱུང་ལ། དེ་བཞིན་དུ་མ་ཧེ་འདུལ་བར་བྱེད་པ་ལ་རྟ་མགྲིན་གྱི་ཚོགས་སུ་སྤྲུལ་པ་ལྟ་བ་ཡིན་ལ། རང་བཞིན་འདུལ་སྟངས་ཀྱི་ཁྲོ་བོའི་སྐུ་ནི། རིགས་ལྔའི་ཡེ་ཤེས་ཀྱི་ཧེ་རུ་ཀ་རྣམ་པ་ལྔའོ། །མཚན་ཉིད་དཔའ་བ་དང་། སྒེག་པའི་ཉམས་དང་། འཇིགས་པ་དང་། རྒོད་པ་དང་། གཤེ་བ་དང་། ཁྲོ་བོའི་ཉམས་དང་། སྙིང་རྗེའིི་ཉམས་དང་། རྔམ་པའི་ཉམས་དང་། ཞི་བའི་ཉམས་དང་དགུར་ལྡན་ན། ཁྲོ་བོའི་མཚན་ཉིད་རྫོགས་པ་སྟེ། དེ་ཡང་གང་ལ་ཁྲོ་ན་ཞི་བས་མ་ཐུལ་བའི་སེམས་ཅན་རྣམས་ལ་ཁྲོ་ལ། གང་གིས་ཁྲོ་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྤྲུལ་ནས་སྐུས་ཁྲོ་ལ། ཅིའི་ཕྱིར་ཁྲོ་ན་སེམས་ཅན་གདུག་པ་ཅན་དེ་དག་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་དགོད་པའི་ཕྱིར་ཁྲོ། ཁྲོས་པ་ལ་དགོས་པ་ཅི་ཡོད་ན། གཞན་དོན་མཐར་ཕྱིན་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་དེ་ལྟར་རྟགས་སུ་ཁྲོ་བོའི་སྐུར་བྱུང་སྟེ། ཆོས་ཉིད་ཀྱི་བར་མ་དོ་ལ་སྐད་ཅིག་མ་ལྔས་སངས་རྒྱའོ། །དེ་ལྟར་ཁྲོ་བའི་སྐུ་བྱུང་བའི་སྐལ་ལྡན་དེ་ནི་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་མཚམས་སྦྱོར་བར་བྱེད་ལ། ཉིད་ནི་མ་བཅོས་རང་སར་གནས་པའི་སྣང་བའོ། །བར་ནི་འཁྲུལ་དང་ཡེ་ཤེས་གཉིས་ཀྱི་བར། དོ་ནི་གཉིས་ལ་དབང་སྟེ་དེ་ཉིད་རང་སྣང་དུ་ཤེས་ན་མྱ་ངན་ལས་འདས་པ་ཡིན་ལ། འདི་ཉིད་ལ་ཐེ་ཚོམ་སྐྱེས་ན་འཁོར་བ་ཡིན་པས་སོ། །དེ་ལྟ་བུ་ལ་སྐད་ཅིག་མ་ཉིད་ནི་ཆ་ལྔ་ལ། ཁྲོ་བོའི་སྐུ་བྱུང་བའི་སྐྱེས་བུ་དེ་ནི་གྲོལ་བར་འགྱུར་རོ་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་གདམས་ནས། ཁྲོ་བོའི་སྐུ་བྱུང་བའི་སྐྱེས་བུ་མྱ་ངན་ལས་འདས་པར་བསྟན་པའོ། །དེ་དག་དྲིལ་ནས་སྐུའི་རྟགས་བྱུང་བའི་གྲོལ་ལུགས་བསྟན་ནས། ད་ནི་གདུང་འབྱུང་བར་བསྟན་པ་ལ་གསུམ་ཡོད་པས། སྤྱི་དོན་དང་པོ་གདུང་སྤྱིའི་དབྱེ་བ་བསྟན་པ་ལ། གཉིས་ཡོད་པའི་དང་པོ་རིགས་དང་གདུང་གི་མིང་མདོར་བསྟན་པ་ནི། སྐྱེས་མཆོག་མྱ་ངན་ལ་འདས་པ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། སྐྱེས་པ་མངལ་ལས་སྐྱེས་པ་སྟེ། མཆོག་ནི་མི་ཡི་ལུས་ཐོབ་པ་དེ་ལས་ཀྱང་རྫོགས་པ་ཆེན་པོའི་རིགས་སུ་གྱུར་པའོ། །མྱ་ངན་ལས་འདས་པ་ནི་སངས་རྒྱས་འདས་པ་དང་མ་འོངས་པ་དང་ད་ལྟར་ཀུན་གྱི་གདུང་ཡང་འབྱུང་བ་ནི། སངས་རྒྱས་ནི་རིགས་ལྔ་ཉིད་ཀྱི་ཁྱད་པར་ལས། གདུང་གི་རིགས་ཀྱང་ལྔར་འབྱུང་བ་ཡིན་ཏེ། ལྔ་ནི་ཤ་རི་རམ་ནི་བདེ་བར་གཤེགས་པའི་རིགས་ཀྱི་གདུང་ཡིན་ལ། དེ་བཞིན་དུ་བ་རི་རམ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རི་རམ་རིན་པོ་ཆེའི་རིགས་ཀྱི་གདུང་ཡིན་ནོ། །བསེ་རི་རམ་ནི་པདྨའི་རིགས་ཀྱི་གདུང་ཡིན། དེ་བཞིན་དུ་ཉ་རི་རམ་ཞེས་བྱ་བ་ནི་ལས་ཀྱི་གདུང་ཡིན་ནོ། །ཞེས་རིགས་དང་གདུང་གི་མིང་མདོར་བསྟན་ནས། ད་ནི་དེ་དག་གི་འབྲས་བུའི་བྱེ་བྲག་མདོར་བསྟན་པ་ནི། ཐབས་ལྡན་མྱ་ངན་འདས་པ་ཡི། །ཞེས་པ་ལ་སོགས་པས་བསྟན་ཏེ། ཐབས་ནི་སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོར་འདོད་པ་ཡོད་ལ། ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་ཤེས་རབ་དང་སྙིང་རྗེས་བྱས་པས། ཐེག་པ་ཆེན་པོ་ཤེས་རབ་ཆེ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ལ། སྙིང་རྗེ་ཆེ་བས་བདག་སངས་རྒྱས་པ་དང་། སེམས་ཅན་རྣམས་ཀྱང་སངས་རྒྱས་ལམ་ལ་འདྲེན་པར་བྱེད་པའོ། །ཐེག་པ་ཆུང་ངུ་རྣམས་ཀྱི་དེ་ལྟར་མ་ཡིན་ནོ། །དེ་ལྟར་འདི་ནི་ཐེག་པ་ཆེན་པོའོ། །ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དང་སྔགས་གཉིས་ཏེ། དེ་ཡང་སྔགས་དང་ཕ་རོལ་དུ་ཕྱིན་པའི་ཁྱད་པར་ནི། ཤེས་རབ་ཆེ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་འདོད་ལ། སེམས་ཅན་བླ་ན་མེད་པའི་འབྲས་བུ་ལ་འགོད་པར་འདོད་པའི་སྙིང་རྗེས་གཞན་དོན་གཙོ་བར་བྱེད་པ་གཉིས་མཐུན། སྔགས་ཀྱང་གཞན་དོན་དུ་སྙིང་རྗེ་ཆེན་པོ་གཙོ་བ་དང་། རང་དོན་དུ་ཤེས་རབ་གཙོ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་མཐུན་པ་ལ། ཁྱད་པར་ཐབས་ཀྱིས་བྱས་པས་སོ། །དེ་ཡང་སྔགས་ལ་ཕྱི་ནང་གཉིས་ལས། སྔགས་ཕྱི་ནང་གི་ཁྱད་ནི་ཐབས་གཙོར་བྱེད་པར་མཐུན་པ་ལ། སྔགས་ཕྱི་པས་ཐབས་བསྒྱུར་བར་མ་ཤེས་པས་དམ་རྫས་དམ་པ་ལྔ་ལ་འཇོལ་ཉོག་དུ་སྤྱོད་མ་ནུས་པ་ལ། གོས་གསུམ་བརྗེ་བ་དང་། མངར་གསུམ་དང་དཀར་གསུམ་བརྟེན་པ་ལ་སོགས་པ་ལས་མ་ནུས། སྔགས་ནང་པས་དུག་ལྔ་སྨན་དུ་བསྒྱུར་བ་ལ་སོགས་པའི་གནད་ཀྱིས་དང་། མ་སྤངས་གནས་དག་པའི་གནད་ཀྱིས་དམ་རྫས་ལྔ་ལ་འཇོལ་ཉོག་ཏུ་སྤྱོད་པར་ནུས་པ་ཁྱད་པར་དུ་འཕགས་པའོ། །དེ་ལྟར་དམ་རྫས་བདུད་རྩི་ལྔ་ལ་སྤྱད་པས། དགོས་པའམ་ཡོན་ཏན་ཅི་ཡོད་ན། ཕྱི་རོལ་དུ་རྣམ་པར་རྟོག་པ་གཅོད་ཅིང་བར་ཆོད་སེལ་བའི་དགོས་པ་ཡོད་ལ། ནང་དུ་སྐུ་ལྔ་ཡེ་ཤེས་ལྔ་ལ་འཇོལ་ཉོག་དུ་སྤྱད་ནས། དེ་ཉིད་དུ་སངས་རྒྱ་བའི་དགོས་པ་ཡོད་པའོ། །སྐྱོན་ནི་དེ་མ་ཡིན་པ་རྣམས་སོ། །དེ་ལ་འདི་ནི་ནང་པ། ནང་པ་ལས་ཀྱང་རྫོགས་པ་ཆེན་པོ་སྟེ། འདི་ཉིད་ཐབས་སླ་བས་སྔགས་ཀྱི་ཐེག་པ་ལས་ཀྱང་ཁྱད་པར་དུ་འཕགས། དེ་བཞིན་དུ་ཐབས་ཆེ་བ་དང་མྱུར་བས་ཁྱད་པར་དུ་འཕགས་པ་སྟེ། འདི་ཉིད་ཐབས་ཏེ། འབད་པ་དང་རྩོལ་བ་ཅི་ཡང་བྱ་མི་དགོས་པར་སྤང་བླང་ལས་འདས་པའི་དོན་དང་ལྷ་ཉིད་དུ་མངོན་གསུམ་དུ་རྟོགས་ནས་སངས་རྒྱ་བས་སླ། ཐབས་མྱུར་བ་ཡིན་ཏེ་བརྩོན་འགྲུས་རབ་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་ལ། འབྲིང་བར་མ་དོ་ལ་ལུས་འདི་བོར་མ་ཐག་ཏུ་སངས་རྒྱ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་སངས་རྒྱ་བས་ན་མྱུར་བའོ། །ཐབས་ཆེ་བས་འཕགས་པ་ནི། འདིའི་གོང་ནས་ལྷག་པའི་ཆོས་ཅི་ཡང་མེད་པས་ཆེ་བ་ན་ཡིན་ནོ། །དེ་ལྟ་བུའི་ཐབས་དེ་ལ་བརྟེན་ནས་དེ་ཉིད་ཉམས་སུ་བླངས་པས་འདི་ཉིད་ལ་བརྟན་པ་མ་ཐོབ་ཀྱང་། དེའི་དོན་གྱིས་རྟགས་འདི་ལྟར་མངོན་པ་མེད་ཀྱང་ཕུང་པོ་བོར་མ་ཐག་ཏུ་རྟགས་འདི་ལྟར་འབྱུང་བ་ནི། མྱ་ངན་ལས་འདས་པའི་རྟགས་ནི། སྐྱེས་བུ་དེའི་ལུས་ལ་སྐུ་དང་། གདུང་དང་། འོད་དང་སྒྲ་དང་དེ་ལས་ཁྱད་པར་དུ་གདུང་འདི་ཀུན་འབྱུང་བ་དེ་ནི་སངས་རྒྱས་རིགས་ལྔ་སོ་སོའི་གདུང་རིགས་ཀྱི་གདུང་བྱུང་ན། ལུས་འདི་བོར་མ་ཐག་ཆོས་ཉིད་ཀྱི་བར་མ་དོ་ལ། ཡང་དག་པར་སོ་སོ་རང་རིགས་ཀྱི་སངས་རྒྱས་ཀྱི་གདུང་འབྱུང་བའོ། །སྐུ་ནི་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་ཀྱི་སྐུ་དང་། དོན་ཡོད་གྲུབ་པའི་སྐུ་དང་། ལྔའི་གདུང་འབྱུང་བ་དེའི་སངས་རྒྱས་ཀྱི་སྐུ་མཐོང་ནས་གྲོལ་བའོ། །ཞེས་འབྲས་བུའི་བྱེ་བྲག་བསྟན་ནས། ད་ནི་གཉིས་པ་དྲི་བ་རྒྱས་པར་དྲིས་པ་ནི། ཤེས་རབ་འཁོར་གྱིས་ཡང་གསལ་བ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཤེས་རབ་ནི་འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་སྟེ། ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ངོ་ཤེས་པར་བྱེད་ལ། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མགོ་གནོན་པར་བྱེད་ལ། བསྒོམ་པའི་ཤེས་རབ་ཀྱིས་རྩ་བ་ནས་གཅོད་པར་བྱེད་ཅིང་འབྱིན་པར་བྱེད་པའོ། །འཁོར་གྱིས་ནི་ཤེས་རབ་གཙོ་བ་མཁའ་འགྲོ་མ་སྟེ། ཡང་གསོལ་བ་ནི་དྲི་བ་ལན་གྲངས་མང་པོར་དྲིས་པའོ། །ཀྱེ་ཀྱེ་ནི་དོན་གཉིས་དགོས་པ་སྟེ། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་བོས་ནས། གདུང་གི་རྣམ་པ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །གདུང་གི་ངོ་བོ་ནི་སངས་རྒྱས་དང་སོ་སོ་རིགས་ཀྱི་རྟེན་ཡིན་ལ། ངེས་ཚིག་ནི་རིགས་མཚོན་པའི་ཕྱིར་ན་གདུང་ཞེས་བྱ་རུང་ཞེས་བྱའོ། །དོན་སྡེ་མཚོན་པར་བྱེད་པའོ། །དབྱེ་བ་འཇིག་རྟེན་བཏགས་པའི་གདུང་དང་། འགྲོ་བ་བྱེ་བྲག་པའི་གདུང་དང་། སངས་རྒྱས་བརྟན་འགྱུར་གྱི་གདུང་ངོ་། །བཏགས་པ་ནི་མིང་དུ་བཏགས་པ་ཙམ་ཡིན་ལ། འགྲོ་བ་བྱེ་བྲག་པ་ནི་གདུང་ཞེས་རིགས་མཚོན་པ་སྟེ། རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེ་དང་། དམངས་རིགས་སོ། །སངས་རྒྱས་བསྟན་འགྱུར་ནི་ཤ་རི་རམ་ལ་སོགས་པ་ལྔ་ཕྱིའི་དབྱེ་བའོ། །འདི་ལྔས་ནི་སངས་རྒྱས་ཀྱི་རིགས་མཚོན་པར་བྱེད་པའོ། །མཚན་ཉིད་ནི་ཁ་དོག་དང་དབྱིབས་ལ་སོགས་པ་འདི་ནས་ངེས་པར་མཚོན་ནས་བསྟན་པ་རྣམས་སོ། །དེ་དག་གི་གདུང་ཡིན་ན་སོ་སོ་རིགས་ཀྱི་གདུང་ཡིན་ལ། གང་ལས་བྱུང་ན་རྟེན་གྱི་གང་ཟག་ཁྱད་པར་ཅན་ལས་བྱུང་། ཅིའི་ཕྱིར་བྱུང་ན་ཆོས་ཉིད་ཟབ་མོ་ལ་བློ་གཏད་ཅིང་ཉམས་སུ་བླངས་པ་ལས་བྱུང་། དེ་ལྟར་བྱུང་བ་ལ་དགོས་པ་ཅི་ཡོད་ན། རྗེས་སུ་འཇུག་པའི་གང་ཟག་རྣམས་ཡིད་ཆེས་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་གདུང་རིགས་ལྔ་གང་བྱུང་བ་དེའི་རིགས་ཀྱི་སངས་རྒྱས་ཀྱི་སྐུ་མཐོང་ནས་སངས་རྒྱའོ། །དེ་ལྟར་བསྟན་པའི་གདུང་དེ་ཀུན་ལ་ཁ་དོག་ཉིད་ནི་གང་དང་གང་ལགས། དེ་ཀུན་གྱི་དབྱིབས་ནི་ཇི་ལྟ་བུ་ཞིག་ལགས། དེ་བཞིན་དུ་ཆེ་ཆུང་གི་རིམ་པ་ཡིས་སངས་རྒྱས་ལྔའི་སོ་སོའི་རིགས་ཀྱི་གདུང་དུ་ཡང་དག་པར་འགྲོ་བ་ལགས། འདི་ཀུན་བདག་གིས་སྔར་མ་འཚལ་བས། ཇི་ལྟར་ན་སོ་སོའི་གདུང་དུ་འགྲོ་བ་ལགས། འདི་དག་རྣམས་ལ་ངེས་ཤེས་མ་སྐྱེས་པས་བདག་ལ་བསྟན་དུ་གསོལ་ཞེས་དྲི་བ་བྱེ་བྲག་ཏུ་བསྟན་ནས། ད་ནི་ཐ་མ་ལན་ཤིན་ཏུ་རྒྱས་པར་བསྟན་པ་ལ་དྲུག་གིས་བསྟན་པའི་དང་པོ་ཤ་རི་རམ་གྱི་ཁ་དོག་དང་ཆེ་ཆུང་དང་དབྱིབས་ལ་སོགས་པ་བསྟན་པ། དེ་ནས་ཡང་ནི་བཀའ་སྩལ་པ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་དྲིས་མ་ཐག་པའི་དེ་ནས། ཡང་ནི་མནན་པའི་ཚིག་གོ། །བཀའ་སྩལ་པ་ནི་གང་གིས་བཀའ་སྩལ་ན་རྒྱུད་ཀྱི་སྟོན་པས། གང་ལ་སྩལ་ན་རྒྱུད་འདི། ཚུལ་ལམ་ཐབས་ཇི་ལྟར་སྩལ་ན། རྟགས་ཐམས་ཅད་བསྡུས་པས་ན་བསྡུས་པའི་དོན་དུ་སྩལ་ལ། སུས་སྩལ་ན་སྔོན་འབྱུང་དུ་སྡུད་པ་པོ་ལ་སྩལ་བའོ། །སྩལ་བ་ལ་དགོས་པ་ཅི་ཡོད་ན། རྗེས་སུ་འཇུག་པ་རྣམས་མོས་ཤིང་ཡིད་ཆེས་པ་དང་། བྲོད་པ་བསྐུལ་བའི་དགོས་པ་ཡོད་དོ། །ཀྱེ་མ་ཉོན་གཅིག་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་བོས་ནས། གདུང་ཤ་རི་རམ་ཞེས་བྱ་བའི་ཁ་དོག་གང་ཞེས་ན་དཀར་ལ་དྭངས་ཞིང་ཤིན་ཏུ་བསྣུམ་ལ་དབྱིབས་ཏེ་འདྲིལ་ཏེ་གཏིང་ནས་འོད་ལྔའི་ཁ་དོག་ཏུ་རང་གསལ་བའོ། །ཆེ་ཆུང་གི་ཚད་ནི་སྲན་མའི་རྡོག་འབྲུ་ཙམ་ཤིན་ཏུ་བཟླུམ་པ་འོང་ངོ་། །འདི་ནི་རྒྱུ་གང་ལས་བྱུང་ན་རུས་པའི་དྭངས་མའི་རྒྱུ་ལས་བྱུང་བས་ཁ་དོག་དཀར་པོ་སྟེ། ཆོས་ཉིད་དྲི་མས་མ་གོས་པ་སྟེ། ཀ་དག་ཏུ་རྟོགས་པའི་རྟགས་ཡིན། རུས་པའི་དྭངས་མ་རྐང་མར་རམ། ལྟ་བ་བསྡུས་པའི་རྒྱུ་ལས་བྱུང་བས་ན་ཤིན་ཏུ་བསྣུན་པ་སྟེ། གཞི་གཅིག་ཆར་དུ་རྟོགས་པའི་རྟགས་ཡིན། རུས་པའི་སྙིང་པོ་ལས་བྱུང་བ་སྨིན་པས་འདྲིལ་བར་བྱུང་བ་ཡིན་ཏེ། འདི་ནི་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པའི་རྟགས་ཡིན། འདི་ཡི་གནས་གང་ཞེ་ན། ཐབས་དང་ལྡན་པ་དེའི་མགོ་ལས་འབྱུང་བ་ཡིན་ནོ། །ཞེས་ཤ་རི་རམ་གྱི་དབྱིབས་ལ་སོགས་པ་བསྟན་ནས། ད་ནི་བ་རི་རམ་གྱི་ཁ་དོག་དབྱིབས་ལ་སོགས་པ་བསྟན་པ་ནི། བ་རི་རམ་ཞེས་སྔོ་ལ་ནག །ཅེས་པ་ལ་སོགས་པས་བསྟན་ཏེ། བ་རི་རམ་ཞེས་བྱ་བའི་ཁ་དོག་གང་ཡིན་ན། སྔོ་ལ་གནག་པར་འགྱུར་རོ། །ཆེ་ཆུང་གི་ཚད་ནི་ཆུང་ཤོས་ལ་ཉུངས་དཀར་གྱི་ནི་འབྲུ་ཙམ་མོ། །ཆེ་ཤོས་ལ་ཡང་ན་སྲན་ཆུང་གི་འབྲུ་ཙམ་མོ། །འདི་ནི་རྒྱུ་གང་ལས་བྱུང་ཞེ་ན། དྲོད་ཐམས་ཅད་འདུས་པའི་འབྱུང་བ་དྭངས་མ་འབྱུང་བ་མེའི་ས་བོན་ལས་བྱུང་བས་ཉུངས་འབྲུ་ཙམ་དུ་འདྲིལ་བ་ནི་ཤེས་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་རྟགས་ཡིན་ནོ། །དེ་འབྱུང་བའི་དྭངས་མ་འདུས་པ་ལས་འབྱུང་བ་སྔོ་བ་ནམ་མཁའི་ཆ་དང་། གནག་པ་ཆུའི་ལས་རྒྱས་པའི་རྟགས་ཡིན་ནོ། །དེའི་གནས་གང་ནས་འབྱུང་ཞེས་ན་ཐབས་ལྡན་དེའི་རྩི བ་མའི་གོ་མཚམས་ནས། འབྱུང་བ་ཡིན་ནོ་མཁའ་འགྲོ་མ་ཞེས་བ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་ནས། ད་ནི་ཆུ་རི་རམ་གྱི་ཁ་དོག་དང་དབྱིབས་དང་ཆེ་ཆུང་དང་རྒྱུད་དང་གནས་ས་བསྟན་པ་ནི། ཆུ་རི་རམ་ནི་ཁ་དོག་སེར་ཞེས་པ་ལ་སོགས་པས་བསྟན་ཏེ། ཆུ་རི་རམ་ཞེས་བྱ་བ་ནི་ཁ་དོག་སེར་པོར་འོང་བ་ལ། ཆེ་ཆུང་གི་ཚད་ནི་ཉུངས་ནག་གི་འབྲུ་ཙམ་སྟེ། རྒྱུ་ནི་ཁྲག་གི་དྭངས་མ་ལས་བྱུང་བས་ཆུ་སེར་དུ་འདྲིལ་ལ་ཁ་དོག་སེར་བ་ནི། ཡོན་ཏན་ཕྱོགས་མེད་དུ་རྟོགས་པའི་རྟགས་ཡིན་ནོ། །དེ་ཉིད་ཆུ་སེར་གྱི་ཐིགས་པ་ལས་འདྲིལ་བས་ཉུངས་འབྲུ་ཙམ་དུ་བྱུང་བ་སྟེ། ཐིག་ལེ་ལམ་དུ་བསླངས་པའི་རྟགས་ཡིན་ནོ། །དེ་ནི་གནས་གང་ནས་བྱུང་ཞེས་ན་ཐབས་ལྡན་དེའི་མཆིན་པའི་སྟེང་ནས་བྱུང་བ་ཡིན་ཞེས་ཆུ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་ནས། ད་ནི་བསེ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་པ་ནི། བསེ་རི་རམ་ནི་དམར་ལ་དྭངས། ཞེས་པ་ལ་སོགས་པས་བསྟན་ཏེ། བསེ་རི་རམ་གྱི་ཁ་དོག་གང་ཞེ་ན་ནི་དམར་ལ་དྭངས་པར་འབྱུང་བའོ། །ཆེ་ཆུང་གི་ཚད་ཀྱང་ནི་ཉུངས་དཀར་གྱི་འབྲུ་ཙམ། རྒྱུ་གང་ཞེ་ན་འདི་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞི་འདུས་པ་ལས་བྱུང་བ་སྟེ། འབྱུང་བ་མེ་ལས་སྨིན་པས་ཁ་དོག་དམར་པོར་བྱུང་པ་སྟེ། འདི་ནི་དབང་བཞི་རྫོགས་ཞིང་ཐོབ་པས་དམ་ཚིག་ལ་སྐྱོན་གྱིས་མ་གོས་པའི་རྟགས་ཡིན། འབྱུང་བ་མེ་ལས་སྨིན་པས་རབ་ཏུ་དྭངས་པས་ཏེ། འདི་ནི་ལུས་ངག་ལ་སྐྱོན་གྱིས་མ་གོས་པའི་རྟགས་ཡིན། འབྱུང་བ་སའི་དྭངས་མ་འདུས་པ་ལས། སྨིན་པས་ཉུངས་དཀར་གྱི་རྡོག་མ་ལྟ་བུར་སྨིན་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་ཐིག་ལེ་ལ་འབྱོར་བའི་རྟགས་ཡིན། འབྱུང་བ་རླུང་འདུས་པ་ལས་སྨིན་པས་འདི་ནི་རབ་ཏུ་ཡང་པ་སྟེ། ཡེ་ཤེས་ཀྱི་རླུང་ལས་སུ་རུང་བའི་རྟགས་ཡིན་ནོ། །དེའི་གནས་གང་ནས་འབྱུང་ན། སྐལ་པ་དང་ལྡན་པ་དེའི་མཁལ་མ་ལས་འབྱུང་བ་ཡིན་ནོ་མཁའ་འགྲོ་མ། ཞེས་བསེ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་ནས། ད་ནི་ཉ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་པ་ནི་ཉ་རི་རམ་ནི་ཨིནྜ་སྟེ་ཞེས་པ་ལ་སོགས་བསྟན་ཏེ། ཉ་རི་རམ་གྱི་ཁ་དོག་ལ་སོགས་པ་ནི་གང་ཞེ་ན། ཨིནྜ་ནི། ཁ་དོག་ལྗང་གུའོ། །ཆེ་ཆུང་གི་ཚད་ནི་ཉུངས་ནག་གི་འབྲུ་ཙམ་ལ་ཁ་དོག་ལྔ་གཏིང་ནས་གསལ་བའོ། །འདིའི་རྒྱུ་གང་ལས་བྱུང་ན། ཤེས་པ་འགྱུར་བའི་དྭངས་མ་ལས་ལྗང་གུ་འབྱུང་བ་ནི། ཡེ་ཤེས་ཀྱི་ལས་མཐར་ཕྱིན་པའི་རྟགས་ཡིན། ཤེས་པ་གཅིག་ཏུ་གནས་པའི་དྭངས་མ་ལས་བྱུང་བས་ཉུངས་ནག་གི་འབྲུ་ཙམ་དུ་བྱུང་བ་ཡིན་ཏེ། འདི་ནི་དོན་དམ་གྱི་ཐིག་ལེ་ལས་འབྱོངས་པའི་རྟགས་ཡིན་ནོ། །འདིའི་གནས་ནི་སྐལ་ལྡན་དེའི་གློ་བའི་སྟེང་ནས་འབྱུང་བ་ཡིན་ནོ། །ཞེས་ཉ་རི་རམ་གྱི་ཁ་དོག་ལ་སོགས་པ་བསྟན་ནས། ད་ནི་སྤྱིའི་དབྱིངས་དང་རིང་བསྲེལ་གྱི་རྣམ་པ་བསྟན་པ་ནི། འདི་ཀུན་སྤྱིའི་དབྱིབས་ཟླུམ་ལ་འདྲིལ། །ཞེས་པ་ལ་སོགས་པས་བསྟན་ཏེ། གདུང་འདི་ཀུན་གྱི་སྤྱིའི་དབྱིབས་ནི་ཟླུམ་ལ་རབ་ཏུ་འདྲིལ་བར་མཐུན་པའོ། །དེ་ཀུན་གྱི་གཏིང་ནས་འོད་ལྔ་གསལ་ཞིང་ཁ་དོག་ལྔ་རང་མ་འདྲེས་པར་རང་གསལ་བར་ཡོད་པ་མཐུན་ནོ། །གདུང་གི་རྣམ་པ་འདི་དང་ཡང་ནི་འདྲ་བའི། རིང་བསྲེལ་བྱ་བ་ཉིད་རབ་ཏུ་ཕྲ་མོས་ཏེ། ཆེ་ཆུང་གི་ཚད་ཏིལ་གྱི་འབྲུ་ཙམ་དང་། ཡང་ན་ཉི་ཟེར་གྱི་རྡུལ་གྱི་ཚ་ཙམ། གདུང་དང་རིང་བསྲེལ་གྱི་ཁྱད་པར་ནི། རིང་བསྲེལ་འདི་ནི་འབྱུང་བས་བཤིགས་པར་ནུས་ཏེ། མེས་འཚིག་པ་དང་། རླུང་གིས་ཁྱེར་བ་དང་། ས་རྡོས་གཅོད་པ་དང་། ཆུས་ཁྱེར་བར་ནུས་པས། འདིའི་འབྲས་བུ་གང་ཟག་འདིས་ནི་སྤྲུལ་པའི་ཞིང་ཁམས་སུ་ངལ་གསོ་བ་ཡིན་ནོ། །ཞེས་རིང་བསྲེལ་བསྟན་ནས། ད་ནི་དེ་དག་གི་འབྲས་བུའི་ཁྱད་པར་དང་སོ་སོའི་གནས་བསྟན་པ་ནི། གདུང་ནི་སུས་ཀྱང་འཇིག་མི་ནུས་ཞེས་པ་ལ་སོགས་པས་བསྟན་ཏེ། གོང་གི་གདུང་དེ་དག་ནི་ལྕགས་ཀྱི་རྡོ་གཏུན་གྱི་བར་དུ་བཏིམ་ཀྱང་འཇིག་པར་མི་ནུས་པ་ཡིན་ནོ། །ཤིན་ཏུ་སྲ་སྟེ་རྡོ་རྗེ་ཕ་ལམ་དང་འདྲ། ཁྲེགས་པ་ནི་འབྱུང་བ་བཞིའི་གནོད་པ་དང་བྲལ་ཏེ། སྔོན་དུ་འབྱུང་བ་བཞིས་དྭངས་མས་འབྱུང་བ་ཡིན་ལ། འཇིག་པ་ནི་སྐལ་པས་འཇིག་པའི་དུས་ན་མཁའ་འགྲོ་མས་ཕྱག་མཛད། ལ་ལས་བྱང་ཆུབ་སེམས་དཔའི་ས་ནས་ས་འཕར་བ་ཡིན་པས་ན། རིག་པ་སྐྱེ་འཇིག་དང་བྲལ་བར་རྟོགས་པའི་རྟགས་ཡིན། དེ་ཀུན་དང་བྲལ་བས་ན། གང་ཟག་རྟགས་འབྱུང་བ་འདི་ཀུན་གྱི་འཇིག་རྟེན་འདིའི་ཚད་ཟད་པའི་འོག་ཏུ་སངས་རྒྱས་ཐོབ་པའོ། །གདུང་གི་གནས་ནི་གོང་དུ་བཤད་པ་བཞིན་དུ་ཆོས་ཉིད་ཀྱི་བར་མ་དོ་ལ་སོ་སོའི་རིགས་ཀྱི་སངས་རྒྱས་ཀྱི་སྐུ་མཐོང་ནས་སངས་རྒྱའོ། །གདུང་དེ་དག་ཀྱང་རྒྱུ་ནི་སེམས་ཅན་རྣམས་ལ་ཡེ་ཉིད་ནས་སུས་ཀྱང་བྱས་པ་མེད་པར་སྐུ་དང་གདུང་འདི་དག་རང་བཞག་ཆེན་པོར་ཐོག་མའི་གཞི་ལ་གནས་ཏེ། འདིར་ནི་དེ་དག་སྨིན་པ་དང་མ་སྨིན་པའི་ཁྱད་པར་ནི་གོང་དུ་གོམས་པ་དང་མ་གོམས་པའི་ཁྱད་པར་ལས་འབྱུང་བ་ཡིན་ནོ། །དེའི་ཁྱད་པར་གྱི་གོམས་པ་རྣམས་ལ་མངོན་པར་འབྱུང་བ་དང་མ་གོམས་པ་རྣམས་ལ་བག་ལ་ཞ་ནས་དངོས་སུ་མི་སྣང་བའོ། །གོང་དུ་གདུང་གི་གནས་བསྟན་པ་དེ་བཞིན་དུ་སྐུ་ནི་གང་ཟག་གི་མགོ་ལས་འབྱུང་བ་དེ་བཞིན་དུ། ཡང་ན་རྒལ་པ་བརྩེགས་པའི་མཚམས་ནས་འབྱུང་བ་ཡིན་ནོ། །རིང་བསྲེལ་གྱི་གནས་ནི་ཚིག་མཚམས་ཀྱི་བར་རམ། ཡང་ན་ཤ་དང་ལྤག་པའི་བར་ནས་རིང་བསྲེལ། འདི་ཀུན་ལས་ནི་བསྐྱེད་ཅིང་འབྱུང་བ་ཡིན་ནོ། །ཞེས་དེ་དག་གི་འབྲས་བུ་དང་གནས་བསྟན་ཏེ། དེ་རྣམས་ཀྱིས་ནི་གདུང་གི་རྣམ་པ་ཇི་ལྟར་འབྱུང་བར་བསྟན་ནས། ད་ནི་འོད་ཀྱི་རྣམ་པ་ཇི་ལྟར་འབྱུང་བ་ལ་གཉིས་ཡོད་པའི། དང་པོ་འོད་ཀྱི་དབྱེ་བ་ངེས་པའི་རྟགས་བསྟན་པ་ནི། འོད་ལ་རྣམ་པ་གསུམ་ཡིན་ཏེ། །ཞེས་པ་ལ་སོགས་པས་བསྟན་ཏེ། འོད་ལ་ནི། འོད་ཀྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །འོད་ཀྱི་ངོ་བོ་ནི་གསལ་བྱེད་གཞན་དབང་དུ་མ་གྱུར་པ་ཉིད་ལ། ངེས་ཚིག་ནི་སྣང་བར་བྱེད་པས་ན་འོད། རྒྱུན་ཐུང་བས་ན་འོད་དོ། །དབྱེ་བ་ནི་སྣང་བ་སྤྱི་མཐུན་གྱི་འོད་དང་། བསོད་ནམས་ལས་ཀྱི་འོད་དང་། མྱང་འདས་ལམ་ཞུགས་ཀྱི་འོད་དང་། སྤྲུལ་པ་རྗེས་སྣང་གི་འོད་དང་། རིག་པ་རང་གི་ངོ་བོའི་འོད་དང་། སྣང་བ་སྤྱི་མཐུན་གྱི་འོད་ནི། ཉི་མ་དང་ཟླ་བ་དང་། སྐར་མའི་འོད་དང་། འཇའ་ཚོན་ལ་སོགས་པའོ། །བསོད་ནམས་ཀྱི་འོད་ནི་ལྷ་རྣམས་ཀྱི་འོད་ལ་བྱ། མྱང་འདས་ལམ་ཞུགས་ཀྱི་འོད་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་གྱི་འོད་ལ་སོགས་པའོ། །སྤྲུལ་པ་རྗེས་སྣང་གི་འོད་ནི། འཇིག་རྟེན་གྱི་སྤྲུལ་པ་དང་། འཇིག་རྟེན་མ་ཡིན་པའི་སྤྲུལ་པའི་འོད་དོ། །འཇིག་རྟེན་པ་ནི་ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པའི་འོད་དོ། །འཇིག་རྟེན་པ་མ་ཡིན་པ་རྣམས་ནི་སངས་རྒྱས་ཀྱི་སྤྲུལ་པའི་འོད་ཟེར་རྣམས་སོ། །རིག་པ་རང་གི་ངོ་བོའི་འོད་ནི། གྱེན་འགྲེང་དང་། རྩིབས་ཤར་དང་། མུ་ཁྱུད་དང་གསུམ་ཡིན་ནོ། །མཚན་ཉིད་སྟོང་པ་གསལ་བ་དང་། སྣང་བ་གསལ་བའོ། །སྟོང་པ་ཆོས་ཉིད་ལ་ཁྱབ་པའི་འོད་ཡེ་ཤེས་ལྔའི་མཚན་ཉིད་འཛིན་པའོ། །སྣང་བ་ལ་ཁྱབ་པ་ནི་སྣང་བ་ཙམ་ལ་ཁྱབ་པས་ས་བོན་གྱི་མཚན་ཉིད་འཛིན་ལ། སྣང་བ་བྱེ་བྲག་ལ་ཁྱབ་པས་རང་བྱུང་རང་ཤར་བའི་མཚན་ཉིད་འཛིན་པའོ། །འབྲས་བུ་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ངེས་པ་རྙེད་པར་འགྱུར་བ་ཉིད་ཡིན་ནོ། །དེ་ལྟ་བུ་ལས་རྣམ་པ་གསུམ་ནི་རིག་པ་རང་གི་ངོ་བོའི་འོད་ཡིན་ཏེ། མུ་ཁྱུད་འཁོར་ཡུག་དང་བཅས་པར་བྱུང་བ་ནི། གང་ཟག་འདི་ནི་བར་མ་དོ་ཡི་སྣང་བར། སྐད་ཅིག་མ་གཅིག་ལས་ནི་སངས་རྒྱས་ཀྱི་ས་ལ་འབྲས་བུ་ཐོབ་པའོ། །ཡང་འོད་ནི་རྩིབས་ལ་སྣང་ཞིང་འགྱུར་ན་སྐལ་ལྡན་འདི་ནི་བར་དོ་ཐ་མ་ལ་ལྷུན་གྲུབ་རིན་པོ་ཆེ་ལ་མངོན་པར་རྟགས་སྟོན་ནས་བྱང་བ་ཆོས་ཀྱི་སྐུ་དང་། ཆུབ་པ་ལོངས་སྐུ་ཉིད་རྙེད་དོ། །ཞེས་འོད་ཀྱི་དབྱེ་བ་ངེས་པའི་དོན་རྟགས་དང་ལྡན་པར་བསྟན་ནས། ད་ནི་འོད་ལ་བརྟེན་ནས་སངས་རྒྱས་པའི་སྐལ་ལྡན་ལ་སྤྲུལ་པའི་སྐུ་ཇི་ལྟར་འབྱུང་བ་བསྟན་པ་ནི། དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ་ཞེས་པ་ལ་སོགས་པས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་འོད་ལྔའི་དཀྱིལ་རིག་པ་འཁོར་ཡེ་ཤེས་ཉིད་དུ། རྟེན་གྱི་གང་ཟག་གང་ཞིག་བྱང་ཆུབ་རྙེད་པའི་མི་འདི་ནི་སྐལ་ལྡན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཡིན་པས། དེ་ཉིད་ཀྱིས་དེ་ལྟར་སངས་རྒྱས་ནས་སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས་ཕྱོགས་བཅུ་རུ་བཀྱེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་སྩོལ་བ་མེད་པར་རང་བཞིན་དུ་སྐལ་ལྡན་འདི་ཡིས་བྱེད་དོ་མཁའ་འགྲོ་མ་ཞེས་སྡུད་པ་པོ་ལ་ཉེ་བར་བོས་ཏེ་གདམས་པའོ། །སྐལ་པ་དང་ལྡན་པའི་རྣལ་འབྱོར་པ་དེ་ནི་དེ་བཞིན་ནོ། །ཞེས་སྤྲུལ་པའི་སྐུའི་འབྱུང་ལུགས་བསྟན་པ་སྟེ། དེ་དག་གིས་འོད་ཀྱི་རྟགས་དང་ལྡན་པའི་གང་ཟག་གིས་སངས་རྒྱས་ཀྱི་འབྲས་བུ་ཐོབ་ལུགས་བསྟན་པའོ། །ད་ནི་སྒྲའི་རྟགས་བྱུང་བའི་འབྲས་བུ་ཐོབ་ལུགས་བསྟན་པ་ལ་གཉིས་ཡོད་པའི་དང་པོ་སོ་སོའི་རིགས་དང་སངས་རྒྱ་བའི་འབྲས་བུ་ངེས་པར་བསྟན་པ་ནི། གང་དུ་འདས་པའི་གནས་ཁང་གི་ཞེས་པ་ལ་སོགས་པས་བསྟན་ཏེ། གྲུབ་པ་ཐོབ་པའི་རྟེན་གྱི་གང་ཟག་དེ་གང་དུ་འདས་པའི་གནས་ཁང་ནི། ཤར་གྱི་ཕྱོགས་ནས་ཤིན་ཏུ་ཉེ་བའི་སར། སྒྲ་ནི་ངོ་བོ་དང་ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའོ། །སྒྲའི་ངོ་བོ་ནི་ཡུལ་གང་ཡིན་པ་སློང་བར་བྱེད་པ་ཡིན་ལ། ངེས་ཚིག་ནི་མཚན་ཉིད་གསལ་བར་སྟོན་པས་སྒྲ་ཞེས་བྱ་ལ། དབྱེ་ན་བརྗོད་པའི་སྒྲ་དང་། གནས་པའི་སྒྲ་དང་། རང་བཞིན་གྱི་སྒྲ་དང་། རྟགས་མཚོན་པའི་སྒྲའོ། །བརྗོད་པ་ནི་སྐྱེས་བུའི་ཚིག་དང་བཅས་པས་ཡུལ་ལ་འཇུག་པར་བྱེད་པ་ཉིད་དོ། །གནས་པའི་སྒྲ་ནི་སེམས་ཅན་ཀུན་གྱི་རྩའི་ནང་ནས་རང་བཞིན་རྩ་གནས་ཀྱི་ཡི་གེ་སྒྲ་ཐམས་ཅད་ཀྱི་རྟེན་དུ་གནས་པའོ། །རང་བཞིན་གྱི་སྒྲ་ནི། བེམ་པོའི་སྒྲ་དང་། རིག་བཅས་ཀྱི་སྒྲ་སྟེ། བེམ་པོ་འབྱུང་བ་བཞིའི་སྒྲའོ། །འབྱུང་བའི་རྐྱེན་ཕྲད་པ་ལས་སྒྲ་བྱུང་བ་རྣམས་སོ། །རིགས་བཅས་ནི་འགྲོ་བ་རིགས་དྲུག་གི་སྐད་ཀྱི་བྱེ་བྲག་རྣམས་སོ། །རྟགས་མཚོན་པའི་སྒྲ་ནི། རང་སྒྲ་དང་། གཞན་སྒྲའོ། །རང་ནི་བརྗོད་པའི་ཚིག་ཙམ་གྱི་སྒྲ་ལ་བརྟེན་ནས་དོན་གཉིས་མེད་དུ་རྟོགས་པའོ། །གཞན་ནི་སྒྲ་བྱུང་བ་དེ་ལ་བརྟེན་ནས་རྒྱུ་ངེས་པར་སྟོན་པ་ཉིད་དོ། །སྒྲའི་མཚན་ཉིད་ནི། གང་གི་སྐད་སྟོན་པ་དེའི་རིག་ཤེས་པར་འགྱུར་བ་ཡིན་ལ། མཚན་ཉིད་ཐ་དད་པས་མཚོན་པའོ། །འབྲས་བུ་ལོངས་སྐུ་ཐོབ་པའོ། །དེ་ལྟ་བུའི་སྒྲ་ཤར་དུ་རབ་ཏུ་གྲགས་པ་ན། གང་ཟག་འདི་ནི་རྡོ་རྗེའི་རིགས་ཀྱི་ལོངས་སྐུའི་སངས་རྒྱས་སུ་འགྱུར་རོ། །དེ་བཞིན་ལྷོ་ཕྱོགས་སུ་ཡང་སྒྲ་ནི་གོང་ལྟར་ཉེ་བར་གྲགས་ན་རིན་པོ་ཆེའི་རིགས་སུ་སྣང་བ་མཐའ་ཡས་པའི་འོད་དང་བཅས་པའི་ལོངས་སྐུར་འགྱུར་རོ། །ཡང་ནུབ་ཏུ་བྱུང་ན་པད་མའི་རིགས་ཀྱི་ལོངས་སྐུ་དེ་བཞིན་ནོ། །དེ་ལྟར་ན་བྱང་དུ་བྱུང་ན་ལས་ཀྱི་རིགས་སུ་འགྱུར་བ་ཡིན། དེ་བཞིན་དུ་སྟེང་དུ་སྒྲ་བྱུང་ན་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུར་འགྱུར་བ་ཡིན་ནོ། །སྒྲ་ཡི་རང་བཞིན་ནི་འདི་ལྟ་བུ་སྟེ། དང་པོ་འུར་ཞེས་རིང་བར་གནས་ཞིང་དེའི་འཕྲོས་ཐུག་པ་གསུམ་རྩེགས་དང་བཞི་རྩེག་དང་ལྡན་པ་རྡོ་རྗེའི་རིགས། དེ་བཞིན་དུ་རྒྱུན་རིང་བ་སྟེ་བར་ཆད་མེད་པར་རིན་པོ་ཆེ། འཇམ་པ་སྟེ་ཡུན་དུ་ཕྲ་ལ་ཐུག་པ་མེད་པ་པད་མ། དལ་བས་ཏེ་སྒྲ་མཐུག་པ་ལས་ཀྱི་རིགས། རིང་པོའི་སྒྲ་སྟེ་ནར་གྱིས་སོང་ནས་འཇུག་ལ་ལྡིགས་པ་ནི། དེ་བཞིན་གཤེགས་པའི་རིགས་སོ། །དེ་ཡང་ཞི་བའི་ལོངས་སྐུ་དང་མཉམ་པར་སྦྱོར་བ་ཤིན་ཏུ་ཡུན་རིང་བར་འདིར་འོང་ལ། ཁྲོ་བོའི་ཁྱད་ནི་ཐུག་ཐུག་མང་ཞིང་རབ་ཏུ་ངར་བའི་སྒྲ་དང་ལྡན་པ་ཉིད་ཀྱིས་སོ། །ཞེས་སོ་སོའི་རིགས་དང་འབྲས་བུ་བསྟན་ནས། འབྲས་བུའི་མིང་ངེས་པ་ནི། དེ་ལྟར་གང་ཟག་དེ་སྒྲ་དང་ལྡན་པར་བྱུང་ན། སྐྱེས་བུ་འདི་ནི་ལོངས་སྤྱོད་རྫོགས་སྐུ་ཞི་བ་དང་ཁྲོ་བོའི་འབྲས་བུ་ཐོབ་པར་ངེས་པའོ། །རྟེན་གྱི་གང་ཟག་དེ་ཀུན་ལོངས་སྐུའི་ཚེ། སྐལ་པ་གྲངས་མེད་པ་བདུན་དུ་གནས་ནས། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ས་མཉམ་པ་ཆེན་པོར་གནས་པའི་ཚེ། སྣང་བ་དང་སྟོང་པ་ལ་ལྟར་ལོངས་སྤྱད་ནས་གཞན་དོན་ལ་འཇུག་ཅིང་། རང་དོན་རྫོགས་ནས་ཀྱང་སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུ་ཡང་ཉི་མ་ལས་འོད་བཞིན་དུ་འབྱུང་བར་ནུས་སོ། །དེ་ལྟར་ན་འདི་ནི་ནུས་དང་ཞེས་པས་སྔོན་སྟོབས་ཀྱི་ནུས་པ་བསགས་པ་ཁྱད་པར་ཅན་ལས་འབྱུང་བ་དང་། ལས་ཀྱི་མཐུའི་ནུས་པ་རྣམ་སྨིན་གྱི་བག་ཆགས་ཁྱད་པར་ཅན་ལས་གྱུར་པ་སྟེ། དེ་ཡང་རང་ཤུགས་ཀྱི་ནུས་པ་བེམ་པོའི་རྣམ་པ་ལྟ་བུ་ཡིན་པས། མོས་པའི་ནུས་པས་འབད་རྩོལ་ལས་བྱུང་བ་ནི་མ་ཡིན། བཅད་པའི་ནུས་པ་སྐྱོན་བསལ་བ་ཡང་མ་ཡིན་ལ། བྱིིན་བརླབས་ཀྱི་ནུས་པ་རྒྱུན་མི་རྟག་པ་ཡང་མ་ཡིན་ལ། སྔོན་སྟོབས་ཀྱི་ནུས་པ་བསགས་པ་ཁྱད་པར་ཅན་ལས་བྱུང་བ་མི་འགྱུར་བར་འཕེལ་བར་ནུས་པ་ལ། ལས་ཀྱི་མཐའི་ནུས་པ་རྣམ་སྨིན་གྱི་བག་ཆགས་ཁྱད་པར་ཅན་ལས་བྱུང་བ་ནི་གྲུབ་པས་ཏེ། ལྡོག་པའི་ནུས་པ་མེད་ཅིང་འཇུག་པའི་ནུས་པ་ཐོགས་པ་མེད་པའམ་མཐུན་པ་ནི། དེ་ལྟ་བུའི་ནུས་པ་དེ་དང་སུ་མཐུན་ན་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དང་མཐུན། ཅིའི་ཕྱིར་མཐུན་ན་སྔོན་སྟོབས་དང་ལས་ཀྱི་མཐའི་སྟོབས་ཀྱིས་མཐུན། དེ་ལྟར་མཐུན་པས་དོན་གང་བྱེད་ན། རང་དོན་དུ་ཞེས་བྱ་རང་གི་མཚན་ཉིད་དང་སོ་སོའི་གནས་ལུགས་ཤེས་ལ། གཞན་དོན་དུ་ཤེས་བྱ་གཞན་གྱི་མཚན་ཉིད་གདུལ་བྱའི་བསམ་པ་ཤེས་པའོ། །དེ་ལྟར་ཤེས་པས་འཇུག་པ་ནི་ཟག་པ་དང་། ཟག་མེད་ཀྱི་འཇུག་པ་དང་། མཁྱེན་པའི་ཡེ་ཤེས་ཀྱི་འཇུག་པའོ། །ཟག་པ་ནི་ཕུང་པོའི་ཟག་པ་རྣམས་རང་བཞག་རང་གྲོལ་པས་འབྲས་བུ་གཟུགས་ཀྱི་སྐུ་གཉིས་ལ་འཇུག་པ་སྟེ། ཕུང་པོ་གཟུགས་ཕྲ་རགས་ཆེད་དུ་འཛིན་པ་བདག་ཏུ་རྟོག་ཅིང་སྤྱོད་པ་མེད་པས། ཉན་ཐོས་ཀྱི་ཆོས་མ་ཡིན། གཟུགས་ཀྱི་ཕུང་པོའི་མཐའ་ལས་རྣམ་པར་རྟོག་པའི་མིང་ཙམ་དུ་འཛིན་པའི་བློ་མེད་པས་རང་རྒྱལ་ཉིད་ཀྱི་ཆོས་ཉིད་མ་ཡིན། གཟུགས་ཀྱི་འཕྲ་བ་ཀུན་ཞེན་པའི་བློའི་ཀུན་རྫོབ་ཡུལ་ལས་འདས་པས་བྱང་སེམས་ཀྱི་ཆོས་མ་ཡིན་པས། གཟུགས་ཀྱི་ཕུང་པོ་བདག་མ་ཡིན་ལ། བདག་ཉིད་ཀྱང་གཟུགས་ཀྱི་ཕུང་པོ་མ་ཡིན་པས། གཟུགས་ཀྱི་དེ་བཞིན་ཉིད་ཅེས་དོན་དམ་པ་ལ་གྲུབ་པ་མེད་པས། འབྲས་བུའི་གཟུགས་དང་། རྒྱུའི་གཟུགས་སུ་གྲུབ་པ་མེད་པ་ནི། ཀུན་རྫོབ་གཟུགས་ཀྱི་དེ་བཞིན་ཉིད་དེ་སྣང་བའི་ཆ། དེ་དག་རྣམས་རང་བཞིན་གཉིས་མེད་དུ་གནས་པས་དོན་དམ་པའི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་ཟག་པའི་དེ་བཞིན་ཉིད་ཤེས་པས་ཆོས་ཐམས་ཅད་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །གང་ལ་རེག་པའམ་ཉམས་སུ་མྱོང་བ་ཡོད་པ་དེ་ནི་ཚོར་བའི་ཟག་པ་སྟེ། འདི་ཉིད་སྙམ་བྱེད་བློ་དང་བྲལ་བས་ཤེས་རབ་ཡིན་པར་ཤེས་པས། ཡིད་དཔྱོད་ཚིག་ཏུ་མེད་དེ། རང་གི་དོན་མངོན་སུམ་དུ་ཤེས་ཤིང་མཐོང་བ་དེ་ནི་ཀུན་རྫོབ་ཚོར་བའི་དེ་བཞིན་ཉིད་དེ་ཡང་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མ་ཡིན་པས་ན་དོན་དམ་ཚོར་བའི་དེ་བཞིན་ཉིད་དེ་དེ་ལྟར་ན་ཚོར་བའི་ཟག་པ་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །འདུ་ཤེས་ཀྱི་ཟག་པ་ནི་གང་ལ་ལྟ་བསྒོམ་གྱི་ཚིག་དང་དེའི་བྱེད་པ་ནི་འདུ་ཤེས་ཀྱི་ཟག་པ་སྟེ། འདི་ནི་འབད་རྩོལ་དམིགས་གཏད་དང་བྲལ་བར་ཤེས་ནས་རང་བཞག་ཉིད་དེ། དེ་ལ་བསྒོམ་བསྒྲུབ་བར་ཆད་པའི་རྐྱེན་དང་བྲལ་བས་དེ་ཉིད་ཀུན་རྫོབ་འདུ་ཤེས་ཀྱི་དེ་བཞིན་ཉིད་དེ། དེ་ཡང་བརྡ་ཐབས་དང་བྲལ་བས་དེ་ནི་དོན་དམ་འདུ་ཤེས་ཀྱི་དེ་བཞིན་ཉིད་ལ། དེ་ལྟར་ན་འདུ་ཤེས་ཀྱི་ཟག་པའི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་འགྱུར་རོ། །འདུ་བྱེད་ཀྱི་ཟག་པ་ནི་གང་ལ་མངོན་པར་འདུ་བྱེད་པ་སྟེ། དེ་ཉིད་ཡིད་དཔྱོད་ཚིག་གིས་སྒྲོས་མ་བཏགས་པ་ནི། ཀུན་རྫོབ་འདུ་བྱེད་ཀྱི་དེ་བཞིན་ཉིད་ལ། དེ་ལ་རྟོག་པའི་ཞེན་པ་རང་ཆོད་པ་ནི། དོན་དམ་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་བྱེད་ཀྱི་ཟག་པའི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པའོ། །རྣམ་པར་ཤེས་པའི་ཟག་པ་ནི། ཀུན་གཞིའི་རྣམ་ཤེས་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ལ་འཇུག་པ་རྗེས་འགྲོ་དང་བཅས་པ་སྟེ། ཀུན་གཞི་ཆོས་ཀྱི་སྐུ་མ་ཡིན་པར་ཤེས་པ་ནི། ཀུན་རྫོབ་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ཉིད་དབང་པོ་ལ་རྣོ་བཏུལ་གྱི་ཞེན་པ་དང་བྲལ་བ་ནི། དོན་དམ་རྣམ་པར་ཤེས་པའི་དེ་བཞིན་ཉིད། དེ་ལྟར་རྣམ་པར་ཤེས་པའི་ཟག་པའི་དེ་བཞིན་ཉིད་ཤེས་ན་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པ་ནི་ཟག་པའི་འཇུག་པ་སྟེ། ཕུང་པོ་ལྔའི་བདག་རང་བཞིན་མེད་པར་ལས་ཕུང་པོ་ལྔ་ཐ་དད་དུ་འཛིན་པའི་ཞེན་པ་ལ་སོགས་པས། ཕུང་པོའི་ཟག་པ་མེད་པ་ལ་འཇུག་པའོ། །ཟག་མེད་ཀྱི་འཇུག་པ་ནི། དེ་ལྟར་ན་ཉོན་མོངས་པའི་ཟག་པ་རྣམས་རང་བཞག་རང་གྲོལ་དུ་ཤེས་པས། གཉེན་པོ་གཞན་ལ་རག་མ་ལས་ཏེ། འདོད་ཆགས་ཉིད་ནི་འདོད་ཆགས་ཉིད་ཀྱིས་གྲོལ། འདོད་ཆགས་ཀྱིས་འདོད་ཆགས་མ་གྲོལ་ན་འདི་ལྟར་སྲིད་པའི་ཆོས་ཀྱི་མཐའ་ལྡོག་མི་སྲིད། དེ་ཡང་འདོད་ཆགས་རང་བཞག་པས་དྲི་མ་རང་སར་གྲོལ་བ་ནི་དཔེར་ན་ཆུའི་རྙོག་མ་ཉིད་མ་རྙོགས་པར་རང་སར་གཞག་པས་གྲོལ་བ་དང་འདྲ། འདི་ལ་གཉེན་པོས་གྲོལ་ན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གཉེན་པོར་ཡེ་ཤེས་ཏེ། ཉོན་མོངས་པ་ཉིད་ཡེ་ཤེས་ཀྱིས་གྲོལ་ན། འདིའི་དུས་ན་ཡེ་ཤེས་སུ་འཛིན་པའི་ཞེན་པ་དེ་གང་གིས་གྲོལ་དེ་ཡེ་ཤེས་རང་གི་གྲོལ་ན་འདོད་ཐོག་སྟེ། ཉོན་མོངས་པ་ཉིད་ཉོན་མོངས་པ་ཉིད་ཀྱིས་གྲོལ་བའི་ཕྱིར། གཉེན་པོ་གཞན་ཞིག་ཡོད་ན་ནི་གཉིས་པོ་ལ་ཐུག་པ་མེད་པར་འགྱུར་བའི་སྐྱོན་སྤང་བར་མི་ནུས་སོ། །དེ་ལྟར་ན་འདོད་ཆགས་ཉིད་རང་སར་བཞག་པས་དེ་ཉིད་རང་ས་ན་གྲོལ་བ་ནི། ཉོན་མོངས་པའི་ཟག་པའི་འཇུག་པ་སྟེ། དེ་ཉིད་ལ་ཞུགས་པས་ཉོན་མོངས་པའི་བག་ཆགས་ཅིག་ཆར་དུ་གྲོལ་བས་ན། ཉོན་མོངས་པའི་ཟག་པ་མེད་པའི་འཇུག་པ་སྟེ། དེ་ལྟར་ན་ཟུང་དུ་འཇུག་པ་དང་། ཟུང་ལ་འཇུག་པ་དང་། ཟུང་གིས་འཇུག་པ་དང་། ཟག་པ་དང་། ཟག་པ་མེད་པའི་འཇུག་པའོ། །མཁྱེན་པའི་ཡེ་ཤེས་ཀྱི་འཇུག་པ་ནི། དེ་ལྟར་རང་བཞག་རང་གྲོལ་དུ་ཤེས་པས། འཁོར་འདས་གཉིས་ཟུང་དུ་འཇུག་པ་སྟེ། འཁོར་བ་མྱང་འདས་ལ་ཞུགས་པས་རྩོལ་བྲལ་བཞག་པའི་དོན་མཁྱེན་ལ། མྱང་འདས་ཉིད་འཁོར་བ་ལ་ཞུགས་པས་འཁྲུལ་གཞི་སྣ་ཚོགས་པ་མཁྱེན་པ་ཡིན་ལ། འཁོར་འདས་གཉིས་མེད་དུ་ཞུགས་པས་རོལ་པ་འགགས་མེད་དུ་མཁྱེན་པའོ། །དེ་ལྟར་འཁོར་འདས་གཉིས་ནི་ཟུང་སྟེ་དོན་གྱིས་ཟླའོ། །འཁོར་བའི་བློ་འདས་པ། འདས་པའི་བློ་འཁོར་བ་སྟེ། དེ་ལྟར་གཉིས་མེད་ཟུང་འཇུག་ཏུ་མཁྱེན་པས། རང་བཞིན་གནས་སུ་དག་པ་ནི། དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པ་དང་འདྲའོ། །དེ་ལྟར་ཐབས་ཤེས་རབ་ཟུང་འཇུག་ནི། ཐབས་ཀྱིས་ཤེས་རབ་ལ་ཞུགས་པས་ཚིག་གི་མཐའ་བཅད་པས། ཡིད་དཔྱོད་སྙམ་བྱེད་མེད་པར་མཁྱེན། ཤེས་རབ་ཀྱིས་ཐབས་ལ་ཞུགས་པས་བདེ་བ་རང་རྒྱུད་པའི་ཞེན་པ་རང་བཅད་ནས་ཐབས་ཀྱིས་བཅིངས་པ་ལས་རང་གྲོལ་བར་མཁྱེན། ཐབས་དང་ཤེས་རབ་གཉིས་མེད་དུ་ཞུགས་པ་ཐིག་ལེ་ཉག་གཅིག་ཟླ་དང་བྲལ་བར་མཁྱེན་པའོ། །དེ་ལྟར་སྣང་བ་སྟོང་པ་ལ་ཞུགས་པས་སོ་སོ་རང་རྒྱུད་དུ་འཛིན་པའི་ཞེན་པ་རང་སར་གྲོལ་བར་མཁྱེན། སྟོང་པས་སྣང་བ་ལ་ཞུགས་པས་རགས་པའི་སྣང་བ་ཐམས་ཅད་རང་བཞིན་རྣམ་པར་མཁྱེན། སྣང་སྟོང་གཉིས་མེད་དུ་ཞུགས་པས་གནས་ལུགས་སུ་རང་གྲོལ་བར་མཁྱེན་པའོ། །བདེ་སྡུག་ཟུང་འཇུག་ནི། བདེ་ནས་སྡུག་བསྔལ་ལ་ཞུགས་པས་སྡུག་བསྔལ་བདེ་བ་ཆེན་པོར་སྤྱོད་སྡུག་བསྔལ་བདེ་བ་ལ་ཞུགས་པས་ལྷུན་འགྲུབ་འགགས་པ་མེད་པར་མཁྱེན། བདེ་སྡུག་གཉིས་མེད་དུ་ཞུགས་པ་ལས་སྡུག་བསྔལ་རྒྱུན་ཆད་པར་མཁྱེན་པའོ། །ཡོད་མེད་ཟུང་འཇུག་ནི། ཡོད་པས་མེད་པ་ལ་འཇུག་པས་བཏགས་པའི་མིང་བདག་འཛིན་མེད་པར་མཁྱེན། མེད་པས་ཡོད་པ་ལ་ཞུགས་པས་གདགས་གཞི་གང་དུ་ཡང་མ་འགགས་པར་མཁྱེན། ཡོད་མེད་གཉིས་མེད་དུ་ཞུགས་པས་གདགས་བྱ་གདགས་གཞི་ཐ་དད་པ་མ་ཡིན་པར་མཁྱེན་པའོ། །ཡིན་མིན་ཟུང་འཇུག་ནི། ཡིན་པས་མིན་པ་ལ་ཞུགས་པས་གོལ་སྒྲིབ་སྣ་ཚོགས་པར་མཁྱེན། མིན་པས་ཡིན་པ་ལ་ཞུགས་པས་སྐྱོན་ངོས་ཟིན་པར་མཁྱེན་པ་དང་། ཡིན་མིན་གཉིས་མེད་དུ་ཞུགས་པས་རྫོགས་པ་ཆེན་པོ་ཡང་བླང་དོར་བྲལ་བར་མཁྱེན་པའོ། །རིག་དང་མ་རིག་ཟུང་འཇུག་ནི། མ་རིག་པས་རིག་པ་ལ་ཞུགས་པས་འཁྲུལ་པའི་རྩ་བ་རང་ཆོད་པར་མཁྱེན་པ་དང་། རིག་པས་མ་རིག་པ་ལ་ཞུགས་པས་འཁྲུལ་གཞི་གཞི་ལས་རང་ལོག་པར་མཁྱེན་པ་དང་། རིག་མ་རིག་གཉིས་མེད་དུ་རང་ཞུགས་པས་འཁྲུལ་དང་མ་འཁྲུལ་བརྡར་ཤ་ཆོད་པར་མཁྱེན་པའོ། །སངས་རྒྱས་སེམས་ཅན་ཟུང་འཇུག་ནི། སངས་རྒྱས་ཀྱིས་སེམས་ཅན་ལ་ཞུགས་པས་མཉམ་པ་རིས་མེད་དུ་མཁྱེན་པ་དང་། སེམས་ཅན་གྱིས་སངས་རྒྱས་ལ་ཞུགས་པས་འབྲས་བུ་རྣམ་དག་ཏུ་མཁྱེན་པ་དང་། སངས་རྒྱས་སེམས་ཅན་གཉིས་མེད་དུ་ཞུགས་པས་རྣམ་དག་ཡེ་གྲོལ་དུ་མཁྱེན་པའོ། །དོན་དམ་ཀུན་རྫོབ་ཟུང་འཇུག་ནི། ཀུན་རྫོབ་ཀྱིས་དོན་དམ་ལ་ཞུགས་པས་མ་སྤངས་རང་དག་ཏུ་མཁྱེན་པ་དང་། དོམ་དམ་ཀུན་རྫོབ་ལ་ཞུགས་པས་བདེན་པ་དབྱེར་མེད་དུ་མཁྱེན་པ་དང་། དེ་གཉིས་མེད་དུ་ཞུགས་པ་ཅེར་སྣང་ཡོངས་གྲོལ་དུ་མཁྱེན་པའོ། །སྐྱོན་ཡོན་ཟུང་འཇུག་ནི། སྐྱོན་ཡོན་ཏན་ལ་ཞུགས་པས་སེལ་མེད་པར་རང་སྣང་དུ་མཁྱེན་པར། ཡོན་ཏན་གྱིས་སྐྱོན་ལ་ཞུགས་པས་ཡེ་མེད་རང་རྫོགས་སུ་མཁྱེན་པ་དང་། སྐྱོན་ཡོན་གཉིས་མེད་དུ་ཞུགས་པས་མཐའ་བཞི་རང་གྲོལ་བར་མཁྱེན་པའོ། །དེ་ལྟར་ན་འཁོར་འདས་ཟུང་འཇུག་དང་གཅིག །ཐབས་ཤེས་རབ་ཟུང་འཇུག་དང་གཉིས། སྣང་སྟོང་ཟུང་འཇུག་དང་གསུམ། བདེན་བརྫུན་ཟུང་འཇུག་དང་བཞི། ཡོད་མེད་ཟུང་འཇུག་དང་ལྔ། ཡིན་མིན་ཟུང་འཇུག་དང་དྲུག །རིག་པ་དང་མ་རིག་ཟུང་འཇུག་དང་བདུན། ས་སངས་རྒྱས་སེམས་ཅན་ཟུང་འཇུག་དང་བརྒྱད། དོན་དམ་ཀུན་རྫོབ་ཟུང་འཇུག་དང་དགུ། སྐྱོན་ཡོན་ཟུང་འཇུག་དག་བཅུ་ཡིས་ནི། མཁྱེན་པའི་ཡེ་ཤེས་ཀྱི་འཇུག་པ་སྟེ། མཁྱེན་པའི་ཡེ་ཤེས་ཀྱི་ཆའི་འཇུག་པ་ནི། རྟོག་དང་མ་རྟོག་གཉིས་ཟུང་འཇུག་ཏུ་འཇུག་པར། བསྒོམ་པ་དང་མ་བསྒོམ་པ་གཉིས་ཟུང་དུ་འཇུག་པར། གཉིས་ཆའི་འཇུག་པ་དེ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆའི་འཇུག་པའོ། །དེ་ལྟར་ཀྱང་གང་འཇུག་ན་ཟུང་འཇུག །གང་གིས་འཇུག་ན་འཁོར་འདས་ལ་སོགས་པར་ཟག་པ་དང་ཟག་པ་མེད་པ་ལ་སོགས་པས་འཇུག །གང་ལ་འཇུག་ན་སོ་སོའི་ཕན་ཚུན་ནས་འཇུག །ཅིའི་ཕྱིར་འཇུག་ན་ཆོས་ཐམས་ཅད་གྱི་དོན་གཅིག་པའི་ཕྱིར་འཇུག །དེ་ལྟར་ཞུགས་པ་ལ་དགོས་པ་ཅི་ཡོད་ན། ཆོས་ཐམས་ཅད་གཉིས་མེད་དུ་རྟོགས་པའི་དགོས་པ་ཡོད་པའོ། །དེ་ཡང་འབྲུ་རེ་བསྡུས་པའི་དོན་དུ་སྡེབས་ན། ནུས་པ་རབ་ལས་བྱུང་། དེ་གང་ཟག་དང་མཐུན། དེ་ལྟར་མཐུན་པ་གཉིས་མེད་དུ་འཇུག་པའོ། །ཐབས་ནི་ནུས་པའི་ཐབས་དབང་བཞི་རྫོགས་པར་བྱས་པས་གོང་གི་ནུས་པ་གཉིས་ལ་སྤྱོད་པ་ནུས་པ་ཡིན་ལ། མཐུན་པའི་ཐབས་ནི། རང་དོན་རྟོགས་པའི་ཐབས་རིག་པ་མངོན་གསུམ། གཞན་དོན་ཐབས་ཀྱི་མན་ངག་འབྱུང་བ་རྩིས་སྦྱོར་ཀྱི་ཡི་གེ་གཉིས་སྡེབས་མཐུན་ལ། འཇུག་པའི་ཐབས་ནི་ཟག་པ་རང་གྲོལ་དུ་མཁྱེན་པས་རང་ཀ་མ་རང་གྲོལ་གྱི་ཐབས་དང་། རང་ཀ་མ་རང་བཞག་ཏུ་མཁྱེན་པས་ཟག་མེད་རང་གཞག་གི་ཐབས་སོ། །དེ་ཡང་སོ་སོའི་མཚན་ཉིད་གཉིས་མེད་དུ་མཁྱེན་པས་ཡེ་ཤེས་ཀྱི་ཐབས་རྫོགས་པ་ཆེན་པོ་ལ་རེ་དྭོགས་དང་སྤང་བླང་ལས་འདས་པ་ཡིས། དེ་ཉིད་མཐར་ཐུག་རང་གྲོལ་བར་ཡིན་པར་རྟོགས་པས་ན་ཐབས་ཀྱིས་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་བྱས་ནས། ཐབས་དེ་དག་ལས་བརྟེན་པས་གོང་མའི་རྟགས་དེ་དག་འབྱུང་བ་ཡིན་ལ། དེ་ལྟར་རྟགས་བྱུང་བས་འབྲས་བུ་སངས་རྒྱ་བ་ཡིན་ནོ། །དེ་ཡང་ཕ་རོལ་དུ་ཕྱིན་པས་ནི་སྐལ་པ་དཔག་ཏུ་མེད་པར་བསྒོམ་ཀྱང་། རྟགས་འབྱུང་མི་སྲིད་རྟགས་མ་བྱུང་ན་སངས་རྒྱས་མིན་པའོ། །དེ་ལྟར་ན་དོན་གྱིས་ཕ་རོལ་ཏུ་ཕྱིན་པས་སངས་རྒྱ་བའི་ཕྱིར་ཏེ། འདི་ནི་འབྲས་བུ་གསང་སྔགས་ཀྱི་ལམ་དུ་འཇུག་པའི་སྟེགས་ཡིན་པས་ན། ལམ་དེ་ལ་བརྟེན་ན་གསང་སྔགས་ཀྱི་ལམ་ལ་ཞུགས་ན་སངས་མི་རྒྱ་བའི་ཕྱིར་ན། གསང་སྔགས་ལ་འཇུག་པའི་ངལ་གསོའི་གནས་སམ་ལམ་སྟེགས་ཡིན། ཕ་རོལ་ཏུ་ཕྱིན་པས་སྔགས་ལ་ཞུགས་ནས་སངས་རྒྱ་བའི་ཕྱིར་ན། འདིའི་ས་ལ་མཐར་ཕྱིན་པའོ། །ཞེས་སྒྲའི་རྟགས་རྫོགས་པའི་སྤྲུལ་པའི་སྐུའི་ནུས་པ་འབྱིན་པ་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའ་ལམ་ལ་གོམས་པའི་ཐུན་མོང་གི་ཡོན་ཏན་ས་གཡོ་བའི་མཚན་ཉིད་བསྟན་པ་ལ། གཉིས་ཀྱིས་བསྟན་པའི་དང་པོ་སོ་སོའི་རིགས་ངེས་པའི་ཚད་བསྟན་པ་ནི། ས་ནི་གཡོ་བའི་སྐྱེས་བུ་དེས། །ཞེས་པ་ལ་སོགས་པས་བསྟན་ཏེ། ས་ནི་སའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་འབྲས་བུའོ། །སའི་ངོ་བོ་ནི་འདེགས་ཞིང་ཁྱབ་པའམ་བསྐྱེད་པར་བྱེད་པའོ། །ངེས་ཚིག་ནི་འདེགས་ཤིང་གྲོལ་བ་འཛིན་པས་ན་ས་དང་། གཡོ་ཞིང་འབར་བར་བྱེད་པས་ན་ས་དང་། བསྐྱེད་ཅིང་ཆགས་པར་བྱེད་པས་ན་སའོ། །དབྱེ་བ་ནི་བཏགས་པ་མིང་གིས་ས་མིང་དུ་བཏགས་པ་རྣམས་དང་། འགྲོ་བའི་གཞི་འཛིན་རགས་པའི་ས་ཕྱི་ནང་རྫས་སུ་ཡོད་པ་འདི་དང་། བསགས་པ་ཡོན་ཏན་གྱི་ས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། གསང་སྔགས་རྣམས་ཡིན་ནོ། །མཚན་ཉིད་ནི་ཁྱབ་པ་གཞི་ཆེ་བ་དང་། བརྟན་པ་འཛིན་པ་དང་། ལྕི་ཞིང་སྲ་བ་ཆེ་བའོ། །འབྲས་བུ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་གྱི་དངོས་གྲུབ་ཐོབ་པའོ། །དེ་ལྟ་བུའི་ས་གཡོ་བ་ནི་རླུང་གི་ལས་ཀྱི་འབྱེད་པའོ། །སྐྱེས་བུ་དེའི་ལུས་སེམས་བྲལ་བའི་ཚེ། དབུགས་དང་བྲལ་མ་ཐག་པའི་ཚེ་ས་གཡོས་དབུས་སུ་བྱུང་ན། གང་ཟག་འདིས་ནི་ཉན་ཐོས་ཀྱི་ས་ཐོབ་པའོ། །དེ་བཞིན་ཤི་ནས་ཞག་ནི་གསུམ་ན་ཡང་དེ་ཉིད་ཀྱི་ཤར་དུ་ས་གཡོས་བྱུང་ན། གང་ཟག་འདི་ནི་རང་སངས་རྒྱས་ཀྱི་ས་ཐོབ་པའོ། །ཡང་ཚེ་འདས་ནས་ཞག་དྲུག་ནས། ལྷོ་ནས་ས་གཡོས་བྱུང་། གང་ཟག་འདིས་ནི་བྱང་ཆུབ་སེམས་དཔའི་ས་ལ་འཇུག་གོ་མཁའ་འགྲོ་མ། ཞེས་གདམས་པའོ། །ཡང་གང་ཟག་གཅིག་ཤི་ནས་གལ་ཏེ་ཞག་དགུ་ན་སྟེང་གི་ནམ་མཁའ་ཤིག་གིས་ས་ནི་གཡོ་བར་གྱུར་ན་ནི། གང་ཟག་འདི་ནི་རིག་པ་འཛིན་པ་སྟེ། ཚེ་ལ་དབང་བའི་རིག་འཛིན་དང་། ལྷུན་གྱིས་གྲུབ་པའི་དང་། ཕྱག་རྒྱ་ཆེན་པོའི་དང་། རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལ་ཅི་དགར་སྤྱོད་པར་ནུས་ཏེ། སྟོང་པ་ཆེན་པོའི་རྣལ་འབྱོར་པ་ལ་སོགས་པར་རིམ་པར་ནུས་པ་ལ་བརྟེན་ནས་འཇུག་གོ། །ཞེས་སོ་སོའི་རིགས་ངེས་པར་ཚད་བསྟན་ནས། ད་ནི་ས་ལམ་གྱི་རིམ་པས་འཇུག་བསྡུ་བ་དང་བཅས་པ་བསྟན་པ་ནི། ས་ནི་ཉན་ཐོས་ཀྱི་ས་བརྒྱད་དང་། རང་སངས་རྒྱས་ཀྱི་གསུམ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། འབྲས་བུ་གསང་སྔགས་ཀྱི་ས་བཅུ་གཉིས་དང་། གསང་སྔགས་ནང་གི་བཅུ་བདུན་ནམ་ཉི་ཤུ་རྩ་གཅིག་ཐོབ་པའི་རྟགས་སུ། འབྱུང་བ་ཕྱིའི་རགས་པ་རྫས་སུ་སྣང་བ་འདི་གང་ཟག་ཚེའི་དུས་བྱས་པ་ལས་གོང་ལྟར་གཡོ་བའི་སྐལ་ལྡན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྔོན་དུ་མི་སྣང་སྟེ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་གྱི་ས་དང་ལམ་རྣམས་ལ་ཡུན་རིང་པོར་རིམ་གྱིས་སྦྱོང་ཞིང་གནས་པའོ། །ཞེས་ས་གཡོ་བའི་རྟགས་ཀྱི་རིམ་པ་བསྟན་པ་སྟེ། དེ་དག་ཀུན་གྱིས་ནི་མྱ་ངན་ལས་འདས་པའི་རྟགས་ཀྱི་རིམ་པ་སྤྱི་དོན་གཉིས་པ་བསྟན་ནས། ད་ནི་སྤྱི་དོན་ཐ་མ་འགྲོ་བ་རིགས་དྲུག་སོ་སོའི་ལས་ཀྱི་ལེན་པོའི་རྟགས་ལ་ནང་དོན་བརྒྱད་ཡོད་པའི་དང་པོ། དམྱལ་བར་སྐྱེ་བའི་རྟགས་བསྟན་པ་ནི། ཡང་ཉོན་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ཉོན་ཅིག་ཅེས་ཉན་པར་བསྐུལ་ནས། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ཞེས་ཉན་པར་བསྐུལ་ནས། སྟོན་པ་ང་ཡིས་བསྟན་པའི་ཚིག་འདི་ཉོན། འདི་ལ་འཁྲུལ་པ་ཡོད་མ་མྱོང་བས་ཁྱོད་ཀྱིས་ཀྱང་མ་འཁྲུལ་པར་ཉོན་ཞེས་པའོ། །འདི་ལྟར་སྣང་བའི་སེམས་ཅན་ཐམས་ཅད་ལ་ནི། འགྲོ་བའི་ལམ་ལ་གཉིས། འབྲས་བུ་གཉིས་ཏེ་བཞི། འགྲོ་བའི་ལམ་ནི་ཆོས་ཉིད་ཀྱི་བར་མ་དོ་དང་། སྲིད་པའི་བར་དོ་གཉིས་མ་ཡིན་པའི་ལམ་ཡོད་མི་སྲིད། འབྲས་བུ་སངས་རྒྱས་དང་། སེམས་ཅན་རང་དུ་གཏོགས་པ་གཉིས་ལས་འགྲོ་ས་མེད་དོ། །སངས་རྒྱས་ཀྱི་ལམ་ལ་ཡང་ལྔ། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམདང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་དང་ལྔ། སེམས་ཅན་གྱི་ཁམས་ལ་ཡང་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ་དང་། བག་ཆགས་ཀྱི་ལམ་དང་། ལམ་གྱི་ལམ་དང་། འཁྲུལ་འཁོར་མ་ངེས་པའི་ལམ་དང་། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་ལམ་མོ། །འབྲས་བུ་གཉིས་ལས་ཁྱད་པར་དུ་སངས་རྒྱས་ནི། ཡེ་ཇི་བཞིན་པའི་སངས་རྒྱས་ཀྱི་འབྲས་བུ་དང་། རྟོགས་པ་མངོན་དུ་གྱུར་པའི་འབྲས་བུའོ། །སེམས་ཅན་གྱི་འབྲས་བུ་ནི། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། མི་དང་། ལྷ་མ་ཡིན་དང་། ལྷ་དང་དྲུག་ལས་འགྲོ་ས་མེད་དོ། །དེ་ལྟར་སེམས་ཅན་ནི་སེམས་ཉིད་རང་གིས་རང་བཅིངས་པའི་སེམས་ཅན་ཐར་པ་རིང་དུ་གྱུར་པ་དང་། ལུང་དུ་མ་བསྟན་པའི་སེམས་ཅན་དོན་ལ་ཤེད་མ་བྱེ་བ་དང་། ལུང་དུ་བསྟན་པའི་སེམས་ཅན་དོན་ལ་རྗེས་སུ་འཛིན་པ་རྣམས་ཀྱིས་འབྲས་བུ་སངས་རྒྱས་ཚིག་ལ་རྗེས་སུ་འཛིན་པའི་སེམས་ཅན་དོན་ལ་ངེས་པ་སྟེ་ཉན་ཐོས་ལ་སོགས་པའི་ས་ལ་གནས་པའོ། །གོང་མའི་གཉིས་པོ་དེ་ཚེའི་འདུ་བྱེད་བྱེད་པའི་ཚེ། ཕྱི་རོལ་གྱི་ནམ་མཁའ་མཚན་ཉིད་དྲུག་ལ་བཏགས་པས་རིགས་དྲུག་གི་འབྲས་བུ་ཇི་ལྟར་ལེན་བརྟགས་པ་ནི། ཚེ་འཕོས་པ་འདི་ཀུན་སྐྱེས་པའི་གནས་ལ་སྤྱོད་པ་དེ་སྐྱེས་པའམ་བུད་མེད་གང་ཞིག་ཤི་བ་དབུགས་དང་བྲལ་མ་ཐག་པ་དེའི་ཚེ་ན། ནམ་མཁའི་སྤྲིན་སྨུག་པོ་ལས་རབ་ཏུ་ནག་པས་ཕྱོགས་ཀུན་ནས་འཐིབས་པ་མུན་པ་གནག་ཅིང་ཉི་ཟླ་ལ་སོགས་པའི་འོད་འབྱིན་པར་མི་ནུས་པ། དེ་བཞིན་དུ་ཡང་རབ་ཏུ་གྲགས་པའི་ཆར་འབབས་པ་དང་། ཁུ་འཕང་དྲག་པོ་འབེབས་པ་དང་། རླུང་ནག་གི་འཚུབ་མས་བར་སྣང་མི་མཐོང་བ་དང་། སེར་བ་དྲག་པོ་གློག་མེད་པར་འབབ་པ་དང་། བུ་ཡུག་གི་འཚུབ་མ་དང་། འདི་ཀུན་སུ་ལ་བྱུང་བ་དེ། དམྱལ་བའི་སྐྱེ་གནས་ནི་གོང་གི་རྟགས་ཀྱི་རིམ་པས་ནས་ཚ་བའི་དམྱལ་བ་བརྒྱད་དང་། གྲང་བ་བརྒྱད་དང་། ཉི་ཚེ་བ་དང་། ཉེ་འཁོར་བ་དང་། སེམས་ཅན་དམྱལ་བ་དང་། མནར་མེད་དམྱལ་བ་དང་། རྡོ་རྗེ་དམྱལ་བ་དང་བདུན་དུ་གོང་མའི་རྟགས་རྣམས་དང་རིམ་གྱིས་དེ་དག་གི་གནས་རྣམས་སུ་གང་ཟག་འདི་ལ་བར་མ་དོར་མེད་པར་དམྱལ་བའི་གནས་དེ་དག་ཏུ་གྱུར་པ་ཡིན་ནོ་མཁའ་འགྲོ་མ། ཞེས་དམྱལ་བའི་སྐྱེ་གནས་སུ་སྐྱེ་བའི་རྟགས་བསྟན་ནས། ད་ནི་ཡི་དྭགས་ཀྱི་སྐྱེ་གནས་སུ་སྐྱེས་པའི་རྟགས་བསྟན་པ་ནི། ནམ་མཁའ་ན་བུན་ལྟ་བུ་ལ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ཡི་དྭགས་ཀྱི་གནས་སུ་སྐྱེ་བའི་གང་ཟག་ཚེ་འཕོས་པའི་དུས་ན། ནམ་མཁའ་ན་བུན་ལྟ་བུའམ་རླངས་པའམ། ཉི་མ་མེད་ཀྱང་ནམ་མཁའ་ལ་འོད་ནི་སེར་ལམ་གྱིས་སོང་བ་ཉི་མ་ལྟ་བུ་དང་། ཤི་ནས་ཟླ་བའི་འོད་ཕྱིར་འབྱིན་པའི་ནུས་པ་མེད་པ་དང་། ཡང་དེ་བཞིན་དུ་རླུང་དང་སེར་བུ་མེད་པ་ལ་བར་སྣང་ཐམས་ཅད་ཀྱི་སྤྲིན་སེར་པོས་ཉི་མ་མི་སྣང་བ་དང་། ཡང་ན་ཆར་བབ་པའི་ཤུལ་ལམ་ཡང་ནི་དེའི་ཕྱི་ནུབ་ཀྱི་སྲོད་ལ་ཆར་བ་འབབ་པར་འགྱུར་བ། འདི་ལྟར་སུ་ལ་བྱུང་བ་དེ་ནི་གོང་དུ་བསྟན་པའི་རིམ་པས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། previous hit ནངགིསྒྲིབཅན ་དང་། གློ་བུར་བའི་སྒྲིབ་པ་ཅན་དང་། བྱེ་བྲག་པའི་སྒྲིབ་པ་ཅན་དང་། དམིགས་པ་ཕྱིན་ཅི་ལོག་ཏུ་སོང་བའི་སྒྲིབ་པ་ཅན་དང་། ལས་དང་ལས་ཀྱི་རྣམ་གྲངས་གི་སྒྲིབ་པ་ཅན་དང་། ལོངས་སྤྱོད་རྣམ་པར་སྤྲུལ་པ་རབ་ཏུ་མ་གྱུར་པའི་སྒྲིབ་པ་ཅན་རྣམས་ཀྱིི་སྐྱེ་གནས་སུ་སྐྱེས་པ་ཡིན་ནོ་མཁའ་འགྲོ་མ། ཞེས་ཡི་དྭགས་ཀྱི་སྐྱེ་གནས་སུ་སྐྱེ་བའི་རྟགས་བསྟན་ནས། ད་ནི་བྱོལ་སོང་དུ་སྐྱེ་བའི་རྟགས་བསྟན་པ་ནི། སྐྱེས་བུ་གང་ཚེ་འཕོས་པའི་དུས་ན་ཕྱིའི་ནམ་མཁའ་སྨུག་ཅིང་བག་དྲོ་ལ། རླུང་ཡང་མེད་པ་དང་། ཡང་དེའི་ཚེ་སྤྲིན་ནི་ནག་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པ་གོ་མཚམས་མེད་པ་དང་། ཡང་ན་ན་བུན་ལང་ལོང་དུ་སྣང་བའམ། སྨུག་པའི་རྣམ་པའམ། དུ་བའི་རྣམ་པ་ལྟར་སྣང་བ་དང་། ཡང་སྨུགས་ཤིང་ཉམས་མི་དགའ་བ་ལ་ཚེའི་འདུ་བྱེད་སུས་བྱས་པ་དེ་ནི། གོང་གི་རྟགས་ཀྱི་གོ་རིམ་གྱི་འགྲོ་བ་འདི་ནི་བྱོལ་སོང་རྐང་མང་དང་། རྐང་མེད་དང་། རྐང་པ་བཞི་པ་དང་། འདབས་ཆགས་དང་། སྡེར་ཆགས་རྣམས་ཀྱི་སྐྱེ་གནས་སུ་སྐྱེས་སོ། །ཞེས་བྱོལ་སོང་དུ་སྐྱེ་བའི་རྟགས་བསྟན་ནས། ད་ནི་ལྷ་མིན་དུ་སྐྱེ་བའི་རྟགས་བསྟན་པ་ནི། ཡང་སྐྱེས་བུ་ཚེ་འདས་པའི་དུས་ན་ཤིན་ཏུ་དྲག་ཅིང་རླུང་ཆེན་པོ་ཕྱོགས་ངེས་པ་མེད་པ་ནས་འཁྲུག་པར་བྱེད་པ་དང་། ཡང་སྤྲིན་ཁམ་ནག་སྲོག་ཆགས་འཇིགས་པའི་གཟུགས་དང་འདྲ་བ་དང་། སྤྲིན་པ་དེ་དག་ཀྱང་རབ་ཏུ་འཁྲུག་པར་བྱེད་ཅིང་ཕན་ཚུན་དུ་འགྲོ་བ་དང་སོང་བའི་ས་མེད་པ་དང་། ཡང་འབྲུག་དྲག་པོ་དང་གློག་གྱེན་འགྲེང་དུ་འཁྱུག་པ་ལ་འབྲུག་གི་སྐད་རབ་ཏུ་གཤང་བར་འབྱིན་པ་དང་། ཡང་ཉི་མ་དང་ཟླ་བ་སྣང་བར་མི་ནུས་པ་སྟེ། སྤྲིན་པས་དེ་ཉིད་སྒྲིབ་པ་དང་། རྟགས་འདི་ལྟར་སུ་ལ་བྱུང་བ་དེ་ནི་རྟགས་ལྔ་གོ་རིམ་གྱིས་འདི་ནི་ལྷ་མིན་ཟུར་ཕུད་ལྔ་པ་དང་། གདོང་དྲུག་པ་དང་། ལག་རིང་པ་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་རལ་བ་ཅན་རྣམས་ཀྱི་སྐྱེས་གནས་སུ་སྐྱེ་བ་ཉིད་ཡིན་ནོ། །ཞེས་ལྷ་མིན་དུ་སྐྱེ་བའི་རྟགས་བསྟན་ནས། ད་ནི་ལྷའི་གནས་སུ་སྐྱེ་བའི་རྟགས་བསྟན་པ་ནི། ཡང་ཚེ་འདས་པའི་སྐྱེས་བུ་དབུགས་དང་བྲལ་བའི་ཚེ་ནམ་མཁའི་ཁ་དོག་གསལ་ཞིང་དྭངས་པ་ལ་ཉི་མའི་སྣང་བ་གསལ་བ་དང་། ཡང་ཟླ་བའི་སྣང་བ་གསལ་བ་དང་། ཡང་དེའི་དུས་ན་རླུང་དང་སེར་བུ་སྣང་མི་ནུས་པ་དང་། འདི་ལྟར་བྱུང་བ་འདི་ནི་གོང་མའི་རྟགས་བཞིའི་གོ་རིམ་གྱིས་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་དང་། གཙང་མ་རིས་ཀྱི་ལྷ་གནས་ལྔ་དང་། འོད་གསལ་ལ་སོགས་པའི་སྐྱེ་གནས་བཅྭོ་ལྔ་དང་། སྐྱེ་མཆེད་མུ་བཞིའི་སྐྱེ་གནས་སུ་སྐྱེ་བ་དག་གིས་སོ། །ཞེས་ལྷའི་འགྲོ་བར་སྐྱེ་བའི་རྟགས་བསྟན་ནས། ད་ནི་ལུས་མཆོག་ཏུ་གྱུར་བ་མིའི་ལུས་སུ་སྐྱེས་པའི་རྟགས་བསྟན་པ་ནི། ཡང་ན་གང་ཟག་ཚེ་འདས་པའི་དུས་ན་ནམ་མཁའ་རབ་ཏུ་གསལ་ཞིང་དག་པ་ལ་སེར་བུ་མེད་པ་དང་། ཡང་མི་འབྱེད་པའི་སྤྲིན་པ་དཀར་ཞིང་ཤིན་ཏུ་སྲ་བའི་རྣམ་པ་ཅན་བར་སྣང་དང་། ཡང་དེའི་དུས་ནི་ཉི་མ་དང་ཟླ་བ་འོད་ལྔའི་ཁྱིམ་ཅན་དུ་འདི་ལྟར་སུ་ལ་བྱུང་བ་ནི་གོང་གི་རྟགས་གསུམ་གྱི་གོ་རིམ་གྱིས་མིའི་ལུས་ཙམ་པོ་དང་། གཙང་མ་དང་། མི་ལུས་རིན་པོ་ཆེའི་སྐྱེ་གནས་སྐྱེས་བུ་འདི་ས་ཐོབ་པའོ། །ཞེས་མིའི་སྐྱེ་གནས་སུ་སྐྱེ་བའི་རྟགས་བསྟན་ནས། ད་ནི་རྟགས་དེ་དག་གི་དུས་ཀྱི་ངེས་པ་བསྟན་པ་ནི། དེ་ལྟར་རྟགས་དང་སུ་ལྡན་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། གོང་དུ་བསྟན་པའི་རིས་ཀྱི་རྟགས་དེ་ལྟར། ད་རྟགས་ངེས་པ་དང་སུ་ལྡན་པ་དེ་དག་ནི། དུས་མ་ནོར་བ་ལ་ཤི་ངེས་པར་འགྲོ་བ་རིགས་དྲུག་གི་སར་ངེས་པ་ཡིན་ནོ། །འདི་ལྟར་མ་ཡིན་པའི་ཚེའི་འདུ་བྱེད་པ་རྣམས་ནི། གོང་གི་དུས་ངེས་པའི་རྟགས་མེད་ན་གར་སྐྱེ་ངེས་པ་མེད་པ་ཡིན་ནོ། །འདི་ལྟར་གོང་མའི་རྟགས་དེ་དག་ཀུན། སྐྱེས་བུ་དེ་ཤི་ནས་ཞག་ནི་གཉིས་ནས་གསུམ་དུ་བརྟགས་པའོ། །དེ་ནས་ཡང་ནམ་ཤི་བའི་དུས་ཚོད་བཟུང་བའི་ཞག་གསུམ་ཚུན་ཆོད་ལ་ཤེས། གོང་དུ་མ་ཤེས་ན་དུས་ངེས་པ་ལ་བརྟགས། ཡང་ཕུང་པོ་བསྲེགས་པའམ་དུས་ངེས་པ་ལ་དེའི་དུས་སུ་བརྟག་གོ། །དེ་ལྟར་བརྟགས་པས་གོང་མའི་རྟགས་དེ་དག་བྱུང་བའི་སོ་སོའི་སྐྱེ་གནས་དེར་སྐྱེ་བའི་རྟགས་ཡིན་ནོ། །ཞེས་དེ་དག་གི་རྟགས་ངེས་པ་བསྟན་ནས། ད་ནི་མཇུག་བསྡུ་བའི་རྒྱུད་ཀྱི་ལྡང་ཚད་ངེས་པའི་མན་ངག་ལག་ཏུ་བླངས་པ་དང་བཅས་ཏེ་བསྟན་པ་ནི། ཡང་ནི་ཉོན་ཅིག་མཁའ་འགྲོ་མ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་རྒྱུད་ཐམས་ཅད་ཀྱི་དོན་བསྡུ་ནི་དྲིལ་བའི་མན་ངག་གི་ཚིག་འདི་མཁའ་འགྲོ་མ་ཁྱོད་ཀྱིས་ཡིད་གཞན་དུ་མ་ཡེངས་པར་ཉོན་མཁའ་འགྲོ་མ། ཞེས་སྡུད་པ་པོ་ལ་བསྐུལ་ཞིང་སྐྱོན་བསལ་ནས། ཚིག་འདི་ཀུན་རྒྱུད་ཀྱི་རང་བཞིན་དུ་བསྟན་པ་འདི་ལྟར་འབྱུང་སྟེ། དེ་ཡང་རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་ཅིང་ཚེ་འདིའི་ཆེད་དུ་མི་བྱེད་པའི་སྐལ་ལྡན་གྱིས། རང་དད་པ་ཕྱིན་ཅི་ལོག་ཏུ་མ་གྱུར་པར་བརྟགས་པ་བྱས་ལ། སྔོན་དུ་ལས་རྒྱུ་འབྲས་ཀྱི་ཆོས་ལ་བློ་གཟུད་དོ། །དེ་ནས་དབུ་མའི་སྒྲུབ་པའི་མཐའ་ལ་བསླབ་བོ། །དེ་དག་གཉིས་ཀྱིས་ནི། ལས་རྒྱུ་འབྲས་བསླུ་མེད་དུ་ཤེས་པས་འཁོར་བ་ལས་བློ་ལོག་པའི་དགོས་པ་ཡོད་དོ། །དེ་ནས་ཕ་རོལ་དུ་ཕྱིན་པའི་དོན་དབུ་མ་ལ་བསླབས་པ་ནི། གསང་སྔགས་སུ་འཇུག་པར་བྱེད་པའི་ལམ་སྟེགས་སུ་འགྲོ་བ་ཡིན་ནོ། །དེ་དག་གིས་སངས་རྒྱ་བ་ནི་མ་ཡིན་པས། ད་གསང་སྔགས་སུ་འཇུག་དགོས་པ་ཡིན་པས། སྔགས་ཕྱི་ནང་གི་དབང་བསྐུར་བ་ལ་སོགས་པའི་སྒོ་མཐོང་ན་ཡང་ལེགས། གལ་ཏེ་མ་མཐོང་ན་རྫོགས་པ་ཆེན་པོའི་སྒོར་ཞུགས་ཏེ། མྱུར་དུ་མངོན་པར་རྫོགས་པ་སངས་རྒྱ་བའི་མན་ངག་ཞུ། སྔོན་དུ་བླ་མ་དག་པ་གལ་ཆེ་བས། བླ་མ་བཙལ་བར་བྱའོ། །བླ་མ་དེ་ཡང་གསང་སྔགས་ཕྱི་ནང་གི་དབང་རྫོགས་པར་བྱས་པ། རྒྱུད་སྡེ་མང་པོ་མཁྱེན་པ། རིགས་བཙུན་ཞིང་འདོད་པ་ཆུང་བ། རང་བཞིན་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་པ། བླ་མ་གོང་མ་རྣམས་ཀྱིས་གྲུབ་པ་ཐོབ་པའི་བརྒྱུད་པ་རྒྱུན་མ་ཆད་པ། ཚེ་འདི་བློས་ཐོངས་པ། སྔགས་ཕྱི་ནང་གི་མཚན་ཉིད་མཐོང་བ། རྒྱུད་སྡེ་མང་པོ་ལ་གོམས་པས་ཐུགས་སྦྱངས་ཤིང་ཐོས་པ་དང་ལྡན་པ་ཉམས་སུ་བླངས་ཤིང་ཉམས་མྱོང་ཡོད་པས། གནས་ལུགས་རྟོགས་ཤིང་ལྟ་བའི་དོན་ལ་མཁས་པ། ཆོས་ཀྱི་ཚིག་ལ་ཡིད་དཔྱོད་ཀྱི་སྒྲོས་མེད་པ་དང་། མན་ངག་གི་རྒྱུད་པ་མ་ཉམས་ཤིང་འདྲ་མིན་གྱི་བསླད་མ་བཙུད་པ། མན་ངག་ལ་ཚིག་གི་འཕྲ་མས་མ་བསླད་པ། ཤེས་རབ་མ་དག་པ་དང་། ཕྱིན་ཅི་ལོག་གི་ཤེས་རབ་དུ་མ་གྱུར་པའི་བླ་མ་བཙལ་ལ། དེ་ལྟར་སྔོན་དུ་བླ་མ་དག་པ་གལ་ཆེའོ། །དེ་ནས་དད་པ་དང་ལྡན་པའི་སློབ་མ་དེས། སྔོན་དུ་དབང་བཞི་རྫོགས་པར་བྱས་ཏེ། ལོ་གཉིས་ནས་གསུམ་གྱི་གོང་ནས་བླ་མ་ལ་དབང་ཞུ་བའི་ཞུ་བ་ཕུལ་ལ། སྔོན་དུ་སྤྲོས་བཅས་ཀྱི་དབང་རྫོགས་པར་བྱས་ལ་སྤྲོས་པའི་མཐའ་ཐམས་ཅད་བཅད་དོ། །དེ་ལྟར་སྤྲོས་པ་གཅད་ནས། ད་སྤྲོས་པ་མེད་པའི་དོན་ལ་གནས་པའི་དོན་དུ་སྤྲོས་མེད་ཀྱི་དབང་རྫོགས་པར་ཞུ། དེ་ལྟར་སྤྲོས་པ་མེད་པའི་དོན་རྟོགས་པར་བྱས་ནས། ད་ནི་སྤྲོས་པ་མེད་དོ་ཞེས་བྱ་བ་ལ་ཡང་མི་གནས་པར་བྱ་བའི་ཕྱིར་དུ་ཤིན་ཏུ་སྤྲོས་པ་མེད་པའི་དབང་རྫོགས་པར་བྱས་ནས། སྤྲོས་པ་མེད་པའི་ཚིག་ཕྲ་བའི་ཕྲ་བ་ཙམ་ཡང་མི་གནས་པའི་ཕྱིར་ན་མ་བསྐུར་གཞི་ནས་རྫོགས་པའི་རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་ནས། རང་གི་བླ་མ་དེ་ལ་རྫས་དང་ཡོ་བྱད་ཐམས་ཅད་རང་གི་འཚོ་བ་ཙམ་བཞག་ལ། འཁོར་གསུམ་ཡོངས་དག་ཏུ་དབུལ་བར་བྱའོ། །དེ་ལྟར་དབང་རྫོགས་པར་བསྐུར་བའི་སློབ་མ་དེ་ཡང་། སློབ་དཔོན་གྱིས་མཚན་ཉིད་བརྟགས་པ་གལ་ཆེ་བས། སློབ་མའི་མཚན་ཉིད་ལྔ་དང་ལྡན་པ་ག ཅེས། དད་པ་དང་ལྡན་ཞིང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་མི་འབྲལ་བ་དང་། གཏོང་ཕོད་ཆེ་ཞིང་གསང་ཐུབ་པ་དང་། བརྩོན་འགྲུས་ཆེ་ཞིང་ཡང་དག་པའི་ཤེས་རབ་དང་ལྡན་པར། སྒྲུབ་པ་ལ་བརྩོན་ཆེ་ཞིང་དམ་ཚིག་དང་ལྡན་པ་དང་། ང་རྒྱལ་ཞི་ཞིང་དབང་པོ་དུལ་བ་དང་ལྡན་པ་རབ་ཏུ་གཅེས་སོ། །དེ་ལ་དབང་བསྐུར་བ་དབང་བཞི་སྤྲོས་བཅས་ཀྱི་དབང་གིས་གང་ལ་དབང་ནི། ཕྱི་སྣང་བ་ལ་དབང་། ནང་སྤྱོད་པ་ལ་དབང་། གསང་བ་ལུས་ལ་དབང་། ཡོངས་སུ་རྫོགས་པ་སྤྲུལ་པའི་སྐུ་ལ་དབང་ངོ་། །གང་གིས་དབང་ན་སློབ་མ་མཚན་ཉིད་དང་ལྡན་པ་དེས་དབང་། ཅིའི་ཕྱིར་དབང་ནི་རང་ལ་ཡོད་པའི་དོན་རང་གིས་རང་དབང་དུ་གྱུར་པ་དབང་། དབང་ལ་དགོས་པ་ཅི་ཡོད་ན་རྒྱུད་ཉན་པ་དང་བཤད་པ་དང་། ལྟ་བ་དང་། རྒྱུད་ཀྱི་དོན་སྤྱོད་པའི་དགོངས་པ་དང་། ཕྱིའི་སྤྲོས་པ་ཆོད་པའི་དགོས་པ་ཡོད་དོ། །སྤྲོས་མེད་ཀྱི་དབང་གིས་གང་ལ་དབང་ན། ཕྱི་འབྱུང་བ་ལ་དབང་། ནང་རྩ་རླུང་སྒོམ་པ་ལ་དབང་། གསང་བ་ངག་ལ་དབང་། ཡང་གསང་བླ་ན་མེད་པ་ལོངས་སྐུ་ལ་དབང་ངོ་། །གང་གིས་དབང་ན་སློབ་མ་མཚན་ཉིད་ལྔ་དང་ལྡན་པ་དེས་དབང་། ཅིའི་ཕྱིར་དབང་ན་རང་ལ་ཡོད་པའི་དོན་རང་གིས་རང་དབང་དུ་གྱུར་པ་ན་དབང་། དབང་བ་ལ་དགོས་པ་ཅི་ཡོད་ན། མན་ངག་ལ་ལོངས་སྤྱོད་པ་དང་། ཐབས་ཀྱི་མན་ངག་རྣམས་ལ་སྤྱོད་པ་དང་། རང་བཞིན་རྩ་གནས་ཀྱི་ཡི་གེ་བརྗོད་པ་དང་། བསྒོམ་དུ་རུང་བའི་དགོས་པ་ཡོད་དོ། །ཤིན་ཏུ་སྤྲོས་མེད་ཀྱིས་གང་ལ་དབང་ན། ཕྱི་སྣང་ཡང་དག་པ་ལ་དབང་། ནང་ལྟ་བ་ལ་དབང་། གསང་བ་སེམས་ལ་དབང་། ཡང་གསང་བླ་ན་མེད་པ་ཆོས་སྐུ་ལ་དབང་ངོ་། །གང་གིས་དབང་ན་སློབ་མ་མཚན་ཉིད་དང་ལྡན་པ་དེ་ཡི་དབང་། ཅིའི་ཕྱིར་དབང་ན་རང་ལ་གནས་པའི་དོན་དེ་རང་གིས་རང་དབང་བའོ། །དབང་བ་ལ་དགོས་པ་ཅི་ཡོད་ན། ཉམས་སུ་བླང་དུ་རུང་བ་དང་། དགོན་པ་རྟེན་དུ་རུང་བ་དང་། ལྟ་བའི་དོན་ལ་ལོངས་སྤྱོད་དུ་རུང་བའི་དགོས་པ་དང་། དེས་སློབ་མ་རྟེན་དུ་རུང་བའི་དགོས་པ་ཡོད་དོ། །དེ་ལྟར་དབང་རྫོགས་ནས་བླ་མ་དེས་སློབ་མ་ལ། སྔོན་དུ་འགྲོ་བའི་མན་ངག་ལ་བསླབ་བོ། །རྟགས་མཚན་ལ་དབང་བའོ། །དེ་ནས་དུར་ཁྲོད་ལ་སོགས་པ་གནས་དབེན་པར་སོང་སྟེ། བརྗོད་པ་མེད་པའི་དོན་རྒྱུད་ལ་གོམས་པར་བྱ་བའི་ཕྱིར་ངག་བཅད། ལུས་ཀྱི་མཐའ་ལས་གྲོལ་བར་བྱ་བའི་ཕྱིར་བཞུགས་སྟངས་གསུམ་ལ་གནས་པར་བྱ། ཡིད་ཀྱི་སྤྲོ་བསྡུ་བཅད་པའི་ཕྱིར་རང་སར་བཞག་པའོ། །དེ་དག་གི་མན་ངག་ལ་ཡང་བཞུགས་སྟངས་དང་། གཟིགས་སྟངས་གཉིས་སུ་འདུག །ངག་གི་མན་ངག་མང་ཡང་། ངག་བཅད་པ་དང་བསྒྱུར་བ་གཉིས་སུ་འདུས་ལ། ཡི་དམ་སེམས་ཀྱི་མན་ངག་མང་ཡང་། རྩ་བ་བཅད་པ་དང་དངོས་པོ་འདུལ་བ་གཉིས་སུ་འདུས་པའོ། །དེ་ནས་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་མན་ངག་བསྟན་ལ་ཉམས་སུ་བླང་བ་ནི། མ་འགུལ་བ་གསུམ་ལ་གཞི་བཅའ་བ་དང་། མི་འགུལ་བ་གསུམ་གྱིས་གནད་གཟིར་བ་དང་། སྡོད་པ་གསུམ་གྱིས་ཚད་བཟུང་བ་སྟེ། མན་ངག་རྣམ་པ་དགུ་ཡིས་དངོས་གཞི་ལ་སློབ་པའོ། །དེ་ལྟར་གདམས་པ་རྫོགས་ནས་འཕེལ་སྣང་ངོས་བཟུང་བ་དང་། ཚད་སྣང་སྲང་ལ་གདབ་པ་དང་། ཟད་པ་ངོ་ཤེས་པ་དང་གསུམ་གྱིས། འབྲས་བུ་སྐུ་གསུམ་ལས་གྲོལ་བའོ། །དེ་ལྟར་དབང་དང་མན་ངག་རྫོགས་ནས་རྟེན་གྱི་གང་ཟག་གིས་གྲོགས་དམ་ཚིག་དང་ལྡན་པ་བརྟེན་པ་རབ་ཏུ་གལ་ཆེའོ། །དམ་ཚིག་ཉམས་ན་མན་ངག་ཟབ་པས་མི་ཕན་པས་དམྱལ་བར་འགྲོ་བ་ངེས་སོ། །དཔེར་ན་ལོ་ཐོག་ལེགས་པར་སྨིན་པའི་ཁར་སད་དང་སེར་བ་འབྱུང་བའི་འབྲས་བུ་གཏན་བརླགས་པ་དང་འདྲའོ། །དེ་ཡང་དམ་ཚིག་གི་རྣམ་གྲངས་དང་། བསྲུངས་མཚམས་ངོ་ཤེས་པར་བྱ་བ་དང་། དེ་དག་རྒྱུད་ལ་བརྟེན་པའི་མན་ངག་དང་། དམ་ཚིག་ཉམས་བའི་ལྟས་དང་། དེ་དག་བསྐང་བའི་ཆོ་ག་དང་། སྐོངས་པའི་རྟགས་དང་། མ་བསྐངས་པའི་རྟགས་ལ་སོགས་པ་ནི་བླ་མའི་རིམ་པའི་ཡི་གེ་དང་སྦྱར་བར་བྱའོ། །དེ་ལྟར་ལུང་མ་ནོར་བར་བྱས་ནས། སློབ་མ་དང་བླ་མ་གཉིས་ཀས་སངས་རྒྱ་བར་ངེས་པའོ། །དེ་དག་རྒྱུད་དང་སྦྱར་ན། དེ་ལྟར་སློབ་མ་དད་པ་དང་ལྡན་པ་དེ། བླ་མ་མཚན་ཉིད་དང་ལྡན་པ་བསྟན་པའི་ཕྱིར། སྔོན་འབྱུང་དུ་སྟོན་པ་ཁྱད་པར་ཅན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ། རྗེས་འཇུག་ཏུ་བླ་མ་རྡོ་རྗེ་འཆང་བ་ཡིས་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པ། མཚན་ཉིད་བཅུ་བཞི་དང་ལྡན་པར་བྱས་ཏེ། དེ་ལྟ་བུའི་བླ་མ་དེ་ལ་སློབ་མ་སྣ་གཅིག་པ་དག་པ་རབ་ཀྱིས་རྡོ་རྗེ་འཆང་བས་ལྷག་པར་མཐོང་བ་དང་། འབྲིང་གིས་རྡོ་རྗེ་འཆང་དང་མཉམ་པར་མཐོང་བ་དང་། ཐ་མས་རྡོ་རྗེ་འཆང་ཐ་མི་དད་པར་མཐོང་བའོ། །དེ་ལྟ་བུའི་བླ་མ་མཚན་ཉིད་བཅུ་བཞིའམ་བཅོ་ལྔ་དང་ལྡན་པ་དེ་ལ། སློབ་མ་མཚན་ཉིད་ལྔ་དང་ལྡན་པ་མོས་པ་དང་ལྡན་པ་དག་པའི་སྒོ་ནས་ཞུ་བ་ནི། སྔོན་འབྱུང་དུ་སྟོན་པའི་མཁའ་འགྲོ་ཡིན་ལ། རྗེས་འཇུག་ཏུ་སློབ་མ་མཚན་ཉིད་ལྔ་དང་ལྡན་པ་དེ་བླ་མའི་འཁོར་དུ་སྣང་བ་ཡིན་ལ། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སློབ་མ་དེ་སྣང་བ་དག་པས་བླ་མ་རྡོ་རྗེ་འཆང་དུ་ལྷག་པར་མཐོང་བས་ཀུན་ནས་ཉོན་མོངས་པའི་རྣམ་རྟོག་མི་གནས་ཏེ། ལས་དང་སྒྲིབ་པ་བླ་མའི་ལུས་ཀྱི་བྱ་བ་མ་ལོག་པས་འདགས་པ་དང་། ངག་གི་བྱ་བ་མ་ལོག་པས་ཉོན་མོངས་པའི་སྒྲིབ་པ་འདགས་ལ། ཡིད་ཀྱི་བྱ་བ་མ་ལོག་པས་ཤེས་བྱའི་སྒྲིབ་པ་འདགས་པས་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གནས་པ་གལ་ཆེའོ། །དེ་ལྟར་སློབ་དཔོན་གྱིས་འབྲེལ་པ་བརྟགས་ནས། དབང་རྫོགས་པར་བསྐུར་བ་ལ། མ་བསྐུར་བ་ནི་ཡེ་ནས་གནས་པའི་དོན་དེ་དང་པོ་སུས་ཀྱང་བསྐུར་བ་མེད་པས། ད་ལྟ་ཕན་ཆོད་དུ་སྐྱེ་བ་གྲངས་མེད་པར་འཁོར་བ་ཡིན་པས། ད་རེས་འཁོར་བ་ལས་བཟློག་པར་བྱ་བའི་དོན་དུ། བླ་མ་མཚན་ཉིད་དང་ལྡན་པས་རང་གི་གཞི་ནས་དབང་པོའི་དབང་བཞི་རྫོགས་པར་བྱས་པའི། དབང་བཞི་བདེ་ལུགས་སུ་ཐོབ་ནས། སློབ་མ་དད་པ་དང་ལྡན་པ་དེས་བླ་མ་དྲིན་ཆེན་དེ་ལ་ལུས་ངག་གུས་པ་དང་ལྡན་པས་ཡོན་དབུལ་བ་ནི། དེ་ལྟར་དབང་རྫོགས་པར་བསྐུར་བས། རྗེས་འཇུག་སློབ་མ་དེ་དག་རབ་ཏུ་དགའ་ཞིང་སེམས་འགྱུ་ནས་ལུས་ཀྱི་ཐལ་མོ་སྙིང་ཀར་སྦྱར་ནས་དབང་བསྐུར་བའི་དུས་དབང་གསུམ་པའི་ཚེ་རིག་པའི་མེ་ཏོག་ཕུལ་བས། བླ་མའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་གཉིས་སུ་མེད་པར་འགྱུར་བ་དང་། དབང་རྫོགས་ནས་རང་གི་ཡིད་ལ་འཐད་པའི་ནོར་བུ་རིན་པོ་ཆེ་ལ་སོགས་པ་ཕུལ་བས་བྱིན་རླབས་འཇུག་པའི་རྒྱུར་འགྲོ་བའོ། །སྔོན་འབྱུང་དུ་སྟོན་པའི་འཁོར་གྱི་རྒྱུད་གསུམ་ལ་ངག་དག །སེམས་འགྱུ། ལུས་ཐལ་མོ་སྦྱར་ནས་བསྟོད་པའོ། །དེ་ལྟར་དབང་རྫོགས་ནས་བླ་མས་སློབ་མ་དེ་ལ་མན་ངག་བསྟན་པ་ནི། སྔོན་འབྱུང་དུ་སྟོན་པ་ཉིད་ཀྱིས་འཁོར་ལའོ། །རྗེས་འཇུག་ཏུ་དབང་རྫོགས་པའི་སློབ་མ་ལ། ཅོག་གཞག་ནི་བརྡའ་དང་ཐབས་ལ་བརྟེན་ནས་རང་གི་རིག་པ་ཉིད་རང་སར་བཞག་པའི་མན་ངག་ཡུལ་དང་རིག་པ་དབང་པོ་དང་། མ་འཁྲུལ་པ་གསུམ་གྱི་གནད་བསྟན་པས་འབད་རྩོལ་དང་བྱས་བཅོས་ལས་འདས་པའི་དོན་དེ་ཉིད་ཚིག་གིས་གཏན་ལ་མི་ཕེབས། ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་དེ། ཅོག་གིས་གཞག་པས་མི་འགུལ་བ་རྣམ་པ་གསུམ་གྱི་གནད་དོ། །དེ་ལྟར་སྔོན་དུ་འགྲོ་བའི་མན་ངག་རྫོགས་ནས། དངོས་གཞི་ཟག་པ་མེད་པ་དེ་ཉིད་གནས་རབ་ཏུ་དབེན་པར་ཉམས་སུ་ལེན་པ་ནི། རང་གི་གནས་ནི་རྐྱེན་མ་ཡིན་པ་སྟེ། རང་གི་ཡུལ་གྱི་རྐྱེན་གྱིས་མི་གནོད་པ། བར་ཆོད་མི་འབྱུང་བ་སྟེ་རབ་ཏུ་བཀྲ་ཤིས་པ་སོ་སོའི་ལུས་དང་མཐུན་པ། མི་མི་རྒྱུ་བའི་དུར་ཁྲོད་དུ་རྟེན་འབྲེལ་གྱི་མན་ངག་ཞུས་ལ་སྒྲུབ་བོ། །དེ་ཡང་གྲོགས་སྤངས་ལ་རང་གཅིག་པུར་སུ་དང་ཡང་མི་འགྲོགས་པར་གནས་རབ་ཏུ་དབེན་པའི་ས་ཕྱོགས་དེར། བླ་མའི་མན་ངག་བསྟན་པའི་དགོངས་པ་ཉིད་ལ་ངག་བཅད་ནས་གནས་པར་བྱའོ། །བླ་མ་དམ་པའི་དོན་གྱི་མན་ངག་བདེན་པ་ཚིག་དང་ཡི་གེ་ལ་མ་བརྟེན་པས་དབང་པོ་རྣོ་བརྟུལ་མེད་པའི་གནད་ཀྱིས་དེའི་དོན་ཉམས་སུ་ལེན་པ་ལ་ཡུན་རིང་པོར་གནས་པར་བྱའོ། །ཞེས་སྔོན་འབྱུང་དུ་སྟོན་པའི་འཁོར་གྱིས་སྒོམ་པར་དམ་བཅས་ལ། རྗེས་འཇུག་ཏུ་བླ་མའི་སློབ་མས་སྒོམ་པར་དམ་བཅས་པའོ། །དེ་ལྟར་དམ་བཅས་ནས་ཉམས་སུ་བླང་བས། འཕེལ་སྣང་ངོས་ཟིན་པ་དང་། ཚད་སྣང་སྲང་ལ་འདེབས་པར་འབྱུང་བ་ནི་ཐིག་ལེའི་སྣང་བ་སྣ་ཚོགས་པར་སྣང་བ་དང་། དེ་མི་འགྱུར་བའི་ཚད་ཐིག་ལེ་དེ་དག་གི་ནང་དུ་སྐུ་དང་སྟོན་པ་ལ་སོགས་པ་ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ལ་ཕེབ་པའོ། །དེ་ནས་ཟད་པར་ངོ་ཤེས་པ་ནི། ཉམས་གོང་འཕེལ་པའི་སྣང་བ་རྣམས་དམིགས་སུ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །ཟད་པ་དེ་ཉིད་ལ་དྲི་མ་དང་ཆོས་ཟད་པས་སངས་ཞེས་བྱ་བ་ལས། རང་ངོ་རྣམ་དག་ཏུ་གནས་པས་རྒྱས་པའོ། །དེ་ཚེ་འཁྲུལ་པ་ཐམས་ཅད་ཞིག་ཐ་སྙད་ཚིག་གི་དབང་དུ་བྱས་ན་འབྲས་བུ་ཞེས་མིང་དུ་གདགས་སོ། །དེ་གང་ལས་བྱུང་ན་རང་བཞིན་རྫོགས་པ་ཆེན་པོའི་དོན་ཉམས་སུ་བླངས་པ་ལས་བྱུང་བའོ། །དེ་ལྟར་དབང་དང་མན་ངག་དེ་བརྟེན་པའི་གྲོགས་དམ་ཚིག་རྟེན་པ་ནི། འདས་པ་ནི་དམ་ཚིག་གི་རྣམ་གྲངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལས་འདས་ན་རྡོ་རྗེའི་དམྱལ་བར་འགྲོ་ལ། མ་འདས་ན་མཆོག་གི་དངོས་གྲུབ་ཐོབ་པས། དེའི་ཕྱིར་ན་དེ་ལས་འདའ་བ་མེད་པའི་བསྲུང་མཚམས་ངོ་ཤེས་པར་བྱའོ། །སྐུའི་དམ་ཚིག་ཅེས་བྱ་བ་ནི། རྡོ་རྗེ་སློབ་དཔོན་མཆེད་དང་ཡང་། །སངས་རྒྱས་རྣམས་ཀྱི་སྐུ་གཟུགས་དང་། །ལུས་ཅན་ཀུན་གྱི་རྟེན་རྣམས་ལ། །སྨད་ཅིང་གནོད་པ་ལུས་ཀྱི་ལས། །བྱས་ན་འདས་ཏེ་འབྲས་བུ་བརླག །སྤངས་ལ་དངོས་གྲུབ་ཆེན་པོ་ཐོབ། །གསུང་གི་དམ་ཚིག་ཞེས་བྱ་བ། །བླ་མའི་གསུང་དང་རྡོ་རྗེའི་སྤུན། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །བཀའ་ལ་རས་ཆོད་གཟུ་ལུམ་དང་། །སྒྲོ་བཏགས་ཡིད་ཀྱི་དཔྱོད་པ་དང་། །རང་གཞན་གྲུབ་པའི་མཐའ་རྣམས་ལ། །སྨོད་ཚིག་དག་གི་ལས་རྣམས་ནི། །དངོས་སུ་བརྗོད་དང་ཞར་གྱིས་བྱས། །འདིས་ནི་གསུང་གིས་དམ་ཚིག་ཉམས། །དེ་དག་སྤངས་པས་དངོས་གྲུབ་ཐོབ། །ཐུགས་ཀྱི་དམ་ཚིག་ཞེས་བྱ་བ། །རྡོ་རྗེ་སློབ་དཔོན་སྤུན་དང་ཡང་། །སངས་རྒྱས་ཐུགས་ཀྱི་དགོངས་པ་དང་། །རང་གནས་བསམ་གཏན་ཏིང་འཛིན་དང་། །སངས་རྒྱས་བཀའ་དང་མན་ངག་ལ། །ལོག་པར་བལྟས་དང་མ་དག་པ། །འཁྲུལ་ཞིང་རྨོངས་དང་མ་ཤེས་པ། །ཡིད་ཀྱིས་བརྩམ་པའི་ལས་རྣམས་ཀྱིས། །རིམ་གྱི་པ་དང་གཅིག་ཆར་དུ། །བྱ་བ་ལོག་པས་འབྲས་བུ་བརླག །དེ་དག་ཤེས་པར་བྱས་ནས་ནི། །རྣམ་པར་སྤངས་ན་འབྲས་བུ་རྫོགས། །དེ་བཞིན་དེའི་གྲོགས་སུ་ཡང་། །གསང་བར་འོས་དང་གཉེར་གཏད་དང་། །དམ་རྫས་དང་ནི་དབང་བསྐུར་ཚིག །བླ་མའི་མན་ངག་རྒྱས་བཏབ་དང་། །བརྡ་དང་རྡོ་རྗེའི་གླུ་གར་དང་། །གསང་བར་འོས་དང་གཉེར་དུ་གཏད། །བསྒྲགས་ན་བདུད་ཀྱིས་ཟིན་པར་འགྱུར། །རབ་ཏུ་སྤངས་པས་དངོས་གྲུབ་ཐོབ། །ཅེས་བཀོད་པ་ཆེན་པོ་ལས་གསུངས་པས་ན། དེ་དག་ངོ་ཤེས་པ་ལ་འདའ་བར་མི་བྱའོ། །དེ་ལྟར་མ་འདས་པས་བསྲུང་བའི་མཚམས་དང་བྲལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་དམ་ཚིག་མེད་པ་དང་གཅིག་པུ་དང་ཕྱལ་བ་དང་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་ཤེས་པས་མེད་པ་སྟེ་ཉམས་པའི་རྒྱུར་མེད། དེ་ལྟར་ཉམས་པའི་རྒྱུར་མེད་པས་གཅིག་པུ། དེ་ཉིད་གང་ལྟར་བསྟུན་དུ་བཏུབ་པས་ཕྱལ་བ་ན་ཇི་ལྟར་བྱས་ཀྱང་ཉམས་པ་མེད་པའོ། །དེ་སྣ་ཚོགས་སུ་གྲུབ་པས་ལྷུན་གྲུབ་བོ། །དེ་ལྟར་བར་དང་མཚམས་མེད་པའི་དོན་ཉམས་སུ་ལེན་པར་བྱས་པས་དམ་ཚིག་ལ་ཉམས་པའི་རྒྱུ་མེད་པའོ། །དེ་སྐད་ཚིག་ཏུ་སྔོན་འབྱུང་དུ་སྟོན་པས་གསུངས་པའོ། །སྔོན་འབྱུང་གིས་འཁོར་གྱིས་རྟོགས་པ་རྙེད་ནས། རྗེས་འཇུག་དུ་བླ་མ་ཉིད་ཀྱིས་གསུངས་པའི་ཚིག་ལ་བརྟེན་ནས་སློབ་མས་ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ཏེ། སྔོན་འབྱུང་དུ་སྟོན་པའི་འཁོར་རྣམས་རྗེས་སུ་ཡི་རང་ནས་ལྐོག་གྱུར་མ་ཡིན་པའི་སྐུ་ལ་མངོན་པར་བསྟོད་པའོ། །རྗེས་འཇུག་ཏུ་བླ་མའི་སློབ་མས་དེ་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་པས། འདི་སུ་ལས་བྱུང་ན་བླ་མ་ལས་བྱུང་བ་ཡིན་སྙམ་པས། རང་གི་བླ་མ་ལ་དད་པས་རྗེས་སུ་འཇུག་པའི་སློབ་མ་ཡིད་རང་བ་ནི་ཡིད་ལ་རྟེན་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་བས་ཡིད་རངས་པས་ཐོབ་པའོ། །དེ་དག་གིས་ནི་རྒྱུད་ཀྱི་གཞུང་ལེའུ་གསུམ་པ་བསྟན་ནས། ལེའུའི་མཚན་ནི། སྐུ་ལུས་ཀྱི་རྟགས། གསུང་ངག་གི། འབར་བའི་སེམས་ཀྱི་རྟགས། དེ་ལྟར་སྦྱངས་པ་ལ་ཡོན་ཏན་དུ་བྱུང་བས་རིན་པོ་ཆེའི་རྒྱུད་ལས། སྐྱེས་བུའི་ཕྱི་ནས་རྟགས་ཇི་ལྟར་འབྱུང་བསྟན་པ་ནི་ཚིག་དང་ཡི་གེ། ལེའུ་ནི་གཞུང་གི་དུམ་བུ་ངེས་པའི་དོན། གསུམ་པ་ནི་གྲངས་ཏེ། གཉིས་ལས་གཞན་དུ་གྱུར་པས་ཏེ། དེ་ལྟར་ན་གསུམ་ལས་མང་བས་དགོས་པ་མེད། ཉུང་ན་དགོས་པའི་དོན་མི་ཚངས་ཏེ། འདི་ནས་སྔོན་དུ་སྦྱངས་པའི་རྟགས་དང་། ད་ལྟའི་དང་། ཕྱིས་འབྱུང་བའི་རྟགས་གསུམ་སྟོན་པས་ན་ཡང་གསུམ་དུ་ངེས་ལ། སྐུ་དང་། གསུང་དང་། ཐུགས་དང་། གསུང་སྟོན་པས་ན་ཡང་གསུམ་དུ་ངེས། འགྲོ་བའི་ལུས་ངག་ཡིད་དང་གསུམ་ངེས་པའོ། །གོ་རིམ་ངེས་པ་ནི། དང་པོ་སྔོན་དུ་སྦྱངས་པའི་རྟགས། ཐོག་མ་གོམས་ཟིན་པ་ལས་བྱུང་བས། འདས་པ་ཡིན་པའི་ཕྱིར་སྔོན་དུ་བསྟན་ལ། དེ་ལྟའི་རྟགས་མངོན་སུམ་དུ་བསྟན་དུ་ཡོད་པའི་ཕྱིར་བར་དུ་ངེས་པ་ལ། ཕྱི་ནས་ཕུང་པོའི་ཤུལ་ནས་འོང་བའི་རྟགས་ཕྱིས་འབྱུང་ཡིན་པས་ན་ཐ་མར་ངེས་པའོ། །དེ་ལྟར་རྒྱུད་ཀྱི་དོན་ལེའུ་གསུམ་དུ་འདུས་པར་བསྟན་པས། སྔོན་འབྱུང་གི་སྟོན་པའི་འཁོར། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། དྲི་ཟར་བཅས་པ་ཐམས་ཅད་ཀུན་ཆོས་ཉིད་སྤྲོས་པ་མེད་པའི་ངང་དུ་དེ་དག་ཀུན་གྱིས་སྐྱེ་བ་མེད་པར་ཆོས་ཉིད་ཀ་དག་གི་སར་གྲོལ་ལོ། །ཞེས་གཞུང་ཚིག་ཡི་གེར་བཀོད་པ་ལ་བདག་དོན་དང་གཞན་དོན་གཉིས་འབྱུང་བར་བསྟན་པ། ནམ་མཁའ་མེད་པ་ནི་སྟོང་པ་ལས་འདས་པའི་ཤེས་རབ་བོ། །རྒྱུད་མཚན་དུ་བསྟན་པ་ནི། རིན་པོ་ཆེ་སྐུ་ངོ་བོ་དེ། གདུང་རིགས་མཚོན་པར་བྱེད་པ། འབར་བའི་རྟགས་སྟོན་པ། རྒྱུད་ཆེན་པོ་ཁྱད་པར་དུ་འཕགས་པ། ཉན་ཐོས་ལ་སོགས་པ་ལ་གསང་བས་ཡང་བསྡུས་ཏེ། རྫོགས་པ་ཆེན་པོ་རྣམས་ལས་ཁྱད་པར་དུ་ཟབ་པ། སྙིང་པོ་ནི་བཅུད་དུ་བསྡུས་རང་བཞིན་ནི་སུས་ཀྱང་མ་བཅོས་པ། རྫོགས་པ་ཆེན་པོའི་ནི་གཞི་དང་། ལམ་དང་། འབྲས་བུ་རྫོགས་པ་ཆེན་པོ་སྤྱིར་རྒྱུད། ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་རྒྱུད་འདི་ཕྱུང་བའོ། །རྫོགས་སོ།། །།ནི་ཚིག་དང་ཡི་གེ་ལས་འདས་པའོ། །སྒྲོན་མ་ཕྲེང་བ་བཀོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་བྷི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །ཧེ་ཧེ། ཨ་ཏི། ས་མ་ཡ།། །།


previousསྐུ་གདུང་འབར་བའི་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་ཕྲེང་བ་བཀོད་པ། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ།no next