Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་གཅིག་པ།


   
   
   
   
   
ཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད།
   
   
   
   


 
previousཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད།next

ཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད།

ཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད་དབང་བཞི་བྱ་རྒྱུད་ཆེན་མོ་བཞུགས་སོ།། ྅྅྅ རྒྱ་གར་སྐད་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཏྨ་ཨ་སུ་ཀ །བོད་སྐད་དུ། ལུས་སྨིན་པར་བྱེད་པ་སྐུའི་བྱིན་རླབས་ཞིང་ཁམས་སྦྱང་བའི་དབང་། སྐྱེ་མེད་འགག་མེད་གཉིས་མེད། ཐབས་ཤེས་རིམ་པ་ཡི་ལྷ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། ཆོས་དབྱིངས་སྐྱེ་མེད་ཀྱི་བྷ་ག་ཡངས་པ། ཆོས་སྐུ་ཀུན་ཏུ་བཟང་མོ་སྣ་ཚོགས་གཟུགས་རིས་དང་བྲལ་བ། དུས་ཐོག་མཐའ་དང་བྲལ་བའི་ཚེ། འཁོར་རང་གསལ་རིག་པའི་རང་རྩལ་མཁའ་འགྲོ་མ་ལྔ་ལ། བསྟན་པ་རྩོལ་མེད་རྒྱུ་འབྲས་ལས་འདས་པ་འདི་བཀའ་སྩལ་ཏོ། །བྷ་ག་ཝན་སརྦ་ཏ་ཐཱ་ག་ཏེ་ཨ་ཨཾ་བུདྡྷ་ཛྙཱ་ན་གྷེ་རོ། །ཙཀྵུ ས་དྷྲི་ཧོ། ཨེ་མ་ཡུམ་ཆེན་ཀུན་བཟང་ངས། །ཡང་དག་རིག་པའི་སྐུ་ལྔ་ནི། །དབང་མཆོག་རྣམ་པ་ལྔ་ཐོབ་པས། །འཁོར་འདས་ས་ལམ་རྫོགས་པ་སྟེ། །སྲིད་པའི་རྩ་བ་བདག་འཛིན་ཉིད། །བརྟག་པས་ཕྱི་ནང་ཡེ་སྟོང་གྲོལ། །སྣང་བཞི་གདེང་བཞི་མཐར་ཕྱིན་ནས། །གདོད་མའི་ངང་དུ་ཆོས་ཚིགས་ཟད། །ཅེས་གསུངས་སོ། །དེའི་ཚེ་མཁའ་འགྲོ་སྡེ་ལྔས་ཕྱག་འཚལ། བསྐོར་བ་བྱས། ཐལ་མོ་སྦྱར་སྟེ། སྙན་པའི་ངག་གིས་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཆོས་དབྱིངས་ཀུན་བཟང་མོས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རང་མདངས་རང་ངོ་མ་ཤེས་པས། །ཁམས་གསུམ་ཉིད་དུ་སྡུག་བསྔལ་སྤྱོད། །རང་གྲོལ་རང་དབང་ཐོབ་བྱའི་ཕྱིར། །དབང་གི་རིམ་པ་དེ་དག་ཀུན། །བདག་ཅག་ཀུན་ལ་བཀའ་སྩོལ་ཅིག །ཅེས་ཞུས་པས། ཞལ་འཛུམ་པའི་མདངས་ཕྱུང་སྟེ་བཀའ་སྩལ་པ། ཧོ་རང་མདངས་འཁོར་རྣམས་ཉོན། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །གཟུང་འཛིན་དྲི་མས་རབ་ཏུ་བཅིངས། །དེ་ལས་གྲོལ་ཞིང་ཐར་པའི་ཐབས། །རང་ལུས་དཀྱིལ་འཁོར་རྫོགས་བྱེད་པ། །ཀློང་གསལ་གསང་བ་ངས་བཤད་དོ། །རིག་རྩལ་རང་ངོ་ཤེས་བྱའི་ཕྱིར། །གསང་སྔགས་ཐབས་ལ་རབ་བརྟེན་ནས། །དབང་གི་རིམ་པ་རྫོགས་པར་བྱ། །སྤྲོས་བཅས་བུམ་པའི་ཕྱིར་དབང་དང་། །སྤྲོས་མེད་ནང་གི་གསང་བའི་དབང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་དབང་། །ཡོངས་སུ་སྤྲོས་མེད་ཚིག་དབང་མཆོག །སྣོད་ལྡན་བུ་ལ་རིམ་བཞིན་བསྟན། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དང་པོ་དབང་མཆོག་བསྐུར་བ་ལས། །གནས་ཀྱི་མཚན་ཉིད་བསྟན་པ་ནི། །མཐོ་ཞིང་དངས་མཐོ་རིག་པ་དངས། །ཤར་དམའ་ལྷོ་ཞོལ་ནུབ་སྐྱོར་བ། །བྱང་ཕྱོགས་མཐུ་བ་བཏིང་བ་འདྲ། །ཤར་ལྷོ་མ ཚམས་ཀྱི་དབང་ཕྱོགས་ལ། །ཁ་བསྟན་གནམ་ས་པདྨ་འཁོར་ལོས་བརྒྱན། །འདོད་ཡོན་འབྱོར་ཚོགས་མེ་ཆུ་འཛོམ། །མི་རྒོད་འཚེ་སྤང་སེམས་ཆགས་པ། །བསྒྲུབ་ཁང་ཆེ་ཆུང་འབྲིང་གསུམ་སོགས། །རང་བློ་སྦྱོར་བས་བསྟུན་ཏེ་བརྩིགས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ནས་གྲོགས་ཀྱི་མཚན་ཉིད་ནི། །གསང་ཐུབ་སྙིང་རུས་སྡོད་ཚུགས་ཐུབ། །ཞེན་ལོག་སྐྱོ་ཤས་འཁོར་བ་སྤངས། །ཤེས་རབ་བློ་རྩལ་རྟོགས་ལྡན་པར། །ཤེས་རབ་ཡོན་ཏན་འབྱོར་པར་ལྡན། །བསྲན་ཚུགས་རྟོགས་ལྡན་ཉམ་ང་མེད། །རྣམ་རྟོག་དུག་ལྔ་ཤུགས་ཀྱི་ཆུང་། །དེ་ཉིད་བསྒྲུབ་པ་མཐའ་རུ་སྐྱོལ། །མ་རྙེད་བསྒྲུབ་ལ་གེགས་འབྱུང་ངོ་། །དེ་ཕྱིར་གྲོགས་ཉིད་གལ་ཆེའོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། གྲོགས་བསྟན་པའི་ལེའུ་སྟེ་གསུམ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ལྟར་དབང་འདི་བསྐུར་འདོད་ན། །མཚན་ཉིད་ལྡན་པའི་བླ་མ་ལས། །དབང་མཆོག་བཞི་པ་རིམ་བཞིན་རྫོགས། །ཐེག་པ་རིམ་པའི་ཆོས་ལ་མཁས། །ཐོས་པས་ཕྱི་རྟོག་སྤྲོས་པ་ཆོད། །བསམ་པས་ནང་རྟོག་རང་མཚང་རིག །བྷཻཾ་པས་འགྱུ་བ་ཆོས་སྐུར་གྲོལ། །བསྐྱེད་རྫོགས་ཟུང་འཇུག་ལས་བཞི་མཁས། །བསྟན་པའི་རུ་ཏྲ་སྒྲོལ་ལ་བ རྩོན། །བདེ་སྟོང་ཕྱག་རྒྱའི་རྟེན་ལ་སྦྱངས། །དཀྱིལ་འཁོར་གསུམ་གྱི་དོན་ལ་མཁས། །སྣང་བཞི་བསྒྲོད་ཚད་གདེང་བཞི་ལྡན། །སློབ་མ་བསྟེན་པའི་ཐབས་ལ་མཁས། །དེ་འདྲའི་མཚན་ཉིད་བླ་མ་ཡི། །དབང་བསྐུར་བྱས་པས་སྡུག་བསྔལ་གྲོལ། །དབང་བཞི་ཐོབ་ནས་སྒྲིབ་བཞི་དག །སྐུ་བཞི་བསལ་ནས་ཞིང་བཞི་བསྒྲོད། །རྩ་བཞི་གྲོལ་ནས་སྣང་བཞི་རྒྱས། །གདིང་བཞི་ལོན་ནས་གཞན་དོན་འགྲུབ། །མཚན་ཉིད་མི་ལྡན་བླ་མ་བསྟེན། །དབང་བསྐུར་བྱས་ནས་གཉིས་ཀ་ཕུང་། །བེལ་སྦྲེལ་གཡང་ལ་ལྟུང་བའམ། །ལོང་བས་ལོང་ཁྲིད་བྱེད་བཞིན་དུ། །ངན་སོང་གནས་ལས་ཐར་མི་འགྱུར། །དང་པོ་བླ་མ་གལ་ཆེའོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་རྒྱུད་ལས། བླ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ནས་སློབ་མའི་མཚན་ཉིད་བཤད། །སྣོད་དང་ལྡན་པའི་སློབ་མ་ནི། །ཤེས་རབ་ཆེ་བས་ཚིག་དོན་གོ། །སྦྱིན་པ་བཏང་བའི་ཅི་ཡོད་འབུལ། །བརྩོན་འགྲུས་ཆེ་བས་བསྒྲུབ་པའི་རིམ། །བཟོད་པ་ཆེ་བས་མཛད་དང་མཐུན། །ཚུལ་ཁྲིམས་བསྲུང་བས་དམ་ཚིག་གཙང་། །བསམ་གཏན་བྷཻཾ་པས་མཚམས་ལ་ཚུགས། །བློ་ཆེ་ཁོག་ཡངས་བློ་བརྟན་པ། །རིགས་བཟང་རྒྱུད་འཇམ་སྤོབས་པ་ཆེ། །སྡིག་སྤངས་འཁྲུལ་པའི་ཞེན་བློ་ལོག །སྒོ་གསུམ་བླ་མ་མཉེས་བྱེད་པས། །དེ་ཉིད་གདམས་པའི་སྣོད་མཆོག་ཡིན། །དེ་དག་བདག་གཞན་གཉིས་ཀ་བསྒྲུབ། །དབང་གི་ཆུ་བོ་འབྱིན་པར་བྱས། །སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདུང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཅན། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་བལྟས། །རིགས་ངན་ངང་རྒྱུད་ཐུང་བ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉོན་མོངས་འཆལ། །སློབ་མ་མ་བརྟག་བླ་མའི་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། །དོན་དམ་གདམས་པ་བསྟན་མི་བྱ། །བསྟན་ན་ཚེ་འདིར་མི་རུང་འབྱུང་། །ཕྱི་མ་མནར་མེད་གནས་སུ་འཁྱམས། །མེ་ཐབས་གཉིས་ཀྱིས་ཡུལ་ཁམས་བསྲེགས། །དམ་ཉམས་གཅིག་གིས་ཁམས་གསུམ་ཕུང་། །དེ་ནས་དཔོན་སློབ་མཚན་ཉིད་བརྟག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་གི་ཀློང་གསལ་འབར་མའི་རྒྱུད་ལས། སློབ་མའི་མཚན་ཉིད་བརྟག་པའི་ལེའུ་སྟེ་ལྔ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། རིགས་ལྡན་བུ་མཆོག་དེ་ལྟ་བུ། །གཅིག་གཉིས་གསུམ་མམ་བདུན་བཅུ་བཞི། །ཉི་ཤུ་གཅིག་དང་ལྔ་བཅུ་ལ། །སྐྱབས་འགྲོ་ཐུན་མོང་ནས་བརྩམས་ཏེ། །དབང་བཞི་རིམ་བཞིན་རྫོགས་པར་བསྐུར། །ཡོ་བྱད་ཁང་ཁྱིམ་བརྟན་པོ་བསགས། །དང་པོ་ཞུ་འབུལ་མཇུག་སྟོན་བྱ། །དགའ་སྟོན་བར་ཆད་བསལ་བ་དང་། ཡོན་ཏན་ཀུན་རྫོགས་བསྒྲུབ་པར་འགྱུར། །དགའ་སྟོན་ཚོགས་འཁོར་ཡོན་མེད་ན། །བར་ཆད་རྐྱེན་ངན་སྣ་ཚོགས་འབྱུང་། །དབང་གི་རྒྱལ་ས་ཞིག་པ་དང་། །དངོས་གྲུབ་མི་ཐོབ་ཡི་དྭགས་སྐྱེས། །དེ་བས་དགའ་སྟོན་ཡོ་བྱ྄ད་བཤམས། །བུམ་དབང་བསྐུར་བའི་ཐོག་མར་ཡང་། །སྡིག་སྒྲིབ་སྦྱང་ཕྱིར་སྔོན་འགྲོ་རུ། །རྡོར་སེམས་བྷཻཾ་ཞིང་ཡིག་བརྒྱ་བཟླས། །བར་ཆད་མི་ཞུགས་བསྲུང་བའི་ཕྱིར། །ཧཱུྃ་གིས་སྦྱོར་བ་སྲུང་མཚམས་བཅད། །གཟུགས་སྣང་སྒྲ་སྒྲོགས་ཧཱུྃ་དུ་བསམ། །སྤྲུལ་སྐུའི་རིམ་པ་སྦྱངས་བར་བྱ། །དམ་ཚིག་རྒྱུད་ལས་གནས་འདོད་པས། །ཐབས་ཤེས་གཉིས་ཀྱི་དམ་ཚིག་ཏུ། །མཚན་མ་ལ་ཡང་འགོང་མི་བྱ། །རྡོ་རྗེ་སློབ་དཔོན་མན་ཆད་ལ། །འགོང་ཡུག་ཟུར་ཙམ་ཡང་མི་བྱའོ། །རྡོ་རྗེ་སྤུན་ལ་རྩོད་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག །ལུས་ངག་ཡིད་ཀྱིས་བསྲུངས་ནུས་སམ། །སློབ་བུ་དེ་ལ་དྲི་བར་བྱ། །ཀྱེ་མ་སངས་རྒྱས་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི། །ནུས་པ་རྣམས་ལ་འདི་སྐད་དུ། །གུས་པའི་ལུས་ལ་སྙན་ངག་དང་། །ཡིད་ཀྱི་ཐག་བཅད་ལས་བླང་ངོ་། །དེ་ནས་ཡུམ་ཆེན་ཀུན་བཟང་མོ། །མཁའ་འགྲོ་བརྒྱུད་པའི་བླ་མ་ལ། །གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །མོས་གུས་མཆི་མ་ཕྲུལ་དུ་གཞུག །དེ་ནས་ལུས་འདི་མ་རིག་པའི། །རྒྱུས་བསྐྱེད་རིགས་དྲུག་ས་བོན་རྣམས། །སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་ཏྲི་ནྲྀ་སུ་པྲེ་དུ་དང་། །གནས་གསུམ་སྐུ་གསུང་ཐུགས་ཡིག་ནི། །ༀ་ཨཱཿཧཱུྃ་གསུམ་གྱིས་བསྲེགས་པར་བྱ། །འདིའི་རིགས་དྲུག་དོང་སྤྲུག་གོ། །བུམ་དབང་བསྐུར་བའི་སྣོད་དུ་རུང་། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། སྟ་གོན་གྱི་ལེའུ་སྟེ་དྲུག་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་འཁོར་རྣམས་ཉོན། །སྤྲོས་བཅས་བུམ་པའི་དབང་མཆོག་ནི། །སྤྱི་དང་བྱེ་བྲག་མེད་པ་རུ། །ཆོ་ག་སྤྱི་དང་མཐུན་པའོ། །གཞི་ཆོས་གསུང་གླག་རིགས་དྲུག་བསྐོངས། །དེ་ནས་ད་ལ་བཤམ་པ་ནི། །ད་ལ་སྤྱི་དང་མཐུན་པ་ལ། །དྲི་ཞིམ་སྤོས་ཀྱི་བག་ཆགས་གདབ། །བྱི་དོར་ལེགས་པར་ཚར་བར་བྱ། །ཀུན་བཟང་རིགས་ལྔའི་ཞིང་དུ་བསྔོའོ། །གསོལ་འདེབས་མོས་གུས་དྲག་པོ་བྱས། །དེ་ནི་སློབ་མའི་སྟ་གོན་ཡིན། །རྡོ་རྗེ་སློབ་དཔོན་བྱ་བ་ལས། །བུམ་པ་ལྷ་དང་སྦྱིན་བསྲེག་དང་། བུམ་པ་སྟ་གོན་ཉེ་བར་བྱས། །ཡེ་ཤེས་ལྔ་ལྡན་བུམ་པ་ལ། །རྒྱན་སྤྲས་ལྷ་བསྐྱེད་དྲིའི་བསང་། །མཎྜལ་ཚོམ་བུའི་ཁ་རུ་བཞག །ཚོགས་གཏོར་མཆོད་བསྟོད་གསོལ་བ་གདབ། །ཐེག་པ་སྤྱི་མཐུན་དབང་རྣམས་བསྐུར། །ཐེག་དགུའི་དབང་ཡང་རིམ་བཞིན་བསྐུར། །ཞི་རྒྱས་དབང་དྲག་ཚོགས་མཆོད་བྱས། །མཇུག་ནི་དམིགས་པ་རྒྱའི་གདབ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ནུབ་གསུམ་པའི་སྐབས་སྟེ་ལེའུ་བདུན་པའོ། །྅྅྅རྒྱ་རྒྱ་རྒྱ༔ དེ་ནས་བཞི་པའི་དུས་ནི། ནང་པར་བླ་མ་ཁྲི་ལ་ལངས་ཏེ། །རྡོ་རྗེ་དྲིལ་བུ་ཕྱོགས་བཅུར་དཀྲོལ། །དེ་ནས་ཁྲི་ལ་བཞུགས་པ་དང་། །སློབ་མས་ཞུ་བ་འདི་ལྟར་ཕུལ། །ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །བདག་རྣམས་ཁྱེད་ཀྱི་རྗེས་སུ་འཇུག །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཐར་པའི་དྲུང་དུ་འཇུག་པར་བགྱི། །མགོན་པོ་བདག་ཅག་རྣམས་ལ་གསོན། །ཅེས་པས་མེ་ཏོག་ལན་གསུམ་འཐོར། །ངག་ཏུ་འདི་སྐད་བརྗོད་པར་བྱ། །ཀྱེ་ཧོ་སྣོད་ལྡན་བུ་རྣམས་ཉོན། །ལུས་ངག་ཡིད་གསུམ་དད་པ་ཡིས། །ཐར་པའི་གྲོང་དུ་འཇུག་དོན་དུ། །མདུན་གྱི་ནམ་མཁའི་དབྱིངས་རུམ་དུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རྒྱལ་བ་སྲས་འཁོར་བཅས་པ་རྣམས། །གུས་པའི་ཡིད་ཀྱིས་སྤྱན་དྲངས་ནས། །ལུས་སོགས་མཆོད་པ་བཞི་རྫོགས་འབུལ། །ཕྱག་འཚལ་ཡོན་འབུལ་ཐལ་མོ་སྦྱར། །འདི་སྐད་གསོལ་བ་གདབ་པར་གྱིས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བའི་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ཅག་གུས་པས་སྐྱབས་སུ་མཆི། །ཞེས་པས་ལན་གསུམ་བརྗོད་པར་བྱ། །ཀྱཻ་ཧོ་ཀུན་བཟང་རིགས་ལྔའི་སངས་རྒྱས་དང་། །རྒྱལ་བ་ཡབ་ཡུམ་སྲས་འཁོར་ལས། །ད་ནས་བཟུང་སྟེ་ཡང་དག་དོན། །བྱང་ཆུབ་སྙིང་པོ་མ་ཐོབ་བར། །གུས་པས་ཡིད་ཀྱིས་སྐྱབས་སུ་མཆི། །ཞེས་པ་ལན་གསུམ་བརྗོད་པར་བྱ། །ཀྱེ་དཔའ་བོ་དཔའ་མོ་ཆོས་སྐྱོངས་ཚོགས། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས། །གསུམ་ལྡན་བླ་མའི་ཚོགས་བཅས་ལ། །བདག་ཉིད་གུས་པས་སྐབས་སུ་མཆི། །ཞེས་པས་ལན་གསུམ་སྤྱིར་བརྗོད་དོ། །ཀྱེ་རང་བྱུང་གདོད་མ་སྐྱེ་བ་མེད། །རང་མདངས་འོད་སྣང་འགགས་པ་མེད། །སྣང་སྲིད་སྟོང་གསུམ་དབྱེར་མེད་པ། །གཟུང་འཛིན་བྲལ་བར་སྐྱབས་སུ་མཆི། །ཅེས་པས་ལན་གསུམ་བརྗོད་པ་ནི། །སྐྱབས་འགྲོ་སྤྱི་དང་ཁྱད་པར་རོ། །ད་ནི་སྡོམ་པ་བླང་བར་བྱ། །ཧོ་བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པར་མི་བྱེད་དགེ་བ་བསྒྲུབ། །དགེ་ཚུལ་དགེ་བསྙེན་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཅིང་སྲུང་། །ཞེས་པས་ལན་གསུམ་ཕྱི་ལྟར་བརྗོད། །ད་ནི་སྨོན་པ་སེམས་བསྐྱེད་དོ། །ཀྱེ་ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུའི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་འབྱུང་བ་རྣམས་དབུགས་འབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །སྨོན་པ་བྱང་ཆུབ་སེམས་བསྐྱེད་ཡིན། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནི། །ཇི་ལྟར་སྔོན་གྱི་རྒྱལ་བ་རྣམས། །སྡོམ་པ་ལ་ནི་གནས་པ་ལྟར། །ད་ནས་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་སྲུངས། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བསྒྲལ་སྒྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་བརྗོད་པར་བྱ། །ད་ནི་སྡོམ་པ་བླང་བ་ནི། །དེང་ནས་བཟུང་སྟེ་སྙིང་པོའི་བར། །དཀོན་མཆོག་གསུམ་བཟུང་མི་བཏང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །བདེར་གཤེགས་རིགས་ཀྱི་དམ་ཚིག་ཏུ། །སྙིང་པོའི་དོན་དང་འབྲལ་མི་བྱ། །ཞེས་པས་ཞེ་ནས་ལན་གསུམ་བྱ། །རྩ་བ་བཞི་པོ་མི་འདའ་བསྲུང་། །དེ་ནས་བདུད་རྩི་ལྕེ་ལ་བཞག །ཧཱུྃ་གི་སྲུང་བ་བགྲངས་སུ་བཅུག །ཐམས་ཅད་ཕྱོགས་སུ་གདེངས་སུ་བཅུག །ཡོལ་བ་དག་གིས་གཡོལ་བར་བྱ། །དེ་ནི་སློབ་མའི་སྟ་གོན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་པ་སློབ་མའི་སྟ་གོན་གྱི་རིམ་པའི་ལེའུ་སྟེ་བརྒྱད་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་ཐིག་གི་ཆོ་ག་བསྟན། །ཐིག་སྐུད་ཡེ་ཤེས་ལྔ་སྦྲེལ་ལ། །དཀྱིལ་འཁོར་སྟེང་གི་ནམ་མཁའ་ལས། །ཚངས་ཐིག་ལྷ་ཆེན་དག་ཀྱང་གདབ། །སྐད་ཅིག་དལ་གྱིས་ལྷ་ཚོགས་བསྐྱེད། །མཆོད་པ་དང་ནི་བསྟོད་པ་བྱ། །དེ་ནས་དཀྱིལ་འཁོར་ཐིག་གདབ་སྟེ། །ད་ལ་སྤྱི་དང་མཐུན་པར་གདབ། །ད་ལའི་བཀོད་པ་ཤེས་པར་བྱ། །ཚོན་རྩི་རིན་ཆེན་སྣ་ལྔ་དང། །ཚོན་གཞི་སྒོའི་ཉི་ཤུ་ཆ། །འཕྲ་སྦོམ་མདའ་ཙམ་འབྲི་བར་བྱ། །སྐྱོན་སྤང་ཡོན་ཏན་ཚང་བར་གཅེས། །དཀྱིལ་འཁོར་སྤྱི་དང་འདྲ་བ་ལ། །དབུས་སུ་མུ་ཁྱུད་ལྔ་ལྡན་བཀོད། །ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ། །རེ་ཁ་མུ་ཁྱུད་ལྔ་དང་ལྡན། །ཚོན་ཀྱང་རིགས་ཀྱི་ཁ་དོག་འདྲ། །དེ་ལྟར་ད་ལ་ཚར་རྗེས་སུ། །སྐྱོན་ཡོན་བརྟག་ཅིང་ལྷག་ཆད་སྐོངས། །བཀྲ་ཤིས་རྫས་བཀྲམ་རྒྱན་རྣམས་བཀོད། །ཕྱོགས་མཚམས་བརྒྱད་དང་དབུས་སུ་ནི། །རིགས་ལྔ་ཡབ་ཡུམ་བུམ་པར་བསྐྱེད། །ལས་བུམ་ཤར་སྒོའི་ཕྱོགས་སུ་བཞག །ཡོལ་བ་དཀར་པོས་དཀྱིལ་འཁོར་གཡོགས། །ཕོ་རྣམས་རྒྱན་ཆས་ལྡན་པ་ཉིད། །གཡས་ཀྱི་གྲལ་ལ་བཞག་པར་བྱ། །མོ་རྣམས་མཛེས་ཚུལ་རིམ་བཞིན་དུ། །གྲལ་གྱི་གཡོན་དུ་བཞག་པར་བྱ། །ལས་ཆོག་རྒྱལ་ཐེབས་དཀྱིལ་འཁོར་གྱིས། །མཐའ་མ་གསུམ་དུ་བཀོད་པར་བྱ། །སྐུ་གསུམ་མཛེས་པའི་མཎྜལ་ལ། །ཚོམ་བུ་ལྔ་སོགས་བཀོད་པར་བྱ། །མཆོད་རྫས་གཏོར་མ་ལ་སོགས་དང་། །བཀོད་པ་རིམ་བཞིན་བཤམས་པར་བྱ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། དཀྱིལ་འཁོར་དབང་རྫས་བཤམས་པའི་ལེའུ་སྟེ་དགུ་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་རིག་མདངས་རྩལ་འཁོར་རྣམས། །དབང་བསྐུར་དངོས་གཞིའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས། །སྐད་ཅིག་རིགས་ལྔ་ཀུན་བཟང་བྷཻཾ། །དཀྱིལ་འཁོར་སྒོ་བཞིར་སློབ་དཔོན་གྱིས། །སྒོ་མ་བཞི་ལ་གསོལ་བ་གདབ། །དཀྱིལ་འཁོར་ནང་གི་ལྷ་ཚོགས་ལ། །ཞལ་མཇལ་དབང་བསྐུར་ཞུ་བ་ཕུལ། །ཀྱེ་ཧོ་དུས་གསུམ་རྒྱལ་བ་རྣམས། །བདག་ལ་ཅི་ལྟར་དབང་བཞི་བསྐུར། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་མི་འགྱུར་བའི་དབང་བསྐུར་ཞུ། །ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འདུ་འབྲལ་མེད་པའི་དབང་བསྐུར་གསོལ། །གསང་ལྡན་རྡོ་རྗེ་རིགས་ཀྱི་དབང་བཞི་ཞུ། །རྡོ་རྗེ་འདུ་འབྲལ་མེད་པར་བསྐུར་དུ་གསོལ། །གསུང་མ་འགགས་པའི་དབང་བསྐུར་ཞུ། །དབང་ལྡན་དབང་གི་རིགས་ལྡན་རིག་མཆོག་དེ། །འབར་བའི་འོད་འཕྲོ་པདྨའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔའི་དབང་བསྐུར་ཞུ། །པདྨ་འདུ་འབྲལ་མེད་པར་བསྐུར་དུ་གསོལ། །ཧཱུྃ་ཆོས་ཀྱི་དབྱིངས་ལ་རིག་པའི་དབྱིངས་ཤར་བས། །མཐོང་བ་ཉིད་དག་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱི་དཀྱིལ་འཁོར་དབང་བསྐུར་བས། །ཆོས་ཉིད་སྤྲོས་བྲལ་ཆེན་པོར་བསྐུར་དུ་གསོལ། །ཞེས་པས་དབྱངས་དང་བཅས་པས་ཞུ། །དེ་ནས་གསང་མཚན་ཡིད་ལ་བཟུང་། །ཨེ་མ་ཧོ། རྡོ་རྗེ་མོས་པ་རྩལ། །རིག་དང་གདུང་དང་རྡོ་རྗེ་དྲག་པོ་རྩལ། །སྟོང་དང་བདེ་མཆོག་རྡོ་རྗེ་འོད་འབར་རྩལ། །ཆོས་ཉིད་རང་སྟོང་རྡོ་རྗེ་གཏེར་དབང་རྩལ། །དཀྱིལ་ཡང་གསང་མཆོག་རྡོ་རྗེ་ཡང་གསང་རྩལ། །དམར་ལྡན་ཡིད་འཕྲོག་རྡོ་རྗེ་གསུང་ཐོབ་རྩལ། །དཀྱིལ་འཁོར་རྒྱས་མཛད་རྡོ་རྗེ་རིག་འཛིན་རྩལ། །གསང་མཚན་རབ་བདུན་ཡེ་ཤེས་མིང་གི་དབང་། །རིག་ལྡན་བདག་ལ་ཅི་ལྟར་བཏགས་པ་ལྟར། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་དུ་གསོལ། །ཞེས་པས་ཞུ་འབུལ་བྱའོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཞུ་འབུམ་གསང་མཚན་བཏག་ཏུ་གསོལ་བའི་ལེའུ་སྟེ་བཅུ་པའོ། །྅྅྅ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་སློབ་མ་དལ་དུ་ཞུགས། །ལས་ཀྱི་སློབ་དཔོན་ལས་བུམ་ཁྱེར། །སྒོ་ཕྱིར་ཐམས་ཅད་ཁྲུས་བྱས་ལ། །དེ་ནས་མིག་དར་གཡོགས་བྱས་ལ། །ཐམས་ཅད་ལག་པ་སྦྲེལ་བྱ་སྟེ། །དཀྱིལ་འཁོར་ལན་གསུམ་བསྐོོར་བ་བྱ། །ཕྱིའི་སྒོ་མཚམས་དག་ནས་ནི། །ཞུ་བ་འདི་ལྟར་འབུལ་བར་བྱ། །ཀྱེ་ཁྲོ་མོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་བསྒྲལ་བའི་ཕྱིར། །ཁྱོད་ཀྱིས་ནང་དུ་བཏང་དུ་གསོལ། །ནང་ནས་སུ་ཡིན་ཅི་བྱེད་དྲིས། །ལན་དུ་རིགས་ཀྱི་བུ་ཡིན་བྱ། །བདག་ཅག་རིགས་ཀྱི་བདག་པོ་ལས། །དབང་བསྐུར་ཞུ་བ་འབུལ་བ་ལགས། །དེ་ནས་ནང་དུ་ལེགས་པར་བསྒྲིལ། །སློབ་དཔོན་འཁོར་བཅས་ཐམས་ཅད་ཀྱིས། །རྒྱན་འདོགས་རོལ་མོ་ཧཱུྃ་སྒྲ་གྱེར། །མཚམས་བཅད་ཐུན་གྱིས་བྲབ་པར་བྱ། །དེ་ནས་ༀ་གཙོ་བོ་དབང་བསྐུར་རོ། །དེ་ནས་སློབ་མས་ཞུ་བ་ནི། །སྒོ་སྲུང་བཞི་ལ་མཎྜལ་འབུལ། །ཀྱེ་ཧོ། རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་མ་ཆེན་མོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེས་ཐར་པའི་ལམ་སྟོན་འཚལ། །ཅེས་པས་ལན་གསུམ་ཞུ་བ་འབུལ། །ཡོལ་བ་ཕྱེས་ལ་དཀྱིལ་འཁོར་ནི། །མིག་དར་བཀྱག་ལ་དུས་གཅིག་བསྟན། །སྒོ་མ་བཞིའི་དབང་བསྐུར་བྱ། །དེ་ནས་ཡི་གེའི་ཕཊ་དབང་བསྐུར། །མགོ་དྲིལ་མདུན་དུ་ཕཊ་གཅིག་གསལ། །རང་ཉིད་ཕཊ་དུ་བསམ་ཞིང་བསྐོར། །མ་ཡེངས་དམིགས་པ་དྲག་ཏུ་བྷཻཾ། །རོལ་མོ་སྣ་ཚོགས་འཁྲོལ་བའོ། །དེའི་བྱིན་འབེབས་ལུས་འདར་རོ། །རིག་པ་ནམ་མཁའི་དབྱིངས་སུ་འཕངས། །དེ་ནས་དབུགས་ཅིག་ཁ་ན་དྲོངས། །ཕཊ་ཕཊ་བརྒྱ་རྩ་གསུམ་ཙམ་བསྒྲངས། །དེ་ནས་ལུས་འདར་བ་སྤུ་གཡོས། །སྐྱུག་ལོག་མགོ་ན་ཧད་དེ་བ། །དེ་ནས་གསོལ་བ་དར་ཅིག་འདེབས། །དེ་ནས་མིག་དར་གཡོག་པར་བྱ། །མེ་ཏོག་ལག་ཏུ་ཐོག་ཏུ་བཅུག །དེ་ནས་བླ་མས་འདི་སྐད་བརྗོད། །ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །དཀྱིལ་འཁོར་གཉན་པོར་ཞུགས་བྱས་ནས། །ཡེ་ཤེས་ལྷ་དང་སྦྲེལ་བའི་ཕྱིར། །གསང་སྔགས་གཉན་པོའི་དམ་ཚིག་རྣམས། །གཞན་ལ་སྨྲ་བར་མ་བྱེད་ཅིག །སྨྲས་ན་ཡེ་ཤེས་ལྷ་དང་བྲལ། །དེ་ཕྱིར་དམ་ཚིག་ཆུ་འདི་འཐུངས། །ས་མ་ཡ། ན་ར་ཀན། ཨི་དན་ཏི། ཨ་པ་ཅི། སོ་ཕག་ཤི་ཀོ་ཐམ། མི་རི་ཨ་ཙི་ཀོ་ཐམ། ཞེས་ལྕེ་ལ་བདུད་རྩི་བཞག་ནས། མགོ་ལ་ཐོད་པ་བདུད་རྩི་བཞག །དེ་ནས་ལས་ཀྱི་སློབ་དཔོན་གྱིས། །རྡོ་རྗེས་ཁྲིད་ལ་དཀྱིལ་འཁོར་གྱིས། །མེ་ཏོག་ཕྱག་རྒྱ་གཏོར་དུ་གཞུག །དེ་ནས་གསེར་ཐུར་མིག་ཡོལ་ཕྱེས། །ཁྱོད་ཀྱིས་མ་རིག་མུན་པའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བས་ལྟོས། །ཅི་ལྟར་མཐོང་བ་ཞེས་ནི་དྲི་བར་བྱ། །གང་མཐོང་རིགས་ཀྱི་མིག་ཡང་བཏགས། །མེ་ཏོག་གང་ལ་ཕོག་པའི། །བཛྲ། རཏྣ། པདྨ། ཀརྨ། བུདྡྷ། ལས་རབ་རྩལ་གྱི་མིང་ཡང་བཏགས། །ལྷ་རིགས་དེའི་སྔགས་བྷཻཾ་ཕོག །དེ་ནི་དངོས་སུ་འབྲེལ་བའི་དབང་རིགས། དངོས་གཞི་ཡན་ཆད་རྫོགས་སོ། །མཁའ་འགྲོ་གསང་ཐིག་ཀློག་གསལ་བླ་མེད་ཀྱི་རྒྱུད་ལས། དམ་བསྒྲགས་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཉོན་ཅིག་མདངས་ལྔ་རིག་པའི་འཁོར། །སྤྲོས་བཅས་བུམ་དབང་དངོས་གཞིའི་དབང་། །ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཏེ། །ཕུང་པོ་རིགས་ལྔའི་དབང་བསྐུར་བྱ། །ཁམས་ལྔ་སངས་རྒྱས་ཡུམ་ལྔ་སྟེ། །ཡུམ་ཆེན་རིགས་ལྔའི་བུམ་དབང་བསྐུར། །སྐུ་ལྔ་ཡེ་ཤེས་ལྔ་པོ་རུ། །ཕུང་ཁམས་སྐྱེ་མཆེད་ངོ་ཡང་སྤྲད། །དེ་ནི་རྩ་བའི་བུམ་དབང་རྫོགས། །རིགས་ལྔའི་བྷཻཾ་བསྙེན་ཚད་དུ་སྐྱོལ། །དེ་ནི་བུམ་དབང་མདོ་བཅད་དོ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། ཏིང་འཛིན་ལེགས་པར་བྷཻཾ་བྱས་ཤིང་། །ཚིག་དབང་ཕྱག་རྒྱ་འདི་སྐད་དོ། །ཧཱུྃ། ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འདུ་འབྲལ་མེད་པའི་སྐུར་གསལ་བས། །གསང་ལྡན་རྡོ་རྗེ་རིགས་ཀྱིས་དབང་བསྐུར་ཞིང་། །རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ། །དཀྱིལ་འཁོར་ལྷ་དང་སྐུ་ལྔ་ཡེ་ཤེས་ལྔ། །དུས་དང་གནས་དང་རྡོ་རྗེའི་ཚིག །གསང་བ་བདེ་ལྡན་རྡོ་རྗེ་རིགས་ཀྱི་བདག །བདག་དང་གཞན་ཡང་སྐུ་ལྔ་མཐར་ཕྱིན་ནས། །མི་འགྱུར་གནས་མཆོག་དགྱེས་པའི་སྒེག་མོ་ཆེ། །རིག་དང་སྟོང་དང་བྱེད་པའི་སྟོབས། །ཆོས་དང་གནས་དང་ཡིད་དང་སེམས་ལ་བསྐུར། །ཨ་ལ་ལ་ཧོ་རྡོ་རྗེ་མོས་པ་རྩལ། །རིག་དངས་པ་དང་རྡོ་རྗེ་དྲག་པོ་རྩལ། །སྟོང་དང་དབྱེ་དགྱེས་དང་རྡོ་རྗེ་འོད་འབར་རྩལ། །ཆོས་ཉིད་རང་སྣང་རྡོ་རྗེ་གཏེར་དབང་རྩལ། །དཀྱིལ་འཁོར་གསང་མཆོག་རྡོ་རྗེ་རབ་སྔགས་རྩལ། །དམར་ལྡན་ཡིད་འཕྲོག་རྡོ་རྗེ་གསུང་ཐོབ་རྩལ། །དཀྱིལ་འཁོར་རྒྱས་མཛད་རྡོ་རྗེ་རིག་འཛིན་རྩལ། །ཨེ་མ་ཧོ། ཧོ་སི་ཏི་རྡོ་རྗེ་གསང་མཆོག་ཁྱོད། །དབང་ལྡན་དབང་གི་རིག་མཆོག་རིག་ལྡན་དེ། །འབར་བ་འོད་འཕྲོ་འཁོར་ལོའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔའི་དབང་བསྐུར་རོ། །ཆོས་ཉིད་དབྱིངས་ལས་རིག་པའི་དབྱིངས་ཤར་བས། །མཐོང་བ་ཉིད་ནི་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱིས་འཁོར་ལོའི་དབང་བསྐུར་རོ། །བདེ་ལྡན་དབྱིངས་ཤར་ཤེས་རབ་ཡུམ་གྱི་ངང་། །གསལ་འཚེར་ལྷུན་སྡུག་རྡོ་རྗེ་རང་གསལ་རྩལ། །གསང་བ་མཁའ་དབྱིངས་བྷ་གའི་གཞལ་ཡས་སུ། །ཆོས་ཉིད་སྤྲོས་བྲལ་བདེ་ཆེན་དབང་བསྐུར་རོ། །རྡོ་རྗེ་གསང་བ་བདེ་མཆོག་དབྱིངས་སུ་སྒྲོལ། །ཤེས་རབ་ཐབས་ལྡན་ཀ་དག་ཡངས་པའི་དབང་། །སེམས་དཔའི་དཀྱིལ་འཁོར་སེམས་མའི་མཆོག །ཆོས་རྣམས་དམིགས་མེད་རྡོ་རྗེ་སེམས་དཔའི་སྐུ། །ནམ་མཁའི་མཐའ་ལས་ཆོས་དབྱིངས་རོ་གཅིག་ཏུ། །ལས་རྣམས་མཐར་ཕྱིན་ཆོས་ཉིད་བདལ་བའི་སྐུ། །སེམས་དང་སྟོང་ཉིད་ཆོས་ཀྱི་སྐུ་ལ་དབང ། །མཚན་ལྡན་སྲིད་བསྐྱེད་ལྟེ་བའི་གཞལ་ཡས་སུ། །རྡོ་རྗེ་ལས་གསང་ཐུགས་ཀྱིས་དབང་བསྐུར་རོ། །གསང་བ་རབ་རྫོགས་ཡེ་ཤེས་སེམས་དཔའི་དབང་། །ཤེས་རབ་འོད་འཕྲོ་ཉོན་མོངས་ཟིལ་གྱིས་གནོན། །རྡོ་རྗེ་མདའ་འཕེལ་ཤེས་རབ་དབྱིངས་སུ་འཕེན། །དཀྱིལ་འཁོར་མདའ་སྡུད་ཡེ་ཤེས་སྣང་བའི་བདག །མཉམ་ཉིད་ཡེ་ཤེས་ཆོས་སྐུའི་དབང་བསྐུར་རོ། །རིན་ཆེན་རྒྱུག་བྱེད་རྩའི་གཞལ་ཡས་སུ། །རྡོ་རྗེ་བདེ་ལྡན་ཐུགས་ཀྱིས་གསང་མཆོག་བསྐུར། །གསང་བ་ཡང་གསང་ཐུགས་ཀྱི་འཁོར་ལོའི་བདག །གསང་ལྡན་དབྱིངས་ལས་ཡེ་ཤེས་འོད་འཕྲོ་ཞིང་། །ཕྱོགས་མེད་རང་སྣང་དཀྱིལ་འཁོར་བདག །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་དབང་བསྐུར་བྱ། །དུས་གསུམ་སངས་རྒྱས་ཡབ་ཡུམ་གཉིས་མེད་པས། །རྡོ་རྗེ་ཐུགས་སྲས་དམ་པ་དབང་བསྐུར་རོ། །དེ་ནས་ཕྱག་རྒྱའི་དབང་བསྐུར་ནི། །རྣམ་སྣང་འཁོར་ལོ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་སྤྱི་བོར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ། བུདྡྷ་ཙཀྲ་པ་ཙ་ཧཱུྃ། རྣམ་པར་སྣང་མཛད་ཀྱི་སྐུ་དབང་ཐོབ་པར་ཤོག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུ་ཡི་མགྲིན་པར་དབང་བསྐུར་རོ། །ཨོཾ་ཨཱ་ཧཱུྃ་སྭཱ་ཧཱ། བཛྲ་ཙཀྲ་པ་ཙ་ཧཱུྃ། རྡོ་རྗེ་སེམས་དཔའི་གསུང་དབང་ཐོབ་པར་ཤོག །རིན་ཆེན་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་ཐུགས་ཀར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། རཏྣ་ཙཀྲ་པ་ཙ་ཨབྷི་ཥིཉྩ་ཨ་ཨཱ། རིན་ཆེན་འབྱུང་ལྡན་ཐུགས་དབང་ཐོབ་པར་ཤོག །པད་མ་དྲིལ་བུའི་ཕྱག་རྒྱའི། །སྣོད་ལྡན་བུའི་ལྟེ་བར་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། པདྨ་ས་ཏྭ་ཀུ་ལ་རྣ་ཧྭ་ཧྭ་ཧཱུྃ་ཨ། སྣང་བ་མཐའ་ཡས་ཡོན་ཏན་དབང་ཐོབ་ཤོག །རྒྱ་གྲམ་དྲིལ་བུའི་ཕྱག་རྒྱ་ཡིས། །སྣོད་ལྡན་བུའི་གསང་བར་དབང་བསྐུར་རོ། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། ཀརྨ་དུ་སྟན་ཀར་བྷེ་ༀ་ཨཱཿཧཱུྃ་ཕཊ། གསང་བ་དོན་ཡོད་གྲུབ་པའི་དབང་ཐོབ་ཤོག །ཕྱག་རྒྱ་ལྔའི་རིགས་མཚན་ལག་ཏུ་ཐོགས། །ལག་པས་གར་ཐབས་བྱ་ཞིང་དབང་བསྐུར་རོ། །ལག་གཉིས་བུམ་པའི་ཕྱག་རྒྱ་ཡི། །སྣོད་དང་ལྡན་པའི་སྤྱི་བོར་བསྐུར། །རྒྱལ་བ་ཡུམ་ལྔའི་དབང་ཐོབ་ཤོག །མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུའི། །ཕྱག་རྒྱ་བཞིའི་བརྡ་འདི་ཡིས། །སྣོད་ལྡན་བུའི་སྒོ་བཞིར་དབང་བསྐུར་རོ། །ཛཿཧཱུྃ་བྃ་ཧོཿ ཨཱ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་པའི་རྫས་བརྒྱད་དབང་། །སངས་རྒྱས་ཀུན་གྱི་རྟགས་ཡིན་ཕྱིར། །སྐྱོབ་པ་མཐར་ཕྱིན་གསང་དབང་ལྡན་པ་ཡིས། །བདེར་གཤེགས་བཀྲ་ཤིས་གདུགས་ཀྱི་དབང་། །སྣོད་ལྡན་བུ་ལ་དབང་བསྐུར་རོ། །ༀ་ཨཱཿ ཧཱུྃ་སྭཱ་ཧཱ། ལྟ་བྱེད་མ་འགགས་དོན་གྱི་ཚོལ་བ་ཡིས། །བཀྲ་ཤིས་རྫས་བརྒྱད་ཉའི་དབང་། །སྣོད་ལྡན་བུའི་སྤྱན་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སྨྲ་བྱེད་ཕ་རོལ་སྨྲ་ལ་མཁས། །པདྨ་དམར་པོ་སྒྲའི་དབང་། །སྣོད་ལྡན་བུའི་ལྗགས་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། ཆོས་རྣམས་རང་བྱུང་ཆོས་དབྱིངས་ཟླུམ། །འགགས་མེད་རང་བྱུང་བུམ་པའི་དབང་། །སྣོད་ལྡན་བུའི་མགུལ་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སྒྲ་དབྱངས་རྟོག་མེད་དོན་མཚོན་པའི། །བཀྲ་ཤིས་སྐུའི་དབང་བསྐུར་འདི། །སྣོད་ལྡན་བུའི་སྐུ་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། གསལ་བའི་འོད་ལྡན་ཡེ་ཤེས་ཐུགས། །བཀྲ་ཤིས་དཔལ་བེར་ཐུགས་ལ་བསྐུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཐོགས་མེད་མྱུར་མགྱོགས་འཁོར་ལོའི་དབང་། །བཀྲ་ཤིས་སྣོད་ལྡན་ཞབས་ལ་བསྐུར། །དབང་མཆོག་རྟགས་ཀྱིས་བཀྲ་ཤིས་བརྒྱད། །ཡོན་ཏན་བརྒྱད་ཀྱི་དབང་བསྐུར་རོ། །ༀ་ཨཱཿ ཧཱུྃ་སྭཱ་ཧཱ། པདྨ་ཙཀྲ་ཧཱུྃ། དེ་ལྟར་རིམ་གྱིས་རྫོགས་པར་བསྐུར་རོ། །དེའི་ལུས་སྨིན་ལུས་སྒྲིབ་དག །ཨ་ཏི་སྟོན་པའི་སྣོད་དུ་རུང་། །ཕུང་ཁམས་ལྷ་དང་ལྷ་མོར་གྲོལ། །འབྲས་བུ་སྤྲུལ་པའི་སྐུ་ཐོབ་འགྱུར། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་དབང་དངོས་གཞིའི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ། །྅྅྅ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ད་ནི་རྗེས་ཀྱི་རིམ་པ་ལས། དབང་སྲོག་དམ་ཚིག་ཡིན་པས་བསྲུངས། །དམ་ཚིག་ས་ཡ་འབུམ་བཤད་ཀྱང་། །སྐུ་གསུང་ཐུགས་སུ་མ་འདུས་མེད། །སྐུའི་དམ་ཚིག་བསྲུང་བ་ནི། །རྡོ་རྗེ་སློབ་དཔོན་མན་ཆད་ནས། །གཟུགས་སུ་གྲུབ་པ་ཐམས་ཅད་ལ། །དད་མོས་གུས་གསུམ་ལོག་ལྟ་སྤང་། །གསུང་གི་དམ་ཚིག་དེ་དང་མཚུངས། །ངག་འཁྱལ་ཚིག་རྩུབ་ལོག་ལྟ་སྤངས། །ཐུགས་ཀྱི་དམ་ཚིག་མི་དགེ་ལོག་ལྟ་སྤངས། །དགེ་སེམས་བྱང་ཆུབ་རྒྱུན་མ་གཅོད། །ལུས་ལྷ་ངག་སྔགས་བསྐྱེད་རྫོགས་རིམ། །འདི་ལ་རྒྱུན་དུ་འདའ་མ་བྱེད། །ཡོན་ཏན་འཕྲལ་དང་ཡུན་གཉིས་སུ། །བདེ་བ་བླ་ན་མེད་པ་ཐོབ། །རྗེས་སུ་དགའ་སྟོན་ཆེན་པོ་བྱ། །དབང་བསྐུར་ཐོག་མཐའ་བར་དང་གསུམ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྡོ་རྗེ་སྤུན་རྣམས་ལ། །ཚོགས་མཆོད་ཡོན་གྱིས་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆོད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལ་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་སྐྱེ་བར་འགྱུར། །བླ་མ་དང་ནི་དབང་གྲོགས་ཀྱིས། །སྐུ་གསུང་ཐུགས་ལ་འགལ་བ་ན། །ན་རཀ་སྡུག་བསྔལ་སྤྱོད་པར་འགྱུར། །བཀའ་དང་མི་འགལ་ཡོན་ཏན་ནི། །ཆོས་སྐུ་ཀུན་ཏུ་བཟང་མོ་འགྲུབ། །དབང་འདི་ཐོབ་པར་མ་གྱུར་ན། །ཞིང་ས་གཤིན་པོ་ཡོད་གྱུར་ཀྱང་། །སོ་ནམ་རིམ་གྱིས་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །དལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་གྲུབ་ནས། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །དབང་མེད་འཁོར་བའི་མཐའ་སྙགས་ཏེ། །འདི་མེད་བདེ་བ་ཐོབ་པ་མེད། །དེ་བས་དབང་བསྐུར་མཆོག་ཏུ་གཅེས། །ཞེས་གསུངས་སོ། །མཁའ་འགྲོ་མའི་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། བུམ་དབང་གི་རྗེས་དམ་ཚིག་དང་དབང་ཐོབ་མ་ཐོབ་ཀྱི་སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ དེ་ནས་མཁའ་འགྲོ་སྡེ་ལྔས་འདི་སྐད་ཅེས་ནི་ཡང་གསོལ་པ། ཀྱེ་ཀྱེ་བདེ་ཆེན་ཀུན་བཟང་ཀློང་། །འཁོར་འདས་ཀུན་ཤོང་ཕྱག་རྒྱ་མཆོག །ཤེས་རབ་སྐྱེས་ཆེན་བྷ་གའི་བདག །སྤྲོ བཅས་བུམ་དབང་དེ་ལྟར་ན། །སྤྲོས་མེད་གསང་དབང་ཇི་ལྟར་ལགས། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །ཅེས་གསོལ་གསན་དགོངས་བཀའ་སྩལ་པ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །སྟོན་པ་ཡུམ་ཆེན་ཀུན་བཟང་ངས། །ཊ་ཀི་ཙིཏྟའི་ཡང་བཅུད་འདི། །རྡོ་རྗེ་མེ་ལོང་གསང་མཆོག་བསྟན། །རྡོ་རྗེ་བཀོད་པའི་སྒྲ་འདི་ཉོན། །འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་རྟོག་ཡིད་ལ་འགྱུ་བ་ནི། །ཡེངས་ས་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནད་ཐུག་ནི། །དམིགས་པ་ཅན་དུ་མེད་པ་ལས། །དོན་དམ་རང་བཞིན་ཉིད་ཀྱིས་སྐུ། །འཛིན་རྟོག་རྒྱས་པའི་ནམ་མཁའ་ལ། །ཐུན་མཚམས་མེད་པའི་ཏིང་འཛིན་གསལ། །འགྱུར་མེད་ཆོས་ལ་སྒྲོ་སྐུར་མེད། །ང་དང་བདག་ཏུ་མེད་པས་ན། །ཆོས་ཉིད་མ་དང་འཕྲད་པ་ཡིན། །གསང་བའི་དབང་གི་ཡང་སྙིང་ཡིན། །དབང་ལ་རྣམ་པ་བཞི་ཡིན་ཏེ། །ཕྱི་དང་ནང་དང་གསང་བ་དང་། །ཡང་གསང་བླ་ན་མེད་པའོ། །ཕྱི་དབང་སྣང་བ་སེམས་སུ་བསྐུར། །ནང་དབང་སེམས་ཉིད་ཆོས་སྐུར་བསྐུར། །གསང་དབང་ཆོས་སྐུར་མཐའ་བཞི་གྲོལ། །ཡང་གསང་འོད་གསལ་ལུ་གུ་རྒྱུད། །བླ་མེད་སྣང་བཞི་ཆོས་ཟད་དོ། །ཕྱི་དབང་སྣང་གྲགས་ཐོས་ཚད་རྣམས། །ཡེ་ཤེས་སྣང་བ་གར་ཡང་ཐོགས་པ་མེད། །ཡེ་ཤེས་མཁའ་ལ་མཐའ་བཞིའི་དྲི་མ་མེད། །ཡེ་ཤེས་ལམ་ལ་ཡེ་ཤེས་ཚིག་དང་བྲལ། །ཡེ་ཤེས་རིག་པ་ཡང་དག་ཤེས་ཤིང་རིག །ཡེ་ཤེས་ངོ་བོ་འགྱུར་བའི་ཕྱོགས་དང་བྲལ། །ཕྱི་ནང་ཡེ་ཤེས་རྫས་སུ་སྟོན། །འཇུག་བསྐུར་ཐོབ་སྨིན་བཞི་རུ་བཤད། །ཕྱིའི་སྣང་བ་ཐམས་ཅད་ཀུན། །རང་བྱུང་རིག་པའི་རང་བཞིན་ཡིན། །རོལ་པ་ཆེན་པོར་བསྐུར་བའོ། །ནང་དབང་རིག་པའི་ཡུལ་ལ་བསྐུར། །གསང་དབང་ངོ་སྤྲོད་ཉིད་དུ་བསྐུར། །ཡང་གསང་ཉག་གཅིག་ཐིག་ལེ་བསྐུར། །ཅིར་ཡང་རོལ་པ་ཆེན་པོ་བསྐུར། །གཟུགས་སྣང་ཐམས་ཅད་སྐུའི་དབང་། །སྒྲ་གྲགས་ཐམས་ཅད་ཆོས་ཀྱི་སྒྲའི་དབང་། །དྲན་རྟོགས་ཐམས་ཅད་ཆོས་ཉིད་དབང་། །སྲིད་རྩ་བདག་འཛིན་གྲོལ་བའི་དབང་། །ཕྱི་ནང་ཀུན་བཏགས་ཡེ་གྲོལ་དབང་། །རིག་པ་དབྱིངས་ཀྱི་རྒྱས་བཏབ་ནས། །གཞི་ལམ་ལྷུན་གྱིས་གྲུབ་པའི་དབང་། །སྣང་གྲགས་ཕྱག་རྒྱ་བཞིའི་དབང་། །སྒྲུབ་པ་ཚད་སྨིན་ལྷའི་དབང་། །ཡབ་ཡུམ་མཐུན་སྦྱོར་བྱང་སེམས་དབང་། །མ་རིག་རིག་པ་སྒྲོན་མེའི་དབང་། །རང་ལུས་ཚད་སྨིན་བཞི་རྫོགས་དབང་། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་བྱ། །འདི་ཐོབ་སྣང་སྲིད་ཡེ་སངས་རྒྱས། །དབང་མཆོག་དམ་པ་འདི་མེད་ན། །ཐུན་མོང་རྫས་ཚིག་ཐུན་མོང་ཙམ། །ཐེག་དམན་བློ་ཁ་བསྒྱུར་བ་ལས། །སྐུ་གསུམ་ཞིང་དུ་ཆ་མི་ཉེ། །དེ་ནས་འདི་ལ་ནན་ཆག་འབོད། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། སྤྲོས་མེད་ནང་གི་གསང་དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ མཁའ་འགྲོ་སྡེ་ལྔས་ཡང་ཞུས་པ། ཀྱེ་ཀྱེ་སྟོན་པ་ཡུམ་ཆེན་མཁའ། །སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས། །ཐབས་ཤེས་གཉིས་མེད་སྦྱོར་བའི་ཐབས། །གསང་སྔགས་གསང་བའི་ལམ་ཆེན་པོས། །ཤེས་རབ་ཡེ་ཤེས་བདེ་ཆེན་དབང་། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །སྟོན་པས་གསན་ནས་བཀའ་སྩལ་པ། །ཀྱེ་མ་རིག་མདངས་འཁོར་རྣམས་ཉོན། །ལས་གསང་ཤེས་རབ་ཡེ་ཤེས་དབང་། །ཐབས་ཤེས་ཟུང་འཇུག་བདལ་པ་ཆེ། །རྟོགས་པའི་ཤེས་རབ་མཁའ་ལ་གསལ། །མ་རྟོགས་ཤེས་རབ་གཏིང་ནས་གསལ། །ཤེས་རབ་ཡེ་ཤེས་མེད་པར་དག །ཤེས་རབ་ཐབས་དང་འབྲེལ་བ་ཡིན། །དོན་གྱི་དཀྱིལ་འཁོར་ལྔ་མཐོང་འགྱུར། །ཐབས་ཤེས་གཉིས་མེད་རྒྱས་འདེབས་ན། །ཤེས་རབ་ཡེ་ཤེས་རང་དབང་ཐོབ། །འདུས་པའི་དོན་གྱིས་ཐིག་ལེ་ཉེ། །དགྱེས་ན་དུས་གཅིག་འོད་དུ་ཤར། །འོད་སྣང་དག་པ་ཐིག་ལེའི་སྐུ། །རང་བཞིན་གཉིས་སུ་མེད་པར་ཤར། །ཤེས་རབ་ཡེ་ཤེས་དོན་གྱི་དབང་། །མཁའ་མཉམས་བྷ་ག་ཡངས་པ་རུ། །རྡོ་རྗེ་རིག་པ་ཡེ་ཤེས་སྦྱོར། །སྐུ་དང་ཡེ་ཤེས་ཐིག་ལེར་རྫོགས། །ཤེས་རབ་དོན་ལ་ཡེ་ཤེས་མེད། །ཡང་དག་ཤེས་རབ་དོན་ལ་སྦྱོར། །སྣ་ཚོགས་ཤེས་རབ་ཅི་ཡང་མཐོང་། །རྟོགས་མེད་ཤེས་རབ་རང་སར་གྲོལ། །འཛིན་མེད་ཤེས་རབ་མཁའ་ལ་གསལ། །རིག་པའི་ཤེས་རབ་དབྱིངས་སུ་སྦྱོར། །མཁའ་མཉམ་ཤེས་རབ་གཅིག་ཏུ་འཁྱིལ། །སྐུའི་ཤེས་རབ་འགྱུར་བ་མེད། །གསུང་གི་ཤེས་རབ་འགགས་པ་མེད། །ཐུགས་ཀྱི་ཤེས་རབ་རྟོག་པ་མེད། །ཡོན་ཏན་ཤེས་རབ་ཅིར་ཡང་རྟོགས། །འཕྲིན་ལས་ཤེས་རབ་རྩོལ་བ་མེད། །མྱུར་མགྱོགས་ཤེས་རབ་ཐོག་རྡུགས་མེད། །སྨིན་གྲོལ་ཤེས་རབ་ཉམ་ང་མེད། །ཡངས་པའི་ཤེས་རབ་མཐའ་དབུས་མེད། །ཟབ་མོའི་ཤེས་རབ་ཁ་གཏིང་མེད། །ཕྲ་མོའི་ཤེས་རབ་མཐོང་བ་མེད། །ཁྱབ་པའི་ཤེས་རབ་ཐོགས་པ་མེད། །སྟོང་པའི་ཤེས་རབ་མཚོན་དུ་མེད། །གསལ་བའི་ཤེས་རབ་དྲི་མ་མེད། །འདས་པའི་ཤེས་རབ་ཚིག་དང་བྲལ། །ད་ལྟའི་ཤེས་རབ་མཚོན་དཔེའ་བྲལ། །མ་འོངས་ཤེས་རབ་ཡུལ་དུ་མེད། །རིགས་པའི་ཤེས་རབ་གཉིས་སུ་མེད། །ཡེ་ཤེས་ཤེས་རབ་གསལ་བ་མེད། །འོད་ཀྱི་ཤེས་རབ་སྒྲིབ་པ་མེད། །དབྱིངས་ཀྱི་ཤེས་རབ་ཕྱོགས་ཆ་བྲལ། །འབྱུང་བའི་ཤེས་རབ་མཚན་ཉིད་མེད། །སའི་ཤེས་རབ་ལྷུན་གྲུབ་དཔེའ། །ཆུའི་ཤེས་རབ་སེམས་ཀྱི་དཔེའ། །མེའི་ཤེས་རབ་བེམ་པོའི་དཔེའ། །རླུང་གི་ཤེས་རབ་ཡེ་ཤེས་དཔེ། །ནམ་མཁའི་ཤེས་རབ་དབྱིངས་ཀྱི་དཔེ། །སྡུད་བྱེད་ཤེས་རབ་དབྱིངས་སུ་སྡུད། །བསྐྱོད་བྱེད་ཤེས་རབ་མཁའ་ལ་གཤེགས། །གཅོད་བྱེད་ཤེས་རབ་དོན་ལ་སྤྱོད། །བསམ་བྲལ་ཤེས་རབ་རྟོག་པ་མེད། །སེམས་མེད་ཤེས་རབ་ཡུལ་ལ་སྣང་། །ཡིད་བྲལ་ཤེས་རབ་ཡབ་ཡུམ་བྲལ། །སྒྲོན་མའི་ཤེས་རབ་ཁྱབ་བརྡལ་ཆེ། །འདུས་པ་ཡི་ཤེས་རབ་བདེ་བ་ཆེ། །རྒྱུ་མེད་ཤེས་རབ་འབྲས་བུ་ཆེ། །དངས་པའི་ཤེས་རབ་རྙོག་པ་མེད། །མཚན་མའི་ཤེས་རབ་ཆོས་དང་བྲལ། །དོན་དམ་ཤེས་རབ་བཟུང་དུ་མེད། །ཀུན་རྫོབ་ཤེས་རབ་ཐམས་ཅད་དུ། །འཛིན་པ་མེད་བའི་ཤེས་རབ་བོ། །དེ་བཞིན་རྟོག་མེད་ཤེས་རབ་རྣམས། །འགགས་མེད་ཤེས་རབ་དོན་ལ་སྦྱོར། །ཤེས་རབ་ཡེ་ཤེས་དབང་རྣམས་ཀུན། །འཛིན་དང་རྟོག་པ་མེད་པའོ། །ཡངས་ལ་མཐའ་དབུས་མེད་པའི་དབང་། །རྟོག་མེད་ངེས་བཟུང་མེད་པའི་དབང་། །རྟགས་ཆད་མཐའ་ལས་འདས་པའི་དབང་། །འདས་དང་མ་འདས་མེད་པའི་དབང་། །ཕྱོགས་དང་རིས་སུ་མེད་པའི་དབང་། །འཁོར་འདས་ཡང་དག་དོན་ལ་སྦྱོར། །ཤེས་རབ་རྡོ་རྗེའི་བརྡའ་འདི་ཉིད། །དག་པའི་ཡེ་ཤེས་ངང་ལ་འཆར། །ཤེས་རབ་ཡེ་ཤེས་དོན་གྱི་དབང་། །སྐལ་ལྡན་བུ་རྣམས་ཐོབ་གྱུར་ཅིག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསང་གསལ་བླ་མེད་ཀྱི་རྒྱུད་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་། ཤེས་རབ་ཡེ་ཤེས་སྐྱེེ་བ་མེད་པའི་དོན་སྦྱོར་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། གསང་བའི་ཤེས་རབ་ཡེ་ཤེས་དབང་ཐོབ་ཐབས་ཀྱི་དཀྱིལ་འཁོར་འདི་ཉིད་ཉོན་ཅིག །ཐབས་ཀྱི་བྷ་ག་ཡངས་པ་ནི། །ཡང་དག་ཐུགས་ལ་རྣམ་པར་རོལ། །གསང་སྔགས་ཐབས་ཀྱི་རང་བཞིན་ལ། །ཐབས་ལ་གནས་ཤིང་སྤྱད་བར་བྱ། །ཐབས་ཉིད་གསང་སྔགས་ཀུན་གྱི་ལམ། །ཡང་དག་ཆོས་ཉིད་ཐབས་ལ་གནས། །རིག་པའི་དཀྱིལ་འཁོར་གསལ་བ་དང་། ཡིད་ཀྱི་རྟོག་པ་མ་འགྱུས་པས། །ཐབས་ཀྱི་དཀྱིལ་འཁོར་མཆོག་ཏུ་བཤད། །འབྱུང་བ་ལྔ་ཉིད་ཐབས་ཀྱི་སྐུ། །ཆེན་པོ་ལྔ་ནི་ཐབས་ཀྱི་ཡུལ། །སྣ་ཚོགས་འབྱུང་བ་ཐབས་ཀྱི་རྒྱ། །རྟོག་པ་མེད་པ་ཐབས་ཀྱི་སྐུ། །དེ་ཉིད་མཐོང་བ་ཐབས་ཀྱི་ལམ། །ཐབས་ཉིད་མ་འགགས་ཆོས་ཉིད་དེ། །ཡང་དག་པ་ལ་མི་གཡོ་ཞིང་། །བདེན་པ་མཐོང་བའི་ས་དེ་ཉིད། །མཐར་ཕྱིན་བརྟན་པ་ཐོབ་པ་ཉིད། །ཐམས་ཅད་དཀྱིལ་འཁོར་ཆེན་པོར་བཤད། །ཡེ་ཤེས་ཆེན་པོ་རྙེད་པ་ནི། །ཐབས་ཀྱི་དཀྱིལ་འཁོར་མཉམ་ཉིད་ཡིན། །མཚན་མའི་ཆོས་དང་བྲལ་གྱུར་ན། །ཐབས་ཀྱི་དཀྱིལ་འཁོར་རྫོགས་པ་ཡིན། །ཐབས་ཀྱི་དབྱེ་བ་འདི་ལྟ་སྟེ། །ཐམས་ཅད་བསྐྱེད་བའི་ཐབས་ཉིད་དང་། །འདྲེན་པའི་ལམ་གྱི་ཐབས་དང་ནི། །འཇུག་པ་ལམ་གྱི་ཐབས་ཉིད་དང་། །འགྲོ་བ་སྒྲོལ་བའི་ཐབས་ཉིད་ནི། །ལམ་ཉིད་རྟོགས་པའི་ཐབས་དང་ནི། །འབྲས་བུ་ཤེས་པའི་ཐབས་ཉིད་དོ། །ཤེས་རབ་ཡུམ་གྱིས་ཐབས་དང་ནི། །གསང་བ་ཡེ་ཤེས་ཐབས་ཉིད་དོ། །མཚོན་པ་དཔེའི་ཐབས་དང་ནི། །ཡང་དག་པ་ཡི་ཐབས་ཉིད་དོ། །སྒྲོན་མ་ཡུལ་གྱི་ཐབས་དང་ནི། །མཁའ་མཉམ་སྐུའི་ཐབས་ཉིད་དོ། །ཡོད་པ་རྟགས་ཀྱི་ཐབས་དང་ནི། །རང་གསལ་མཐུའི་ཐབས་གཉིས་པོ། །སྟོང་པ་དབྱེར་མེད་ཐབས་དང་ནི། །རང་བཞིན་གསལ་བའི་ཐབས་སུ་བཤད། །ཤེས་རབ་ཡུམ་གྱི་བྷ་ག་རུ། །ཐབས་ཀྱི་དཀྱིལ་འཁོར་རང་བཞིན་རྫོགས། །གཉིས་མེད་ཟུང་འཇུག་ཐབས་ཤེས་རབ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྐྱེ་མེད་ཡུམ་ལ་འགགས་མེད་ཡབ། །གཉིས་སུ་མེད་པས་གཉིས་མེད་སྟོན། །ཡང་དག་ཐབས་ལ་རྣམ་པར་གནས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ཐབས་འགགས་པ་མེད་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཐབས་ཤེས་ཐུགས་ཀྱིས་དཀྱིལ་འཁོར་ནི། །ཐུགས་རྗེས་རྟགས་ཀྱི་ཟླ་བ་ཤར། །ཐབས་ཤེས་རིན་ཆེན་ཕུང་པོ་ལ། །གཉིས་མེད་ཟླ་བའི་ཐུགས་སུ་ཤར། ། རང་བྱུང་གཉིས་མེད་མཁའ་ལ་བསྐྱེད། །གཉིས་མེད་གསུམ་མཐའ་ཟད་པའི་ཆོས། །ཡེ་ཤེས་དོན་ལ་ཅིར་སྣང་རྫོགས། །ཡང་དག་དོན་ལ་སྣ་ཚོགས་འཕྲོ། །འོད་དང་ཟེར་དུ་རྒྱ྄ས་པའོ། །ཐིག་ལེ་སྐུ་ལ་སྣང་སྲིད་རྫོགས། །དག་པའི་སྐུ་ལ་འོད་དུ་གསལ། །རིག་པ་གཉིས་མེད་ཐབས་ཤེས་ལས། །ཐམས་ཅད་ཡོངས་སུ་སྦྱོངས་པའོ། །གསང་སྔགས་ངེས་པ་ཐམས་ཅད་རྫོགས། །སྟོང་པའི་ལམ་ལ་འོད་ཟེར་འཕྲོ། །སྣ་ཚོགས་གཟུགས་ལ་ཡེ་ཤེས་སྐྱེས། །སྐྱེ་མེད་ངང་ལ་ཆོ་འཕྲུལ་འབྱུང་། །འགགས་མེད་ཐབས་ཤེས་རང་རྩལ་ལོ། །དེ་བཞིན་ཐབས་ཤེས་ཟུང་འཇུག་ལ། །དྲི་མའི་མཚན་ཉིད་ག་ལ་ཡོད། །རྟག་དང་ལྷའི་དོན་ཉིད་ལས། །འཛིན་པའི་སེམས་ཉིད་ག་ལ་ཡོད། །གཉིས་མེད་གདངས་ཀྱི་འཐས་པ་ལས། །སྟོང་པས་ཡེ་ཤེས་ཡུལ་ལས་འདས། །ཐབས་ཤེས་མ་བྲལ་མཚན་ཉིད་འཛིན། །སེམས་དང་ཡེ་ཤེས་འདྲེས་ཅིང་མཚུངས། །དེ་ལ་གྲོལ་བར་བྱ་བའི་ཐབས། །སེམས་ནི་དྲི་མའི་རང་བཞིན་ལ། །དྲི་མ་གཉིས་སྣང་ཐབས་ཤེས་རབ། །དྲི་མ་ཉིད་ལས་ཐར་དུས་མེད། །སེམས་ནི་སྣ་ཚོགས་འབྱུང་བའི་རྒྱུ། །སྣ་ཚོགས་གཅིག་གི་རང་བཞིན་ལས། །རིག་པའི་ཀློང་དུ་མྱ་ངན་འདས། །གཉིས་མེད་ཡེ་ཤེས་དག་པ་ལས། །དྲི་མའི་མཚན་ཉིད་ཀ་ནས་དག །དག་པའི་ཆོས་ལ་གསལ་འགྲིབ་མེད། །སྟོང་པའི་ཆོས་ལ་སྐྱེ་འགགས་མེད། །གསལ་བའི་ཐབས་ལ་སྤང་ལེན་མེད། །ཡེ་ཤེས་དོན་ལ་འདས་པ་མེད། །རྡོ་རྗེའི་དོན་ལ་འགྱུར་བ་མེད། །དག་པའི་ས་ལ་སྦྱང་དུ་མེད། །སྟོང་པའི་ཡུལ་ལ་གནས་སུ་མེད། །ཡང་དག་སངས་རྒྱས་དེ་བཞིན་ནོ། །ཐབས་ཤེས་གཉིས་མེད་འོད་གསལ་བས། །དག་པའི་ལམ་ལ་ཆགས་མེད་ཤར། །འཛིན་པ་རང་སར་གྲོལ་བ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །ཐབས་ཤེས་གཉིས་མེད་འཛིན་ཡུལ་བྲལ། །རང་གྲོལ་ཆེན་པོའི་ངང་ལ་སྐྱོལ། །འོད་གསལ་ཐབས་ཀྱི་སྐུ་མངའ་བས། །ཡེ་ཤེས་ཐབས་ལ་ཤེས་རབ་རོལ། །དག་པའི་ཡེ་ཤེས་ཟླ་འོད་བྲལ། །ཐབས་ཀྱི་ཀློང་ནས་བདེ་གསལ་བའི། །ཤེས་རབ་ཀློང་དུ་གཉིས་མེད་ཐིམས། །གཉིས་མེད་ཐབས་ཤེས་རོལ་པ་ལས། །སྒྲོན་མ་འབར་བའི་སྐུ་འོད་རྒྱས། །ནམ་མཁའི་ཀློང་དུ་གཉིས་མེད་ཐིམ། །སྙིང་གི་དཀྱིལ་ནས་འོད་འཕྲོ་བས། །འགྱུར་མེད་ནམ་མཁར་ལྷ་ཆེན་གསལ། །ཆུའི་དཀྱིལ་དུ་མེ་འབར་ནས། །སྣ་ཚོགས་འབྱུང་བའི་སེམས་ཉིད་བསྲེག །སྟོང་པའི་ངང་ལ་རྟགས་ཤར་བས། །འཁྲུལ་པའི་ཡུལ་ལ་མངོན་པར་སྣང་། །བག་ཆགས་ལུས་འདིས་ཡེ་ཤེས་སྒྲིབ། །ལུས་ལ་མི་ཆགས་ཡེ་ཤེས་རང་སར་ཕྱིན། །དཔེར་ན་སྦྲུལ་གྱི་སྐོག་བུ་བཞིན། །ལས་ལ་མི་གནས་ཡེ་ཤེས་མཁའ་ལ་སྤྱོད། །རིག་པའི་ངོ་བོ་ལུས་ཀྱིས་སྒྲིབ་པ་མེད། །གསང་བ་རྟགས་ལ་ཉིན་མཚན་མེད། །ཐབས་ཤེས་གཉིས་ལ་མ་འབྲེལ་མེད། །གཉིས་མེད་དོན་ལ་ཕོ་མོ་མེད། །ཐབས་ཤེས་གཉིས་མེད་ཟུང་འཇུག་དབང་། །མ་ཆགས་བག་ཆགས་དབྱུང་ལ་ནི། །ཐབས་དང་ཤེས་རབ་དོན་དམ་རྣམས། །རང་གསང་ཡིན་པས་རྟོག་མི་སྲིད། །གཉིས་འཛིན་ཅན་ལ་ཤེས་རབ་གསང་། །རྟོག་བྷཻཾ་ཅན་ལ་ཐབས་རང་གསང་། །དོན་མ་རྟོགས་ལ་གཉིས་མེད་གསང་། །མ་རིག་པའི་དྲི་མ་འདི། །གསང་བ་ཐམས་ཅད་རང་གསང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཐབས་ཤེས་དབྱེར་མེད་དབང་དོན་རྣམས་ངོ་སྤྲད་པའི་ལེའུ་སྟེ་བཅུ་བདུན་པའོ། །྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཤེས་རབ་ཡེ་ཤེས་དབང་བསྐུར་ནི། །ལུས་སྒྲིབ་དག་ནས་ནུས་ལྡན་ནོ། །ད་ལ་ཆེན་པོའི་ནུབ་ཕྱོགས་སུ། །དུས་ནི་སྲོད་དམ་གུང་གི་དུས། །བཅུ་གསུམ་ཕྱག་རྒྱ་མཚན་ལྡན་མ། །ཁྲུས་དང་རྒྱན་གྱིས་སྤྲས་ལ་བཞག །རྒྱུད་དྲུག་ལྡན་པའི་ཕྱག་རྒྱ་མ། །བདེ་བ་དར་ལ་བབ་པའི་ས། །བཅུ་དྲུག་ལོ་ལོན་ལུས་ལྡན་བླང་། །རྩ་ཞ་རྩ་རྒུད་རྩ་ཞིག་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཐིག་ལེ་ཕབ་པའི་ཉམས་ཉིད་ནི། །ཕོ་ཉ་ཐག་རིང་བྱ་དང་འདྲ། །མྱུར་མགྱོགས་ལེགས་སྐྱོན་ཚོད་འཛིན་གཅེས། །རིགས་རྒྱུད་སྤྲུལ་སྐུ་བཞག་འདོད་ན། །བྱང་ཆུབ་སེམས་ཀྱི་ཀུན་སློང་ནས། །གཞན་དོན་ལྷུར་ལེན་སེམས་དཔའ་ཡི། །སྤྲུལ་སྐུ་འབྱིན་ལ་ཉེས་པ་མེད། །ཡབ་ཡུམ་ལྷའི་རོལ་མོ་སྟོན། །ཕྱག་རྒྱ་ཕྱི་ནང་གསང་བ་ལ་སོགས་དང་། །དར་རྒུད་འཕོ་འགྱུར་འབྱུང་བའི་བབ། །དངས་སྙིགས་འབྱེད་པ་མཁས་པའི་ལུགས། །དབང་ཁྲིད་རིམ་བཞིན་རྫོགས་པར་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་མཆོག །བདེ་སྟོང་དོན་དང་ཐིག་ལེ་ནི། །ལས་སུ་རུང་བར་མ་གྱུར་ན། །ཕྱག་རྒྱ་མ་དང་འབྲལ་མི་བྱ། །ལམ་འབྲས་གསང་བའི་གནད་གཅིག་ཞིག །བརྒྱད་ཀྱི་དབང་གི་དངོས་གཞི་གསུངས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཟག་མེད་ཐབས་ཤེས་དོན་སྦྱོར་གྱིས་ལག་ལེན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དོན་ལ་ཐབས་ཤེས་ཡབ་ཡུམ་གྱིས། །ངོ་སྤྲོད་འདི་རྣམས་ཡིད་ལ་ཞོག །ཕྱིའི་ནམ་མཁའ་སྟོང་པ་འདི། །ཤེས་རབ་ཚུལ་དུ་བརྟེན་པ་ཡིན། །ནམ་མཁའ་རང་འོད་རང་རྩལ་ནི། །སྐུ་དང་ཡེ་ཤེས་ཐིག་ལེ་རྒྱས། །འོད་དང་འོད་ཟེར་གཏིང་མཐའ་ཡས། །དེའི་ཐབས་ཀྱི་ཚུལ་དུའོ། །ཤེས་རབ་སྐྱེ་མེད་ནམ་མཁའ་ལས། །ཐབས་མཆོག་འགགས་མེད་གསལ་ཆ་འབྱུང་། །གསལ་བ་ལ་ནི་ཞིང་ཁམས་རྒྱས། །རྒྱས་ཀྱང་ཤེས་རབ་ནམ་མཁའི་ངང་། །ཞིང་ཁམས་འོད་ཚོགས་འཁྲུལ་པ་ལ། །རྩལ་སྣང་སྣ་ཚོགས་ཤར་བའོ། །གཉིས་མེད་ཤེས་ན་འཛིན་པ་བྲལ། །ནང་གི་ནམ་མཁའ་འདི་ཉིད་དོ། །སེམས་འཛིན་མ་ཞུགས་སྟོང་པའི་ངང་། །འདི་ཉིད་ཤེས་རབ་ཡུམ་གྱི་ཚུལ། །འཛིན་མེད་ཟང་ཐལ་ཤེས་པ་འདི། །ཐབས་ཞེས་མིང་དུ་བརྗོད་པ་ནི། །དེའི་རིག་རྩལ་ཡོན་ཏན་རྣམས། །གཉིས་མེད་འཛིན་བྲལ་ཤེས་རབ་ཡུམ་དུ་ཤར། དོན་ལ་སྣང་བའི་དངོས་པོ་ཀུན། །ཐབས་ཀྱི་ཡབ་ཡིན་ངོ་ཡང་སྤྲད། །སྟོང་པའི་དངོས་པོ་ཇི་སྙེད་ཀུན། །ཤེས་རབ་ཡུམ་དུ་ངོ་ཡང་སྤྲད། །དོན་ལ་སྟོང་ངོས་སྣང་བ་ཚུད། །སྣང་བའི་ངོས་ལས་སྟོང་པ་རྫོགས། །གཉིས་མེད་ངང་ནས་བཟུང་ཡུལ་བྲལ། །དེ་བཞིན་སེམས་དང་རིག་པ་གཉིས། །རིག་པ་སྐྱེ་མེད་ཡུམ་གྱི་ཚུལ། །སེམས་ནི་འགགས་མེད་ཡབ་ཀྱི་ཚུལ། །རིག་པའི་ངོ་ལ་སེམས་མི་གནས། །རིག་པའི་ངང་དུ་སེམས་ཀྱང་རྫོགས། །ཅི་ཕྱིར་རིག་སྟོང་སེམས་མི་གནས། །རིག་པའི་ངང་དུ་སེམས་ཀྱང་རྫོགས། །ཅི་ཕྱིར་ངོས་བཟུང་མེད་པ་སྟེ །འཛིན་པ་བྲལ་བའི་སྟོང་གསལ་སེམས། །རིག་པའི་ངང་དུ་རང་རྫོགས་ཡིན། །དེ་ལྟར་ཡབ་ཡུམ་སྦྱོར་ཤེས་ན། །ཤེས་རབ་ཡེ་ཤེས་དབང་ཐོབ་སྟེ། །གཉིས་འཛིན་ཅན་ལ་རང་གསང་ངོ་། །ཡུམ་གྱི་ཀློང་དུ་ཡབ་ཚུད་ཏེ། །ཡབ་ཀྱི་ཀློང་དུ་ཡུམ་མི་ཚུད། །ཅི་ཕྱིར་ཤེས་རབ་ནམ་མཁའ་ཆེ། །འགྱུར་བ་མེད་པ་ཤེས་པར་བྱ། །སྣང་བ་ཐམས་ཅད་ཡུམ་མ་ཡིན། །འཕོ་འགྱུར་འཕེལ་འགྲིབ་འབྱུང་བའོ། །སྟོང་པ་ཐམས་ཅད་ཡུམ་ཡིན་ནོ། །སྟོང་པའི་ཀློང་དུ་སྣང་བ་ཐིམ། །སྣང་བ་ཐམས་ཅད་སྟོང་པའི་གཟུགས། །ཤེས་རབ་ཡུམ་གྱི་བྷ་ག་ཆེ། །དེ་བཞིན་རང་ཐོག་དབབ་པ་ན། །གཞིའི་ཁྲེགས་ཆོད་རིག་པ་འདི། །ཤེས་རབ་ཡུམ་གྱི་བྷ་ག་ཆེ། །ཁྲེགས་ཆོད་ཀློང་དུ་ཐོད་རྒལ་ཤར། །ཐོད་རྒལ་ཐམས་ཅད་སྣང་བ་ཡབ། །ཐབས་ཀྱི་ཆ་འཛིན་དབྱིབས་ཁ་དོག །རི་མོ་རང་གཟུགས་བཀྲག་མདངས་རྣམས། །ཁྲེགས་ཆོད་ངང་དུ་རང་རྫོགས་སོཧ྅྅྅། །ཐོད་རྒལ་ངང་དུ་ཁྲེགས་མི་ཆོད། །ཅི་ཕྱིར་ཁྲེགས་ཆོད་ཡིན་པའོ། །གང་ཟག་ཐོད་རྒལ་ལམ་ཞུགས་ནས། །ཁྲེགས་ཆོད་རིག་པའི་ཀློང་དུ་འདུས། །ཁྲེགས་ཆོད་དེ་ལྟར་ཆོད་པས་ན། །ཐོད་རྒལ་ལམ་ལ་ཞུགས་མི་དགོས། །ཅི་ཕྱིར་ད་ལྟའི་སྣང་བ་རྣམས། །དག་ནས་ཁྲེགས་ཆོད་དག་དང་མཇལ། །ཐོད་རྒལ་ཡང་དག་ཞུགས་པའི་ཐབས། །ཐབས་ཀྱང་འཛིན་པའི་ཕུང་པོ་སྟེ། །གཉིས་འཛིན་སྤང་ནས་ཁྲེགས་ཆོད་དོ། །ཤེས་རབ་ཡེ་ཤེས་རང་དབང་ངོ་། །ཐམས་ཅད་བྷ་ག་ཡངས་པ་འདིར། །ཞུགས་ནས་ཡང་དག་ལམ་ལ་སྦྱོར། །བློས་བྱས་ཐམས་ཅད་ཡབ་ཀྱི་ཆ། །བྱར་མེད་ཐམས་ཅད་ཡུམ་གྱི་ཆ། །གཉིས་མེད་ཐམས་ཅད་སྦྱོར་བའི་ཆ། །གཉིས་མེད་དེ་ཡང་བྱར་མེད་ཡིན། །ཡུམ་གྱི་ཚུལ་དུ་ཐམས་ཅད་འདུས། །ལྟ་བ་དབྱེར་མེད་ལྷུག་པ་ཡིན། །བྷཻཾ་པ་ཅོག་བཞག་རང་བབ་ཡུམ། །སྤྱོད་པའི་ངང་ནས་ཞི་བའི་ཡུམ། །ལྟ་བ་སྤྱོད་པ་བྷཻཾ་པ་གསུམ། །མིང་ལ་བཟོ་དྲིས་ཡབ་ཡིན་ཏེ། །གཉིས་སུ་མེད་པ་སྦྱོར་བའི་མཆོག །འདི་ཤེས་འཁོར་འདས་ས་ལམ་རྫོགས། །ཐབས་ཤེས་གཉིས་མེད་མི་ཤེས་པར། །རྟག་ཆད་གཉིས་སུ་འཐས་པས་ན། །ཁམས་གསུམ་གནས་ནས་ཐར་པ་དཀའ། །ཉན་ཐོས་གནས་སུ་ལྷུང་བར་འགྱུར། །ཐེག་ཆེན་གཉིས་མེད་འདི་སྤྱོད་ཅིག །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། ངོ་སྤྲོད་ཡང་ཞིབ་ཀྱི་ལེའུ་སྟེ་བཅུ་དགུ་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔྅྅྅ དེ་ནས་མཁའ་འགྲོ་སྡེ་ལྔས་གསོལ་པ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །ཤེས་རབ་ཡེ་ཤེས་དབང་བསྐུར་སེམས་སྨིན་ཀྱང་། །ཚིག་གི་དོན་གྱིས་ངོ་སྤྲད་འཚལ། །ཞེས་ཞུས་པས། ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། བཛྲ་ཙཀྲ་ཌཱ ཀྐི་ནི་ཙིཏྟ། ཉོན་ཅིག་ཡེ་ཤེས་རིག་མདངས་འཁོར། །སྐུ་ལྔ་ཡེ་ཤེས་བདག་ཉིད་མཆོག །སྐུ་གསུམ་འདུ་འབྲལ་མེད་པའི་བདག །ངོ་སྤྲོད་སྤྲོས་པའི་གསལ་བྱེད་དམིགས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །རིག་པ་འགག་མེད་རང་སྣང་ཡང་། །འདི་ཀུན་སུའི་ག་ལ་མཐོང་། །མཐོང་མེད་ཡེ་ཤེས་ཆེན་པོ་འདི། །ཐོག་མ་ཉིད་དུ་རང་སྣང་དེས། །འགྱུར་བ་མེད་པ་ཉིད་དུ་ཤར། །ཤར་བ་ཡེ་ཤེས་ནུབ་པ་མེད། །མི་ནུབ་པའི་ཡེ་ཤེས་ནི། །སུའི་མཐོང་བ་སྐལ་པ་བཟང་། །སྒྲོན་མ་བཞིའི་སྣང་བ་འདི། །སེམས་ཅན་ཀུན་གྱི་སྣང་བ་འཛིན། །རྒྱང་ཞག་མིག་གི་སྒྲོན་མ་ཡིས། །གཟུགས་རྣམས་ངོ་བོ་ཉིད་དུ་མཐོང་། །ཤེས་རབ་རང་སྣང་སྒྲོན་མ་ཡིས། །ཆོས་རྣམས་ཀུན་གྱི་ཐེ་ཚོམ་གཅོད། །ཐིག་ལེ་བྱང་སེམས་སྒྲོན་མའི། །འཁོར་བའི་རང་བཞིན་ས་ལ་སྦྱོར། །དག་པ་དབྱིངས་ཀྱི་སྒྲོན་མའི། །རྣལ་འབྱོར་ཉམས་སྣང་བཞི་པོ་འཕེལ། །དེ་ཡང་དབྱིངས་ཀྱི་སྒྲོན་མར་འདུས། །སྣང་བ་བཞི་ཡང་རང་ཆས་སོ། །རྒྱང་ཞགས་མིག་གི་སྒྲོན་མ་ལས། །ལྟ་བ་ཀུན་གྱི་ཐོག་མར་ཡང་། །སྐྱེ་མེད་ས་བོན་བཞིན་དུ་གནས། །ངོ་བོ་སྣང་བ་ཀ་དག་སྡུད། །མཐོང་བྱེད་འཛིན་པ་འགག་མེད་ཕྱིར། །ཡེ་ཤེས་སྣང་བ་མ་འགག་ལྟ། །ཐེག་པ་གཞིའི་ཡིད་དཔྱོད་ཡིན། །མིག་ནི་ཡེ་ཤེས་འཆར་བའི་སྒོ། །སྙིང་ནས་འབྲེལ་པའི་རྩ་ཡིན་ཏེ། །དར་དཀར་སྐུད་པ་བ་མན་འདྲ། །སྣང་བ་འཁོར་ལོ་གཉིས་ཆ་འཛིན། །འདི་ཉིད་མངོན་སུམ་ལྟ་བའོ། །འདི་ཉིད་གོམས་པས་བྷཻཾ་པའོ། །ཡེ་ཤེས་རང་ལ་སྤྱོད་པས་སྤྱོད་པའོ། །སྣ་ཚོགས་རང་གྲོལ་བརྟགས་པས་འབྲས་བུའོ། །ཤེས་རབ་རང་སྣང་སྒྲོན་མ་ནི། །སྒྲོན་མ་བཞིའི་ཤན་འབྱེད་ཡིན། །ཀུན་གྱི་ཆ་ལ་འདི་གནས་པས། །འབྱེད་པའི་ཤེས་རབ་ཉིད་ལ་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་འཕྲ་བསྐྱེད་པའི་ངོ་བོ་ནི། །ཡེ་ཐོག་ནས་ནི་བསྐྱེད་པའོ། །ཤེས་པ་དངོས་དང་དངོས་མེད་ཡིན། །སྣང་བ་ཀུན་ལ་རབ་ཞུགས་ནས། །ཆོས་རྣམས་སྤྱི་དང་དོན་རང་གིས། །མཚན་ཉིད་ཡེ་ཤེས་ཚད་རྣམས་ཤེས། །དབྱེ་བ་རྣམ་པ་ལྔ་ཡིན་ཏེ །གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སྲོག་ཆོས་ཀྱི་རྟེན་རྣམས་འབྱེད། །སྣང་བ་གཅེར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་འདུན་པ་འཛིན། །མགྲིན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུད་དུ་ཆུག །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་དབྱེའ། །འཇུག་བྱེད་ཤེས་རབ་རྣམ་གསུམ་གྱིས། །རང་བཞིན་བར་དོ་གཏན་ལ་ཕབ། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པས། །འདི་ནི་དེའི་མཚན་ཉིད་དོ། །ཤེས་རབ་རང་སྣང་སྒྲོན་མའི་སྒོ། །སྒོ་ལྔའི་ཁྱད་པར་སྣང་བ་ཡིན། །ལམ་འདི་རོ་རྐྱང་ཀུན་འདར་ཤེལ་སྤུབ་ཡིན། །གསལ་བའི་ཤེས་རབ་ཆེན་པོ་བཞུགས། །ཤེས་རབ་ཆེན་པོའི་སྐད་ཅིག་ལས། །ཆོས་ཀུན་ཁོང་དུ་ཆུད་པར་ཤེས། །ཐིག་ལེ་བྱང་སེམས་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་ཡིན། །འདི་ཉིད་སུའི་ཤེས་པ་དེ། །ཉག་གཅིག་དེའི་སྐུ་ལ་སྤྱོད། །མ་བསྐུར་དབང་བཞི་རྫོགས་པའོ། །རང་བཞིན་རང་གསལ་གཅིག་ཆ་འཛིན། །དབྱེ་བ་ལྔ་རུ་འབྱུང་བ་སྟེ། །ལུས་གནད་རྩ་བའི་ཐིག་ལེ་དང་། །ཀུན་རྫོབ་རྒྱུའི་ཐིག་ལེ་དང་། །དོན་དམ་སྤྲོས་མེད་ཐིག་ལེ་དང་། །རང་བྱུང་འབྲས་བུའི་ཐིག་ལེ་དང་། །གསལ་སྟོང་མ་འགག་ཐིག་ལེ་ལྔ། །སེམས་ཅན་ཀུན་གྱི་སྙིང་གི་ནང་། །རྩ་ཆེན་རྣམ་པ་བཞི་ལ་གནས། །ཁྱད་པར་མིག་གི་རྩ་ལ་འདོན། །རང་གི་འོད་དང་ཟེར་བཞིན་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །གསལ་སྟོང་མ་འགག་ཉག་གཅིག་གོ། །དག་པ་དབྱིངས་ཀྱི་སྒྲོན་མ་ནི། །རིག་པའི་ས་འདིར་ངོ་བོར་བསྡུ། །ལུ་གུ་རྒྱུད་ཀྱི་ར་བར་སྣང་། །སུས་ཀྱང་བྱས་པ་མེད་པ་རུ། །སྣ་ཚོགས་འོད་ལྔ་ཉིད་དུ་གནས། །ནམ་མཁའ་ཉིད་ལ་རྗེན་པར་གསལ། །རང་བཞིན་མེད་པར་གསལ་བར་བྱེད། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གཞི་སྣང་དག་པ་དབྱིངས་སྒྲོན་གྱིས། །རིག་པ་ཡེ་ཤེས་སྐུ་རུ་འཛིན། །ལམ་སྣང་དག་པའི་དབྱིངས་སྒྲོན་གྱིས། །རིག་པ་ཐིག་ལེ་དངས་མར་སྡུད། །ཡུལ་སྣང་དག་པའི་དབྱིངས་སྒྲོན་གྱིས། །ལུག་རྒྱུད་ཐམས་ཅད་སྡུད་པར་བྱེད། །དབྱིངས་ནི་རིག་པའི་ཡུལ་ཡིན་པས། །སྣང་བ་འགག་བ་མེད་པར་འཆར། །འཁོར་ལོ་ལྷ་རུ་འཁོར་འདས་རུ་ཤན་ཤེས་ནས་ཟེར་ཤེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །དེ་ནས་དབྱིངས་རིག་སྣང་བ་བརྟགས། །འདི་ལ་གོམས་པའི་ཚད་སྙེད་ན། །ཕྱི་རོལ་སྣང་བ་ཐམས་ཅད་ཀུན། །གོང་ནས་གོང་དུ་ཡར་འཕེལ་ནས། །རིམ་གྱིས་གོམས་ནས་ཆོས་ཟད་དོ། །སྤྲིན་བྲལ་ནམ་མཁའ་དངས་པ་ལས། །ཟིམ་བུས་སུཪྱ་ལྟ་བ་བྱེད། །དབྱིངས་རིག་སྣང་བ་མ་འགག་འཆར། །ནུབ་མོ་ཙནྡྲ་ལྟ་བར་བྱེད། །མིག་དང་རིག་པ་སྣང་བ་གསུམ། །ལུས་ཚུགས་སྨིན་ཕྲག་མཁའ་གཏད་ནས། །ནུབ་མོ་ཤེས་པ་སྙིང་ཁར་གཏད། །རླུང་གནད་ཤིན་ཏུ་དལ་བར་བསླབ། །སྒོ་གནད་བཟློག་ཕབ་ཟུར་གྱིས་ལྟ། །རྐྱེན་བྲལ་གསུམ་ལ་གསལ་བའི། །ལུས་གནད་འདུག་སྟངས་གསུམ་ཡང་གཟིར། །ལུས་ངག་ཡིད་གསུམ་བྱ་བ་བཏང་། །ཤེས་པ་རྩེ་གཅིག་རང་རིག་གཅུན། །འཕྲོ་འདུ་བྱུང་ན་དེ་ཉིད་ལྟ། །བྱུང་གནས་འགྲོ་གསུམ་བརྟག་པས་ཤེས། །དབྱིངས་ཀྱི་ནང་དུ་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་སྣང་ཆེན་པོ་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ནི། །བྱས་པ་མེད་པ་ཡེ་གནས་ཡིན། །འདི་ཉིད་སུ་ཡི་གོམས་པའི་མི། །རང་རིག་ངོ་བོ་རྟོགས་པའོ། །དེ་ནི་དབང་བཞི་རང་ཆས་སྟེ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །སྒྲོན་མ་རང་སྣང་ཐོད་རྒལ་དབང་། །དེ་ཉིད་དོན་འཕྲོད་ཁྲེགས་ཆོད་དབང་། །འཛིན་པ་མེད་པས་རང་གསང་ཡིན། །བཅོས་པ་མེད་པའི་ངང་ལ་ཞོག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ངོ་སྤྲད་སྙིང་གི་དཀྱིལ་དུ་ཞོག །རྟོག་པ་མེད་པའི་སྣང་བ་འདི། །ནམ་མཁའ་སྟོང་པའི་དཀྱིལ་དུ་སྦོས། །རང་བཞིན་བཅོས་པ་མེད་པ་ནི། །སྒྲོན་མ་རྣམ་དག་ཡུལ་ལ་ཞོག །སངས་རྒྱས་རྣམས་ཀྱི་སྙིང་པོ་ནི། རང་བྱུང་ཡེ་ཤེས་ཡུལ་ལ་ཞོག །གསང་སྔགས་ཀུན་གྱི་ལྟ་ཕུགས་ནི། །སྒྲོན་མ་བཞི་ལ་མ་ཡེངས་ལྟ། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །བཙལ་བ་མེད་པར་རང་ལ་རྙེད། །ཕོ་བྲང་རྣམ་པར་དག་པའི་དཀྱིལ་འཁོར་ནི། །འགྱུར་བ་མེད་པ་རང་རང་སྣང་། །རྟོག་པ་མེད་པའི་ཆོས་ཉིད་ནི། །འགྱུར་བ་མེད་པར་རང་སར་གྲོལ། །རྣམ་དག་འོད་གསལ་ཆེན་པོ་ནི། །ཕྱི་ནང་མེད་པའི་ཡུལ་དུ་འཕྲད། །བྱས་པ་མེད་པའི་དཀྱིལ་འཁོར་ནི། །འཛིན་པ་མེད་པར་རང་ཡུལ་རྙེད། །ཡང་དག་ཡུལ་མེད་སྤྱོད་པ་ནི། །བཅོས་པ་མེད་པར་ཀློང་དུ་ཞོག །རྒྱུན་ཆད་མེད་པའི་དགོངས་པ་ནི། །རང་བྱུང་དགོངས་པའི་ངང་དུ་ཤེས། །སངས་རྒྱས་ཡེ་ཤེས་དངོས་མེད་ལ། །འཛིན་པ་མེད་པའི་བསམ་པ་སྤང་བའོ། །རྣམ་དག་ཡེ་ཤེས་རང་འབར་ལས། །ཉེས་སྐྱོན་དྲི་མ་མེད་པའོ། །གསང་སྔགས་ཐེག་ཆེན་དགོངས་པ་ནི། །ནམ་མཁའི་ངང་དུ་ཤེས་པར་བྱ། །སྟོང་པ་ཆེན་པོའི་ཡེ་ཤེས་ནི། །རྟོག་མེད་ངང་དུ་ཤེས་པར་བྱ། །མནོའ་ཁ་བསམ་ཀ་བྲལ་བའི་རིག་པ་ནི། །སྙིང་གི་དཀྱིལ་དུ་ཤེས་པར་བྱ། །རང་བྱུང་རིག་པའི་རྒྱལ་པོ་ནི། །ལུ་གུ་རྒྱུད་དུ་ཤེས་པར་བྱ། །རང་གྲོལ་ཆེན་པོའི་ལྟ་སྟངས་ནི། །སེང་གེ་ལྟ་བུར་ཤེས་པར་བྱ། །རང་གྲོལ་རང་སངས་ཆེན་པོ་ལ། །བསམ་པའི་དངོས་པོ་མིག་མེད་དེ། །བརྗོད་པའི་ཚིག་དང་བྲལ་བའི་ཆོས། །རིག་པའི་ཀློང་དུ་ཤེས་པར་གྱིས། །གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ། །འབྲས་བུ་སྐུ་གསུམ་དབྱེར་མེད་ཆོས། །ཆོས་ཉིད་མངོན་སུམ་སུས་གོམས་པས། །ཉམས་ཀྱི་སྣང་བ་གོང་དུ་འཕེལ། །རིག་པ་ཚད་ལ་མྱུར་དུ་ཕེབས། །ཆོས་ཟད་ཟག་བཅས་རང་དེངས་སོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། ཚིག་དབང་དོན་ཁྲིད་ཀྱི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྅྅྅ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །རབ་ཏུ་སྤྲོས་པ་མེད་པའི། །ཚིག་དབང་རིན་ཆེན་སངས་རྒྱས་ལས། །བར་དོ་རྣམ་པ་བཞི་རུ་གསུངས། །དེ་ཡང་རིག་པའི་ཡེ་ཤེས་སྐུ། །མ་བསྐྱེད་པའི་ཚོམ་བུ་ལྔ། །རང་ལས་བྱུང་ཞིང་རང་ལས་འཕྲོ། །རིག་པ་རྣམ་དག་ཡེ་ཤེས་ནི། །མ་འགག་པའི་མངོན་ཤེས་བཞི། །སྐྱེ་འགྲིབ་མེད་པར་རང་སྣང་ངོོ་། །སངས་རྒྱས་ཀུན་གྱིས་རྒྱུན་དུ་གསུངས། །རིག་པ་སྣ་ཚོགས་ཡེ་ཤེས་ནི། །རང་བྱུང་སྒོ་བརྒྱད་དཀྱིལ་འཁོར་ལྡན། །རིག་པ་འགྱུར་མེད་གནས་པ་ཡིན། །རང་གྲོལ་ཡེ་ཤེས་གཅིག་པུ་ལས། །སངས་རྒྱས་སེམས་ཅན་གཅིག་པའི་ས། །ཐམས་ཅད་རང་ངོར་ཤར་གྱུར་ན །ཡེ་ཤེས་དག་པའི་སྣང་བའོ། །བག་ཆགས་མེད་པའི་རིག་པ་ནི། །རང་གི་ལུས་ལ་རྟོགས་པར་བྱ། །རང་རིག་སྟོང་པའི་ཡེ་ཤེས་ནི། །ནམ་མཁའི་སྟོང་པའི་ངང་དུ་ཐིམ། །རིག་པ་རྟོག་མེད་ཆེན་པོ་ནི། །རྣམ་དག་བརྗོད་མེད་ངང་དུ་ཐིམ། །འཛིན་མེད་རང་དག་ངོ་བོ་ནི། །རྟོག་མེད་ཆེན་པོའི་ངང་དུ་ཐིམ། །འགྱུར་མེད་སངས་རྒྱས་ཆེན་པོ་འདི། །མཁའ་ཁྱབ་སྟོང་པའི་ངང་དུ་ཐིམ། །འབྱུང་བ་མེད་པའི་ཆོས་ཉིད་ནི། འོང་བ་མེད་པའི་ངང་དུ་ཐིམ། །རྒྱུ་མེད་སངས་རྒྱས་རང་བྱུང་ནི། །སྐྱེ་མེད་རྣམ་དག་ངང་དུ་ཐིམ། །ཕྱོགས་དང་རིས་སུ་འཛིན་པ་ཡང་། །ཕྱོགས་ལྷུང་མེད་པའི་ངང་དུ་ཐིམ། །རང་གསལ་རང་དག་ཆོས་ཆེན་ནི། །ཡེ་ཤེས་འགྱུར་མེད་ངང་དུ་ཐིམ། །དུས་གསུམ་སངས་རྒྱས་དགོངས་པ་ནི། །སྒྲོན་མ་བཞིའི་ངང་དུ་ཐིམ། །ཟག་མེད་ངང་དུ་རབ་གནས་པས། །སྐད་ཅིག་ཡེ་ཤེས་ཀློང་དུ་འདུས། །རང་རང་ལུས་ལ་རབ་གནས་ནས། །བརྗོད་མེད་ངང་ལ་དེ་བཞིན་གཤེགས། །དུས་མེད་ཡེ་ཤེས་རང་སྣང་ངོ་། །རབ་ཏུ་སྤྲོས་པ་མེད་པའི་ཚིག །ཡེ་ཤེས་ལྔ་རྫོགས་ཡུལ་ལ་འདས། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་རྒྱུད་ལས། རིག་པ་ཡེ་ཤེས་ལྔ་ལྡན། ཡེ་གནས་ཡུལ་འདས་སུ་བ ཞུགས་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །྅྅྅ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། དེ་ལྟར་ཡེ་ཤེས་གནས་པ་དེ། །དཔེ་དང་དོན་དང་རྟགས་གསུམ་གྱིས། །ལེགས་པར་གཏན་ལ་ཕབ་བྱས་ནས། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །ཡིད་ཆེས་ཐེ་ཚོམ་བྲལ་བར་བྱས། །སངས་རྒྱས་ཡེ་ཤེས་རིག་གཟུགས་ནི། །འདི་ཉིད་ཡིན་པར་ཤེས་པར་བྱ། །གང་ཟག་རབ་འབྲིང་ཐ་གསུམ་ལ། །བར་དོའི་སྣང་བ་ཤར་བའི་ཚེ། །རིག་པ་གཞི་ལ་ལམ་འཇུག་ཚེ། །སྐུ་གསུམ་འབྲས་བུ་མངོན་སུམ་ལྟ་འདོད་ན། །བཅུད་ཀྱིས་སྙིང་པོ་དོན་གྱི་ཡེ་ཤེས་ལྟོས། །དཔེ་དོན་རྟགས་སུ་བསྟན་པའི་ངོ་སྤྲོད་འདི། །ཕྱི་རབས་རྣམས་ཀྱི་ཐུགས་ལ་ལྡན། །གང་བསམ་གཅིག་པའི་རྒྱ་མཚོ་ལས་བྱུང་བའི། །རྡོ་རྗེ་སྙིང་པོ་རིན་ཆེན་མན་ཤེལ་འདི། །དྲི་མ་མེད་ཅིང་འོད་ལྔ་ལྡན་པ་སྟེ། །ཆེ་ཆུང་རབ་འབྲིང་ཐ་མ་གསུམ་ལ་ནི། །རྡོ་རྗེ་སེམས་དཔའི་སྐུ་བྷཻཾ་ཕྱག་མཆོད་འབུལ། །དེ་ནི་ངོ་སྤྲོད་རྫས་ཀྱི་དངོས་གཞི་ཡིན། །ནམ་མཁའ་དངས་པའི་དུས་ཚོད་ཐམས་ཅད་དུ། །སྐྱེས་བུ་མིག་སྐྱོན་མེད་པས་མཐོང་བར་འགྱུར། །ས་མ་ཡ་ནི་ཟབ་མོ་ཡི་དམ་ཚིག་རྒྱ། །གནས་ཁང་ཤིན་ཏུ་ནག་པོ་རུ། །ཉི་ཞུར་འོང་བའི་ཕུག་པ་ལ། །མདུང་ཤིང་ཙམ་པ་ཅིག་ཕུག་ལ། །ཉི་མའི་ཟེར་ཐག་འོང་བར་བྱ། །དེ་ལ་ཤེལ་དཀར་ཟད་དེ་ཕྱར། །དེ་ལ་འཇའ་ཚོན་ལྔ་འཆར་རོ། །མེ་ལོང་གཅིག་ཀྱང་ཕྱར་བར་བྱ། །བསྐྱེད་པས་འོད་ཀྱི་གློག་ཀྱང་འཁྱུགས། །ཤེལ་གཅིག་རང་མིག་གཡོན་ལ་སྦྱར། །མིག་གཡས་ལག་པ་གཡས་པས་བཀབ། །འཇའ་འོད་མེ་ལོང་ལོགས་ལ་ལྟོས། །འོད་དང་ཟེར་དང་ལྡན་པ་མཐོང་། །དེ་ནི་དཔེའི་ངོ་སྤྲོད་ཡིན། །དོན་ནི་རང་གི་སྙིང་གི་དཀྱིལ། །དེ་ལྟར་འོད་ཟེར་ལྔ་ལྡན་ནས། །རྟགས་ནི་མུན་ནག་རང་གི་མིག །མཛུབ་མོས་བཙིར་བས་འོད་ཟེར་འོང་། །རང་ལ་སྙིང་པོ་ཡེ་ཤེས་གནས་པའི་ངོ་སྤྲོད་དོ། །ཆོས་ཀྱི་སྐུའི་ངོ་སྤྲོད་ནི། །སྐྱོན་བྲལ་ནམ་མཁའ་དངས་པའི་དུས། །ཟིམ་བུའི་མིག་གིས་སུཪྱར་ལྟ། །འོད་ཟེར་དྲ་བ་དཔག་ཏུ་མེད། །ཡུན་དུ་བལྟས་པས་ཉི་མ་ཡང་། །རང་བཞིན་མེད་པར་བཟུང་ཡུལ་བྲལ། །འོད་ཟེར་ཉི་མའི་ཆོ་འཕྲུལ་སྟེ། །ཉི་མའི་འོད་ཟེར་ནམ་མཁའི་ཉིད། །ནམ་མཁའི་ཉི་མའི་ཟེར་དང་གསུམ། །སྙིང་པོའི་དོན་ལ་ངོ་བོ་གཅིག །གསལ་བའི་ངང་ནས་བཟུང་ཡུལ་བྲལ། །རིག་སྟོང་ཡིན་པས་ཟེར་མ་འགག །སྣང་སྟོང་ཡིན་པས་ཀུན་ལ་ཁྱབ། །བདེ་སྟོང་ཡིན་པས་ཉེ་རིང་མེད། །དཔེར་ན་ཁང་ཁྱིམ་བྲག་ཕུག་བྱང་། །ཉི་ནུབ་བྱེ་བྲག་ཐམས་ཅད་ཀུན། །བེམ་པོས་རང་གི་སྒྲིབ་པ་ཡིན། །ཉི་མའི་སྒྲིབ་པ་མ་ཡིན་ནོ། །བེམ་པོས་ཡུལ་ཐོན་ཉི་མ་ལྟོས། །དེ་ལ་གྲིབ་ནག་མུན་པས་སངས། །ཉི་མས་མུན་པ་གསལ་བ་མེད། །མུན་པ་ཉི་མའི་ཀློང་ན་གནས། །དེ་ནི་སྤྱིའི་དཔེ་རུ་བསྟན། །དོན་ནི་ཡེ་ཤེས་རང་རིག་ནི། །སྙིང་གི་དཀྱིལ་ནས་ཟང་ཐལ་གནས། །སེམས་ཉིད་ཡེ་ཤེས་འོད་པོ་ཆེ། །ལེགས་པར་རྟོགས་པའི་དུས་ཉིད་དུ། །བྱུང་གནས་འགྲོ་གསུམ་མེད་པའོ། །སྟོང་གསལ་འགགས་མེད་ཟང་ཐལ་ལེ། །སྟོང་ནི་ངོས་བཟུང་མེད་པའོ། །གསལ་ནི་གཞི་བྱེད་ཤེས་པ་གསལ། །མ་འགགས་རིག་རྩལ་སྣ་ཚོགས་གསལ། །ཟང་ཐལ་གང་ཡང་གཞི་རྩ་བྲལ། །འདི་ནི་དོན་གྱི་ངོ་སྤྲོད་ཡིན། །རྟགས་ནི་ད་ལྟར་ཤེས་པ་ནི། བཅོས་སླད་མེད་པར་ཟང་ཐལ་ལེ། །དགག་སྒྲུབ་མེད་པར་ཡངས་ཁྲོལ་ལེ། །གཤིས་ལུགས་མ་བཅོས་རྗེན་པ་འདི། །ཆོས་སྐུ་ཡིན་པར་རྟག་ཏུ་ངེས། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་ནི། །ནམ་མཁའ་ཤིན་ཏུ་དངས་པའི་དུས། །རྒྱལ་བ་རིགས་ལྔའི་སྐུ་གཟུགས་ནི། །བྲིས་འབུར་བླུགས་གསུམ་གང་ཡང་རུང་། །ཤིན་ཏུ་ཆེ་བའི་སྐུ་གཟུགས་ནི། །ཉི་མ་ཡོད་པའི་བྱང་ནུབ་ཟུར། །ཡོལ་བ་དམར་པོ་བྲེས་བའི་ནང་། །གདན་ཁྲི་འཛོམས་པར་བཤམས་པར་བྱ། །དེ་ནས་མན་ཤེལ་མིག་ལ་སྦྱར། །མཁས་པས་ནམ་མཁའི་ཐད་དུ་ལྟ། །གསུམ་བརྩེགས་གསུམ་བརྩེགས་ཁ་དོག་ལྔ། །གསལ་འཚེར་ལྷུན་སྡུག་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་དོ། །སྤྲུལ་སྐུའི་ངོ་སྤྲོད་ནི། །རང་ལུས་ཆས་ཀྱིས་རབ་བརྒྱན་ཏེ། །གདན་ཁྲི་ལ་སོགས་མཁའ་ལ་བཞག །དེ་ནི་གཟུགས་ཅན་མཚོན་པའི་སྐུ། །བག་ཆགས་འཁོར་བའི་སྐུ་ཡིན་ནོ། །ཆོས་ཉིད་རང་གི་རིག་པའི་རྩལ། །འོད་དང་ཟེར་གྱི་ཕུང་པོར་མཐོང་། །གང་ཡང་བསྒྱུར་བའི་སྤྲུལ་པའི་སྐུ། །འདི་ནི་སྤྲུལ་སྐུའི་ངོ་སྤྲོད་དོ། །དེས་ནི་དངོས་པོ་དེ་རང་ཡིན། །དོན་ནི་རང་གི་སེམས་ཉིད་འདི། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །རྟགས་ནི་རང་གི་སེམས་ཉིད་འདི། །སྣ་ཚོགས་འགྱུར་བར་ཤེས་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་སྤྲོད་ནི། །འཁར་སྡེར་ལྔ་ནི་ཆུས་བཀང་ལ། །མདུན་དུ་ཁྲོལ་ལེ་བསྒྲིགས་ལ་བཞགས། །དེ་ནས་མན་ཤེལ་མིག་ལ་སྦྱར་། །ཐིག་ལེ་ཐིག་ཕྲན་འོད་ཟེར་འཕྲོ། །ཆོས་དབྱིངས་ཡེ་ཤེས་ངོ་སྤྲོད་ཡིན། །ནམ་མཁའ་དངས་པ་གལ་ཆེའོ། །མེ་ལོང་ཡེ་ཤེས་ངོ་སྤྲོད་ནི། །མེ་ལོང་ཆེ་གསལ་གཉིས་བཙུགས་ལ། །བར་དུ་རྡུལ་ཚོན་དཀྱིལ་འཁོར་བཀོད། །མེ་ལོང་གཉིས་ནི་ནམ་མཁར་ཕྱར། །དེ་ལ་སྣང་བ་གཉིས་སུ་འཆར། །སྣང་སྟོང་དག་པ་ཡེ་ཤེས་གཟུགས། །གསལ་སྟོང་དག་པ་འོད་དུ་ཤར། །དེ་ནི་མེ་ལོང་ཡེ་ཤེས་ངོ་སྤྲོད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །ཆུ་ཟླ་དངས་པ་ངོས་ཀྱང་བཟུང་། །ཡང་ན་འཇའ་ཚོན་ལྔ་བཅོས་ལ། །སྔ་ཕྱི་མེད་པར་དུས་གཅིག་འཆར། །སོ་སོར་མ་ཡིན་མཉམ་ཤར་བས། །མཉམ་ཉིད་ཡེ་ཤེ་ངོ་སྤྲོད་ཡིན། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །མར་མེ་གསལ་བ་གཅིག་བྱས་ལ། །མུན་པར་བཞག་ལ་ངོ་ཡང་སྤྲོད། །མེ་དང་མེ་འོད་གཉིས་སུ་བཟུང་། །སོར་རྟོག་ཡེ་ཤེས་ངོ་སྤྲོད་ཡིན། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །མན་ཤེལ་དྲི་མ་མེད་པ་ལས། །ཕྱི་ནང་མེད་པར་ཟང་ཐལ་དུ། །འོད་ལྔ་དག་དང་ལྡན་ནས་སུ། །གནས་པ་མེད་པར་རང་གསལ་འདི། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །མི་གནས་པའི་ཡེ་ཤེས་ནི། །ནམ་མཁའ་སྟོང་པའི་འཇའ་ཚོན་ལྟར། །ད་ལྟར་ཤར་ཡང་ད་ལྟ་ཡལ། །དེ་ནི་མི་གནས་ཡེ་ཤེས་སོ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ནི། །སྤྲིན་མེད་ནམ་མཁའ་དངས་པའོ། །འོད་ཟེར་ཡེ་ཤེས་རྣམ་བདུན་ནི། །ངོ་སྤྲོད་དག་ཏུ་བསྟན་པའོ། །བདུན་ཡང་ངོ་བོ་གཅིག་ཏུ་འདུས། །ཉི་ཞུར་ཤེལ་འཇའ་མཐོང་བ་ནི། །ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས་སོ། །རང་བཞིན་གསལ་བ་མེ་ལོང་ཡེ་ཤེས་སོ། །དུས་གཅིག་ཤར་བ་མཉམ་ཉིད་ཡེ་ཤེས་སོ། །ཁ་དོག་སོ་སོར་ཤར་བ་སོར་རྟོགས་ཡེ་ཤེས་སོ། །ལྷུན་གྲུབ་ཡིན་པས་བྱ་གྲུབ་ཡེ་ཤེས་སོ། །བསྟན་དུ་མེད་པའི་མེ་ལོང་ཡེ་ཤེས་སོ། །རང་བྱུང་རང་གསལ་རང་ཤར་ནས། །ཡེ་ནས་རྫོགས་པའི་ཡེ་ཤེས་སོ། །ཡེ་ཤེས་རང་གནས་ངོ་སྤྲོད་ནི། །ཁམས་སའི་མི་གཟུགས་ཁོང་སྟོང་ནི། །ཆེ་ཆུང་ཁྲུ་གང་ཙམ་ཅིག་བྱས། །དབང་པོ་སྒོ་ལྔ་གསལ་བར་བཏོད། །ཁོང་བར་མར་མེ་སྤར་ལ་བཞག །ཡེ་ཤེས་འཆར་སྒོ་ངོ་ཡང་སྤྲོད། །དེ་ནི་དཔེ་རུ་བསྟན་པའོ། །དོན་ནི་སྙིང་ནང་དེ་ལྟར་གནས། །རྟགས་ནི་སྒོ་ལྔ་མ་འགགས་པའོ། །འོད་ཟེར་ཡེ་ཤེས་ལྔ་ལྡན་ནི། །མུན་པར་གསལ་སྣང་མེད་པ་རུ། །ཕྱོགས་བཞི་དབུས་ལྔ་མེ་ལོང་བཞག །དེ་ནས་སྐལ་ལྡན་ཐམས་ཅད་ཀྱིས། །མན་ཤེལ་མིག་གཡོན་སྦྱར་ལ་ལྟ། །འོད་ཟེར་འཇའི་ཕུང་པོར་འཆར། །བར་དོ་དེ་ལ་མ་འཇིག་ཅིག །དེ་ནི་ཡེ་ཡིན་རང་ལ་གནས། །རྟགས་ནི་ནུབ་མོ་མིག་གཉིས་བཙིར། །འོད་ཟེར་སྣ་ཚོགས་འཆར་བའོ། །དོན་ནི་རང་རིག་རང་མདངས་སོ། །རིག་པ་རྡོ་རྗེ་ལུག་རྒྱུད་ངོ་སྤྲོད་ནི། །སྣམ་བུ་རྒྱ་མ་སྲབ་མོ་གསར་པ་ནི། ནམ་མཁའ་དངས་དུས་མིག་ལ་བཀབ་པར་བྱ། །ཉི་མའི་དཀྱིལ་འཁོར་དཀྱིལ་དུ་ལྟ། །དེ་ནི་འོད་ལྔའི་དཀྱིལ་འཁོར་གསལ། །ཉ་མིག་འཁོར་ལོ་འོད་དཀར་དང་། །བསམ་ལས་འདས་པའི་དཀྱིལ་འཁོར་མཐོང་། །དེ་ནི་དཔེའི་ངོ་སྤྲོད་ཡིན། །དོན་ནི་རང་གི་རིག་མདངས་ཡིན། །རྟགས་ནི་མིག་གིས་མངོན་སུམ་མཐོང་། །རིག་པ་གཞོན་ནུ་བུམ་སྐུ་ལ། །ངོ་སྤྲོད་འདི་ལྟར་ཤེས་པར་བྱ། །ནམ་མཁའ་དངས་པའི་དུས་ཚོད་དུ། །དཀར་དམར་གྱོན་པའི་མི་གཅིག་ནི། །རང་གིས་འདོམ་གང་མདུན་དུ་བཞག །མིག་ལ་ཤེལ་སྦྱར་བུམ་སྐུ་འཆར་བར་མཐོང་། །དཔེ་ནི་དེ་ཡིན་དོན་དེ་རང་ལ་གནས། །རྟགས་ནི་མིག་གིས་མཐོང་བའོ། །ཁྲོ་བོ་བདེ་ལྡན་ངོ་སྤྲོད་ནི། །མུན་པ་ནག་པོའི་ཁྱིམ་དུ་ནི། །མི་ནག་ཁྲོས་ཆས་འཇིགས་གཟུགས་གསུམ། །རང་མདུན་འདོམ་གང་སོར་བཞག་སྟེ། །ཤེལ་མིག་སྦྱར་བས་མཐོང་བར་འགྱུར། །དཔེ་ནི་དེ་ཡིན་དོན་ནི་རང་གི་རྩལ་སྣང་ངོ་། །རྟགས་ནི་མངོན་སུམ་སྣང་ནུས་སོ། །བར་དོར་དེ་ལ་མ་འཇིགས་ཤིག །ཁྲོ་བོའི་ངོ་སྤྲོད་ལག་ལེན་ནོ། །ནམ་མཁའ་དངས་བའི་དུས་ཚོད་དུ། །གཞལ་ཡས་གྲུ་བཞི་སྒོ་བཞི་པ། །མེ་ལོང་འགྲོན་བུ་དར་སྣ་ལྔ། །དུང་དང་རུས་རྒྱན་དར་སྣས་བརྒྱན། །ནང་དུ་རྣམ་སྣང་རྒྱན་ལྡན་མི་ཅིག་ཞུགས། །དེ་ནས་མན་ཤེལ་མིག་ལ་སྦྱར། །རིག་པའི་དཀྱིལ་འཁོར་མཐོང་བ་སྟེ། །དཔེ་དོན་རྟག་གསུམ་ཀུན་དང་མཐུན། །རིག་པ་གཞི་གནས་ངོ་སྤྲོད་ནི། །རྒྱ་མཚོ་འདྲ་བར་ངོ་ཡང་སྤྲད། །རིག་པ་ཀུན་གསལ་ངོ་སྤྲོད་ནི། །ཉི་ཟླ་གཉིས་ལ་ངོ་ཡང་སྤྲད། །རིག་པ་གཉིས་མེད་ངོ་སྤྲོད་ནི། །བུམ་པའི་སྐུ་ལ་ངོ་ཡང་སྤྲད། །རིག་པ་གྲིབ་བཅས་ངོ་སྤྲོད་ནི། །རིག་པ་སྤྲིན་གྱིས་གྲིབ་ལ་སྤྲད། །རིག་པ་ཅི་ཡང་མེད་པའི་ངོ་སྤྲོད་ནི། །འཁོར་འདས་གཉིས་སུ་ངོ་ཡང་སྤྲད། །རིག་པ་ལྔ་ལྡན་ངོ་སྤྲོད་ནི། །ནམ་མཁའི་འཇའ་ལ་ངོ་ཡང་སྤྲད། །རིག་པ་འགྱུར་བ་མེད་པའི་ངོ་སྤྲོད་ནི། བར་སྣང་རླུང་ལ་ངོ་ཡང་སྤྲད། །རིག་རྩལ་འགགས་མེད་ངོ་སྤྲོད་ནི། །འཁོར་འདས་གཉིས་སུ་ངོ་ཡང་སྤྲད། །འཁོར་བ་མི་འགག་རང་བྱུང་ངོ། །མྱང་འདས་མི་བསྒྲུབ་རང་བྱུང་ངོ་། །གཅིག་གི་ངོ་ལ་གཅིག་མི་འགག །རིག་པ་སྣ་ཚོགས་ངོ་སྤྲོད་དོ། །སྐུ་དང་ཐིག་ལེའི་ངོ་སྤྲོད་ནི། །ནམ་མཁའ་ཤིན་ཏུ་དངས་པའི་དུས། །མན་ཤེལ་མིག་ལ་སྦྱར་བལྟས་པས། །གཟུགས་རྣམས་གང་ཕྱོགས་གསལ་པའི་ངོས། །དར་ཡུག་ཁ་དོག་ལྔ་ལྔ་འམ། །སྣམ་ཡུག་ཁ་དོག་ལྔ་ལྡན་ནོ། །སོ་སོར་ཤིང་རིང་མཁའ་ལ་སྦྱར། །ཤེལ་གྱིས་དེ་ལས་བལྟས་པ་ཡི། །ཡེ་ཤེས་ལྔ་པོ་ངོ་ཡང་སྤྲད། །དཔེ་ནི་དེ་ཡིན་རྟགས་ནི་རང་ལ་ཚང་། །དོན་ནི་བར་དོར་འཆར་བ་སྟེ། །རང་སྣང་ཡིན་པར་ཐག་ཆོད་ཅིག །ཡང་ཅིག་ནམ་མཁའ་དངས་པའི་དུས། །ཤར་ཕྱོགས་ཉི་མའི་ཟེར་ལ་ནི། །མན་ཤེལ་མིག་སྦྱར་ཆུའི་རྫིང་ལ་ལྟོས། །བར་དོར་འོད་ཀྱི་དཀྱིལ་འཁོར་ནི། །དེ་ལྟར་འཆར་བར་ངོ་ཡང་སྤྲོད། །ད་ནི་དཔེ་ལ་དོན་རང་སྣང་། །རྟགས་ནི་ད་ལྟ་དམར་འཐོམས་དང་། །བྲེད་སྔངས་དྲག་པོ་བཏབ་པའི་དུས། །དཀར་ལམ་དམར་འཕྲུག་འཆར་བའོ། །སྐུ་ལྔ་ནམ་མཁའ་དངས་པའི་ཚེ། །རིགས་ལྔའི་ཁ་དོག་རྒྱན་ལྔ་ལྡན། །བར་སྣང་ཁྲི་ལ་བཞུགས་བཅུག་ལ། །ཤེལ་གྱིས་བལྟས་པས་སྐུ་ལྔ་མཐོང་། །སྐྱེས་བུ་རྒྱན་ལྡན་བར་སྣང་ཡོལ་བའི་དཔག །སྐུ་སྟོད་ལྷག་པ་ཤེལ་གྱིས་རབ་སྤྲས་ནས། །སེམས་དཔའ་སེམས་མའི་གཟུགས་སྐུ་མཐོང་། །ཕོ་མོ་རྒྱན་དང་ལྡན་པ་གང་རུང་གཟུགས། །འཁྲིལ་སྦྱོར་གསུམ་སྦྱོར་ལ་སོགས་བསྟན། །དེ་ལ་ཤེལ་གྱིས་བལྟས་གྱུར་ན། །གཉིས་མེད་སྣང་སྟོང་གསང་སྦྱོར་སྐུ། །ཡབ་ཡུམ་སྦྱོར་བའི་ངོ་སྤྲོད་དོ། །ཤིང་གི་དབྱུག་པ་མོང་པོ་ལྔ། །དར་དང་མེ་ལོང་རིན་ཆེན་བརྒྱན། །རྟིང་ནི་མཁའ་སྡེར་བསྒྲིགས་ལ་ཕྱར། །གྱེན་དུ་སློང་ལ་བཙུགས་པར་བྱ། །དེ་ནས་མན་ཤེལ་མིག་སྦྱར་བལྟས། །ཐིག་ལེ་ཐིག་ཕྲན་ཡེ་ཤེས་རླུང་། །འོད་དང་ཟེར་དང་ལྡན་པ་མཐོང་། །སྐྱེས་བུ་གོ་གྱོན་མཚོན་ཐོགས་དང་། །འབག་སིང་ལྷ་མགོན་གཅེར་བུ་ཅན། །ཤིན་ཏུ་གདུག་པའི་གཟུགས་ཅན་རྣམས། །འགྲོ་འོང་བསད་བཅད་བྱེད་ཚུལ་སྟོན། །དེ་ལ་མན་ཤེལ་གཏད་ལ་བལྟས། །ལས་ཀྱི་གཤིན་རྗེ་འོད་ཀྱི་སྐུ། །བར་དོར་དེ་ལྟར་འཆར་བ་ལ། །བྲེད་པ་མེད་པར་ངོ་ཡང་སྤྲད། །དཔེ་ནི་དེ་ཡིན་དོན་ནི་རིག་རྩལ་ཡིན། །རྟགས་ནི་བག་ཆགས་སྣང་བ་དང་། །རྨི་ལམ་དུ་ཡང་འབྱུང་བའོ། །བར་དོའི་སྣང་བ་དེ་རྣམས་ལས། །གོམས་མ་གོམས་ལ་ངོ་སྤྲད་ན། །ངོ་སྤྲད་བུ་རྣམས་གྲོལ་བྱས་ལ། །རེ་རེ་བཞིན་དུ་དབུས་སུ་ཁྲིད། །སྐེའི་རྩེའུ་ཆུང་གཉིས་ནི། །མཐེ་མོ་གཉིས་ཀྱི་ལྟག་པའི་ཕྱོགས་སུ་ཕུལ། །མཛུབ་མོ་གཡས་གཡོན་དྲུག་པོ་ཡིས། །མཁུར་བའི་ཕྱོགས་སུ་ཚུར་ལ་སྐྱོར། །རྣལ་འབྱོར་རྣམས་ཀྱིས་རོལ་མོ་བསྒྲགས། །སྡུག་པའི་སྐད་ངན་སྣ་ཚོགས་བརྗོད། །དཔེ་ནི་དེ་ཡིན་དོན་ནི་གོམས་སམ་ལྟ། །རྟགས་ནི་མ་གོམས་པ་ལ་བྲེད་སྔངས་འཆར། །གོམས་པ་རྣམས་ལ་འཇིག་སྣང་མེད། །ཤི་དུས་བར་དོ་དང་པོ་ཡིན། །ངོ་སྤྲོད་ཞིབ་རྒྱས་བསྟན་པའོ། །ནམ་མཁའ་བཙོན་དུ་བཟུང་བ་ནི། །རྫ་བུམ་ནང་གི་ནམ་མཁའ་དང་། །ཕྱི་ཡི་ནམ་མཁའ་གཉིས་པའོ། །ཆེ་ཆུང་ཡངས་དོགས་མཐོ་དམན་དང་། །ཁྱད་པར་དེ་ནི་འདུག་གམ་དྲི། །ཁྱད་པར་མེད་པར་ངོ་ཤེས་ན། །ཕྱི་དབྱིངས་ནམ་མཁའ་སྟོང་པ་དང་། །ནང་དབྱིངས་རིག་སྟོང་ཟང་མ་གཉིས། །གཉིས་སུ་མེད་པས་ངོ་སྤྲོད་དོ། །འོད་གསལ་བཙོན་དུ་བཟུང་བ་ནི། །བུམ་པའི་འོག་ཏུ་མར་མེ་སྦས། །ཕྱིའི་མུན་པ་ནག་པོ་འདི། །མེ་འདིའི་མེད་པར་ཚུགས་སམ་ཅི། །ནང་གི་མེ་སྤར་འདི་ཉིད་ཀྱིས། །ཕྱི་ཡི་མུན་པ་གསལ་ཚུགས་སམ། །གང་ཡིན་སྙམ་ནས་ཐེ་ཚོམ་ན། །མེའི་མུན་པ་གསལ་བ་མེད། །མུན་པ་གཏན་ནས་སོང་བ་མེད། །མེའི་རང་ངོ་རང་གསལ་ཙམ། །དེབཞིན་རང་གི་འོད་གསལ་གྱིས། །ཕྱིའི་འོད་གསལ་གསལ་བ་མེད། །ཕྱི་ནང་མེད་པར་རང་ལ་གནས། །ངོ་སྤྲད་དེ་དག་ཐམས་ཅད་དུ། །དཔེ་དེ་ཡིད་གོ་བསྟན་པ་ཡིན། །དོན་ནི་རང་རིག་ཆོ་འཕྲུལ་ཡིན། །རྟགས་ནི་འཁོར་བའི་སྣང་ཚུལ་དང་། །མྱང་འདས་གསུམ་དུ་ཤར་བའོ། །དེ་དག་གཉིས་གཉིས་དབྱེ་གྱུར་ན། །དོན་ནི་རང་རང་ངོ་ལ་གནས། །གཅིག་ལ་གཅིག་ཉིད་མ་རྟོགས་སོ། །ངོ་སྤྲོད་ཉི་ཤུ་རྩ་གཅིག་འདི། །ཚིག་དབང་ངག་ཏུ་བསྐུར་བྱས་ནས། །ཕྱི་ཡུལ་སྣང་བ་ཐམས་ཅད་ནི། །ཞིང་ཁམས་དག་ཏུ་ཤེས་པར་བྱ། །ཕྱི་རུ་སྣང་བ་ཅི་ཤར་ཡང་། །འགགས་མེད་རིག་པའི་རང་རྩལ་དུ། །ངོ་ཤེས་ཐག་ཆོད་ཐེ་ཚོམ་བྲལ། །ཕྱིའི་དབང་མཆོག་ཐོབ་པ་ཡིན། །བར་དོར་ཞག་ལྔ་འདས་འོག་ཏུ། །ཡེ་ཤེས་མཐོང་སྣང་ཞེས་ཀྱང་བྱ། །ཐུགས་རྗེས་ཟེར་ཐག་ཞེས་ཀྱང་བྱ། །ཡུལ་སྣང་ཞིང་ཁམས་ཞེས་ཀྱང་བྱ། །གཞི་སྣང་ཤར་བ་ཞེས་ཀྱང་བྱ། །རིག་པའི་གཏོར་ཕུར་ཞེས་ཀྱང་བྱ། །ཞིང་ཁམས་རྒྱལ་བའི་འོད་སྣང་ཀུན། །རང་རིག་རྩལ་དུ་ཤར་གྱུར་ནས། །སྤྲོས་མེད་ནང་དུ་དབང་ཐོབ་བོ། །རིག་པ་མ་དང་བུའི་ཚུལ། །རང་ངོ་ཤེས་ཤིང་འདྲིས་པ་ནི། །སྤྲོས་མེད་གསང་བའི་དབང་ཞེས་བྱ། །ད་ལྟ་རང་ངོ་འཕྲོད་པའི། །བར་དོར་རང་སྣང་རང་གྲོལ་ལོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ། །གཞི་སྣང་ཤར་བའི་དུས་དག་ཏུ། །འོད་དང་འོད་ཟེར་སྟོང་ཁམས་ཁྱབ། །བེམ་པོའི་སྣང་བ་འོད་དུ་འཁྲུགས། །འོད་ཀྱི་ནང་དུ་ཆོས་ཉིད་སྒྲ། །འབྲུག་སྟོང་ལྡིར་བ་ཞི་ཁྲོའི་གསུང ། །ཞི་ཁྲོའི་སྐུ་ཡང་རི་རབ་ཙམ། །ཆུང་བའི་ཚད་ཀྱང་ཡུང་འབྲུ་ཙམ། །གཟི་བརྗིད་ཉི་མ་འབུམ་ཙམ་ཤར། །དེ་ལྟར་ཤར་བའི་དུས་ཉིད་དུ། །རིག་པ་རང་བྱུང་རང་མདངས་ཀྱིས། །རང་རྩལ་ཡིན་པར་ཤེས་པར་བྱ། །གཉིས་འཛིན་མ་ཞུགས་རང་ཡིན་པས། །དཔག་ཆེན་མདའ་ལྟར་དབྱིངས་སུ་འཕངས། །མ་དང་བུའི་འདུ་ཤེས་དྲན། །མི་འགྱུར་གསེར་ཐུར་དྲན་པར་གྱིས། །དེ་ལྟར་རང་རིག་རང་གྲོལ་ན། །ཉེར་གཅིག་ཞག་གྲངས་སྤྲུལ་སྐུར་གྲོལ། །དབང་བཞི་རིག་པའི་ངང་དུ་རྫོགས། །འདི་ཤེས་འཁོར་བ་དོང་སྤྲུགས་ཏེ། །སངས་རྒྱས་ཞིང་ཁམས་དཔག་མེད་སྤྱོད། །ཅེས་གསུངས་སོ། །མཁའ་འགྲོ་གསང་ཐིག་བླ་མེད་ཀྱི་རྒྱུད་ལས། ཚིག་དབང་རིན་ཆེན་དབང་གི་ངོ་སྤྲོད། ཉི་ཤུ་རྩ་གཅིག་བསྟན་པའི་ལེའུ་སྟེ་རྩ་གཉིས་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྅྅྅ མཁའ་འགྲོ་སྡེ་ལྔས་གསོལ་པ། ཨེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །དེ་ལྟར་དབང་མཆོག་ཐམས་ཅད་ཀུན། །རིག་པའི་ཀློང་དུ་ཅི་ལྟར་རྫོགས། །རྩལ་དབང་དམ་པ་བཤད་དུ་གསོལ། །ཡུམ་ཆེན་ཉིད་ཀྱིས་བཀའ་སྩལ་པ། ཨེ་མ་རིག་མདངས་འཁོར་རྣམས་ཉོན། །དེ་ལྟར་དཔེ་དོན་རྟགས་རྣམས་ཀྱང་། །རིག་རྩལ་ཀློང་དུ་ཐིམ་པ་སྟེ། །རིག་པ་འཛིན་པ་མེད་པ་ཆོས་ཀྱི་སྐུ། །རིག་པ་འགགས་པ་མེད་པ་ལོངས་སྐུ་ཡིན། །རིག་པ་སྣ་ཚོགས་འཆར་བ་སྤྲུལ་སྐུ་ཡིན། །སྐུ་གསུམ་གཉིས་མེད་ཤེས་ན་སྐུ་གསུམ་ཡིན། །རིག་པ་སྐྱེ་མེད་ཤེས་ན་ཆོས་སྐུ་ཡིན། །རིག་པ་འགགས་མེད་ཤེས་ན་ཆོས་སྐུའི་མདངས། །རིག་པ་འགྱུར་མེད་ཤེས་ན་ཆོས་སྐུའི་ངང་། །རིག་པ་ཕྱོགས་མེད་ཤེས་ན་ལྟ་བ་ཡིན། །རིག་པ་རྟོག་མེད་ཤེས་ན་བྷཻཾ་པ་ཡིན། །རིག་པ་རང་སྣང་ཤེས་ན་སྤྱོད་པ་ཡིན། །རིག་པའི་འགྲོ་ས་ཤེས་ན་བཞག་པ་ཡིན། །རིག་པ་གཉིས་སྣང་ཤེས་ན་རིག་ཡུལ་ཡིན། །རིག་པ་སེམས་མེད་ཤེས་ན་དྲི་མེད་ཡིན། །རིག་པ་ཡིད་མེད་ཤེས་ན་ཞེན་མེད་ཡིན། །རིག་པ་ཐིག་ལེར་ཤེས་ན་གྲོལ་བ་ཡིན། །རིག་པ་འོད་ལྔར་ཤེས་ན་རིག་སྤྲུལ་ཡིན། །རིག་པ་གཉིས་མེད་ཤེས་ན་གནས་པ་ཡིན། །རིག་པ་བྱར་མེད་ཤེས་ན་ཡུལ་བྲལ་ཡིན། །རིག་པ་མཚན་དཔེར་ཤེས་ན་ཡོངས་གྲོལ་ཡིན། །རིག་པ་རང་རྟགས་ཤེས་ན་གྲུབ་རྟགས་ཡིན། །རིག་པའི་དངོས་པོ་ཤེས་ན་ཉག་གཅིག་ཡིན། །རིག་པའི་ཆོ་འཕྲུལ་ཤེས་ན་རིག་རྩལ་ཡིན། །རིག་པའི་རྩ་བ་ཤེས་ན་ཆོས་སྟོང་ཡིན། །རིག་པའི་གྲོགས་པོ་ཤེས་ན་ཆོས་རྣམས་སྤངས་པ་ཡིན། །རིག་པའི་དཀྱིལ་འཁོར་ཤེས་ན་ཆོས་ཀྱི་ཐུག་ས་ཡིན་ནོ། །རིག་པའི་རྩལ་གྱི་དབང་ཐོབ་གྱུར་པ་ན། །ལུས་ཀྱི་དབང་རྣམས་རིག་པའི་ཀློང་དུ་རྫོགས། །བློའི་ཐེ་ཚོམ་བཅད་ན་རིག་པའི་རྟགས་ལུགས་ཤེས། །ཨེ་མ་ཡེ་ཤེས་རྣམ་དག་མཁའ་ཀློང་དུ། །རྟོག་མེད་གསལ་བའི་རིག་པ་ཐིམ། །རིག་པ་སྐྱེ་མེད་ཀློང་དཀྱིལ་དུ། །ཕྱི་ནང་གསང་བའི་ཆོས་རྣམས་འདུས། །ཆུ་རྣམས་རྒྱ་མཚོར་ཐིམ་དང་མཚུངས། །འཛིན་མེད་སྐྱེ་མེད་རང་སར་གྲོལ། །རྟོག་མེད་མཉམ་ཉིད་རིག་པའི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །གསང་བའི་ཡེ་ཤེས་དབྱིངས་སུ་ནུབ། །ཤེས་རབ་ཡེ་ཤེས་ཟང་ཐལ་ལས། །སྤྲོས་མེད་ཡེ་ཤེས་ལྔའི་བདག །རིག་རྩལ་ཡེ་ཤེས་ཐོབ་པ་མེད། །དབང་བཞི་རིག་པའི་དབྱིངས་སུ་བསྐུར། །བསྐུར་བར་བྱ་བ་རིག་པའི་ཡུལ། །བསྐུར་བར་བྱེད་པའི་ཡེ་ཤེས་ལྔ། །བསྐུར་བའི་མཁན་པོ་དོན་རང་གསལ། །དེ་ཉིད་རང་ལ་རང་དབང་བསྐུར། །དབང་བཞི་རིག་པའི་ངང་དུ་རྫོགས། །རིག་པ་རྩལ་དབང་སེམས་ལ་མ་ཐོབ་ན། །འདུས་བྱས་དབང་གིས་གྲོལ་མི་འགྱུར། །རིག་པ་རང་ཡང་ཡོད་པ་མིན། །རང་བྱུང་རིག་པའི་རྩལ་དབང་ལས། །བཅད་པའི་ཡུལ་མེད་གཅོད་བྱེད་མེད། །སྔར་འདས་པ་དང་ཕྱིས་འབྱུང་མེད། །ད་ལྟར་གྱིས་ནི་སྣང་བ་མེད། །ལས་དང་བག་ཆགས་གང་ཡང་མེད། །མ་རིག་པ་དང་ཡིད་མེད་དོ། །ཤེས་རབ་དང་ནི་འཁོར་བ་མེད། །མྱ་ངན་འདས་པ་ཡོད་མ་ཡིན། །རིག་པ་ཞེས་པའང་ཐ་སྙད་ཡིན། །ཡེ་ཤེས་ཡེ་ཤེས་སྣང་བ་མེད། །རིག་པ་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་ཀུན་གྱི་མཐའ་ལས་འདས། །རིག་པ་ཡེ་ཤེས་རྩལ་གྱིས་དབང་། །བྱ་བྱེད་བྲལ་བའི་ནམ་མཁའ་ལས། །ཡུལ་སྣང་རྟོག་པ་རང་སར་ཡལ། །རང་སྣང་ཡུལ་དུ་ཡོངས་སུ་རྫོགས། །ཕྱོགས་དང་རིས་སུ་མེད་པ་སྟེ། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །རང་རིག་སྣང་བ་འགགས་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །གཅིག་པུ་མ་ཡིན་གཉིས་མཐའ་ཟད། །དབང་ལྡན་རྒྱལ་པོ་ཇི་བཞིན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་གསང་ཐིག་ཀློང་གསལ་བླ་མེད་ཀྱི་རྒྱུད་ལས། རིག་པ་རྩལ་གྱི་དབང་ཆོས་ཚིག་མཚན་མ་ཐམས་ཅད་ཟད་པ། གདོད་མར་གྲོལ་ཞིང་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །྅྅྅ མཁའ་འགྲོ་སྡེ་ལྔས་ཡང་གསོལ་པ། ཀྱེ་མ་ཡུམ་ཆེན་ཀུན་ཏུ་བཟང་། །རྒྱུད་འདིའི་མཚན་ཉིད་རྣམ་གྲངས་གང་། །ཅི་ལྟར་བཟུང་ཞིང་བཅང་བར་བགྱིའ། །གང་ལ་གསང་ཞིང་སུ་ལ་གཏད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་ཞུས་པས་ལན་གསུངས་པ། །འདུས་པའི་འཁོར་རྣམས་ད་ཉོན་ཅིག །ངའི་རྒྱུད་ཆེན་བླ་མེད་འདི། །མཁའ་འགྲོ་ཀུན་གྱི་སྲོག་ཡིན་པས། །མཁའ་འགྲོའི་སྲོག་རྒྱུད་ཞེས་སུ་གྲགས། །གསང་བ་གནད་གྱི་ཐིག་ཡིན་པས། །གསང་ཐིག་ཆེན་པོ་ཞེས་སུ་གྲགས། །ཆོས་རྣམས་འདིའི་ཀློང་ན་གསལ། །ཀློང་གསལ་ཆེན་པོའི་རྒྱུད་ཅེས་གྲགས། །འོད་ཟེར་ངོ་སྤྲོད་ཀུན་འདུས་པའི། །ཉི་མ་འབར་མའི་རྒྱུད་ཅེས་གྲགས། །གསང་སྔགས་ཀུན་གྱི་གནད་འདུས་པས། །གསང་སྔགས་གནད་རྒྱུད་ཅེས་སུ་གྲགས། །འདི་ནི་བསྟན་པ་རིན་པོ་ཆེ། །འདི་ནི་མུན་སེལ་སྒྲོན་མའོ། །མངོན་སུམ་རང་གནད་གཅར་ཕོག་ཏུ། །སྟོན་པར་བྱེད་པའི་རྒྱུད་འདི་ལ། །ཐུགས་ནས་ཐུགས་སུ་བརྒྱུད་པའི་ཕྱིར། །རྒྱལ་བ་དགོངས་པའི་བརྒྱུད་པ་ཚང་། །བརྡ་ནས་བརྡ་རུ་བརྒྱུད་པས་ན། །བརྡའི་བརྒྱུད་པ་ཟམ་མ་ཆད། །སྙན་ནས་སྙན་དུ་བརྒྱུད་པའི་ཕྱིར། །སྙན་ཁུང་བརྒྱུད་པའི་ཟམ་མ་ཆད། །གཏེར་ནས་གཏེར་དུ་བརྒྱུད་པའི་ཕྱིར། །གཏེར་གྱི་བརྒྱུད་པ་ཟམ་མ་ཆད། །འདི་མེད་དབང་བཞི་བསྐུར་བ་ཀུན། །ལག་རྡུམ་གསེར་གླིང་ཕྱིན་པའམ། །ཁ་དབྲག་ལམ་དུ་ཞུགས་པའམ། །བྲག་སྐམ་སོ་ནམ་བྱས་དང་མཚུངས། །རྒྱུད་འདི་རིན་ཆེན་གསེར་གྱིས་བྲིས། །རྟག་ཏུ་མི་འབྲལ་ལུས་ལ་བཅངས། །རྒྱུན་དུ་མ་ཡེངས་དོན་རྣམས་བྷཻཾ། །རྒྱུད་འདི་རེག་པ་ཙམ་གྱིས་ཀྱང་། །ཡུམ་ཆེན་ང་དང་འདུ་འབྲལ་མེད། །འཛིན་འཆང་སྐྱེས་བུ་བུདྡྷའོ། །རྒྱུན་དུ་གུས་པས་མཆོད་པའམ། །ཁྱིམ་མམ་ཡུལ་གནས་ས་ཕྱོགས་དེར། །ཐུན་མོང་ཡོན་ཏན་དཔག་མེད་འབྱུང་། །ཕྱི་མ་བར་དོ་མེད་པར་གྲོལ། །རྒྱུད་འདི་སུའི་བཀླག་པ་དེ། །ལྟ་བའི་དོན་ཀུན་ཁོང་དུ་ཆུད། །རྒྱུད་འདི་སུའི་བྲིས་པའི་མི། །ཕྱི་མ་སྤྲུལ་པའི་སྐུ་ཐོབ་འགྱུར། །རྒྱུད་འདི་གང་ན་གནས་པ་ན། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །ལྷ་དང་ལྷ་མོས་མཆོད་པ་བྱེད། །དེ་ལྟ་བུའི་རྒྱུད་ཆེན་འདི། །བླ་མ་མི་ཁུར་རང་ཆེ་འཛིན། །དམ་ཚིག་ཉམས་དང་རྫུན་པའི་ཚེ། །བྲིལ་པ་མ་ནོར་ཚོགས་རྫོགས་སོ། །བྷཻཾ་བསྒྲུབ་མི་ནུས་ཆང་ནག་སྲེད། །ཤེས་རབ་ཆེ་ཡང་ཉམས་ལེན་སྟོར ། །འབུལ་བ་མི་ནུས་སྟོང་ཞུས་བྱེད། །དད་གུས་མེད་ཅིང་གཡོ་ཁྲམ་བསྒྱུར། །བློ་མི་བརྟན་ཅིང་སྙིང་རུས་མེད། །དེ་ལྟ་བུ་ལ་བཀའ་འདི་གསང་། །བློ་ཆུང་སྐམ་དྲོད་ཅན་ལ་གསང་། །སྐལ་མེད་རང་འདོད་ཅན་ལ་གསང། །དམ་ཉམས་ལག་ཏུ་ཤོར་བ་ན། །གསང་སྔགས་ཐམས་ཅད་བཀའ་འཆོལ་ནས། །མཁའ་འགྲོ་འཁྲུགས་སྟེ་མི་དགེ་འབྱུང་། །བཀའ་སྲུང་འཁྲུགས་ཤིང་སྲིན་མོས་བསྲེགས། །དེ་བས་རབ་གསང་ནན་ཆགས་བྱ། །གཏད་པར་བྱ་བའི་སྣོད་ལྡན་ནི། །མཁའ་འགྲོ་སྡེ་ལྔ་རྣམས་ལ་གཏད། །རིག་རྩལ་མཁའ་འགྲོ་ཁྱེད་རྣམས་ཀྱིས། །སྦྱན་རས་གཟིགས་ཀྱིས་སྤྲུལ་པ་མཆོག །པདྨ་ཐོད་ཕྲེང་རྩལ་ལ་གཏོད། །དེས་ཀྱང་རིན་ཆེན་གཏེར་དུ་གདམས། །ནམ་ཞིག་དུས་ཀྱི་ཐ་མ་ལ། །སེམས་ཅན་ཉོན་མོངས་རང་ཁར་སྤྱོད། །ཆོས་བཞིན་སྤང་ནས་ཆོས་བརྒྱད་བསྒྲུབ། །བྷཻཾ་ཆེན་བྷཻཾ་བསྒྲུབ་ཡལ་བར་དོར། །དགེ་བཤེས་ཐམས་ཅད་བཟང་རྫུན་འདེབས། །གསང་སྔགས་ཁྲམ་བཤད་རང་ཁར་སྤྱོད། །མཚན་ཉིད་སྡེ་གསུམ་ཆོས་ལ་ཡང་། །དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ལམ་ལྔ་ས་བཅུ་སྤྱོད་མཁན་མེད། །བདག་འཛིན་རྟོག་པས་ཁེངས་པའི་ཚེ། །འདུས་བྱས་སྐྱེས་བུ་ལས་འཕྲོ་ཅན། །རྒྱུ་འབྲས་ཆོས་མཁྱེན་རིག་གནས་མཁས། །བློ་ཆེན་བློ་གསལ་བློ་བརྟན་པ། །འཇམ་དཔལ་ཉིད་ཀྱི་སྤྲུལ་པ་མཆོག །ཐེག་ཆེན་ཨ་ཏིའི་དོན་སྤྱོད་པ། །བླ་མེད་ཨ་ཏིའི་བདག་པོ་ལ། །བཀའ་འདི་གཏོད་ཅིག་ས་མ་ཡ། །དེས་ཀྱང་དོན་བཅུ་ལྔ་ལྡན་པའི། །ཐུགས་མཆོག་རྣམས་ལ་རིམ་གྱིས་གཏོད། །ཅེས་གསུངས་སོ། །ཆོས་སྐུ་སྐྱེ་མེད་ཀྱི་མཁའ་ཀློང་དུ། དམིགས་མེད་དུ་ཡལ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རིགས་ལྔ་ཡང་ཡི་རངས་སྟེ། འཁོར་རྣམས་ཀྱིས་ཀྱང་མངོན་པར་བསྟོད་ཏེ། དབང་བཞི་ཐོབ་སྟེ། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ནས། སླར་ཡང་འཁོར་བ་དོང་ནས་སྤྲུག་པའི་སྤྱོད་པ་ལ་འཇུག་ཅིང་། སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་དོ། །ཐེག་པ་ཀུན་གྱི་མཐར་ཐུག །རྨད་འབྱུང་སྙིང་པོའི་བསྟན་པ། མཁའ་འགྲོ་གསང་ཐིག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལེའུ་བརྒྱ་དྲུག་ཅུ་རྩ་དྲུག་པ་ལས། དབང་བཞིའི་ལེའུ་། གསང་སྔགས་གནད་རྒྱུད་ཅེས་བྱ་བའི་མཇུག་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ སྔགས་སྲུང་ཤན་པ་ནག་མོ། གཟའ་བདུད་དུག་གི་སྤུ་གྲི་འབར་བ། དམ་ཅན་རྡོ་རྗེ་ལེགས་པ་གསུམ་གྱིས་བཀའ་འདི་ཡི་བདག་པོ་གྱིས། ཐུབ་པར་སྲུངས་ཞིག །སྤྲུལ་པའི་གཏེར་སྟོན་རྡོ་རྗེ་གླིང་པས་གདན་དྲངས་པའོ། །རྒྱུད་འདི་བཞེངས་པའི་དགེ་བ་དེས། །འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྟོགས་ཤོག །རྟོགས་ནས་རང་གཞན་དོན་གཉིས་འགྲུབ་པ་དང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །


previousཐེག་པའི་མཐར་ཐུག་ལྟ་བའི་ཡང་རྩེ་མཁའ་འགྲོ་གསང་ཐིག་ཀློང་གསལ་ཀུན་ཏུ་བཟང་མོའི་དགོངས་པ་འབར་མ་ཉི་མའི་གསང་རྒྱུད།next