Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་གཅིག་པ།


   
   
   
   
   
   
ཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད།
   
   
   


 
previousཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད།next

ཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད།

ཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད། །སུ་ལ་ཡང་མ་མཆིས་པདྨའི་གསང་མཛོད་བརྡོལ། །ཐུགས་ཉམས་བཞེས་ནས་བཻ་རོ་ཉིད་ལ་བཀའ་བབ་གཏེར་དུ་སྤས། །དེ་ཉིད་སྤྲུལ་པ་མཁའ་ལ་འཕྲུལ་ཞིང་ཐུགས་གཏེར་འབྱིན། །གསང་བ་སྙིང་པོའི་བཅུད་བསྡུ་རྡོ་རྗེ་གླིང་པས་འགྲོ་བ་འདུལ། །དེ་ཉིད་ཐུགས་སྲས་བསོད་ནམས་དབང་ཕྱུག་འགྲོ་བའི་དཔལ། །དེ་ཉིད་རྒྱུད་འཛིན་ནམ་མཁའི་རྒྱལ་པོ་ཉམས་རྟོགས་འབར། །དེ་ཉིད་བཀའ་བབས་འོད་གསལ་རྡོ་རྗེ་རྫོགས་ཆེན་བསྟན་པ་སྤེལ། །དེའི་བཀའ་བབ་འོད་གསལ་ཀུན་གྲོལ་སྐལ་ལྡན་རྣམས་ལ་སྤེལ། །དེ་ལ་བརྟེན་ནས་འགྲོ་བ་མ་ལུས་སྨིན་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།
ཤྲཱི་བི་ཛ་ཡནྟུ། ཆོས་ཉིད་ནམ་མཁའི་ངོས་ལ་གནས་བཅས་ཤིང་། །སྤྲོས་པའི་སྲིན་ཚོགས་རྣམ་དྲལ་ཟུང་འཇུག་སྐུ། །བདེ་ཆེན་གྲུབ་པའི་འཁོར་བསྒྱུར་རྟ་བདུན་ཅན། །དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྒྱལ་གྱུར་ཅིག །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྱིས། །དགེ་ལེགས་རྫོགས་ལྡན་སྤྲིན་གྱི་མི་མཚོན་པ། །གཏིབ་ལས་ཆོས་གཏེར་བདུད་རྩིའི་ཆར་ཆེན་པོ། །གངས་ཅན་བསྟན་པའི་འཛིན་མར་ལྷུང་ཙམ་ན། །ཕན་བདེའི་སྙེ་མ་ཅི་དགར་འཕྲོ་འདི་འཁྲུངས། །འཇམ་དབྱངས་རྣམ་པར་སྣང་མཛད་རྒྱལ་ཀུན་གསུང་། །མཁའ་ཁྱབ་སྐུ་ཡི་རྡོ་རྗེ་དུར་སྨྲིག་གི །འཇོ་སྒེགས་སྐད་གཉིས་སྨྲ་བར་བསྒྱུར་ཙམ་ན། །བློ་ལྡན་བློ་ཡི་མིག་ཏུ་ཡང་དག་གྱུར། །དེ་ཉིད་སླར་ཡང་དུས་ལ་བབས་པ་ན། །ས་ཆེན་རྒུད་པ་གསོ་བྱེད་སྤྲུལ་པའི་སྐུ། །རིག་འཛིན་རྡོ་རྗེ་གླིང་པར་ཡོངས་གྲགས་པའི། །མཚན་ཉིད་ཀཻ་ལ་ཤ་ཡི་རི་བོར་གསལ། །གང་གི་ཐུགས་རྗེ་ནམ་མཁའ་མཛོད་ཀྱི་སྒོ། །བྱེ་ལས་རྒྱུད་ཀྱི་རྒྱལ་བོ་ཀློང་གསལ་གྱི། །ཐེག་པའི་རྩེ་མོ་སྐལ་ལྡན་འགྲོ་བ་ལ། །རྡོ་རྗེའི་ལམ་ནས་རྡོ་རྗེའི་སྐུ་བསྒྲུབ་པའི། །ཐབས་ཚུལ་བསམ་གྱིས་མི་ཁྱབ་དབྱེ་མཛད་མོད། །ལྔ་བདོའི་རབ་རིབ་རྒྱས་པའི་དུས་ཀྱི་མཐར། །ལན་འགར་སྣང་ལ་ལན་འགར་ནུབ་པར་གྱུར། །འོན་ཀྱང་ཕྱི་མའི་དུས་ན་ཀུན་མཁྱེན་གྱི། །ལུང་རྟོགས་བསྟན་པ་འཛིན་པའི་རྒྱལ་ཚབས་ཆེ། །འགྲན་བྲལ་མཁྱེན་བརྩེའི་དབང་བོའི་ཉིན་བྱེད་ཀྱི། །སྐལ་ལྡན་བློ་ཡི་པདྨ་འབྱེད་པའི་ཚེ། །མཁའ་འགྲོའི་ཕྱག་ནས་རྡོ་རྗེའི་བརྡ་སྟོན་མཐུས། །སྔོན་དུས་སྔོན་རབ་རྣམས་སུ་ཡང་དང་ཡང་། །ཉེ་བར་གོམས་པའི་བག་ཆགས་སད་པ་ལས། །མངོན་སུམ་རྗེས་སུ་དྲན་དང་ལུང་ནོད་ཅིང་། །པདྨས་རྗེས་བཟུང་བརྒྱུད་པའི་གཏད་རྒྱ་རྫོགས། །དེ་སླད་དྲིན་ཆེན་ཆོས་རྗེའི་བཞེད་དོན་ལྟར། །ལྷག་བསམ་ཟླ་བ་ཞུན་མའི་མདངས་འཛིན་པས། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་སྤྱི་ཏིའི་རྒྱུད། །གཅིག་ལས་དུ་མར་འཆར་བའི་ཕྱི་མོ་ཡི། །སྣང་བ་སྐལ་བཟང་དགའ་བའི་བསིལ་ཟེར་སྤྲོས། །དགེ་བས་དཔལ་ལྡན་བླ་མའི་དགོངས་པ་རྫོགས། །བདག་གཞན་སྐྱེ་བ་ཀུན་ཏུ་གསང་ཆེན་གྱི། །སྙིང་པོའི་བསྟན་དང་དེ་ཉིད་མཇལ་བ་ལས། རྒྱལ་བ་དགྱེས་པའི་སྤྱོད་པ་མཐར་སོན་ཅིང་། །རིག་སྟོང་མངོན་གྱུར་འཁྲུལ་པའི་སྦུབ་གོན་ཞིག །འགྲོ་ལ་ཕན་བདེའི་དགའ་སྟོན་བསྒྲུབ་བར་ཤོག །མདོ་རྒྱུད་ཆོས་གྱི་རྒྱ་མཚོ་ལས་འོངས་པའི། །ལུང་རིགས་སྤྲིན་སྔོན་རོལ་པའི་ནམ་མཁའ་ལ། །ལེགས་བཤད་འོད་ཟེར་སྟོང་དུ་སྤྲོ་བ་ནས། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་འབར་གྱུར་ཅིག །ཅེས་ལྔ་བརྒྱ་ཐ་མ་རྣམས་ཀྱི་གཙུག་གི་ནོར་བུ། །གངས་རིའི་ཁྲོད་ཀྱི་བདེ་བར་གཤེགས་པའི་རིངས་ལུགས་པ་ཆེན་པོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྐྱིན་རྗེ་བཙུན་བླ་མ་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་བཞེད་རྫོགས་པའི་སླད་དུ། མགོན་པོ་གང་གི་བཀའ་འབངས་ཤར་ཀཿ་ཐོག་གི་སི་ཏུ་པ་ཤཱཀྱའི་དགེ་སློང་ཆོས་ཀྱི་རྒྱ་མཚོའི་སྤྲིན་བཤད་སྒྲུབ་བསྟན་པའི་ཉི་མས་བརྗོད་པ་དགེ་ལེགས་སུ་གྱུར་ཅིག། །།


previousཨཻ་མ་མཁའ་འགྲོའི་མན་ངག་གསང་བའི་གནད།next