Nitartha Digital Library
Tibetan
 
previousསྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ། ལོ་ཆེན་དྷརྨ་ཤྲཱི།no next

སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ། ལོ་ཆེན་དྷརྨ་ཤྲཱི།

སུ བྷ ཥི ཏཱ ཤྩ རྻ ཀ ལྤ མ ཉྫ རཱི ནཱ མ སྟྲི ས མྦ ར བི ནི ཤྩ ཡ བྲྀ ཏྟི བི ཧ ར ཏི སྨ། །
སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །
སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་སྐུའི་གསང་བ་བརྟན་གཡོ་ཀུན་ཁྱབ་གདུལ་བྱའི་མོས་ངོར་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ། །གསུང་གསང་བརྗོད་བྲལ་ནཱ་དའི་རང་བཞིན་མཐའ་དག་འགྲོ་བའི་སྒྲ་སྐད་རྗེས་འཇུག་ལོངས་སྤྱོད་རྫོགས། །ཐུགས་ཀྱི་གསང་བ་བདེ་ཆེན་འོད་གསལ་འགྱུར་བ་མི་མངའ་དམིགས་པ་ཀུན་བྲལ་ཆོས་ཀྱི་སྐུ། །གསང་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེ་གཏེར་ཆེན་བླ་མའི་ཞབས་ཀྱི་པདྨོར་ཕྱག་བགྱིའོ། །སྐུ་གསུམ་བདག་ཉིད་དག་པ་གཉིས་ལྡན་དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །དོན་དམ་བརྗོད་བྲལ་རྣམ་བྱང་བདེན་པ་གསུང་རབ་རྣམ་པར་སྟོན་པའི་ཆོས། །རིག་གྲོལ་གཉིས་ལྡན་རྒྱལ་སྲས་དགེ་འདུན་ཉན་རང་འཕགས་པ་གཉིས་དང་བཅས། །མ་ལུས་འགྲོ་བའི་སྐྱབས་དང་མགོན་གྱུར་སྐྱབས་གནས་དཀོན་མཆོག་གསུམ་ལ་འདུད། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །བགྲང་ཡས་དཀྱིལ་འཁོར་འཁོར་ལོར་རྟག་འཆར་ཡང་། །ཞིང་འདིར་སློབ་དཔོན་ཚུལ་བཟུང་ཐེག་མཆོག་གི། །སྟོན་པ་མཚུངས་མེད་པདྨ་ཀ་ར་རྒྱལ། །ཚུལ་གནས་བྱང་ཆུབ་སེམས་ཀྱི་ས་གཞི་ལ། །སྨིན་གྲོལ་བདུད་རྩིའི་ཆུ་ཀླུང་ཆེར་འབབ་ཅིང་། །ལུང་རིགས་རྦ་རླབས་གཡོ་བས་ལུས་ཅན་གྱི། །གདུང་སེལ་བཤེས་གཉེན་ཚོགས་ཀུན་ཕྱག་གི་གནས། །ཁྱད་པར་ལྔ་རིག་མཁྱེན་པའི་དཀྱིལ་འཁོར་རྒྱས། །འཆད་རྩོལ་རྩོམ་པའི་འོད་སྟོང་འཕྲོ་བ་ཅན། །ཐུབ་བསྟན་ཡངས་པའི་མཁས་ལ་རྟག་འཆར་བ། །པཎ་ཆེན་པདྨ་དབང་གི་རྒྱལ་པོས་སྐྱོངས། །མདོ་རྒྱུད་བསྟན་པའི་ཉམས་ལེན་སྡོམ་པ་གསུམ། །རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ཀྱི། །རྩ་བརྟན་ངོ་མཚར་ཕན་བདེའི་འབྲས་སྨིན་པའི། །ལྷ་ཡི་དཔག་བསམ་སྙེ་མ་དེང་འདིར་འཁྲུངས། །གང་འདི་མང་ཐོས་ལུང་རིག་ལྡེ་མིག་གིས། །མདོ་སྔགས་གྲུབ་མཐའི་སྒོ་བརྒྱ་རབ་ཕྱེ་ནས། །ཐར་མཆོག་རིན་ཆེན་ཁང་པར་འཇུག་འདོད་ལ། །ཤིང་རྟའི་ལམ་སྲོལ་དབྱེའོ་དགའ་བས་ཉོན། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་དང་ལྡན་པ་འདིས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མངོན་པར་སངས་རྒྱས་ནས་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ཚད་མེད་པའི་སྒྲོན་མ་བཀོད་དེ། འགྲོ་བ་རྣམས་ཇི་ལྟར་འཚམས་པས་འདུལ་བའི་དོན་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་ལས། ཞིང་ཁམས་འདིའི་གདུལ་བྱ་ལས་བརྩམས་ཏེ། སླར་ཡང་འཚང་རྒྱ་བའི་ཚུལ་བསྟན་ནས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་བསྡུ་ན། ཉན་རང་དང་། བྱང་ཆུབ་སེམས་དཔའ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ལ་སེམས་ཅན་རྣམས་འགོད་པའི་ཕྱིར། ཉན་ཐོས་ཀྱི་དོན་དུ་གསུངས་པ་ཐེག་དམན་གྱི་སྡེ་སྣོད་གསུམ་དང་། བྱང་སེམས་ཀྱི་དོན་དུ་གསུངས་པ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་གསུམ་སྟེ། རྒྱུའི་ཐེག་པའི་སྡེ་སྣོད་གསུམ་དང་། ཐུན་མིན་རིག་པ་འཛིན་པའི་སྡེ་སྣོད་དང་བཞིར་འདུ་བ་ཡིན་ཏེ། ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ༴ མདོ་སྡེའི༴ གཏི་མུག༴ མངོན་པའི༴ ཐམས་ཅད་འདུལ་བའི༴ སྡེ་སྣོད་བཞི་པ༴ ཞེས་འབྱུང་ཞིང་། དེ་བཞིའི་ཉམས་སུ་བླང་བྱ་ཐམས་ཅད་ཀྱང་། སྡོམ་པ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུ་སྟེ། འདི་ལྟར་ཉན་ཐོས་ཀྱི་འདུལ་བ་དང་ཐུན་མོང་པའི་བསྟན་པའི་ཉམས་ལེན་སོ་ཐར་དུ་དང་། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན་བྱང་སྡོམ་དུ་དང་། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་རིག་འཛིན་སྔགས་ཀྱི་སྡོམ་པའི་ནང་དུ་འདུ་བའི་ཕྱིར་རོ། །དེ་བས་ན་སྡོམ་པ་གསུམ་དང་། དེའི་བསླབ་བྱ་ལ་རྫོགས་པར་སློབ་པའི་ཁོངས་སུ་མདོ་སྔགས་ཀྱི་བསྟན་པ་མཐའ་དག་གི་ཉམས་སུ་བླང་བྱ་མ་ལུས་པ་ཡོངས་སུ་ཚང་བར་གཟིགས་ནས། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་མཁས་མཆོག་མང་པོས་ཀྱང་སྡོམ་པ་གསུམ་གྱི་རྣམ་གཞག་ལུང་དང་མཐུན་ཅིང་རིགས་པས་གྲུབ་པའི་བསྟན་བཅོས་ཀྱིས་བསྟན་པ་གསལ་བར་མཛད་ལ། ཁྱད་པར་འདིར་རྗེ་བཙུན་འཇམ་དཔལ་དབྱངས་ཆོས་ཀྱི་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཞེས་ཁ་བ་ཅན་གྱི་ལྗོངས་འདིར་ཐུབ་བསྟན་གསར་དུ་འདྲེན་པའི་ཤིང་རྟ་པ་ཆེན་པོ་དེ་ཉིད་ཀྱི་ཡང་སྲིད། བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པའི་རྟེན་དགེ་སློང་རྡོ་རྗེེ་འཛིན་པ། སྤྱིར་མདོ་སྔགས་རིག་གནས་དང་བཅས་པ་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་ཕ་རོལ་ཏུ་གཤེགས་པའི་མཁས་པ་ཆེན་པོ། །ལས་འཕྲོ་བཟང་པོས་རང་གཏེར་གྱི་བཀའ་བབས་ཤིང་། མདོར་ན་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པས་རང་རྒྱུད་གྲོལ་ནས། གཞན་དོན་འཆད་རྩོད་རྩོམ་པའི་ཕྲིན་ལས་ལ་དབང་འབྱོར་བ་མངའ་རིས་གློ་བོའི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་རིག་པ་དང་གྲོལ་བའི་སྤོབས་པ་མཆོག་ཏུ་དགེ་བ་གང་གི་ཞལ་སྔ་ནས་སྡོམ་པ་གསུམ་གྱི་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་མཛད་ཅིང་། དེ་རང་གི་གཅུང་རིག་འཛིན་རྗེ་ནས། བྱང་བདག་ཡབ་སྲས། ཆོས་དབང་ལྷུན་གྲུབ། གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་བར་རིམ་པར་བརྒྱུད་ནས། དེ་ལ་བདག་ཅག་གི་རྩ་བའི་བླ་མ་ཤེས་བྱ་ཐམས་ཅད་མཁྱེན་ཅིང་རྡོ་རྗེ་ཐེག་པའི་ལམ་གྱིས་དངོས་གྲུབ་བརྙེས་པས་ཡང་དག་པའི་ལམ་གྱི་ས་མཁན་མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་གསན་པ་ནི་ལུང་གི་བརྒྱུད་པ་ཡིན་ལ། སྡོམ་པ་གསུམ་སོ་སོའི་བརྒྱུད་པའི་རིམ་པ་ནི། རང་རང་གི་སྐབས་དེ་དང་དེར་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །དེས་ན་འདིར་གང་བཤད་པར་བྱ་བའི་ཆོས་ནི། སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་འདིའོ། །དེ་ཇི་ལྟར་འཆད་པའི་ཚུལ་ལ་གསུམ་སྟེ། བསྟན་བཅོས་ཀྱི་མཚན་དང་། མཚན་དེ་ལྡན་གྱི་བསྟན་བཅོས་དངོས། བསྟན་བཅོས་ཇི་ལྟར་བརྩམས་པའི་མཛད་བྱང་ངོ་། །དང་པོ་ནི། རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས། ཞེས་གླེགས་བམ་གྱི་ཞལ་བྱང་དུ་སྨོས་ཏེ། རང་བཞིན་རྫོགས་པ་ཆེན་པོ་ནི། སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་སྟེ། དེ་གཏན་ལ་འབེབས་པའི་ལམ་ཚང་ལ་མ་ནོར་བ་ནི་གསང་ཆེན་བླ་ན་མེད་པ་ཨ་ཏི་ཡོ་གའི་ཐེག་པ་ཡིན་ཅིང་། དེར་མ་ཟད་འདིའི་ལམ་སྟེགས་སུ་གྱུར་པའི་ཨ་ནུ་སོགས་མདོ་སྔགས་ཀྱི་ཐེག་པ་ཇི་སྙེད་པ་ཐམས་ཅད་ཀྱང་། དངོས་བརྒྱུད་གང་རུང་གི་སྒོ་ནས་དེ་ཉིད་རྟོགས་བྱེད་དུ་འགྲོ་བའི་ཕྱིར། རྒྱལ་བའི་བསྟན་པ་མཐའ་དག་རྫོགས་པ་ཆེན་པོའི་ལམ་གྱི་ཆ་རྐྱེན་ཡིན་པའི་གནད་ཀྱིས། དེ་ཐམས་ཅད་ཀྱི་ཉམས་སུ་བླང་བྱའི་རྩ་བའམ་སྙིང་པོ་སྡོམ་པ་གསུམ་གྱི་ཉམས་ལེན་ཀྱང་དེར་འགྱུར་ཞིང་། སྡོམ་པ་གསུམ་ནི་རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་པ་ལྟར་ཡིན་ལ། དེ་གསུམ་གྱི་དོན་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པས་ན་རྣམ་པར་ངེས་པའོ། །བསྟན་བཅོས་ནི། འདིར་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐར་པ་ཐོབ་པའི་ཐབས་སུ་བཀའི་དོན་བཤད་པའི་ངག་ཡིན་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པའི་ཡན་ལག །བཤད་པ་རང་གི་ངོ་བོ། བཤད་པ་རྫོགས་པའི་བྱ་བའོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའོ། །དང་པོ་ལའང་གཉིས་ལས། ཐོར་མར་སྡོམ་པ་གསུམ་གྱི་བཀའ་དྲིན་རྩོལ་བའི་བླ་མ་ལ་ཕྱག་མཛད་པ་ནི། ན་མོ་གུ་ར་ཝེ། ཞེས་པ་བསྒྱུར་ན། བླ་མ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གུ་རུའི་སྒྲ་ལྕི་བ་ལ་འཇུག་པས་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་ཕྱིར་བླ་མའོ། །གང་དག་བླ་མ་ཞེས་གསང་སྔགས་པ་ལ་གྲགས་ཀྱི། སོ་བྱང་ལས་དེ་འདྲའི་ཐ་སྙད་བཤད་པ་མེད་དོ་སྙམ་ན། མ་ཡིན་ཏེ། དགེ་ཚུལ་གྱི་ཀ་རི་ཀཱ་ལྔ་བཅུ་པ་ལས། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་དང་། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་སྐུ་ཚེ་འདིར་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་སྔོན་རབས་དུ་མར་སློབ་དཔོན་ཆེན་པོ་པདྨས་རྗེས་སུ་བཟུང་ནས་ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མཐུ་ལས་བྱུང་བར་མཁྱེན་ཅིང་། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པ་པོའང་ཡིན་པའི་ཕྱིར། དེ་ལ་ཕྱག་མཛད་པ་ནི། དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །མཁྱེན་བརྩེའི་འོད་དཀར་ངེས་གསང་གྲུ་ཆར་འབེབས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད། །ཅེས་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་དཔལ་དང་ལྡན་པ་དེ་ལས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་དང་། དམིགས་པ་མེད་པའི་བརྩེ་བ་ཐུགས་རྗེ་ཆེན་པོ་རྩོལ་མེད་དུ་འབྱུང་ཞིང་། དེས་གདུལ་བྱ་རྣམས་ངེས་དོན་གསང་བ་བླ་ན་མེད་པའི་ལམ་དང་འབྲས་བུར་བཀྲི་ནུས་པའི་ཕྲིན་ལས་མ་འགགས་པར་འཆར་བའི་ཕྱིར། དེ་དག་གི་དཔེ་སྔོན་རྒྱ་མཚོ་བསྲུབས་པ་ལས་ཟླ་བ་འཐོན་པའི་རིག་བྱེད་ཀྱི་གཏམ་དང་། ཟླ་འོད་བསིལ་བའི་རང་བཞིན་གྱིས་ཚ་གདུང་སེལ་བའི་བྱེད་ལས་དང་ལྡན་པས་གྲུ་ཆར་གྱི་ངོ་བོར་སྦྱར་ཏེ་གཟུགས་ཅན་གྱི་རྒྱན་དུ་མཛད་ཅིང་། སློབ་དཔོན་ཉིད་ཀྱི་ཁྱད་པར་གྱི་གདུལ་ཞིང་ཡིན་པའི་དབང་དུ་མཛད་ནས་གངས་ཅན་ཞེས་དམིགས་ཀྱིས་བཀར་ནའང་། དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་སློབ་དཔོན་གྱི་ཚུལ་བཟུང་བ། འཛམ་གླིང་ན་ཆེ་བའི་རིག་སྔགས་འཆང་ཆེན་པོ། རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུ་ཡིན་པས་ན། སའི་སྟེང་གི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག་ཏུ་བསྟེན་པར་འོས་ཤིང་། གདུལ་བྱ་རྣམས་རང་སྐལ་བཞིན་ཕན་བདེ་ལ་འགོད་པར་མཛད་པས་འགྲོ་བའི་བླ་མ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་རྩོམ་པ་པོ་མངོན་པར་དང་བས་འདུད་དོ་ཞེས་སྒོ་གསུམ་མཆོག་ཏུ་གུས་པས་ཕྱག་མཛད་པ་ནི་ཀུན་རྫོབ་ཀྱི་ཕྱག་དང་། ཡུལ་དང་ཡུལ་ཅན་གཉིས་མེད་དུ་རྟོགས་པ་ནི་དོན་དམ་ལྟ་བ་མཇལ་བའི་ཕྱག་གོ། །དགོས་པ་ནི་ཚོགས་རྫོགས་པས་བར་གཅོད་ཞི་ནས་བརྩམས་པ་མཐར་ཕྱིན་པ་དང་། འདི་ལ་ཐོས་བསམ་བྱེད་པ་རྣམས་ཀྱང་ཡུལ་དང་བསྟན་བཅོས་མཆོག་ཏུ་རིག་ནས་གུས་པས་འཇུག་པའི་དགོས་པ་ཡོད་དེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང་། ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། འགྲོ་བློའི་དྲི་མ་འཁྲུད་མཁས་དྲང་སྲོང་གིས། །བློ་གྲོས་བཻཌཱུར་བུམ་བཟང་རབ་ཐོགས་ནས། །ལེགས་བཤད་སྡོམ་གསུམ་བདུད་རྩིའི་ཆུ་སྦྱིན་གྱི། །དོན་གཉེར་སྐྱེ་བོའི་ཚོགས་རྣམས་འདིར་འདུས་ཤིག །ཅེས་པ་སྟེ། འགྲོ་བློའི་མི་ཤེས་རྨོངས་པའི་དྲི་མ་རྣམས་འཁྲུད་པ་ལ་མཁས་པའི་རྩོམ་པ་པོ་རང་ཉིད་གང་འཇིག་རྟེན་ན་ཡོན་ཏན་དང་ལྡན་པར་གྲགས་པ་དྲང་སྲོང་ལྟ་བུ་དང་། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློ་གྲོས་ནི་དེས་ལག་ཏུ་ཐོགས་པའི་བཻཌཱུརྱའི་བུམ་པ་ལྟ་བུ་དང་། གང་རྩོམ་རྒྱུའི་ལེགས་བཤད་སྡོམ་པ་གསུམ་གྱི་བསྟན་བཅོས་འདི་ནི་འཁོར་བའི་སྡུག་བསྔལ་གྱི་ནད་འཇོམས་པ་ལ་སྣོད་དེར་བླུགས་པའི་སྨན་མཆོག་བདུད་རྩིའི་ཆུ་རྒྱུན་དང་འདྲ་བའི་དཔེ་སྦྱར་ཏེ། དེ་དང་དེའི་གཟུགས་སུ་བཀོད་ཅིང་། དེ་བས་ན་ཐར་པ་དོན་གཉེར་གྱི་བློ་དང་ལྡན་པའི་སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ལ་ཁོ་བོས་སྦྱིན་པར་བྱ་ཡི། དགའ་ཞིང་སྤྲོ་བ་དང་བཅས་པས་འདིར་འདུས་ལ་ལོངས་སྤྱོད་ཅེས་བསྐུལ་བའོ། །འདིས་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ལེགས་པར་བསྟན་ཏེ། སྡོམ་པ་གསུམ་ནི་བརྗོད་བྱ། དེ་རྗོད་བྱེད་ཀྱི་ལེགས་བཤད་འདི་ལས་ལེགས་པར་རྟོགས་ཏེ་ཐར་པའི་ལམ་ལ་ཞུགས་པ་ནི་དགོས་པ། ཞུགས་པ་མཐར་ཕྱིན་པས་བྱང་ཆུབ་འགྲུབ་པ་ནི་ཉིང་དགོས། དེ་དག་ཀྱང་གཅིག་ལ་བརྟེན་ནས་གཅིག་འབྱུང་བས་འབྲེལ་བ་ཅན་དུ་གྲུབ་པ་ནི་འབྲེལ་བའོ། །གཉིས་པ་བཤད་པ་རང་གི་ངོ་བོ་ལ་གསུམ་སྟེ། སྤྱིའི་བཤད་གཞི་རིམ་པར་ཕྱེ་བའི་སྒོ་ནས་མདོར་བསྟན། སྡོམ་གསུམ་སོ་སོའི་རང་བཞིན་དང་བསླབ་བྱ་བསྟན་པའི་སྒོ་ནས་རྒྱས་པར་བཤད། དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱི་མཐའ་དཔྱད་པས་དོན་བསྡུ་པའོ། །དང་པོ་ལ་གསུམ་སྟེ། ཤེས་ཐོབ་ཀྱི་དམིགས་པར་བྱ་བའི་ཡུལ་སྦྱང་གཞི་ཁམས་དང་བྲལ་འབྲས་མཐར་ཐུག་གི་འབྲས་བུ་ངོས་བཟུང། སྒྲུབ་བྱེད་ལམ་གྱི་དབྱེ་བ་སྤྱིར་བཤད། ཐེག་པ་ཐམས་ཅད་ཀྱི་ལམ་གྱི་གནད་སྡོམ་པ་གསུམ་གྱི་ཉམས་ལེན་དུ་བསྡུས་པའི་འབྲེལ་གྱིས་ཁོག་དབུབ་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་དེ། །ཞེས་པ་སྟེ། རྐང་པ་དང་པོ་གཉིས་འཇམ་དཔལ་ཞལ་ལུང་གི་ཚིག་འདིར་དྲངས་པར་སྣང་བས། བི་ཏཱ་པ་དའི་འགྲེལ་པར་རྫོགས་པ་ཆེན་པོ་ཞེས་པ་རིམ་པ་གཉིས་པའི་རིམ་པ་གཉིས་པ་ལ་བཤད་མོད། འདིར་རྐང་པ་དང་པོས་གཞི་འབྲས་ཐུན་མོང་དང་། ཕྱི་མ་གཉིས་ཀྱིས་འབྲས་བུ་སྟོན་པའི་གཞུང་དུ་བཀྲལ་ན་འཆད་བདེ་བར་སྣང་ངོ་། །དེ་ལ་སྦྱང་གཞི་ནི། བདེ་གཤེགས་སྙིང་པོ་སྟེ། སྤྱིར་བསྟན་བཅོས་རྣམས་སུ་རིགས་ཞེས་གྲགས་པ་ལ་གྲུབ་མཐའི་བྱེ་བྲག་གིས་འདོད་པ་མི་འདྲ་བ་དུ་མ་སྣང་སྟེ། འདིར་ལྟར་བྱེ་བྲག་ཏུ་སྨྲ་བ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་ལ་འཕགས་པའི་རིགས་སུ་འདོད། མདོ་སྡེ་པ་ནི། སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད། སེམས་ཙམ་པ་ནི། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱི་ཐོབ་པ་ལ་འདོད། དེ་ཐམས་ཅད་འདུས་བྱས་ཏེ་དངོས་པོར་སྨྲ་བའི་ལུགས་སོ། །དབུ་མ་པ་ནི། དྲི་བཅས་ཆོས་ཉིད་དེ་བཞིན་ཉིད་ལ་རིགས་སུ་འདོད་པར་ཕལ་ཆེར་མཐུན་ཀྱང་། ངོས་འཛིན་ལུགས་མི་འདྲ་བ་མང་དུ་སྣང་མོད། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོར་འཕོ་འགྱུར་མེད་པར་གནས་པ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །སྙིང་པོ་དེ་ཡང་རྒྱུད་བླ་མར། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་བསྟན། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བ་དང་། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་པའི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་རྣམ་གཞག་བཅུས་སྙིང་པོའི་དོན་གཏན་ལ་ཕབ། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་དྲི་མས་བསྒྲིབས་ཚུལ་དཔེ་དགུའི་སྒོ་ནས་རྒྱས་པར་བསྟན་ཅིང་། དེ་ཉིད་གསང་སྔགས་རྡོ་རྗེ་ཐེག་པར་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་གྲགས་ཏེ། མི་འགྱུར་བའི་བདེ་ཆེན་དང་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་སེམས་ཉིད་ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པས་ན་རྫོགས་པ་ཆེན་པོ་དང་། དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ན་ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་སོ། །དེ་ལྟར་ཡང་སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། སྙིང་པོ་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱ་མཚོ་ལས། ཡེ་ནས་མངོན་རྫོགས་སངས་རྒྱས་ཆོས། །ལུས་ཅན་ཀུན་ལ་གནས་པའི་ཕྱིར། །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་ནི། །ལུས་ཅན་ཀུན་གྱི་ལུས་ལ་གནས །ཞེས་དང་། རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་དང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོར་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཞེས་སོ། །སྙིང་པོ་དེ་ལ་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་ན། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པས་དབྱིངས་སྟོང་པ་ཉིད་ཀྱི་ཆ་ནི་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་སྟེ། རིན་པོ་ཆེའི་གཏེར་དགོས་འདོད་འབྱུང་བའི་གཞིར་གྱུར་པ་ལྟར་སྐུ་དང་ཡེ་ཤེས་འཆར་བའི་གོ་འབྱེད་པས་ན་རང་བཞིན་གནས་རིགས་དང་། དེ་ལས་ཤར་བའི་ཡེ་ཤེས་སྣང་བའི་ཆ་ནི་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུ་སྟེ། འབྲས་བུ་ཅན་གྱི་ལྗོན་ཤིང་གོང་འཕེལ་ལྟར་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་དུ་འགྱུར་ངེས་པས་རྒྱས་འགྱུར་གྱི་རིགས་སོ། །དེ་ལྟར་ཡང་རྒྱུད་བླར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་སོ། །གནས་སྐབས་ཀྱི་སྒོ་ནས་དབྱེ་ན། ཆོས་ཉིད་རིས་མེད་ཀུན་ཁྱབ་ཡིན་པས་རང་ངོས་ནས་དབྱེ་བ་བྱར་མེད་ཀྱང་། དེ་རྒྱུད་ལྡན་གྱི་གང་ཟག་མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་ལ་ལྟོས་ནས་མིང་གསུམ་སྟེ། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །དེ་བཞིན་དུ་དབྱིངས་ཀྱི་ངོ་བོ་ལ་བཟང་ངན་མེད་ཀྱང་། སད་ཚུལ་ལ་ལྟོས་ནས་ཐེག་པ་གསུམ་གྱི་རིགས་དང་། རྣམ་པར་དག་པའི་ཆ་ཤས་རྟོགས་པའི་རིམ་པ་ལ་ལྟོས་ནས་འཕགས་བཞིའི་གང་ཟག་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་ཏེ། སྣོད་བཟང་ངན་དུ་སྣང་ཡང་ནང་གི་ནམ་མཁའ་ལ་བཟང་ངན་མེད་པ་བཞིན་ནོ། །དེ་ལྟར་ཡང་དེ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྦྱང་གཞི་ཁམས་མདོ་ཙམ་བཤད་ནས། ཕྱོགས་གཉིས་པ་མཐར་ཐུག་གི་འབྲས་བུ་འཆད་པ་ནི། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱོ་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་པ། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་པ་ལྟར་སྦྱང་གཞི་ཆོས་ཉིད་ཀྱི་མདངས་འོད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམ་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་ནས་དེས་སྦྱང་བྱའི་དྲི་མ་སྦྱོང་བའི་གཉེན་པོར་འགྲོ་བ་ཡིན་པས། འདིར་མཐར་ཐུག་གི་འབྲས་བུའི་དབང་དུ་བྱས་ཏེ། སྡོམ་པ་གསུམ་གྱི་ལམ་གྱི་སྙིང་པོ་རིག་པ་འཛིན་པ་སྔགས་ཀྱི་ལམ་སྨིན་གྲོལ་གཉིས་ཀྱིས་ཁམས་ཀྱི་དྲི་མ་སྦྱངས་པས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པ་ན་འབྲས་བུའི་མཆོག་ཡོངས་སུ་རྫོགས་པ་ནི། ཆེན་པོ་གསུམ་གྱི་མཚན་ཉིད་ཅན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་སྐུ་ནི་སྤོང་བ་ཆེན་པོ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་སལ་ལེར་གཟིགས་པའི་ཡེ་ཤེས་ནི་རྟོགས་པ་ཆེན་པོ། དེའི་མཐུས་འགྲོ་བ་མཐའ་དག་གི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ནི་སེམས་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི། །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེ་ལྟར་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྐུ་གསུམ་དང་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་སྐུ་གསུམ་ནི། ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ནི་ཆོས་ཀྱི་སྐུ། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་དག་པའི་སྣང་བ་རབ་འབྱམས་སུ་གཟིགས་པའི་ཆ་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལ་མངའ་བའི་ཡོན་ཏན་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པའི་རྣམ་རོལ་སྟོན་ནུས་པའི་ཐུགས་རྗེ་དང་ནུས་མཐུའི་ཡེ་ཤེས་ཀྱི་ཆ་ནི་སྤྲུལ་པའི་སྐུ་སྟེ། རང་རྒྱུད་ཀྱིས་སྡུས་པའི་སྐུ་གསུམ་མོ། །ཡེ་ཤེས་དེ་གཉིས་གདུལ་བྱའི་སེམས་དག་པ་དང་སྨོན་ལམ་གྱི་རྐྱེན་ཉེ་བར་འཛོམ་པ་ལས། གཞན་སྣང་གི་ལོངས་སྤྲུལ་གཉིས་ཆུ་ཟླའི་གཟུགས་བརྙན་ལྟར་འཆར་བ་ཡིན་ཏེ། རྒྱུད་བླར། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །ཡེ་ཤེས་ལྔ་ནི། ཤིན་ཏུ་རྣམ་པར་དག་པ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས། དེས་ཆོས་ཐམས་ཅད་གསལ་ལ་མི་རྟོག་པར་གཟིགས་པའི་ཆ་ནི་མེ་ལོང་ཡེ་ཤེས། དེ་ལྟར་གཟིགས་པའི་ཆོས་ཐམས་ཅད་མཉམ་པར་རྟོགས་པ་ནི་མཉམ་ཉིད་ཡེ་ཤེས། ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཆོས་ཅན་ཐམས་ཅད་མ་འདྲེས་པར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས། སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པའི་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་ནི་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྱིར་བྱ་གྲུབ་ཡེ་ཤེས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོས་པས་འབྲས་བུའི་མཐར་ཐུག་ཏུ་ངེས་པ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་སྟེ། དེ་ནི་འཆད་འགྱུར་ལྟར་གསང་སྔགས་བླ་མེད་ཁོ་ནའི་ལམ་གྱིས་བསྒྲུབ་དགོས་པ་ཡིན་ནོ། ༈ །གཉིས་པ་ལ་བཞི་སྟེ། བགྲོད་པ་གཅིག་པའི་ལམ་ངོས་བཟུང་། རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་དགུར་འདུ་ཚུལ་བཤད། རིགས་ཅན་གསུམ་སོ་སོར་སྔགས་ཀྱི་ལམ་ཞུགས་ཡོད་པར་སྒྲུབ། བློ་ཁྱད་ཀྱིས་སྔགས་ལམ་དུ་འཇུག་སྒོ་མི་འདྲ་བ་མང་ཡང་འདིར་བཤད་བྱ་མིན་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྔགས་ལམ་ཉིད་མ་བརྟེན་པར་མཐར་ཐུག་གི་འབྲས་བུ་དེ་མི་ཐོབ་པར་བསྟན། ཐེག་པ་གཞན་ཐམས་ཅད་དེའི་ལམ་སྟེགས་སུ་འགྲོ་ཚུལ་བཤད། དེས་སྔགས་ལམ་བགྲོད་པ་གཅིག་པའི་ལམ་ཡིན་པར་གྲུབ་པའོ། །དང་པོ་ནི། ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་མཆོག་མ་བསྟེན་པར། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །ཞེས་པ་སྟེ། ཟབ་པ་ཇི་ལྟ་བ་དང་། རྒྱས་པ་ཇི་སྙེད་པའི་དོན་སྟོན་པའི་ཆོས་སྒོ་བགྲང་བ་ལས་འདས་པ་དག་སྣང་ཡང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་དེ་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་མཆོག་མ་བསྟེན་པར་ཐོབ་པ་མིན་ཏེ། ཅིའི་ཕྱིར་ན་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་སྤངས་པ་ཙམ་དུ་མ་ཟད། ཀླུ་བྱང་གི་ལས་མཐའ་རྣམ་འབྱེད་ལས། མགོ་དང་རྐང་ལག་སོགས་བྱིན་ཀྱང་། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་སྣང་གསུམ་མམ་འཕོ་བའི་སྒྲིབ་པ་ཡང་མ་ལུས་པར་སྤང་དགོས་ན། དེ་སྤོང་བྱེད་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་མ་བཤད་པའི་ཕྱིར། དེས་ན་གསང་སྙིང་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་གསུངས་པས་སོ། །གཉིས་པ་ནི། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་པར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །བགྲོད་གཅིག་ལམ་ལ་བཀྲི་བའི་ངལ་སྟེགས་ཏེ། །རང་རང་རྗེས་མཐུན་འབྲས་བུ་བླ་དང་བཅས། །ཞེས་པ་སྟེ། ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གནས་སྐབས་ཐེག་པ་དུ་མའི་རྣམ་གཞག་མཛད་ཀྱང་། རེ་ཞིག་དེ་དང་དེས་འདུལ་བའི་གདུལ་བྱ་དྲང་བའི་ཐབས་སུ་བསྟན་ནས། དེ་དག་མཐར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་རྡོ་རྗེ་ཐེག་པ་མཆོག་ལ་བཀྲི་བའི་ངལ་སྟེགས་ཙམ་དུ་གསུངས་པ་སྟེ། ལམ་སྟེགས་ཀྱི་ཐེག་པ་དེ་རྣམས་ཀྱིས་རང་རང་དང་རྗེས་མཐུན་གྱི་འབྲས་བུ་རེ་ཐོབ་ཏུ་ཟིན་ཀྱང་། དེས་གོ་མི་ཆོད་པར་ད་དུང་བླ་སྟེ་གོང་དུ་བགྲོད་བྱ་དང་བཅས་པའི་ཕྱིར། དེ་ལྟར་ཡང་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། དམ་ཆོས་པད་དཀར་ལས། དྲང་སྲོང་རྣམས་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱིས་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ནོ། །ཞེས་པ་དང་ཚུལ་འདྲ་ཞིང་བསྟི་བའི་དོན་ནི། ལངྐར་གཤེགས་པ་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་བསོའི་དོན་ཏེ་དེ་ཉིད་མིན། །ཞེས་པ་ལྟར་རེ་ཞིག་ངལ་བསོ་བའི་དོན་ནོ། །གསུམ་པ་ནི། ཐོབ་ཀྱང་ཐེག་པ་སོ་སོའི་ངེས་འབྱུང་ལས། །ཐེག་གཅིག་ལམ་ལ་མ་ཞུགས་འབྲས་ཐོབ་ཅི། །ཞེས་པ་སྟེ། ཉན་རང་བྱང་སེམས་ཀྲི་ཡོག་གི་ཐེག་པ་སོ་སོས་རང་རང་གི་མི་མཐུན་ཕྱོགས་འཁོར་བ་དང་མཐའ་གཉིས་སོགས་ལས་ངེས་པར་འབྱུང་བའི་མྱང་འདས་ཀྱི་འབྲས་བུ་རེ་ཐོབ་ཀྱང་། འབྲས་བུ་བླ་ན་མེད་པའི་ཐེག་པ་གཅིག་པུར་ད་དུང་འཇུག་དགོས་ཏེ། རྫོགས་པའི་སངས་རྒྱས་སྔགས་ཀྱི་ཐེག་མཆོག་ལས་འབྱུང་བའི་ཕྱིར། དེ་བས་ན་དེར་མ་ཞུགས་པར་མཐར་ཐུག་གི་འབྲས་བུ་ཐོབ་པ་ཅི་ཞིག་ཡོད་དེ་མེད་དོ། །དེ་ལྟར་ཡང་འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། དོན་དམ་བསྙེན་པ་ལས་ཀྱང་། ཉན་ཐོས་ཐེག་པ་ཉིད་ནི་ཐེག་པ་མ་ཡིན་ཏེ། །རང་རྒྱལ་འདི་ལྟར་རྒྱལ་བའི་ས་ནི་མིན་པར་གསུངས། །དཔལ་ལྡན་རྡོ་རྗེ་ཐེག་པ་རྒྱལ་བའི་ཐེག་པ་ཉིད། །དེ་ཡང་གཉིས་ལས་ཐེག་པ་བར་དང་ཐ་མར་བྱེད། །དེ་ཕྱིར་བླ་ན་མེད་པའི་ཐེག་པ་བོར་ནས་ནི། །འདོད་པའི་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ནི། འདིར་ནི་རྫོགས་པ་ཆེན་པོའི་རིང་ལུགས་ལྟར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལ། །མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་ཞེས་གསུངས། །ཀྲི་ཡ་ཨུ་པ་ཡོ་ག་ཕྱི་རྒྱུད་གསུམ། །བླ་མེད་ཕ་རྒྱུད་མ་ཧཱ་ཡོ་ག་དང་། །མ་རྒྱུད་ཨ་ནུ་ཡོ་གར་གྲགས་པ་དང་། །གཉིས་མེད་རྒྱུད་སྡེ་ཨ་ཏི་ཡོ་ག་ལ། །ནང་རྒྱུད་གསུམ་ཞེས་ཐེག་པ་རིམ་དགུར་བསྡུ། །ཞེས་པ་སྟེ། སྤྱིར་ཡ་ནའི་སྒྲ་ལས་ཐེག་པ་ཞེས་བྱ་བ་བཞོན་པ་ལ་འཇུག་པས། འདིར་ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པས། དེ་དང་འདྲ་བའི་ཕྱིར་ཐེག་པའོ། །དེ་ལ་ཐེག་པ་རིམ་པ་དགུ་ཞེས་གྲགས་ཀྱང་། ཆོས་ཐ་དད་པའི་རིམ་པ་དགུ་ཡོད་པ་མ་ཡིན་ཏེ། ཉན་རང་གི་ཐེག་པས་དངོས་སུ་ལམ་དང་འབྲས་བུ་ཐར་པའི་ཆ་ཤས་ཙམ་ལས། རྣམ་གྲོལ་གྱི་ལམ་འབྲས་རྫོགས་པར་མ་བསྟན་ཅིང་། རང་འབྲས་མཐར་ཕྱིན་ནས་ཀྱང་ཐེག་ཆེན་ལ་འཇུག་དགོས་པས་རང་སྐྱ་མ་ཐུབ་པའི་ཕྱིར་ཐེག་ཆེན་དུ་འདུ་ལ། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཕྱི་རྒྱུད་གསུམ་དུ་མཐར་ཐུག་གི་འབྲས་བུའི་རྣམ་གཞག་བསྟན་ནའང་། དེར་བགྲོད་བྱེད་ཀྱི་ལམ་རྫོགས་པར་མ་བསྟན་ཅིང་། སྔགས་བླ་མེད་ཀྱི་ཐེག་པས་ནི་ཡོངས་རྫོགས་བསྟན་པས་འཕགས་པར་མ་ཟད། ཡོ་ག་མན་ཆད་ཀྱི་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་སྔགས་བླ་མེད་དུ་ཚང་ལ། བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དེ་དག་ལ་མེད་ཅིང་། དེ་དང་དེའི་དོད་ཐུབ་ཀྱང་བཞག་ཏུ་མེད་པའི་དོན་གྱིས་ནང་པ་བསྐྱེད་རྫོགས་གསུམ་གྱི་ནང་དུ་ཐམས་ཅད་འདུ་བ་ཡིན་ནོ། །རིམ་པ་དགུ་ནི། སྤྱི་མདོ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར་གསུམ་གྱི་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་དགུའོ། །དང་པོ་ཀུན་འབྱུང་འདྲེན་པའི་ཐེག་པ་ལ་གསུམ་ལས། ཉན་ཐོས་ནི། ཆོས་བདག་བཟུང་འཛིན་དོན་དམ་དུ་གཏན་ལ་ཕབ་ནས། རང་ཉིད་ཞི་བདེའི་བསམ་པས། སོ་ཐར་རིགས་བརྒྱད་གང་རུང་གི་ཚུལ་ཁྲིམས་བླངས་ཏེ་ཉེས་སྤྱོད་སྤོང་ཞིང་། ཏིང་ངེ་འཛིན་གྱིས་སེམས་ལས་རུང་དུ་བསྒྲུབས་ཏེ། བདེན་བཞི་རྣམ་པ་བཅུ་དྲུག་སྒོམ་པའི་ཤེས་རབ་ཀྱིས། འབྲས་བུ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་སྒྲུབ་པར་བྱེད་དོ། །རང་རྒྱལ་ནི། ཤེས་པ་སྐད་ཅིག་དོན་དམ་དུ་བལྟ་ཞིང་། བདེན་བཞི་རྣམ་པ་བཅུ་དྲུག་ཉན་ཐོས་དང་འདྲ་བའི་སྟེང་དུ་རྟེན་འབྲེལ་ཟབ་མོའི་ལམ་བསྣན་ཏེ་བསྒོམས་པས། འབྲས་བུ་རང་རྒྱལ་དགྲ་བཅོམ་ཐོབ་ནས། ལུས་ཀྱི་རྣམ་རིག་གིས་ཆོས་སྟོན་པར་མཛད་དོ། །བྱང་སེམས་ནི། ཆོས་ཐམས་ཅད་བདག་མེད་པར་གཏན་ལ་ཕབ་ནས། གཞན་ཕན་གྱི་བསམ་པས། ཕར་ཕྱིན་བཅུ་དང་བསྡུ་དངོས་བཞི་ལ་སྤྱོད་ཅིང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་སློབ་ལམ་དུ་བྱང་ཆུབ་ཀྱི་ཕྱོགས་ཆོས་སོ་བདུན་བསྒོམས་པས། འབྲས་བུ་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་བརྙེས་པར་འདོད་དོ། །དེ་གསུམ་གྱིས་འབྲས་བུ་ལ་སྦྱོར་བའི་ལམ་མཚོན་པར་བྱེད་པས་མཚན་ཉིད་དང་། མཐར་ཐུག་སྔགས་ཀྱི་མྱང་འདས་ཟུང་འཇུག་གི་ཡེ་ཤེས་ལ་ལྟོས་ཏེ། དེའི་རྒྱུའི་ཆེད་ཙམ་དུ་སྦྱོར་བའི་ལམ་ཡིན་པས་རྒྱུ་དང་། ནང་གསེས་ཀྱི་དབྱེ་བས་ཐེག་པ་གསུམ་ཞེས་བྱའོ། །གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་གསུམ་ལས། ཀྲི་ཡ་སྟེ་བྱ་རྒྱུད་དུ། ཆུ་དང་ཅོད་པན་གྱི་དབང་བསྐུར་བ་སྔོན་དུ་འགྲོ་བས། བདག་གི་དེ་ཁོ་ན་ཉིད་དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་ནས། ལྷའི་དེ་ཁོ་ན་ཉིད་ལྷ་དྲུག་གི་སྒོ་ནས་བདག་དམ་ཚིག་པར་བསྐྱེད་པའི་མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཏེ་རྗེ་ཁོལ་གྱི་ཚུལ་དུ་བལྟས་ལ། སྒྲ་དང་སེམས་དང་གཞི་ལ་གཞོལ་བ་བཟླས་བརྗོད་ཀྱི་དེ་ཉིད་དང་། མེ་གནས་སྒྲ་གནས་སྒྲ་མཐའི་དེ་ཉིད་གསུམ་གྱི་བསམ་གཏན་སྒོམ་ཞིང་། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་སྤྱད་པས། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཨུ་པ་ཡ་སྟེ་སྤྱོད་རྒྱུད་དུ། ཆུ་དང་ཅོད་པན་གྱི་སྟེང་ཕྱག་མཚན་དང་མིང་དབང་ཡང་བསྐུར་ནས། ལྟ་བ་ཡོ་ག་དང་། སྤྱོད་པ་ཀྲི་ཡ་ལྟར་སྤྱོད་ཅིང་། །སྒོམ་པ་རང་ཉིད་དམ་ཚིག་པར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བལྟས་ནས། བཟླས་པ་དང་ཏིང་ངེ་འཛིན་བརྟན་པར་བྱས་པས། རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཡོ་ག་སྟེ་རྣལ་འབྱོར་གྱི་རྒྱུད་དུ། རྡོ་རྗེ་སློབ་མའི་དབང་གི་སྟེང་སློབ་དཔོན་གྱི་དབང་མཐའ་བརྟེན་དང་བཅས་པའང་བསྐུར་ནས། དོན་དམ་པར་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་ཞིང་། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་བདག་ལྷར་བསྒོམས་པ་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ་སྟེ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་མཆོད་བསྟོད་བཟླས་པ་སོགས་བྱས་མཐར། ཕྱག་རྒྱ་བཀྲོལ་ནས་གཤེགས་སུ་གསོལ་བ་ཐབས་ཀྱི་རྣལ་འབྱོར་དང་། སེམས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་ཤེས་རབ་ཀྱི་རྣལ་འབྱོར་ཏེ། ནང་གི་ཏིང་ངེ་འཛིན་ལ་གཙོ་བོར་འདོན་ཞིང་། གཙང་སྦྲ་སོགས་ཕྱིའི་སྤྱོད་པའང་གྲོགས་སུ་བསྟེན་པས། འབྲས་བུ་སྟུག་པོ་བཀོད་པའི་སར་གྲོལ་བར་འདོད་དོ། །དེ་གསུམ་གྱིས་གང་དང་གང་ལ་བླང་དོར་དང་སྤང་གཉེན་ཕྱི་མཚན་ཉིད་ཀྱི་ཐེག་པ་དང་ཚུལ་འདྲ་བས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་ཞེས་བྱའོ། །གསུམ་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་གསུམ་ལས། རྣལ་འབྱོར་བླ་མེད་ཕའི་རྒྱུད་ཅེས་གཏགས་པ་རྒྱུད་མ་ཧཱ་ཡོ་ག་ནི། དབང་བཞིས་བསྡུས་པ་ཕན་ནུས་ཟབ་མོའི་དབང་གིས་སྨིན་པར་བྱས་ནས། གཞི་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པས། ལམ་བསྒོམ་ཚུལ་མ་ཧཱ་ལ་ནང་གསེས་ཀྱིས་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་བ་ལས། གསང་འདུས་དང་གཤིན་རྗེ་གཤེད་སོགས་ཕ་རྒྱུད་རྣམས་སུ་ཐབས་བསྐྱེད་རིམ་གྱི་སྤྲོས་པ་དང་། རྫོགས་རིམ་གསང་དབང་གི་ཉམས་ལེན་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་། ཡང་དག་དང་འཁོར་ལོ་སྡོམ་པ་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་ཆ་ཙམ་ལས། རྫོགས་རིམ་ཤེར་དབང་གི་ཉམས་ལེན་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། སྒྱུ་འཕྲུལ་དྲྭ་བ་སོགས་གཉིས་མེད་ཀྱི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་འཇུག་དང་། ཁྱད་པར་རྫོགས་རིམ་དབང་བཞི་པའི་ཉམས་ལེན་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད། །མཆོག་ཏུ་མི་འགྱུར་བའི་འོད་གསལ་རང་བྱུང་གི་ཡེ་ཤེས་གཙོ་བོར་ཉམས་སུ་ལེན་ཅིང་། སྤྱོད་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ཚེ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དོ། །མ་རྒྱུད་ལུང་ཨ་ནུ་ཡོ་ག་ནི། ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་ནས། གཞི་ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕབ་སྟེ། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཡི་གེའི་རྗེས་སུ་འཇུག་པ་ལྷའི་ཏིང་ངེ་འཛིན་སྒོམ་པ་གྲོལ་ལམ་དང་། སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ཐབས་ཀྱི་ལམ་རྣམས་བསྒོམས་པས། འགྱུར་བ་མ་ངེས་པ་ལ་སོགས་ཏེ་ས་བཅུས་བསྡུས་པའི་སློབ་ལམ་བཞི་མཐར་ཕྱིན་ནས། འབྲས་བུ་མི་སློབ་པའི་ལམ་ཚེ་འདིར་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པར་འདོད་དོ། །གཉིས་སུ་མེད་པའི་རྒྱུད་མན་ངག་ཨ་ཏི་ཡོ་ག་ནི། དབང་བཞི་པ་རྩལ་དུ་བཏོན་པ་རིག་པའི་རྩལ་དབང་སོགས་ཁྱད་པར་གྱི་དབང་བསྐུར་ནས། གཞི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབ་སྟེ། སེམས་ཀློང་མན་ངག་གི་སྡེ་གསུམ་སོ་སོའི་དགོངས་པ་ལྟར་ཀ་དག་གི་དོན་སོར་བཞག་གིས་ཉམས་སུ་ལེན་པ་དང་། ཁྱད་པར་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་ག ཤེགས་པའི་གསང་མཛོད་སྒོ་ཕྱེ་ནས། རིག་པ་མངོན་སུམ་གྱི་དོན་དང་པོར་མཐོང་བ། བར་དུ་འཕེལ་ཞིང་ཚད་ལ་ཕེབས་པ། ཐ་མར་ཟད་པས་གདེངས་བཞིའི་ཚད་དུ་སྐྱེལ་བ་ཐོད་རྒལ་གྱི་ལམ་སྒོམ་ཞིང་། གནས་སྐབས་ཐམས་ཅད་དུ་ཅིར་སྣང་ཆོས་ཉིད་རོལ་པར་བལྟས་ཏེ་དགག་སྒྲུབ་བླང་དོར་མེད་པར་སྤྱད་པས། འབྲས་བུ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་ཏེ། གདོང་མའི་སར་གྲོལ་བར་བྱེད་པ་ཡིན་ནོ། །དེ་གསུམ་གྱིས་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་དངོས་གྲུབ་གཞན་ནས་མི་འཚོལ་བར་རང་བྱུང་གི་ཡེ་ཤེས་སུ་མཐོང་བས་ནང་རྒྱུད་གསུམ་ཞེས་བྱ་སྟེ། དེས་ན་རྫོགས་པ་ཆེན་པོའི་ལུགས་ལ་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་པ་དགུ་པོ་དེར་འདུ་ལ། དེ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ཐེག་པ་འདིར་འདུས་ཤིང་རྫོགས་པ་ཡིན་ནོ། །གསུམ་པ་ནི། ཉན་རང་བྱང་སེམས་རིགས་ཅན་སོ་སོ་ལ། །རྡོ་རྗེ་འཛིན་པའི་ལམ་ཞུགས་ཡོད་དོ་ཞེས། །འབུམ་ལྔའི་རྒྱུད་ཀྱི་ལུང་ལས་གསལ་བར་གྲུབ། །ཅེས་པ་སྟེ། ཇི་སྐད་དུ། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་རྒྱུད་འབུམ་པའི་ལུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། དཔེའི་ལྕགས་རྡོ། ཟངས་རྡོ། དངུལ་རྡོ་གསུམ་ནི་སྐྱེ་བོ་ཕལ་པ་ཡིན་ལ། དེ་གསུམ་བཞུ་བ་ལས་བྱུང་བའི་ལྕགས་ནི་ཉན་ཐོས། ཟངས་ནི་རང་རྒྱལ། དངུལ་ནི་བྱང་སེམས་ཀྱི་བསླབ་པར་བྱ་བ་ཡིན་ཅིང་། ལྕགས་ཟངས་དངུལ་གསུམ་པོ་འགྱུར་རྩིས་གསེར་དུ་འགྱུར་བ་ནི་རིགས་ཅན་གསུམ་སོ་སོའི་སྡོམ་པ་ཡང་དཀྱིལ་འཁོར་དུ་བཅུག་སྟེ་དབང་བྱིན་པ་ན་གསུམ་ག་རིག་པ་འཛིན་པའི་སྡོམ་ལྡན་དུ་འགྱུར་བའི་ཕྱིར། རིགས་ཅན་གསུམ་ག་ལ་སྔགས་ཀྱི་ལམ་ཞུགས་ཡོད་པར་གྲུབ་བོ། །བཞི་པ་ནི། བསམ་པའི་དབྱེ་བས་སྔགས་ལ་འཇུག་པའི་ཚུལ། །ཆོས་སྒོ་མང་ཡང་དེ་དག་སྤྲོ་བྱ་མིན། །ཞེས་པ་སྟེ། སྤྱིར་གཞི་ལམ་འབྲས་གསུམ་ག་ནས་སྔགས་ལམ་དུ་འཇུག་པ་ཡོད་པར་བཤད་དེ། གཞི་རིགས་གཅིག་དང་ལམ་རིགས་བཞི། །གསང་ཆེན་བླ་མེད་མི་ལྡོག་བརྟེན། །ཞེས་གསུངས་པའི་ཕྱིར། དེ་ཡང་གཞི་ནས་འཇུག་པ་ཡོད་དེ། རང་བཞིན་གྱི་དབང་རྣོན་ཁ་ཅིག་གྲུབ་མཐས་བློ་ཡེ་མ་བསྒྱུར་བར་ཐོག་མ་ནས་སྔགས་ལམ་དུ་འཇུག་པ་སྲིད་པའི་ཕྱིར། ཨིནྡྲ་བྷཱུ་ཏི་བཞིན་ནོ། །ལམ་ནས་འཇུག་པ་ཡོད་དེ། ལམ་ཆུང་ལས། ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་འཇུག་སློབ་པར་ངེས། །ཞེས་ལྷ་མི་དང་། ཉན་རང་དང་། བྱང་སེམས་དང་། ཕྱི་རྒྱུད་སྡེ་གསུམ་ལ་བསླབ་བཞིན་པ་ནས་སྔགས་ལམ་དུ་སྐེད་འཇུས་བྱེད་པ་ཡོད་པའི་ཕྱིར། འབྲས་བུ་ནས་འཇུག་པ་ཡོད་དེ། ཉན་རང་གི་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་རྣམས་ཡིད་ལུས་ཀྱིས་ཐེག་ཆེན་དུ་འཇུག་པར་བཤད་པ་ལྟར། འདིར་ཡང་མཚུངས་པའི་ཕྱིར་དང་། བྱང་སེམས་དང་ཀྲི་ཡོག་སྡེ་གསུམ་གྱིས་རང་རང་གི་འབྲས་བུ་ཐོབ་ནས་ཀྱང་ད་དུང་སྔགས་བླ་མེད་ཀྱི་ལམ་དུ་འཇུག་པའི་ཕྱིར་ཏེ། ལམ་ཆུང་ལས། ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔ། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་ལོའི་ས་ལ་འགྱུར་བར་ངེས། །ཞེས་དང་། གཞན་ལས་ཀྱང་། དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །ཞེས་སངས་རྒྱས་དང་བྱང་སེམས་མཆོག་གཉིས་ཀ་སྔགས་ལ་འཇུག་པར་བཤད་པའི་ཕྱིར་དང་། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་ཕར་ཕྱིན་དང་སྔགས་གོང་འོག་གི་འབྲས་བུ་ལ་མཆོག་དམན་ཡོད་པར་གསུངས་པའི་ཕྱིར་རོ། །འདིར་མཁས་མཆོག་འགའ་ཞིག །བྱང་སེམས་དང་ཕྱི་རྒྱུད་སྡེ་གསུམ་གྱི་རང་ལམ་ཁོ་ནས་ས་བཅུ་པའི་བྱང་སེམས་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་གི་བར་ལས་ལྷག་པ་ཐོབ་མི་ནུས་ཀྱང་། སྐབས་དེར་སྔགས་བླ་མེད་ཀྱི་ལམ་དུ་ཞུགས་ནས་སངས་རྒྱས་ཐོབ་པར་བཞེད། དེ་ལྟར་འདོད་ལུགས་གཉིས་ལས། ཕྱི་མ་འདི་འཆད་བདེ་བར་སྣང་མོད། དེ་ལྟ་ནའང་རང་གི་ཡི་གེ་སྔ་མ་རྣམས་སུ་འདོད་པ་སྔ་མ་ལྟར་བཀོད་ཅིང་། ལུང་ལས་བརྒལ་བར་ཡང་མི་ནུབ་པས་ད་དུང་དགོངས་པ་ལེན་ཚུལ་དཔྱད་པར་བྱའོ། །ཡང་འཇིག་རྟེན་ལྷ་མི་དང་། ཉན་རང་བྱང་སེམས་རྣམས་ཀྱི་འབྲས་བུའང་རང་ལམ་ལ་བསྟེན་ནས་ཚེགས་ཀྱིས་སྒྲུབ་པ་ལ་མི་ལྟོས་པར། དེ་ཐམས་ཅད་རང་རང་གི་བསམ་པས་ཀུན་ནས་བསླངས་ཏེ་སྔགས་ཀྱི་ཐེག་པ་ལ་སྤྱད་པས་ཚེགས་ཆུང་ངུས་མྱུར་དུ་འགྲུབ་པ་ཡོད་དེ། དཔེར་ན་ནད་གསོ་བ་ལ་སྨན་སྤྱད་དང་སྤྱོད་ལམ་གྱི་འཕྲོད་བསྟེན་ལ་མི་ལྟོས་པར་རིག་སྔགས་རྣོན་པོས་ཡུད་ཙམ་གྱིས་གསོ་ནུས་པ་བཞིན་ནོ། །དེ་བས་ན་སྔགས་ལ་འཇུག་པའི་སྒོ་དེས་མཚོན་ཏེ་མང་དུ་སྣང་ཡང་འདིར་དེ་དག་སྤྲོ་བྱ་མིན་པར་བསྟན་པའོ། །གསུམ་པ་ལ་གཉིས་ཏེ། དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་སྡོམ་གསུམ་ལ་བཀྲི་ཚུལ་སྤྱིར་བསྟན། བྱེ་བྲག་བསྟན་བཅོས་འདིར་བསྟན་བྱ་དབང་པོ་འབྲིང་གི་ལུགས་ཡིན་པར་བཤད་པའོ། །དང་པོ་ནི། འདིར་ནི་དབང་པོ་རབ་འབྲིང་ཐ་གསུམ་ལས། །ཞེས་ཐེག་པ་ཐམས་ཅད་ཀྱི་ལམ་གྱི་གནད་སྡོམ་པ་གསུམ་དུ་འདུས་ཤིང་། དེ་ལ་བཀྲི་ཚུལ་ནི། དབང་པོའི་ཁྱད་པར་གྱིས་གསུམ་དུ་ཡོད་དོ་ཞེས་མདོར་བསྟན་ནས། དེའི་དོན་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་གང་ཟག་དབང་རབ་ཀྱིས་སྡོམ་གསུམ་གཅིག་ཅར་དུ་ཐོབ་ཚུལ་ནི། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་ཏེ། །དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཅར་སྐྱེས། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །ཞེས་པ་སྟེ། ཇི་ལྟར་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྟོན་པ་ཐུབ་པའི་དབང་པོ་ལ་འདོད་ཡོན་མ་སྤངས་པར་སངས་རྒྱས་ཐོབ་པའི་ཐབས་ཞུས་པས། སྟོན་པས་དེར་དཀྱིལ་འཁོར་སྣང་བར་མཛད་ནས་དབང་བསྐུར་བའི་དུས་དེ་ཉིད་དུ་རྒྱལ་པོས་ཟུང་འཇུག་གི་སྐུ་བརྙེས་ཏེ་རྟོགས་གྲོལ་དུས་མཉམ་པ་བཞིན། སྔོན་སྦྱངས་མཐར་སོན་གྱི་ལས་འཕྲོ་སད་པའི་སྐལ་ལྡན་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ནི། ཚེ་འདིར་ལམ་ཐུན་མོང་པས་རྒྱུད་སྦྱོང་བ་ལ་མ་ལྟོས་པར། དང་པོ་ཉིད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་བརྟན་པའི་སྒོ་ནས་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་དབང་ཐོབ་པས། སྔགས་སྡོམ་ཁོ་ན་ལས་ཕྱེ་བའི་སྡོམ་པ་གསུམ་གཅིག་ཅར་སྐྱེས་པ་སྟེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་གང་ཞིག །གཞན་གནོད་གཞི་བཅས་སྤོང་བ་དང་། གཞན་ལ་ཕན་པ་སྒྲུབ་པ་དང་། དེ་ཐམས་ཅད་ཀྱང་ཆོས་མཉམ་པ་ཆེན་པོའི་ཐབས་མཁས་ཀྱིས་ཟིན་པའི་སྡོམ་པ་ཐོབ་པའི་ཕྱིར། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །གཉིས་པ་དབང་འབྲིང་གིས་སྡོམ་གསུམ་སོ་སོར་ལེན་པ་ནི། འབྲིང་ནི་སྡོམ་གསུམ་སོ་སོའི་ཆོ་ག་ལ། །བརྟེན་ནས་རིམ་ཐོབ་ནཱ་གརྫུ་ན་ལྟར། །ཞེས་པ་སྟེ། གང་ཟག་དབང་འབྲིང་རྣམས་ནི་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལྟར་སྡོམ་གསུམ་སོ་སོའི་ཆོ་ག་ལ་བརྟེན་ནས་རིམ་པར་ལེན་པ་སྟེ། ཉན་ཐོས་དང་ཐུན་མོང་བའི་འདུལ་བའི་ཆོ་གས་སོ་ཐར་རིགས་འདུན་གང་རུང་། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་སྲོལ་གཉིས་གང་རུང་གི་ཆོ་གས་བྱང་སྡོམ། གསང་སྔགས་ཕྱི་ནང་གང་རུང་གི་ཆོ་གས་སྔགས་སྡོམ་བླངས་ཏེ། སྡོམ་པ་གསུམ་ལྡན་དུ་ཉམས་སུ་ལེན་པའོ། །གསུམ་པ་སྐལ་དམན་རིམ་འཇུག་གི་བཀྲི་ཚུལ་ནི། ཐ་མ་སྐལ་དམན་ཤིན་ཏུ་གདུལ་དཀའ་དེ། །གསོ་སྦྱོང་བསླབ་པའི་གནས་བཅུ་གྲུབ་མཐའ་བཞི། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀུན་རིམ་ཤེས་ནས། །བླ་མེད་འཇུག་པ་བརྟག་པ་གཉིས་པར་གསུངས། །ཞེས་པ་སྟེ། ཀྱེ་རྡོ་རྗེ་བརྟག་པ་ཕྱི་མ་འདུལ་བའི་ལེའུ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་སྐལ་དམན་དབང་པོ་ཐ་མ་ཤིན་ཏུ་གདུལ་དཀའ་བ་རྣམས་ནི་རིམ་གྱིས་བཀྲི་བའི་ཐབས་ལ་མཁས་པར་བྱ་སྟེ། འཁོར་བའི་ཉེས་དམིགས་དང་མྱང་འདས་ཀྱི་ཕན་ཡོན་བསམ་དུ་བཅུག་པས་བློ་སྦྱངས་ནས། ཐོག་མར་སྤྱོད་པ་ལ་རིམ་གྱིས་སློབ་སྟེ། དང་པོར་གསོ་སྦྱོང་ཡན་ལག་བརྒྱད་པའི་དུས་ཁྲིམས་དང་། དེ་རྗེས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་པའི་གནས་བཅུ་ནས་དགེ་སློང་གི་སྡོམ་པའི་བར་སྦྱིན་པར་བྱའོ། །དེ་རྗེས་གྲུབ་མཐའ་བཞིའི་ལྟ་བ་སྟོན་ཏེ། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གཟུང་བ་རྡུལ་ཕྲན་བསྐོར་བ་བར་བཅས་བར་མེད་དང་། འཛིན་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་ལ་སོགས་པའི་གྲུབ་མཐའ་རྣམས་དང་། དེ་རྗེས་སེམས་བསྐྱེད་ནས། ཆོས་ཐམས་ཅད་སེམས་ཙམ་དུ་གཏན་ལ་འབེབས་པ་སོགས་རྣལ་འབྱོར་སྤྱོད་པའི་གཞུང་དང་། ཆོས་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་སྟོན་པ་དབུ་མའི་གྲུབ་མཐའ་སྟེ། དེ་ལྟར་གྲུབ་མཐའ་བཞི་ཤེས་པའི་འོག་ཏུ། ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་པར་སློབ་སྟེ། རང་རང་གི་དབང་བསྐུར་བ་སྔོན་དུ་འགྲོ་བས། གཙང་སྦྲའི་སྤྱོད་ལམ་དང་བཟླས་བརྗོད་སོགས་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལུས་ངག་གི་བྱ་བ་དང་། སེམས་ཀྱི་ཏིང་འཛིན་ཆ་མཉམ་དུ་སྟོན་པ་སྤྱོད་པའི་རྒྱུད་དང་། སེམས་ཀྱི་ཏིང་འཛིན་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་ཀུན་རིམ་པར་ཤེས་པའི་འོག་ཏུ། ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཐབས་སྟོན་པ་རྣལ་འབྱོར་བླ་ན་མེད་པ་བསྐྱེད་རྫོགས་གསུམ་གྱི་རྒྱུད་སྡེ་ལ་རིམ་གྱིས་གཞུག་པར་བྱ་བ་ཡིན་ནོ། །དེ་དང་མཐུན་པར་ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས་ཀྱང་། སོ་སོ་ཐར་པ་དང་པོར་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་སོ། །གཉིས་པ་ནི། འདིར་ནི་དབང་པོ་འབྲིང་གི་ཚུལ་འཆད་དེ། །ཞེས་པས་མདོར་བསྟན་ནས། རྒྱས་བཤད་ལ་བཞི་སྟེ། ཚིགས་གསུམ་སྔགས་ཀྱི་རྟེན་མཆོག་དམན་དུ་འགྲོ་ཚུལ་དམིགས་གསལ་དང་བཅས་པ་བཤད། བསྟན་བཅོས་འདིར་གཏན་ལ་དབབ་བྱའི་སྡོམ་པ་གསུམ་ངོས་བཟུང་། སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་བསྡུ་ཚུལ་བཤད། སྡོམ་གསུམ་སོ་སོའི་ལུས་རྣམ་བཞག་མདོར་བསྟན་པས་ཁོག་དབུབ་པའོ། །དང་པོ་ནི། དགེ་སློང་དགེ་ཚུལ་དགེ་བསྙེན་སྡོམ་ལྡན་དེ། །རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་ཡིན་ཞེས། །ཕུར་པའི་རྒྱུད་དང་དུས་འཁོར་ལས་གསུངས་ཤིང་། །འོན་ཀྱང་ཡེ་ཤེས་ལྡན་པ་གཙོ་བོར་བཟུང་། །ཞེས་པ་སྟེ། སྤྱིར་བཏང་གསང་སྔགས་རྡོ་རྗེ་འཛིན་པའི་སྡོམ་པ་ལ་འཇུག་པའི་རྟེན་དགེ་སློང་རབ། དགེ་ཚུལ་འབྲིང་། དགེ་བསྙེན་ཐ་མ་ཡིན་པར་ཕུར་པའི་རྒྱུད་དང་དུས་འཁོར་རྩ་རྒྱུད་ལས་གསུངས་ཏེ། ཇི་སྐད་དུ། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་ཤིང་། རྟ་མགྲིན་དགོངས་པ་ལུང་སྟོན་གྱི་རྒྱུད་ལས་ཀྱང་། དམིགས་པ་ཕྲ་བའི་རིག་པ་ནི། །གཙོ་བོའི་བསྙེན་པ་འབུམ་དུ་བྱ། །འཁོར་རྣམས་ལ་ནི་ཁྲི་ཡིན་ཏེ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །ཞེས་དང་། སྔགས་སུ་མ་ཟད་བྱང་སྡོམ་གྱི་རྟེན་ཀྱང་ཁྱིམ་པ་ལས་རབ་ཏུ་བྱུང་བ་འཕགས་ཏེ། མདོ་སྡེ་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟར་སྡོམ་བརྩོན་ཁྱིམ་པ་ཡིན། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་སོ། །རྟེན་ཁྱིམ་པ་ཡིན་ཀྱང་ཡེ་ཤེས་དང་ལྡན་པ་སྟེ་ས་ཐོབ་པ་ཡིན་ན་དེ་ཉིད་ཁྱད་པར་དུ་འཕགས་པས་གཙོ་བོ་བརྟེན་པ་དམིགས་བསལ་ཏེ། དུས་འཁོར་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །ཞེས་སོགས་གསུངས་པའི་ཕྱིར་དང་། དེ་འདྲ་བའི་གང་ཟག་ནི་ཁྱིམ་པའི་རྟགས་ཅན་ཡིན་ཀྱང་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་དང་འདུལ་བ་ལུང་ལས་ཁྱིམ་པ་འཕགས་པའི་ཆོས་དང་ལྡན་པ་དོན་དམ་པའི་དགེ་སློང་དུ་བསྡུས་པ་དང་གནད་གཅིག་པ་སྟེ། དཔེར་ན་འདུལ་ལུང་དུ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །དགེ་སློང་དགེ་སྦྱོང་དེ་ཡིན། ཞེས་ཁྱིམ་བདག་གྲགས་པ་དགེ་སློང་དུ་གསུངས་པ་བཞིན་ནོ། །གཉིས་པ་ནི། སྔ་འགྱུར་རྒྱུད་སྡེའི་རྩ་བ་ཀུན་འདུས་ལས། །རང་དང་གཞན་དོན་ཕན་པ་ཆེ་བཤད་པ། །སོ་ཐར་སེམས་བསྐྱེད་དབང་བསྐུར་ཉིད་ཡིན་ཏེ། །སོ་སོར་འཛིན་ན་ཉན་ཐོས་བྱང་སེམས་དང་། །རིག་པ་འཛིན་པ་ཞེས་སུ་མཁས་ལ་གྲགས། །ཞེས་པ་ནི། སྤྱིར་སྡོམ་གསུམ་གྱི་ཐ་སྙད་གྲགས་པའི་རྣམ་གྲངས་ལ། སོ་ཐར་གྱི་དགེ་བསྙེན། དགེ་ཚུལ། དགེ་སློང་སྟེ་བསླབ་ཚིགས་གསུམ་དང་། བྱང་སྡོམ་གྱི་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། སྔགས་སྡོམ་གྱི་སྐབས་སུ་ཕྲ་རྒྱས་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོ། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ལ་སྡོམ་པ་གསུམ་དུ་བཞག་པ་སོགས་མང་དུ་སྣང་མོད་ཀྱང་། འདིར་སྐབས་དོན་ངོས་བཟུང་བ་ནི། མདོའི་རྩ་རྒྱུད་ཀུན་འདུས་ལས། དེ་ལྟར་སྡོམ་པ་གསུམ་པོ་ཡང་། །རང་དང་གཞན་དོན་ཕན་པ་ཆེ། །ཞེས་པ་ལྟར་སྡེ་སྣོད་གསུམ་གྱི་ནང་ནས་འདུས་པའི་སྡེ་སྣོད་ཀྱི་བསྟན་དོན་སོ་ཐར། མདོ་སྡེའི་སྡེ་སྣོད་ཀྱི་བསྟན་དོན་བྱང་སྡོམ། སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་བསྟན་དོན་སྔགས་སྡོམ་རྣམས་ཡིན་ཅིང་། དེ་ཡང་སོ་ཐར་ནི། ཀུན་སློང་གི་ཁྱད་པར་རང་དོན་ཞི་བདེ་འདོད་པས། ཆོ་གའི་ཁྱད་པར་ཉན་ཐོས་དང་ཐུན་མོང་བའི་འདུལ་བའི་ཆོ་ག་ལ་བརྟེན་ནས། དུས་ཀྱི་ཁྱད་པར་ཉིན་ཞག་གམ་ཇི་སྲིད་འཚོའི་བར་དུ། སྤང་བྱའི་ཁྱད་པར་ལུས་ངག་གི་མི་དགེ་བ་ཅི་རིགས་སྤོང་བའི་རིགས་བརྒྱད་གང་རུང་ལ་བསླབ་པའོ། །དེ་བཞིན་དུ་བྱང་སྡོམ་ནི། ཀུན་སློང་གི་ཁྱད་པར་གཞན་དོན་དུ་རྫོགས་བྱང་ལ་དམིགས་པས། ཆོ་གའི་ཁྱད་པར་སྲོལ་གཉིས་གང་རུང་གི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས། དུས་ཀྱི་ཁྱད་པར་བྱང་ཆུབ་ཀྱི་བར་དུ། སྤང་བྱའི་ཁྱད་པར་བྱང་ཆུབ་སེམས་དཔའི་འཆལ་ཚུལ་གྱི་རྒྱུན་སྤོང་བའི་སྨོན་འཇུག་གཉིས་སམ་གང་རུང་ལ་བསླབ་པའོ། །སྔགས་སྡོམ་ནི། ཀུན་སློང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གཞན་དོན་རླབས་པོ་ཆེ་སྒྲུབ་པར་འདོད་པས། ཆོ་གའི་ཁྱད་པར་རྒྱུད་སྡེ་བཞི་གང་རུང་གི་དབང་ལ་བརྟེན་ནས། དུས་ཀྱི་ཁྱད་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ། སྤང་བྱའི་ཁྱད་པར་སྔགས་ཕྱི་ནང་སོ་སོ་ལ་ལྟོས་པའི་རང་སྐལ་གྱི་འཆལ་ཚུལ་སྡོམ་པའི་ཚུལ་ཁྲིམས་གང་ཞིག །བཏགས་པ་བ་བརྗོད་པ་ཁས་བླངས་དང་། མཚན་ཉིད་པ་དབང་གི་དངོས་གཞི་ལས་ཐོབ་པའོ། །དེས་ན་རང་སྡེ་སྣོད་གང་ལས་བསྟན་དོན་ལྟར་སོ་སོར་འཛིན་ན། སོ་ཐར་ཉན་ཐོས་དང་། སེམས་བསྐྱེད་བྱང་སེམས་དང་། དབང་ཐོབ་པས་རིག་པ་འཛིན་པ་ཞེས་མཁས་ལ་གྲགས་མོད། འོན་ཀྱང་ཀུན་སློང་གི་ཁྱད་པར་གྱིས་མཐའ་གཅིག་ཏུ་མ་ངེས་ཏེ། རབ་དབྱེ་ལས། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོ་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོ་ཐར་པར་འགྱུར། །ཞེས་བྱང་སེམས་ཀྱི་སོ་ཐར་ངོས་འཛིན་དངོས་སུ་གསུངས་པས། དེའི་ཤུགས་ཀྱིས་སྔགས་ཀྱི་སོ་ཐར་ཀྱང་དོན་གྱིས་འཕངས་པའི་ཕྱིར་ཏེ། དཔེར་ན་སྔགས་སྡོམ་རྒྱུད་ལྡན་གྱིས་དགེ་ཚུལ་སློང་གི་སྡོམ་པ་གསར་དུ་བླངས་ན་དེ་དང་དེ་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སོ་ཐར་གྱི་སྡོམ་པར་འགྱུར་དགོས་པ་བཞིན་ནོ། །སྤྲོས་པས་ཆོག་གོ། །གསུམ་པ་ནི། དེ་ལྟར་ཐུན་མོང་སྡོམ་པ་འོག་མ་གཉིས། །འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །ཞེས་པ་སྟེ། བཤད་མ་ཐག་པ་ལྟར་རྒྱུའི་ཐེག་པ་དམན་མཆོག་གཉིས་དང་ཐུན་མོང་པར་གྱུར་པ་སྡོམ་པ་འོག་མ་སོ་བྱང་གཉིས་འདིར་བླ་མེད་དབང་གི་ཡན་ལག་ཏུ་འགྲོ་བ་ཡིན་ཏེ། སོ་བྱང་གི་སྡོམ་ལྡན་དེས་སྔགས་སྡོམ་བླངས་པའི་ཚེ། སོ་ཐར་ནི་སྔགས་ཀྱི་ཉེས་སྤྱོད་སྡོམ་པ་དང་། བྱང་སྡོམ་རྣམ་སྣང་གི་དམ་ཚིག་ཏུ་འགྱུར་བ་གང་ཞིག །སྔགས་བླ་མེད་དུ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅེས་བཤད་པའི་སྤྱིའི་དམ་ཚིག་ཏུ། སོ་བྱང་དང་སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་ཐམས་ཅད་ཚང་བའི་ཕྱིར་དང་། དེར་མ་ཟད་སོ་བྱང་སྔོན་དུ་མ་སོང་བའི་རྡོ་རྗེ་འཛིན་པའི་རྒྱུད་ལའང་དབང་བསྐུར་ཁོ་ནས་ཐོབ་པའི་སྐྱབས་གསུམ་ཙམ་མམ་བསླབ་གཞི་ལྔ་འཛིན་པའི་ཉེས་སྤྱོད་སྡོམ་པ་སོ་ཐར་དང་། དབང་གི་སྔོན་འགྲོར་རྒྱུད་སྡེ་ནས་གསུངས་པའི་སེམས་བསྐྱེད་ཀྱི་ཆོ་གས་སྨོན་འཇུག་གི་སེམས་བསྐྱེད་བླངས་ཤིང་ཐོབ་པའི་ཕྱིར་རོ། །དེས་ན་སྐབས་འདིར་བསྟན་གྱི་སྡོམ་པ་གསུམ་གྱི་རྣམ་བཞག་འདི་ནི། རྒྱུའི་སྡེ་སྣོད་གསུམ་དུ་མ་གྲགས་པས་འབྲས་བུའི་སྡེ་སྣོད་རྒྱུད་སྡེ་རྣམས་ཀྱི་ཁྱད་ཆོས་ཏེ། རྩ་རྒྱུད་སྙིང་པོ་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། རྔམ་གློག་ལས། དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ཉིད་ཀྱི་དགེ་སློང་ངོ་། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྲོག་གཅོད་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་སྤངས་ཏེ། །ཁྱིམ་པའི་སྡོམ་པ་ལེགས་གནས་ནས། །གསང་སྔགས་རྒྱལ་པོ་རབ་ཏུ་སྒྲུབ། །གལ་ཏེ་དེ་དག་རབ་བྱུང་གྱུར། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་གསུངས་པ་ལྟར་འདིར་འཆད་དོ། །བཞི་པ་ནི། སྡོམ་གསུམ་སོ་སོར་ཁོག་དབུབ་གླེང་གཞི་དང་། །དང་པོ་སྡོམ་པ་མ་ཐོབ་ཐོབ་པའི་ཚུལ། །བར་དུ་ཐོབ་པ་མི་ཉམས་བསྲུང་བའི་ཐབས། །ཐ་མར་ཉམས་ན་གསོ་ཚུལ་བཞི་རེས་སྡོམ། །ཞེས་ལུས་རྣམ་གཞག་གི་ཚིགས་སུ་བཅད་པ་འདི་སྡོམ་པ་གསུམ་སོ་སོར་གཏན་ལ་དབབ་པའི་ལེའུ་གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ཀྱིས་རྒྱས་པར་འཆད་པར་འགྱུར་བའི་ཕྱིར། འདིར་མ་སྤྲོས་སོ། །དེ་ལྟར་བཤད་ཟིན་ནས་ལེའུའི་སྐབས་བསྡུ་བ་ནི། སྡོམ་གསུམ་སྤྱིའི་བཤད་གཞིའི་རིམ་པར་ཕྱེ་བ་སྟེ་དང་པོའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། གཞི་འབྲས་ཀྱི་མཚམས་སྦྱོར་ལམ་ཐམས་ཅད་ཀྱི་གནད་སྡོམ་པ་གསུམ་དུ་བསྡུས་པའི་འབྲེལ་སྤྱིར་བསྟན་པའི་སྒོ་ནས་བཤད་བྱའི་གཞི་རིམ་པར་ཕྱེ་བ་སྟེ། ལེའུ་དང་པོའི་འགྲེལ་པའོ། །འདིར་སྨྲས་པ། རང་བཞིན་ལྷུན་རྫོགས་འོད་གསལ་བྱང་ཆུབ་སེམས། །སྒྲིབ་བྲལ་སྐུ་བཞིའི་འབྲས་བུར་མཚམས་སྦྱོར་བའི། །རྣམ་དག་ལེགས་པའི་ལམ་མཆོག་སྡོམ་གསུམ་གྱི། །བཤད་བཞིའི་རིམ་པ་ལེགས་པར་བཀྲལ་བའི་མཐུས། །ལུས་ངག་ཉེས་སྤྱོད་འདུལ་བའི་ཐབས་ཀྱིས་ཐུལ། །སེམས་གླང་གཞན་ཕན་ལྕགས་ཀྱུས་དབང་དུ་བྱས། །མ་དག་སྣང་ཞེན་སྨིན་གྲོལ་ཆོས་ཀྱིས་སྦྱངས། །འགྲོ་ཀུན་རྣམ་གྲོལ་དཔལ་ལ་སྤྱོད་པར་ཤོག ༈ །ན་མསྶརྦ་ཛྙཱ་ཡ། གང་ཞིག་མཚན་དཔེའི་གཟུགས་སྐུ་ཞི་བའི་དབྱིངས། །སྙོམས་པར་ཞུགས་ཀྱང་སྡོམ་བརྩོན་འདུས་པའི་དབུས། །གནང་བཀག་འདོམས་པའི་ཆོས་འདུལ་སྐུར་བཞེངས་པ། །སྟོན་དང་བསྟན་པ་གཉིས་གྱུར་ཕྱག་གི་གནས། །ལུང་རིག་སྦྲང་རྩིས་མྱོས་པའི་བྷྲ་མ་ར། །ཆོས་འདུལ་འདབ་བརྒྱ་བཞད་པའི་སྐྱེད་ཚལ་དུ། །ལེགས་བཤད་རྣམ་པར་འགྲེལ་བའི་སྙན་འགྱུར་སྒྲ། །དཔྱོད་ལྡན་རྣ་བའི་བཅུད་དུ་དེ་རིང་ལེན། །གཉིས་པ་སྡོམ་པ་གསུམ་སོ་སོའི་རང་བཞིན་དང་བསླབ་བྱ་རྒྱས་པར་བཤད་པ་ལ་གསུམ་སྟེ། སོ་ཐར། བྱང་སེམས། སྔགས་ཀྱི་སྡོམ་པ་བཤད་པའོ། །དེ་གསུམ་ག་ལ་སྔར་ལུས་རྣམ་གཞག་གི་སྐབས་སུ། ཁོག་དབུབ་གླེང་གཞི། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་ཚུལ་དང་བཞིའི་སྡོམས་ཀྱིས་བསྡུས་ནའང་། འདིར་བློ་གསར་རྣམས་ཀྱི་བློ་ལ་འཆར་བདེ་བའི་ཕྱིར། རྩ་བའི་ས་བཅད་གསུམ་དུ་བསྡུས་ཏེ་འཆད་པར་བྱའོ། ༈ །དེ་ལ་དང་པོ་སོ་ཐར་གྱི་སྡོམ་པ་བཤད་པ་ལ་གསུམ་སྟེ། སྟོན་པས་འདུལ་བའི་དམ་ཆོས་གསུངས་ཚུལ། དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ། དེ་ལྟར་བཟུང་བའི་འདུལ་བའི་བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་ནི། གླེང་གཞི་སྟོན་པས་ཝཱ་ར་ཎཱ་སཱི་རུ། །ལྷག་པའི་ཚུལ་ཁྲིམས་གཙོར་སྟོན་བདེན་པ་བཞི། །ལྔ་སྡེར་གསུངས་པ། ཞེས་པ་སྟེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདིས། སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩམས་ཏེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་རྫོགས་པར་མཛད་ནས། མི་རྣམས་ཚེ་ལོ་ཉིས་ཁྲི་པའི་དུས་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་པའི་ཚེ་བྲམ་ཟེའི་ཁྱེའུ་བླ་མར་གྱུར། དེའི་ཕྱི་མ་ལ་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཟུང་ཞིང་། དེ་ནས་ཚེ་ལོ་བརྒྱ་པའི་དུས་སུ་དགའ་ལྡན་ནས་འཕོ་བ་སོགས་ཞིང་འདིར་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ་ལས། གང་གི་ཚེ་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་པའི་མཐར་རབ་ཏུ་བྱུང་ཞིང་། དཀའ་བ་ལོ་དྲུག་སྤྱད་ནས། དགུང་ལོ་སོ་ལྔ་ལ་བབས་པ་ན་རྡོ་རྗེ་གདན་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ་ཞིང་། ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ། རབ་མཐའི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང་ལྷའི་རྣ་བ་བསྒྲུབས། གུང་ཐུན་ལ་གཞན་སེམས་ཤེས་པ། སྔོན་གནས་རྗེས་དྲན། ལྷའི་མིག་རྣམས་བསྒྲུབས། ཐུན་ཐ་མ་སྐྱ་རེངས་འཆར་ཀ་ལ་ཟག་ཟད་ཀྱི་མངོན་ཤེས་བསྒྲུབས་པས། བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་མངོན་པར་རྫོགས་པ་སངས་རྒྱས་ཏེ། དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་གཅིག་གོ། །དེ་ནས་ཞག་བདུན་ཕྲག་བདུན་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ནས་བརྩམས་ཏེ། འདུལ་བའི་དམ་ཆོས་གསུངས་པའི་གླེག་གཞི་ནི། ཡུལ་ཝཱ་ར་ཎཱ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། སྟོན་པ་ཐུབ་པའི་དབང་པོས། འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་གཞག་ཆེ་ལོང་ཙམ་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པའི་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་མངོན་པ་དེ་རྣམས་ཀྱི་རབ་དབྱེ་རྒྱ་ཆེར་བཤད་པ་སོགས་སྤངས་གཉེན་གྱི་རིམ་པས་ཉམས་སུ་ལེན་པའི་ཐབས་བདེན་བཞིའི་ཆོས་ཀྱི་རྣམ་གྲངས་གསུངས་པས། ལྔ་སྡེས་དགྲ་བཅོམ་པ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེའི་ཚེའི་འཇིག་རྟེན་ན་དགྲ་བཅོམ་པ་དྲུག་གོ། །དེ་ནས་ཉེ་བའི་ལྔ་སྟེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ། དགུང་ལོ་བརྒྱད་ཅུ་པ་ལ་གྱད་ཡུལ་རྩྭ་ཆེན་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བ་སྟོན་པར་མཛད་དོ། །དེ་ཡང་ལུང་བཞིས་བསྡུས་པའི་འདུལ་བའི་སྡེ་སྣོད་ནི། སྟོན་པ་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་བྱུང་བ་དང་བཅས་པའི་རྣམ་པར་བཞག་པ་ཐམས་ཅད་སྟོན་པའི་ཕྱིར། ཆོས་འཁོར་དང་པོ་ཁོ་ནའི་མཚན་གཞིར་ངེས་པ་མ་ཡིན་ཀྱང་། འཁོར་བའི་མཚན་ཉིད་སྤང་བྱ་ལས་ལྡོག་པའི་ལམ་སྟོན་པའི་ཕྱིར། གཙོ་ཆེ་བའི་དབང་དུ་བྱས་ཏེ། འདིར་འཁོར་ལོ་དང་པོའི་མཚན་གཞིར་མཛད་པ་ཡིན་ནོ། །གཉིས་པ་ནི། འོད་སྲུངས་སོགས་ཀྱིས་བསྡུས། བྱེ་བྲག་བཤད་མཛོད་ལ་སོགས་འཕགས་པས་བརྩམས། །ཡོན་ཏན་འོད་དང་ཤཱཀྱ་འོད་ཀྱིས་སྤེལ། །སྔ་འགྱུར་སྡོམ་རྒྱུན་ཞི་བ་འཚོ་དང་ནི། །ཕྱིས་ནས་ཤཱཀྱ་ཤྲཱི་ལས་ཀྱང་དར། །ཞེས་པ་སྟེ། བཀའ་བསྡུ་ལ་གསུམ་ལས། དང་པོ་ནི། ཤཱ་རའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མངྒལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་མྱ་ངན་ལས་འདས་པས། དེའི་ཚེ་ལྷ་རྣམས་ཀྱིས། དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྒྲག་གོ། །ཞེས་འཕྱ་བ་བསལ་བའི་ཕྱིར། གནས་རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་དྷའི་ཕུག་ཏུ། མ་སྐྱེས་དགྲས་གནས་མལ་དང་ཡོ་བྱད་ཐམས་ཅད་སྦྱར་ཏེ། དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་དབྱར་གནས་པའི་དུས་སུ། འཕགས་པ་ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་མཐའ་དག་བསྡུས་པས། ལྷ་རྣམས་ནི་འཕེལ། ལྷ་མིན་རྣམས་ནི་འགྲིབ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་སོ། །ཞེས་ལྷ་རྣམས་ཀྱིས་འོག་མིན་གྱི་བར་དུ་གོ་བར་བྱས་ཤིང་ཆེད་དུ་བརྗོད་དོ། །བསྡུ་བ་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་བྱས་པ་དེ། གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་སུན་ཕྱུངས་ཤིང་། སྡེ་སྣོད་གསུམ་ག་ཚང་བ་ཚར་གཅིག་ལེགས་པར་བཏོན། མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་པའོ། །བསྡུ་བ་གསུམ་པ་ནི། རྒྱལ་པོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོའི་སྡེའི་དུས་ནས་བརྩམས་ཏེ། བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་ལྷ་ཆེན་པོ་དང་། བཟང་པོ་དང་། གནས་བརྟན་ཀླུ་དང་། ཡིད་བརྟན་རྣམས་རིམ་པར་བྱུང་བས། གཞི་ལྔ་གཞན་ལན་གདབ་དང་མི་ཤེས་པ། །ཡིད་གཉིས་དང་ནི་ཡོངས་སུ་བརྟག །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སྟོན་པའི་བསྟན་པ་ཡིན། །ཞེས་སོ། །བསྒྲགས་ཏེ་ཆོས་ལོག་བསྟན་པས། རྒྱལ་པོ་དཔའ་བོའི་སྡེའི་ཚེ་སྨད། དགའ་བོ་དང་། པདྨ་ཆེན་པོའི་ཚེ་རིལ་པོ། ཀ་ནིཥྐའི་ཚེ་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་དགེ་འདུན་རྣམས་རྩོད་པར་གྱུར་ཅིང་། སྟོན་པས་འདུལ་བ་ཡི་གེར་འདྲི་བར་མ་གནང་བས་ཡུན་རིང་སོང་བ་ན་སོ་སོ་ཐར་པའི་མདོའི་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ། ཇི་ལྟར་ན་གནས་བརྟན་ཀླུས་རྩོད་པ་སྤེལ་བའི་རྒྱུས་རྩ་བའི་སྡེ་པ་བཞིར་གྱེས། དེ་རྗེས་ཡིད་བརྟན་གྱིས་རྩོད་པ་རྒྱ་ཆེར་སྤེལ་བས་སྡེ་པ་བཞི་ཡང་བཅོ་བརྒྱད་དུ་རིམ་གྱིས་གྱེས་རྗེས། ཕན་ཚུན་རྩོད་པ་ཅུང་ཟད་ཞི་ནས་སོ་སོར་གནས་པའི་དུས་སུ། རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ནས་བཀའ་བསྡུ་གསུམ་པ་མཛད། དེ་ཡང་ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ། འཕགས་པ་རྩིབས་ལོགས་སོགས་དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་སོགས་བཙུན་པ་ཆེན་པོ་བཞི་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱིས་བསྡུས་ཞེས་ཁ་ཆེ་བ་རྣམས་འདོད། ཛ་ལནྡྷ་རའི་དགོན་པ་ཀུ་བ་ནའི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་། བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ། །ཞེས་འཕགས་ཡུལ་གྱི་པཎྜི་ཏ་ཕལ་ཆེར་བཞེད་གསུང་། དིང་སང་བོད་དུ་གྲགས་པ་ལྟར་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱར་ཉེ་བ་ན་དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། སོ་སྐྱེའི་བཙུན་པ་ཆེན་པོ་ལྔ་བརྒྱའམ་ཁྲི་དྲུག་སྟོང་འདུས་ནས་བསྡུས་ཟེར། གང་ལྟར་ཀྱང་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་ཅེས་པ་རྒྱལ་པོ་ཀྲི་ཀིའི་རྨི་ལམ་ལུང་བསྟན་པའི་མདོ་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་བཀར་བསྒྲུབས་ཤིང་། འདུལ་བའི་ཚོགས་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་དུས་དེར་ཡི་གེར་བྲིས་པ་ཡིན་ནོ། །དགོངས་འགྲེལ་གྱི་བསྟན་བཅོས་བྱུང་ཚུལ་ལ་གཉིས་ཏེ། ཉན་ཐོས་ཀྱི་ཐུན་མོང་མ་ཡིན་པ་དང་། ཐེག་པ་ཐུན་མོང་གིའོ། །དང་པོ་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ཡིན་ལ། འདི་ནི་ཉེར་སྦས་ཀྱི་དུས་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་བརྩམས་ཟེར་བ་དང་། ཁ་ཅིག་དགྲ་བཅོམ་པ་གྲགས་པ་དང་ཐམས་ཅད་འདོད་སོགས་ཀྱིས་བརྩམས་པར་གྲགས་ཤིང་། བོད་རྣམས་གཏམ་དེ་གཉིས་བསྲེས་ཏེ། བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་ཉེར་སྦས་དང་། ཐམས་ཅད་འདོད་དང་། རྒུར་པོ་སོགས་དགྲ་བཅོམ་པ་ལྔ་བརྒྱས་མཛད་ཅེས་འབྱུང་ངོ་། །གཉིས་པ་ནི། འོད་བྱེད་ཀྱི་ས་བརྙེས་པ་བྲམ་ཟེའི་བཙུན་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་དང་ཀརྨ་ཤ་ཏཾ་ལ་སོགས་པ་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་སོགས་མཛད་ཅིང་སྤེལ་བས། དིང་སང་གི་བར་དུ་སློབ་དཔོན་འདི་གཉིས་ཀྱི་གསུང་ལ་གཙོ་བོར་བསྟེན་པར་བྱེད་དོ། །སོ་སོ་ཐར་པའི་སྡོམ་རྒྱུན་ཇི་ལྟར་བྱུང་ཚུལ་ནི། གངས་ཅན་གྱི་ཁྲོད་འདིར་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ལས་གཞན་མ་བྱུང་། དེ་ལྟ་ནའང་སྡོམ་རྒྱུན་རིམ་པ་གསུམ་སྟེ། སྔ་འགྱུར་གྱི་སྡོམ་རྒྱུན་སྨད་འདུལ་བའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་མཆོག་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་ཞི་བ་འཚོ། རྦ་རཏྣ། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་པོ་གྲགས་པ་རྒྱལ་མཚན། འདྲེ་ཤེས་རབ་འབར། བྱ་འདུལ་བརྩོན་འགྲུས་འབར། རྩིས་འདུལ་འཛིན་གཞོན་ནུ་སེང་གེ། གྲོ་སྟོན་བདུད་རྩི་གྲགས། འཆིམས་ནམ་མཁའ་གྲགས། ཟེའུ་གྲགས་པ་ཤེས་རབ། འཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱ་མཚན། དབང་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། གནས་རྙིང་པ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། གླིང་སྨད་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། མཁན་ཆེན་དཀོན་མཆོག་བསྟན་འཛིན། དེ་ལ་བདག་གིས་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས་པ་ཐོབ་བོ། །ཕྱི་འགྱུར་གྱི་སྡོམ་རྒྱུན་ལ་གཉིས་ལས། སྟོད་འདུལ་བ་ནི། ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལའི་མཁན་བུ་པཱ་ལ་རྣམ་གསུམ་སོགས་ནས་བརྒྱུད་པ་སྟེ། དིང་སང་རྒྱུན་ཡོད་པ་མ་ཐོས་ལ། ཁ་ཆེ་བརྒྱུད་པ་ནི། ཀླུ་སྒྲུབ་ནས། གུ་ཎ་མི་ཏྲ། རཏྣ་མི་ཏྲ། ཤྲཱི་དྷརྨ་པཱ་ལ། གུ་ཎ་པ་ཏི། དྷརྨ་མཱ་ལ། ཨཱ་ཀ་ར་གུཔྟ། པཎ་ཆེན་ཤཱཀྱ་ཤྲཱི། དེས་འཇམ་དབྱངས་ས་སྐྱ་པཎྜི་ཏ། བྱང་ཆུབ་དཔལ། རྡོ་རྗེ་དཔལ་རྣམས་བསྙེན་པར་རྫོགས་པར་མཛད་པས། དེ་གསུམ་ལས་རྒྱུན་འཕེལ་ནས་དར་བར་གྱུར་ཏོ། །ཞར་བྱུང་འདུལ་བའི་བཤད་རྒྱུན་ནི། སྟོན་པ་སངས་རྒྱས། འཕགས་པ་ཉེ་བ་འཁོར། འོད་སྲུང་ཆེན་པོ་ནས་ལེགས་མཐོང་གི་བར་སངས་རྒྱས་དང་འདྲ་བའི་ཉན་ཐོས་བདུན། ཕྱིར་མི་འོང་བློས་མི་ཕེབས་པ། ཁ་ཆེ་འདུན་བཟང་། མཁས་མཆོག་དབྱིག་གཉེན། འཕགས་པ་ཡོན་ཏན་འོད། སློབ་དཔོན་ཆོས་ཀྱི་བཤེས་གཉེན། ཞི་བ་འོད་དང་། བསོད་ནམས་གྲགས། དེ་གཉིས་ལས་སློབ་དཔོན་ཤཱཀྱ་འོད། པཎྜི་ཏ་སེང་གེ་གདོང་ཅན། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཅོག་རོ་ཀླུའི་རྒྱལ་མཚན། རྨ་གཡོ་གཙང་གསུམ། བླ་ཆེན། ཀླུ་མེས། གཟུས། སྣེ་པོ། སོག་འདུལ་འཛིན། རྒྱ་འདུལ། རྨ་ཚོ། བྱ་འདུལ། རྩིས་འདུལ། རོག་ཆོས་དབང་། ཆོས་བྱང་། ཆོས་བརྩོན། ཆོས་གྲགས་རིན་ཆེན། ཀ་བཞི་པ་གྲགས་གཞོན། བསོད་ནམས་གྲགས། ཀུན་མཁྱེན་བུ་སྟོན། དམར་སྟོན་རྒྱ་མཚོ་རིན་ཆེན་ནམ། ཡང་ན་རྨ་ཚོའི་སློབ་མ་སྐྱིད་ཤོད་པ་ཚུལ་ཁྲིམས་འཕགས་ནས། དམར་སྟོན་དཔལ་ལྡན་རིན་ཆེན་གྱི་བར་བླ་མ་བརྒྱད་བརྒྱུད་དེ་དམར་སྟོན་རྒྱ་མཚོ་རིན་ཆེན་ནོ། །དེ་ནས་ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། གྲུབ་ཆེན་ནོར་བུ་ཕུན་ཚོགས། ཤངས་སྟོན་བྱམས་པ་ཆོས་བཤེས། འཇམ་གསར་ཤེས་རབ་རྒྱལ་མཚན། གུང་སྟོན་བཀྲ་ཤིས་གྲགས་པ་རྒྱལ་མཚན། མཁས་གྲུབ་རབ་བརྟན་དཔལ་འབར། འབུམ་རབ་འབྱམས་པ་ཐར་པ་རྒྱལ་མཚན། འདུལ་འཛིན་ཆོས་རྣམ་རྒྱལ། འབུམ་རབ་འབྱམས་པ་བྱམས་པ་དགེ་འདུན། དེ་གཉིས་ཀྱི་སློབ་མ་བཀྲ་ཤིས་རྒྱལ་མཚན་དང་། བྱམས་པ་རྒྱལ་མཚན་གཉིས་ལ། ལུང་རིགས་སྨྲ་བའི་དབང་ཕྱུག་སངས་རྒྱས་ཆོས་དར་གྱིས་གསན། དེ་ལ་བདག་གིས་ལེགས་པར་ཐོས་སོ། །གཞན་ཡང་ཁོ་བོས། ལུང་མང་བ་གྲུབ་པ་རྡོ་རྗེ་ལ་འདུལ་ལུང་སྡེ་བཞི་ཕྲན་འགའ་དང་བཅས་པ། རབ་འབྱམས་པ་སངས་རྒྱས་ཆོས་དར་ལ་མདོ་རྩ་བ་དང་ལུང་རིག་གཏེར་མཛོད། སྡོམ་བརྩོན་ཀུན་དགའ་དར་རྒྱས་ལ་མེ་ཏོག་ཕྲེང་རྒྱུད་དང་། སུམ་བརྒྱ་པ་རྩ་འགྲེལ། མཁྱེན་བརྩེ་ནུས་པའི་བདག་ཉིད་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ལ་ཀུན་མཁྱེན་བུའི་ལས་ཆོག་སོགས་ཀྱི་བཀླགས་ལུང་ཀྱང་ལེགས་པར་ཞུས་ཤིང་། འདུལ་བའི་བརྡའ་ཆད་དང་ལག་ལེན་རགས་ཙམ་གཞོན་ནུའི་དུས་ནས་གཅེན་སྡོམ་བརྩོན་མཁས་པ་ཆེན་པོ་རྒྱལ་བའི་སྲས་པོ་དང་། གུང་ཐང་པཎ་ཆེན་གཉིས་ལ་བསྟེན་ཏེ་ཅུང་ཟད་སྦྱངས་སོ། ༈ །གསུམ་པ་དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པ་ལ་བདུན་ཏེ། ཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། སྐྱེ་བའི་ལུས་རྟེན། ཉམས་ན་གསོ་བའི་ཐབས། བསྲུངས་པའི་ཕན་ཡོན་ནོ། །དང་པོ་ནི། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླངས་ནས། །གཞན་གནོད་གཞི་བཅས་ལྡོག་པ་ལུས་ངག་ལས། །སྐྱེ་ཕྱིར་གཟུགས་ཅན་ཡིན་ཅེས་འདོད་པ་དང་། །སྤོང་སེམས་རྒྱུན་ཆགས་ས་བོན་ལ་འདོད་པ། །རང་གི་སྡེ་པ་གོང་འོག་སོ་སོའི་ལུགས། །ཞེས་པ་སྟེ། སོ་ཐར་གྱི་སྡོམ་པའི་ངོ་བོ་ལ། མཚན་ཉིད་ནི། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག །འདོད་པའི་སས་བསྡུས་པའོ། །ཟུར་དང་པོས་ཕྱི་རོལ་པའི་ཚུལ་ཁྲིམས་དང་། ཟུར་གཉིས་པས་བར་མའི་ཚུལ་ཁྲིམས་དང་། ཟུར་གསུམ་པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གསལ་ལོ། །འདིར་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སྡོམ་པ་དེ་གསུམ་འགལ་བར་འདོད་དེ། འདོད་པའི་སས་བསྡུས་པ་སོ་ཐར་དང་། གཟུགས་ཀྱི་སས་བསྡུས་པ་བསམ་གཏན་དང་། ཁམས་གསུམ་གང་རུང་གི་སས་མ་བསྡུས་པ་ཟག་མེད་དོ། །ཐེག་ཆེན་ལྟར་ན་དེ་གསུམ་མི་འགལ་ཏེ། ཐེག་ཆེན་འཕགས་རྒྱུད་ཀྱི་བསམ་གཏན་དངོས་གཞིའི་ངོ་བོར་གྱུར་པའི་སྡོམ་པ་དེ། ཉེས་སྤྱོད་སྤོང་བ། བསམ་གཏན་གྱི་དངོས་གཞིས་བསྡུས་པ། འཕགས་ལམ་གྱི་ངོ་བོ་ཡིན་པའི་ཆ་ནས་དེ་དང་དེ་ཡིན་པའི་ཕྱིར། དེ་ལ་ངེས་བྱུང་ནི། ལྷག་མེད་ཀྱི་མྱང་འདས་ཏེ། ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །དེ་གསུམ་གང་ཡང་རུང་བའི་ཀུན་སློང་གི་བསམ་པས་ཟིན་པའི་སྒོ་ནས། གཞན་གནོད་གཞི་བཅས་ལས་ལྡོག་པ་ལུས་ངག་གི་ཉེས་པ་བདུན་སྤོང་བའི་ལས་ལམ་དངོས་གཞི་དང་། དེས་དྲངས་པའི་མཇུག་གང་རུང་གི་ངོ་བོར་སྐྱེ་བའི་ཕྱིར། སྡོམ་པའི་ངོ་བོ་གཟུགས་ཅན་ཏེ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ལྟར་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་གནས་པར་འདོད་དེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་དང་། རབ་དབྱེ་ལས། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ཞེས་གསུངས་པའི་ཕྱིར། འོ་ན་མཛོད་འགྲེལ་ལས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལས་པའི་ཕྱིར་ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་པས་གནོད་དོ་སྙམ་ན། མི་གནོད་དེ། དེ་དུས་རིག་བྱེད་ཡོད་པར་སྟོན་གྱི། དེ་ཉིད་ལས་ལམ་གྱི་དངོས་གཞིར་འཆད་པ་མ་ཡིན་ཏེ། སྦྱོར་བ་དང་མཇུག་ཉིད་དུ་ངེས་པའི་ཕྱིར་རོ། །མདོ་སྡེ་པ་ནི། རྒྱུད་ཡོངས་སུ་འགྱུར་པའི་ཁྱད་པར་ལ་འདོད་དེ། མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་སོ། །སེམས་ཙམ་པ་ནི། འཆལ་ཚུལ་སྤོང་བའི་སེམས་པ་རྒྱུན་ཆགས་ས་བོན་དང་བཅས་པ་ལ་འདོད་དེ། སེམས་པ་རྐྱང་པ་ལ་བྱས་ན་རྒྱུན་མེད་ཅིང་། བག་ཆགས་ཙམ་ལ་བྱས་ན་གཏོང་རྒྱུ་བྱུང་བའི་གནས་སྐབས་སུའང་རྗེས་སུ་འབྲང་བའི་ཕྱིར་ཏེ། ལས་གྲུབ་པར། གལ་ཏེ་སེམས་པ་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན། སེམས་གཡེང་བ་དང་སེམས་མེད་པ་དག་ལ་སེམས་པ་དེ་མེད་ན་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཇི་ལྟར་ཡོད་ཅེ་ན། སྡོམ་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་སོ། །དབུ་མ་པ་ནི། སྤོང་སེམས་མཚུངས་ལྡན་དང་བཅས་པ་ལ་འདོད་དེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ན་རང་སྡེའི་གྲུབ་མཐའ་གོང་འོག་ལ་སོ་སོའི་བློ་ཁྱད་ཀྱིས་འདོད་ལུགས་མཐོ་དམའ་བྱུང་བ་ཡིན་ནོ། །གཉིས་པ་དབྱེ་བ་ནི། དབྱེ་བ་བསྙེན་གནས་དགེ་བསྙེན་ཕ་མ་གཉིས། །ཁྱིམ་པའི་ཕྱོགས་ཡིན་དགེ་ཚུལ་ཕ་མ་དང་། །དགེ་སློབ་མ་དང་དགེ་སློང་ཕ་མ་ལྔ། །རབ་བྱུང་ལ་ཡིན་སོ་ཐར་རིགས་བརྒྱད་པོ། །རྫས་སུ་བསྡུ་ན་བཞིར་འདོད་མཛོད་ཀྱི་ལུགས། །ཞེས་པ་སྟེ། སོ་ཐར་ལ་དབྱེ་ན་རིགས་བརྒྱད་དེ། ཁྱིམ་པའི་ཕྱོགས་ཀྱི་གསུམ་དང་། རབ་ཏུ་བྱུང་བའི་ཕྱོགས་ཀྱི་ལྔ་རྣམས་སུ་ཡོད་པའི་ཕྱིར། བརྒྱད་པོ་དེ་དག་ཀྱང་རྫས་སུ་བསྡུ་ན་བཞིར་འདུ་སྟེ། དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་དགེ་སློབ་མ་དང་གསུམ། དགེ་བསྙེན་ཕ་མ་གཉིས་རྣམས་མཚན་ཕན་ཚུན་དུ་གྱུར་པ་ལས་མིང་འཕོ་བ་ཙམ་ཡིན་པས་རྫས་རིགས་གཅིག་པ་གང་ཞིག །བསྙེན་གནས་ཀྱི་སྡོམ་པ་དང་རྫས་རིགས་བཞིར་ངེས་པའི་ཕྱིར། དེ་ལྟར་ཡང་མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམས་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཅེས་སོ། །བསྙེན་གནས། དགེ་བསྙེན། དགེ་ཚུལ། དགེ་སློང་བཞིའི་སྡོམ་པའི་མཚན་ཉིད་རིམ་བཞིན། རང་གི་སྡོམ་པར་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་པའི་ངེས་འབྱུང་གི་ཚུལ་ཁྲིམས་གང་ཞིག །ཅེས་པ་བཞི་གའི་འགོར་སྦྱར་ཏེ། བསྙེན་གནས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་བརྒྱད་ཉིན་ཞག་ཕྲུགས་གཅིག་ཏུ་སྤོང་བར་ཁས་བླངས་པའི་སྡོམ་པ་དང་པོའི་མཚན་ཉིད། འདི་ལ་དུས་ཁྲིམས་སམ་གསོ་སྦྱོང་ཞེས་བྱ་སྟེ། ཁྱིམ་པ་རྣམས་ཀྱི་ཉ་སྟོང་ཚེས་བརྒྱད་ཀྱི་དུས་སུ་བླངས་ནས་བསྲུང་བའི་ཕྱིར་དང་། འདི་དགེ་བསྙེན་གྱིས་བླངས་ན་དེའི་བསླབ་བྱ་གསོ་ཞིང་སྤང་བྱ་སྦྱོང་བའི་གསོ་སྦྱོང་དུ་འགྲོ་བས་སོ། །དགེ་བསྙེན་གྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པ་གཉིས་པའི་མཚན་ཉིད། འདི་ལ་འདུལ་བར་ཡོངས་རྫོགས་དགེ་བསྙེན་ལས་གཞན་པའི་འབོགས་ཆོག་མ་བཤད་ཀྱང་། མངོན་པ་ལས་སྐྱབས་གསུམ་འཛིན་པ་དང་སྣ་གཅིག་སྤྱོད་པ་སོགས་དབྱེ་བ་མང་ངོ་། །དགེ་ཚུལ་གྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་བཅུ་ཇི་སྲིད་མཚོའི་བར་དུ་སྤོང་བར་ཁས་བླངས་པ་གསུམ་པའི་མཚན་ཉིད། དགེ་སློབ་མའི་བསླབ་བྱ་རྣམས་ནི་ཇི་སྲིད་འཚོ་དང་ཉིན་ཞག་གི་མཐའ་གང་དུའང་མི་རུང་བས་སོ་ཐར་གྱི་སྡོམ་པ་མཚན་ཉིད་པར་མི་རུང་ངོ་། །སྤོང་བདུན་འཁོར་དང་བཅས་པ་མཐའ་དག་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་རིགས་གནས་བཞི་པའི་མཚན་ཉིད། སྤོང་བདུན་ནི་ལུས་ངག་གི་ཉེས་པ་བདུན་པོའི་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཆ་སྤོང་བའི་དབང་དུ་བྱས་ལ། འཁོར་བཅས་ཞེས་པ་ལུས་ངག་གི་བཅས་རྐྱང་གི་དབང་དུ་བྱས་སོ། །གལ་ཏེ་དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ལྡན་ཞེ་ན། སྡོམ་པ་གཟུགས་ཅན་དུ་འདོད་པའི་ལུགས་ལྟར་ན་ཚིགས་གསུམ་རིམ་པར་ནོད་པའི་གང་ཟག་གི་རྒྱུད་ལ་རྫས་ཐ་དད་དུ་ལྡན་པར་འདོད་དེ། མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་སོ། །སྡོམ་པ་ཤེས་པར་འདོད་པའི་ལུགས་ལྟར་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། གཙོ་སེམས་གཅིག་གི་འཁོར་དུ་སེམས་པ་རིགས་མཐུན་རྫས་གཞན་གཉིས་མི་འབྱུང་བས་ངོ་བོ་གཅིག་པ་གང་ཞིག །ཐོབ་བྱེད་ཀྱི་རྒྱུ་དང་སྤང་བྱ་དང་བླང་བྱ་སོ་སོར་ངེས་པས་གསུམ་པོ་ལ་གཞི་མཐུན་མི་སྲིད་པའི་ཕྱིར་ལྡོག་པ་ཐ་དད་པའོ། ༈ །གསུམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ལ། བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ལ། །ལེན་ཚུལ་གཉིས་ཏེ། ཞེས་པས་ཚེགས་ཆུང་ངུས་རྫོགས་པ་སྔོན་གྱི་ཆོ་ག་དང་། ཚེགས་དང་བཅས་པས་རྫོགས་པ་ད་ལྟར་གྱི་ཆོ་ག་སྟེ་ལེན་ཚུལ་གཉིས་སུ་ངེས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་སྔོན་གྱི་ཆོ་ག་ནི། རང་བྱུང་ཡེ་ཤེས་ཁོང་ཆུད་འཕྲིན་གྱི་རྫོགས། །སྟོན་པར་ཁས་བླངས་ཚུར་ཤོག་གསོལ་བཞི་དང་། །དྲིས་པའི་ལན་ལྡོན་ལྕི་ཆོས་ཁས་བླངས་སོགས། །གདུལ་བྱ་བློ་དག་མཁན་པོ་འཕགས་པས་ཡིན། །ཞེས་པ་སྟེ། ད་ལྟར་གྱི་ཆོ་ག་ལ་མ་ལྟོས་པར་བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་ག་དེ་སྔོན་ཆོག་གི་མཚན་ཉིད། དབྱེ་ན་མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ། །ཞེས་པ་ལྟར་བཅུ་སྟེ། རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་གཉིས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་བྱུང་གིས་དང་། ལྔ་སྡེ་བཟང་པོ་མཐོང་ལམ་སྐྱེས་ཚེ་ཡེ་ཤེས་ཁོང་ཆུད་ཀྱིས་ཏེ། དེ་གསུམ་ནི་རང་རྒྱུད་ལ་ངང་གིས་དོན་དམ་པའི་དགེ་སློང་སྐྱེས་པས་བསྙེན་པར་རྫོགས་པའོ། །ཤཱ་རིའི་བུ་སོགས་ཚུར་ཤོག་གིས་དང་། འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང་། བཟང་སྡེའི་ཚོགས་དྲུག་ཅུ་ལ་སྐྱབས་གསུམ་ཁས་བླངས་པས་དང་། སྐྱེ་དགུའི་བདག་མོ་སོགས་ལ་ལྕི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་དང་། ལེགས་བྱིན་དྲིས་པའི་ལན་ལ་དགྱེས་པས་བསྙེན་པར་རྫོགས་པ་དང་ལྔ་ནི་སྟོན་པའི་བྱིན་རླབས་ཀྱིས་རྫོགས་པའོ། །མཆོད་བྱིན་མ་ཕ་མའི་དབང་དུ་སོང་བ་ལ་དགེ་སློང་མ་ཨུཏྤ་ལས་ཕོ་ཉ་བྱས་ཏེ་དགེ་འདུན་གྱིས་འཕྲིན་ཆོག་ལ་བརྟེན་ནས་དང་། དགེ་འདུན་གྱི་གྲངས་མ་མཐའ་ཡུལ་དབུས་སུ་བཅུ་དང་མཐའ་ཁོབ་ཏུ་ལྔ་ཚོགས་ཀྱིས་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཅར་དུ་བྱེད་པའོ། །འདི་དག་ལ་སྔོན་གྱི་བསྙེན་པར་རྫོགས་ཚུལ་ཞེས་བྱ་སྟེ། སྔོན་གྱི་གང་ཟག་ལས་ཉོན་རྣམ་སྨིན་གྱི་སྒྲིབ་པ་གསུམ་ཤས་ཆུང་ཞིང་། ཤེས་རབ་དང་རྒྱུད་དང་དབང་པོ་སྨིན་པའི་གདུལ་བྱ་བློ་དག་པ་ཤ་སྟག་གི་རྒྱུད་ལ་བྱུང་བའི་བསྙེན་རྫོགས་ཡིན་པའི་ཕྱིར་དང་། གང་གིས་རྫོགས་པར་མཛད་མཁན་གྱི་མཁན་པོའང་འཕགས་པ་ཁོ་ནའི་ཁྱད་ཆོས་ཡིན་པས་སོ། །དེ་ལྟར་ན་སྔོན་ཆོག་རྣམས་མཁན་སློབ་ལ་ལྟོས་མི་དགོས་པར་བཤད་པ་དང་འགལ་ཞེ་ན། དེ་དག་རྒྱུད་སྒྲིབ་གསུམ་ཤས་ཆེ་ཞིང་སྨིན་ཤས་ཆུང་བ་ད་ལྟར་གྱི་གདུལ་བྱ་བཞིན་དུ་ཚེགས་ཆེན་པོའི་སྒོ་ནས་མཁན་སློབ་ཀྱིས་ཁྲིད་ཅིང་སྐྱོང་བ་ལ་ལྟོས་མི་དགོས་པས་དེ་སྐད་བཤད་ཀྱི། གཞན་དུ་ན། ཚུར་ཤོག་སོགས་ཀྱི་ཚེ་སྟོན་པ་སངས་རྒྱས་མཁན་པོ་ཡིན་པར་གྲུབ་ལ། གསོལ་བཞིའི་ལས་ཀྱི་སྔོན་ཆོག་བྱས་ཚེ་ལས་བྱེད་པ་པོ་དེའི་དོན་གྲུབ་པ་ན་སློབ་དཔོན་དུ་འགྱུར་དགོས་པའི་ཕྱིར་རོ། །དེ་ཡང་དང་པོ་བདུན་ལ་གསོལ་བཞིའི་ཆོ་ག་མཚན་ཉིད་པ་མེད་པས་སྔོན་ཆོག་བཏགས་པ་བ་དང་། འཕྲིན་ནི་ད་ལྟར་གྱི་ཆོ་ག་ཡིན་མོད། གསོལ་བཞིའི་ལས་ཀྱི་སྔོན་ཆོག་ལ་བརྟེན་པའི་འཕྲིན་ཆོག་ཀྱང་འབྱུང་རུང་བས་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར། འདིར་སྔོན་ཆོག་མཚན་ཉིད་པ་ནི། བཅུ་ཚོགས་སམ་ལྔ་ཚོགས་ཀྱི་དགེ་འདུན་ལ་གསོལ་བཏབ་སྔོན་དུ་འགྲོ་བས། གསོལ་བཞིའི་ལས་ཀྱིས་གཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱེད་པའི་ཆོ་ག་ཉིད་ཡིན་ནོ། །དེ་ལ་རང་བྱུང་ནི་སྟོན་པ་སངས་མ་རྒྱས་པའི་སྔོན་རོལ་ཏུ་བྱུང་ཞིང་། ཚུར་ཤོག་ནི་སངས་རྒྱས་ནས་མྱ་ངན་ལས་འདའ་ཁའི་བར་དུའང་མཛད། འདི་ལ་ཉེས་དམིགས་འགའ་ཞིག་བྱུང་བ་ལ་བརྟེན་ནས་གསོལ་བཞིའི་སྔོན་ཆོག་གནང་ལ། གཞན་རྣམས་སངས་རྒྱས་ནས་རིང་པོ་མ་ལོན་པར་དར་ཆོག་མ་བྱུང་གི་བར་དུ་བྱུང་བས་སྔོན་གྱི་རྫོགས་ཚུལ་ཞེས་བྱའོ། ༈ །གཉིས་པ་ད་ལྟར་གྱི་ཆོ་ག་ལ། སྤྱིའི་དོན་དང་། གཞུག་གི་དོན་ནོ། །དང་པོ་ནི། སྔོན་ཆོག་གི་རྗེས་སུ་བཅས་པ་མཛད་པའི་གསོལ་བཞིའི་ཆོ་ག་འཁོར་དང་བཅས་པ་དེ་ད་ལྟར་གྱི་ཆོ་གའི་མཚན་ཉིད། དབྱེ་ན། བཅུ་ཚོགས་དང་། ལྔ་ཚོགས་སམ་དམིགས་བསལ་ལ་བཞི་ཚོགས་དང་། དགེ་འདུན་སྡེ་གཉིས་ལས་རྫོགས་པ་དང་། འཕྲིན་གྱིས་ཚིགས་སྔ་ཕྱི་རིམ་ཅན་དུ་སྒྲུབ་པར་བྱེད་པ་རྣམས་སོ། །དགེ་སློང་གྲངས་མང་ཉུང་རྙེད་དཀའ་སླའི་ཁྱད་པར་གྱིས་བཅུ་ཚོགས་དང་ལྔ་ཚོགས་སུ་འཇོག་པའི་ཡུལ་དབུས་མཐའི་ས་ཚིགས་ནི། ཚིག་ལེའུར་བྱས་པ་ལས། ལི་ཁར་ན་ཚང་ཚིང་ནགས། །ལི་ཁར་ཤིང་འཕེལ་ཤར་ཕྱོགས་ཉིད། །ཨུ་ཤི་རི་ཞེས་བརྗོད་པ་ཡི། །རི་བོ་མུན་པ་ཅན་ནི་བྱང་། །ཀ་བ་ཉེ་བའི་ཀ་བ་ཡི། །གྲོང་ཁྱེར་ནུབ་ན་གནས་པ་ཡིན། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང་། །ཆུ་ཀླུང་འདམ་བུ་ཅན་ནི་ལྷོ། །འདི་དག་གི་ནི་བར་རྣམས་ལ། །ཡུལ་དབུས་སུ་ནི་ཤེས་བྱ་སྟེ། །ཕྱི་རོལ་མཐའ་འཁོབ་ཅེས་བྱར་ནི། །མཐའ་ཡས་མཁྱེན་པས་གསུངས་པ་ཡིན། །ཞེས་ས་ཚིགས་ཀྱིས་ཕྱེ་བ་སྟེ། ཆོས་ཚིགས་ཀྱིས་ཕྱེ་ན། ལུང་རྟོགས་ཀྱི་བསྟན་པ་གནས་པའི་ས་ཕྱོགས་ནི་དབུས་སོ། །ད་ཆོག་གི་སྒོ་ནས་སྡོམ་པ་ལེན་པའི་ཆོ་ག་ལ་གཉིས་ཏེ། དུས་ཁྲིམས་དང་། གཏན་ཁྲིམས་སོ། །དང་པོ་ནི། མཛོད་ལས། དམའ་བར་འདུག་སྨྲས་བཟླས་པ་ཡི། །མི་བརྒྱན་ནམ་ནི་ལངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི། ལེན་པ་པོ་གླིང་གསུམ་གྱི་སྐྱེས་པའམ་བུད་མེད་གང་རུང་གིས། བླང་ཡུལ་དགེ་སློང་ཁོ་ན་ལས་ལེན་པར་བཞེད། མདོ་སྡེ་པ། དུད་འགྲོའི་རྟེན་ལའང་སྐྱེ་བར་འདོད་ཅིང་། བླང་ཡུལ་ཀྱང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆད་ལས་ལེན་པར་འདོད་དོ། །གཉིས་ཀ་དེ་རིང་ཉི་མ་མ་ཤར་གོང་དུ་བླངས་ནས། ཞག་ཕྱི་མའི་ཉི་མ་མ་ཤར་བར་དུ་བསྲུང་བར་བཞེད་པ་མཐུན་མོད། འོན་ཀྱང་དམིགས་བསལ་ལ། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཚེས་བརྒྱད་ལ་བསྲུང་བར་ཁས་བླངས་པའི་གང་ཟག་དེས་ཀྱང་ཕྱིས་གང་བསྲུང་བའི་དུས་དེ་དང་དེར་ལེན་དགོས་ནའང་། སྔར་སྟབས་གཅིག་ཏུ་བླངས་པའི་དགོས་པ་ནི། བྱེ་སྨྲ་ལྟར་ན་ཟས་ཟོས་རྗེས་བླངས་ཀྱང་སྐྱེ་བ་དང་། མདོ་སྡེ་པ་ལྟར་ན་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་བླངས་ཀྱང་སྐྱེ་བའི་དོན་དུ་འདོད་དོ། །གཉིས་པ་གཏན་ཁྲིམས་ལ། སྐྱེས་པའི་བསླབ་ཚིགས་གསུམ་ལེན་པའི་ཆོ་ག་དང་། དེ་བུད་མེད་ཀྱི་བསླབ་ཚིགས་ལྔ་ལ་ཇི་ལྟར་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚིགས་སྔ་མའི་དང་། ཕྱི་མའི་ཆོ་གའོ། །དང་པོ་ནི། ཀརྨ་ཤ་ཏཾ་ལས། དྲི་དང་དགེ་བསྙེན་བསླབ་པ་དང་། །ཞུ་དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་ཐ་མ་ཡིན། །ཞེས་པ་སྟེ། ཐོག་མར་སྔོན་དང་ཞེས་འབྱུང་བས་སྔོན་ཆོག་བསྟན་ཀྱང་། སྔར་བཤད་ཚར་བས་འདིར་དྲི་དང་ཞེས་སྦྱར་རོ། །སྡོམས་ཀྱི་དོན་འཆད་པ་ལ། དགེ་བསྙེན་གྱི་དང་། དགེ་ཚུལ་གྱི་ཆོ་གའོ། །དང་པོ་ནི། རབ་བྱུང་གི་མཁན་པོ་ཉིད་དུ་ཕྱོགས་པའི་དགེ་སློང་དེས་རབ་ཏུ་དབྱུང་བར་རུང་མི་རུང་བརྟག་པའི་ཕྱིར་བར་ཆད་དྲིས་ནས། དག་གོ་ཟེར་ན། བསྒྲུབ་བྱ་དེ་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར་དགེ་བསྙེན་ཉིད་དུ་བསྒྲུབ་པར་བྱ་སྟེ། མདོ་རྩར། སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་དགེ་བསྙེན་ཉིད་དུ་ཁས་བླང་བའི་ཚིག་བྱའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །ཞེས་སོ། །སྤྱིར་དགེ་བསྙེན་ནི། ཡུལ་དགེ་བསྙེན་ལས་ཀྱང་ལེན་དུ་རུང་བར་སྡོམ་པ་བརྒྱད་པར་བཤད་ཀྱང་། འདིར་རབ་བྱུང་གི་མཁན་པོའི་སྟ་གོན་ཉིད་དུ་གནས་པར་མ་ཟད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱིས་དགེ་སློང་ཉིད་ལས་ལེན་དགོས་པར་བཤད། དགེ་བསྙེན་གྱི་སྡོམ་པ་ལའང་སྣ་གཅིག་སྤྱོད་པ་སོགས་ཉེ་ཚེ་བ་དང་། ཡོངས་རྫོགས་གཉིས་ལས་འདིར་ཕྱི་མ་སྟེ། རིགས་བརྒྱད་ཀྱིས་ཟླས་ཕྱེ་བའི་དགེ་བསྙེན་དུ་འགྱུར་བ་ལ། བསླབ་གཞི་ལྔ་འཛིན་པའི་ཡོངས་རྫོགས་དགེ་བསྙེན་ཉིད་བགྲང་དགོས་པའི་ཕྱིར་རོ། །གཉིས་པ་དགེ་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། བར་མ་རབ་བྱུང་གི་ཆོ་ག་སྟེ། མཁན་པོར་ཕྱོགས་པའི་དགེ་སློང་རང་ཉིད་ཀྱིས་བསྒྲུབ་བྱ་དེ་དགེ་བསྙེན་དུ་བསྒྲུབས་ཟིན་པའི་འོག་ཏུ། མི་བརྐུས་སོ་ཞེས་པའི་སྐུར་པ་སྤང་ཞིང་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པའི་ཕྱིར། དགེ་འདུན་ལ་རབ་ཏུ་བྱུང་བར་ཞུ་བ་བྱེད་པའི་དགེ་སློང་ལ་གཏད་ཅིང་། དེས་ཀྱང་ཡོངས་སུ་དག་གམ་ཞེས་དྲིས་ལ། དག་ན་མཁན་པོ་མ་གཏོགས་པའི་དགེ་འདུན་ཐམས་ཅད་འདུས་པའམ། གནས་ཁང་སོ་སོར་འཁོད་པ་ལའང་རུང་། བསྒྲུབ་བྱ་དེ་ཁྲིད་ནས་ཞུ་བ་ཡིན་ལ། དགེ་འདུན་གྱིས་གནང་ན་སྔར་སྟ་གོན་དུ་གནས་པའི་དགེ་སློང་དེ་ལ་མཁན་པོར་གསོལ་བ་འདེབས་ཏེ། མཁན་པོ་དེ་རབ་བྱུང་གི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པ་གང་ཞིག །གསོལ་བ་མ་བཏབ་ན་མཁན་པོར་མི་འགྱུར་བའི་ཕྱིར་རོ། །དེའི་འོག་ཏུ་ཆོས་འདི་བའི་བསམ་པ་བསྐྱེད་པའི་ཕྱིར་བརྗེ་བ་གསུམ་བྱ་སྟེ། མཁན་པོ་བསྐོས་པའི་དགེ་སློང་ཞིག་གིས་སྤྱིར་སྐྲ་དང་ཁ་སྤུ། བྱེ་བྲག་གཙུག་ཕུད་འབྲེག་ཏུ་འཇུག་ན་བྲེགས་ཏེ། ཁྲུས་བྱས། མཁན་པོས་ཡོ་བྱད་ལྔ་བྱིན་ནས། །རང་ངམ་བསྐོས་པས་བསྐོན་ཞིང་མཚན་བརྟག །དེ་ནས་མིང་སྤོ་ཞིང་། རབ་བྱུང་གི་བསམ་པ་གསལ་བཏབ་ནས། མཁན་པོ་རང་ཉིད་ཀྱིས་བསྒྲུབ་བྱ་དེ་བར་མ་རབ་བྱུང་དུ་སྒྲུབ་སྟེ། སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །ཞེས་སོ། །དངོས་གཞི་ནི། མཁན་པོས་དགེ་ཚུལ་ཉིད་དུ་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད། དེས་བསྒྲུབ་བྱ་དེ། འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་བྲལ་ཞིང་། མཐུན་རྐྱེན་ལྔ་ཚང་བའི་སྒོ་ནས། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱ་སྟེ། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ། །ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས། དག་ན་ཉེ་བར་བསྒྲུབ་པར་བྱའོ། །ཞེས་སོ། །རྗེས་ནི། དགེ་སློང་གཞན་ཞིག་གིས་གྲིབ་ཚོད་གཞལ་ཏེ་དགེ་ཚུལ་ཐོབ་པའི་དུས་གོ་བརྗོད་ཅིང་། སློབ་དཔོན་གྱིས་དགེ་ཚུལ་གྱི་བསླབ་གཞི་བཅུ་བརྗོད་པ་ཁས་བླང་དུ་གཞུག་གོ། ༈ །གཉིས་པ་ཚིགས་ཕྱི་མ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ནི། དང་པོར་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། །སྤྲོ་བྱ་གསོལ་བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་དང་དགེ་སྦྱོང་མཆོག་འདོད་དང་། །ཚུལ་ཁྲིམས་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་པ་དང་ནི་བསྒྲུབ་བྱ་ལ། །མུ་སྟེགས་གནས་པ་སྦྱིན་པ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པའི་དོན་འཆད་པ་ལ། སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ་དྲུག་ལས། དང་པོ་བསྒྲུབ་བྱ་དེ་ལོ་ཉི་ཤུ་ལོན། ཆོས་གོས་གསུམ་དང་ལྟུང་བཟེད་ཚང་། བསྙེན་པར་རྫོགས་པར་འདོད་ན། ཡོ་བྱད་རྣམས་ཚགས་སུ་བཅུག་ནས། དཀོན་མཆོག་གསུམ་དང་སློབ་དཔོན་མངོན་དུ་འགྱུར་བར་བྱ་བའི་ཕྱིར་དང་པོར་བྱ་བ་ནི། སྤྱིར་དཀོན་མཆོག་གསུམ་ལ། སྐྱབས་འགྲོའི་ཡུལ་དུ་གྱུར་པ་ནི། དོན་དམ་པའི་དཀོན་མཆོག་གསུམ་སྟེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པས། འདིར་གཙོ་ཆེ་བ་ནི། བརྡར་བཏགས་པའི་དཀོན་མཆོག་གསུམ་སྟེ། སངས་རྒྱས་སྟོན་པའི་སྐུ་གཟུགས། ཆོས་ལས་ཀྱི་ཆོ་ག་ནན་ཏན་བྱེད་པ་པོའི་རྒྱུད་ལ་བཞུགས་པ། དགེ་འདུན་སྤྱིར་བཏང་བཅུ་ཚོགས་སམ་ལྔ་ཚོགས། དམིགས་གསལ་ལ་བཞི་ཚོགས་ཀྱང་གསུངས། དེའི་གོ་དོན་མཁན་པོ་དང་གསང་སྟོན་མེད་མི་རུང་གི་ཡན་ལག་མ་ཡིན་ཏེ། མཁན་པོའི་བྱ་བ་རྣམས་དེར་གསོལ་བ་མ་བཏབ་པའི་དགེ་སློང་ཞིག་གིས་བསྒྲུབས་ཀྱང་འགྲུབ་པ་དང་། བར་ཆད་མ་དྲིས་ཀྱང་ཆོག་པའི་བསྒྲུབ་བྱ་སྲིད་པའི་ཕྱིར། དེ་ལྟར་ཡང་། མཁན་པོར་མ་གསོལ་བ་ལ་ཡང་ངོ་། །བར་ཆད་མ་དྲིས་པར་ཡང་ངོ་། །ཞེས་སོ། །དེས་ན་མཁན་པོར་འོས་པ་དེས། དགེ་འདུན་དང་། སློབ་དཔོན་ཁ་སྐོང་གི་ཆོས་དང་ལྡན་པའི་དགེ་སློང་གང་ཞིག །དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པའི་ལས་སློབ་དང་། འགྲོ་བ་བཞི་བྲལ་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བ་ལ་མཁས་པའི་གསང་སྟོན་དུ་འོས་པ་གཉིས་ལ་ཚིག་གིས་གསོལ་བ་བཏབ། དེ་རྣམས་ཀྱིས་ཀྱང་རང་རྒྱུད་ལ་བརྟགས་ཏེ། ལྟུང་བ་ཡོད་ན་བཤགས་བསྡམས་བྱིན་བརླབས་བྱས་ནས་ལས་གྲལ་དུ་འདུས་པའོ། །གཉིས་པ་མཁན་པོ་མངོན་དུ་གྱུར་པ་ནི། སྤྱིར་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་ཞིང་། ཁྱད་པར་བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པའི་དགེ་སློང་ལ་མཁན་པོར་གསོལ་བ་བཏབ་ཅིང་ཁས་བླངས་པའོ། །གསུམ་པ་ཡོ་བྱད་མངོན་གྱུར་ནི། མཁན་པོས་ཆོས་གོས་གསུམ་བྱིན་གྱིས་བརླབས་ནས་གནང་བའམ། དྲུབས་ཟིན་མེད་ན་རྒྱུར་རུང་བ་བྱིན་གྱིས་བརླབས་ནས་གནང་བ་སྟེ། ཆོས་གོས་གཉིས་དང་། ལྷུང་བཟེད་དགེ་འདུན་ལ་བསྟན་པ་དང་མཁན་པོས་བྱིན་གྱིས་བརླབས་ནས་གནང་བ་སྟེ་ལྟུང་བཟེད་གཉིས་སོ། །བཞི་པ་ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། ལས་སློབ་ཏུ་ཕྱོགས་པའི་དགེ་སློང་དེས་ཐོག་མར་འཁྲུལ་བཅས་དང་མ་འདུས་པའི་ཉེས་པ་ཁེགས་པའི་ཕྱིར། ལྟུང་མཐུན་བྱིན་བརླབས་དང་། གནས་ལ་བློ་མཐུན་སྔོན་དུ་འགྲོ་བས། གསང་སྟོན་གང་ཡིན་དྲིས་ནས། སྤྲོ་བ་དྲི། དེ་སྤྲོ་ན་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གསང་སྟོན་དུ་བསྐོ། བསྐོས་པ་དེས་ཀྱང་བར་ཆད་ཡོད་མེད་བདེན་པར་སྨྲ་བའི་ཕྱིར་དགེ་འདུན་གྱི་ལྐོག་ཏུ་བར་ཆད་དྲི་ཞིང་། བསྒྲུབ་བྱ་བར་ཆད་ཀྱིས་དག་ཚུལ་དགེ་འདུན་ལ་བརྗོད་ནས་ནང་དུ་འོང་བར་ཞུ་བའོ། །ལྔ་པ་གསོལ་བ་མངོན་དུ་གྱུར་པ་ནི། སྟོད་འདུལ་བ་རྣམས་བརྗོད་པ་གསུམ་གྱི་ཐོག་མར་བྱུང་བའི་གསོལ་བ་ལ་འཆད་པ་ནི་མི་རིགས་ཏེ། ལས་མངོན་དུ་གྱུར་པའི་ཚད་གསོལ་བཞིའི་ལས་ལ་འཆད་དགོས་པས་གནོད་པའི་ཕྱིར་རོ། །དེས་ན་སྨད་འདུལ་བ་ལྟར་གསོལ་བ་འདེབས་པའི་ཚིག་ལན་གསུམ་བརྗོད་པའོ། །འདིར་གང་ལ་གསོལ་བ་འདེབས་པའི་ཡུལ་ནི། མཚན་ཉིད་གསུམ་དང་ལྡན་པའི་དགེ་འདུན་ཏེ་གྲངས་ཚང་བ། འགྲེལ་ཡུལ་འདུན་སོགས་ཕུལ་བ་མིན། །མ་རྫོགས་ཉམས་དང་མཚམས་མེད་མིན། །སྡིག་ས་ཐ་དད་འཁྲུལ་བཅས་མིན། །མཚམས་མཚན་དཀོན་མཆོག་གཞན་མིན་པའོ། །ཞེས་ཁ་སྐོངས་ཀྱི་ཆོས་དང་ལྡན་པ། མ་འདུས་པ་དང་འདུས་པ་ཕྱིར་ལོག་གི་མི་མཐུན་པ་གཉིས་དང་བྲལ་བའོ། །གང་གིས་འདེབས་པ་པོ་ནི། བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ་ཞེས་བསྒྲུབ་བྱ་སྟེ། བསམ་པ་ཐག་པ་ནས་ནོད་པར་འདོད་པ། ངེས་འབྱུང་གི་བསམ་པ་བརྟན་པ། དོན་གོ་ཞིང་ངེས་པ་ལྔ་དང་བྲལ་བ། རྒྱུད་ཚོགས་སུ་མ་ཚང་བ་ཞིག་དགོས་སོ། །དྲུག་པ་ཡོངས་སུ་དག་པར་དགེ་འདུན་ཐུགས་ཡིད་ཆེས་པར་བྱ་བའི་ཕྱིར་ནང་དུ་བར་ཆད་དྲི་བ་ནི། ལས་སློབ་ཏུ་ཕྱོགས་པས་གསོལ་བ་འབའ་ཞིག་པའི་ལས་སྔོན་དུ་འགྲོ་བས་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བའོ། །དེ་ཡང་ཡུལ་རྟེན་གཉིས་ཀའི་ངོས་ནས་བར་ཆད་དང་མི་ལྡན་པར་ཤེས་པ་ཙམ་གྱིས་ཆོག་གི། དོན་ལ་བར་ཆད་དང་མི་ལྡན་པར་དགོས་པའི་ཁྱབ་པ་མེད་དེ། ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པ་བཞིན། །གཉིས་པ་དངོས་གཞི་ནི། ལས་མངོན་དུ་གྱུར་པ་སྟེ། ལས་སློབ་ཏུ་ཕྱོགས་པའི་དགེ་སློང་དེས་བསྒྲུབ་བྱ་ལ། སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་བསྡུས་པའི་དོན་ལྟར་གདམས་ངག་གི་བཤད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བརྡའ་སྤྲད་ནས། ཆད་ལྷག་ནོར་འཁྲུགས་མེད་པའི་ཆོ་ག་རྣམ་པར་དག་པས་གསོལ་བཞིའི་ལས་བྱས་ཤིང་ཆགས་པའི་སྒོ་ནས་དགེ་འདུན་ལས་བསྙེན་པར་རྫོགས་པའོ། །དེ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུག་ལ། མངོན་དུ་གྱུར་པ་བཅུས། རྒྱུའི་རྐྱེན་རང་རྒྱུད་ཀྱི་འབྱུང་བ་བཞི། བདག་རྐྱེན་གཞན་གྱི་རྣམ་རིག །བྱེད་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ་གསུམ་གྱིས་དགེ་སློང་གི་སྡོམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་སྐྱེ་བར་འདོད། མདོ་སྡེ་པ་ཡན་ཆད། ངེས་འབྱུང་གི་བསམ་པས་ཉེར་ལེན་གྱི་རྒྱུ་དང་། མངོན་གྱུར་བཅུས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་སྡོམ་པ་སེམས་པའི་ངོ་བོར་སྐྱེ་བར་འདོད་དོ། །གསུམ་པ་རྗེས་ལ་གཉིས་ལས། དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་དུས་གོ་ནི། དུས་འགྱུར་རྐྱེན་པས་ཕྲ་རིམ་ནས་གཞལ་དགོས་ཏེ། ཐུར་མ་སོར་བཞི་པས་གྲིབ་ཚོད་གཞལ། ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་དང་། དུས་ཚོད་རྣམས་ངེས་པར་བྱས་ལ་བརྗོད་དོ། །དུས་ཚོད་ནི། འཇིག་རྟེན་གྱི་གྲགས་པ་ལྟར་ན་བཞི་སྟེ། དགུན། དཔྱིད། དབྱར། སྟོན་བཞི་རེ་རེ་ལ་རབ་འབྲིང་ཐ་གསུམ་དུ་ཕྱེ་བའོ། །ཕྱག་དར་ཁྲོད་ཀྱི་གོས་ངོས་བཟུང་བའི་ཆེད་དུ་དགུན། དཔྱིད། དབྱར་གསུམ་དུ་ཕྱེ་སྟེ། རེ་རེ་ལ་ཟླ་བ་བཞི་བཞིའོ། །འདི་ལའང་དབྱར་ལ་གསུམ་དུ་ཕྱེ་ན་དུས་ཚིགས་ལྔར་འགྱུར་ཏེ། དབྱར་ཙམ་གྱི་དུས་ཟླ་བ་གཅིག །དབྱར་ཐུང་ངུ་ཉིན་ཞག་གཅིག །དབྱར་རིང་པོ་ཉིན་ཞག་གཅིག་གིས་མ་ཚང་པའི་ཟླ་བ་གསུམ་མོ། །དགོས་པ་ནི། དབྱར་ཕྱི་མ་ཁས་ལེན་གྱི་དུས་རྟོགས་བྱེད་དེ། དབྱར་ཐུང་ངུའི་ཉིན་ཞག་གཅིག་པོ་དེ་ལ་ཁས་མ་བླངས་ན་གཞན་ལ་བླང་དུ་མེད་པའི་ཕྱིར་རོ། །ཡང་གསོ་སྦྱོང་ཞག་མི་ཐུབ་ཀྱི་དུས་ངོ་ཤེས་པའི་ཆེད་དུ། དགུན་དཔྱིད་དབྱར་གསུམ་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་ནས་དྲུག་ཏུ་བཤད་དེ། དུས་ཚིགས་རེ་ལ་ཟླ་བ་གཉིས་གཉིས་ཡོད་པའི་ཕྱེད་དང་གཉིས་འདས། ཕྱེད་ལུས་པ་ན་ཞག་མི་ཐུབ་འདོར་བས་གསོ་སྦྱོང་བཅུ་བཞི་པ་གོ་ནུས་པའི་ཕྱིར་རོ། །འོ་ན་དུས་ཚིགས་ཀྱི་འགོ་གང་ནས་འཛིན་ཞེ་ན། རྒྱལ་སྲས་མ་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ལ། ཟླ་བ་ཐམས་ཅད་ཀྱི་མར་གྱི་ངོ་སྔ་སྟེ། ཞེས་པས་མར་ངོ་སྔོན་འགྲོའི་དགུན་ནས་འགོ་འཛིན་ཅིང་། དགུན་གྱི་དང་པོ་ནི། སྟོན་ཟླ་ཐ་ཆུང་རྫོགས་པའི་ཕྱི་དེ་མ་ཐག་པ་ཡིན་ལ། སྟོན་ཟླ་ཐ་ཆུང་གང་ལ་ངོས་འཛིན་ན། ཉི་སྙིང་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་པས་ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཕྱེད་ཕྱི་མ་ནས་དུས་འགོ་འཛིན་ནོ། །དེ་ཡང་སྐབས་འདིར་དུས་ཚིགས་ལ་ལྔར་ཕྱེ་བ་ཉིད་བཟུང་ལ། བརྗོད་པའི་ཚེ་བསྒྲུབ་བྱའི་བློ་ཡུལ་དུ་འཆར་བདེ་བའི་ཕྱིར་ལོ་དང་། ཟླ་བ་དང་། ངོ་དང་། ཞག་དང་། ཉིན་མཚན་གྱི་ཆ་དང་། ཉིན་མོ་ཡིན་ན་གྲིབ་ཚོད་འདི་ཙམ་གྱི་དུས་སུ་ཞེས་རགས་རིམ་ནས་བརྗོད་དེ་གོ་བར་བྱའོ། །གཉིས་པ་ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་གདམས་ངག་བཅུ་གཅིག་བརྗོད་པ་ལ། བསླབ་བྱ་ཡུལ་དང་། བསླབ་བྱེད་ཡུལ་ཅན་ལ་གདམས་པ་གཉིས། དང་པོ་ལ། བསླབ་བྱའི་གཙོ་བོ་དངོས་སུ་བརྗོད་པ་དང་། མ་བརྗོད་པ་ཡོངས་སུ་ཤེས་པའི་ཐབས་ལ་གདམས་པའོ། །དང་པོ་ལ་རྣམ་དག་རྣམ་པ་བཞི་སྟེ། རྟེན་ས་འཚོ་བ་རྣམ་དག་གནས་བཞི་ལ་བརྟེན་པར། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་རྩ་བའི་ལྟུང་བ་ཆ་བཅས་སྤོང་བར། ཉམས་ལེན་སྤྱོད་པ་རྣམ་དག་ལ། དགེ་སྦྱོང་གི་ཆོས་ལ་བརྟེན་པར། མཆོག་ཏུ་འདོད་པའི་དོན་གྲུབ་པར། གནས་བརྟན་རྣམས་དང་ཚུལ་ཁྲིམས་མཉམ་པར། འཇིག་རྟེན་གྱི་ཕ་བུའི་ཚུལ་དང་འབྲེལ་བར་མཁན་སློབ་ལ་གུས་པར། གྲོགས་ལ་སེམས་དུལ་བས་གུས་པ་དང་ལྔར་གདམས་པ་དང་། རྟོགས་དོན་ལྟ་བ་རྣམ་དག་རང་གི་དགོས་པ་རྗེས་སུ་སྒྲུབ་པ་ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པར་གདམས་པ། གཉིས་པ་འདིར་མ་བརྗོད་པ་སླད་ནས་ཤེས་པར་གདམས་པ་རྣམས་སོ། །གཉིས་པ་ཡུལ་ཅན་ནི། བསླབ་པ་ལ་གུས་པར་སྦྱར་བ་དང་། གུས་པ་བསྐྱེད་དེ་སློབ་པའི་ཐབས་བག་ཡོད་ལ་སྦྱར་བའོ། །འདིར་སྡོམས་སུ། མུ་སྟེགས་གནས་པ་སྦྱིན་པ་ཞེས་པ་ནི། ཤཱཀྱ་དང་མུ་སྟེགས་རལ་པ་ཅན་ལས་གཞན་པའི་མུ་སྟེགས་ཅན་ལ་སེམས་མགུ་བ་བརྟག་པའི་ཆེད་དུ་ཟླ་བ་བཞིར་གནས་པ་སྦྱིན་པའི་གསོལ་བཞིའི་ལས་ཏེ། སྦྱོར་ཆོག་གི་སྤྲོས་པའོ། །གཉིས་པ་ནི། དགེ་བསྙེན་མ་དང་དགེ་ཚུལ་མར་སྒྲུབ་པའི་ཆོ་ག་ནི། སྒྲུབ་བྱེད་དགེ་སློང་གི་ཚབ་ཏུ་དགེ་སློང་མ་དང་། བསྒྲུབ་བྱ་སྐྱེས་པའི་ཚབ་ཏུ་བུད་མེད་ཞེས་སྦྱར་བ་མ་གཏོགས་ཕ་ཆོག་དང་འདྲ་ཞིང་། དེ་རྗེས་ཁྱིམ་སོ་མ་བཟུང་ན་ལོ་བཅོ་བརྒྱད་མ་དང་། བཟུང་ན་ལོ་བཅུ་ལོན་པའི་བསྒྲུབ་བྱ་མོ་ལ། ཡུལ་དབུས་མཐའི་ཁྱད་པར་ལས། དགེ་སློང་མའི་དགེ་འདུན་བཅུ་གཉིས་དང་དྲུག་ཚོགས་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་སློབ་མའི་སྡོམ་པ་སྦྱིན། དེ་ནས་དགེ་སློང་མར་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། བསྒྲུབ་བྱ་མོ་ཁྱིམ་སོ་བཟུང་མ་བཟུང་གི་ཁྱད་པར་ལས་ལོ་ཉི་ཤུ་དང་བཅུ་གཉིས་ལོན་པ་ལ། དགེ་སློང་མའི་དགེ་འདུན་བཅུ་གཉིས་སམ་དྲུག་གི་ཚོགས་ཀྱི་དབུས་སུ་མཁན་མོར་ཕྱོགས་པ་དེས་རྡུལ་གཟན་དང་ཤིང་ང་དཔུང་ཆད་གཉིས་བསྣན་ཏེ་ཆོས་གོས་ལྔ་སོགས་རྟགས་སྦྱིན། སློབ་དཔོན་མ་གཉིས་བསྐོས་ཏེ། གསང་སྟོན་མས་བར་ཆད་དྲིས་པའི་རྗེས་སུ་བསྒྲུབ་བྱས་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་ནོད་པའི་ཆེད་དུ་གསོལ་བ་བཏབ་ཅིང་། དེ་སྒྲུབ་བྱེད་ཀྱི་ལས་སློབ་མས་བར་ཆད་མངོན་དུ་དྲིས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན། དེ་ནས་དངོས་གཞི་ནི། དབུས་མཐའི་ཁྱད་པར་གྱིས་དགེ་སློང་ཕའི་དགེ་འདུན་བཅུའམ་ལྔའི་ཚོགས་བསྣན་ནས། གཉིས་ཀའི་དགེ་འདུན་ལ་གསོལ་བ་བཏབ་ལ། ལས་སློབ་ཏུ་ཕྱོགས་པའི་དགེ་སློང་དེས་གསོལ་བཞིའི་ལས་ཀྱིས་དགེ་སློང་མའི་སྡོམ་པ་སྦྱིན་ནོ། །རྗེས་ནི་གཞན་འདྲ་བ་ལས། གདམས་ངག་གི་སྐབས་སུ་གནས་ཤིང་དྲུང་མི་བརྗོད། ལྟུང་བའི་སྐབས་སུ་ཐུན་མོང་མ་ཡིན་པའི་ཕམ་བཞི་བསྣན་ནས་ཕམ་པ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་བརྗོད་པར་བྱེད་པའོ། །འོ་ན་དགེ་ཚུལ་མ་དང་དགེ་སློང་མའི་བར་དུ་ཐུན་མོང་མིན་པའི་བསླབ་ཚིགས་གཉིས་མེད་པར་ཕའི་དགེ་འདུན་ཙམ་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དམ་ཞེ་ན། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ན་སྐྱེ་བ་ཡོད་དེ། ཚིགས་སྔ་མ་མེད་པ་ལ་ཉེས་བྱས་ཙམ་དུ་ཟད་པའི་ཕྱིར་དང་། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་ནི་མི་ཆགས་པ་མ་ཡིན་ནོ། །ཞེས་བཤད་པས་སོ། །སྤྱི་དོན་བཤད་ཟིན་ཏོ། ༈ །གཉིས་པ་གཞུང་གི་དོན་ནི། ད་ལྟའི་ཆོ་ག་ངེས་པ་ལྔ་བྲལ་ཞིང་། །མ་ནིང་ལ་སོགས་སྐྱེ་བའི་བར་ཆད་དང་། །རྒྱལ་པོས་མ་གནང་ལ་སོགས་གནས་པ་དང་། །བྱ་རོག་སྐྲོད་མི་ནུས་སོགས་ཁྱད་པར་དང་། །སྐྲ་སེར་ཅན་སོགས་མཛེས་པའི་བར་ཆད་མེད། །ངེས་འབྱུང་བློ་ཅན་སྐལ་བཟང་སྐྱེས་བུ་དེ། །ལེགས་གསུངས་འདུལ་བ་རྒྱ་མཚོ་མཐའ་དག་དང་། །བརྒྱ་རྩ་གཅིག་པའི་ལས་ཕྲན་ལ་བྱང་བའི། །མཁན་པོར་བཅས་པས་རིམ་བཞིན་བསྙེན་པར་རྫོགས། །སྔ་མ་མ་བྱས་རྫོགས་པའང་མདོ་སྡེར་སྣང་། །ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མར་འདོད། །ཅེས་པ་སྟེ། ད་ལྟར་གྱི་ཆོ་གས་རབ་ཏུ་བྱུང་བའི་ཚིགས་སྔ་ཕྱི་ལེན་པ་ལ། འགལ་རྐྱེན་སྤང་ཞིང་མཐུན་རྐྱེན་ཚང་དགོས་པར་བསྟན་པ། ཚིགས་གསུམ་རིམ་པར་ནོད་མི་ནོད་ཀྱི་ཁྱད་པར། སྡོམ་པའི་ཐོབ་མཚམས་ངོས་བཟུང་བའོ། །དང་པོ་ནི། སྡོམ་པ་ལེན་པའི་ཚེ་རང་རང་གི་བསླབ་བྱ་ལ་ལྟོས་ནས་ངེས་པ་ལྔ་བྲལ་དགེ་སློང་ལ་དངོས་དང་། དགེ་ཚུལ་ལའང་ཆ་འདྲ་ཞིག་དགོས་ཏེ། མཐུན་རྐྱེན་ཚང་བའི་ཡུལ་འདིར་བསྲུང་གི་གཞན་དུ་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡུལ། ལོའམ་ཟླ་བ་གཅིག་ཙམ་དུ་སྤོང་གི་དེ་ཕན་ཆད་བསྲུང་མི་ནུས་སྙམ་པ་ལྟ་བུ་དུས། འཐབ་རྩོད་ཀྱི་སྐབས་མ་གཏོགས་གཞན་དུ་བསྲུང་སྙམ་པ་ལྟ་བུ་ཚེ། དགྲ་མ་གཏོགས་པ་གཞན་གྱི་སྲོག་མི་གཅོད་སྙམ་པ་ལྟ་བུ་སེམས་ཅན། བསླབ་བྱ་རགས་པ་འགའ་ཞིག་ལས་ཕྲ་བ་རྣམས་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡན་ལག་ངེས་པ་སྟེ། ཡན་ལག་རྒྱུ་ལ་དབྱེ་བ་ཡོད། །ཅེས་དགེ་ཚུལ་ལ་ཡན་ལག་ངེས་པར་མ་བཤད་པས་ངེས་པ་ལྔ་བྲལ་ཆ་འདྲ་ཞེས་བྱའོ། །དེར་མ་ཟད་འགལ་རྐྱེན་བར་ཆད་ཀྱི་ཆོས་དང་བྲལ་བ་ཞིག་དགོས་ཏེ། མ་ནིང་དང་མཚམས་མེད་བྱས་པ་སོགས་ནི་སྐྱེ་བའི་བར་ཆད་དེ། དེ་དག་ལ་སྡོམ་པ་ཕོག་ཀྱང་མི་སྐྱེ་བའི་ཕྱིར། རྒྱལ་པོ་དང་ཕ་མས་མ་གནང་བ་སོགས་གནས་པའི་བར་ཆད་དེ། དེ་དག་ལ་སྡོམ་པ་སྐྱེས་སུ་ཟིན་ཀྱང་རང་དབང་དུ་མ་གྱུར་པས་འབབ་དགོས་པ་སོགས་ཀྱིས་ཡུན་རིང་མི་གནས་པའི་ཕྱིར། བྱ་རོག་སྐྲོད་མི་ནུས་པའམ་ནད་དང་སྡུག་བསྔལ་གྱིས་གཟིར་བ་སོགས་ཁྱད་པར་དུ་འགྱུར་བའི་བར་ཆད་དེ། སྡོམ་པ་གནས་ཀྱང་བསླབ་པ་ལ་སྦྱོར་མི་བཟོད་པས་ཡོན་ཏན་ཁྱད་པར་དུ་འཕགས་མི་ནུས་པའི་ཕྱིར། སྐྲ་སེར་ཅན་དང་ལག་རྡུམ་སོགས་ལུས་ལ་སྐྱོན་ཆགས་པ་དང་གདོལ་པ་སོགས་རིགས་ལ་སྐྱོན་ཆགས་པ་རྣམས་རྟེན་མཛེས་པའི་བར་ཆད་དེ། དེ་དག་ལ་སྡོམ་པ་སྐྱེ་བས་བསྒྲུབ་བྱ་ལ་ཕན་པར་འགྱུར་ནའང་ཁྱིམ་པ་རྣམས་བསྟན་པ་ལ་མ་དད་པའི་རྒྱུ་བྱེད་པའི་ཕྱིར། དེས་ན་དེ་བཞི་དང་བྲལ་བས་རྒྱུད་དག་པ་ཞིག་དགོས་ཏེ། དང་པོ་ལ་མི་སྐྱེ་བ་དང་། གཉིས་པ་ལ་མི་གནས་པས་བསྒྲུབ་བྱར་ཕན་མི་ཐོགས་ཤིང་། ཕྱི་མ་གཉིས་ལ་སྐྱེ་བ་དང་གནས་པའི་སྒོ་ནས་བསྒྲུབ་བྱར་ཕན་པས་འབོགས་རིགས་ནའང་། སྒྲུབ་པར་བྱེད་པ་པོ་ལ་བཅས་འགལ་གྱི་ཉེས་པ་ཅུང་ཟད་འབྱུང་བའི་ཕྱིར་རོ། །དེ་ལྟར་དགག་ཕྱོགས་ནས་ངེས་པ་ལྔ་དང་བྲལ་ཞིང་བ ར་ཆད་བཞི་མེད་ལ། སྒྲུབ་ཕྱོགས་ནས་སྔར་བཤད་པའི་མཐུན་རྐྱེན་ཐམས་ཅད་ཚོགས་ཤིང་། ཁྱད་པར་མྱང་འདས་གསུམ་གང་རུང་ཐོབ་འདོད་ཀྱི་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་དགོས་ཏེ། གཞན་དུ་ན་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་འགལ་རྐྱེན་སྤངས་ཤིང་མཐུན་རྐྱེན་ཚང་བའི་བསྒྲུབ་བྱ་སྐལ་བ་ཅན་དེ་ཉིད་དགེ་སློང་དུ་སྒྲུབ་པར་བྱེད་པ་ལ། སྒྲུབ་བྱེད་མཁས་བཙུན་གྱི་ཡོན་ཏན་དང་ལྡན་པ་ཞིག་དགོས་ཏེ། དེ་ལ་བཙུན་པའི་ཡོན་ཏན་ལས་གྲལ་དུ་འདུས་པའི་དགེ་འདུན་ཐམས་ཅད་རང་རྒྱུད་ལ་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞིག་དགོས་ལ། དེའི་ཡན་ལག་ལས་ལ་འདུ་བའི་སྔོན་དུ། ཐུན་མོང་མ་ཡིན་པའི་ལྟུང་བ་རྣམས་བཤགས་པར་བྱ་ཞིང་། ཐུན་མོང་པ་རྣམས་ལ་བྱིན་བརླབས་དང་། བཤགས་ཡུལ་དུ་འོས་པ་ཡོད་ཀྱང་། བཤགས་བྱ་ལ་ལྟོས་པའི་གྲངས་མ་ལོངས་པ་དང་། ཆད་ལས་སྔོན་དུ་འགྲོ་དགོས་པའི་རིགས་རྣམས་ལས་ལ་འདུ་བའི་གོང་དུ་བཤགས་ཆོག་མི་ཚར་བ་སོགས་ཀྱིས་མ་གྲུབ་པ་རྣམས་བྱིན་གྱིས་རློབ་པ་སོགས་གང་ལ་གང་འོས་ཀྱིས་ཕྱིར་བཅོས་པའི་སྒོ་ནས་དག་པར་བྱས་པའོ། །མཁས་པའི་ཡོན་ཏན་སྤྱིར་སྡེ་སྣོད་གསུམ་དང་། ཁྱད་པར་འདུལ་བ་ལ་མཁས་པ། དེའི་ནང་ནས་ཀྱང་ལས་བྱེད་པ་ལ་འདུལ་བ་འཛིན་པ་ཞེས་གསུངས་ཏེ། དེའི་ཚད་འདུལ་བའི་དོན་ཤེས་པས་ཆོག་པ་མ་ཡིན་གྱི། ལས་བརྒྱ་རྩ་གཅིག་ལས་ཕྲན་སོ་སོ་དང་བཅས་པའི་སྔགས་ཀྱི་ཆོ་ག་དེ་ཉིད་བཟུང་ནས་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ཁ་ཏོན་དུ་བྱ་ནུས་པ་ཞིག་དགོས་པ་ཡིན་ནོ། །དེ་ལྟར་སྔགས་ཚིག་དང་ལག་ལེན་ལ་བྱང་བའི་མཁན་སློབ་དགེ་འདུན་དང་བཅས་པ་མཚན་ཉིད་ཚང་བར་ཚོགས་པའོ། །གཉིས་པ་ནི། ཉེས་མེད་ཕུན་སུམ་ཚོགས་ཀྱི་དབང་དུ་བྱས་ན། ཚིགས་གསུམ་རིམ་བཞིན་བླང་བའི་སྒོ་ནས་བསྙེན་པར་རྫོགས་པ་བྱ་དགོས་ཏེ། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཚིགས་སྔ་མ་གཉིས་སྔོན་དུ་མ་བྱས་ནའང་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བ་མ་ཡིན་ཏེ། ལུང་ལས། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འབོགས་བྱེད་མཁན་སློབ་དགེ་འདུན་དང་བཅས་པ་ལ་བཅས་འགལ་གྱི་ཉེས་པ་འབྱུང་བས། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་སྟེ། ཚིགས་སྔ་མ་མེད་པ་ལ་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་སོ། །གཞན་དུ་མདོ་སྡེ་ལས་ཚིགས་ཕྱི་མ་བླངས་པས་སྔ་མ་ཞར་ཐོབ་ཀྱིས་ཆེད་དུ་བླང་མི་དགོས་པའང་གནང་སྟེ། དྲིན་ལན་གསབ་པའི་མདོ་ལས། མ་འགགས་པས་ཡང་གསོལ་པ། གལ་ཏེ་ཁྱིམ་པ་ཁྲིམས་ལྔ་མ་ནོས་པར་ཐལ་བྱུང་དུ་ཁྲིམས་བཅུ་ནོས་ན་ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། དུས་གཅིག་ཏུ་དགེ་བསྙེན་གྱི་ཁྲིམས་དང་། དགེ་སྦྱོང་གི་ཁྲིམས་རྣམ་པ་གཉིས་ཐོབ་བོ། །གལ་ཏེ་ཁྲིམས་ལྔ་ཡང་མ་ནོས། ཁྲིམས་བཅུ་ཡང་མ་ནོས་པར་ཐལ་བྱུང་དུ་ཁྲིམས་རྫོགས་པར་ནོས་ནའང་། དུས་གཅིག་ཏུ་ཁྲིམས་གསུམ་ཆར་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཚིགས་སྔ་མ་གཉིས་ལ་སྔགས་ཚིགས་ལན་གསུམ་བཟླས་པའི་ཐ་མར། སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་གསུམ་གྱི། བདག་བརྗོད་རྫོགས་པ་དགེ་བསྙེན་དུའམ། དགེ་ཚུལ་དུ་ཞེས་རྫོགས་མ་ཐག །དེ་དང་དེའི་སྡོམ་པ་སྐྱེ་ཞིང་། ཚོགས་ཕྱི་མ་དགེ་སློང་ནི། དགེ་འདུན་གྱིས་གསོལ་བཞིའི་ལས་ཉམས་སུ་མྱོང་བ་ལ་རག་ལས་པས་ན། ལས་བརྗོད་པ་གསུམ་པ་ལ། མཆི་སྟེ་ཡན་ཆད་ངོ་བོ་བརྗོད་པ་སྟེ། སྡོམ་པའི་རྒྱུ་རྐྱེན་ཚང་བས་བསྙེན་པར་རྫོགས་རིགས་པའི་ངོ་བོ་བརྗོད་པའི་ཕྱིར། གསོལ་ན་ཞེས་པ་ཡན་ཆད་བྱ་བ་བརྗོད་པ་སྟེ། བསྙེན་པར་རྫོགས་པར་བྱ་བ་བརྗོད་པའི་ཕྱིར། དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་སྟེ། བྱེད་པ་པོ་དགེ་འདུན་བྱེད་པའི་ཕྱིར། དེས་ན་བྱ་བ་བརྗོད་པ་རྫོགས་མ་ཐག་དེར་སྡོམ་པ་སྐྱེ་བ་ཡིན་ཏེ། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དེ་དང་དེའི་ཚེ་བྱེད་པ་པོ་དེ་ཡང་སློབ་དཔོན་དུ་འགྱུར་བ་ཡིན་ཏེ། དོན་གྲུབ་ན་གྱུར་པ་ཉིད་དོ། །ཞེས་དགེ་བསྙེན་སོགས་དོན་གྲུབ་པ་ཉིད་ཀྱིས་སློབ་དཔོན་དུ་འགྱུར་བའི་ཕྱིར་རོ། ༈ །བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ལ། བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། བར་དུ་ཐོབ་པ་མི་ཉམས་བསྲུང་བ་ལ། །ཞེས་པ་སྟེ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་གས་སྡོམ་པ་དང་པོར་ཐོབ་པ་ཙམ་གྱིས་མི་ཆོག་གི། དེ་བར་དུ་ཐོབ་ཟིན་མི་ཉམས་པར་བསྲུང་བ་ལ་བསླབ་དགོས་ཏེ། མ་བསྲུངས་ན་ཉེས་དམིགས་དང་། བསྲུངས་ན་ཕན་ཡོན་ཆེན་པོ་དང་ལྡན་པའི་ཕྱིར། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། དངོས་བསྟན་བླང་དོར་གྱི་བསླབ་བྱ་རྒྱས་པར་བཤད། ཤུགས་བསྟན་དེའི་རུང་མཐུན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པའི་དང་། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའི་བསླབ་བྱའོ། །དང་པོ་ལ་གསུམ་སྟེ། སྐྱབས་འགྲོའི། བསྙེན་གནས་ཀྱི། དགེ་བསྙེན་གྱི་བསླབ་བྱའོ། །དང་པོ་ལ། ཐུན་མིན་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་། གསུམ་ཀའི་ཐུན་མོང་གི་བསླབ་བྱའོ། །དང་པོ་ནི། བསླབ་བྱ་སྐྱབས་འགྲོ་ཐུན་མོང་མིན་གསུམ་ནི། །སྐྱབས་གཞན་མི་འཚོལ་སེམས་ཅན་འཚེ་བ་སྤོང་། །མུ་སྟེགས་མི་འགྲོགས་སོ་སོར་གུས་བསྐྱེད་དོ། །ཞེས་པ་སྟེ། འདི་ལ་དགག་སྒྲུབ་གཉིས་ལས། དགག་པའི་བསླབ་བྱར། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་སོང་ནས་སོ་སོའི་བསླབ་བྱ་ནི་རིམ་པ་ཇི་ལྟ་བར། སྐྱབས་གཞན་འཇིག་རྟེན་པའི་ལྷ་ལ་རེ་ལྟོས་བཀལ་ནས་སྐྱབས་འགྲོ་མི་བྱ། སེམས་ཅན་ལ་གནོད་འཚེ་སྤོང་། གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་སྟེ། དེ་དག་དང་འགལ་ན་དཀོན་མཆོག་གསུམ་པོ་དེ་དང་དེའི་སྐྱབས་འགྲོ་གཏོང་བའི་ཕྱིར། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །སྒྲུབ་པའི་བསླབ་བྱར། སངས་རྒྱས་ཀྱི་སྐུའི་རྟེན་སཙྪའི་ཆག་དུམ་ཙམ་དང་། ཆོས་ཀྱི་རྟེན་ཡིག་འབྲུ་གཅིག་ཙམ་དང་། དགེ་འདུན་གྱི་གཟུགས་ལྷན་པ་སེར་པོ་བཏབ་པ་ཡན་ཆད་ལ་དཀོན་མཆོག་དེ་དང་དེའི་འདུ་ཤེས་བཞག་ནས་གུས་པར་བྱ་བའོ། །གཉིས་པ་ནི། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོ་བཞེད། །ཅེས་པ་སྟེ། སྲོག་དང་རྒྱལ་སྲིད་ལ་སོགས་པའི་ཆེད་དུའང་དཀོན་མཆོག་མི་སྤང་བ་དང་། དགོས་གལ་ཇི་ལྟར་ཆེ་ཡང་དཀོན་མཆོག་ལ་བློ་གཏོད་པ་ལས་འཇིག་རྟེན་པའི་ཐབས་གཞན་མི་འཚོལ་བ་དང་། རྟག་ཏུ་ཡོན་ཏན་དྲན་པས་དུས་ཀྱི་མཆོད་པ་མི་བཅག་པ་དང་། ཕན་ཡོན་ཤེས་པས་རང་སྐྱབས་སུ་འགྲོ་ཞིང་གཞན་དག་ཀྱང་འགྲོར་གཞུགས་པ་དང་། གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་དང་དེའི་སྐུ་གཟུགས་ལ་ཕྱག་འཚལ་བ་དང་ལྔའོ། །གཉིས་པ་ལ། དུས་ཁྲིམས་བསྙེན་གནས་དངོས་ཀྱི་བསླབ་བྱ་དང་། དེ་གཏན་ཁྲིམས་སུ་བྱས་ན་གོ་མིའི་དགེ་བསྙེན་དུ་འགྲོ་ཚུལ་ལོ། །དང་པོ་ནི། རྩ་བཞི་སྤོང་བ་ཚུལ་ཁྲིམས་ཡན་ལག་བཞི། །ཆང་སྤོང་བག་ཡོད་ཡན་ལག་མལ་ཆེ་མཐོ། །གར་ཕྲེང་ལ་སོགས་ཕྱི་དྲོའི་ཁ་ཟས་གསུམ། །བརྟུལ་བཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །ཡན་ལག་འདི་བརྒྱད་གཏན་དུ་མ་ཡིན་པས། །ཡོན་ཏན་རྟེན་མིན་དེ་ཕྱིར་སོ་ཐར་ནི། །མཚན་ཉིད་ལྡན་པ་རིགས་བདུན་ཁོ་ན་ཡིན། །ཞེས་པ་སྟེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་པ་ལྟར་མི་ཚངས་སྤྱོད་སོགས་རྩ་བའི་ལྟུང་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི། ཆང་སྤོང་བ་བག་ཡོད་ཀྱི། མལ་ཆེ་མཐོ་དང་། གར་སོགས་ཕྲེང་སོགས་དང་། དུས་མ་ཡིན་པའི་ཁ་ཟས་ཏེ་གསུམ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ། ཡན་ལག་འདི་བརྒྱད་པོ་ཉིན་ཞག་གི་མཐའ་ཚུན་ཆད་དུ་ཁས་བླངས་པའི་དུས་ཁྲིམས་ཡིན་གྱི་གཏན་ཁྲིམས་མ་ཡིན་པས་སྡོམ་པ་གོང་མ་རྣམས་ཀྱི་ཡོན་ཏན་གྱི་རྟེན་དུ་མི་རིགས་པའི་ཕྱིར་མ་ཡིན་ལ། དེས་ན་གོང་མའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་མཚན་ཉིད་ཅན་ནི་རིགས་བདུན་ཉིད་དུ་ངེས་ཏེ། ལམ་སྒྲོན་ལས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། འདི་བརྒྱད་ཇི་སྲིད་འཚོ་ཡི་བར་བསྲུངས་ན། །གོ་མིའི་དགེ་བསྙེན་ཡིན་ཀྱང་ཡོད་སྨྲའི་མིན། །གནས་བརྟན་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད། །ཅེས་པ་སྟེ། གསོ་སྦྱོང་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་ཁས་ལེན་པ་གོ་མིའི་དགེ་བསྙེན་ཏེ། འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ལས་མ་བཤད་ནའང་། འཕགས་པ་གནས་བརྟན་པའི་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད་དེ། གོ་མིའི་དགེ་བསྙེན་ཞེས་བྱ་བ་འདི་ནི་འཕགས་པ་གནས་བརྟན་པའི་མན་ངག་བརྒྱད་པ་ལས་ཐོས་ཀྱི་བདེ་བར་གཤེགས་པས་གསུངས་པ་ནི་མ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཐེག་ཆེན་གྱི་སྡེ་སྣོད་ལས་གསུངས་ཏེ། རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པར་དཀོན་བརྩེགས་ལས་བཤད་པའི་ཕྱིར་རོ། །གསུམ་པ་དགེ་བསྙེན་གྱི་བསླབ་བྱ་ལ་གསུམ་སྟེ། དགེ་བསྙེན་གྱི་སྤང་བྱ་ལྔ་ངོས་བཟུང་། དེ་བསྲུང་ཚུལ་གྱི་གྲངས་ལས་དགེ་བསྙེན་གྱི་དབྱེ་བ་བཤད། ཕྱོགས་མཐུན་གྱི་བསླབ་བྱ་བསྟན་པའོ། །དང་པོ་ནི། གསོད་རྐུ་རྫུན་སྨྲ་འདོད་པས་ལོག་པར་གཡེམ། །མྱོས་འགྱུར་སྤོང་རྣམས་དགེ་བསྙེན་སྡོམ་པ་སྟེ། །ཞེས་པས་དགེ་བསྙེན་གྱི་སྤང་བྱ་ལ་རྩ་བ་དང་། ཡན་ལག་གཉིས་ལས། རྩ་བ་ནི་བཞི་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བའོ། །འདི་དག་ལ་ཡུལ་གྱི་ཡན་ལག་ཏུ་མི་ཡིན་པ་དགོས་ཏེ། དེ་མ་ཚང་ན་རྩ་བར་གཏོགས་པའི་ཉེས་པ་ཙམ་དུ་ཟད་ཀྱི། རྩ་བ་དངོས་མ་ཡིན་པས་སྡོམ་པ་ཉམས་པར་མི་འགྱུར་ཞིང་། འདིར་བསླབ་གཞིར་མི་ཚངས་སྤྱོད་མི་འཇོག་པར་འདོད་ལོག་འཇོག་པ་ནི། ཁྱིམ་པས་བསྲུང་སླ་བ་ལ་སོགས་ཀྱི་ཕྱིར་ཏེ། མཛོད་ལས། ལོག་གཡེམ་ཤིན་ཏུ་དམད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་སོ། །ཡན་ལག་ནི། མྱོས་འགྱུར་སྤོང་བ་སྟེ། དེ་མ་སྤངས་ན་བསླབ་པ་གཞན་རྣམས་བསྲུང་མི་ནུས་པའི་ཕྱིར། དེ་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་སྲུང་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། དེ་ལས་ཕྱེ་བ་ཉན་ཐོས་སྡེ་པའི་ལུགས་དང་། དེ་ལས་གཞན་པ་སྡེ་པ་གཞན་གྱི་ལུགས་སོ། །དང་པོ་ནི། གང་འདོད་ཁས་ལེན་གྲངས་ལྟར་སྣ་གཅིག་སྤྱོད། །སྣ་འགའ་ཕལ་ཆེར་སྤྱོད་དང་ཡོངས་རྫོགས་སྤྱོད། །གཅིག་གཉིས་གསུམ་དང་ལྔ་སྤོང་ཞེས་པ་སྟེ། སྐྱབས་འགྲོ་བླངས་ནས་དེའི་བསླབ་བྱ་ཙམ་བསྲུང་བ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་སྔར་བཤད་པ་དེ་ལ། ཉི་འོག་པ་དང་མདོ་སྡེ་པ་དག །དེ་དགེ་བསྙེན་གྱི་སྡོམ་པ་མ་ཡིན་ཡང་དགེ་བསྙེན་མཚན་ཉིད་པ་ཡིན་ཟེར། བྱེ་བྲག་ཏུ་སྨྲ་བ། དགེ་བསྙེན་གྱི་སྡོམ་པ་མེད་ན། དེ་དགེ་བསྙེན་མཚན་ཉིད་པ་མ་ཡིན་པར་འདོད། བཤད་མ་ཐག་པའི་དགེ་བསྙེན་གྱི་སྤང་བྱ་ལྔ་ལས། སྲོག་གཅོད་ཙམ་སྤོང་བ་སྣ་གཅིག་སྤྱོད་པ་དང་། དེའི་སྟེང་མ་བྱིན་ལེན་ཙམ་སྤོང་བ་སྣ་འགའ་སྤྱོད་པ་དང་། དེ་གཉིས་ཀྱི་སྟེང་རྫུན་དང་གསུམ་སྤོང་བ་ཕལ་ཆེར་སྤྱོད་པ་དང་། དེ་གསུམ་གྱི་སྟེང་དུ་འདོད་ལོག་དང་ཆང་སྟེ་ལྔ་ཆར་སྤོང་བ་ཡོངས་རྫོགས་དགེ་བསྙེན་ནོ། །དེ་བཞིན་ལ་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སྡོམ་པ་ལེན་པའི་ཚེ་དགེ་བསྙེན་ཙམ་དུ་ཁས་བླངས་ནས་ཕྱིས་བསྲུང་དུས་སྣ་གཅིག་སོགས་གང་འདོད་བསྲུང་བ་ལ་དེ་དག་སྤྱོད་ཅེས་འདོད་དེ། མཛོད་ལས། སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །དེ་བསྲུང་བ་ལ་བསྲུང་ཞེས་གྲགས། །ཅེས་སོ། །མདོ་སྡེ་པ་ལྟར་ན། ལེན་པའི་ཚེ་བདག་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་པ་ལྟ་བུ་གང་འདོད་ཁས་བླངས་ནས་དེ་བསྲུང་བ་སྟེ། དེ་ལས་གཞན་དུ་ཡོངས་རྫོགས་བླངས་ནས་ཕྱིས་དེ་མ་བསྲུངས་ན་ཚུལ་འཆལ་དུ་འགྱུར་པའི་ཕྱིར། ཞེས་འདོད་དོ། །གཉིས་པ་ནི། དེ་ཡི་སྟེང་། མི་ཚངས་སྤྱོད་སྤོང་ཚངས་སྤྱོད་དགེ་བསྙེན་ནོ། །འདི་དང་གོ་མི་གཉིས་ནི་ཁྱིམ་པ་དང་། །རབ་བྱུང་གཉིས་ཀ་མིན་ཞེས་མཁས་རྣམས་བཞེད། །ཅེས་པ་སྟེ། ཡོངས་རྫོགས་དགེ་བསྙེན་གྱི་སྤང་བྱའི་སྟེང་མི་ཚངས་སྤྱོད་སྤོང་བ་ནི་ཚངས་སྤྱོད་ཀྱི་དགེ་བསྙེན་ཏེ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ལ། །ཞེས་སོགས་ཀྱིས་བསྟན་པར་མདོ་སྡེ་པ་འདོད་ཅིང་། འདི་དང་གོ་མིའི་དགེ་བསྙེན་གཉིས་ཆོ་འཕྲུལ་བསྟན་པའི་མདོ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། རབ་བྱུང་ཡོན་ཏན་དུ་མ་ལྡན་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་མོད་ཀྱི། །སེམས་ཅན་ཀུན་ལ་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་བདག་གིས་རྒྱལ་སྲིད་སྒྲུབ། །ཇི་སྲིད་འཚོའི་བར་ཚངས་པར་སྤྱོད་བྱེད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པའང་བླང་བར་བགྱི། །ཞེས་གསུངས་པའི་ཕྱིར། འདི་གཉིས་ཁྱིམ་པ་དང་རབ་བྱུང་གཉིས་ཀ་མ་ཡིན་ཏེ། ཁྱིམ་ཐབ་སྤང་བས་འདོད་པ་འཁྲིག་བཅས་ཀྱི་ཁྱིམ་པ་མ་ཡིན་པ་གང་ཞིག །རབ་བྱུང་གི་རྟགས་མ་བླངས་པས་དེ་ཡང་མ་ཡིན་པའི་ཕྱིར་རོ། །གསུམ་པ་དགེ་བསྙེན་གྱི་ཕྱོགས་མཐུན་གྱི་བསླབ་བྱ་ལ། དངོས་དང་། སྔགས་པ་ཁྱིམ་པས་ཀྱང་འདུལ་བའི་བསླབ་བྱ་ལ་གཅེས་སྤྲས་བྱ་དགོས་པར་གདམས་པའོ། །དང་པོ་ནི། མི་དགེ་ལྷག་དྲུག་ཕྱོགས་མཐུན་སྤང་བྱ་དང་། །ཞེས་པ་སྟེ། སྤྱིར་མི་དགེ་བ་བཅུ་ལས་མི་གསོད་པ་སོགས་ལུས་ཀྱི་ལས་གསུམ་དང་། ངག་གི་རྫུན་སྨྲ་བ་རྣམས་ནི་རྩ་བ་ཡིན་པའི་ཕྱིར། དེ་བཞི་བྱུང་ན་སྡོམ་པ་གཏོང་བས་སླར་བླང་བར་བྱ་ཞིང་། མི་མ་ཡིན་གསོད་པ་སོགས་བཞི་དང་ཆང་འཐུང་བའི་ཉེས་པ་སྟེ་ལྔ་བྱུང་ན་སྡོམ་ལྡན་གྱི་དྲུང་དུ་བཤགས། དེ་ལས་གཞན་པ་ཕྲ་མ་སོགས་ངག་གི་ལས་གསུམ་དང་ཡིད་ཀྱི་གསུམ་སྟེ་མི་དགེ་བ་ལྷག་མ་དྲུག་ནི་ཕྱོགས་མཐུན་གྱི་སྤང་བྱ་སྟེ། དེ་དག་ཀྱང་འགྱོད་སྡོམ་གྱི་སེམས་ཀྱིས་ཕྱིར་འཆོས་པར་བྱ་བ་ཡིན་ནོ། །གཉིས་པ་ནི། དགེ་བསྙེན་སྡོམ་ལྡན་རིག་པ་འཛིན་པས་ཀྱང་། །རབ་བྱུང་རྟགས་དང་ཆོ་ག་མ་གཏོགས་པ། །ལྷག་རྣམས་ཉམས་སུ་ལེན་པར་དཔུང་བཟང་བཤད། །ཅེས་པ་སྟེ། དགེ་བསྙེན་གྱི་སྡོམ་ལྡན་སྔགས་ལ་ཞུགས་པ་ཡིན་ན། དེ་ལྟ་བུའི་དགེ་བསྙེན་རིག་པ་འཛིན་པ་དེས་ཀྱང་། ངུར་སྨྲིག་བགོ་བ་དང་ལྷུང་བཟེད་འཆང་བ་སོགས་རབ་བྱུང་གི་རྟགས་ཀྱི་བསྐོར་དང་། ལས་ཀྱི་ཆོ་ག་དང་བཅས་རྐྱང་འགའ་ཞིག་མ་གཏོགས་ལྷག་རྣམས་འདུལ་བ་ནས་ཇི་ལྟར་འབྱུང་བ་བཞིན་དུ་ཉམས་སུ་ལེན་དགོས་པར་གསུངས་ན་སྔགས་པ་རབ་བྱུང་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དཔུང་བཟང་ལས། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། ༈ །གཉིས་པ་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའི་བསླབ་བྱ་ལ་གསུམ་སྟེ། དགེ་ཚུལ་ཕ་མའི། དགེ་སློབ་མའི། དགེ་སློང་གི་བསླབ་བྱའོ། །དང་པོ་ལ་གསུམ་སྟེ། དགེ་ཚུལ་གྱི་བླངས་འདས་དངོས། ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས། རབ་བྱུང་གི་དུས་སུ་བླངས་པ་ལས་འདས་པའི་ཕྱོགས་མཐུན་ནོ། །དང་པོ་ནི། སྲོག་གཅོད་རྐུ་དང་མི་ཚངས་སྤྱོད་དང་རྫུན། །ཆང་འཐུང་གར་སོགས་ཕྲེང་སོགས་མལ་ཆེ་མཐོ། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བ་སྟེ། །ཞུམ་པ་སྤང་ཕྱིར་རགས་པ་བཅུར་དྲིལ་གསུངས། །ཞེས་པ་སྟེ། འདི་ལ། དངོས་སུ་བཤད་པ་རགས་པ་བཅུ། དེ་ལས་ཞིབ་མོར་རྩིས་ན་སུམ་ཅུ་རྩ་གསུམ་དུ་འགྱུར་བའོ། །དང་པོ་ནི། བྲྀ་ཛིའི་བུ་བཞིན་དུ་བསླབ་གཞི་མང་པོ་ཐོས་པས་ཞུམ་སྟེ། སྡོམ་པ་ལེན་པ་ལས་ལྡོག་པ་སྤང་བའི་ཆེད་དུ་རགས་པ་བཅུར་དྲིལ་ནས་གསུངས་པའང་གཉིས་སུ་འདུ་སྟེ། རྩ་བ་དང་། ཡན་ལག་གོ། །དང་པོ་བཞི་ལ་རྩ་བ་ཞེས་བྱ་སྟེ། བསྲུངས་ན་ཚུལ་ཁྲིམས་སུ་འགྱུར་ཞིང་མ་བསྲུངས་ན་ཁྲིམས་འཆལ་དུ་འགྱུར་བས་སོ། །ཕྱི་མ་དྲུག་ལ་ཡན་ལག་ཅེས་བྱ་སྟེ། རྩ་བ་བཞི་པོ་དེ་བསྲུང་བའི་ཐབས་སུ་གྱུར་པས་དེ་སྐད་ཅེས་བྱའོ། །དེ་ཡང་ཆང་གིས་དྲན་པ་ཉམས་པར་བྱེད་པས་དེ་སྤང་བ་བག་ཡོད་ཀྱི་ཡན་ལག་དང་། གཞན་ལྔ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ། གར་སོགས་ཀྱིས་དྲེགས་པ་བསྐྱེད་ཅིང་གསེར་དངུལ་ལེན་པ་གསོག་འཇོག་གི་རྩ་བར་གྱུར་པའི་ཕྱིར་རོ། །དེ་ལ་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཁོ་ནར་འདུས་པས་ཕམ་འདྲའི་ཉེས་བྱས་ནི། མིའམ་མིར་ཆགས་པའི་སྲོག་བཅད་པ། རིན་ཐང་ཚང་བའི་དངོས་པོ་རྐུ་བ། མི་ཚངས་པར་སྤྱོད་པ། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ། འདི་བཞི་ལ་དགེ་སློང་གི་སྐབས་སུ་འཆད་འགྱུར་ལྟར་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཚང་ན་ཕམ་འདྲའི་ཉེས་བྱས་སུ་འགྱུར་ཞིང་། འཆབ་མེད་ལ་གསོར་རུང་དང་འཆབ་བཅས་བྱུང་ན་གསོར་མི་རུང་བའང་དགེ་སློང་དང་འདྲ་སྟེ། སུམ་བརྒྱ་པ་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་བྱུང་ན། །དགེ་སློང་བཞིན་དུ་དགེ་ཚུལ་ལའང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་སོ། །བཤགས་བྱའི་ཉེས་བྱས་ལ་དྲུག་སྟེ། མྱོས་འགྱུར་འཐུང་བ། རྒོད་བག་གིས་རང་དགར་གླུ་གར་རྩེ་ཞིང་རོལ་མོ་འཁྲོལ་བ་སྟེ་གར་སོགས་གསུམ་དང་། འཕྱོར་སྒེག་གིས་རྒྱན་ཕྲེང་འདོགས་པ་ཁ་དོག་འཆང་བ་སྤོས་བྱུག་པ་སྟེ་ཕྲེང་སོགས་གསུམ། རྒྱུ་རིན་ཐང་ཅན་དང་ཁྲུ་གང་ལས་ལྷག་པའི་མལ་ཆེ་མཐོ། ཕྱི་དྲོ་དུས་རུང་གི་ཟས་ལ་སྤྱོད་པ། གསེར་དངུལ་ལེན་པ་སྤོང་བའོ། །གཉིས་པ་ནི། རྩ་བཞི་གསོད་གསུམ་བཞི་མེད་ནས། །སུན་འབྱིན་བར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་སྐུར། །ཉེར་འཇོག་འབྲས་ཆན་འགེབས་དང་ཆང་། །གར་གསུམ་ཕྲེང་གསུམ་མལ་ཆེ་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་པ་ལྟར། རྩ་བ་བཞི་དང་། སྲོག་གཅོད་ཀྱི་ཕམ་འདྲའི་ཆར་གཏོགས་དུད་འགྲོ་གསོད་པ། སྲོག་ཆགས་དང་བཅས་པའི་རྩ་དང་ཆུར་འདེབས་པ། སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པ་སྟེ་གསོད་པ་གསུམ། རྫུན་གྱི་ཆར་གཏོགས། གཞི་མེད་དང་། བག་ཙམ་གྱིས་ཕམ་པའི་སྐུར་འདེབས། དགེ་འདུན་དབྱེན། དེ་རྗེས་ཕྱོགས། ཁྱིམ་སུན་འབྱིན་པ། ཤེས་བཞིན་རྫུན་དུ་སྨྲ་བ། བཤེས་ངོར་འཕྱ་བ། ཞལ་ཏ་པར་འཕྱ་བ། ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ཞེས་སྐུར་འདེབས། ལྷག་མའི་སྐུར་འདེབས། བསླབ་པ་ལ་ཁྱད་གསོད་ཀྱིས་སྤོང་བ། ལྷག་པོ་ལེན་ཕྱིར་འབྲས་ཆན་འགེབས་པ་སྟེ་བཅུ་གཉིས། དེ་ལྟར་རྩ་བཞི་དང་དེའི་ཆར་གཏོགས་བཅོ་ལྔ་སྟེ་བཅུ་དགུ། ཆང་། གར་སོགས་གསུམ། ཕྲེང་སོགས་གསུམ། མལ་ཆེ་མཐོ་རྣམས་སོ་སོར་གྲངས་པ་དང་། ཕྱི་དྲོའི་ཁ་ཟས། གསེར་དངུལ་ལེན་པ་རྣམས་བསྣན་པས་སུམ་ཅུ་དང་། འོག་ནས་འབྱུང་བའི་ཉམས་པ་གསུམ་དང་བཅས་པས་བླངས་འདས་སུམ་ཅུ་རྩ་གསུམ་མོ། །ལུང་རིགས་གཏེར་མཛོད་དུ། སྲོག་གཅོད་གསུམ་དང་། རྫུན་ལས་འབྲས་ཆན་འགེབས་པ་དོར་བའི་ལྷག་བཅུ་གཅིག་སྟེ་བཅུ་བཞི་པོ་སྔར་ལྟར་ལས། དེའི་སྟེང་དུ་མ་བྱིན་ལེན་གྱི་ཆར་གཏོགས་ཁང་པ། ཁང་ཆེན། རིན་པོ་ཆེའི་ཁབ་རལ་བྱེད་པ་གསུམ་དང་། མི་ཚངས་སྤྱོད་ཀྱི་ཆར་གཏོགས་དགེ་འདུན་གྱིས་སྤངས་པའི་མཚན་མི་མཐུན་པ་དང་ལྷན་ཅིག་ཉལ་བ་སྤོང་བ། རྩ་བ་བཞི་གའི་ཆར་གཏོགས་གསོ་སྦྱོང་། དབྱར་གནས། དགག་དབྱེ། གནས་སློབ་ལ་བསྟེན་ནས་གནས་པ་རྣམས་སྟེ། རྩ་ལྟུང་བཞིའི་ཆར་གཏོགས་ཉེར་གཉིས་སུ་བཞེད་དོ། །གཉིས་པ་ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་ནི། ཆོས་གོས་ལྷུང་བཟེད་འཆང་བ་འབྲལ་བ་དང་། །ས་རྐོ་རིན་ཆེན་རེག་དང་མེ་ལ་རེག །སྤངས་ནས་ཟ་དང་ཤིང་འཛེག་ཤིང་གཅོད་དང་། །བྱིན་ལེན་རྩྭ་སྔོན་ཁྲོད་དུ་མི་གཙང་འདོར། །གསོག་འཇོག་ཟ་དང་ས་བོན་འཇོམས་པ་རྣམས། །གནང་བས་ཉེས་མེད་བཅུ་གསུམ་མ་གཏོགས་པ། དགེ་སློང་ཇི་བཞིན་སྤང་བླང་མཐའ་དག་གཅིག །འཆང་བའི་ཟླར་བསྡུ་གོས་རྒྱུ་ཟླ་བར་འཇོག །འབྲལ་བའི་ཟླར་བསྡུ་དགོན་པའི་འབྲས་སྤང་བྱེད། །གསོག་འཇོག་ཟླར་བསྡུ་གསོག་འཇོག་བྱེད་པའང་གནང་། །ཞེས་པ་སྟེ། ཉེས་མེད་བཅུ་གསུམ་པོ་འདི་ནི་བསྟན་བཅོས་བྱེ་བྲག་བཤད་པ་ལས། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །སྤངས་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོ་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་གསུངས་པའི་འཆང་བ་ལ་གཉིས་སུ་ཕྱེ་བས་ཉེས་མེད་བཅུ་གསུམ་དང་། དེའི་སྟེང་དུ་བོད་ཀྱི་འདུལ་འཛིན་རྣམས་ཀྱིས་རུང་མཐུན་སྦྱར་བ་ལ། ཟླ་འཇོག་གསོག་འཇོག་དགོན་པ་འབྲལ། །མ་སྨྲས་འདུན་སྒྱུར་མ་རྫོགས་ཉལ། །ཞེས་པ་ལྟར་དྲུག་བསྣན་ནས་ཉེས་མེད་བཅུ་དགུར་འདོད་ཅིང་། འདི་ནི་ཟླ་འཇོག །དགོན་པའི་འབྲལ་སྤང་། གསོག་འཇོག་གི་སྤང་བ་རྣམས་ཉེས་མེད་དུ་ཞུ་བ་ཁ་ཆེ་བ་ལས་དངོས་སུ་བཤད་ཅེས་མཁས་མཆོག་བུ་སྟོན་རིན་པོ་ཆེས་གསུངས་པ་ལྟར་མཛད་ལ། འདུལ་འཛིན་འགའ་ཞིག །འདུན་པ་ཕྱིར་སྒྱུར་དོར་ནས་ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་དང་། དགེ་ཚུལ་ནང་དུ་ནུབ་ལྷག་ཉལ་བསྲུང་མི་དགོས་ཀྱང་ཁྱིམ་པ་དང་བསྲུང་དགོས་པས་ཕྱེད་དེ། དེ་ལྟར་ཉེས་མེད་ཕྱེད་དང་བཅོ་བརྒྱད་དོ་ཞེས་བཞེད། གང་ལྟར་ཡང་བསླབ་པའི་གཞི། བཅུ་པོ་རྣམས་ནི་མ་གཏོགས་པ། །ཞེས་སྔར་དྲངས་པ་ལྟར་གྱི་དངོས་སུ་བླངས་འདས་རྣམས་ཕམ་འདྲ་དང་བཤགས་བྱའི་ཉེས་བྱས་ཅི་རིགས་སུ་འགྱུར་བའི་ཕྱིར་དེ་རྣམས་དང་། གནང་བའི་ཉེས་མེད་རྣམས་མ་གཏོགས་པའི་གཞི་དང་རྣམ་འབྱེད་ནས་བཤད་པའི་སྤང་བླང་ཕལ་ཆེར་དགེ་སློང་ལྟར་ལས། དེ་ཐམས་ཅད་དགེ་ཚུལ་གྱི་སྐབས་འདིར་ཕྱོགས་མཐུན་གྱི་ཉེས་བྱས་སུ་འགྱུར་ཞིང་། དེ་དག་བཤགས་ཡུལ་ལ་མི་ལྟོས་པར་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་པ་ཡིན་ཏེ། མདོ་རྩར། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ། །ཞེས་སོ། །གསུམ་པ་རབ་བྱུང་གི་དུས་སུ་བླངས་པ་ལས་འདས་པའི་ཕྱོགས་མཐུན་ནི། ཁྱིམ་རྟགས་སྤོང་ཉམས་རབ་བྱུང་རྟགས་ལེན་ཉམས། །བརྙས་པས་མཁན་པོར་ཉམས་ཏེ་ཉམས་པ་གསུམ། །སྤང་བ་དགེ་ཚུལ་སྡོམ་པའི་བསླབ་བྱའོ། །ཞེས་པ་སྟེ། ཁྱིམ་པའི་རྟགས་སྤོང་བ། རབ་བྱུང་གི་རྟགས་ལེན་པ། མཁན་པོར་གསོལ་བ་བཏབ་པ་རྣམས་ལས་ཉམས་པའི་ཕྱོགས་མཐུན་གྱི་ཉེས་པའོ། །གལ་ཏེ་འདི་གསུམ་རབ་བྱུང་གི་བླངས་འདས་དངོས་དང་ཁྱད་པར་ཡོད་དམ་མེད། མེད་ན་དགེ་ཚུལ་གྱི་བླངས་འདས་སུ་ཇི་ལྟར་འགྱུར། ཡོད་ན་ཁྱད་པར་གང་ཡིན་ཞེ་ན། དེའི་ཁྱད་པར་ཡོད་ཚུལ་འདི་ཡིན་ཏེ། རབ་བྱུང་གི་སྡོམ་པས་མ་བསྡམས་པའི་རབ་བྱུང་བར་མ་ཙམ་ཞིག་བླངས་པ་དེས་ནི་བར་མའི་དུས་ཐོབ་པའི་བླངས་འདས་དངོས་གསུམ་པོ་དེ་བསྲུངས་པས་ཆོ ག་ལ། གལ་ཏེ་དེ་མ་བསྲུངས་ན་རབ་བྱུང་གཏོང་བྱེད་ཀྱི་རྒྱུར་ཡང་གསུངས་ཏེ། བསམ་པ་ཐག་པ་ནས་ཁྱིམ་པའི་རྟགས་ཉིན་གཅིག་ཙམ་བླངས་པས་ཀྱང་དེ་གཏོང་བའི་ཕྱིར། མཛོད་ལས། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་སོ། །དགེ་ཚུལ་གྱིས་ནི་བར་མའི་དུས་དངོས་སུ་བླངས་པ་གསུམ་དུ་མ་ཟད། དེའི་ཕྱོགས་མཐུན་སུམ་བརྒྱ་པར་རྒྱས་པར་བཤད་པ་རྣམས་ཀྱང་བསྲུང་དགོས་པའི་ཁྱད་པར་ཡོད་ཅིང་། ཕྱོགས་མཐུན་རྣམས་ཀྱིས་ནི་བར་མ་གཏོང་བའང་མ་ཡིན་ཏེ། འདིར་བཤགས་བྱ་དང་བསྡམ་བྱའི་ཉེས་བྱས་ཅི་རིགས་སུ་བཤད་པའི་ཕྱིར་རོ། ༈ །གཉིས་པ་དགེ་སློབ་མའི་བསླབ་བྱ་ནི། དགེ་སློབ་མ་ནི་དགེ་ཚུལ་ཐོབ་པའི་སྟེང་། །ཞེས་པས་དགེ་ཚུལ་གྱི་བསླབ་གཞི་བཅུ་ཐོབ་པའི་སྟེང་དུ་དགེ་སློབ་མའི་སྡོམ་པ་བླངས་ནས་ལོ་གཉིས་སུ་དེའི་བསླབ་བྱ་ལ་སློབ་པ་སྟེ། དེ་ལ་གཉིས། རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་གོ། །དང་པོ་ནི། གཅིག་འགྲོ་ཆུར་རྒྱལ་སྐྱེས་རེག་ལྷན་ཅིག་འདུག །སྨྱན་བྱ་ཉེས་འཆབ་རྩ་བའི་ཆོས་དྲུག་གོ། །ཞེས་པ་སྟེ། འདི་རྣམས་ནི་ས་གའི་ལྷས། གཅིག་པུར་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་མི་རེག་ཅིང་། །དེ་དང་ལྷན་ཅིག་འདུག་མི་བྱ། །ཁ་ན་མ་ཐོ་མི་འཆབ་ཅིང་། །གཉེན་དུ་འགྱུར་བར་མི་བྱ་སྟེ། །རྩ་བའི་ཆོས་དྲུག་འདི་དག་ནི། །དགེ་སློབ་མ་ལ་གསུངས་པ་ཡིན། །ཞེས་སོ། །གཉིས་པ་ནི། གསེར་བཟུང་འདོམས་སྤུ་འདྲེག་དང་ས་རྐོ་སྤང་། །བྱིན་ལེན་མེད་དང་གསོག་འཇོག་བྱས་མི་ཟ། །རྩྭ་སྔོན་མི་གཅོད་འདི་རྣམས་རྗེས་མཐུན་དྲུག །ཅེས་པ་སྟེ། དེ་ལས། ས་ལེ་སྦྲམ་ནི་ལེན་པ་དང་། །གསང་བའི་གནས་ཀྱི་སྤུ་འདྲེག་དང་། །ས་རྣམས་རྐོ་བར་བྱེད་པ་དང་། །རྩྭ་སྔོན་ལ་སོགས་གཅོད་པ་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །གསོག་འཇོག་བྱས་པ་ཟ་བ་ལས། །ལྡོག་པ་ཞེས་བྱ་དེ་བཞིན་གཞན། །རྗེས་མཐུན་ཆོས་ནི་དྲུག་ཏུ་འདོད། །ཅེས་གསུངས་ཤིང་། དེ་དག་དགེ་སློབ་མའི་བླངས་པ་ལས་འདས་པའི་ཉེས་བྱས་ཡིན་ལ། ཕྱོགས་མཐུན་བསྡམ་བྱ་ནི། ཉེས་མེད་བདུན་མ་གཏོགས་པ་དགེ་སློང་མའི་བསླབ་གཞི་གཞན་དག་ནི་འདིར་བླངས་པའི་ཕྱོགས་མཐུན་ཡིན་པས། དེ་དག་ལས་འདས་ན་ཡིད་ཀྱི་བསྡམ་བྱའོ། །དེ་ལ་ཉེས་མེད་བདུན་ནི། འཆང་དང་འབྲལ་དང་མེ་རེག་དང་། །སྤངས་པ་ཟ་དང་ས་བོན་འཇིག །རྩྭ་སྔོན་ཡོད་པའི་ཕྱོགས་དག་ཏུ། །མི་གཙང་འདོར་དང་ཤིང་ལ་འཛེག །ཅེས་སོ། ༈ །གསུམ་པ་དགེ་སློང་གི་བསླབ་བྱ་ལ་གསུམ་སྟེ། གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། །རང་གི་བསམ་སྦྱོར་ཕུན་སུམ་ཚོགས་པས་བསྲུང་བ། །ཇི་ལྟར་བསྲུང་བའི་བསླབ་བྱ་བཤད་པའོ། །དང་པོ་ནི། དགེ་ཚུལ་དང་བསྙེན་རྫོགས་བྱས་མ་ཐག་པ་དེས། རང་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་དང་ལྔ་ཕྲུགས་དང་ལྡན་པ་སྟེ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་མ་བྱུང་གི་བར་དུ་གནས་ཀྱི་བླ་མ་ཁྱད་པར་ཅན་ལ་བསྟེན་ནས་བླང་དོར་མ་ནོར་བར་བྱེད་པ་སྟེ། དེ་ལ་གནས་དང་གནས་པའི་མཚན་ཉིད་ནི། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་བཤད། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་པས་བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་དང་ལྡན་པ་གནས་ཀྱི་མཚན་ཉིད། དེ་ལས། སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡང་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་གནས་པ་སློབ་མའི་མཚན་ཉིད་དོ། །གནས་ཇི་ལྟར་བཅའ་ཚུལ་ནི། མཁན་པོ་ཡོད་ན་དེར་གྱུར་པ་ཉིད་ཀྱིས་གནས་ཀྱི་བླ་མར་ཡང་གྱུར་ཟིན་ཡིན་པས་གནས་གསར་དུ་འཆའ་མི་དགོས་ཏེ། མཁན་པོ་དེ་ཉིད་གནས་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཁན་པོ་མེད་ན་བླ་མར་འོས་པའི་དགེ་སློང་ཞིག་ལ་གནས་འཆའ་བའི་ཆོ་ག་བྱས་ཏེ། ལྷན་ཅིག་གནས་ནས་ཞག་གཉིས་པའི་སྐྱ་རེངས་ཤར་བའི་ཚེ་དེ་ཉིད་གནས་ཀྱི་སློབ་དཔོན་དུ་འགྱུར་ཞིང་། བླ་མ་གཅིག་གི་འཁོར་དུ་གནས་པ་དགེ་སློང་གི་ཚོགས་མང་པོ་དག་རུང་མོད། དགེ་ཚུལ་ནི་གཅིག་ལས་བཞག་ཏུ་མི་རུང་བར་བཤད་ལ། དེ་ཡང་ནུབ་གསུམ་ལས་ལྷག་པར་ལྷན་ཅིག་གནས་སུ་མི་རུང་བས། ལྷན་ཅིག་གནས་པ་ཞེས་ནི་མི་བྱ་སྟེ། ཉེ་གནས་ཞེས་བྱའོ། །གནས་ཀྱི་སློབ་དཔོན་ལ་བརྟེན་ཚུལ་ནི། གནས་པས་གནས་ལ་མ་ཞུགས་པར་བྱ་བ་མི་བྱའོ། །ཞེས་པས་ཉེ་འཁོར་གྱི་མཆོད་རྟེན་ལ་ཕྱག་བྱ་བ་དང་གཤང་གཅི་འདོར་བ། ཞག་གཅིག་གནས་གཞན་དུ་ཕྱིན་པ་ལ་སོགས་པའི་བྱ་བ་དང་དུས་ཀྱི་དམིགས་བསལ་གསུངས་པ་རྣམས་མ་གཏོགས་བྱ་བ་ཐམས་ཅད་རང་ཉམས་སུ་མི་གཏོང་བར་དེ་ལ་ཞུ་ཞིང་། དེས་ཀྱང་ལེགས་པར་འདོམས་པའི་སྒོ་ནས་ཚུལ་བཞིན་དུ་བསྟེན་པ་ཡིན་ནོ། །གནས་བཅས་པ་འཇིག་པའི་རྒྱུ་ནི། གཉིས་ཀ་ལ་ལྟོས་མེད་ཀྱི་འདུ་ཤེས་སྐྱེས་པའོ། །ག ཉིས་པ་ལ། བསམ་པ་དང་། སྦྱོར་བའོ། །དང་པོ་ནི། བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་དང་། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོག་པའི་ཤེས་བཞིན་རྣམས་ལ་རྟག་ཏུ་བསྟེན་དགོས་ཏེ། ཉེས་པ་འབྱུང་བའི་རྒྱུའི་གཙོ་བོ་ནི། མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་རྣམས་ཡིན་པས། དེ་དག་རྣམ་པར་སུན་འབྱིན་པའི་གཉེན་པོ་བརྟེན་པར་བྱ་དགོས་པའི་ཕྱིར་རོ། །གཉིས་པ་ནི། རང་གིས་ཇི་ལྟར་ཁས་བླངས་པའི་བླང་དོར་གྱི་གནས་རྣམས་ཤེས་པའི་ཆེད་དུ་འདུལ་བའི་སྡེ་སྣོད་ལ་ཐོས་བསམ་ལེགས་པར་བྱ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། དེ་ནས་རབ་ཏུ་བྱུང་བ་ཡིས། །དང་པོར་བསླབ་ལ་རབ་གུས་བྱ། །སོ་སོ་ཐར་པ་འདུལ་བཅས་པ། །མང་ཐོས་དོན་གཏན་དབབ་ལ་བསྒྲིམས། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དགག་པའི་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ལའང་། བསླབ་པ་འཆའ་བའི་རྒྱུ། བཅས་པའི་ཕན་ཡོན། ཕན་ཡོན་ཅན་གྱི་བསླབ་བྱའོ། །དང་པོ་ནི། སྟོན་པས་གང་ལ་བརྟེན་ནས་བསླབ་པ་འཆའ་བར་མཛད་པ་བྱུང་བ་དང་བཅས་པའི་གླེང་གཞི་རྣམས་ཏེ། ཡུལ་གང་དུ། གང་ཟག་གང་གིས། ཉོན་མོངས་པ་ཇི་ལྟ་བུས། ཉེས་པ་གང་བྱས་པ་རྣམས་ཀྱིས་ཤེས་པར་བྱའོ། །འོ་ན་བཅས་པ་མཛད་པ་དུས་ནམ་གྱི་ཚེ་ཡིན་ཞེ་ན། ཁ་ཅིག་ད་ལྟར་གྱི་ཆོ་ག་དང་དུས་མཚུངས་པར་བྱུང་བ་དང་བཅས་པ་མཛད་ཟེར་ཀྱང་། མི་འཐད་དེ། སྟོན་པ་སངས་རྒྱས་ནས་ལོ་དྲུག་པ་ལ་འཆར་ཀ་དར་ཆོག་གིས་རྫོགས་པར་བཤད་ཅིང་། བཅས་པ་མཛད་པ་ནི་ལོ་བཅུ་གཉིས་འདས་ནས་ཡིན་པར་གསུངས་པའི་ཕྱིར། དེ་ལྟར་ཡང་། ས་གའི་ལྷས། སྟོན་ཀའི་ཆུ་བཞིན་དྲི་མེད་པར། །སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་པར་ལེགས་གནས་ཏེ། ཉོན་མོངས་སྤོང་བར་བྱེད་པ་ཡིན། །ཞེས་སོ། །གཉིས་པ་ནི། བསླབ་པ་བཅས་པ་ལ་ཕན་ཡོན་བཅུ་གསུངས་ཏེ། དེའི་སྡོམས་ནི། དགེ་འདུན་བསྡུ་དང་ལེགས་པར་བསྡུ། །བདེར་གནས་གནོད་མི་འཁུར་ཚར་གཅོད། །ངོ་ཚ་ཤེས་རྣམས་བདེར་གནས་དང་། །མ་དད་དད་དང་དད་རྣམས་འཕེལ། །འདི་ཡི་ཟག་བསྡམ་ཕྱི་མའི་ལྡོག །བསྟན་པ་ཡུན་རིང་གནས་པའོ། །ཞེས་པའི་དོན་ནི་རྣམ་པར་བཤད་པའི་སྒོ་བསྡུ་བ་ལས། དང་པོ་ནི་མདོར་བསྟན་ནོ། །གཉིས་པ་ནི་འདེད་པ་བསོད་ཉམས་ཀྱི་མཐའ་སྤང་བའོ། །གསུམ་པ་ནི་ངལ་ཞིང་དུབ་པའི་མཐའ་སྤང་བའོ། །བཞི་པ་ནི་ཚུལ་འཆལ་རྣམས་ནན་ཏུར་བྱ་བའི་ཕྱིར་རོ། །ལྔ་པ་ནི་ཚུལ་ལྡན་རྣམས་སྡིག་པའི་འགྱོད་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་མ་ཞུགས་པ་རྣམས་གཞུག་པའི་ཕྱིར་རོ། །བདུན་པ་ནི་ཞུགས་པ་རྣམས་སྨིན་པའི་ཕྱིར་རོ། །བརྒྱད་པ་ནི་ཀུན་དཀྲིས་རྣམ་པར་གནོན་པ་དང་མཐུན་པའི་ཕྱིར་རོ། །དགུ་པ་ནི་ལེགས་སྨོན་གྱི་ཚངས་སྤྱོད་རྣམས་བསལ་བའི་ཕྱིར་རོ། །བཅུ་པ་ནི་བསྟན་པ་རྒྱུན་མི་ཆད་པར་བྱ་བའི་ཕྱིར་རོ། །ཞེས་བཤད་དོ། །གསུམ་པ་ལ། ལྟུང་བའི་རྒྱུ། ངོ་བོ། མཚན་ཉིད། དབྱེ་བའོ། །དང་པོ་ལ་གསུམ་སྟེ། སྡེ་ལྔའི་དངོས་གཞི་ཇི་ལྟ་བ་བཞིན་བསྐྱེད་པའི་རྒྱུ་རྟེན་གྱི་གང་ཟག་ནི། སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། སྟོན་པའི་བཅས་པ་དང་འབྲེལ་བ། ཤེས་པ་རང་བཞིན་དུ་གནས་པ་དང་གསུམ་ཚང་བ་ཞིག་དགོས་སོ། །ཀུན་སློང་ཐུན་མོང་པའི་རྒྱུ་ནི། འདུལ་བའི་མ་མོ་བསྡུ་བར། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་སོ། །བྱེད་རྒྱུ་ཐུན་མོང་མ་ཡིན་པ་ནི། གཞི་གང་ལ་ལྟུང་བ་འབྱུང་བ་གཙོ་བོའི་རྒྱུ་སྟེ། མིའམ་མིར་ཆགས་པ་ལ་དེར་འདུ་ཤེས་པ་ནི་སྲོག་གཅོད་ཀྱི་ཕམ་པའི་བྱེད་རྒྱུ་ཡིན་པ་བཞིན་ནོ། །གཉིས་པ་ནི། སྟོན་པས་རབ་བྱུང་གི་རྟེན་ལ་བཅས་པའི་བསླབ་པ་ལས་འདས་པའི་ལུས་ངག་གི་ལས་ནི་ལྟུང་བའི་ངོ་བོ་སྟེ། སྤོང་བདུན་གྱི་རང་བཞིན་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་ལྟུང་བ་ཡིན་པའི་ཕྱིར། མཛོད་ལས། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱིས་ནི་བཅད་པ་ཡང་། །ཞེས་སོ། །གསུམ་པ་ནི། སོ་ཐར་གྱི་སྡོམ་ལྡན་དུ་ཁས་འཆེ་བའི་གང་ཟག་གིས་ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །འོ་ན་དགེ་སློང་མས་ཟླ་བོའི་ཕམ་པ་འཆབ་པ་དང་། གསོ་སྦྱོང་གི་དུས་སུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ལྟུང་བ་ཤེས་བཞིན་དུ་འཆབ་པ་དག་ལྟུང་བ་མ་ཡིན་པར་ཐལ། ལུས་ངག་གི་བཅས་པ་ལས་འདས་པ་མ་ཡིན་པའི་ཕྱིར་ཞེ་ན། དེ་དག་ལ་ལུས་ངག་གི་རིག་བྱེད་རགས་པ་མེད་ཀྱང་ཁ་འགྱུར་བ་དང་བ་སྤུ་གཡོ་བ་སོགས་ཀྱི་རིག་བྱེད་ཕྲ་མོ་དང་ལྡན་པའི་གཟུགས་ཡོད་པའི་ཕྱིར་སྐྱོན་མེད་དོ། །དེས་ན། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་པའང་བླང་དོར་མི་བརྗོད་པའི་དྲན་ཤེེས་ལ་ཡིད་ཀྱིི་སྡོམ་པའི་མིང་གིས་བཏགས་པ་ཙམ་དུ་ཟད་དེ། ཡིད་ཁོ་ན་ལ་ལྟུང་བ་རྣམ་པར་བཞག་པ་མེད་པའི་ཕྱིར། ལུང་གཏམ་གྱི་གཞི་ལས། སེམས་ལ་བྱུང་བ་འབའ་ཞིག་གི་ལྟུང་བ་མེད་དོ། །ཞེས་སོ། །བཞི་པ་ལ། ངོ་བོའི། ཡན་ལག་གི། རྒྱུ་འབྲས་ཀྱི། སྡེ་ཚན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་སྟེ། སྤྱིར་བཅས་པ་མེད་པའི་རྒྱུད་ལ་འབྱུང་བའི་མི་དགེ་བ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་གྲགས་ཀྱང་འདིར་འཆད་པའི་སྐབས་མ་ཡིན་ལ། འདིར་ལྟུང་བར་གྱུར་པའི་རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད། བཅས་ལྡན་དགེ་སློང་གི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་དེ་ཉོན་མོངས་པ་ཅན་གྱིས་ངེས་པར་བྱེད་དགོས་པའོ། །དེ་གང་ཞིག །ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་གི་རིགས་ལ་ཉོན་མོངས་པ་ཅན་ཡང་སྲིད་ལུང་མ་བསྟན་ཡང་སྲིད་པ་དེ་བཅས་རྐྱང་གི་མཚན་ཉིད་དོ། །དེས་ན་མ་བྱིན་ལེན་གྱི་ཕམ་པ་ལྟ་བུ་རང་བཞིན་དང་འབྲེལ་བའི་བཅས་ལྟུང་དང་། སྐྱེ་བ་གཅོད་པའི་ལྟུང་བྱེད་ལྟ་བུ་བཅས་རྐྱང་གི་ལྟུང་བ་ཡིན་ལ། དེ་གཉིས་འགལ་བ་མ་ཡིན་ཏེ། བསྙེན་པར་རྫོགས་པའི་རྒྱུད་ཀྱི་མ་བྱིན་ལེན་གྱི་ཕམ་པ་དེ། རྣམ་སྨིན་སྡུག་བསྔལ་བསྐྱེད་པའི་ཆ་ནས་རང་བཞིན་དང་། སྟོན་པའི་བཅས་འགལ་གྱི་ཆ་ནས་བཅས་ལྟུང་དུ་བཞག་པའི་ཕྱིར་རོ། །དེ་ལ་བྱེ་བྲག་ཏུ་སྨྲ་བས་ནི། ལྟུང་བའི་ངོ་བོ་གཟུགས་ཅན་དུ་འདོད་དེ། སོ་ཐར་གྱི་སྡོམ་པའི་འགལ་ཟླའི་ཉེས་པ་ཡིན་ན་ལུས་ངག་གི་ལས་ཡིན་པ་གང་ཞིག །དེ་ལ་རིག་བྱེད་ཡིན་མིན་གྱི་དབྱེ་བས་གཉིས་སུ་འབྱེད་དོ། །ཇི་ལྟར་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྦྱོར་མཇུག་གི་ལྟུང་བ་ལ་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་ཅིང་། དངོས་གཞིའི་ལྟུང་བ་ལ་རིག་བྱེད་མ་ཡིན་པས་ཁྱབ་པ་དང་། བཅས་པའི་ཁ་ན་མ་ཐོ་བའི་དབང་དུ་བྱས་པའི་དངོས་གཞི་ལའང་རིག་བྱེད་ཀྱི་གཟུགས་འདོད་པའི་སྐབས་ཡོད་དེ། དགྲ་བཅོམ་པའི་རྒྱུད་ཀྱི་བཅས་ལྟུང་བཞིན་ནོ། །དེ་ཡང་ལུང་གཏམ་གྱི་གཞི་ལས། དགེ་སློང་དགྲ་བཅོམ་པས་བྱེད་ན་ཉེས་པ་དེ་ཐམས་ཅད་ཀྱང་ལུང་དུ་མ་བསྟན་པའི་སེམས་ཀྱིས་བྱེད། ཅེས་གསུངས་པ་ལྟར་དེ་འདྲ་དེ་ལུང་མ་བསྟན་ཡིན་པས། རིག་བྱེད་མིན་པའི་གཟུགས་སུ་མི་འཐད་དེ། མཛོད་ལས། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ཡན་ལག་གི་སྒོ་ནས་དབྱེ་ན། དངོས་པོ་གཙོ་བོར་གྱུར་པ་དང་། འདུ་ཤེས་གཙོ་བོར་གྱུར་པ་གཉིས། དང་པོ་ནི། མི་ཚངས་སྤྱོད་ཀྱི་ཕམ་པ་ལྟ་བུ། གཉིས་པ་ནི། རྫུན་སྨྲའི་ལྟུང་བ་ལྟུ་བུའོ། །གསུམ་པ་རྒྱུ་འབྲས་ཀྱི་སྒོ་ནས་ཕྱེ་ན་གསུམ་སྟེ། སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞིའི་ལྟུང་བའོ། །དང་པོ་ནི། བྱ་བ་དེ་རྩོམ་པའི་ཕྱིར་སེམས་བསྐྱེད་པ་དང་སྟན་ལས་ལྡང་བ་ལ་སོགས་པ་སྟེ། ཉེས་བྱས་ཁོ་ན་ཡིན་ལ། དེ་ཡང་ཡིད་ལ་འགྱུ་བ་ཙམ་ལ་བསྡམ་བྱ་དང་། ལུས་ངག་ཏུ་འཐོན་ནས་བཤགས་བྱའི་ཉེས་བྱས་སོ། །གཉིས་པ་ནི། བྱ་བ་དེ་ལ་དངོས་སུ་སྦྱོར་བར་བྱེད་པའི་ལུས་ངག་གི་ལས་ཏེ། དབྱེ་ན། ཕམ་ལྷག་གི་སྦྱོར་བ་ནི་སྦོམ་པོ་དང་། གཞན་རྣམས་ཀྱི་སྦྱོར་བ་ནི་ཉེས་བྱས་ཁོ་ན་ཡིན་ནོ། །གསུམ་པ་ནི། བྱ་བ་དེ་མཐར་ཐུག་པའོ། །འཕྲོས་དོན་སྦོམ་པོ་ལ། སྤྱིར་ཡོན་ཏན་གྱི་སྒྲའི་སྦོམ་པོ་ཞེས་ཕམ་ལྷག་ལྟ་བུ་ལྕི་བ་དང་ལྟུང་བྱེད་མན་ཆད་ལྟ་བུའི་ཉེས་པ་མང་བ་ལ་ཟེར་བའི་ལུགས་ཀྱིས་སྡེ་ལྔ་ག་ལ་དེའི་མིང་གིས་བཏགས་ནས་བསྟན་པས་ན་སྦོམ་པོ་བཏགས་པ་བ་ཡིན་ལ། འདིར་མིང་དུ་ཆགས་པའི་སྦོམ་པོ་ཞེས་པ་སྦོམ་པོ་མཚན་ཉིད་པ་སྟེ། དབྱེ་ན། ཕམ་ལྷག་གང་རུང་གི་དངོས་གཞི་བསྐྱེད་ངེས་པའི་སྔོན་འགྲོའི་སྦོམ་པོ་ལྟ་བུ་སྦྱོར་བའི་སྦོམ་པོ་དང་། དངོས་གཞིའི་དུས་སུ་ཕམ་ལྷག་གང་རུང་བསྐྱེད་པར་མི་བྱེད་ཀྱང་རང་གི་ངོ་བོ་ཕམ་ལྷག་གང་རུང་གི་སྦྱོར་བ་དང་ཆ་འདྲ་བ་སྦྱོར་བའི་རྣམ་པའི་སྦོམ་པོ་སྟེ། དཔེར་ན་མིའི་འགྲོ་བ་པ་ལ་འཆི་ངེས་ཀྱི་མཚོན་བསྣུན་ནས་གསོད་སེམས་ལོག་པའི་སྦྱོར་བ་ལྟ་བུའོ། །ཕམ་ལྷག་གང་རུང་གི་མཐར་ཐུག་གི་རིགས་སུ་གནས་ཀྱང་རྒྱུ་ཚོགས་འགའ་ཞིག་མ་ཚང་བས་རང་གི་ངོ་བོ་ཕམ་ལྷག་གི་དངོས་གཞིའི་ཆར་གཏོགས་པའི་ཉེས་པ་རྣམས་ནི་དངོས་གཞིའི་རྣམ་པའི་སྦོམ་པོ་སྟེ། དཔེར་ན་ལྷའི་རྟེན་ཅན་གྱི་དགྲ་བཅོམ་པ་བསད་པ་དང་། གསོད་སེམས་མེད་ཀྱང་ཞེ་སྡང་གིས་མིའི་འགྲོ་བ་པའི་ལག་པ་གཅོད་པའི་དངོས་གཞིའི་ལྟུང་བ་ལྟ་བུའོ། །བཞི་པ་སྡེ་ཚན་གྱི་སྒོ་ནས་ཕྱེ་ན། སྡེ་ལྔ་སྟེ། ཕམ་པ་དང་། ལྷག་མ་དང་། ལྟུང་བྱེད་དང་། སོར་བཤགས་དང་། ཉེས་བྱས་སོ། །ལྟུང་བྱེད་ལ་གཉིས་ཏེ། དངོས་པོ་དེ་སྤངས་ནས་བཤགས་དགོས་པ་སྤང་ལྟུང་དང་། དེ་འདྲའི་ཆད་ལས་ལ་མི་ལྟོས་པ་འབའ་ཞིག་པའོ། །དེ་ཡང་སྦོམ་པོ་ནི་ཕམ་ལྷག་གང་རུང་དང་། སྦྱོར་བའི་ཉེས་བྱས་རྣམས་ཀྱང་རང་རང་གི་སྡེ་ཚན་དེ་དང་དེར་གཏོགས་ལ། གཞི་བཅུ་བདུན་ནས་བཤད་པའི་ཉེས་བྱས་རྣམས་ཀྱང་ཉེས་བྱས་ཀྱི་སྡེ་ཚན་ལས་གཞན་མ་ཡིན་པས་སྡེ་ལྔའི་རིགས་སུ་མ་འདུས་པའི་ལྟུང་བ་མེད་ཅིང་དེས་ན་ཉེས་བྱས་ཡིན་ན་སོ་ཐར་གྱི་མདོའི་སྡོམ་ཚིག་གིས་བསྡུས་པའི་ཉེས་བྱས་ཡིན་པས་མ་ཁྱབ་བོ། །སྡེ་ཚན་ལྔ་པོའི་ཁྱད་པར་ཡང་ཀུན་སློང་གི་སྒོ་ནས་འབྱེད་དགོས་ཏེ། དཔེར་ན་བུད་མེད་ལ་རེག་པ་ལྟ་བུ་མི་ཚངས་སྤྱོད་ཀྱི་ཀུན་སློང་གིས་བསླངས་ན་དེའི་སྦྱོར་བ་དང་། དེས་མ་བསླངས་ན་དགེ་འདུན་ལྷག་མར་འགྲོ་བ་བཞིན་ཏེ། དེའི་ཆ་ནས་དེར་གཏོགས་སོ། །ཞེས་གསུངས་པའི་ཕྱིར། ༈ གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། དགེ་སློང་ཕའི་བསླབ་བྱ་དང་། དགེ་སློང་མའི་བསླབ་བྱ་བཤད་པའོ། །དང་པོ་ནི། དགེ་སློང་ཁྲིམས་ལ་ཉིས་བརྒྱ་ལྔ་བཅུ་གསུམ། །ཞེས་པ་སྟེ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་མོ། །དང་པོ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྡོམ་པའི་རྩ་བ་ཕམ་པ་བཞི་ཞེས་པ། །ཞེས་པས་བཅས་ལྡན་དགེ་སློང་གིས་འདི་བཞི་གང་རུང་ལ་སྤྱད་ནས་སྐད་ཅིག་མ་གཅིག་བཅབས་ཀྱང་སྡོམ་པ་ལྷག་མ་མེད་པར་གཅོད་པར་བྱེད་པས་ན་རྩ་བའི་ལྟུང་བ་སྟེ། མི་མཐུན་ཕྱོགས་ཀྱིས་གཉེན་པོ་མཐུ་མེད་པར་བཅོམ་པའི་ཕྱིར་ཕམ་པ་བཞི་ཞེས་བྱའོ། །མཚན་ཉིད་ནི། བསྙེན་པར་རྫོགས་པའི་རིགས་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །རང་གི་དག་བྱེད་བསླབ་པ་བྱིན་ནས་སྤྱོད་པའི་གནས་ཕམ་པ་ཙམ་གྱི་མཚན་ཉིད། ཕམ་པ་གང་ཞིག །རྟེན་དེ་ལ་རྒྱུད་གསོར་རུང་དུ་བྱས་པ་འཆབ་མེད་དང་། སོར་ཆུད་པ་མི་སྲིད་པ་ཕའི་འཆབ་བཅས་ཀྱི་མཚན་ཉིད་དོ། །གཉིས་པ་རྒྱས་བཤད་ལ་བཞི་ལས། དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། གཞི་ཡི་ཡན་ལག་ཆ་ཀུན་བཟུང་འོས་པ། །སྐྱེ་གནས་ལམ་དུ་ཕོ་དབང་ལས་རུང་ནི། །བསམ་པ་ངོ་ཚ་འཇིགས་མེད་ཆགས་སེམས་ཀྱིས། །སྦྱོར་བ་དྲུད་པ་མཐར་ཐུག་སིམས་པ་ཐོབ། །དེས་ནི་ཚངས་པར་སྤྱོད་ལས་རྣམས་པར་ཉམས། །ཞེས་པ་སྟེ། གླེང་གཞི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་བཅུ་གསུམ་པ་ལ་ཡུལ་སྤོང་བྱེད་དུ་གང་ཟག་དགེ་སློང་བཟང་བྱིན་གྱིས་ཉོན་མོངས་པ་འདོད་ཆགས་ཀྱིས་ཉེས་པ་སྔར་གྱི་ཁྱིམ་ཐབ་ལ་མི་ཚངས་སྤྱོད་སྤྱད་པ་ལ་བརྟེན་ནས་བཅས་པ་མཛད་དོ། །དེ་ཡང་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ལས། གཞི་ནི། བརྟེན་བྱ་ཡུལ་འཁྲིག་པའི་རོའི་བདེ་བ་བསྐྱེད་ནུས་ཀྱི་ཡན་ལག་དེ་ཉིད་ཚང་བ་ནི་ཡན་ལག་གི་ཆ་ཀུན་བཟུང་བར་འོས་པ་སྟེ། ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་སྐྱེ་གནས་སུ་གཏོགས་པའི་ཁའམ་གཤང་ལམ་མམ་ཆུ་ལམ་གསུམ་པོ་གང་ཡང་རུང་བ་མ་ཉམས་པ་དོན་བྱེད་ནུས་པའོ། །རྟེན་བྱེད་རང་གི་ཕོ་དབང་ནད་མེད་ལས་སུ་རུང་བའོ། །བསམ་པ་ངོ་ཚ་དང་འཇིགས་སྐྲག་མེད་ཅིང་ཆགས་པར་གྱུར་པས་ཀུན་སློང་རེག་བདེ་ཉམས་སུ་མྱོང་འདོད་ཀྱིས། སྦྱོར་བ་བརྟེན་བྱར་སྩལ་ཞིང་དྲུད་པས། མཐར་ཐུག་ལམ་གསུམ་གྱི་མཚམས་ལས་འདས་ནས་སིམ་པ་ཐོབ་པ་སྟེ། བདེ་བ་ལུས་ཀྱིས་མྱོང་ཞིང་ཡིད་ཀྱིས་བདག་གིར་བྱས་པའོ། །དེ་ལྟ་བུའི་ཡན་ལག་ཚང་ན་མི་ཚངས་སྤྱོད་ཀྱི་ཕམ་པའི་དངོས་གཞིར་འགྱུར་ཏེ། ས་གའི་ལྷས། ཁ་ཤུན་སོ་དང་ལྤགས་པ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། །ཕྱི་རོལ་ཆར་ནི་ཅི་རིགས་པར། །སྦོམ་པོའམ་དགེ་འདུན་ལྷག་མའོ། །ཞེས་སོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། བརྐུ་བའི་གཞི་ནི་མི་གཞན་ནོར་ཡིན་པ། །བསམ་པ་རང་ཉིད་འཚོ་ཕྱིར་བརྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་བརྐུར་བཅུག་རྩད་ནས་ཐོབ། །ཅེས་པ་སྟེ། གླེང་གཞི་རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་རང་གི་ཁང་པ་བརྩིག་པའི་ཕྱིར་མ་སྐྱེས་དགྲའི་ཤིང་བརྐུས་པ་ལ་བརྟེན་ནས་བཅས་སོ། །ཡན་ལག་ལ་བཞི་ལས། གཞི་ནི། ཡུལ་རང་དང་ནོར་མི་གཅིག་པའི་མིའི་འགྲོ་བ་པས་བདག་ཏུ་བཟུང་བའི་རྫས། དངོས་པོ་ཁ་ཟས་དང་དུར་ཁྲོད་ཀྱི་རྫས་སོགས་དམན་པ་མ་ཡིན་པ། ཡུལ་གང་དུ་དུས་དེར་སྦྱོར་བ་གཅིག་གི་ནང་དུ་བརྐུ་བྱ་རྐུ་བྱེད་གཉིས་ཀ་ལ་ལྟོས་པའི་རིན་ཐང་ཚང་བ་སྟེ། དེའི་ཚད་ནི། ཀཱ་རི་ཀཱ་ལྔ་བཅུ་པ་ལས། ཀཪྵ་པ་ནའི་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པས་ཀཪྵ་པ་ནའི་བཞི་ཆ་རིན་ཐང་གི་ཚད་ཡིན་ལ། དེ་ཡང་རྒྱ་གར་དུ་མགྲོན་བུ་བསྲེགས་པའི་ཐལ་བ་ལ་རྩིས་པོ་ཆེར་བྱེད་པས་མགྲོན་བུའི་རིན་ཐང་དང་སྦྱར་ན། ཀ་ཀ་ནི་རེ་ལ་མགྲོན་བུ་ཉི་ཤུ། ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་སྟེ་མགྲོན་བུ་བརྒྱད་ཅུ། མ་ཤ་ཀ་ཉི་ཤུ་ལ་ཀཪྵ་པ་ན་གཅིག་སྟེ་མགྲོན་བུ་སྟོང་དྲུག་བརྒྱ་ཡིན། དེའི་བཞི་ཆ་མགྲོན་བུ་བཞི་བརྒྱའི་ཚད་མ་ཤ་ཀ་ལྔ་རིན་ཐང་གི་ཚད་དེ། སྤྱིར་མ་ཤ་ཀ་ཇི་ཙམ་ལ་ཀཪྵ་པ་ནར་བྱེད་པའི་ཚད་མཐའ་གཅིག་ཏུ་མ་ངེས་ཀྱང་། འདིར་མདོ་རྩ་བ་ལས་འབྲིང་ཚད་མ་ཤ་ཀ་ལྔ་ལ་མཛད་པ་ལྟར་རོ། །དེ་གསེར་གྱི་ཐང་དུ་རྩིས་ན། ཀ་ཀ་ནི་ཞེས་གུཉྩ་སྟེ་མ་རུ་མགོ་ནག །དེ་བཞི་ལ་མ་ཤ་ཀ་སྟེ་གསེར་སེ་པ་དོ། དེ་ལྔ་ལ་ཀཪྵ་པ་ནའི་བཞི་ཆ་སྟེ་གསེར་སེ་བ་བཅུ་ཡིན་པས། འདིར་ནས་ཁལ་ལྔ་ཙམ་རིན་ཐང་གི་ཚད་དུ་རིགས་ཏེ། མུ་གེ་མེད་པའི་དུས་སུ་གསེར་སེ་བ་ཉི་ཤུ་ལ་དབུས་ཞོ་གང་དུ་བྱས་པའི་ཞོ་རེ་ལ་ནས་ཁལ་བཅུ་མ་བྱེད་པའི་ཕྱིར། བསམ་པ་མིའི་རྫས་ལ་དེ་ཡིན་པར་འདུ་ཤེས་པའམ་ཡིད་གཉིས་ཟ་བས་ཀུན་སློང་རང་འཚོ་བའི་ཆེད་དུ་བརྐུ་འདོད་ཀྱིས། སྦྱོར་བ་རིན་ཐང་ཚང་བའི་དངོས་པོ་ལུས་ངག་གི་རིག་བྱེད་དུ་གྲུབ་པས་རྐུ་བར་རྩོམ་པ། མཐར་ཐུག་རང་གིས་བརྐུས་སམ་གཞན་བརྐུར་བཅུག་པའམ་རྩད་པ་གང་ཡང་རུང་བས་བརྐུ་བྱའི་རྫས་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའི་ཚུལ་གྱིས་ཐོབ་བློ་སྐྱེས་པའོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི། སྲོག་གཅོད་གཞི་ནི་མི་གཞན་མ་འཁྲུལ་བར། །བསམ་པ་གསོད་སེམས་གསད་བྱ་དེར་ཤེས་པ། །སྦྱོར་བ་གསོད་པར་བརྩམས་ནས་མ་བཟློག་པ། །མཐར་ཐུག་སྲོག་གི་དབང་པོ་འགགས་པ་དང་། །གསོད་བཅུག་ཡི་རང་བསྔགས་སོགས་རྐྱེན་བྱས་ཀྱང་། །ཞེས་པ་སྟེ། གླེང་གཞི་ཡུལ་སྤོང་བྱེད་དུ་དགེ་སློང་མང་པོ་མི་སྡུག་པའི་ཏིང་ངེ་འཛིན་བསྒོམས་པས་ལུས་མི་གཙང་བས་ཡིད་བྱུང་ནས་དགེ་སྦྱོང་སྦེད་གསོད་དུ་བཅུག་པ་ལ་བརྟེན་ནས་བཅས་སོ། །ཡན་ལག་ལ་བཞི་ལས། གཞི་ནི་མིའམ་མིར་ཆགས་པ་རང་ལས་རྒྱུད་གཞན་པ། བསད་དོ་བསམ་པ་དེ་ཉིད་མ་འཁྲུལ་པའོ། །བསམ་པ་བསད་བྱ་དེར་འདུ་ཤེས་པས་ཀུན་སློང་གསོད་སེམས་རྒྱུན་མ་ཆད་པ། སྦྱོར་བ་དུག་མཚོན་སོགས་ཀྱིས་གསོད་པར་བརྩམས་པ་ལས་མ་བཟློག་པས། མཐར་ཐུག་དེའི་ཚེའམ་གཞན་གྱི་ཚེ་གསོད་པ་པོ་རང་ཉིད་མ་ཤི་བའི་སྔ་རོལ་ཏུ་བསད་བྱའི་སྲོག་འགགས་པ་སྟེ། སུམ་བརྒྱ་པར། གང་ཞིག་རང་བཞིན་གནས་ལ་བསླབ་བཅས་པས། །མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། །བསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང་། །མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་སོ། །དེ་ཡང་རང་གིས་བསད་པ་ཙམ་དུ་མ་ཟད། གཞན་གསོད་དུ་བཅུག་པ་དང་གསོད་པ་ལ་ཡི་རང་བའི་བསྔགས་པ་བརྗོད་པ་ལ་སོགས་པས་རྐྱེན་བྱས་ཏེ་ཤི་ནའང་འདྲ་ཞིང་། དགེ་སློང་མང་པོས་གྲོས་བྱས་ནས་གཅིག་གིས་བསད་ཀྱང་ཐམས་ཅད་ལ་ཕམ་པ་འབྱུང་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པའི་ཕྱིར། བཞི་པ་རྫུན་སྨྲའི་ཕམ་པ་ནི། རྫུན་གྱི་གཞི་ནི་སྨྲ་ཤེས་དོན་གོའི་མིར། །བསམ་པ་འདུ་ཤེས་བསྒྱུར་ནས་བརྗོད་བློ་སྐྱེས། །སྦྱོར་བ་མངོན་ཤེས་ལ་སོགས་ཡོན་ཏན་ཚོགས། །མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་པ། །མཐར་ཐུག་གཞན་གྱིས་རྫུན་དེ་གོ་ན་ཉམས། །ཞེས་པ་སྟེ། གླེང་གཞི་ཡུལ་ཡངས་པ་ཅན་དུ་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མའི་རྫུན་སྨྲས་པ་ལ་བརྟེན་ནས་བཅས་སོ། །ཡན་ལག་ལ་བཞི་ལས། གཞི་ནི་གང་ལ་སྨྲ་བའི་ཡུལ་རང་ལས་རྒྱུད་གཞན་པའི་མི་ཐ་སྙད་ལྔ་ལྡན་ཏེ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པའོ། །གང་སྨྲ་བའི་དངོས་པོ་ནི་འདོད་ཁམས་ལས་གོང་དུ་འཕགས་པ་བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གང་རུང་སྟེ། ས་གའི་ལྷས། འདིར་ནི་སྒྲིབ་པ་རྣམ་པ་ལྔ། །མི་རྣམས་ཀྱི་ནི་ཆོས་སུ་ཐོས། །དེ་ཟད་བླ་མའི་ཆོས་སུ་འདོད། །ཅེས་སོ། །བསམ་པ་འདུ་ཤེས་བསྒྱུར་ནས་རྫུན་བརྗོད་འདོད་ཀྱི་བློ་སྐྱེས་པ། སྦྱོར་བ་མངོན་ཤེས་སོགས་གཞན་ལས་ཁྱད་པར་དུ་གྱུར་པའི་ཡོན་ཏན་གྱི་ཚོགས་མེད་ཀྱང་ཡོད་ཅེས་ངག་མཚན་ཉིད་དྲུག་ལྡན་གྱིས་མི་ཆོས་བླ་མའི་རྫུན་མངོན་པའི་ང་རྒྱལ་མེད་པར་སྨྲ་བའམ། གཞན་གྱིས་སྨྲས་པ་དང་དུ་ལེན་པར་རྩོམ་པའོ། །ངག་མཚན་ཉིད་དྲུག་ལྡན་ནི། ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་བ། གསལ་པོར་དང་། མངོན་སུམ་དུ་སྨྲ་བའོ། །མཐར་ཐུག་གཞན་གྱིས་དེ་ལྟར་གོ་ན་ཕམ་པའོ། །གསུམ་པ་དོན་བསྡུ་བ་ནི། འདི་བཞི་གང་སྤྱད་དགེ་སློང་དེ་ཕམ་ཕྱིར། །ཕས་ཕམ་བཞི་ཞེས་ཐམས་ཅད་མཁྱེན་དེས་གསུངས། །ཞེས་པ་སྟེ། དེ་ལྟར་བཤད་མ་ཐག་པའི་ཆོས་བཞི་པོ་འདི་གང་ལ་སྤྱད་ཀྱང་རང་རང་གི་རྒྱུ་ཚོགས་སུ་བཤད་པ་ལྟར་གྱི་ཡན་ལག་མཐའ་དག་མ་ཚང་ན་སྦོམ་པོ་དང་། ཚང་ན་ཕམ་པ་དངོས་གཞི་སྟེ། མི་མཐུན་ཕྱོགས་ཀྱིས་གཉེན་པོ་བཅོམ་པས་དགེ་སློང་དེ་ཕམ་པར་བྱས་པའི་ཕྱིར། ཕས་ཕམ་བཞི་ཞེས་སྟོན་པ་ཐམས་ཅད་མཁྱེན་དེས་གསུངས་སོ། །དེ་ལྟར་ཡང་སོ་སོ་ཐར་པ་ལས། དགེ་སློང་དག་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །ཞེས་སོ། ༈ །གཉིས་པ་དགེ་འདུན་ལྷག་མའི་སྡེ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དགེ་འདུན་ལྷག་མ་བཅུ་གསུམ་ཞེས་གྲགས་པ། །ཞེས་པ་སྟེ། གསོ་བ་དགེ་འདུན་ལ་རག་ལས་ཤིང་སྡོམ་པ་རྣམ་དག་གི་ལྷག་ལུས་པས་ན་དགེ་འདུན་ལྷག་མ་ཞེས་བྱ་སྟེ། དེའི་མཚན་ཉིད། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །ལྷག་མའི་མིང་གིས་ཕྱིར་བཅོས་ན་དག་ཏུ་རུང་བའོ། །དབྱེ་ན། ནང་སེམས་ཅན་ལ་ཆགས་པ་ལྔ་དང་ཕྱི་རོལ་ཡོ་བྱད་ལ་ཆགས་པ་གཉིས་ཏེ་འདོད་པ་ལས་གྱུར་བ་བདུན། གནོད་པ་ལས་གྱུར་པ་གཉིས། བསྒོ་བ་ལས་གྱུར་པ་བཞི་སྟེ་བཅུ་གསུམ་མོ། །གཉིས་པ་རྒྱས་བཤད་ནི། བགྲོད་མིན་གནས་སུ་ཁུ་བ་འབྱིན་པ་དང་། །ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན། །འཁྲིག་ཚིག་རྗེན་སྨྲ་བུད་མེད་ཆགས་ཕྱིར་བཀུར། །ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་ཏེ་འཕྲད། །རང་དོན་ཚད་ལྷག་ཁང་པ་ཁང་ཆེན་བརྩིགས། །བརྗོད་གཞི་མེད་དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་སྐུར་བཏབ་དགེ་འདུན་དབྱེན། །དབྱེན་དེའི་རྗེས་ཕྱོགས་བསླབ་པ་དང་འགལ་བ། །ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་སྙོན་པ། །ལྟུང་བྱང་བསྐུལ་ཚེ་བཀའ་བློ་མི་བདེ་བའོ། །ཞེས་པ་ལྟར་བཅུ་གསུམ་ལས། དང་པོ་འབྱིན་པའི་ལྷག་མ་ནི། འདི་ནི་བསྙེན་བཀུར་གྱི་བར་བཞིའི་གླེང་གཞི་གཉན་ཡོད་དུ་འཆར་ཀ་ལ་བཅས་ཏེ། བགྲོད་བྱའི་ཡུལ་ལམ་གསུམ་མིན་པའི་རང་ངམ་གཞན་གྱི་ཡན་ལག་གི་གནས་སུ་དབྱུང་འདོད་ཀྱི་བསམ་པས་རང་གི་ནོར་བུ་རེག་ཅིང་རྩོལ་བ་ལས། ཁུ་བ་གནས་ནས་འཕོས་ཤིང་བདེ་བ་མྱོང་བའོ། །གཉིས་པ་འཛིན་པའི་ལྷག་མ་ནི། ཡུལ་ལུས་བརྟེན་རུང་གི་བུད་མེད་ལ་ཆགས་སེམས་ཀྱིས་རེག་པར་འདོད་པས། དེའི་ལུས་དངོས་སམ་སྐྲ་སོགས་ཆ་ཤས་ལ་བར་དུ་ཆོད་པ་མེད་པར་རེག་པ་ལས་བྱུང་བའི་བདེ་བ་མྱོང་བའོ། །གསུམ་པ་འཁྲིག་ཚིག་ནི། ཡུལ་བརྡ་འཕྲོད་པའི་བུད་མེད་བརྟེན་རུང་ལ་ཆགས་སེམས་ཀྱིས་ཡུལ་དུས་དེར་འཁྲིག་པའི་དངོས་མིང་དུ་གྲགས་པའི་ཚིག་རྗེན་པར་སྨྲས་པ་ཡུལ་དེས་གོ་བའོ། །བཞི་པ་བསྙེན་བཀུར་བསྔགས་པ་ནི། ཡུལ་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་པ་དོན་དུ་གཉེར་ཕྱིར་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་ན་བསྙེན་བཀུར་རྣམས་ཀྱི་ནང་ནས་མཆོག་གོ་ཞེས་རང་གིས་སྨྲས་སམ་ཡུལ་གྱིས་སྨྲས་པ་དང་དུ་བླངས་ཀྱང་རུང་སྟེ། གོ་ཡུལ་དེ་ལ་བརྡ་འཕྲོད་པའོ། །ལྔ་པ་སྨྱན་བྱེད་པ་ནི། མཉན་ཡོད་དུ་དྲུག་སྡེ་ལ་བཅས་ཏེ། སྤྲད་བྱ་རང་ལས་གཞན་པའི་ཕོ་མོ་སྤྲད་དུ་རུང་བ་ཕན་ཚུན་སྦྱོར་འདོད་ཀྱིས་རང་ངམ་བསྐོས་པས་འཕྲིན་གསུམ་གྱི་སྒོ་ནས་སྨྱན་བྱས་པས་དེ་གཉིས་འདུས་ཏེ་དབང་པོ་འཕྲད་པའོ། །དྲུག་པ་ཁང་པའི་ལྷག་མ་ནི། འདི་དང་ཁང་ཆེན་གཉིས་སྟོན་པ་ཀ་ཤམྦྷིར་བཞུགས་པའི་ཚེ་དྲུག་སྡེ་ལ་བཅས། དེ་ཡང་གཞི་སྲོག་ཆགས་མང་ཞིང་རྩོད་པ་ཅན་དང་འཇིག་རྐྱེན་ཡོད་པས་མི་རུང་བའི་སར་གཞན་ལ་འབད་པས་བཙལ་བའི་ཡོ་བྱད་ཀྱིས་དགེ་འདུན་ལས་གནང་བ་མ་ཐོབ་པར་རང་དོན་དུ་ཁང་པ་རྩིག་འདོད་ཀྱིས་སྲིད་དུ་མིའི་ཁྲུ་བཅོ་བརྒྱད་དང་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་པ་རང་ངམ་གཞན་ལ་བསྐོས་ཀྱང་རུང་སྟེ། རྩིག་པས་ཀུན་ནས་བསྐོར་ཞིང་ཐོག་ཕུབ་ཟིན་པའོ། །བདུན་པ་ཁང་ཆེན་ནི། གང་ཟག་བཞིར་ལོངས་པ་ཡན་ཆད་ཀྱི་དོན་དུ་བརྩིགས་པ་སྟེ། འདི་ལ་བཙལ་བ་དང་ཚད་ལྷག་ཡན་ལག་ཏུ་མི་དགོས་ཤིང་། གཞན་ཐམས་ཅད་སྔར་དང་འདྲ་བའོ། །བརྒྱད་པ་གཞི་མེད་ཀྱི་སྐུར་འདེབས་ནི། འདི་དང་བག་ཙམ་གྱི་སྐུར་འདེབས་གཉིས་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ལ་བཅས། ཡུལ་དགེ་སློང་གཞན་ལ་བརྗོད་པའི་གཞི་མཐོང་ཐོས་དོགས་གསུམ་མེད་པར་ཕམ་བཞི་གང་རུང་གི་སྒོ་ནས་སྐུར་འདེབས་ཀྱི་ཚིག་གསལ་པོར་སྨྲས་པ་ཡུལ་གྱིས་གོ་བའོ། །དགུ་པ་བག་ཙམ་གྱི་སྐུར་འདེབས་ནི། ཡུལ་དགེ་སློང་གཞན་ལ་གླེང་བའི་སྙད་ཀ་བག་ཙམ་ཡོད་པ་ལ་བརྟེན་ནས་ཚིག་ཟུར་གྱི་ཤུགས་ཀྱིས་ཕམ་པའི་སྒོ་ནས་སྐུར་པ་བཏབ་ཅིང་གོ་བའོ། །བཅུ་པ་དགེ་འདུན་དབྱེན་ནི། རྒྱལ་པོའི་ཁབ་ཏུ་ལྷས་སྦྱིན་ལ་བཅས་ཏེ། མཚམས་ནང་གཅིག་ཏུ་བཅས་ལྡན་དགེ་སློང་གིས་རང་མི་ཐེ་བའི་དབྱེ་བྱ་དགེ་འདུན་དུ་ལོངས་པ་གཉིས་ཆོས་མིན་གྱི་ལྟ་བས་ཕན་ཚུན་འབྱེད་པ་ལ་ཟློག་བྱེད་ལྔས་བཟློག་ཀྱང་དེའི་ཐ་མ་བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་བའོ། །ཟློག་བྱེད་ལྔ་ནི། གཞམས་སྒོ་དང་། དགེ་འདུན་གྱི་གསོལ་བ་དང་། བརྗོད་པའི་ལས་གསུམ་མོ། །དེ་ལས་ལྟུང་བ་བསྐྱེད་ཚུལ་ནི། དང་པོ་བཞིའི་མཐར་སྦོམ་པོ་རེ་རེ་དང་། བརྗོད་པ་གསུམ་པའི་མཐར་མི་གཏོང་ན་ལྷག་མའི་དངོས་གཞི་སྟེ། འོག་མ་གསུམ་ལའང་འགྲེའོ། །འདིར་དབྱེན་གྱི་ལྷག་མ་དང་། དེའི་མཚམས་མེད་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། ཡོད་དེ། མཚམས་མེད་ལ་དགེ་འདུན་བྱེ་བ་ཞིག་ངེས་པར་དགོས་ཤིང་། འབྱེད་པ་པོའང་དགེ་སློང་དུ་ངེས་ལ། ལྷག་མ་ནི་དགེ་འདུན་བྱེ་བར་མ་ནུས་ཀྱང་། དེའི་སྦྱོར་བར་ཞུགས་པ་ལ་ཟློག་བྱེད་ལྔའི་མཐར་མ་བཏང་བ་ཉིད་ཀྱིས་ཆོག་ཅིང་། འབྱེད་པ་པོའང་དགེ་སློང་ཉིད་དུ་མ་ངེས་ཏེ། དགེ་སློང་མ་ལའང་དབྱེན་གྱི་ལྷག་མ་འབྱུང་བའི་ཕྱིར་རོ། །བཅུ་གཅིག་པ་དབྱེན་དེའི་རྗེས་སུ་ཕྱོགས་པ་ནི། རྒྱལ་པོའི་ཁབ་ཏུ་ལྷས་སྦྱིན་གྱི་གྲོགས་བྱེད་པའི་དགེ་སློང་ཀོ་ཀ་ལི་ཀ་སོགས་བཞི་ལ་བཅས་ཏེ། དགེ་སློང་གང་དགེ་འདུན་གྱི་དབྱེན་ལ་ཞུགས་པའི་དགེ་སློང་དེའི་གྲོགས་བྱེད་འདོད་ཀྱིས་རྗེས་སུ་ཞུགས་ཤིང་ཟློག་བྱེད་ལྔའི་མཐའ་ལ་མ་བཏང་བའོ། །བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ནི། གཉན་ཡོད་དུ་ནབས་སོ་དང་འགྲོ་མགྱོགས་ལ་བཅས་ཏེ། བུད་མེད་དང་ལྷན་ཅིག་རྩེད་འཇོ་དང་བཟའ་བཏུང་ལ་སྤྱོད་པ་སོགས་བསླབ་པ་དང་འགལ་བའི་ངན་སྤྱོད་ཀྱིས་ཁྱིམ་པའི་སེམས་སུན་ཕྱུངས་ཏེ་མ་དད་པར་བྱེད་པ་པོའི་དགེ་སློང་གང་དགེ་འདུན་གྱིས་བསྐྲད་པ་ན། སྐྲོད་བྱེད་དགེ་འདུན་ལ་འགྲོ་མིན་བཞིའི་སྙོན་ཚིག་གིས་སྐུར་འདེབས་ལ་ཞུགས་ཤིང་ཟློག་བྱེད་ལྔའི་མཐར་མ་བཏང་བའོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བ་ནི། ཀ་ཤམྦྷིར་འདུན་པ་ལ་བཅས་ཏེ། ལྟུང་བ་བྱུང་བར་གླེང་དྲན་བྱས་ལ་ཆགས་པའི་དགེ་སློང་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་དགེ་འདུན་གྱིས་ཕྱིར་བཅོས་བྱ་བར་བསྐུལ་བ་ན། ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་བོ་ལ་ཅི་ཡང་མ་སྨྲ་ཞིག་ཅེས་བཀའ་བློ་མི་བདེ་བའི་གཞིར་ཞུགས་པ་ཉིད་ཟློག་བྱེད་ལྔ་པའི་མཐའ་ལ་མ་བཏང་བའོ། །འཕྲོས་དོན་རྩ་བའི་མདོར། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་མ་ངེས་པ་གཉིས་གསུངས་ཏེ། ཁྲིམས་གྲོགས་མེད་པའི་དབེན་པ་སྒྲིབ་བྱེད་ཀྱི་སྐྱབས་ཡོད་པའི་གནས་སུ་དགེ་སློང་དང་བུད་མེད་ལྷན་ཅིག་ཏུ་འདུག་པའི་ཚེ། གནས་དེ་མི་ཚང་སྤྱོད་བྱར་རུང་མི་རུང་གི་ཁྱད་པར་ལས། དགེ་སློང་དེ་ལ་ཕམ་ལྷག་ལྟུང་བྱེད་གསུམ་གང་རུང་ངམ། ལྷག་མ་ད ང་ལྟུང་བྱེད་གཉིས་གང་བྱུང་མ་ངེས་པའམ་དངོས་པོ་ལ་མཐའ་གང་དུ་འགྱུར་མ་ངེས་པའོ། །མ་ངེས་པ་གཉིས་གཞུང་འདིར་ཚིག་ཟིན་ལ་མི་འབྱུང་བ་ནི། གནས་དེར་འདུག་ཙམ་ལྟུང་བྱེད་དང་། དེའི་འབྲས་བུར་གྱུར་པ་ཕམ་ལྷག་གང་རུང་གི་ནང་དུ་འདུས་པས་ལོགས་སུ་མ་གསུངས་སོ། ༈ །གསུམ་པ་སྤང་བ་ལྟུང་བྱེད་ཀྱི་སྡེ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྤང་བ་ལྟུང་བྱེད་སུམ་ཅུའི་སྡེ་བཤད་པ། །ཞེས་པ་སྟེ། གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་སྤངས་པའི་སྒོ་ནས་ཕྱིར་བཅོས་དགོས་ཤིང་། མ་བཅོས་ན་རྣམ་སྨིན་ངན་སོང་དུ་ལྟུང་བར་བྱེད་པས་ན་སྤང་ལྟུང་ཞེས་བྱ་སྟེ། དེའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །སྤང་བ་ལྟུང་བྱེད་ཀྱི་མིང་གིས་ཕྱིར་བཅོས་ན་དག་ཏུ་རུང་བའོ། །དབྱེ་ན། གོས་ཀྱི་སྡེ། སྟན་སོགས་ཀྱི་སྡེ། ལྷུང་བཟེད་སོགས་ཀྱི་སྡེ་གསུམ་རེ་རེ་ལ་བཅུ་བཅུ་སྟེ། སྤང་ལྟུང་སུམ་ཅུའོ། །གཉིས་པ་རྒྱས་བཤད་ལ། བཅུ་ཚན་གསུམ་ལས། དང་པོ་ནི། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་། །གོས་རྒྱུ་ཟླ་གཅིག་འཇོག་དང་དགེ་སློང་མར། །ཆོས་གོས་འཁྲུར་འཇུག་དེ་ལ་གོས་རྒྱུ་ལེན། །ཉེ་མིན་ཁྱིམ་པར་གོས་རྒྱུ་སློང་བ་དང་། །སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན། །རང་ལ་སྟེར་བསམ་ཆོས་གོས་གནས་དཔགས་པ། །རིན་དང་ཁྲུ་ཚད་ཀྱིས་སློང་རྟགས་དྲན་སློང་། །གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་སོ། །ཞེས་པ་ལྟར་བཅུ་ལས། དང་པོ་འཆང་བའི་སྤང་བ་ནི། འཆང་འབྲལ་འཇོག་གསུམ་གཉན་ཡོད་དུ་དགེ་སློང་མང་པོ་ལ་བཅས། དེ་ཡང་སྲ་བརྐྱང་མ་བཏིང་བའི་གང་ཟག་གིས། རང་དབང་ཞིང་བདག་ཏུ་བཟུང་བའི་གོས་ལྷག་པོ། ཚད་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའམ། གལ་ཏེ་བྱིན་གྱིས་བརླབ་རུང་གི་ཆོས་གོས་རྣམ་གསུམ་ཡོད་པ་དང་། མེད་ཀྱང་ཆོས་གོས་ཀྱི་ཁ་བསྐང་བའི་རེ་བ་མེད་ན་ཁྲུ་གང་གི་ཚད་དུ་ལོངས་པ། རང་མིང་ངམ་རྣམ་བརྟགས་གང་རུང་གིས་བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་དང་རྗེས་སུ་འབྲེལ་བས། རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་བཅུ་འདས་ནས་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བའོ། །འདི་ལ་གོས་ལྷག་པོ་ལྟ་ཅི་སྨོས། རང་དབང་ཞིང་གནས་སྐབས་དབང་བྱར་ཡོད་པའི་གོས་རྙེད་ནས་ཞག་བཅུའི་ནང་དུ། གོས་བྱིན་བརླབས་ཅན་སྔར་མེད་ན་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་གང་རུང་དུ་རང་མིང་གིས་བྱིན་གྱིས་རློབ་ཅིང་། གལ་ཏེ་བྱིན་བརླབས་ཅན་སྔ་མ་ཡོད་ན། ཕྱིས་རྙེད་པ་དེ་ཞེ་ཐག་པ་ནས་གཞན་ལ་བསྔོ་བ་དང་། ལྷག་པོའམ་མཁོ་བའི་ཡོ་བྱད་དུ་རྣམ་བརྟགས་ཀྱིས་བྱིན་གྱིས་བརླབ་པ་གང་རུང་བྱ་དགོས་པ་ཡིན་ནོ། །འོ་ན་སྤང་བ་བསྐྱེད་པ་ལ་བྱིན་གྱིས་མ་བརླབས་པའི་གོས་དེས་རང་སྟོབས་ཉིད་ཀྱིས་ཞག་བཅུ་འདས་དགོས་སམ་སྙམ་ན། མི་དགོས་ཏེ། བྱིན་གྱིས་མ་བརླབས་པའི་གོས་སྔ་མས་ཞག་གཅིག་ནས་དགུའི་བར་གང་རུང་ལོན་ལ། དེའི་རྗེས་སུ་གོས་གཉིས་པ་ཞིག་རྙེད་ན། དེ་ཉིད་ཀྱི་ཉིན་པར་སྔ་མའི་ཞག་ཤན་ཕྱི་མ་ལ་འབྱུང་བས། སྔ་མས་ཞག་གང་ལོན་དེ་ཕྱི་མས་ཀྱང་ལོན་པར་འཇོག་དགོས་པའི་ཕྱིར་ཏེ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ། །ཞེས་གསུངས་པའི་ཕྱིར། བྱིན་གྱིས་བརླབས་པ་ཙམ་གྱིས་ཉེས་པ་དེ་ཁེགས་སམ་ཞེ་ན། སྔ་ཕྱི་གཉིས་ཀ་བརླབས་པའམ། ཤན་མ་འདྲེས་གོང་དུ་སྔ་མ་དེ་བརླབས་ན་ཁེགས་མོད། སྔ་མ་བྱིན་གྱིས་མ་བརླབས་ན་ཕྱི་མ་བརླབས་ཀྱང་སྔ་མའི་ཤན་སྟོབས་ཀྱིས་དེའི་ཉེས་པ་མི་ཁེགས་ཏེ། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ། །ཞེས་སོ། །སྔ་མ་བརླབ་པས་རྟིང་མ་ལ་ཤན་མི་འབྱུང་ནའང་། དེས་རྟིང་མ་བྱིན་གྱིས་བརླབས་པའི་གོ་མི་ཆོད་དེ། རྟིང་མས་ཞག་བཅུ་ལོན་པའི་ཚེ་རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པ་བཞིན་ནོ། །སྤྱིར་ཤན་གྱི་རྣམ་གྲངས་ལ་བཞི་སྟེ། གོས་ཀྱི། ལྷུང་བཟེད་ཀྱི། སྨན་གྱི། ལྟུང་བའི་ཤན་ནོ། །དང་པོ་ལ། ཞག་བཅུ་པའི་དང་། ཟླ་འཇོག་གི་ཤན་གཉིས་ཡོད། དེ་གཉིས་སྤྱིར་བཏང་ལ་བརྡེག་བྱ་རྡེག་བྱེད་དུ་མི་རུང་མོད། དམིགས་བསལ་ལ་མུ་བཞི་ཡོད་དེ། སྔར་རྙེད་པའི་ཟླ་འཇོག་གི་གོས་ཏེ། ཕྱིས་ཆོས་གོས་ཡོངས་རྫོགས་རྙེད་པའི་སྟོབས་ཀྱིས་ཞག་བཅུ་པའི་གོས་སུ་རིགས་ལོག་ཅིང་། གོས་ཕྱི་མ་དེ་སྔ་མའི་ཕྱི་དྲོ་དེ་ཀ་རྙེད་པ་ཡིན་ན་ཤན་མི་འབྱུང་ལ། ཞག་ཕྱི་མ་རྣམས་ལ་རྙེད་ན་ཤན་ཀྱང་འབྱུང་བ་དང་། ཡང་གོས་སྔ་རྟིང་གཉིས་ཀ་ཟླ་བར་བཞག་ཏུ་རུང་བའི་གོས་ཡིན་ན་རིག་མ་ལོག་མོད། རྟིང་མ་རྙེད་པའི་གོས་དེ་ཞག་ཕྱི་མའམ། ཞག་དེ་ཀའི་ནང་དུ་རྙེད་པའི་ཁྱད་པར་ལས་ཤན་འབྱུང་མི་འབྱུང་སྟེ། དེ་ལྟར་མུ་བཞིའོ། །དེས་ན་གོས་དང་ལྷུང་བཟེད་ཀྱི་ཤན་ནི། རྡེག་བྱེད་བྱིན་གྱིས་མ་བརླབས་པ་ཉིད་ཀྱིས། བརྡེག་བྱ་རང་དང་དུས་མཉམ་པའམ་རྟིང་ལ་རྙེད་པའི་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་མ་བརླབས་གང་ཡིན་ཀྱང་འདྲ་སྟེ་ཤན་འཇུག་པ་ཡིན་ནོ། །སྨན་གྱི་ཤན་ནི་རྡེག་བྱེད་བྱིན་གྱིས་བརླབས་པ་ཉིད་ཀྱིས། བརྡེག་བྱ་བྱིན་གྱིས་བརླབས་པ་དང་མ་བརླབས་པ་གཞན་ལ་ཤན་རྡེག་པ་ཡིན་ཅིང་། དེ་ཡང་སྔ་དྲོ་ཐུན་ཚོད་དུ་རུང་བའི་སྨན་གཉིས་དང་། ཞག་དང་པོ་ལ་ཞག་བདུན་པའི་སྨན་བུ་རམ་ལྟ་བུ་གཉིས་རྙེད་པ་ལས། སྨན་གཅིག་བྱིན་གྱིས་བརླབས། གཅིག་མ་བརླབས་པར་བཞག་པ་ན། ཐུན་ཚོད་ཀྱི་མཐའ་དང་ཞག་བདུན་པ་འདས་ནས་བརྒྱད་པའི་སྐྱ་རེངས་ཤར་བའི་ཚེ་བྱིན་གྱིས་བརླབས་པས་རང་སྟོབས་དང་། མ་བརླབས་པས་ཤན་སྟོབས་ཀྱི་གསོག་འཇོག་གི་སྤང་བ་བསྐྱེད་ལ། ཡང་དུས་མི་མཉམ་པའི་དབང་དུ་བྱས་ན། ཐུན་ཚོད་ཀྱི་སྨན་སྔ་དྲོ་རྙེད་པ་དང་། ཚེས་གཅིག་ལྟ་བུར་བུ་རམ་གྱི་སྨན་རྙེད་པ་བྱིན་གྱིས་བརླབས་ནས་བཞག །ཕྱི་དྲོ་ཐུན་ཚོད་ཀྱི་སྨན་གཉིས་པ་དང་། ཞག་གཉིས་ནས་བདུན་གྱི་བར་བུ་རམ་གྱི་སྨན་གཉིས་པ་རྙེད་པ་བྱིན་གྱིས་བརླབས་སམ་མ་བརླབས་ཀྱང་འདྲ་སྟེ། རང་རང་གི་དུས་འདས་པའི་ཚེ་སྔ་མས་རང་སྟོབས་དང་ཕྱི་མས་ཤན་སྟོབས་ཀྱི་སྤང་ལྟུང་བསྐྱེད་ཅིང་། ཁྱད་པར་ཞག་བདུན་པའི་སྨན་ཤན་ནི་བུ་རམ་གྱིས་བུ་རམ་ལ་རྡེག་པ་ལྟ་བུ་སྨན་སྔ་ཕྱི་རིགས་མཐུན་པ་དགོས་ཏེ། ཞག་བདུན་པ་ནི་རིགས་མཐུན་པ་ལའོ། །ཞེས་གསུངས་པའི་ཕྱིར། གཞན་རྣམས་ལ་ནི་བཅས་པ་རིགས་འདྲ་བས་ཆོག་གི་རྫས་སྔ་ཕྱི་རིགས་མཐུན་པ་མི་དགོས་ཤིང་། འཚོ་བཅངས་ཀྱི་སྨན་ནི་ཇི་སྲིད་འཚོའི་བར་དུ་གནང་བས་ཤན་མི་འབྱུང་ངོ་། །ལྟུང་བའི་ཤན་ནི། སྤང་ལྟུང་སུམ་ཅུ་ལས་གང་རུང་བྱུང་བ་ཕྱིར་བཅོས་མ་བྱས་པའི་བར་ལ་གོས་སོགས་འཚོ་བའི་ཡོ་བྱད་གང་རྙེད་ཀྱང་རུང་སྟེ། ལྟུང་བ་སྔ་མ་དེ་ཕྱིར་བཅོས་བྱེད་པའི་ཚེ་དེའི་རྒྱུར་གྱུར་པའི་རྫས་དེ་ཉིད་དུ་མ་ཟད། ཡོ་བྱད་རྟིང་མ་དེ་རྣམས་ཀྱང་སྔ་མའི་ཤན་གྱིས་སྤོང་དགོས་པ་ཡིན་ཏེ། ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ། །ཞེས་སོ། །འཆང་འབྲལ་འཇོག་གསུམ་གྱི་ཉེས་པ་འདི་ནི། སྲ་བརྐྱང་བཏིང་ཆགས་ཀྱི་གང་ཟག་ལ་མི་འབྱུང་སྟེ། དེ་ལ་དེ་གསུམ་བག་ཡངས་ཀྱི་ཚུལ་དུ་གནང་བའི་ཕྱིར་རོ། །གཉིས་པ་འབྲལ་བའི་སྤང་བ་ནི། རྣམ་སྦྱར་ལ་འབྲལ་བའི་གནང་བ་མ་ཐོབ་ཅིང་སྲ་བརྐྱང་མ་བཏིང་བའི་གང་ཟག་གིས་འཇིགས་བཅས་ཀྱི་དགོན་པ་ལས་གཞན་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་པོ་ཐམས་ཅད་དམ་གང་རུང་བཞག་པའི་གནས་ཉེ་འཁོར་དང་བཅས་པ་ལས་ཞག་གཅིག་བྲལ་ནས་ཞག་ཕྱི་མའི་སྐྱ་རེངས་ཤར་བའོ། །གསུམ་པ་ཟླ་འཇོག་གི་སྤང་བ་ནི། སྲ་བརྐྱང་མ་བཏིང་ཞིང་ཆོས་གོས་གསུམ་གང་རུང་མེད་པའི་གང་ཟག་གིས་ཁ་བསྐང་བའི་རེ་བ་དང་བཅས་པའི་ཆོས་གོས་ཀྱི་རྒྱུ་ཁྲུ་གང་གི་ཚད་དུ་ལོངས་ཤིང་འཁོར་གསུམ་མི་ཁེབས་པ། བྱིན་གྱིས་མ་བརླབས་པའམ། བརླབས་ཀྱང་ཤན་དང་རྗེས་སུ་འབྲེལ་བས། རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་སུམ་ཅུ་འདས་ནས་སོ་གཅིག་པའི་སྐྱ་རེངས་ཤར་བའོ། །བཞི་པ་འཁྲུར་འཇུག་པའི་སྤང་བ་ནི། གཉན་ཡོད་དུ་འཆར་ཀ་ལ་བཅས་ཏེ། བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་རང་གི་ཆོས་གོས་གསུམ་དང་གདིང་བ་རྙེད་པ་ལས་གང་རུང་འཁྲུར་བཅུག་པ་ན། གོས་ཀྱི་ཕྱོགས་གཅིག་ཙམ་འཁྲུ་བའི་ལས་བྱས་པའོ། །ལྔ་པ་གོས་ལེན་པའི་སྤང་བ་ནི། འདི་ནས་བསྐུར་བའི་བར་དྲུག་ཀ་གཉན་ཡོད་དུ་ཉེར་དགའ་ལ་བཅས་ཏེ། ཆོས་གོས་རྣམ་གསུམ་ཡོད་པའི་དགེ་སློང་གིས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པ་ཡན་ཆད་ཀྱི་གོས་བསླངས་པས་ལག་ཏུ་ཐོབ་པའོ། །དྲུག་པ་སློང་བའི་སྤང་བ་ནི། ཆོས་གོས་རྣམ་གསུམ་ཡོད་པའི་དགེ་སློང་གིས་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་འཁོར་གསུམ་ཁེབས་པའི་ཚད་དུ་ལོངས་པའི་གོས་བསླངས་ཏེ་ཐོབ་པའོ། །བདུན་པ་སློང་བར་རིགས་པའི་སྤང་བ་ནི། ཆོས་གོས་རྣམ་གསུམ་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་བསླངས་པས་གོས་མང་པོ་སྟེར་ནའང་སྟོད་གཡོགས་དང་སྨད་གཡོགས་ཙམ་བླང་རིགས་ཀྱིས། དེ་ལས་ལྷག་པ་ལེན་ན་ལྟུང་བའོ། །བརྒྱད་པ་དཔགས་པ་སློང་བའི་སྤང་བ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པས་སྦྱིན་གནས་དགེ་སློང་རང་ཉིད་ལ་སྟེར་བར་བསམ་པའི་གོས་འདི་འབུལ་ཞེས་བློས་དཔགས་པ་ལས། དངོས་སུ་འབུལ་ལོང་མེད་པར་སྔ་ཚོམས་སུ་རིན་དང་ཁྲུ་ཚད་ཀྱིས་དྲན་པ་བརྗོད་ནས་བསླངས་པས་ཐོབ་པའོ། །དགུ་པ་སོ་སོ་ནས་དཔགས་པ་སློང་བའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་བདག་ཕོ་མོ་སོ་སོ་ནས་གོས་རེ་རེའམ་མང་པོ་དགེ་སློང་རང་ལ་འབུལ་བར་དཔགས་པ་དེ་ཐོས་ནས་འབུལ་མི་འབུལ་བརྟག་པའི་བསམ་པས་དྲན་པ་བརྗོད་དེ་བསླངས་པས་ཐོབ་པའོ། །འདི་གཉིས་རང་ལ་བསྔོས་ཚོད་ལས་ལྷག་པའི་དངོས་པོ་ཐོབ་པ་ཞིག་དགོས་གསུང་ནའང་། མདོའི་དངོས་བསྟན་ལ་འབུལ་ལོང་མེད་པར་སྔ་ཚོམས་སུ་བླངས་པའི་ཉེས་པ་ཉིད་གསལ་ལོ། །བཅུ་པ་བསྐུར་བའི་སྤང་བ་ནི། སྦྱིན་བདག་ཕོ་ཉ་བ་ཞལ་ཏ་པ་སྟེ་ཁྱིམ་པ་གསུམ་ལས། སྦྱིན་བདག་གིས་གོས་རིན་རུང་བ་མ་ཡིན་པ་གསེར་དངུལ་ལྟ་བུ་ཞིག་བསྐུར་བ་ཕོ་ཉས་དགེ་སློང་ལ་ཕུལ་བས། དེ་ལེན་དུ་མི་རུང་ཞེས་སྤངས་པ་ན། ཕོ་ཉ་དེས་དགེ་སློང་རང་གི་ཞལ་ཏ་པ་ལ་གཏད་ནས་གོས་སྒྲུབ་ཏུ་བཅུག་པ་ལས། གོས་དུས་སུ་མ་བྱུང་ན་དགེ་སློང་གིས་ཞལ་ཏ་པ་ལ་དངོས་སུ་བསྐུལ་བ་གསུམ་བྱ། དེ་ལ་མ་བྱུང་ན་ལན་གསུམ་མཐོང་སར་ཅང་མི་སྨྲ་བས་སྡང་ནས་བསླངས་པ་ལ་ཉེས་པ་མེད་ཅིང་། དེ་ལས་ལྷག་པར་བྱས་པས་གོས་ཐོབ་ན་སྤང་བར་འགྱུར་རོ། །བཅུ་ཚན་གཉིས་པ་ནི། སྲིན་བལ་ནང་ཚང་བྱས་པའི་སྟན་བྱེད་དང་། །དཀོན་སར་བལ་ནག་འབའ་ཞིག་སྟན་དུ་འདིང་། །བལ་ནག་ཆ་གཉིས་སྟན་བྱེད་ལོ་དྲུག་ནི། །མ་སོང་སྟན་གསར་བྱེད་དང་ཚད་ལྡན་གྱི། །འདིང་བ་ཡོད་ཀྱང་སླར་བཟོ་བལ་ནག་ནི། །རྙེད་ནས་ལམ་གྱི་དཔག་ཚད་གསུམ་མཐར་བྱེད། །དགེ་སློང་མར་ནི་བལ་འཁྲུ་རྨེལ་བཅུག་དང་། །གསེར་དངུལ་ལེན་དང་ཚོང་འབུན་མངོན་མཚན་ཅན། །ཆེད་དུ་ཚོང་བྱེད། ཅེས་པ་ལྟར་བཅུ་ལས། སྟན་གྱི་སྤང་བ་ལྔ་པོ་གཉན་ཡོད་དུ་དགེ་སློང་མང་པོ་ལ་བཅས། དེ་ལ། དང་པོ་རིན་ཐང་ཆེ་བའི་དངོས་པོ་སྲིན་བལ་སོགས་དང་། གཉིས་པ་གང་དུ་བལ་ནག་དཀོན་སར་བལ་ནག་འབའ་ཞིག་དང་། གསུམ་པ་བལ་ནག་པོ་སྟན་གྱི་ཆ་གཉིས་ལས་ལྷག་པ་སྟེ། དེ་ལྟར་རྒྱུ་དེ་གསུམ་ལས་རང་ངམ་གཞན་ལ་བསྐོས་པས་སྟན་ནང་ཚང་ཅན་གསར་དུ་བྱེད་ན། དེ་དག་བཀྲམ་པ་ཙམ་གྱིས་དེ་དང་དེའི་སྤང་བའོ། །བཞི་པ་ལོ་དྲུག་གི་སྤང་བ་ནི། སྟན་སྔ་མ་ཡོད་བཞིན་དུ་གནང་བ་མ་ཐོབ་པར་ལོ་དྲུག་གི་ནང་དུ་སྟན་ནང་ཚང་ཅན་གཉིས་པ་བྱས་ཤིང་ཟིན་པའོ། །ལྔ་པ་མཐོ་གང་གི་སྤང་བ་ནི། ཚད་ལྡན་གྱི་འདིང་བ་རྙེད་པ་ཡོད་ན་གསར་དུ་བཟོ་བའི་ཚེ་རྙིང་པ་ནས་ཆུང་ཐ་ཡང་བདེ་བར་གཤེགས་པའི་མཐོ་གང་སྟེ་མིའི་ཁྲུ་ཕྱེད་དོ་གསར་པ་ལ་མ་བསླན་པར་ལོངས་སྤྱད་པའོ། །དྲུག་པ་ལམ་དུ་བལ་ཐོགས་པའི་སྤང་བ་ནི། འདི་ནས་ཉོ་ཚོང་གི་བར་ལྔ་དྲུག་སྡེ་ལ་བཅས་ཏེ། རང་དབང་བའི་དངོས་པོ་བལ་ལ་སོགས་པའི་ཁུར་ཆེན་པོ་ཆགས་སེམས་ཀྱིས་ཁྱེར་ནས་ཉི་མ་གཅིག་གི་ནང་དུ་རྒྱང་གྲགས་ལས་འདས་པ་སྟེ། དེ་ཡང་དགེ་ཚུལ་ལྟ་བུ་འཁུར་ཁྱེར་གྲོགས་གཞན་མེད་ན་དཔག་ཚད་གསུམ་ཚུན་ཆད་གནང་བས། དེ་ནས་བརྩམས་ཏེ་རྒྱང་གྲགས་གཅིག་གི་མཐར་ཕྱིན་པའམ། ཁྱེར་གྲོགས་ཡོད་ན་དང་པོ་ནས་བརྩམས་ཏེ་རྒྱང་གྲགས་འདས་པའོ། །བདུན་པ་འཁྲུར་འཇུག་པའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་དགེ་སློང་གིས་བལ་འཁྲུ་བ་དང་རྨེལ་བ་དང་འཚེད་དུ་བཅུག་པ་ལས་དེས་དེ་དང་དེ་བྱས་པའོ། །བརྒྱད་པ་རིན་ཆེན་ལ་རེག་པའི་སྤང་བ་ནི། དགེ་སློང་གིས་གསེར་དངུལ་སོགས་རུང་བ་མ་ཡིན་པ་ལ་རུང་བ་མ་བྱས་པའི་རིན་པོ་ཆེ་ཆུད་ཟ་བ་སོགས་ཀྱི་ཉེས་པ་མེད་བཞིན་དུ་ཆགས་སེམས་ཀྱིས་རེག་གམ་རེག་དུ་བཅུག་སྟེ་བདག་གིར་བྱས་པའོ། །རུང་བ་བྱ་ཚུལ་ལ་གསུམ་སྟེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང་། བྱིན་གྱིས་བརླབས་པའོ། །དགུ་པ་མངོན་མཚན་ཅན་གྱི་སྤང་བ་ནི། དགེ་སློང་གིས་ཉེ་དུ་མ་ཡིན་པའི་ཁྱིམ་པར་འདོད་ཞེན་གྱིས་ཁེ་སྤོགས་འདོད་པས་ཚོང་ཟོག་རིན་པོ་ཆེ་སོགས་མངོན་མཚན་ཅན་འབུན་བསྐྱེད་དུ་བཏང་བས། དེ་ལས་བསྐྱེད་གོས་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །བཅུ་པ་ཉོ་ཚོང་བྱེད་པའི་སྤང་བ་ནི། དགེ་སློང་གིས་ཁེ་སྤོགས་འདོད་པའི་ཆེད་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རིན་པོ་ཆེ་ལས་གཞན་པའི་དངོས་པོ་འབྲུ་དང་གོས་སོགས་མོད་ན་ཉོ་ཞིང་དཀོན་ན་ཚོང་བར་བྱེད་པས་བསྐྱེད་ཐོབ་པའོ། །བཅུ་ཚན་གསུམ་པ་ནི། ལྷུང་བཟེད་བྱིན་མ་བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་འཆང་བ། །གླང་རྔན་མེད་པར་འཐག་འཇུག་ཐགས་རྒྱ་བསྐྱེད། །དགེ་སློང་གོས་བྱིན་སླར་ཕྲོགས་གཏད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་། །ན་སྨན་ཞག་བདུན་འདས་ནས་གསོག་འཇོག་གོ། །ཞེས་པ་ལྟར་བཅུ་ལས། དང་པོ་ལྟུང་བཟེད་འཆང་བའི་སྤང་བ་ནི། དྲུག་སྡེ་ལ་བཅས་ཏེ། རང་གི་ལྷུང་བཟེད་ཚད་ལྡན་བྱིན་གྱིས་མ་བརླབས་པའམ་བརླབས་པའམ་བརླབས་ཀྱང་ཤན་སྟོབས་ཀྱིས་ཞག་བཅུའི་བར་བཅངས་ནས་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །གཉིས་པ་ལྷུང་བཟེད་ལྷག་པོ་ཚོལ་བའི་སྤང་བ་ནི། འདི་ནས་བྱིན་ཕྲོགས་ཀྱི་བར་བཞི་ཉེར་དགའ་ལ་བཅས་ཏེ། རྒྱུ་དབྱིབས་ཁ་དོག་གིས་རུང་ཞིང་མཐེ་བོའི་ལྟོ་གང་གི་ལྷག་མར་ཕུལ་དགུ་ཤོང་བ་ཡན་ཆད་ཀྱི་ལྷུང་བཟེད་སྤྱད་བཟོད་རང་ལ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་བསླངས་པས་ལག་ཏུ་ཐོབ་པའོ། །འདི་ཡང་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་ལྟུང་བ་སྔ་མར་འགྱུར་རོ། །གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་ཐགས་མཁན་ལ་གླ་རྔན་མེད་པར་རང་ངམ་བསྐོས་པས་གོས་འཐག་ཏུ་བཅུག་སྟེ་ལག་ཏུ་ཐོབ་པའོ། །བཞི་པ་འཐག་པ་བཀྱེད་པའི་སྤང་བ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པས་རང་ལ་འབུལ་རྒྱུའི་གོས་འཐག་པ་ན། བདག་པོས་མ་གནང་བར་བསྔོས་ཚོད་ལས་ལྷག་པ་བཀྱེད་དུ་བཅུག་སྟེ་ཐོབ་པའོ། །ལྔ་པ་བྱིན་ཕྲོགས་ཀྱི་སྤང་བ་ནི། དགེ་སློང་གིས་རང་དང་ལྟ་མཚན་མཐུན་པའི་དགེ་སློང་གཞན་ལ་གོས་སམ་ལྷུང་བཟེད་སོགས་ཡོ་བྱད་སྔར་བྱིན་པ་ཕྲོགས་ཏེ་ཕ་རོལ་པོ་ལས་བྲལ་བའོ། །དྲུག་པ་གཏད་པ་ལས་བྱུང་བའི་སྤང་བ་ནི། འདི་དང་དགོན་པའི་འབྲལ་སྤང་གཉིས་གཉན་ཡོད་དུ་དྲུག་སྡེ་ལ་བཅས། དེ་ཡང་དབྱར་གནས་པའི་དགེ་འདུན་ལ་ཕུལ་བའི་རྙེད་པ་དབྱར་ནང་དུ་བདག་གིར་བྱས་པ་དང་། སོ་སོར་བགོས་པ་དང་། དགག་དབྱེའི་ཕྱི་དེ་ཉིན་མ་བགོས་པ་སྟེ། དེ་ལྟར་སྔས་ཕྱིས་ཀྱི་ལྟུང་བ་གསུམ་མོ། །གལ་ཏེ་ལུང་ལས། གཏད་པ་ལས་བྱུང་བའི་གོས་ལྔ་པོ། ནད་པ་དང་། ནད་པའི་ཕྱིར་དང་། འཆི་བ་དང་། འཆི་བའི་ཕྱིར་དང་། འགྲོ་བར་ཆས་པ་ལས་སྦྱིན་པ། ཞེས་གསུངས་པ་ལྟར། དགག་དབྱེའི་གོང་རོལ་ཏུ་སྦྱིན་བདག་གིས་གཏད་པའི་རྙེད་པ་རྐྱེན་ལྡན་དེ་དག་ལ་རྐྱེན་དབང་གིས་དབྱར་མཐའི་ཞག་བཅུའི་ནང་དུ་སོ་སོར་སྦྱིན་པ་ལ་ཉེས་པ་མེད་ཅིང་། དབྱར་ནང་དུ་ཆོས་སྨྲ་བའི་རྙེད་པ་དང་། ནད་པའི་རིམ་གྲོ་ལ་སོགས་པའི་ཆེད་དུ་སྦྱིན་པའི་རྙེད་པ་ནི་འདིར་མི་གཏོགས་སོ། །བདུན་པ་དགོན་པའི་འབྲལ་སྤང་ནི། དགེ་སློང་དགོན་པ་བས་བྱིན་རླབས་ཅན་གྱི་ཆོས་གོས་རྣམ་གསུམ་དང་ཞག་དྲུག་ཚུན་ཆད་བྲལ་ཀྱང་ཉེས་པ་མེད་པར་གནང་ལ། གལ་ཏེ་འཇིགས་པ་དང་བྲལ་ཀྱང་ཞག་དྲུག་ན་མ་སླེབ་པར་བདུན་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ། །བརྒྱད་པ་རས་ཆེན་གྱི་སྤང་བ་ནི། གཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོ་ལ་བཅས་ཏེ། དབྱར་གྱི་གོས་རས་ཆེན་རང་ཉིད་དབྱར་སྔ་ཕྱི་གང་ཁས་ལེན་པ་དེའི་ཟླ་གཅིག་གི་སྔ་རོལ་དུ་བཙལ་ཞིང་རྙེད་ན་ཚོལ་སྔས་པའི་སྤང་བ་དང་། དགག་དབྱེ་ཟིན་པའི་འོག་ཏུ་ཟླ་ཕྱེད་ལས་འདས་པར་བཅངས་ན་བཞག་འཕྱིས་ཀྱི་སྤང་བའོ། །དགུ་པ་སྔོས་སྒྱུར་གྱི་སྤང་བ་ནི། གཉན་ཡོད་དུ་ཉེར་དགའ་ལ་བཅས་ཏེ། ཁྱིམ་པས་དགེ་འདུན་ནམ་དགེ་སློང་གཞན་ལ་བསྔོས་པའི་གོས་དང་ལྷུང་བཟེད་ལྟ་བུའི་རྙེད་པ་རང་ཉིད་ལ་བསྒྱུར་ཏེ་བདག་གིར་བཟུང་བའོ། །བཅུ་པ་གསོག་འཇོག་གི་སྤང་བ་ནི། རྒྱལ་པོའི་ཁབ་ཏུ་འཕགས་པ་པི་ལིནྟའི་ལྷན་ཅིག་གནས་པ་ལ་བཅས་ཏེ། ཞག་བདུན་པའི་སྨན་སྨོས་པ་ནི་མདོའི་དངོས་བསྟན་ལྟར་དཔེ་ཙམ་དུ་ཟད་པས། འདིར་སྨན་བཞི་གང་རུང་རང་དུས་ལས་འདས་པར་བཅངས་པ་ལ་གསོག་འཇོག་གི་སྤང་བ་སྟེ། རང་རང་གི་དུས་ནི། བྱིན་གྱིས་མ་བརླབས་ན་སྨན་བཞི་པོ་གང་ཡིན་ཀྱང་། སྔ་དྲོ་བྱིན་ལེན་བྱས་པ་གུང་ཚིགས་ལས་འདས་པ་དང་། དེ་བཞིན་དུ་ཕྱི་དྲོ་དང་། འོད་དམར་གྱི་མཐའ་དང་། སྲོད་ཀྱི་མཐའ་དང་། མཚན་མོའི་ཐུན་ཐ་མ་བཞི་པོ་རེ་རེ་བཞིན། སྔ་མ་སྔ་མར་བྱིན་ལེན་བྱས་པ། ཕྱི་མ་ཕྱི་མའི་དུས་ལས་འདས་ནའོ། །བྱིན་གྱིས་བརླབས་ན། དུས་རུང་ལ་ནི་བྱིན་རླབས་མ་བཤད་ཀྱང་བྱིན་ལེན་སྔ་དྲོ་བྱས་པ་ཕྱི་དྲོ་མ་ཞིག་པར་བཅངས་པ་དང་། ཐུན་ཚོད་དུ་རུང་བ་སྔ་དྲོ་བརླབས་པ་ཞག་དེའི་མཚན་མོའི་མཐའ་འདས་པ་དང་། ཞག་བདུན་པའི་སྨན་བརླབས་པ་བརྒྱད་པའི་སྐྱ་རེངས་ཤར་བའི་ཚེ་ན་དང་། འཚོ་བཅངས་ཀྱི་སྨན་ནི་ནད་སོས་ཀྱི་བར་དུ་བརླབས་པ་ནད་ལས་གྲོལ་ནས་ཀྱང་བཅངས་པ་སྟེ། འདི་ཇི་སྲིད་འཚོའི་བར་དུ་བརླབས་པ་ལ་ནི་གསོག་འཇོག་ཏུ་མི་འགྱུར་རོ། །དེ་ལྟར་སྤང་ལྟུང་སུམ་ཅུ་ལས་ཕྱིར་བཅོས་ཀྱི་ཚེ་བྱིན་ཕྲོགས་དང་ལྷུང་བཟེད་ཚོལ་བ་གཉིས་ཀྱི་རྫས་རྩ་བ་ནས་སྤང་དགོས་ཤིང་། གཞན་རྣམས་ཞག་གཅིག་གི་རིང་སྤང་བ་སྔོན་དུ་བཏང་བས་ཆོག་གོ། ༈ །བཞི་པ་ལྟུང་བྱེད་འབའ་ཞིག་པའི་སྡེ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་ནི། །ཞེས་པ་སྟེ། སྤྱད་ན་ངན་སོང་དུ་ལྟུང་བར་བྱེད་ཅིང་། དེ་དག་བཤགས་པ་ལ་སྤང་བྲལ་སྔོན་དུ་གཏོང་མི་དགོས་པས་ན་འབའ་ཞིག་པ་ཞེས་བྱ་སྟེ། དེའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །ལྟུང་བྱེད་འབའ་ཞིག་པའི་མིང་གིས་ཕྱིར་བཅོས་ན་དག་ཏུ་རུང་བའོ། །དབྱེ་ན། རྩ་བའི་མདོར། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་དང་ཡང་། །ཆུ་དང་ཁྱིམ་དང་བསམ་བཞིན་དང་། །འགྲོན་མང་རྐུན་མ་ཆོས་སྟོན་ནོ། །ཞེས་སྤྱི་སྡོམས་ཀྱིས་འགོ་དྲངས་པའི་སྡེ་ཚན་དགུ་པོ་རེ་རེ་ལའང་བཅུ་བཅུ་སྟེ་དགུ་བཅུ་ཐམ་པའོ། །གཉིས་པ་རྒྱས་བཤད་ལ། བཅུ་ཚན་དགུ་ལས། དང་པོ་ཤེས་བཞིན་གྱི་སྡེ་ཚན་ནི། ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་བརྗོད་པ། །ཕྲ་མས་འབྱེད་དང་སྐྱོ་སྔོགས་ཟླུམས་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་པར་མ་རྫོགས་དང་། །ལྷན་ཅིག་ཆོས་འདོན་གནས་ངན་ལེན་ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེར་ངོར་འཕྱ། །བསླབ་གཞི་ཁྱད་གསོད། ཅེས་པ་ལྟར་བཅུ་ལས། དང་པོ་རྫུན་སྨྲའི་ལྟུང་བྱེད་ནི། གཉན་ཡོད་དུ་ཤཱཀྱ་ལག་རྒྱུད་ལ་བཅས་ཏེ། དངོས་པོ་ཕམ་ལྷག་སྦོམ་པོ་ཉེས་བྱས་སུ་གྱུར་པའི་རྫུན་བཞི་དང་། ལྟུང་བྱེད་རང་གི་ནང་ཚན་གྱི་རྫུན་དྲུག་བཤད་པ། དེ་རྣམས་ལས་གཞན་པའི་དགེ་སློང་གིས་ཤེས་བཞིན་དུ་རྫུན་སྨྲས་པ་ཉན་པ་པོས་བརྡའ་འཕྲོད་ཅིང་དོན་གོ་བའོ། །དེ་ལ་རྫུན་བཞི་ནི། རྫུན་སྨྲའི་ཕམ་པ། གཞི་མེད་དང་བག་ཙམ་གྱི་ལྷག་མ། ཤེས་བཞིན་དུ་ཆོས་མ་ཡིན་པ་ལ་ཆོས་སུ་དང་། ཆོས་ཡིན་པ་ལ་མ་ཡིན་པར་སྨྲ་བ་སྦོམ་པོར་གྱུར་པའི་རྫུན་དང་། གསོ་སྦྱོང་གི་དུས་སུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ལ་ཅང་མི་སྨྲ་བས་འདའ་བར་བྱེད་པའི་ཉེས་བྱས་རྣམས་སོ། །ལྟུང་བྱེད་ཀྱི་ནང་ཚན་གཞན་པ་དྲུག་ནི། བཤེས་ངོར། འཕྱ་བ། ཟས་ཅུང་། སྐུར་འདེབས། ཉེར་འཇོག །ཁྱད་གསོད་རྣམས་སོ། །གཉིས་པ་སྐྱོན་བརྗོད་ཀྱི་ལྟུང་བྱེད་ནི། འདི་ནས་ལྔ་བརྒྱད་དགུ་གསུམ་པོ་མ་གཏོགས་དྲུག་སྡེ་ལ་བཅས་ཏེ། དགེ་སློང་གིས་ཡུལ་དགེ་སློང་གཞན་ལ་ཡུལ་དུས་དེར་སྐྱོན་དུ་གྲགས་པའི་ཚིག་ཕན་སེམས་མ་ཡིན་པར་བརྗོད་པ་ཕལ་རོལ་པོས་གོ་བའོ། །གསུམ་པ་ཕྲ་མ་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གིས་ཡུལ་དགེ་སློང་མཐུན་པ་དག་ཕྲ་མའི་ཚིག་གིས་འབྱེད་པར་བྱེད་པའོ། །བཞི་པ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གཉིས་རྩོད་པ་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་ཟིན་ཅིང་། རང་དང་གོ་བྱ་ཞི་བྱེད་ཀྱི་ལས་དེ་བྱེད་པ་ལ་གཏོགས་པས་ཟླུམས་པ་སླར་དབྱེ་འདོད་ཀྱིས་རྩོད་པ་དེ་ལེགས་པར་མ་ཞི་བས་ཡང་ཞི་བར་བྱེད་དགོས་སོ་ཞེས་སྔར་བྱས་ཀྱི་ལས་སྐྱོ་སྔོགས་ཀྱིས་བཤིས་པར་རྩོམ་པའི་ཚིག་སྨྲས་ཤིང་དོན་གོ་བའོ། ལྔ་པ་བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། འཆར་ཀ་ལ་བཅས་ཏེ། ཁྲིམས་གྲོགས་མེད་པར་ཡུལ་ཉན་འདོད་ཀྱི་བུད་མེད་ལ་དེས་མི་ཤེས་པའི་ཆོས་འདུས་བྱས་མི་རྟག་ཅེས་པ་ལྟ་བུའི་ཚིག་ལྔའམ་དྲུག་ལས་ལྷག་པར་བསྟན་པའོ། །དྲུག་པ་འདོན་པའི་ལྟུང་བྱེད་ནི། དགེ་སློང་གིས་རྒོད་བག་གི་བསམ་པས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཆོས་ཀྱི་ཚིག་གདངས་སྣ་ཚོགས་ཀྱིས་འདོན་པར་བྱས་ནའོ། །བདུན་པ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ནི། ཕམ་ལྷག་གང་རུང་བྱུང་བའི་དགེ་སློང་ལ་གནས་ངན་ལེན་གླེང་བར་མ་བསྐོས་བཞིན་དུ་བརྗོད་ཡུལ་དགེ་སློང་མིན་པའི་གང་ཟག་བསླབ་བྱ་ལ་མི་མཁས་པའི་དྲུང་དུ་ཕམ་ལྷག་གི་ལྟུང་བ་བརྗོད་ཅིང་གོ་བའོ། །བརྒྱད་པ་མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ནི། ཉ་པའི་རིགས་ཀྱི་དགེ་སློང་ལྔ་བརྒྱ་ལ་བཅས་ཏེ། མི་ཆོས་བླ་མའི་ཡོན་ཏན་ཐོབ་པའི་དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་ལ་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དེ་ཐོབ་བོ་ཞེས་སྨྲས་པ་ཡུལ་གྱིས་གོ་བའོ། །དགུ་པ་བཤེས་ངོར་བྱེད་ཅེས་སྐུར་པ་འདེབས་པའི་ལྟུང་བྱེད་ནི། མཛའ་བོ་དང་ས་ལས་སྐྱེས་ལ་བཅས་ཏེ། དགེ་འདུན་གྱི་བྱ་བ་བྱེད་པའི་དགེ་སློང་ལ་ཟས་ལས་གཞན་པའི་རུང་བ་ཚད་ལྡན་གྱི་ཡོ་བྱད་ཅུང་ཟད་བྱིན་པ་ལ་མི་བཟོད་པས། དགེ་འདུན་གྱི་རྫས་གང་ཟག་ལ་བཤེས་ངོར་བྱས་ནས་སྦྱིན་ནོ་ཞེས་འཕྱས་པ་ཕ་རོལ་པོས་གོ་བའོ། །བཅུ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། གསོ་སྦྱོང་གི་དུས་ལྟ་བུ་སོ་ཐར་གྱི་མདོ་འདོན་པའི་ཚེ་བསླབ་པའི་གཞི་ཕྲ་ཞིང་ཕྲ་བ་འདི་དག་འདོན་པས་ཅི་བྱ་ཞེས་ཁྱད་དུ་གསོད་པའི་ཚིག་སྨྲས་པ་གཞན་གྱིས་གོ་བའོ། །བཅུ་ཚན་གཉིས་པ་ས་བོན་གྱི་སྡེ་ཚན་ནི། ས་བོན་སྐྱེ་བ་གཅོད། བདག་གི་ངོར་འཕྱ་བསྒོ་བ་རྣར་གཟོན་ནི། །ལྟུང་བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས། །ཁྲི་དང་འདིང་བ་མ་བསྡུས་གཏིང་སོང་དང་། །དགེ་སློང་སྐྲོད་དང་ཐོ་མཚམས་ཕྱིས་གནོན་བྱས། །མལ་ཁྲིས་བུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩྭར་འདེབས་གཙུག་ལག་ཕ་གུ་རིམ་གཉིས་བརྩིག །ཤེས་བཞིན་བགྱིས་སོ། །ཞེས་པ་ལྟར་བཅུ་ལས། དང་པོ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ནི། འདི་དང་བཅུ་པ་དག་དྲུག་སྡེ་ལ་བཅས་ཏེ། དགེ་སློང་གིས་ནས་སོགས་ས་བོན་དང་། མྱུ་གུ་སོགས་སྐྱེ་བ་གང་རུང་། རང་གི་ཆོས་སུ་གྲུབ་པ། མ་ཉམས་པ། རུང་བ་མ་བྱས་པ། རང་རྩྭས་བཅིངས་པ་སོགས་ཀྱི་རྐྱེན་དང་ལྡན་པ་མ་ཡིན་པར། རང་གིས་ཉམས་པར་བྱེད་དམ་གཞན་བྱེད་དུ་འཇུག་ཀྱང་རུང་སྟེ། ཉམས་པའི་ཚེ་ཤིང་རེ་རེ་དང་། རྩྭ་ཉག་མ་རེ་རེ་དང་། ས་བོན་རེ་རེ་ལ་དེ་དང་དེ་འཇོམས་པའི་ལྟུང་བྱེད་རེ་རེར་འགྱུར་ཞིང་། སྟར་ཀ་ལ་སོགས་པའི་འབྲས་བུ་སྨིན་པ་སྡོང་བུ་ལས་བྲལ་བར་བྱས་པ་སོགས་ལ་ཉེས་བྱས་སོ། །འདིར་རུང་བ་བྱས་པ་ནི། ཤིང་ཐོག་སོགས་ལ་མེས་རེག་པ་དང་། མཚོན་དང་སེན་མོ་དང་ནེ་ཙོ་སོགས་ཀྱིས་རྨ་གཏོད་པ་སོགས་ཀྱིས་རུང་བ་དང་། དུས་རུང་མ་གཏོགས་པའི་སྨན་གཞན་གསུམ་ཕྱི་དྲོ་ལོངས་སྤྱོད་པའི་ཚེ་ཆུ་གྲང་མོ་གཏོར་བས་རུང་བར་བྱས་པའོ། །གཉིས་པ་འཕྱ་བའི་ལྟུང་བྱེད་ནི། མཛའ་བོ་དང་ས་ལས་སྐྱེས་དག་ལ་བཅས་ཏེ། དགེ་འདུན་གྱི་ཞལ་ཏ་ཆོས་དང་མཐུན་པར་བྱས་སམ་བྱེད་བཞིན་པའི་དགེ་སློང་རང་ལ་གནས་མལ་སོགས་ངན་པ་སྟོབ་པ་པོ་མ་ཡིན་ཀྱང་། བདག་གི་ངོར་འདིས་ངན་པ་སྟོབ་བོ་ཞེས་སོགས་དངོས་སུའམ། ཁ་ཅིག་འདི་ལྟར་བྱེད་དོ་ཞེས་ཟུར་གྱིས་འཕྱ་ནའང་རུང་སྟེ་འཕྱས་པ་གོ་བའོ། །བགྲངས་པ་ལས་དངོས་གཞིའོ། །ཞེས་པས་འཕྱ་བ་པོ་དེ་ཉིད་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་ངན་པའི་གྲངས་སུ་བཅུག་པ་དེའི་ཚེ་དངོས་གཞིར་འགྱུར་བའོ། །གསུམ་པ་བསྒོ་བ་རྣར་གཟོན་པའི་ལྟུང་བྱེད་ནི། འདི་དང་དགུ་པ་ཀ་ཤམྦིར་འདུན་པ་ལ་བཅས་ཏེ། དགེ་སློང་ལྟུང་བ་བྱུང་བ་ཕྱིར་བཅོས་ལ་འགོད་པའི་ཕྱིར་ལྟུང་བ་གླེང་བ་ལྟ་བུ་ཆོས་མཐུན་གྱི་བསྒོ་བ་དང་དྲི་བ་དྲིས་པ་ན། དེ་མ་ཐོས་པ་ལྟར་རམ་ཁྱད་གསོད་ལྟ་བུས། དེའི་ལན་མི་སྨྲ་བར་ལན་གཞན་ལོག་པར་འདེབས་པའི་ཚིག་སྨྲས་པ་ཡུལ་གྱིས་གོ་བའོ། །བཞི་པ་ཁྲི་དང་ཞེས་པ་གནས་མལ་གྱི་ལྟུང་བྱེད་ནི། གཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོ་ལ་བཅས་ཏེ། ཁྲི་དང་ཁྲིའུ་སོགས་དགེ་འདུན་གྱི་གནས་མལ་ལ་སྤྱད་ནས་རང་གིས་མ་བསྡུས་ཤིང་གཞན་ལའང་མ་བཅོལ་བར་བླ་གབ་མེད་སར་བོར་བས་ཆུད་ཟོས་པའམ། མ་ཟོས་ཀྱང་གནས་མལ་གྱི་ཉེ་འཁོར་ནས་འདོམ་ཞེ་དགུ་འདས་ཏེ་ཕྱིན་པའོ། །ལྔ་པ་འདིང་བའི་ལྟུང་བྱེད་ནི། ལྷོ་ལམ་ནས་འོངས་པའི་དགེ་སློང་གཉིས་ལ་བཅས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་སར་རྩྭ་ལ་སོགས་པའི་འདིང་བ་བཏིང་བ་རང་ངམ་གཞན་བསྐོས་ཀྱིས་མ་བསྡུས་པར་བོར་བས་སྲོག་ཆགས་སྐྱེས་པ་སོགས་ཆུད་ཟོས་སམ། མ་ཟོས་ཀྱང་ཉེ་འཁོར་ལས་འདས་ཏེ་སོང་བའོ། །དྲུག་པ་སྐྲོད་པའི་ལྟུང་བྱེད་ནི། འདི་དང་ཕྱི་མ་གཉིས་ཀ་འཆར་ཀ་ལ་བཅས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་གཞན་ཞེ་སྡང་གིས་སྐྲོད་དམ་སྐྲོད་དུ་བཅུག་པས་དེ་ཕྱི་རོལ་དུ་འཐོན་པའོ། །བདུན་པ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་ནི། དགེ་འདུན་གྱི་གཙུག་ལག་ཁང་དུ་སྔར་ཞུགས་པའི་དགེ་སློང་གཞན་ལ་ཐོ་འཚམས་པའི་བསམ་པས་ལུས་ངག་གང་རུང་གིས་གནོད་པ་བརྩམས་ཏེ་ཟིལ་གྱིས་མནན་པའོ། །བརྒྱད་པ་རྩ་བ་འབྱུང་བའི་ལྟུང་བྱེད་ནི། གཉན་ཡོད་དུ་ཉེར་དགའ་ལ་བཅས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་ཐོག་སྙི་བ་ལ་གནས་མལ་གྱི་ཁྲི་རྐང་རྣོན་པོ་བཙུགས་ཏེ་འདུག་པས་བུག་པ་ཐལ་བྱུང་དུ་བརྡོལ་བའོ། །དགུ་པ་འདེབས་པའི་ལྟུང་བྱེད་ནི། སྲོག་ཆགས་དང་བཅས་པའི་ཆུ་དང་རྩྭ་ཤིང་སོགས་ལ་དེར་ཤེས་བཞིན་དུ་འདེབས་པ་དང་སྤྱོད་པ་གང་རུང་བྱེད་དམ་བྱེད་དུ་བཅུག་པས་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །བཅུ་པ་རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་ནི། གཞི་མི་བརྟན་པ་དང་ཆུ་ཁུང་མ་གཏོད་པ་སོགས་འཇིག་རྐྱེན་ཡོད་པར་ཤེས་བཞིན་དུ་སྤྱོད་ལམ་བཞི་ཤོང་ཡན་ཆད་ཀྱི་གཙུག་ལག་ཁང་རང་ངམ་བསྐོས་པས་ཉིན་གཅིག་ལ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་ལས་ལྷག་པ་བརྩིགས་པའོ། །བཅུ་ཚན་གསུམ་པ་མ་བསྐོས་པའི་སྡེ་ཚན་ནི། འདི་མན་དགེ་སློང་མར། མ་བསྐོས་ཆོས་སྟོན་བསྐོས་ཀྱང་ཉི་ནུབ་དང་། །ཁ་ཟས་ཕྱི་སྟོན་གོས་བརྩེམས་ཆོས་གོས་སྦྱིན། །དོན་མཐུན་ལམ་འགྲོགས་གྲུ་དེ་གྱེན་མཐུར་འགྲོ། །དབེན་པར་གཅིག་འདུག་པ་དང་འགྲེང་བ་དང་། །སྦྱོར་བཅུག་ཟས་ཟ་རྣམས་ནི་སྤང་བར་བྱ། །འདི་མན་ཞེས་པ་བཅུ་ཚན་གཅིག་པུ་འདི་དགེ་སློང་མ་ཉིད་ལ་བརྟེན་པར་ཤེས་པའི་ཆེད་དུའོ། །དེ་ལ་བཅུ་ལས། དང་པོ་མ་བསྐོས་པར་སྟོན་པའི་ལྟུང་བྱེད་ནི། འདི་དང་དྲུག་པ་བདུན་པ་བཅུ་པ་རྣམས་དྲུག་སྡེ་ལ་བཅས་ཏེ། དགེ་སློང་མའི་སྟོན་པར་མ་བསྐོས་སམ། བསྐོས་ཀྱང་མཚན་ཉིད་དང་མི་ལྡན་པའི་དགེ་སློང་གིས་དགེ་སློང་མ་ལ་ཆོས་བསྟན་ཅིང་དེས་གོ་བའོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ནི། འདི་དང་གསུམ་པ་དག་དགའ་བྱེད་ལ་བཅས་ཏེ། དགེ་སློང་མའི་སྟོན་པར་བསྐོས་ཀྱང་འཇིགས་པ་དང་བཅས་པའི་གནས་སུ་དགེ་སློང་མ་ལ་ཉི་མ་ནུབ་ནས་ཀྱང་ཆོས་བསྟན་ཅིང་དེས་གོ་བའོ། །གསུམ་པ་ཟས་ངོར་སྟོན་པའི་ལྟུང་བྱེད་ནི། དགེ་སློང་མའི་སྟོན་པར་འོས་ཤིང་བསྐོས་པས་རྙེད་པའི་ཕྱིར་ཆོས་མི་སྟོན་ཀྱང་། ཕྲག་དོག་གིས་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པར་བྱེད་དོ་ཞེས་སྐུར་བ་བཏབ་པ་ཡུལ་གྱིས་གོ་བའོ། །བཞི་པ་གོས་བྱེད་པའི་ལྟུང་བྱེད་ནི། འདི་དང་བརྒྱད་པ་དང་དགུ་པ་རྣམས་འཆར་ཀ་ལ་བཅས་ཏེ། ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བརྩེམས་ཏེ་བཟོ་གྲུབ་པའོ། །ལྔ་པ་གོས་སྦྱིན་པའི་ལྟུང་བྱེད་ནི། དེད་དཔོན་ལས་རབ་ཏུ་བྱུང་བའི་དགེ་སློང་ལ་བཅས་ཏེ། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བཤེས་ངོ་ཙམ་གྱི་ཕྱིར་རང་གི་ཆོས་གོས་རུང་བ་ཚད་ལྡན་བྱིན་པ་དེས་ལག་ཏུ་ཐོབ་པའོ། །དྲུག་པ་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་འཇིགས་པ་མེད་པའི་སའི་ལམ་དུ་ཉེ་དུ་མ་ཡིན་པའི་དགེ་སློང་མ་དང་ལྷན་ཅིག་དོན་མཐུན་པས་འགྲོན་ཐབས་སུ་འགྲོགས་ཏེ་འགྲོ་ན་རྒྱང་གྲགས་རེ་རེ་འདས་པ་ལ་ལྟུང་བ་རེ་རེ་དང་། རྒྱང་གྲགས་ཕྱེད་རེ་ལ་ཉེས་བྱས་སོ། །བདུན་པ་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ནི། སྔར་བཞིན་དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་ཐད་ཀ་མིན་པར་རྒྱུན་ལས་བཟློག་སྟེ་གྱེན་དང་རྒྱུན་ཕྱོགས་སུ་མཐུར་དུ་ཕྱིན་ནས་རྒྱང་གྲགས་ལས་འདས་པའོ། །བརྒྱད་པ་ལྷན་ཅིག་འདུག་པའི་ལྟུང་བྱེད་ནི། ཡུལ་ཉེ་དུ་མ་ཡིན་པའི་བུད་མེད་དང་དབེན་པ་སྐྱབས་ཡོད་དུ་ཁྲིམས་གྲོགས་མེད་པར་འདོམ་གང་ཙམ་གྱིས་བར་ཆོད་ཀྱང་གཉིས་ཀ་ས་ལ་འདུག་ནའོ། །དགུ་པ་ལྷན་ཅིག་འགྲེང་བའི་ལྟུང་བྱེད་ནི། དབེན་པར་བུད་མེད་དམ་ཁྱད་པར་དགེ་སློང་མ་དང་བར་འདོམ་གང་ཙམ་དུ་གཉིས་ཀ་འགྲེངས་ཏེ་གནས་ནའང་ལྟུང་བའོ། །བཅུ་པ་ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད་ནི། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་སྦྱིན་བདག་ཁྱིམ་པ་ལ་དགེ་སློང་རང་ཡོན་ཏན་དང་མི་ལྡན་ཡང་ལྡན་ནོ་ཞེས་རྫུན་གྱི་སྒོ་ནས་དུས་རུང་གི་ཟས་སྦྱོར་དུ་བཅུག་སྟེ་ཟོས་པའོ། །བཅུ་ཚན་བཞི་པ་ཡང་དང་ཡང་གི་སྡེ་ཚན་ནི། ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་ཟ་དང་ལྷུང་བཟེད་དོ། །ཟ་དང་ཟོས་རྗེས་བཟའ་བཅའ་ཟ་བ་དང་། །སྤངས་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། །དུས་མིན་ཕྱེད་ཡོལ་ཟ་དང་གསོག་འཇོག་ཟ། །སྦྱིན་ལེན་མ་བྱས་སྨན་བཞི་ཁར་མིད་པ། །བསོད་པ་ཞིམ་པའི་ཟས་སློང་། ཞེས་པ་ལྟར་བཅུ་ལས། དང་པོ་ཡང་ཡང་ཟ་བའི་ལྟུང་བྱེད་ནི། འདི་ནས་བཞི་བའི་བར་དང་དགུ་པ་དང་བཅུ་པ་རྣམས་དྲུག་སྡེ་ལ་བཅས་ཏེ། བསོད་སྙོམས་ལན་གཅིག་གིས་གསོ་མི་ནུས་པའི་ནད་ཀྱིས་བཏབ་པ་དང་། དགེ་འདུན་དང་མཆོད་རྟེན་གྱི་ལས་དང་། མུ་གེའི་དུས་དང་། དཔག་ཚད་ཕྱེད་དུ་ཕྱིན་པ་མ་ཡིན་ཞིང་། སྲ་བརྐྱང་མ་བཏིང་པའི་དགེ་སློང་གིས། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཁྲུ་གང་ཡན་ཆད་ཀྱི་གོས་ཀྱི་རྙེད་པ་མེད་པའི་དུས་རུང་གི་ཁ་ཟས་དུས་ཉི་མ་གཅིག་ལ་ཁྱིམ་གཞན་དུ་ཟོས་ཟིན་ནས་ཡང་ཟས་ཀྱི་བསོད་སྙོམས་གཉིས་དང་གསུམ་སོགས་བསླངས་ཏེ་ཡང་ཡང་ཟོས་པའོ། །གཉིས་པ་འདུག་གནས་སུ་ཟ་བའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པའི་གནས་མུ་སྟེགས་པའི་འདུག་གནས་སུ་ཞག་གཅིག་ལས་ལྷག་པར་བསྡད་ནས་སྦྱིན་བདག་གིས་མ་སྟབས་པར་ཉི་མ་གཉིས་པའི་ཟན་ཟོས་པའོ། །གསུམ་པ་ལྷུང་བཟེད་དོ་གསུམ་ལས་ལྷག་པ་ལེན་པའི་ལྟུང་བྱེད་ནི། ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཅི་བདེར་སྟོབ་པ་མ་ཡིན་པར་དུས་རུང་གི་ཟས་ལྷུང་བཟེད་ཆེ་ཚད་གང་ངམ། འབྲིང་ཚད་དོའམ། ཆུང་ཚད་གསུམ་སྟེ་བྲེ་ཕྱེད་དང་ལྔ་བསླང་དུ་རུང་ལ། དེ་ལས་ལྷག་པ་བསླངས་ཏེ་གནས་གཞན་དུ་ཁྱེར་ནས་ཟོས་པའོ། །བཞི་པ་སྤངས་པ་ཟ་བའི་ལྟུང་བྱེད་ནི། མུ་གེའི་དུས་དང་ནད་པ་མ་ཡིན་པའི་དགེ་སློང་གིས་དུས་རུང་གི་ཟས་བཟའ་བཅའ་གང་རུང་ཟོས་རྗེས། ད་དེ་རིང་མི་ཟའོ་སྙམ་དུ་བློས་བཅད་ཅིང་ངག་ཏུ་བརྗོད་ནས། སླར་ཡང་ལྷག་པོར་མ་བྱས་པར་དེ་ཉིད་ཟོས་པའོ། །གལ་ཏེ་སྤངས་པ་ཟ་ན། ཡུལ་དགེ་སློང་གནས་མ་བཏང་བའི་མདུན་དུ་ཙོག་པུས་བཟུང་ནས་གསོལ་བ་བཏབ་པས། ཡུལ་དེས་བླངས་ནས་ཁམ་གཉིས་སམ་གསུམ་གྱི་ཕུད་ཟ་ཞིང་། ཟས་སྤངས་པ་ཡིན་ན་ཟ་མི་དགོས། གང་ལྟར་ཀྱང་དེས་ཟ་བ་པོ་ལ་གཏད་ནས་ཟར་རུང་ངོ་། །ཟས་བརྩམས་པས་ལྡང་བར་མི་བྱའོ། །ཞེས་པའི་དོན་ཟས་ཟ་བའི་འཕྲོ་མ་རྫོགས་པ་ལ་ལངས་ནས་ལྷག་མ་ཕྱིས་ཟ་ན་བརྩམས་ལྡང་ངོ་། །ལྔ་པ་སྤངས་པ་སྟོབ་པའི་ལྟུང་བྱེད་ནི། གཉན་ཡོད་དུ་དགེ་སློང་རྒན་ཞུགས་ཤིག་ལ་བཅས་ཏེ་ཡུལ་དགེ་སློང་གཞན་གྱིས་སྤངས་པའི་ཟས་ལྷག་པོར་མ་བྱས་བཞིན་དུ་དེ་ལ་ངན་སེམས་ཀྱིས་ལྟུང་བ་འབྱུང་བའི་ཆེད་དུ་ལྷག་པོ་བྱས་སོ་ཞེས་རྫུན་གྱིས་སྟོབ་པའི་ཚིག་སྨྲས་པ་དེས་གོ་ནས་ཟོས་ན་སྟོབ་པ་པོ་ལ་ལྟུང་བའོ། །དྲུག་པ་འདུས་ཤིང་ཟ་བའི་ལྟུང་བྱེད་ནི། རྒྱལ་པོའི་ཁབ་ཏུ་ལྷས་སྦྱིན་འཁོར་བཅས་ལ་བཅས་ཏེ། ཡང་ཡང་ཟ་བའི་སྐབས་ལྟར་ན་བ་སོགས་གནང་བའི་དུས་མ་ཡིན་པར་མཚམས་ནང་དུ་བསམ་པ་མི་མཐུན་པས་ཀུན་ནས་བསླངས་ཏེ་དགེ་འདུན་སྤྱི་ལས་ལོགས་སུ་དགེ་སློང་གསུམ་ཡན་ཆད་དང་ལྷན་ཅིག་འདུས་ནས་དུས་རུང་གི་ཟས་ཟོས་པའོ། །བདུན་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ནི། གཉན་ཡོད་དུ་གཞོན་ནུ་བཅུ་བདུན་སྡེ་ལ་བཅས་ཏེ། དུས་རུང་གི་ཟས་ཟ་བའི་དུས་མ་ཡིན་པ་གང་ཞེ་ན། དགེ་སློང་རང་གང་དུ་གནས་པའི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་མ་ཤར་གྱི་བར་ཏེ། དུས་དེར་ན་བ་སོགས་ཀྱི་རྐྱེན་མེད་པར་ཟོས་ན་མགུལ་དུ་ཇི་ཙམ་མིད་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་ཞིང་། ནད་པས་ཀྱང་ཟ་བའི་ཚེ་ནད་པ་ལ་འདི་ལྟར་གནང་བ་ཡིན་སྙམ་དུ་དུས་དྲན་བྱ་དགོས་སོ། །བརྒྱད་པ་གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་ནི། དགེ་སློང་ནག་པོ་པ་ལ་བཅས་ཏེ། ན་བ་སོགས་ཀྱི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་བྱས་པ་རང་དུས་ལས་འདས་པས་གསོག་འཇོག་ཏུ་སོང་ཞིང་མ་ཞིག་པ་མུ་གེའི་དུས་མིན་པར་ཟོས་པའོ། །འདིར་གསོག་འཇོག་ལས་འཕྲོས་པ་བཞི་སྟེ། ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པའོ། །དང་པོ་ནི། ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པར་ཟས་གང་ལ་བྱིན་ལེན་མ་བྱས་པའི་གོང་དུ་དགེ་སློང་རང་གིས་རེག་པའོ། །གཉིས་པ་ནི། དགེ་སློང་རང་དབང་བའི་མཚམས་དངོས་སམ་དེའི་ཉེ་འཁོར་གྱི་ནང་དུ་ཟས་རྗེན་པ་ཞིག་བཙོས་པ། གསུམ་པ་ནི། མཚམས་ནང་དེར་དེ་འདྲའི་དངོས་པོས་ཞག་ལོན་པ། བཞི་པ་ནི། དེ་འདྲའི་དངོས་པོ་མཚམས་ཀྱི་ཕྱི་ནང་གང་རུང་དུ་དགེ་སློང་གིས་བཙོས་པའོ། །དེ་བཞིན་ནད་ལ་ཕན་པའམ་མུ་གེའི་དུས་མིན་པར་ཟོས་ན་ཉེས་བྱས་སུ་འགྱུར་རོ། །དགུ་པ་བྱིན་ལེན་མ་བྱེད་པར་ཟ་བའི་ལྟུང་བྱེད་ནི། གནས་སྒྲ་མི་སྙན་ནམ་དེ་དང་འདྲ་བ་མ་ཡིན་པ། བདག་ཉིད་ཟན་ཆད་པ་དང་ནད་ལ་ཕན་པ་སོགས་ཀྱི་རྐྱེན་མེད་པར་ཆུ་དང་སོ་ཤིང་མ་གཏོགས་སྨན་བཞི་གང་རུང་བྱིན་ལེན་མ་བྱས་པ་ལ་དེར་འདུ་ཤེས་པས་ཁམ་གཅིག་ཡན་ཆད་མིད་པ་ནའོ། །བྱིན་ལེན་ནི། ནོད་པ་པོ་སྟོབ་པ་པོའི་གློ་དང་རྒྱབ་ན་གནས་པ་མ་ཡིན་པ་ལ་མཚམས་གཞན་གྱིས་བར་མ་ཆོད་པར་སྟོབ་ཅིང་། ནོད་པ་པོས་ཀྱང་ལག་གཉིས་གན་རྐྱལ་དུ་བཀན་པས་བླང་ངོ་། །བྱིན་ལེན་འཇིག་པའི་རྒྱུ་ནི། ལུང་རྣམ་འབྱེད་ལས། ཕྲོགས་དང་འདྲིལ་དང་རེག་པ་དང་། །བསྔོས་དང་དགེ་སློང་མིན་གྱུར་དང་། །ངོ་བོ་འགྱུར་དང་སྐྱེ་བ་འགྱུར། །དོར་བ་ཡིས་ནི་བྱིན་ལེན་འཇིག །ཅེས་སོ། །བཅུ་པ་ཟས་བསོད་པ་སློང་བའི་ལྟུང་བྱེད་ནི། རང་ཉིད་ན་བ་ལ་སོགས་པའི་རྐྱེན་མེད་ཅིང་དངོས་པོ་འོ་མ་སོགས་ཡུལ་དུས་དེར་བསོད་པར་གྲགས་པ་ཞིམ་པའི་ཟས་བཟང་པོ་ཁྱིམ་པ་ཉེ་དུ་མ་ཡིན་པས་ཅི་བདེར་མ་སྟབས་ཀྱང་ཆོག་མི་ཤེས་པར་བསླངས་ཏེ་ཟོས་པའོ། །བཅུ་ཚན་ལྔ་པ་ཆུ་དང་གི་སྡེ་ཚན་ནི། སྲོག་ཆགས་བཅས། ཆུར་སྤྱོད་ཉལ་པོ་བྱེད་པའི་ཤུལ་དུ་ཉལ། །དབེན་པའི་སྐྱབས་སུ་འགྲེང་དང་གཅེར་བུ་རྒྱུ། །དམག་བལྟ་དམག་སར་ཞག་གཉིས་ལྷག་པར་བསྡད། །དམག་གི་རུ་བཀོད་བྱེད་དང་དགེ་སློང་བརྡེག །བརྡེག་བརྩམས་གནས་ངན་ལེན་གྱི་ལྟུང་བ་འཆབ། །ཅེས་པ་ལྟར་བཅུ་ལས། དང་པོ་སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པའི་ལྟུང་བྱེད་ནི། ཀ་ཤམྦྷིར་འདུན་པ་ལ་བཅས་ཏེ། རང་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང་བཏུང་བ་དང་གོས་འཁྲུད་པ་དང་འགོག་ཅིང་བསྒྱུར་བ་སོགས་དང་། རྩྭ་ཤིང་གཅོད་ཅིང་མེར་འཇུག་པ་སོགས་སེམས་ཅན་འཆི་བར་མཐོང་ཡང་ལྟོས་མེད་དུ་ལོངས་སྤྱོད་ན་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །དེས་ན་མར་མེའི་འོད་ཁང་བྱ་བ་དང་། ཆུ་ཚགས་བཅང་བར་བྱ་ཞིང་། ཆུ་ཚགས་ཀྱི་དབྱེ་བ་ལ། དཔྱངས་ཚགས་དང་། བུམ་ཚགས་ལྕེའུ་ཅན་དང་། ཆུ་ཚགས་གྲུ་གསུམ་དང་། རིལ་བ་ཞབས་ཚགས་ཅན་དང་། གསལ་ཚགས་རྣམས་སོ། །གཉིས་པ་ཉལ་པོ་བྱེད་པའི་ཁྱིམ་དུ་འདུ་པའི་ལྟུང་བྱེད་ནི། འདི་དང་གསུམ་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་འཆར་ཀ་ལ་བཅས་ཏེ། ཁྱིམ་པ་ཕོ་མོ་རང་ཁྱིམ་དུ་ཉལ་པོ་བྱེད་པ་ལ་ཞུགས་པའམ་དེར་ཕྱོགས་པ་ལ། དེ་དང་ཉེ་བའི་སར་ཉལ་ལམ་འདུག་སྟེ། དེ་དག་གིས་དགེ་སློང་དེར་ཡོད་པའི་ཚོར་བའོ། །གསུམ་པ་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་ནི། ཉེ་བའི་སར་ཞེས་པའི་གནས་སུ་དགེ་སློང་གི་བར་ན་སྐྱབས་ཡོད་པར་ཞེས་དང་། ཉལ་ལམ་འདུག་སྟེ་ཞེས་པའི་གནས་སུ་འགྲེངས་ཏེ་གནས་པ་ཞེས་བརྗེ་བ་མ་གཏོགས་སྔར་ལྟར་རོ། །བཞི་པ་གཅེར་བུ་པ་ལ་ཟས་བྱིན་པའི་ལྟུང་བྱེད་ནི། ཀུན་དགའ་བོ་ལ་བཅས་ཏེ། མུ་སྟེགས་གཅེར་བུ་པ་ཕོ་མོ་གང་རུང་ལ་ནད་པ་དང་ཉེ་དུ་དང་དགེ་བ་ལ་སྦྱོར་བའི་དོན་མ་ཡིན་པར་རང་དང་དེ་གཉིས་ཀས་ཟར་རུང་བའི་དུས་རུང་གི་ཟས་རང་གི་ལག་གིས་བྱིན་ཅིང་དེས་ཐོབ་པའོ། །ལྔ་པ་དམག་ལ་བལྟ་བའི་ལྟུང་བྱེད་ནི། འདི་དང་དྲུག་པ་དང་བདུན་པ་རྣམས་དྲུག་སྡེ་ལ་བཅས་ཏེ། རྒྱལ་པོས་བོས་པ་སོགས་རྐྱེན་དགོས་དང་མི་ལྡན་པའི་དགེ་སློང་གིས་རང་གི་གནས་ཀྱི་ཉེ་འཁོར་ལས་འདས་ཏེ་དམག་གི་དཔུང་ལ་བལྟས་པས་མཐོང་བ་ན་ལྟུང་བྱེད་དོ། །དྲུག་པ་དམག་གི་ནང་དུ་གནས་པའི་ལྟུང་བྱེད་ནི། སྔར་བཞིན་རྐྱེན་དགོས་མེད་པར་དམག་གི་ནང་དུ་ཞག་གཅིག་གམ་གཉིས་ལས་ལྷག་པར་བསྡད་པའོ། །བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་ནི། རྐྱེན་དགོས་ཀྱིས་དམག་ནང་དུ་སྡོད་དགོས་པའི་ཚེ་ཡང་རང་དགར་གོ་མཚོན་ལ་རེག་པ་དང་དཔག་དཔུང་གི་རུ་བཤམ་བཀོད་སོགས་བྱས་པའོ། །བརྒྱད་པ་བརྡེག་པའི་ལྟུང་བྱེད་ནི། ཁྲོ་བོས་དགེ་སློང་གཞན་ལ་བརྡེག་གམ་བརྡེག་ཏུ་བཅུག་པས་ཕོག་པ་ན་བརྡེག་ཐེངས་དེ་སྙེད་ཀྱི་ལྟུང་བ་རེ་རེའོ། །དགུ་པ་བརྡེག་པ་གཟས་པའི་ལྟུང་བྱེད་ནི། ཁྲོ་བས་དགེ་སློང་གཞན་ལ་བརྡེག་པར་བརྩམས་པ་སྟེ་བརྡེག་ཚུལ་བྱས་པ་དེས་གོ་བའོ། །བཅུ་པ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ནི། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་དབུས་སུ་དགེ་སློང་གཞན་ལ་གནས་ངན་ལེན་གྱི་ལྟུང་བ་ཕམ་ལྷག་གང་རུང་བྱུང་བ་ངོ་ཤེས་སམ་ཡིད་གཉིས་ཟ་བ་དགོས་པ་ཁྱད་པར་ཅན་མེད་པར་བཅབས་ཏེ་མཚན་མོ་འདས་ན་ལྟུང་བྱེད་དེ། ཕམ་ལྷག་ལས་གཞན་པའི་ལྟུང་བ་འཆབ་ན་ཉེས་བྱས་སོ། །བཅུ་མཚན་དྲུག་པ་ཁྱིམ་དང་གི་སྡེ་ཚན་ནི། དགེ་སློང་ཟས་གཅོད་མེ་ལ་རེག་ཏུ་བཅུག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ། །སྡིག་ལྟའི་ཆོས་ལུགས་མི་གཏོང་ཕེབས་པར་སྨྲ། །དགེ་ཚུལ་སྡིག་ལྟ་མི་གཏོང་ལྷན་ཅིག་ཉལ། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་གྱོན། །རིན་ཆེན་དམག་ཆས་རོལ་མོའི་ཆས་ལ་རེག །ཚ་དུས་རང་གར་ཁྲུས་བྱེད། ཅེས་པ་ལྟར་བཅུ་ལས། དང་པོ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ནི། འདི་དང་བཞི་པ་དྲུག་པ་བདུན་པ་རྣམས་ཉེར་དགའ་ལ་བཅས་ཏེ། ཁྱིམ་པ་དགེ་སློང་གཞན་ལ་དུས་རུང་གི་ཟས་འདྲེན་པ་ན་དགེ་སློང་ལ་ངན་སེམས་ཀྱིས་དེ་འགོག་པའི་ཚིག་སྨྲས་ནས་གཅོད་དུ་བཅུག་སྟེ་ཁྱིམ་པས་དོན་གོ་བའོ། །གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་ནི། འདི་དང་བརྒྱད་པ་དགུ་པ་བཅུ་པ་རྣམས་དྲུག་སྡེ་ལ་བཅས་ཏེ། རྒོད་བག་གི་བསམ་པས་མེ་ལ་རེག་གམ་རེག་ཏུ་བཅུག་ནས་རེག་པའི་ཚེ་ནའོ། །དེ་ཡང་ཆོས་ལྡན་གྱི་བྱ་བའི་ཆེད་དུ་མེ་ལ་རེག་དགོས་ན། དུས་འདིའི་ཚེ་སྟོན་པས་གནང་བ་ཡིན་སྙམ་དུ་དུས་དྲན་བྱས་ནས་རེག་ན་ལྟུང་བར་མི་འགྱུར་རོ། །གསུམ་པ་འདུན་པ་ཕྱིར་བསྒྱུར་གྱི་ལྟུང་བྱེད་ནི། དགའ་བོ་ལ་བཅས་ཏེ། དགེ་འདུན་གྱིས་དགེ་སློང་གི་ཆེད་དུ་ལས་བྱས་ཤིང་ཆགས་པ་ལ་དང་པོར་འདུན་པ་ཕུལ་ནས། སླར་བདག་གི་འདུན་པ་ཕྱིར་བྱིན་ཅིག་ཅེས་ལྡོག་པའི་ཚིག་སྨྲས་ཏེ་དོན་གོ་བའོ། །ལས་མ་ཟིན་གོང་དུ་ཕྱིརསྒྱུར་ན་ནི་ལས་དེ་མི་ཆགས་པར་ཟད་ཀྱི། དེ་ལྟུང་བ་འདི་འབྱུང་བ་མ་ཡིན་ནོ། །བཞི་པ་ནུབ་ལྷག་ཉལ་གྱི་ལྟུང་བྱེད་ནི། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་གནས་གཅིག་ཏུ་ནུབ་གཉིས་ཉལ་དུ་རུང་ལ། དེ་ལས་ལྷག་པར་ན་བ་སོགས་ཀྱི་རྐྱེན་དགོས་མེད་པར་ནུབ་གསུམ་འདས་ནས་བཞི་པའི་སྐྱ་རེངས་ཤར་བའོ། །གལ་ཏེ་གནས་ཁང་གཅིག་ཏུ་ཉལ་ཀྱང་བར་དུ་ཁྲུ་ཕྱེད་དང་དགུས་ཆོད་ན་ལྟུང་བ་མེད་དེ། མདོར། འདི་ལ་བྱ་གག་འཕུར་ནས་འབབ་པའི་ལམ་ནི་བར་དུ་ཆོད་པ་ཉིད་ཡིན་ནོ། །ཞེས་པས་གནས་གཅིག་པར་མི་འགྱུར་བའི་ཕྱིར་རོ། །ལྔ་པ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི། དགེ་སློང་འཆི་ལྟས་ལ་བཅས་ཏེ། ཆང་འཐུང་བ་དང་ཕྱི་དྲོ་ཟ་བ་སོགས་ལ་ཉེས་པ་མི་འབྱུང་ངོ་ཞེས་སྡིག་ལྟའི་ཆོས་ལུགས་སྨྲ་བ་ཉིད་ཟློག་བྱེད་ལྔ་པའི་མཐའ་ལ་མ་བཏང་བའོ། །དྲུག་པ་སྤངས་པའི་རྗེས་ཕྱོགས་ཀྱི་ལྟུང་བྱེད་ནི། དགེ་འདུན་གྱིས་གནས་ནས་ཕྱུངས་པའི་དགེ་སློང་དང་ལྷན་ཅིག་གཏམ་ཕེབས་པར་སྨྲ་བ་སོགས་སྤྱོད་ལམ་མཐུན་པར་བྱས་ནས་མཚན་དེའི་མཐའི་སྐད་ཅིག་མ་འདས་པའོ། །བདུན་པ་བསྙིལ་བ་སྡུད་པའི་ལྟུང་བྱེད་ནི། སྡིག་ལྟ་མི་གཏོང་བའི་དགེ་ཚུལ་དགེ་འདུན་གྱིས་བསྙིལ་བ་དང་ལྷན་ཅིག་ཉལ་བ་སོགས་སྤྱོད་ལམ་ལ་མཐུན་པར་བྱས་ནས་མཚན་མཐའ་འདས་པའོ། །བརྒྱད་པ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ནི། ཆུ་ཚགས་མ་གཏོགས་རུང་བའི་ཚོན་གསུམ་གྱིས་ཁ་མ་བསྒྱུར་བའི་གོས་ཁྲུ་གང་ཡན་ཆད་ཁ་དོག་དཀར་པོ་ཅན་གཞན་གྱིས་གཡོགས་མེད་པར་གྱོན་དུ་ལྟུང་བྱེད་དང་། ནག་པོ་དང་ཁྲ་བོ་དང་ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བ་ལ་ཉེས་བྱས་སོ། །དགུ་པ་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་ནི། ཆུད་འཛའ་བ་དང་སྦྱིན་བདག་བསོད་ནམས་འདོད་པས་སྟབས་པ་དང་ཆོས་འཆད་པ་སོགས་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པར་རང་མི་དབང་བའི་ནོར་བུ་དང་མུ་ཏིག་སོགས་རིན་པོ་ཆེའམ། དེར་མིང་གིས་སྨོས་པ་མདའ་མདུང་སོགས་དམག་ཆས་དང་། རྔ་བོ་ཆེ་སོགས་རོལ་མོའི་ཆས་ལ་རྒོད་བག་གི་བསམ་པས་རང་ངམ་བསྐོས་པས་རེག་པའོ། །བཅུ་པ་ཁྲུས་བྱེད་པའི་ལྟུང་བྱེད་ནི། ཚ་བའི་དུས་དབྱར་ཟླ་གསུམ་དང་ནད་ལ་ཕན་པ་སོགས་གནང་བའི་དུས་མ་ཡིན་པར་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པའི་སྔ་རོལ་ཏུ་ཆུ་ལ་རང་དགར་ཁྲུས་བྱས་ཏེ་ལུས་ཕྱེད་ཆུར་ནུབ་པའོ། །བཅུ་ཚན་བདུན་པ་བསམ་བཞིན་གྱི་སྡེ་ཚན་ནི། དུད་འགྲོ་གསོད། དགེ་སློང་བྱས་ལ་འགྱོད་བསྐྱེད་གག་ཚིལ་སྒོག །ཆུ་རྩེ་བུད་མེད་གནས་གཅིག་ཉལ་བ་དང་། །དགེ་སློང་དངངས་བྱེད་དེ་ཡིན་ཡོ་བྱད་སྦེད། །སྔར་བྱིན་གདིང་མེད་སླར་བླངས་སྤྱོད་པ་དང་། །གཞི་མེད་སྐུར་བཏབ་བུད་མེད་ལྷན་ཅིག་ཏུ། །སྐྱེས་པ་མེད་པར་ལམ་འགྲོ། ཞེས་པ་ལྟར་བཅུ་ལས། དང་པོ་དུད་འགྲོ་གསོད་པའི་ལྟུང་བྱེད་ནི། འདི་དང་གཉིས་པ་དང་དྲུག་པ་རྣམས་འཆར་ཀ་ལ་བཅས་ཏེ། གསོད་འདོད་ཀྱི་བསམ་པས་དུད་འགྲོའི་རིགས་སུ་གཏོགས་པ་གསོད་དམ་གསོད་དུ་བཅུག་སྟེ་རང་མ་ཤི་བའི་གོང་དུ་ཤི་ན་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་ནི། དགེ་སློང་གཞན་ཡིད་མི་བདེ་བར་བྱ་བའི་ཕྱིར་ཁྱོོད་ལ་སྡོམ་པ་མ་སྐྱེས་ཞེས་སམ་ཉམས་སོ་ཞེས་སོགས་འགྱོད་པ་བསྐྱེད་པའི་ཚིག་སྨྲས་པ་དེས་གོ་བའོ། །གསུམ་པ་གག་ཚིལ་བྱེད་པའི་ལྟུང་བྱེད་ནི། འདི་དང་བཞི་པ་བཅུ་བདུན་སྡེ་ལ་བཅས་ཏེ། དགེ་སློང་གཞན་གྱི་ལུས་ལ་སྐྱི་གཡའ་བར་བྱ་བའི་བསམ་པས་མཆན་ཁུང་སོགས་ལ་རེག་སྟེ་གག་ཚིལ་སྒོག་པའོ། །བཞི་པ་ཆུ་ལ་རྩེ་བའི་ལྟུང་བྱེད་ནི། རྒོད་བག་གི་བསམ་པས་ལུས་ཕྱེད་ནུབ་པའི་ཆུ་ལ་རྩེས་སམ་རྩེར་བཅུག་པ་ལས་གྱུར་པའོ། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ནི། མ་འགགས་པ་ལ་བཅས་ཏེ། དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་མཚན་མོའི་མཐའ་འདས་པའོ། །དྲུག་པ་དངངས་པར་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གིས་དགེ་སློང་གཞན་དངངས་པར་བྱེད་འདོད་པས་ཡིད་དུ་མི་འོང་བའི་འཇིགས་པ་སྣ་ཚོགས་སྟོན་ནམ་སྟོན་དུ་བཅུག་པས་དེ་སྐྲག་པ་སྐྱེས་པའོ། །བདུན་པ་སྦེད་པའི་ལྟུང་བྱེད་ནི། དྲུག་སྡེ་ལ་བཅས་ཏེ། དགེ་སློང་གིས་རབ་བྱུང་སྡེ་ལྔ་གང་ཡང་རུང་བ་དེའི་ཆོས་གོས་དང་ལྷུང་བཟེད་སོགས་འཚོ་བའི་ཡོ་བྱད་རྐུ་འདོད་དང་ཕན་སེམས་མ་ཡིན་པར་སྦེད་དམ་སྦེད་དུ་བཅུག་སྟེ་སྦས་པའོ། །བརྒྱད་པ་གདེངས་མེད་པར་སྤྱོད་པའི་ལྟུང་བྱེད་ནི། ཉེར་དགའ་ལ་བཅས་ཏེ། དགེ་སློང་གཞན་གྱི་གོས་སྔར་རང་གིས་བྱིན་པ་རྐུ་སེམས་དང་ཡིད་གཅུགས་མིན་པར་དེས་གནང་བའི་གདེངས་མེད་བཞིན་དུ་སླར་བླངས་ནས་ཅི་དགར་ལོངས་སྤྱད་པའོ། །དགུ་པ་སྐུར་འདེབས་ཀྱི་ལྟུང་བྱེད་ནི། མཛའ་བོ་དང་ས་ལས་སྐྱེས་ལ་བཅས་ཏེ། མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པའི་དགེ་སློང་གཞན་ལ་ལྷག་མ་བཅུ་གསུམ་གང་རུང་གིས་སྐུར་པ་བཏབ་ཅིང་དེས་གོ་བའོ། །བཅུ་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། གཉན་ཡོད་དུ་འགྲོ་བའི་དགེ་སློང་ཞིག་ལ་བཅས་ཏེ། དགེ་སློང་གིས་ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་སྐྱེས་པའི་ཁྲིམས་གྲོགས་མེད་པར་ལམ་དུ་འགྲོ་ན་རྒྱང་གྲགས་རེ་རེ་འདས་པ་ལྟུང་བ་རེ་རེ་དང་། དེའི་ཕྱེད་ལ་ཉེས་བྱས་སོ། །བཅུ་ཚན་བརྒྱད་པ་མགྲོན་མང་རྐུན་མ་ཞེས་པའི་སྡེ་ཚན་ནི། རྐུན་མའང་མཚུངས། ཉི་ཤུ་མ་ལོན་པ་ལ་བརྙེས་རྫོགས་ཕོག །ས་བརྐོ་མགྲོན་པོས་ཟླ་བཞི་ལྷག་པར་ཟས། །མི་ཤེས་བརྗོད་དང་འཐབ་པའི་ཉན་རྣ་བྱེད། །ཉེས་མེད་མི་སྨྲ་འགྲོ་དང་མི་གུས་འགལ། །ཆང་འཐུང་དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ། །ཞེས་པ་ལྟར་བཅུ་ལས། དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། འགྲོན་ལམ་དུ་འགྲོ་བའི་དགེ་སློང་ལ་བཅས་ཏེ། དགེ་སློང་གིས་ཆོམ་རྐུན་ནམ་ཤོ་གམ་མ་བྱིན་པའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་ནའང་སྔ་མ་དང་མཚུངས་ཏེ། རྒྱང་གྲགས་རེ་རེ་ལ་ལྟུང་བའོ། །གཉིས་པ་ཉི་ཤུ་མ་ལོན་པ་རྫོགས་པར་བྱེད་པའི་ལྟུང་བྱེད་ནི། མངྒལ་གྱི་བུ་ལ་བཅས་ཏེ། བསྒྲུབ་བྱ་སྐྱེས་པ་མངལ་ཤོལ་རྩིས་ཀྱང་ལོ་ཉི་ཤུ་མ་ལོན་པ་ལ་དེར་འདུ་ཤེས་སམ་ཐེ་ཚོམ་ཟ་བས་བསྙེན་རྫོགས་ཕོག་ན། ལས་བརྗོད་པ་གསུམ་པའི་བྱ་བ་བརྗོད་པ་རྫོགས་ནས་བྱེད་པ་བརྗོད་པའི་འགོ་བརྩམ་པའི་ཚེ་མཁན་པོ་ལ་ལྟུང་བྱེད་དང་། སློབ་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །གསུམ་པ་ས་བརྐོ་བའི་ལྟུང་བྱེད་ནི། འདི་དང་བཞི་པ་དང་ལྔ་པ་རྣམས་དྲུག་སྡེ་ལ་བཅས་ཏེ། དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ས་སྲ་ཞིང་འཐས་པར་གནས་པ་དགོས་པ་ཁྱད་པར་ཅན་མེད་པར་བརྐོའམ་བརྐོར་བཅུག་སྟེ་སོར་བཞི་ཡན་ཆད་བརྐོས་པའོ། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་ནི། སྦྱིན་བདག་གིས་དུས་ཇི་ཙམ་མགྲོན་དུ་བོས་པ་ལས་ལྷག་པ་འདུག་པའམ། ཚིགས་བཞག་པ་མེད་ན་ཟླ་བ་བཞི་ལས་ལྷག་པར་སྡོད་ནས་ཟས་ཟོས་པའོ། །ལྔ་པ་བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ནི། དགེ་སློང་གཞན་གྱིས་རང་ཉིད་བསླབ་པ་ལ་སློབ་པར་བསྐུལ་བ་ན། བསྐུལ་བ་པོ་ལ་ཁྱོད་ཀྱིས་མི་ཤེས་པས་གཞན་ཤེས་པ་ལ་མ་དྲིས་ཀྱི་བར་དུ་མི་སློབ་བོ་ཞེས་པ་ལྟ་བུའི་ཁྱད་གསོད་ཀྱིས་སྤོང་བའི་ཚིག་བརྗོད་ཅིང་གོ་བའོ། །དྲུག་པ་ཉན་རྣ་བྱེད་པའི་ལྟུང་བྱེད་ནི། ཉེར་དགའ་ལ་བཅས་ཏེ། དགེ་སློང་རང་དང་རྩོད་ཟླར་གྱུར་པའི་དགེ་སློང་གཞན་གཉིས་མན་ཆད་གྲོས་བྱེད་པ་ལ་རྩོད་པ་ཞི་འདོད་མ་ཡིན་པར་འཐབ་མོ་དེ་སྦར་བའི་ཆེད་དུ་ཉན་རྣ་བྱས་པས་རང་གིས་དོན་གོ་བའོ། །བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། དགའ་བོ་ལ་བཅས་ཏེ། རང་ཁ་སྐོང་དུ་འོས་པའི་དགེ་སློང་གིས་གསོ་སྦྱོང་སོགས་དགེ་འདུན་གྱི་ཆོས་ལྡན་གྱི་ལས་གྲལ་དུ་དང་པོར་འདུས་ནས་གསོལ་བ་ཙམ་ཡང་མ་བྱས་པའི་གོང་དུ་དགེ་འདུན་མཐུན་པ་སྒྲུབ་བྱེད་ཀྱི་འདུན་པ་མ་ཕུལ་བའམ་ལྟག་འོག་གི་དགེ་སློང་ལ་འགྲོ་བ་མི་སྨྲ་བར་ཐོས་པའི་ཉེར་འཁོར་ལས་འདས་ཏེ་ཕྱིན་པའོ། །གསོལ་བ་ཐོས་ནས་ཕྱིན་ན་ཉེས་བྱས་དང་། རང་ཁ་སྐོང་དུ་མི་འོས་པ་སོགས་ལ་ལྟུང་བ་མེད་དོ། །བརྒྱད་པ་མ་གུས་པའི་ལྟུང་བྱེད་ནི། གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་ལ་བཅས་ཏེ། དགེ་སློང་གིས་སངས་རྒྱས་དངོས་སུ་བཞུགས་པ་དང་། དགེ་སློང་གི་དགེ་འདུན་དང་། དགེ་འདུན་གྱི་ཐ་སྙད་པ་དགེ་བསྐོས་ཏེ་གསུམ་པོ་གང་ཡང་རུང་བས་ཆོས་ལྡན་གྱི་བཀའ་བསྒོ་བའི་དོན་ལ་ཁོ་བོས་སྒྲུབ་མི་ནུས་སོ་ཞེས་ཤད་སྦྱང་མེད་པར་མ་གུས་པས་དེ་ལས་བཟློག་སྟེ་འགལ་བར་བྱས་པའོ། །དགུ་པ་ཆང་འཐུང་བའི་ལྟུང་བྱེད་ནི། ལེགས་འོངས་ལ་བཅས་ཏེ། ཕབས་བཏབ་པ་འབྲུའི་ཆང་དང་རྒུན་ཆང་སོགས་བཅོས་པའི་ཆང་དང་། དེ་དག་གི་སྦག་མ་དང་ཚིགས་མ་སོགས་མྱོས་པའི་ནུས་པ་ཅན་རྣམས་འཐུང་ངམ་ཟ་བར་འདོད་པས་མགུལ་དུ་མིད་པ་ན་ལྟུང་བྱེད་དེ། བསྐོལ་བས་ཆང་གི་རོ་ནུས་ཉམས་པར་བྱས་པ་དང་། ནད་པ་ལ་ཕན་པའི་ཕྱིར་ཁར་བསྲེལ་བ་ཙམ་དང་ལུས་ལ་བཀུད་པ་ཙམ་ལ་ཉེས་པ་མེད་དོ། །བཅུ་པ་དུས་མིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་ནི། དུས་མ་ཡིན་པའི་ཕྱི་དྲོ་སྟེ། རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་གྱི་བར་དུ་རྐྱེན་དགོས་མེད་ཅིང་དེར་འཁོད་ཀྱི་གྲོགས་ལ་མ་སྨྲས་པར་ཁྱིམ་པའི་གྲོང་དུ་རྒྱུ་བར་བྱེད་པས་སྒོ་གཏན་དང་ཉེ་འཁོར་ལས་འདས་པའོ། །བཅུ་ཚན་དགུ་པ་ཆོས་སྟོན་གྱི་སྡེ་ཚན་ནི། ཟས་བཅས་ཕྱི་དྲོ་རྒྱུ་དང་ཁྱིམ་གསུམ་འདས། །རྒྱལ་པོ་བཙུན་མོར་རྩེ་བའི་ཁབ་ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་དང་། །རིན་ཆེན་ཁབ་རལ་ཁྲི་རྐང་ཚད་ལྷག་བཟོས། །ངན་སེམས་ཤིང་བལ་ཁྲི་སྟེང་བརྡལ་ཏེ་བགོས། །གདིང་གཡན་རས་ཆེན་ཆོས་གོས་ཚད་ལྷག་གོ། །ཞེས་པ་ལྟར་བཅུ་ལས། དང་པོ་གྲོང་གཞན་དུ་རྒྱུ་བའི་ལྟུང་བྱེད་ནི། འདི་དང་དྲུག་པ་དང་བཅུ་པ་རྣམས་ཉེར་དགའ་ལ་བཅས་ཏེ། དགེ་སློང་གིས་སྔ་དྲོ་རང་ཚིག་གིས་སྦྱིན་བདག་ཁྱིམ་པའི་གནས་སུ་ཟས་ལ་སྤྱན་དྲངས་ནས། དུས་ལ་བྲིམ་ཞེས་མ་བསྒོས་པར་རང་ཉིད་ཁྱིམ་གཅིག་ནས་གཅིག་ཏུ་རྒྱུ་བས་ཁྱིམ་གསུམ་འདས་ཏེ་དགེ་འདུན་གྱི་གདུགས་ཚོད་ལ་གནོད་པ་དང་། ཕྱི་དྲོ་ཁྱིམ་བཞི་ཕན་ཆད་འདས་པས་དགེ་འདུན་གྱི་ཆོས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ནི། འཆར་ཀ་ལ་བཅས་ཏེ། ཆོས་ལྡན་གྱི་དོན་དུ་བོས་པ་སོགས་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་རྩེ་བའི་ཁབ་སྟེ་བཙུན་མོ་དང་བཅས་པའི་ཕོ་བྲང་དུ་ཉི་མ་དམར་ཐག་ཆོད་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་འགྲོ་ན་གནས་དེའི་སྒོ་གཏན་ནམ། དེའི་ཉེ་འཁོར་འདས་པར་སླེབ་པའོ། །ནུབ་མོར་མ་ཟད་ཉིན་མོ་ཕྱིན་ནས་མཚན་ལ་དེར་ཉལ་ཀྱང་འདྲའོ། །གསུམ་པ་བསླབ་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། འདི་དང་ལྔ་པ་དག་དྲུག་སྡེ་ལ་བཅས་ཏེ། སོ་ཐར་གྱི་མདོ་ལན་གཉིས་ཡན་ཆད་ཐོས་ཤིང་མདོ་དེ་ལ་དོན་དེ་ཡོད་པ་སྔར་ནས་ཤེས་ཀྱང་ཤེས་རིན་མི་ཆོག་པར་སྟོན་པའི་ཕྱིར། གསོ་སྦྱོང་གི་དུས་སུ་དོན་འདི་ཡོད་པ་ད་གདོད་ཤེས་སོ་ཞེས་འདུལ་བར་གཏོགས་པའི་བསླབ་པ་ཁྱད་གསོད་ཀྱི་ཚིག་སྨྲས་པ་ཕ་རོལ་པོས་གོ་ན་ལྟུང་བྱེད་དང་། མདོ་སྡེ་སོགས་ལ་ཉེས་བྱས་སོ། །བཞི་པ་ཁབ་རལ་འཆོས་པའི་ལྟུང་བྱེད་ནི། འདི་དང་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་དགེ་སློང་རབ་ཏུ་མང་པོ་ལ་བཅས་ཏེ། དཀོན་ཞིང་རིན་ཐང་ཆེ་བའི་རྫས་བ་སོ་སོགས་ལ་ཁབ་རལ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་པའོ། །ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུའི་རྐང་པ་བུ་གར་གཞུག་པ་མན་ཆད་ཁྲུ་གང་ཚད་ཡིན་པས་དེ་ལས་ལྷག་པ་བཟོའམ་བཟོར་བཅུག་སྟེ་ཟིན་པའོ། །དྲུག་པ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ནི། དགེ་འདུན་གྱི་ཁྲི་དང་ཁྲིའུའི་སྟེང་དུ་དགེ་སློང་གིས་ངན་སེམས་ཀྱིས་ཤིང་བལ་བརྡལ་ཏེ་གོས་པར་བྱས་པའོ། །བདུན་པ་གདིང་བ་དང་། བརྒྱད་པ་གཡན་དགབ་དང་། དགུ་པ་དབྱར་གྱི་གོས་རས་ཆེན་རྣམས་ཚད་ལྷག་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གིས་རང་དོན་དུ་དེ་གསུམ་རང་རང་གི་ཚད་ལས་ལྷག་པ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་པ་ན་དེ་དང་དེའི་ལྟུང་བྱེད་དོ། །ཚད་ནི། གདིང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག །གཡན་དགབ་ཀྱི་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ། རས་ཆེན་གྱི་སྲིད་དུ་ཁྲུ་དགུ་དང་། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དེ་ཡང་ཁྲུ་དང་སོར་གྱིས་འཇལ་བ་ཐམས་ཅད་ལ་རང་རང་གི་འཇལ་བྱེད་ཀྱི་ཕྱེད་ཀྱིས་ལྷག་ན་ལྟུང་བའོ། །འདི་དག་གི་ལྟུང་བ་བཤགས་པའི་ཚེ། ཁབ་རལ་བཅོག་ཅིང་ཁྲིའི་ཤིང་བལ་བསྡུས་ནས་དང་། ཁྲི་རྐང་གདིང་གཡན་རས་ཆེན་བཞིའི་ལྷག་པོ་བཅད་ནས་བཤགས་དགོས་ཤིང་། བཤགས་ཡུལ་གྱིས་བཅག་གམ། བསྡུས་སམ། བཅད་དམ་ཞེས་མ་དྲིས་ན་ཉེས་བྱས་སོ། །བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ནི། སྟོན་པའི་ལུས་ཚད་ཙམ་མེད་པར་དེའི་ཆོས་གོས་ཀྱི་ཚད་དམ། དེ་བས་ལྷག་པ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་པ་ལས་གྱུར་པའོ། །དེ་ལ་སྟོན་པའི་ཆོས་གོས་ཀྱི་ཚད་ནི། སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ་ཡིན་པས་མི་ཕལ་བའི་ཁྲུ་བཅོ་ལྔ་དང་། ཞེང་དུ་སྟོན་པའི་ཁྲུ་གསུམ་ལ་ཕལ་པའི་ཁྲུ་དགུ་ཡོད་དེ། སྟོན་པའི་ཁྲུ་རེ་ལ་མི་འབྲིང་པོའི་ཁྲུ་གསུམ་རེ་ཡོད་པའི་ཕྱིར་རོ། ༈ །ལྔ་པ་སོར་བཤགས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སོ་སོར་བཤགས་བྱའི་སྡེ་ནི་བཞི་ཡིན་ཏེ། །ཞེས་པ་སྟེ། སྨྲེ་སྔགས་ཀྱི་རྣམ་པས་སོ་སོར་བཤགས་དགོས་པས་ན་སོར་བཤགས་ཀྱི་སྡེ་ཞེས་བྱ་སྟེ། དེའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །སོར་བཤགས་ཀྱི་མིང་གིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའོ། །དབྱེ་ན། རབ་ཏུ་བྱུང་བའི་དང་། ཁྱིམ་པའི་གཞི་ལས་གྱུར་པ་གཉིས་གཉིས་ཏེ་བཞིའོ། །གཉིས་པ་རྒྱས་བཤད་ནི། དགེ་སློང་མ་ལས་གྲོང་དུ་ཟས་བསླངས་ཟོས། །ཁྱིམ་དུ་དགེ་སློང་མ་བསྒོས་མ་བཟློས་ཟོས། །བསླབ་སྡོམ་སྦྱིན་ལས་རུང་མིན་བསླངས་ཏེ་ཟོས། །ནགས་མ་མྱུལ་བར་དགོན་པར་བསླངས་ཟོས་བཞིའོ། །ཞེས་པ་ལྟར་བཞི་ལས། དང་པོ་ཉེར་དགའ་དང་ཕྱི་མ་གསུམ་དྲུག་སྡེ་ལ་བཅས། དེ་ལ་དང་པོ་དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མས་རང་ཉིད་བཟའ་བའི་ཆེད་དུ་བསྒྲུབས་པའི་དུས་རུང་གི་ཟས་གྲོང་ངམ། དེའི་ཉེ་འཁོར་རམ། ལམ་པོ་ཆེ་གང་རུང་དུ་དགེ་སློང་གིས་བསླངས་ཏེ་ཟོས་པའོ། །གཉིས་པ་དགེ་སློང་མས་ངོས་མགྲོན་བྱེད་པ་མ་བཟློག་པར་ཟོས་པའི་སོར་བཤགས་ནི། དགེ་སློང་གསུམ་ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོ་བཤམ་སྟེ་གྲལ་རིམ་པར་འབྲིམ་དུ་མི་འཇུག་པར་ངོས་མགྲོན་གྱིས་འདི་ལ་ཕུལ་ཅིག་ཅེས་བསྒོ་བ་དེ་དགེ་སློང་གཅིག་གིས་མ་བཟློག་པར་དགེ་སློང་ཇི་སྙེད་པས་ཟོས་པ་དེ་ཐམས་ཅད་ལ་སོར་བཤགས་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ། །གསུམ་པ་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ནི། དགེ་འདུན་བློ་མཐུན་པས་གསོལ་བའི་ལས་ཀྱིས་ཁྱིམ་པ་ཅི་རིགས་ལས་དགག་བྱ་དང་དགོས་པའི་དབང་གིས་ཟས་མི་སློང་བའི་བསླབ་སྡོམ་སྦྱིན་པ་ན། ཁྲིམས་དེར་གཏོགས་པའི་དགེ་སློང་གིས། དེ་ལས་ལེན་རུང་བ་ལོ་མ་སོགས་མོད་པ་མ་ཡིན་པའི་དུས་རུང་གི་ཟས་བསླངས་ཏེ་ཟོས་པའོ། །བཞི་པ་ནགས་མ་བརྟགས་པ་ལས་གྱུར་པའི་སོར་བཤགས་ནི། གྲོང་ནས་རྒྱང་གྲགས་སྤགས་པའི་འཇིགས་བཅས་ཀྱི་དགོན་པར་དགེ་འདུན་གྱིས་ནགས་མྱུལ་བར་བསྐོས་པའི་དགེ་སློང་གིས། དགེ་འདུན་དང་སྦྱིན་བདག་གི་གནོད་པ་བསྲུང་བའི་བྱ་བ་འདིས་ཅི་བྱ་སྙམ་པས་ནགས་མ་མྱུལ་བར་ཁྱིམ་པ་ལས་དུས་རུང་གི་ཟས་བསླངས་ཏེ་ཟོས་པའོ། ༈ །དྲུག་པ་ཉེས་བྱས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཞེས་གྲགས་པ། །ཞེས་པ་ཉེས་པ་ཕྲ་མོའི་རང་བཞིན་ཡིན་པས་ན་ཉེས་བྱས་ཏེ། དེའི་མཚན་ཉིད། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག །ཉེས་བྱས་ཀྱི་མིང་གིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བ། དབྱེ་ན། མདོའི་སྡོམས་ཀྱིས་བསྡུས་པ་ལ་བརྒྱ་དང་བཅུ་གཉིས་ཏེ། འདི་རྣམས་ཕལ་ཆེ་བ་དྲུག་སྡེ་ལ་བཅས་སོ། །གཉིས་པ་རྒྱས་བཤད་ལ་དགུ་ལས། དང་པོ་གོས་བགོ་བའི་སྡེ་ནི། ཤམ་ཐབས་ཟླུམ་མིན་བརྩེངས་འཇོལ་གླང་སྣ་འདྲ། །ལྟེབ་དང་ཕུར་མ་གདེངས་ཀ་ལྟ་བུ་བདུན། །ཟླུམ་མིན་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུ ། །ཞེས་པ་སྟེ། ཤམ་ཐབས་ཀྱི་གྱོན་ལུགས་ལ། ཡ་མཐའ་དང་མ་མཐའ་མཐོ་དམན་མི་མཉམ་པས་ཟླུམ་པོར་མ་བགོས་པ་དང་། ཧ་ཅང་བརྩེངས་པས་པུས་མོར་མ་སླེབ་པ་དང་། ཧ་ཅང་འཇོལ་བས་ལོང་བུ་ལ་རེག་པ་དང་། གླང་པོའི་སྣ་ལྟར་མས་ཟུར་གྱི་གྲྭ་མདུན་དུ་འཕྱང་བ་དང་། སྐ་རགས་ཀྱི་གོང་དུ་ཏཱ་ལའི་ལོ་མ་ལྟར་ལྟེབ་པ་དང་། སྐ་རགས་ཀྱི་བར་ནས་འབྲུའི་ཕུར་མ་ལྟར་འབུར་བ་དང་། སྐ་རགས་ཀྱི་སྟེང་དུ་སྦྲུལ་གྱི་གདེངས་ཀ་ལྟར་མཐོ་དམན་དུ་འདུག་པ་མ་ཡིན་པ་སྟེ་བདུན་དང་། སྟོད་གཡོགས་ཀྱི་གྱོན་ལུགས་ལ། སྣམ་སྦྱར་དང་བླ་གོས་ཟླུམ་པོར་མ་བགོས་པ་དང་། ཧ་ཅང་རིང་བ་དང་། ཧ་ཅང་ཐུང་བ་མ་ཡིན་པ་གསུམ་སྟེ། དེ་ལྟར་བཅུ་ལ་བསླབ་པར་བྱའོ། །གཉིས་པ་སྤྱོད་ཡུལ་དུ་འགྲོ་བའི་སྡེ་ནི། མ་བསྡམས་བགོ་བ་ཅ་ཅོ་མིག་གཡེངས་དང་། །རིང་བལྟ་མགོ་བསྟུམས་གོས་བརྫེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོང་རྐྱང་རྐང་པའི་བྲང་དང་རྟིང་བཙུགས་འགྲོ། །ལག་པ་དཀུར་བརྟེན་ལུས་བསྒྱུར་ལག་པ་གཡུག །མགོ་བསྒྱུར་ཕྲག་པ་སྤྲད་དང་ལག་སྦྲེལ་རྣམས། །མི་བྱེད་ཁྱིམ་འགྲོའི་སྤྱོད་ཡུལ་ཉི་ཤུའོ། །ཞེས་པ་སྟེ། ཁྱིམ་དུ་འགྲོ་བའི་ཚེ་དྲན་ཤེས་ཀྱིས་ལུས་ངག་མ་བསྡམས་པར་འཇུག་པ། བླ་གོས་དང་ཐང་གོས་ལེགས་པར་བགོ་བ་མ་ཡིན་པ། ཅ་ཅོའི་སྒྲ་དང་བཅས་པ། མིག་གཡས་གཡོན་དུ་གཡེངས་པས་བལྟ་བ། མིག་གཉའ་ཤིང་གང་ལས་རིང་བར་བལྟ་བ། མགོ་གོས་ཀྱིས་བསྟུམས་པ། ཤམ་ཐབས་འདོམས་སྣང་བར་བརྫེས་པ། བླ་གོས་ཕྲག་པའི་ཕྱོགས་གཉིས་ཀར་གཟར་བ། ལག་གཉིས་མདུན་ནས་གཉའ་གོང་དུ་བསྣོལ་བ། ལག་གཉིས་རྒྱབ་ནས་ལྟག་པར་བསྣོལ་བ། རང་དགར་མཆོང་ཞིང་འགྲོ་བ། ཧ་ཅང་གོམ་པ་ཆེ་བས་སྒྱིད་པ་རྐྱང་བསྐུམ་བྱེད་ཅིང་འགྲོ་བ། རྟིང་པ་བཏེག་ནས་རྐང་པའི་བྲང་གིས་འགྲོ་བ། རྟིང་པ་གཙུགས་ཏེ་ཙོག་པུས་འགྲོ་བ། ལག་དཀུར་བརྟེན་ནས་གྲུ་སྦྱངས་ཏེ་འགྲོ་བ། ལུས་སྐྱོག་པོར་བསྒྱུར་ཞིང་འགྲོ་བ། མགོ་ལྕོག་ཅིང་བསྒྱུར་ནས་འགྲོ་བ། གཞན་དང་ཕྲག་པ་སྤྲད་དེ་འགྲོ་བ། གཞན་དང་ལག་སྦྲེལ་ནས་འགྲོ་བ་རྣམས་ཏེ། དེ་ལྟར་སྐྱོན་ཉི་ཤུ་པོ་དེ་རྣམས་མི་བྱེད་པ་སྟེ་སྤངས་ནས་སྤྱོད་ཡུལ་གྱི་ཁྱིམ་དུ་ཞི་དུལ་གྱི་སྤྱོད་པས་འགྲོ་བ་ལ་བསླབ་པར་བྱའོ། །གསུམ་པ་སྟན་ལ་འདུག་པའི་སྡེ་ནི། སྟན་ལ་མ་བསྒོས་མ་བརྟགས་འཕོངས་རྡེབ་དང་། །རྐང་བརྐྱང་བསྣོལ་དང་བརླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་དགུག་རྐང་པ་གདངས་ཏེ་འདུག །འདོམས་མཐོང་རྣམས་སྤང་འདུག་ཚུལ་དགུ་ཡིན་ནོ། །ཞེས་པ་སྟེ། ཁྱིམ་གཞན་དུ་ཁྱིམ་བདག་གིས་མ་བསྒོས་པར་སྟན་ལ་འདུག་པ། དེ་བཞིན་དུ་སྟན་ལ་སྲོག་ཆགས་ཡོད་མེད་མ་བརྟགས་པ། ལུས་ཀྱི་ལྕི་ཕབ་ལ་འཕོངས་རྡེབ་པ། རྐང་པ་བརྐྱང་སྟེ་བསྣོལ་བ། བརླ་བསྣོལ་བ། ལོང་བུའི་སྟེང་དུ་ལོང་བུ་བརྩེགས་ཏེ། ཧོར་འདུག་གི་རྣམ་པས་ཁྲིའི་འོག་ཏུ་རྐང་པ་བཀུག་པ། རྐང་པ་ཕན་ཚུན་གདངས་པ། འདོམས་སྣང་བར་བྱས་ནས་སྡོད་པ་སྟེ། དེ་ལྟར་འདུག་ཚུལ་གྱི་སྐྱོན་དགུ་སྤངས་ནས་ཁྱིམ་དུ་མཉམ་གཞག་གི་འདུག་སྟངས་སྐྱིལ་ཀྲུང་གིས་འདུག་གོ། །བཞི་པ་ཟས་བླང་བའི་སྡེ་ནི། ལེགས་པར་མི་ལེན་མུ་ཁ་མཉམ་པར་ལེན། །མཐར་ཆགས་མི་ལེན་ལྷུང་བཟེད་ཟུར་མིག་བལྟ། །བཟེད་སྔས་སྔར་བྱུང་སྦས་ནས་བཟེད་པ་དང་། །སྣོད་གཞན་སྟེང་བཟེད་སྤང་བ་ཟས་བླང་བརྒྱད། །ཅེས་པ་སྟེ། གྲོང་དང་གཙུག་ལག་ཁང་སོགས་ཐམས་ཅད་དུ་འདུལ་བ་དང་མི་འགལ་བར་ཟས་ལེགས་པར་མི་ལེན་པ། སྣོད་ཀྱི་མུ་དང་ཁད་ཆད་དུ་ལེན་པ། འབྲས་མཆན་དང་ཚོད་མ་སྟེ་ཟན་དང་བྱན་མཉམ་པར་ལེན་པ། གྲལ་རིམ་ལྟར་མཐར་ཆགས་སུ་མི་ལེན་པ། ལྷུང་བཟེད་ལ་ཡིད་གཏད་དེ་མི་ལེན་པར་ཟུར་མིག་གིས་བལྟ་བ། ཟས་འདྲེན་པ་མ་སླེབ་པར་སྣོད་བཟེད་སྔས་པ། ལྷག་པོ་འདོད་པས་ཟས་སྔར་བྱུང་སྦས་ནས་ཡང་བཟེད་པ། སྣོད་གཞན་ཟས་ཀྱི་སྟེང་དུ་བཟུང་ནས་བཟེད་པ་སྟེ། དེ་ལྟར་ཟས་བླང་པའི་སྐྱོན་བརྒྱད་སྤང་བ་ལ་བསླབ་པར་བྱའོ། །ལྔ་པ་ཟས་ཟ་བའི་སྡེ་ནི། འགལ་ཟ་ཁམ་ཆེ་ཆུང་དང་རན་པར་མིན། །ཁ་གདངས་ཟ་བཞིན་སྨྲ་དང་ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། །ཁམ་གཅིག་མཁུར་སྤོ་རྐན་ཏོག་ཁམ་འཕྲོ་བཅད། །ལག་པ་འདག་འབྱོག་ལག་སྤྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་ཉེར་གཅིག་ཟ་ཚེ་སྤང་། །ཞེས་པ་སྟེ། ཐམས་ཅད་དུ་འདུལ་བ་དང་འགལ་བས་ལེགས་པར་མི་ཟ་བ། ཁ་ཧ་ཅང་ཆེ་བ། ཧ་ཅང་ཆུང་བ། རང་ངམ་འཇིག་རྟེན་དང་མཐུན་པའི་ཁམ་རན་པ་མ་ཡིན་པ། ཁམ་ཁའི་སྒོར་མ་སླེབ་པར་ཁ་གདང་བ། ཟ་བཞིན་དུ་གཏམ་སྨྲ་བ། ཟ་བའི་ཚེ་སྐྱུར་བ་ལ་ཙུག་ཙུག །མངར་བ་ལ་ཅག་ཅག །གྲང་བ་ལ་ཧུ་ཧུ། ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་ཟ་བ། ལྕེ་ཕྱིར་ཕྱུངས་ཏེ་ཟ་བ། ནས་ཡོས་སོགས་འབྲུ་རེ་ནས་གུད་དུ་ཕྱེ་ནས་ཟ་བ། སྦྱིན་བདག་གི་ཟས་ལ་སྐྱོན་ཁའོ་སྐྱུར་རོ་སོགས་འཕྱ་སྨོད་བྱེད་པ། ཁམ་གཅིག་མཁུར་བ་གཡས་གཡོན་དུ་སྤོ་ཞིང་ཟ་བ། རྐན་ཏོག་ཅིང་ཟ་བ། དུད་འགྲོ་ལྟར་ཁམ་འཕྲོ་བཅད་དེ་ཟ་བ། ལག་པ་ལ་ཟས་ཆགས་པ་འདག་པ། ལྷུང་བཟེད་དང་ཕོར་བུ་སོགས་ལྕེས་འདག་པ། ལག་པ་ལ་ཟས་ཆགས་པ་སྤྲུག་པ། ཟས་དང་བཅས་པའི་ལྷུང་བཟེད་སོགས་སྐྱོམ་སྐྱོམ་བྱེད་པ། ཟས་ལ་མཆོད་རྟེན་གྱི་གཟུགས་འདྲ་བ་བཅོས་ཏེ་གཞོམ་ཞིང་ཟ་བར་བྱེད་པ་རྣམས་ཏེ། དེ་ལྟར་སྐྱོན་ཉེར་གཅིག་པོ་དེ་རྣམས་ཟ་བའི་ཚེ་སྤང་བ་ལ་བསླབ་པར་བྱའོ། །དྲུག་པ་ལྷུང་བཟེད་ལ་སྤྱོད་པའི་སྡེ་ནི། ལྷུང་བཟེད་ལ་འཕྱ་ཕྱིར་བལྟ་ལག་པ་ནི། །ཟས་འབགས་ཆུ་སྣོད་མི་རེག་ཆུ་མི་གཏོར། །མ་དྲིས་འབགས་ཆུ་འབོ་དང་ཟས་ལྷག་བཞག །ས་རྗེས་གད་ཁ་རི་གཟར་བང་རིམ་བཞིར། །མི་བཞག་གད་གཡང་རྐན་གཟར་དུ་མི་འཁྲུ། །ལངས་དང་ཆུ་དྲག་མི་གཅུ་བཅུ་བཞིའོ། །ཞེས་པ་སྟེ། གཞན་གྱི་ལྷུང་བཟེད་ལ་འཕྱ་བའི་ཕྱི་བལྟ་བར་མི་བྱ། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་ལ་མི་རེག །ཟས་དང་བཅས་པའི་འབགས་ཆུ་དྲུང་ན་གནས་པའི་དགེ་སློང་ལ་མི་གཏོར། ཁྱིམ་བདག་ལ་མ་དྲིས་པར་ཟས་དང་འབགས་པའི་ཁྲུད་ཆུ་དེའི་ཁྱིམ་དུ་འབོ་བར་མི་བྱ། ཟས་ལྷག་ལྷུང་བཟེད་དུ་བཞག་ནས་མི་འདོར། ལྷུང་བཟེད་འོག་གཞི་མེད་པའི་ས་རྗེན་དང་། གད་ཁ་དང་། རི་དོ་ཆད་ཀྱི་གཡང་གཟར་པོ་དང་། བང་རིམ་གཞོལ་པོའི་རྐན་ཏེ་བཞིར་མི་བཞག་གོ། །དེ་བཞིན་དུ་ལྷུང་བཟེད་གད་ཁ་དང་། གཡང་ས་དང་། རྐང་གཟར་དུ་དང་། ལངས་ཏེ་ལམ་གྱི་གཞི་མདོ་རྣམས་སུ་མི་བཀྲུ། འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་གཅུ་པ་སྟེ། དེ་ལྟར་ལྷུང་བཟེད་ལ་སྤྱོད་པའི་བསླབ་བྱ་བཅུ་བཞིའོ། །བདུན་པ་ཆོས་འཆད་པའི་སྡེ་ནི། ཆོས་སྟོན་སྡེ་ནི་ལངས་ཉལ་རང་དམར་འདུག །མདུན་ནས་འགྲོ་ལ་ཕྱི་བཤད་ལམ་པོའི་འགྲམ། །མགོ་གཡོགས་བརྫེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་བཅིངས་དང་ཞྭ་གྱོན་ཅོད་པན་བཏགས། །ཕྲེང་བ་དང་ནི་མགོ་དཀྲིས་གླང་རྟ་ཞོན། །ཁྱོགས་དང་བཞོན་པ་མཆིལ་ལྷྭམ་གྱོན་པ་དང་། །འཁར་བ་གདུགས་མཚོན་རལ་གྲི་དགྲ་ཆ་མདའ། །གོ་ཆ་གྱོན་ལ་མི་བཤད་ཉེར་དྲུག་གོ། །ཞེས་པ་སྟེ། ཉན་པ་པོ་མིན་བཞིན་དུ་འདུག་པ་ལ་འཆད་པ་པོ་ལངས་ཏེ་ཆོས་མི་འཆད། དེ་བཞིན་དུ་ཉལ་བ་ལ་འདུག་པས་མི་འཆད། སྟན་མཐོན་པོར་འདུག་པ་ལ་འཆད་པ་པོ་རང་དམའ་བར་འདུག་པས་མི་འཆད། མདུན་ནས་འགྲོ་བ་ལ་ཕྱི་བཞིན་འོང་བས་མི་འཆད། ལམ་གྱི་དབུས་ནས་འགྲོ་བ་ལ་ལམ་པོའི་འགྲམ་ནས་འགྲོ་ཞིང་མི་འཆད་དོ། །མི་ན་བར་མགོ་གཡོགས་པ། གོས་བརྫེས་པ། གོས་ཕྲག་པར་གཟར་བ། ལག་པ་གཉའ་གོང་དུ་བསྣོལ་བ། ལག་པ་ལྟག་པར་བསྣོལ་བ། སྐྲ་སྤྱི་བོར་བསྡུས་ཏེ་དོ་ཀེར་བཅིངས་པ། ཞྭ་གྱོན་པ། མགོ་ལ་ཅོད་པན་བཏགས་པ། མགོ་ལ་ཕྲེང་བ་བཅིངས་པ། མགོ་ཐོད་ཀྱིས་དཀྲིས་པ། གླང་པོ་ཆེ་དང་རྟ་ལ་ཞོན་པ། ཁྱོགས་ཀྱིས་བཏེག་པ། བཞོན་པ་གཞན་ཤིང་རྟ་སོགས་ལ་ཞོན་པ། མཆིལ་ལྷྭམ་གྱོན་པ། ལག་ན་འཁར་བ་ཐོགས་པ། གདུགས་ཐོགས་པ། མདུང་སོགས་མཚོན་ཆ་ཐོགས་པ། རལ་གྲི་ཐོགས་པ། དགྲ་ཆ་སྟེ་མདའ་གཞུ་ཐོགས་པ། གོ་ཆ་གྱོན་པ་སྟེ། དེ་ལྟར་ཉེར་དྲུག་ལ་དགེ་སློང་གིས་ཆོས་མི་བཤད་དེ། ཉན་པ་པོ་ན་བའི་རྐྱེན་དབང་དུ་གྱུར་པ་ལ་ནི་ཉེས་པ་མེད་དོ། །བརྒྱད་པ་སྒྲུབ་པའི་སྡེ་ནི། སྒྲུབ་ཚུལ་གསུམ་ནི་འགྲེངས་ཏེ་བཤང་གཅི་འདོར། །ཆུ་དང་རྩྭ་ལ་བཤང་གཅི་སྣབས་མི་འདོར། །ཞེས་པ་སྟེ། མི་ན་བར་འགྲེངས་ཏེ་བཤང་གཅི་མི་འདོར། གཞན་དུ་འདོར་ས་མ་རྙེད་པའི་རྐྱེན་མེད་པར་ཆུའི་ནང་དང་། རྩྭ་སྔོན་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་མཆིལ་སྣམས་སྐྱུགས་པ་སོགས་མི་འདོར་བ་སྟེ་གཙང་སྦྲ་སྒྲུབ་པའི་ཚུལ་གསུམ་མོ། །དགུ་པ་རྒྱུ་བའི་བསླབ་བྱ་གཅིག་ནི། ཤིང་ལ་མི་གང་མཐོར་འཛེག་རྒྱུ་གཅིག་གོ། །ཞེས་པ་སྟེ། སྟག་ལ་སོགས་པའི་གནོད་པ་མེད་པར་ཤིང་ལ་མི་གང་ཙམ་ལས་མཐོ་བ་འཛེག་པར་མི་བྱའོ། ༈ །གཉིས་པ་དགེ་སློང་མའི་བསླབ་བྱ་བཤད་པ་ནི། དགེ་སློང་མ་ལ་ཕམ་བརྒྱད་ལྷག་ཉི་ཤུ། །སྤང་ལྟུང་སོ་གསུམ་ལྟུང་བྱེད་བརྒྱ་བརྒྱད་ཅུ། །སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་བཅུ་གཉིས། །སུམ་བརྒྱ་དྲུག་ཅུ་རྩ་བཞི་མདོ་ཙམ་མོ། །ཞེས་པས་དགེ་སློང་མའི་བསླབ་བྱ་ལ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་སྟེ། དང་པོ་ཕམ་པ་ལ་བརྒྱད་ལས། མི་ཚངས་སྤྱོད་རྐུ་གསོད་དང་རྫུན། །ཞེས་པ་བཞི་ནི་ཐུན་མོང་པ་སྟེ། དགེ་སློང་དང་འདྲའོ། །ཐུན་མོང་མིན་པ་བཞི་ནི། རེག་པ་ལུས་བཀན་འཆབ་དང་བཟློག་པའོ། །ཞེས་སོ། །དེ་ལྟར་ན་དགེ་སློང་མ་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་མི་འབྱུང་བར་ཐལ། དེའི་སྔ་རོལ་དུ་རེག་ཕམ་བྱུང་ཟིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྐྱེས་པའི་ལུས་ཡོངས་རྫོགས་དང་མ་འཕྲད་པར་དབང་པོ་ཉིད་འཕྲད་པ་ཙམ་གྱི་མི་ཚངས་སྤྱོད་འབྱུང་བ་སྲིད་པས་སོ། །གཉིས་པ་ལྷག་མ་ཉི་ཤུ་ལ། བདུན་ནི་ཐུན་མོང་པ་སྟེ། སྨྱན་བྱེད་པ། གཞི་མེད་ནས་བཀའ་བློ་མི་བདེ་བའི་བར་རོ། །ཐུན་མིན་ནི་བཅུ་གསུམ་སྟེ། ཅི་ཡང་ལེན་དང་ལེན་འཇུག་དང་། །མཚན་བྲལ་ཉིན་བྲལ་ལམ་དུ་འཇུག །ཆུ་བརྒལ་རབ་འབྱིན་ཤི་ནོར་ལེན། །བཟོད་བྱེད་སྤོང་དང་འཐབ་ཀྲོལ་བྱེད། །བསྟེན་དང་བསྟེན་དུ་འཇུག་པའོ། །ཞེས་པ་རྣམས་སོ། །གསུམ་པ་སྤང་ལྟུང་སོ་གསུམ་ལ། ཐུན་མོང་པ་ནི་བཅུ་དགུ་སྟེ། བཅུ་ཚན་དང་པོ་དང་། བཅུ་ཚན་གཉིས་པ་ནས་གསེར་དངུལ་ལ་རེག་པ་སོགས་གསུམ་དང་། བཅུ་ཚན་གསུམ་པ་ནས། ལྷུང་བཟེད་འཆང་བ། སྔས་ཕྱིས། དགོན་པ་པ། རས་ཆེན་བཞི་མ་གཏོགས་དྲུག་པོ་རྣམས་སོ། །ཐུན་མིན་ནི་བཅུ་བཞི་སྟེ། ལྷུང་བཟེད་ཞག་གཅིག་འདས་འཆང་བྱིན་མ་བརླབས། །སྲ་བརྐྱང་འབྱིན་དང་མི་འབྱིན་རིན་ཆེན་སློང་། །གོས་དང་གོས་རྒྱུ་དང་ནི་མལ་ཆའི་རྒྱུ། །དབྱར་ཁང་རྒྱུ་རྣམས་ཟས་སུ་བསྒྱུར་བ་དང་། །མང་ལ་བསྔོས་དང་དགེ་འདུན་བསྔོས་བྱིན་བརླབས། །བཅིངས་པ་འགྲོལ་འཇུག་གོས་ལྕི་ཡང་བ་བརྟན། །ཞེས་པ་རྣམས་སོ། །བཞི་པ་ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་ལ། ཐུན་མོང་པ་ནི། དགེ་སློང་གི་འབའ་ཞིག་པ་དགུ་བཅུ་ལས། མ་བསྐོས་པ་ལ་སོགས་པའི་བཅུ་ཚན་དང་། སྐྲོད་པ། ཡང་ཡང་ཟ་བ། ཟས་བསོད་པ་སློང་བ། ཉལ་སར་འདུག །འགྲེང་། ཕྱིར་མ་བསླངས་པར་སྤྱོད་པ། མ་ལོན་པ། དབྱར་གྱི་རས་ཆེན་ལས་གྱུར་པ་སྟེ་བཅོ་བརྒྱད་ནི་དགེ་སློང་མ་ལ་མེད་ཅིང་། དེ་ལྷག་བདུན་ཅུ་རྩ་གཉིས་ནི་ཐུན་མོང་པའོ། །ཐུན་མིན་ལ་བརྒྱ་རྩ་བརྒྱད་དེ། སྡོམ་ནི། མ་ལོན་པས་འཇོག་འཁོར་འཇོག་འཁོར་མང་འཇོག །ཁྱིམ་སོ་བཟུང་དང་མ་བཟུང་བྱེ་བྲག་ལས། །བཅུ་གཉིས་ཉི་ཤུ་མ་ལོན་རྫོགས་པར་བྱེད། །ཚིགས་ལས་འདས་པ་གཉིས་དང་མ་བསླབས་རྫོགས། །བསླབས་ཟིན་མི་རྫོགས་ཆོས་ཚོང་འདྲིད་པ་དང་། །འཁོར་མང་གསོག་དང་མ་གནང་སྡུད་པ་དང་། །འཁྲུལ་མོ་སྦྲུམ་མ་མྱ་ངན་གྱིས་གཟིར་དང་། །འཐབ་ཀྲོལ་ཅན་ཏེ་སྐྱོན་ཅན་སྡུད་པ་བཞི། །མི་འདོགས་མི་འདྲེན་མི་སློབ་ནད་པའི་གཡོག །མི་བྱེད་པ་སྟེ་ཡལ་བར་འདོར་བ་བཞི། །འདོད་རྟེན་འདོད་རྟེན་ལྟར་བཅོས་ལྟར་གནོད་དང་། །བརྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དོ། །ཁྱིམ་པ་དང་ནི་དགེ་སློང་ཡུལ་དག་ལ། །བརྟེན་ནས་བླ་གབ་ཡོད་མེད་འགྲེང་བ་བཞི། །དེ་བཞིན་ཕན་ཚུན་ཤུབ་ཅིང་སྨྲ་བ་བཞི། །ཁྱིམ་པ་ལས་ནི་རིག་པ་ལེན་དང་ཀློག །རྨ་བཅིངས་འགྲོལ་དུ་འཇུག་དང་བུ་འཚོ་དང་། །མཚན་མོ་ཁྱིམ་གཞན་ཉལ་དང་མ་བཏགས་ཉལ། །གཅིག་ཉལ་སྟན་གཅིག་སྤྱོད་ཅིང་གནས་པ་བཏང་། །རང་ལུས་དགེ་སློང་མ་དང་དགེ་སློབ་མ། །དགེ་ཚུལ་མོ་དང་ཁྱིམ་མོ་མུ་སྟེགས་མོ། །དྲིལ་ཕྱིས་ལྔ་སྟེ་བཀྲུ་བཤལ་བྱེད་དུ་འཇུག །དྲི་ཞིམ་འབྲུ་མར་ཚིགས་སྐུད་ཆུར་ལོངས་སྤྱོད། །སྤུ་ཤེལ་རྩི་དང་སོ་མངས་སྨྱིག་ཤད་གསུམ། །སོ་སོའམ་གསུམ་གས་སྐྲ་ཤད་སྐྲ་ཚབ་དང་། །ཁྱིམ་པའི་རྒྱན་ཐོགས་བྲོ་གླུ་རོལ་མོ་བྱེད། །གདུགས་ཐོགས་མཆིལ་ལྷྭམ་གྱོན་དང་ཁྲིའུར་འདུག །ཕྱིས་གནོན་ལོག་ཐབས་བྱེད་དང་སྐུད་པ་འཁལ། །དགེ་འདུན་མའི་གོས་བདག་གིར་བྱེད་པ་དང་། །ཟས་འཚོང་ཁྱིམ་གྱི་བྱ་བ་རྗེན་པ་འཚོད། །ལྟོ་འདུན་སྒོག་ཟ་རྨེ་གབ་མི་བརྟེན་དང་། །ཆུ་གོས་མི་འཆང་བཀྲུ་བཤལ་གོས་འཁྲུར་འཇུག །རུང་བའི་གོས་ལ་མ་གུས་སྟེར་དང་བརྗེ། །གཞན་བསྔགས་ཁྱིམ་གནས་རྙེད་ཆོས་སེར་སྣ་ལྔ། །དབྱར་ཁང་ཁྱིམ་གཞན་ནས་སྐྲོད་ཐོ་འཚམ་པ། །ལོག་པར་སྟོན་དང་རྣམ་འགྱུར་བརྙས་ཐབས་བྱེད། །སྤྱོ་དང་ཆུ་འཐོར་འཁྲུག་ལོང་ཡལ་བར་འདོར། །བློ་མཐུན་མི་བྱེད་གདམས་ངག་མྱོང་མི་བྱེད། །དགེ་སློང་མེད་པར་གསོ་སྦྱོང་དབྱར་གནས་བྱེད། །གཉིས་ཀའི་ཚོགས་ལ་དགག་དབྱེ་མི་བྱེད་དང་། །དབུལ་པོ་སྲ་བརྐྱང་སྦྱོར་འཇུག་དབྱུང་འགྱེད་ཕྱིར། །ཚོགས་པ་མི་སྦྱིན་དབྱར་ཁང་ཡལ་བར་འདོར། །ལྗོངས་རྒྱུར་འགྲོ་དང་མི་འགྲོ་དོགས་བཅས་འགྲོ། །བཀག་པའི་ཕྱོགས་འགྲོ་གཞན་གནས་འཐབ་ཀྲོལ་བྱེད། །སྐབས་མ་ཕྱེ་འདྲི་ཕྱི་སར་གཅིག་པུར་འགྲོ། །རྩྭ་སྔོན་སྟེང་དང་མ་བལྟས་བཤང་གཅི་འདོར། །ཞེས་པ་རྣམས་སོ། །ལྔ་པ་སོར་བཤགས་ལ་བཅུ་གཅིག་སྟེ། ཐུན་མོང་པ་ནི་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པ་ཉིད་ཡིན་ལ། ཐུན་མིན་བཅུ་ནི། འོ་ཞོ་མར་ཞུན་འབྲུ་མར་སྦྲང་རྩི་དང་། །བུར་ཁུ་ཉ་ཤ་ཤ་དང་ཤ་སྐམ་རྣམས། །ཁྱིམ་ནས་མི་ན་བཞིན་བསླངས་ཟས་སམ་འཐུངས། །ཞེས་པའོ། །དྲུག་པ་ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ལས། ཐུན་མིན་ནི་གཉིས་ཏེ། ཤམ་ཐབས་སྐེད་པར་སྣང་བར་མི་བགོ་བ་དང་། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི་འགྲོ་བའོ། །ཐུན་མོང་པ་ནི་བརྒྱ་དང་བཅུ་སྟེ། མའི་སྐབས་འདིར་ཕྱིས་གནོན་བྱེད་པ་ཞེས་མ་བསྒོས་པར་སྟན་ལ་འདུག་པ་དང་། རྩྭ་སྔོན་གྱི་སྟེང་དུ་བཤང་གཅི་འདོར་བ་གཉིས་ལྟུང་བྱེད་དུ་བཤད་ཟིན་པས། དེ་གཉིས་མ་རྟོགས་པའི་ལྷག་རྣམས་དགེ་སློང་དང་འདྲ་བའི་ཕྱིར་རོ། །དེ་དག་ནི་སྤང་བར་བྱ་བ་དགག་པའི་བསླབ་བྱ་སྟེ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བའི་ཐབས་སོ། ༈ །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། ལུང་གཞི་ལས་གསུངས་པ་རྣམས་ཡིན་ཅིང་། དེ་ལ་ཝ་སྟུའི་སྒྲ་ལས་གཞི་ཞེས་བྱ་སྟེ། བསླབ་པ་གསུམ་གྱི་རྟེན་བྱེད་པའི་ཕྱིར་རོ། །དབྱེ་ན། གཞི་བཅུ་བདུན་ཏེ། ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །དེ་ཡང་ཀ་ཤམྦྷི་ནི་ལས་བྱེ་བའི་གཞི། དམར་སེར་ཅན་ནི་ཕྱིར་བཅོས་ཀྱི་གཞི། གང་ཟག་ནི་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི། སྤོ་བ་ནི་ས་གཞན་གནས་པ་སྤྱོད་པའི་གཞི། གསོ་སྦྱོང་བཞག་པ་ནི་ཡོངས་སུ་སྦྱང་བའི་གཞི། གཞན་གོ་སླའོ། །གཞི་བཅུ་བདུན་པོ་དེ་རྣམས་བསྡུ་ན་གསུམ་སྟེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པ་དང་གསུམ་དུ་འདུ་བའི་ཕྱིར། དང་པོ་ནི། རབ་བྱུང་གི་གཞི་ཡིན་ཏེ། སྔར་བཤད་གྲུབ་ཅིང་། གསུམ་པ་ནི། ཕྱིར་བཅོས་ཀྱི་གཞི་བདུན་ཏེ། རྩ་བའི་ས་བཅད་དྲུག་པར་འཆད་པར་འགྱུར་ལ། འདིར་གཉིས་པ་བཤད་པར་བྱ་སྟེ། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ། བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ། ཐོབ་བྱེད་བསྲུང་ཐབས་ཕྱིར་བཅོས་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞིའོ། །དང་པོ་ནི། སྒྲུབ་པའི་བསླབ་བྱ་ཡོངས་སུ་སྦྱོང་བའི་ཚུལ། གསོ་སྦྱོང་དབྱར་གནས་དགག་དབྱེ། ཞེས་པ་ལྟར་གསུམ་ལས། དང་པོ་གསོ་སྦྱོང་ནི། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་དགེ་བསྙེན་མང་པོས་ཞུས་པ་ལ་བརྟེན་ནས་གནང་ངོ་། །མཚན་ཉིད་ནི། གཞི་གསུམ་གྱི་ནང་ཚན་བསླབ་གསུམ་རྣམ་པར་དག་བྱེད་ཀྱི་ཐབས་གང་ཞིག །ཞི་མཐུན་གང་རུང་གིས་བསྡུས་པའི་རིགས་གནས་དབྱེ་ན་གཉིས་ཏེ། སྔར་བསགས་ཀྱི་སྒྲིབ་པ་སྦྱོང་ཞིང་ལྷག་པའི་སེམས་དང་ཤེས་རབ་དག་པར་བྱ་བའི་ཕྱིར་ཞི་གནས་ཀྱི་གསོ་སྦྱོང་དང་། ཕྱིས་འབྱུང་གི་རྒྱུན་ཚེ་འདིའི་ཟག་པ་སྡོམ་ཞིང་ལྷག་པའི་ཚུལ་ཁྲིམས་དག་པར་བྱ་བའི་ཕྱིར་མཐུན་པའི་གསོ་སྦྱོང་བཤད་པའོ། །དང་པོ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པའི་གང་ཟག །དེ་ལས། མ་ཆགས་འཕགས་རིགས་ཞེས་པས་འདོད་ཆུང་ཆོག་ཤེས་དང་ལྡན་པ་དེས། ལམ་གྱི་རྒྱུ་སྡེ་སྣོད་ཀྱི་ལུང་ཐོས་ཤིང་། ཐོས་དོན་བསམ། བསམ་དོན་སྒོམ་པར་བྱེད་པ་སྟེ། དེ་ལ་སྤོང་བའི་གནས་དང་། དེར་འགལ་སྤོང་མཐུན་སྒྲུབ་ཀྱི་རྐྱེན་སྒྲུབ་ཅིང་། སྤོང་བའི་ཞལ་ཏ་པ་བསྐོས་ལ། དེས་བསམ་གཏན་ལས་ལྡང་བའི་དུས་སྦྲོན་པ་སོགས་བྱ་བའོ། །ཇི་ལྟར་བསྒོམ་བྱའི་ལམ་གྱི་ངོ་བོ་ལ། ཞི་ལྷག་གཉིས་ལས། དང་པོ་ནི། མཛོད་ལས། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྡུབ་འབྱུང་བ་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །ཞེས་པས་འདོད་ཆགས་ཤས་ཆེ་བའི་གཉེན་པོར་མི་སྡུག་པའི་སྒོམ་ཚུལ་གསུམ་དང་། རྣམ་རྟོག་ཤས་ཆེ་བའི་གཉེན་པོར་རླུང་འབྱུང་འཇུག་དྲན་པའི་སྒོམ་ཚུལ་དྲུག་སྟེ། དམིགས་པ་གཉིས་པོ་དེ་དམིགས་པ་ལ་སེམས་འཇོག་པ་སོགས་སེམས་གནས་པའི་ཐབས་དགུས་ཞི་གནས་འགྲུབ་པར་བྱེད་པའོ། །གཉིས་པ་ནི། དེ་ལས། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཞེས་པས་ལུས་ཚོར་སེམས་ཆོས་བཞི་ལ་གཙང་བདེ་རྟག་བདག་ཏུ་ལྟ་བའི་གཉེན་པོར། རང་མཚན་མི་གཙང་བ་སོགས་དང་། སྤྱི་མཚན་མི་རྟག་པ་སོགས་བཞིར་སྒོམ་པའི་རྣལ་འབྱོར་ལ་སྤྱོད་ཅིང་། དེ་ལྟར་ཚོགས་ལམ་ལ་སོགས་པའི་ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་རིམ་པས་བགྲོད་དེ། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་ཐོབ་པར་བྱེད་པའོ། །གཉིས་པ་མཐུན་པའི་གསོ་སྦྱོང་ནི། ཀརྨ་ཤ་ཏཾ་ལས། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་པའི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་དང་ལྔའོ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། ཚེས་ཞག་ཆུ་ཚོ་དང་དགུ་རྗེས་འབྲང་དང་བཅས་པ་དེས་ཉིན་ཞག་ཆུ་ཚོད་དྲུག་ཅུའི་དོད་མ་ཐུབ་པས། ཉིན་ཞག་ལྔ་བཅུ་ང་དགུ་ན་ཚེས་ཞག་དྲུག་ཅུར་ལོངས་པའི་ཕྱིར། དེས་ན་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་དགུན་ར་མགོ་ཟླར་བྱས་ཏེ་དུས་འགོ་བཟུང་བས། དེ་ནས་ཟླ་བ་ཕྱེད་དང་གཉིས་འདས་པ་ཧོར་ཟླ་བཅུ་གཅིག་པའི་མར་ངོ་ལ་རྒྱལ་ཟླའི་བཅུ་བཞི་པ་འབྱུང་བ་ནས། ཧོར་ཟླ་དགུ་པའི་མར་ངོ་ལ་སྨིན་དྲུག་ཟླ་བའི་གསོ་སྦྱོང་བཅུ་བཞི་པ་འབྱུང་བའི་བར་བགྲངས་པས། ལོ་རེ་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་སྟེ། ལོ་དྲི་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡར་ངོའི་ཉ་བཅུ་གཉིས་དང་། ཧོར་ཟླ་བཅུ་པ་ནས་བརྒྱད་པའི་བར་གྱི་མར་ངོ་དྲུག་སྟེ་བཅོ་བརྒྱད་དོ། །དེ་ལྟར་ཉིན་ཚེས་ཀྱི་བར་ནས་ཞག་མི་ཐུབ་འཐོན་པ་ལྟར། ཚེས་ཞག་གིས་ཁྱིམ་ཞག་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ང་གཉིས་ལྷག་བཅས་ཀྱི་དོད་མ་ཐུབ་པས་ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན་ཚེས་ཞག་གཅིག་ཐེབ་ཏུ་དོན་ཏེ་ཚེས་ཞག་ཕྱེད་དང་སོ་གསུམ་དུ་ལོངས་པའི་ཕྱིར། དེ་བསགས་པས་ལོ་གཅིག་གི་བར་ཁྱད་ལ་ཞག་བཅུ་གཅིག་ལྷག་ཙམ་འོང་བས་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུན་ཟླ་བ་གཅིག་བཤོལ་དུ་འཐོན་པ་ཡིན་ཞིང་། དེ་འདོན་ཚུལ་འདུལ་བར་དངོས་སུ་མ་གསུངས་ལ། འོན་ཀྱང་རྒྱལ་པོའི་འཁོར་དུ་རྩིས་མཁན་མཁས་པ་དག་ཕལ་ཆེར་འབྱུང་བར་དགོངས་ཏེ། ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གང་དག །ཟླ་ཤོལ་གྱི་མར་ངོའི་གསོ་སྦྱོང་ནི་རང་ཐུབ་མི་ཐུབ་གང་ཡིན་དེ་དང་འདྲ་བར་བྱེད་ཅེས་གསུང་བ་མི་རིགས་ཏེ། མི་ཐུབ་པའི་རྗེས་སུ་མི་ཐུབ་པ་བྱེད་ན་ཉིན་ཞག་སུམ་ཅུ་ན་ཚེས་ཞག་སོ་གཅིག་ཏུ་ལོངས་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། མི་རུང་བའི་གཞི་བཅུ་ལྟ་བུ་སེལ་བ་དང་། རབ་གནས་སོགས་བཀྲ་ཤིས་པའི་དུས་སུའོ། །བཞི་པ་ནི། ནད་ཡམས་སོགས་གནོད་པ་བྱུང་ཟིན་ལྡོག་པའམ་སླར་མི་འབྱུང་བའི་ཕྱིར་བྱེད་པའོ། །ལྔ་པ་ནི། དགེ་འདུན་བྱེ་བ་བསྡུམ་པའི་ཕྱིར་གསོ་སྦྱོང་བྱེད་པའོ། །དེ་ལྟར་བཀྲ་ཤིས་པ་སོགས་དུས་མ་ངེས་པའི་གསོ་སྦྱོང་གསུམ་ཡང་། གསོལ་བའི་ལས་ཀྱི་ཚེ་རང་རང་གི་དུས་བརྗོད་དགོས་པའི་ཁྱད་པར་ཙམ་མ་གཏོགས་གཞན་ཆོ་ག་ཐམས་ཅད་དུས་ངེས་པའི་གསོ་སྦྱོང་དང་འདྲའོ། །འདིར་སྐབས་སུ་བབ་པ་བསླབ་པ་སྦྱོང་བྱེད་ནི་དུས་ངེས་པའི་གསོ་སྦྱོང་སྟེ། དེ་ལ་གནས་གང་དུ། གང་ཟག་གང་གིས། གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་དང་གསུམ་ལས། དང་པོ་ནི། མཚམས་ཆེན་བཅད་ན་དེ་ཉིད་དུ་དང་། ཆེ་ཆུང་གཉིས་ཀ་བཅད་ན་ཆུང་བ་ནས་འཐོན་ནས་ཆེ་བར་དང་། ཆུང་བ་བཅད་ན་གསོ་སྦྱོང་སོགས་ལས་ཐམས་ཅད་དེར་བྱ་ཞིང་། རྩིག་པས་བསྐོར་ན་དེ་ཉིད་མཚམས་ཡིན་ལ། མ་བསྐོར་ན་ཝ་ཁ་ནས་ཆུ་འཛག་པ་གང་དུ་འབབ་པ་ཚུན་ཆད་ཡིན་པར་བཤད་དོ། །གཉིས་པ་ནི། རབ་བྱུང་སྡེ་ལྔ་ཀས་སོ། །གསུམ་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ལ། ལས་གྲལ་དུ་མ་འདུས་གོང་གི་བྱ་བ་དང་། འདུས་ནས་བྱ་བའོ། །དང་པོ་ནི། གསོ་སྦྱོང་སྔ་མ་ཟིན་ནས་དེ་རིང་གི་བར་རང་རྒྱུད་ལ་ལྟུང་བ་བྱུང་མ་བྱུང་བརྟགས་ཏེ། བྱུང་ན་བཤགས་བསྡམས་བྱིན་བརླབས་གང་ལ་གང་འོས་བྱ་བའོ། །གཉིས་པ་ནི། ཐོག་མར་གཎྜིའི་སྒྲས་དགེ་འདུན་བསྡུ་སྟེ། དེ་ལ་གཎྜིའི་རྒྱུ་ནི། མདོ་ལས། ཙནྡན་བིལྦ་པ་ལ་ཤ །ཨ་ཤྭཏྠ་དང་ཙནྡན་དམར། །རྒྱ་སྟར་ཏཱ་ལ་ཀིམ་ཤུ་ཀ །ཤིང་ཤ་པ་དང་ཏ་མཱ་ལ། །ཨ་མྲ་སྟ ར་བུ་སྐྱུ་རུ་ར། །ཏིན་ཏི་སཱ་ར་ཨ་ཤོ་ཀ །འདི་དག་ཐམས་ཅད་མེད་ན་ཡང་། །འོལ་སེ་ལ་ནི་འབད་དེ་བྱ། །ཞེས་དང་། ཚད་ནི་མཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་ནི་དྲུག་པ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་ནི་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་བརྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་བཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ། །ཆང་བཟུང་ཚད་ཀྱང་དེ་བཞིན་ཏེ། །ཞེས་སོ། །བརྡུང་བ་ནི། རབ་བྱུང་སྡེ་ལྔའམ་གསོ་སྦྱོང་ལ་གནས་པའི་དགེ་བསྙེན་གྱིས་ཀྱང་རུང་སྟེ། རྒྱ་དཔེར་྅྅྅ཥཌ྄ཛ་ཞེས་ཤད་ཙར་གྲགས་པ་ཤད་གསུམ་སྔོན་དུ་འགྲོ་བ་གཞིར་བཞག་ནས། སྤྱིར་དགེ་འདུན་བསྡུ་བའི་དོན་དུ་རྒྱུད་གསུམ་དང་ཏོག་གསུམ། ལས་བྱ་བའི་དོན་དུ་རྒྱུད་གཅིག་དང་ཏོག་གསུམ། ཕུང་པོ་དབྱུང་བའི་དོན་དུ་ཏོག་མེད་པའི་བྱི་བོ། གནོད་པ་བཟློག་པའི་དོན་དུ་ཇི་ཙམ་ཆོག་པ་སྟེ། དེ་ཡང་རྒྱུད་རེ་ལ་བརྡེག་ཐེངས་སོ་དྲུག་གི་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང་བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་དུ་བརྡུང་ངོ་། །དེ་ལས་འདིར་ལས་ཀྱི་གཎྜཱིས་བསྡུས་ཏེ། དགེ་འདུན་རྣམས་འདུས་ནས། ཉིན་རེ་བཞིན་གྱི་བྱ་བ་རྒྱུད་ཆགས་གསུམ་དང་གཏོར་མ་བཏང་བ། དུས་བཟང་པོ་ལ་ཆོས་འཆད་ཉན་བྱེད་པའི་དོད་མདོ་འདོན་པ་རྣམས་གསོ་སྦྱོང་གི་མེད་མི་རུང་བའི་སྦྱོར་བ་མ་ཡིན་ཀྱང་ཕྱག་བཞེས་ལྟར་སྔོན་ལ་བཏང་ནས། དགེ་ཚུལ་གྱི་བཤགས་པ་སྔར་མ་གྲུབ་ན་འདིར་བྱ་ཞིང་། ཡོངས་དག་བླངས་ནས་ལོགས་སུ་བཀར་ལ། འདིར་མེད་དུ་མི་རུང་བའི་སྦྱོར་བ་ལ་གསུམ་ལས། དང་པོ་རྒྱུད་དག་པར་བྱེད་པ་ནི། དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་ཅིང་། ལས་བྱེད་པས་ནི་སེམས་ཀྱིས་བརླབ་སྟེ། ལྟུང་བ་ཐུན་མིན་རྣམས་དེ་ཡན་ཆད་ཀྱིས་དག་པར་བགྱིས་ནས། ཐུན་མོང་པ་རྣམས་གསོལ་བ་འབའ་ཞིག་པས་བྱིན་གྱིས་བརླབ་པར་བྱ་བའོ། །གཉིས་པ་གནས་ཀྱི་བློ་མཐུན་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནས་ལ་བློ་བསྟུན་པའམ། མཚམས་ཆེ་ཆུང་གང་རུང་གཅོད་པའོ། །གསུམ་པ་དགེ་འདུན་མཐུན་པ་སྒྲུབ་པ་དང་འདུ་བར་མི་ནུས་པས་གསོ་སྦྱོང་ཉམས་སུ་མྱོང་བ་སྒྲུབ་པ་ནི། གནས་བརྟན་གྱིས་སོ་ཐར་གྱི་མདོའི་བསྟོད་ར་དང་། དུས་བརྗོད་པ། བག་ཡོད་པར་གདམས་པ་རྣམས་བཏོན་ལ། དགེ་བསྐོས་ཀྱིས་བརྟགས་ནས་ནད་པ་ལྟ་བུ་མ་ལྷག་པ་ཡོད་ན་འདུན་པ་བླངས་ནས་ནང་དུ་བརྗོད་པའོ། །གཉིས་པ་དངོས་གཞི་ནི། གནས་བརྟན་གྱིས་སོ་ཐར་གྱི་མདོ་ཉན་པར་གདམས་ནས། གསོལ་བ་འབའ་ཞིག་པའི་ལས་ཀྱིས་དགེ་འདུན་ཐུགས་བསྟུན་པ། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། ཞེས་སོགས་ཀྱིས་རྣམ་པར་བཞག་པ་འཛིན་དུ་བཅུག་སྟེ། དེ་ནས་མདོ་འདོན་པ་དངོས་ནི། གླེང་གཞི་དང་། ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་འདོན་པ་དང་ལྔ་སྟེ། རེ་རེའི་རྗེས་ལ་ཡོངས་སུ་དག་པ་ལན་གསུམ་དྲིའོ། །དེ་ལྟ་མོད་ཀྱི་གླེང་གཞི་ཙམ་ལས་མི་འདོན་ན། དེའི་མཇུག་སྡུད་བརྗོད་ནས་ཡོངས་དག་འདི་བ་ཉིད་དངོས་གཞིའོ། །དེ་ལྟར་ཡང་། གླེང་གཞི་འདོན་པ་དང་གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲགས་པས་ཀྱང་ངོ་། །ཞེས་སོ། །གལ་ཏེ་གནས་དེར་དགེ་སློང་གསུམ་མན་ཆད་ལས་མེད་ན་དུས་ཀྱི་བར་དུ་སྒུག་པའམ། ཡང་ན་གསོ་སྦྱོང་ཡོད་པའི་གནས་སུ་འགྲོ། དེ་ལྟར་མ་གྲུབ་ན་དམིགས་བསལ་གྱི་ཆོ་ག་ནི། ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་ནས་བྱིན་གྱིས་བརླབ་ཅིང་། རང་གཅིག་པུ་ལས་མེད་ན་ཡིད་ཀྱིས་བསམ་ཞིང་བརྗོད། དེ་ཙམ་ཡང་མ་གྲུབ་ན་ཐུབ་པའི་སྔོན་གྱི་གསོ་སྦྱོང་ཚིགས་སུ་བཅད་པ་ཕྱེད་དང་བཞི་ཙམ་འདོན་པར་བྱའོ། །གཞན་ཡང་གནས་དེར་དགེ་སློང་བཞི་ཁོ་ན་ཡོད་པ་དེས་ནི་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་ནད་པའི་ཡོངས་དག་མི་ལེན་པ་དང་། གཞི་འགྲོ་ན་ཚེས་གྲངས་མ་མཐུན་ཞིང་གློ་བུར་བ་མང་ན་དེ་དག་གི་འདོད་པ་དང་བསྟུན་ནས་གསོ་སྦྱོང་བྱ་བ་དང་། གཞི་འགྲོན་གང་རུང་གི་དགེ་འདུན་གསོ་སྦྱོང་བྱེད་འཕྲོལ་ཕྱིས་དེ་དག་དང་གྲངས་མཉམ་པའམ་ལྷག་པའི་དགེ་སློང་བྱུང་ན་སླར་ཡང་སྔ་མ་རྣམས་ཀྱིས་གསོ་སྦྱོང་བཟླས་ཏེ་བྱ་བ་དང་། གསོ་དགག་དགོས་པ་གཅིག་པས་དགག་དབྱེ་བྱས་ནས་སླར་གསོ་སྦྱོང་བྱ་མི་དགོས་པ་སོགས་ཀྱི་དམིགས་བསལ་རྣམས་ཀྱང་ཤེས་པར་བྱའོ། །གཉིས་པ་དབྱར་གནས་ནི། སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ་དགེ་སློང་དག་དབྱར་ལྗོངས་རྒྱུ་བ་ལ་མུ་སྟེགས་རྣམས་འཕྱ་བས་དབྱར་སྔ་མ་བཅས། གང་གི་ཚེ་རི་བོར་གྱི་གཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པར་གཉན་ཡོད་དུ་འོངས་པས་དབྱར་ཕྱི་མ་རྗེས་སུ་བཅས་སོ། །མཚན་ཉིད་ནི། གཞི་གསུམ་གྱི་ནང་ཚན་གང་ཞིག །གསོ་སྦྱོང་དང་དགག་དབྱེ་གང་རུང་རྣམ་པར་བཅད་པའི་ཚུལ་རྣམ་པར་དག་བྱེད་ཀྱི་རིགས་གནས། དབྱེ་ན། དབྱར་སྔ་མ་དང་། ཕྱི་མའོ། །དེ་གཉིས་ཀྱི་ཁྱད་པར། དབྱར་སྔ་མ་ཡིན་ན་གྲོ་ཞུན་ཟླ་བ་དབྱར་ཟླ་ཐ་ཆུང་གི་མར་ངོའི་ཚེས་གཅིག་དང་། ཕྱི་མ་ཡིན་ན་ཁྲུམས་ཟླ་སྟོན་རའི་མར་ངོའི་ཚེས་གཅིག་ནས་དབྱར་ཟླ་གསུམ་དུ་ཁས་ལེན་པ་སྟེ། ས་གའི་ལྷས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡས། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་དང་། མདོ་རྩར། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཞེས་སོ། །འདི་ལ་གཉིས་ཏེ། ཕན་ཡོན་དང་། དེ་ལྡན་གྱི་དབྱར་གནས་ཇི་ལྟར་བྱ་བའོ། །དང་པོ་ནི། ལུང་ལས། འཕྱ་དང་སྲོག་ཆགས་གནོད་སྤོང་དང་། །ལུས་སྲོག་གནོད་སྤོང་རལ་གྲུམ་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་སོ། །གཉིས་པ་ལ། ཁས་ལེན་པའི་ཆོ་ག་དང་། ཁས་བླངས་པའི་དམ་ཚིག་བསྲུང་བའོ། །དང་པོ་ལ། སྦྱོར་དངོས་གཉིས་ལས། སྦྱོར་བ་ལའང་། རིང་སྦྱོར་དང་། ཉེ་སྦྱོར་རོ། །དང་པོ་ནི། འཐབ་ཀྲོལ་ཅན་སོགས་མེད་ཅིང་སྡེ་སྣོད་འཛིན་པ་སོགས་ཡོད་པས་བདེ་བར་གནས་པའི་རྐྱེན་ཚང་བ། སྟེང་གཡོགས་སྒོ་གླེགས་དང་བཅས་པའི་གཙུག་ལག་ཁང་རལ་གྲུམ་བཅོས་པ་དང་བྱི་དོར་བྱ་བ་སོགས་ཞག་བཅུའམ་ཟླ་ཕྱེད་ཙམ་གྱི་སྔ་རོལ་ནས་སྟ་གོན་བྱའོ། །གཉིས་པ་ནི། དབྱར་སྔ་མ་ཡིན་ན་དབྱར་འབྲིང་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཐ་ཧོར་ཟླ་བདུན་པའི་ཉ་ལ་གསོ་སྦྱོང་བྱས་ནས། གནས་དང་གནས་མལ་དག་སྟོབ་རྒྱུ་ཡོད་ན། དེ་སྟོབ་པ་པོ་དགེ་སློང་གཅིག་གམ་དུ་མ་བསྐོ་ཞིང་། མེད་ན་ཚུལ་ཤིང་བྲིམ་པ་པོ་ཉིད་བསྐོ་བར་བྱ་སྟེ། ལས་བྱེད་པ་པོས་བསྐོ་བྱར་སྤྲོ་བ་དྲི། སྤྲོ་ན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་ལ། དེས་ཁྲིམས་སུ་བྱ་བ་བརྟན་པར་བརྗོད་ནས། ཚུལ་ཤིང་བླང་བའི་ཕྱིར་ལས་བྱེད་པས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་ལ། བསྐོས་པས་ཚུལ་ཤིང་བྲིམ་ཞིང་བླངས་པའི་གྲངས་གོ་བར་བྱ་བ་དང་། གནས་དང་གནས་མལ་སྟོབ་ཅིང་། གནས་མལ་ལ་ལོག་པར་མི་སྤྱད་པ་དང་སང་ནང་པར་གནས་པར་ཁས་བླང་བ་དག་གོ་བར་བྱ་བ་རྣམས་སོ། །གཉིས་པ་དངོས་གཞི་ནི། ཚེས་བཅུ་དྲུག་གི་ནང་པར་གནས་སྟེང་གཡོགས་དང་བཅས་པར་དགེ་སློང་གི་མདུན་དུ་སྔགས་ལན་གསུམ་བརྗོད་པས་ཁས་བླང་ངོ་། །དམིགས་བསལ་ཡུལ་མེད་ན་འདིར་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པའི་གོ་ཆོད་དེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དམ་ཚིག་བསྲུང་བ་ནི། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་པས་རྐྱེན་དབང་གིས་འདས་ཀྱང་ཉེས་པ་མེད་པའི་དམིགས་བསལ་གསུངས་པ་རྣམས་མ་གཏོགས་བྱིན་གྱིས་མ་བརླབས་པར། གང་དུ་གནས་པར་ཁས་བླངས་པའི་གནས་དེའི་ཉེ་འཁོར་གྱི་མཚམས་ལས་འདས་ནས་ཕྱི་རོལ་ཏུ་སྐྱ་རེངས་ཤར་ན་དབྱར་རལ་བའི་ཉེས་པ་འབྱུང་བས། གལ་ཏེ་འགྲོ་དགོས་ན་བྱིན་གྱིས་བརླབ་པར་བྱ་སྟེ། གནང་བ་མ་ཐོབ་པས་ཞག་གཅིག་ནས་བདུན་གྱི་བར་བརླབས་ནས་འགྲོ་བ་དང་། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཐོབ་ན། དེས་ཞག་བཞི་བཅུ་མན་ཆད་ཅི་རིགས་པར་བྱིན་གྱིས་བརླབས་ནས་འགྲོ་བར་བཤད་ཅིང་། བདུན་པའི་བྱིན་བརླབས་ལན་དུ་མ་བཟླས་སུ་རུང་ཀྱང་ཐམས་ཅད་བསྡོམས་པ་ལ་ཞག་བཞི་བཅུ་ལས་ལྷག་པ་མི་རུང་ངོ་། །མཐའི་ཞག་དྲུག་ལ་བྱིན་རླབས་མི་ཆགས་སོ། །ཞེས་གསུངས་པའི་དོན་ལ་བྱ་འདུལ་ཆེན་པོ་ནི། དེའི་ཚེ་ཞག་བདུན་ཉིད་མི་ཆགས་པ་ཡིན་གྱི། ཞག་གཅིག་གཉིས་སོགས་ཀྱི་བྱིན་བརླབ་བྱར་རུང་བར་བ་ཞེད་དོ། །གསུམ་པ་དགག་དབྱེ་ནི། སྟོན་པ་གཉན་ཡོད་ན་བཞུགས་པའི་ཚེ་ལྗོངས་ཤིག་ཏུ་དགེ་སློང་རྣམས་མི་སྨྲ་བའི་ཁྲིམས་བྱས་ཏེ་དབྱར་གནས་པ་ལ་བརྟེན་ནས་མཐོང་ཐོས་དོགས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་གནང་ངོ་། །མཚན་ཉིད་ནི། གཞི་གསུམ་གྱི་ནང་ཚན་ཆོས་རྣམ་པར་དག་བྱེད་གང་ཞིག །དབྱར་ཚུལ་ལ་བརྟེན་ནས་བྱུང་བའི་དེ་མ་ཐག་གི་རིགས་གནས། དབྱེ་ན། དུས་དང་། དུས་མིན་གྱི་དགག་དབྱེའོ། །དང་པོ་ལ། སྦྱོར་དངོས་གཉིས་ལས། སྦྱོར་བ་ལའང་། རིང་སྦྱོར་དང་། ཉེ་སྦྱོར་རོ། དང་པོ་ནི། ཞག་བདུན་ལ་སོགས་པའི་སྔ་རོལ་ནས་སྤྱོད་ཡུལ་དུ་གོ་བར་བྱ་ཞིང་། འཁོན་རྣམས་སྦྱང་བ་དང་། གཙུག་ལག་ཁང་བརྒྱན་པ་སོགས་ཚེས་བཅུ་གསུམ་ཡན་ཆད་ལ་ཚར་བར་བྱས་ནས། བཅུ་བཞིའི་མཚན་ཐོག་ཐག་ཆོས་རྣམ་པ་གཏན་ལ་དབབ་པར་བྱའོ། །གཉིས་པ་ནི། དབྱར་སྔ་མ་ཁས་བླངས་ན་སྟོན་འབྲིང་དབྱུག་ཟླ་དང་། ཕྱི་མ་ལ་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བ་གང་རུང་གི་ཚེས་བཅོ་ལྔའི་སྔ་དྲོ་དགེ་འདུན་ཐམས་ཅད་འདུས་ནས་ཕན་ཚུན་ཕྱག་བྱས་ལ་དབྱར་ནང་དུ་ཐུགས་དང་འགལ་བ་བཟོད་པར་གསོལ་ཞིང་། རྒྱུད་ཆགས་གསུམ་པ་ནས་དགེ་ཚུལ་གྱི་བཤགས་པའི་བར་གསོ་སྦྱོང་ལྟར་བྱས་ལ་དགེ་ཚུལ་རྣམས་ལོགས་སུ་བཀར་ཏེ། འདུ་བར་མ་ནུས་པའི་འདུན་པ་དང་དགག་དབྱེ་ལེན་དགོས་ན་བླངས་ཏེ་དགེ་འདུན་ལ་བརྗོད་ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་མ་འདུས་གོང་དུ་ཕྱིར་བཅོས་བྱ་ཞིང་། འདིར་ལས་བྱེད་པས་ལྟུང་མཐུན་བྱིན་གྱིས་བརླབས་ནས། བསྐོ་བྱ་ལ་སྤྲོ་བ་དྲི། སྤྲོ་ན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགག་དབྱེ་བྱེད་པ་པོ་བསྐོས་ནས། དགག་དབྱེ་བྱ་བའི་ཕྱིར་གསོལ་བའི་ལས་ཀྱིས་ཐུགས་བསྟུན་པ་རྣམས་སོ། །གཉིས་པ་དངོས་གཞི་ནི། བསྐོས་པ་དེས་རྩྭ་དརྦྷ་བྲིམ་ཞིང་། དེ་ཡུལ་རྟེན་གཉིས་ཀས་བཟུང་ནས་སྔགས་ལན་གསུམ་མམ་གཅིག་གིས་ལྟུང་བའི་དགག་དབྱེ་བྱས་ཏེ། བསྐོས་པས་དགག་དབྱེ་ལེགས་པར་བྱས་པ་དགེ་འདུན་ལ་གོ་བར་བྱ་བ་དང་། རྫས་ཀྱི་དགག་དབྱེ་བྱ་བའོ། །དེའི་འོག་ཏུ་དགེ་ཚུལ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱི་དགག་དབྱེ་བྱེད་པར་གསུངས་སོ། །དེ་ལྟར་སྤྱིར་བཏང་ནས། དངོས་པོའི་དམིགས་བསལ་ནི། ལྟུང་བ་གླེང་བའི་ཚེ་གཞི་དང་གང་ཟག་གང་རུང་རེ་རེའམ་གཉིས་ཀ་བཞག་པའི་དགག་དབྱེ་བྱར་རུང་བར་བཤད་དོ། །གཉིས་པ་དུས་མིན་གྱི་དགག་དབྱེ་ནི། རྐྱེན་དབང་གིས་ཟླ་བ་གཅིག་གམ། ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་ཞིང་། གལ་ཏེ་གསོ་སྦྱོང་གཉིས་སོགས་མ་སོང་བ་དང་ཉ་སྟོང་མ་ཡིན་པའི་དུས་སུའང་དམག་འཁྲུག་ལ་སོགས་པའི་རྐྱེན་གྱིས་དགེ་འདུན་ཐམས་ཅད་འགྱེས་དགོས་ན་ཕན་ཚུན་གཅིག་གིས་གཅིག་ལ་ཚོགས་ཀྱི་དགག་དབྱེ་བྱ་སྟེ། དགེ་སློང་གང་རུང་རྐྱེན་དབང་གིས་འགྲོ་དགོས་ནའང་འདི་བྱར་རུང་ངོ་། །དེ་དག་ནི་དུས་ཀྱི་དམིགས་བསལ་ལོ། །ཡང་གང་ཟག་གི་དམིགས་བསལ་ནི། དགེ་སློང་བཞི་ལས་མེད་ན་དགག་དབྱེ་བྱེད་པ་པོ་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབ། རང་གཅིག་པུ་ལས་མེད་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །གཞན་ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བས་མཚམས་གཞན་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ཀྱང་ཆགས་པར་བཤད་ཅིང་། དབྱར་དྲལ་བའམ་དེ་ཉིན་གློ་བུར་དུ་ལྷགས་པའི་རབ་བྱུང་གཞན་གྱིས་ཀྱང་དགག་དབྱེ་བྱ་དགོས་སོ། །གཉིས་པ་བདེ་བར་གནས་པའི་རྐྱེན་གྱི་གཞི་ནི། གོས་ཀྱི་གཞི། ཀོ་ལྤགས་གནས་མལ་སྨན་སོགས་གཞན་དུ་ཤེས། །ཞེས་པ་སྟེ། འདི་ལ་གསུམ། གོས་དང་། སྨན་དང་། གནས་མལ་བསྟེན་པའོ། །དང་པོ་ལ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་། འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ནི། སྟོན་པ་གཉན་ཡོད་ན་བཞུགས་པའི་ཚེ་གནས་བཅས་སུ་དབྱར་གནས་པ་འཐོན་ནས་ཕྱག་འཚལ་དུ་འོངས་པའི་དགེ་སློང་རྣམས་ཚེགས་ཆེན་པོས་ངལ་བར་གྱུར་པ་ལ་བརྟེན་ནས་གནང་བའོ། །དེ་ལ་ཀ་ཐིན་ཞེས་པ་གཏན་པའམ་སྲ་བརྐྱང་སྟེ། དངོས་མིང་ཆོས་གོས་དྲས་དྲུབ་བྱེད་པའི་ཚེ་འདིང་བའི་གཞི་པང་ལེབ་ཀྱི་མིང་ཡིན་ལ། དེ་འདིར་དགེ་འདུན་སྤྱི་དབང་བའི་ཆོས་གོས་སུམ་ཕྲུགས་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྟེ། ཇི་ལྟར་འདྲ་ན། གཏན་པས་ཆོས་གོས་ལ་ཁྱབ་པ་དང་། འཁུམས་པ་བརྐྱང་བ་དང་། དེའི་སྟེང་དུ་ཆོས་གོས་ཀྱི་དངོས་པོ་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིང་བ་པོ་ཐམས་ཅད་ལ་ཁྱབ་ཅིང་། གནང་བ་བག་ཡངས་དང་འབྲེལ་བས་བག་རྐྱོང་བ་དང་། འདིང་བ་པོ་རྣམས་བློ་གཅིག་ཏུ་མཐུན་པར་བྱེད་པས་སོ། །ཅིའི་ཕྱིར་འདིང་ཞེ་ན། སྲ་བརྐྱང་བཏིང་ཆགས་ཀྱི་དགེ་སློང་གིས་ཕན་ཡོན་རྣམ་པ་བཅུ་ཐོབ་པའི་ཕྱིར་ཏེ། འཆང་འབྲལ་འཇོག་གསུམ། ཡང་ཡང་དང་། འདུས་ཟ། མ་སྨྲས་པར་འགྲོ་བ། གོས་སློང་བའི་ཉེས་པ་རྣམས་ཁེགས་ཤིང་། འདིང་བ་ལ་གཏོགས་པའི་དགེ་སློང་ཡུལ་གང་ན་འདུག་ཀྱང་རྙེད་པ་ཐུན་མོང་དུ་དབང་བ་དང་། རུང་བ་མ་བྱས་པའི་གོས་འཆང་དུ་རུང་བ་དང་། སྣམ་སྦྱར་མེད་པར་ལྗོངས་རྒྱུར་རུང་བ་རྣམས་སོ། །འདིང་བའི་ཚུལ་ལ་ལྔ་ལས། གང་དུ་འདིང་བའི་གནས་ནི། དབྱར་ཁས་བླངས་པའི་གནས་དེའི་འདིང་ཁར་མཚམས་གཅིག་ཏུ་བྱས་པར་ཡང་རུང་ངོ་། གང་གི་ཚེ་འདིང་བའི་དུས་ནི། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིང་བ་རྗེས་སུ་གནང་། །ཞེས་པས་དགག་དབྱེ་འཐོན་པའི་ཕྱི་དེ་ནས་སྤྱིར་བཏང་ལ་ཡུན་ཟླ་བ་ལྔའོ། །གང་གིས་འདིང་བའི་གང་ཟག་ནི། དབྱར་སྔ་མ་ཁས་བླངས་ཤིང་མ་རལ་བའི་དགེ་སློང་རྣམ་དག་གིས་སོ། །གང་འདིང་བའི་དངོས་པོ་ནི། དབྱར་རྙེད་ཀྱི་རྒྱུ་ལས་བྱུང་ཞིང་དགེ་འདུན་དབང་བའི་ཆོས་གོས་སུམ་ཕྲུགས་གཅིག་ཡན་ཆད་དུ་ཚང་བའོ། །ཇི་ལྟར་འདིང་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དགེ་སློང་རྣམས་རང་རང་གི་ཆོས་གོས་ཀྱི་བྱིན་བརླབས་ཕྱུངས་ཏེ། འདིང་རྒྱུའི་ཆོས་གོས་དབྱར་ནང་གི་ཉི་མ་གང་ལ་གྲུབ་པ་དེ་ནས་ཞག་མ་ལོན་པར་དགེ་སློང་ཐམས་ཅད་མཚམས་ནང་དུ་ཚོགས་པས་དེ་དེར་གདིང་ངོ་ཞེས་མོས་པར་བྱས་ལ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་བསྟུན་ཏེ། འདིང་བ་པོ་བསྐོས་ལ། གསོལ་བ་བྱས་ནས་དེ་ལ་གཏད། དེས་ཀྱང་སེམས་གསུམ་བསྐྱེད་ནས་དགེ་འདུན་ལ་སང་གདིང་བར་འགྱུར་གྱི་ཞེས་བརྗོད། གལ་ཏེ་ཆོས་གོས་དེ་སྔར་མ་ཟིན་ན་བསྐོས་པས་བཀྲུ་བ་ཁ་བསྒྱུར་བ་དྲུབ་པ་སོགས་སྔོན་དུ་བཏང་ནས། གཉིས་པ་ནི། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གི་ནང་པར་དགེ་འདུན་བསྡུས་ལ། བསྐོས་པས་སྲ་བརྐྱང་འདིང་བའི་སྔགས་ལན་གསུམ་བརྗོད། དེ་ནས་སྲ་བརྐྱང་ཐོགས་ཏེ་རྒན་རིམ་བཞིན་དགེ་སློང་རེ་རེའི་མདུན་དུ་འདུག་ནས་བཏིང་ངོ་ཞེས་གོ་བར་བྱ། གསུམ་པ་ནི། དེ་ལྟར་བརྗོད་པ་ལ་དགེ་འདུན་གྱིས་ལེགས་པར་གདིང་ངོ་ཞེས་སོགས་རྗེས་སུ་ཡི་རང་བྱ་བའོ། །དེ་ལྟར་བཏིང་ནས་དུས་དུས་སུ་གསེང་བ་སོགས་དང་། བསྐོས་པ་དེས་ཞག་གིས་ཆོད་པར་མི་འབྲལ་ཞིང་གཞན་དུ་མི་ཁྱེར། བསྲུང་བ་པོ་མེད་པར་མི་འཇོག་པ་སོགས་ཀྱིས་བསྐྱང་ཞིང་། དབྱུང་བ་ལ་གཉིས་ལས། རང་འཇུག་བྲལ་ནི། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་། བསྐོས་པའི་དགེ་སློང་མཚམས་གཞན་དུ་སྐྱ་རེངས་ཤར་བ་དང་། མཚམས་དེར་གཏོགས་ཐམས་ཅད་མཚམས་ཁོངས་སུ་མི་གཏོགས་པར་ཆད་པ་ལ་སོགས་པའོ། །བཅོས་མོས་དབྱུང་བ་ནི། ཆོ་གས་དབྱུང་བ་སྟེ། དེ་ལའང་དབོ་ཟླའི་ཉ་ལ་དབྱུང་བ་དུས་ཅན་དང་། རྐྱེན་དབང་གིས་དེའི་སྔ་རོལ་དུས་མིན་དུ་དབྱུང་བ་གཉིས་སོ། །གཉིས་པ་གོས་ཀྱི་གཞི་ནི། སྟོན་པས་དབྱར་རྙེད་ཀྱི་རས་རྣམས་དྲས་ནས་ཁ་དོག་ངན་པར་བྱས་ཏེ་བཅང་བར་གནང་བ་ལས། གཟུགས་ཅན་སྙིང་པོས་འཚོ་བ་པོ་མཐོང་བ་ཉན་ཐོས་སུ་འཁྲུལ་ནས་མཚན་མ་གདབ་པར་ཞུས་པས་དྲས་ཤིང་དྲུབ་པའི་གོས་རྗེས་སུ་གནང་ངོ་། །འདི་ལ་ལྔ་སྟེ། རྒྱུའི་ཁྱད་པར་གོས་སྒྲུབ་ལུགས། གོས་ཀྱི་དབྱེ་བ། དབྱེ་བ་སོ་སོའི་རྣམ་བཞག །ཇི་ལྟར་བཅང་བའི་ཚུལ་ལོ། །དང་པོ་ནི། ལོག་འཚོས་མ་བསྒྲུབས་ཤིང་རྒྱུ་ཧ་ཅང་ངན་པ་དང་བཟང་བ་མ་ཡིན་པའི་རྒྱུར་རུང་བ་བདུན་ཏེ། ས་གའི་ལྷས། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏཾ་པ་དང་དཱུ་ཀུ་ལ། །ཆོས་གོས་རྒྱུན་ནི་རྣམ་པ་བདུན། །ཞེས་གསུངས་ཤིང་། དེ་ཡང་སྤུ་ཤིན་ཏུ་ཆེ་བ་དང་ཁ་ཚར་ཕུན་ཚར་མ་བཅད་པ་སོགས་མ་ཡིན་པའོ། །གཉིས་པ་སྒྲུབ་ལུགས་ནི། རྒྱུ་རུང་བ་ཉིད་ལེགས་པར་བཀྲུས་ལ། མི་རུང་བའི་ཚོན་ཆེན་བརྒྱད་སྤངས་ཏེ་རུང་བའི་ཚོན་གསུམ་གྱིས་ཁ་བསྒྱུར་བར་བྱའོ། །དེ་ལྟར་ཡང་རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །སྨན་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡྷུ་ར་དང་གུརྒུཾ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་དང་། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་སོ། །དེ་ལ་སྤྱིར་བཏང་དུ་གོས་མཚོན་གྱིས་དྲས་པ་ཞིག་དགོས་ཏེ། མཚོན་གྱིས་མ་དྲས་པའི་གོས་བཅར་བར་མི་བྱའོ། །ཞེས་པས་གྲིས་དྲས་ནས། དྲུབ་པར་འོས་པ་རྣམས་དྲུབ་པར་བྱ་སྟེ། དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །དགེ་སློང་མའི་ཤིང་ང་དཔུང་ཆད་དང་རྡུལ་གཟན་སྣམ་པ་གང་ཡང་རུང་བའོ། །ཞེས་པས་འབྱོར་ན་དེ་ཐམས་ཅད་དྲས་དྲུབ་དང་། མ་འབྱོར་ན་ལྷན་ཐབས་བྱ་ཞིང་། སྣམ་སྦྱར་མ་གཏོགས་པ་ལ་ཐང་ཐང་པོ་ཡང་རུང་བར་བཤད་དོ། །གང་དག་སྣམ་སྦྱར་ལ་ངེས་པར་དྲས་དྲུབ་དགོས་གསུང་བ་མི་རིགས་ཏེ། རྒྱུའི་བྱིན་རླབས་ཀྱི་སྔགས་ཆོག་ཏུ། ཡང་ན་འདི་ལ་ལྷན་ཐབས་སུ་བསླན་ནོ། །ཞེས་དང་། རྒྱ་ཆེར་འགྲེལ་དུ། ཆོས་གོས་རླག་པ་ཉིད་དང་། ཆོས་གོས་འཚིག་པ་ཉིད་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ན་སྣམ་སྦྱར་ལའང་དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ངེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། དྲས་དྲུབ་བྱ་ཚུལ་ནི། སྣམ་ཕྲན་སྣྲེལ་གཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ། །ཞེས་སོ། །འདི་ལ་གླེགས་བུའི་འཕྲོ་ཞེས་པ་འགྱུར་སྐྱོན་ཏེ། འགྲེལ་པ་ཁ་ཅིག་ཏུ་ཚལ་བུའི་འཕྲོ་ཞེས་འབྱུང་བ་དག་གོ། །ཞེས་རྣམ་བཤད་དྲི་མེད་རྒྱན་པ་བཞེད་དོ། །གསུམ་པ་དབྱེ་བ་ལ་གསུམ་སྟེ། འཚོ་བའི། ལྷག་པའི། མཁོ་བའི་ཡོ་བྱད་ཀྱི་གོས་རྣམས་སོ། །བཞི་པ་སོ་སོའི་རྣམ་གཞག་ལ་གསུམ་ལས། དང་པོ་འཚོ་བའི་ཡོ་བྱད་ཀྱི་གོས་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ནི། བཅས་ལྡན་དགེ་སློང་གི་ལུས་འཚོ་བའི་ཆེད་དུ་གནང་བའི་གོས་རུང་བ་ཚད་ལྡན་རེ་རེར་ངེས་པ་གང་ཞིག །རང་མིང་གིས་བྱིན་གྱིས་བརླབ་རུང་གི་རིགས་གནས། གཉིས་པ་ལ། དངོས་སུ་གྲུབ་པ་དང་། དེའི་བྱིན་རླབས་ཆགས་རུང་གཉིས། དང་པོ་ནི། ཡོ་བྱད་བཅུ་གསུམ་པོ་གང་རུང་ཚད་དང་ལྡན་པར་གྲུབ་པ་སྟེ། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐམས་ཀྱི་གཟན། རྡུལ་གཟན། རྡུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་དགབ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་རྣམས་སོ། །གཉིས་པ་ནི། རྒྱུའི་བྱིན་བརླབས་འབྲལ་སྤང་ཁེགས་པའི་སྔགས་རྟེན་ཏེ། ཆོས་གོས་གསུམ་གང་རུང་གི་རྒྱུར་རུང་བའི་གོས་དང་། ཁྱིམ་པའི་གོས་ལྟ་བུ་གང་རུང་ཁྲུ་གང་ཡན་ཆད་དོ། །གསུམ་པ་སོ་སོའི་རང་བཞིན་ལས། སྣམ་སྦྱར་ནི་སྣམ་ཕྲན་དགུ་ནས་ཉེར་ལྔའི་བར་ཏེ། དགུ་མ། བཅུ་གཅིག །བཅུ་གསུམ་མ་གསུམ་ནི་གླེགས་བུ་ཕྱེད་དང་གསུམ་པའོ། །བཅོ་ལྔ། བཅུ་བདུན། བཅུ་དགུ་གསུམ་ནི་གླེགས་བུ་ཕྱེད་དང་བཞི་པའོ། །ཉེར་གཅིག །ཉེར་གསུམ། ཉེར་ལྔ་གསུམ་ནི་གླེགས་བུ་ཕྱེད་དང་ལྔ་པའོ། །ཚད་ནི་ཆེ་བསྐོར་གསུམ་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལྔ། ཆུང་གསུམ་དེ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ། འབྲིང་གསུམ་དེ་གཉིས་ཀྱི་བར་རོ། །བླ་གོས་ནི་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པ། ཚད་སྣམ་སྦྱར་ལྟར་གསུམ་མོ། །མཐང་གོས་ནི་རྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ། ཚད་དཔངས་སུ་ཁྲུ་དོ་དང་། སྲིད་དུ་ཁྲུ་ལྔའམ་བཞི། ཐ་ན་འཁོར་གསུམ་ཁེབས་པས་ཀྱང་རུང་ཞིང་། ལུས་སྦོོམ་པས་མི་ཡོགས་ན་རལ་ཁ་དཔུང་ཆད་བསྣོན་པར་བཤད་དོ། །སྤྱིར་ཁྲུ་ལ་རྡུལ་ཁྲུ། ལག་ཁྲུ། ལུས་ཁྲུ་གསུམ་ལས། འདིར་ལུས་ཁྲུ་སྟེ། མདོ་རྩར། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཤམ་ཐབས་དང་དེའི་གཟན་མཐང་གོས་དང་ཚད་འདྲ་ཞིང་། རྡུལ་གཟན་དང་དེའི་གཟན་བླ་གོས་དང་ཚད་འདྲ་སྟེ། དེ་དང་དེ་ཉིན་མོ་དང་མཚན་མོ་མཐང་གོས་དང་བླ་གོས་ཀྱི་འོག་ཏུ་གྱོན་པའི་གོས་ཡིན་པའི་ཕྱིར། གདོང་ཕྱིས་སྲིད་དང་ཞེང་དུ་ཁྲུ་གང་པ། རྣག་གཟན་བླ་གོས་དང་མཉམ་པ། སྐྲ་བཟེད་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་དང་གཉིས་པ། གཡན་དགབ། གདིང་བ། རས་ཆེན་གསུམ་གྱི་ཚད་ནི་ལྟུང་བྱེད་ཀྱི་སྐབས་སུ་བཤད་ཟིན་མོད། འོན་ཀྱང་གདིང་བའི་འཇལ་བྱེད་རྡུལ་ཁྲུ་ཡིན་ཞེས་གཉག་དཔོན་རིན་པོ་ཆེ་གསུང་ཞིང་། དབྱིབས་ནི་གླེགས་བུ་ཕྱེད་དང་གཉིས་པའོ། །བཞི་པ་ནི། འཚོ་བའི་ཡོ་བྱད་རྣམས་སོ་སོ་རང་མིང་གིས་ངེས་པར་བྱིན་གྱིས་བརླབ་ཅིང་། ཁྱད་པར་ཆོས་གོས་གསུམ་ནི་དངོས་མེད་ན་རྒྱུའི་བྱིན་བརླབས་དང་། དངོས་སམ་རྒྱུའི་བྱིན་བརླབ་གང་རུང་མི་ཆགས་ན་རྐྱེན་དབང་གིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པའི་དགོས་པ་ནི། དངོས་སུ་འཆང་འབྲལ་གྱི་ཉེས་པ་ཁེགས་ཤིང་ཤན་མི་འབྱུང་བ་སོགས་དང་། བརྒྱུད་ནས་དངོས་ཞེན་དང་བྲལ་བའི་ཕན་ཡོན་འབྱུང་སྟེ། འོག་མ་གཉིས་ལའང་ཤེས་པར་བྱའོ། །གཉིས་པ་ལྷག་པའི་ཡོ་བྱད་ཀྱི་གོས་ལ་གསུམ་ལས། མཚན་ཉིད་ནི། དགེ་སློང་གི་འཚོ་མཁོ་གང་རུང་གི་ཡོ་བྱད་དུ་གྱུར་པའི་གོས་ལྷག་པོ་གང་ཞིག །གཞན་མིང་ཉིད་ཀྱིས་བརླབ་པའམ་ཡིད་བརྟན་ཏེ་བཅང་རུང་གི་རིགས་གནས། དབྱེ་ན། སྣམ་སྦྱར་གཉིས་པ་ལྟ་བུ་འཚོ་བའི་ཡོ་བྱད་གང་རུང་གི་དབྱིབས་སུ་གྲུབ་པའི་ལྷག་པོ་དང་། སྐ་རགས་གཉིས་པ་ལྟ་བུ་མཁོ་བའི་ཡོ་བྱད་ཀྱི་གོས་ལྷག་པོ་དག་གོ། །བྱིན་གྱིས་བརླབ་པ་ནི། གཞན་ཁོ་ནའི་མིང་གིས་བརླབ་པའམ། ཡོ་བྱད་རུང་བ་ནི་མཁན་པོ་སོགས་དང་། མི་རུང་བ་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བའོ། །གསུམ་པ་མཁོ་བའི་ཡོ་བྱད་ཀྱི་གོས་ལའང་གསུམ་ལས། མཚན་ཉིད་ནི། འཚོ་བའི་ཡོ་བྱད་གང་རུང་གི་དབྱིབས་སུ་མ་གྲུབ་པའི་གོས་ཀྱི་ཁྱད་པར་ཁྲུ་གང་ཡན་ཆད་མ་ངེས་པ་གང་ཞིག །རང་གཞན་གཉིས་ཀའི་མིང་གིས་བརླབས་ཏེ་བཅང་རུང་གི་རིགས་གནས། དབྱེ་ན། དར་གོས་སྣམ་བུ་ལྟ་བུ་ནོར་གྱི་འདུ་ཤེས་སྐྱེ་བ་དང་། ཞྭ་དང་སྐ་རགས་སོགས་གོས་ཀྱི་འདུ་ཤེས་སྐྱེ་བའི་ཡོ་བྱད་དག་གོ། །བྱིན་གྱིས་བརླབས་པ་ནི། བདག་དང་ཚངས་པ་མཚུངས་པར་སྤྱོད་པ་གཉིས་ཀའི་དོན་དུ་བྱིན་གྱིས་བརླབས་པའོ། །ལྔ་པ་བཅང་ཚུལ་ལ་བཞི་ལས། གང་གིས་ན། སྤྱིར་རབ་བྱུང་ཚུལ་ལྡན་གྱིས་བཅང་ཞིང་། ཁྱད་པར་སྣམ་སྦྱར་ནི་དགེ་སློང་གིས་བཅང་ངོ་། །བསམ་པ་ཇི་ལྟ་བུས་ན། ལུས་ལ་རྨ་དང་གོས་ལ་རྨ་དཀྲིས་ཀྱིས་དགབ་པ་སོགས་ཀྱི་འདུ་ཤེས་དང་། སྤྱིར་ཡོ་བྱད་ཐམས་ཅད་ལ་མི་རྟག་པས་ཉེན་པའི་བསམ་པས་བཅང་ངོ་། །གང་གི་ཕྱིར་ན། སྤྱིར་ཁྱིམ་པའམ་མུ་སྟེགས་ཅན་དང་། ཁྱད་པར་སྣམ་སྦྱར་ནི་དགེ་ཚུལ་མན་ཆད་ཀྱི་རྟགས་ལས་འཕགས་པར་བྱ་བའི་ཕྱིར་དང་། རང་ཉིད་སྟོན་པའི་རྣམ་ཐར་གྱི་རྗེས་སུ་འཇུག་ཅིང་དགེ་སྦྱོང་གི་དྲན་པ་གསོ་བའི་ཆེད་དུ་བཅང་བའོ། །མཇུག་ཏུ་ཇི་ལྟར་སྒྲུབ་པ་ནི། གོས་བརྙིངས་ན་ལྷན་པ་གདབ་པ་སོགས་ཀྱིས་བཅོས་ཤིང་། བཅོས་སུ་མི་རུང་ན་སྦྱིན་བདག་གི་བསོད་ནམས་སྤེལ་བ་ལ་སོགས་པའི་ཆེད་དུ་ས་དང་གཅི་བ་སོགས་ལ་བསྲེས་ནས་མཆོད་རྟེན་དང་གཙུག་ལག་ཁང་གི་སེར་ཁ་ལ་བསླན་པར་བཤད་དོ། །གསུམ་པ་ཀོ་ལྤགས་ཀྱི་གཞི་ནི། ཀཱ་ཏྱ་ཡ་ནའི་སློབ་མ་གྲོ་ཞུན་སྐྱིས་བྱེ་བ་ཉི་ཤུ་པས་མཐའ་འཁོབ་རྡོ་ཅན་ནས་སྟོན་པ་བལྟར་འོངས་ཏེ་ཞུས་པས་གནང་ངོ་། །དེ་ཡང་གནང་བཀག་གི་མཚམས་ཤེས་པའི་ཕྱིར་དབུས་མཐའི་ས་ཚིགས་ནི། སྔར་རབ་བྱུང་གི་གཞིར་བཤད་པ་བཞིན་ནོ། །སྤྱིར་ཡུལ་དབུས་སུ་གནས་མལ་སྐྱོབ་པའི་ཕྱིར་ཀོ་ལྤགས་ཀྱི་ལྷྭམ་ཙམ་དང་། གཙུག་ལག་ཁང་ལས་གཞན་པའི་ཁྱིམ་དུ་སྟན་གཞན་མེད་ན་ཀོ་ལྤགས་ལ་འདུག་པ་ཙམ་གནང་གི། ཉལ་བར་མ་གནང་ལ། མཐའ་འཁོབ་ཏུ་ནི་གྲང་བ་སྐྱོབ་པའི་ཕྱིར་གནང་བས་ལྷྭམ་དང་མལ་སྟན་གཉིས་ཀ་བསྟེན་དུ་རུང་ཞིང་། དེའི་ཁྱད་པར་ཁྲ་བོ་དང་གསེར་དངུལ་གྱི་རྒྱན་ཅན་སོགས་སྒེག་རྫས་དང་སྒྲ་སྒྲོག་པའི་མཆིལ་ལྷྭམ་བརྟེན་དུ་མི་རུང་། གླང་པོ་ཆེ་དང་སྟག་སེང་རྟ་བོང་སོགས་ཀྱི་ཀོ་ལྤགས་བཅང་དུ་མི་རུང་བའོ། །བྱེ་བྲག་ཡུལ་ཨསྨ་པ་རཱནྟར་ནི་ཀོ་ལྤགས་ཀྱི་གོས་ཅི་དགར་བསྟེན་པ་སྒྲུབ་པའི་བསླབ་བྱར་གསུངས་ལ། སྤྱིར་ཆུ་ལ་ཆབ་རོམ་ཙམ་ཆགས་པའི་ཡུལ་དུ་ཞྭ་དང་ལྷྭམ་ཡུ་ཅན་གཉིས་ཀ་གནང་བའི་བསླབ་བྱར་གསུངས་སོ། །གཉིས་པ་སྨན་གྱི་གཞི་ནི། སྟོན་པ་གཉན་ཡོད་ན་བཞུགས་པའི་ཚེ་དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ནས་རིད་པས་སྨན་བརྟེན་པར་གནང་ཞིང་། དེ་ཡང་དུས་མ་ཡིན་པར་མ་ཟོས་པས་རིད་པ་ན་སྨན་བཞིར་ཕྱེ་ནས་རྗེས་སུ་གནང་ངོ་། །འདི་ལ་བཞི་སྟེ། སྨན་གྱི་རྒྱུ། སྨན་དངོས། གང་ཟག་གང་གིས་སྤྱོད་པ། བཞག་པའི་གནས་རུང་ཁང་བརྟེན་ཚུལ་ལོ། །དང་པོ་ནི། ལོག་འཚོ་དང་བྲལ་ཞིང་མཐའ་གཉིས་སྤངས་པའི་སྒོ་ནས་བསྒྲུབ་པར་བྱའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སྒྲ་དོན། བརྟེན་ཚུལ་ལོ། །དང་པོ་ནི། བཅས་ལྡན་དགེ་སློང་གིས་བརྟེན་དུ་རུང་བའི་སྨན་གང་ཞིག །དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཁམ་ཟས་ཏེ། མཛོད་ལས། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་སོ། །གཉིས་པ་ལ། དུས་རུང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བའི་བར་དུ་བཅང་བའོ། །དང་པོ་དུས་རུང་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་གང་ཞིག །དགེ་སློང་གིས་སྤྱིར་བཏང་ལ་ཕྱི་དྲོ་ལོངས་སྤྱོད་དུ་མི་རུང་བའོ། །གཉིས་པ་ལ། བཟའ་བ་ལྔ་དང་། བཅའ་བ་ལྔའོ། །དང་པོ་ནི། ས་གའི་ལྷས། སྣ་ཚོགས་འབྲས་ཆན་ཟན་དང་ཤ །ཕྱེ་དང་ཁུར་བ་བཟའ་བ་ལྔ། །ཞེས་སོ། །གཉིས་པ་ནི། རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་སོ། །གཉིས་པ་ཐུན་ཚོད་དུ་རུང་བ་ལ། མཚན་ཉིད། ངོ་བོ། དབྱེ་བའོ། །དང་པོ་ནི། སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་གང་ཞིག །དགེ་སློང་གིས་ཐུན་ཚོད་ཀྱི་མཐའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བའོ། །གཉིས་པ་ནི། དྲང་སྲོང་ཀེ་ནའི་བུས་བཏུང་བའི་རྒྱུ་བརྒྱད་ཕུལ་ཏེ། སྨན་གྱི་གཞི་ལས། ཆུ་ཤིང་འབྲས་དང་ཀུ་ཤུ་གོ་ལ་དང་། །ཨ་ཤྭཏྠ་དང་ཨུ་དུམྦ་ར་དང་། །བ་རུ་ཤ་ཀ་དང་ནི་རྒུན་འབྲུམ་དང་། །བརྒྱད་པ་འབྲ་གོ་དག་ནི་ཡིན་པར་བཤད། །ཅེས་དང་། གཞན་ཡང་བཅོས་པའི་ཚྭ་སྟེ་རྒུན་ཆང་སོགས་ཀྱི་སངས་པོ། འབྲུའི་ཚྭ་སྟེ་ནས་ཆང་གྲོ་ཆང་སོགས་ཀྱི་ཤུལ་ནས་བྱུང་བའི་སངས་པོ། ཞོ་ཁ་ཆུ་སྟེ་ཞོའི་ཁུ་བ། དར་བའི་དྭངས་མ་སྟེ་ཆུར་ཁུ། རྩ་བ་མོ་སྟེ་འབྲས་དང་ཁྲེ་སོགས་བཙོས་ནས་ཕབས་མ་བཏབ་པར་མནན་པའི་ཙད་ཤུ་ཞེས་བོད་དུ་རྩབས་སུ་གྲགས་པ། དེ་དག་ཀྱང་བཏུང་བ་མཚན་ཉིད་ལྔ་ལྡན་ཏེ། ཆུས་བཏབ་པ། ཚགས་ཀྱིས་བཙགས་པ། ཤིན་ཏུ་སླ་བ། གཞིན་སྣང་བ། འདམ་སུ་ཉག་མའི་མདོག་ལྟ་བུའི་བཏུང་བ་རྣམས་སོ། །གསུམ་པ་ལ། རྒྱུ་དུས་རུང་དང་། ཞག་བདུན་པ་དང་། འཚོ་བཅངས་ལས་སྦྱར་བའི་ཐུན་ཚོད་དུ་རུང་བའི་སྨན་གསུམ་སྟེ། རིམ་བཞིན་རྒུན་ཆུ་དང་། བུར་ཁུ་དང་། སྐྱུ་རུ་རའི་ཁུ་བ་ཤིན་ཏུ་སླ་བ་ལྟ་བུའོ། །གསུམ་པ་ཞག་བདུན་པ་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རླུང་ནད་སེལ་བ་ལ་གཙོ་བོར་སྣང་བའི་སྨན་གང་ཞིག །དགེ་སློང་གིས་ཞག་བདུན་པའི་མཐའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བའོ། །གཉིས་པ་ནི། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་སྟེ། དེས་འཕངས་པ་བུ་རམ་དང་། བུ་རམ་གྱི་ཁ་ཤུན་བསྡུས་པའི་ཕྱེ་མ་ཧྭགས་དང་། དེ་བརྡོག་པོར་བྱས་པ་ལ་ཁ་ར་སོགས་དང་། ཞུན་མར་དང་ངོ་བོ་འདྲ་བ་བདུད་རྩི་དང་། འབྲུ་མར་དང་འདྲ་བ་ཉ་སོགས་སེམས་ཅན་ལྔའི་ཞག་བསྐོལ་ཞིང་བཙགས་པ་རྣམས་དང་། ས་གའི་ལྷས་མར་གསར་ཀྱང་ཞག་བདུན་བར་བཤད་པ། ལུང་སྨན་གཞི་ལས། ཞག་བདུན་པ་ནི་མར་དཀར་དང་། ཏིལ་མར་དང་། སྦྲང་རྩིའོ། །ཞེས་གསུངས་པ་དང་མཐུན་ནོ། །བཞི་པ་འཚོ་བཅངས་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། འདུས་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་གང་ཞིག །ཇི་སྲིད་ནད་དེ་འཚོའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བའོ། །གཉིས་པ་ལ་ལྔ་སྟེ། རྩ་བའི་སྨན་གླ་སྒང་དང་ཡུང་བ་ལྟ་བུ། སྡོང་བུའི་སྨན་ཙནྡན་དང་སླེ་ཏྲེས་ལྟ་བུ། འདབ་མའི་སྨན་ནིམ་པའི་ལོ་མ་ལྟ་བུ། མེ་ཏོག་གི་སྨན་བ་ཤ་ཀའི་མེ་ཏོག་ལྟ་བུ། འབྲས་བུའི་སྨན་ཨ་བར་སྐྱུར་གསུམ་ལྟ་བུ་སྟེ། དེ་དག་ཀྱང་གཙོ་བོར་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་རྣམས་སོ། །གསུམ་པ་སྒྲ་དོན་ནི། སྤྱི་ནད་སེལ་བར་བྱེད་པས་ན་སྨན། བྱེ་བྲག་ཏུ། སྔ་དྲོའི་དུས་ཁོ་ནར་རུང་བས་དུས་རུང་། རང་མིང་གིས་དུས་ཀྱི་མཐའི་བར་བྱིན་གྱིས་བརླབ་ཏུ་རུང་བས་ན་ཐུན་ཚོད་དང་། ཞག་བདུན་པ་དང་། འཚོ་བཅངས་ཞེས་བྱའོ། །བཞི་པ་བརྟེན་ཚུལ་ལ་གཉིས་ལས། ལུས་ཀྱིས་བརྟེན་པ་ནི། མིག་སྨན་གྱི་དོན་ལྤགས་ལ་སོགས་པའོ། །ཁར་བརྟེན་པའི་སྨན་ལས། དུས་རུང་གི་སྨན་སྔ་དྲོའི་དུས་ཁོ་ནར་བརྟེན་དུ་རུང་བ་སྟེ། ནད་པར་ཕན་ན་དུས་མིན་དུ་བརྟེན་པའང་གནང་ཞིང་། རུང་དུས་ལས་འདས་ན་བྱིན་གྱིས་བརླབས་ཀྱང་གསོག་འཇོག་མི་ཁེགས་པའི་ཕྱིར་བྱིན་བརླབ་མ་གསུངས་ལ། སྨན་གཞན་གསུམ་བྱིན་གྱིས་མ་བརླབས་པ་ནི་གང་ཟག་ནད་པ་ཡིན་མིན་ཐམས་ཅད་ལ་གནང་ཞིང་། དུས་ཐམས་ཅད་དུ་བརྟེན་དུ་རུང་མོད། འོན་ཀྱང་བྱིན་གྱིས་མ་བརླབས་ན་བྱིན་ལེན་བྱས་པ་ཉིན་ཐུན་གཉིས་མཚན་ཐུན་གསུམ་སྟེ་ལྔ་པོ་དེ་དང་དེའི་མཐར་གསོག་འཇོག་ཏུ་འགྱུར་བས་དེ་ཁེགས་པའི་ཕྱིར་བྱིན་གྱིས་བརླབས་དགོས་སོ། །དེ་ལྟར་བྱིན་གྱིས་བརླབས་པའི་སྨན་དེ་ནི་ནད་པ་ཁོ་ནས་བརྟེན་དུ་རུང་ཞིང་། དུས་ཀྱང་སྤྱིར་རང་མིང་གི་དུས་ཀྱི་མཐའི་བར་དང་། བྱེ་བྲག་ཐུན་ཚོད་ཀྱི་སྨན་ལ་གསུམ་ལས། རྒྱུ་དུས་རུང་ལས་སྦྱར་བ་དེ་མཚན་གྱི་ཐུན་ཐ་མའི་བར་དང་། ཞག་བདུན་པ་ལས་སྦྱར་བ་དེ་བརྒྱད་པའི་སྐྱ་རེངས་མ་ཤར་བར་གསོག་འཇོག་ཏུ་མི་འགྱུར་ཞིང་། རྒྱུ་འཚོ་བཅངས་ལས་སྦྱར་བ་དེ་ལ་གསོག་འཇོག་འབྱུང་མི་སྲིད་དོ། །འོ་ན་བྱིན་གྱིས་བརླབས་པའི་སྨན་རང་དུས་ལས་མ་འདས་ཀྱི་བར་དུ་གསོག་འཇོག་མི་འབྱུང་བས་ཁྱབ་བམ་སྙམ་ན། མ་ཁྱབ་སྟེ། རོ་གཞན་དུ་འགྱུར་ན་བྱིན་རླབས་འཇིག་པས་གསོག་འཇོག་ཏུ་འགྱུར་པ་གང་ཞིག །ཤན་བརྡེག་བྱེད་ཡོད་ཀྱང་དེར་འགྱུར་བའི་ཕྱིར། ཇི་ལྟར་བསྟེན་པའི་ཆོ་ག་ནི། བདག་ཉིད་ལ་ནད་པ་དང་ཟས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་དྲན་ཤེས་དང་ལྡན་པས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་སྒོ་ནས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོར་ལྷ་ལ་བཤོས་གཙང་འབུལ། །དེ་རྗེས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་བྱ། །རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་རྣམས་ལ་བྱིན། །ཞེས་པའི་ཆོ་གས་ཟས་ལ་རན་པར་ལོངས་སྤྱད་དེ་ཡོན་སྦྱོང་མདོ་བསྔོ་རྣམས་བྱ་ཞིང་། སྨན་ཕྱི་མ་གསུམ་དང་། ཞར་བྱུང་སྨན་སྣོད་ལྷུང་བཟེད་བྱིན་གྱིས་བརླབ་པ་དང་། དེ་དང་དེ་དབྱུང་བའི་ཆོ་ག་རྣམས་སོ། །གསུམ་པ་གང་ཟག་གང་གིས་སྤྱོད་པ་ནི། སྤྱིར་བཏང་དུ་ཚུལ་ཁྲིམས་དང་ལྡན་པའི་རབ་བྱུང་མྱང་འདས་ཀྱི་བསམ་པ་ཅན་གྱིས་སྤྱོད་ཅིང་། དམིགས་བསལ་ཕ་མ་དང་སློང་བ་པོ་སོགས་ལ་སྦྱིན་ནོ། །བཞི་པ་སྨན་བཞག་པའི་གནས་རུང་ཁང་བརྟེན་ཚུལ་ནི། མདོ་རྩར། རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ། །ཞེས་པས་མཚམས་ནང་ཡིན་ཡང་དེར་རྗེན་བཙོས་དང་ཞག་ལོན་སོགས་བྱར་རུང་བས་ན་རུང་ཁང་ཞེས་བྱའོ། །དེ་ཡང་ཁྱིམ་པའི་གནས་ཁང་དང་གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་དུ་གྱུར་པའི་གནས་སུ་མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་མི་འབྱུང་བས་དེ་དག་ཏུ་རུང་ཁང་བྱིན་གྱིས་བརླབ་མི་དགོས་ཤིང་། དེ་ལས་གཞན་གཙུག་ལག་ཁང་ཉེ་འཁོར་དང་བཅས་པའི་ནང་དུ་མ་ཟད། ཁྱིམ་པའི་གནས་ཡིན་ཀྱང་དེར་ཁྱིམ་པ་མི་སྡོད་པར་དགེ་སློང་ཉིད་དབང་བའི་ཁང་པ་ཡིན་ན། རུང་ཁང་བྱིན་གྱིས་བརླབ་དགོས་པ་ཡིན་ནོ། །ཇི་ལྟར་བྱིན་གྱིས་བརླབ་པའི་ཚུལ་ལ་བཞི་སྟེ། དང་པོ་སོ་ཕག་འགྲེམ་པའི་དུས་སུ་དགེ་སློང་ལག་གི་བླས་དེའི་འགྲམ་རྡོ་གཏོང་བ་ན་བཏེག་པའི་མཐའ་ལས་བྱུང་བའི་བྱིན་རླབས་དང་། གཉིས་པ་རྩིག་པའི་འགོ་བརྩམས་ནས་མཇུག་མ་ཟིན་པའི་བར་གང་ཡང་རུང་བའི་དུས་སུ་ལག་གི་བླས་སེམས་བསྡུས་པའི་མཐའ་ལས་བྱུང་བའི་བྱིན་རླབས་དང་། གསུམ་པ་རུང་ཁང་དུ་འོས་པའི་ཁང་པ་དེ་གྲུབ་ཟིན་ནས་དེར་དགེ་སློང་གནས་པ་ཉིད་དང་མ་བྲལ་བའི་དུས་སུ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བརླབ་པ་དང་། བཞི་པ་སྔར་རུང་ཁང་དུ་བྱིན་གྱིས་བརླབས་སམ་མ་བརླབས་ཀྱང་རུང་སྟེ་གཙུག་ལག་ཁང་སྟོང་པར་དགེ་སློང་དག་གསར་དུ་ཕྱིན་པའི་ཚེ་དེར་སླེབ་མ་ཐག་ཕྲལ་ལས་བྱུང་བའི་བྱིན་བརླབ་བྱ་བའོ། །ཕྱི་མ་གཉིས་པོ་འདི་རུང་ཁང་གསར་དུ་རྩིག་པའམ་ཁང་པ་བྱས་ཟིན་རུང་ཁང་དུ་སྒྲུབ་པ་གཉིས་ཀ་ལ་འཇུག་གོ། །ཡང་བདག་པོ་སོ་སོའི་བ་ལང་རྣམས་ལྷས་གཅིག་ཏུ་འཇུག་པ་ལྟར་མཚམས་ནང་གཅིག་ཏུ་གཙུག་ལག་ཁང་དུ་མའི་རུང་ཁང་གི་བྱ་བ་ཁང་པ་གཅིག་གིས་བྱས་པ་ལ། ལུང་ལས་བ་ལང་གི་ལྷས་ལྟ་བུའི་རུང་ཁང་ཞེས་གསུངས་སོ། །གསུམ་པ་གནས་མལ་གྱི་གཞི་ནི། ཝཱ་ར་ཎཱ་སཱིར་ཁྱིམ་བདག་དགེ་བཟང་གིས་སྟོན་པ་ལ་གཙུག་ལག་ཁང་བརྩིག་པར་ཞུས་པས་གནང་ངོ་། །འདི་ལ་གཉིས་ཏེ། ཕྱག་བྱ་བ་དང་མི་བྱ་བའི་ཚུལ་དང་། གཙུག་ལག་ཁང་བརྩིག་ཅིང་ལོངས་སྤྱོད་པའི་ཆོ་གའོ། །དང་པོ་ནི། སོ་སོ་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །ཞེས་དང་། ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །གཉིས་པ་ནི། གཙུག་ལག་ཁང་བྱའོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ། །དེའི་མདུན་དུ་སྒོ་ཁང་ངོ་། །གྲུ་བཞི་བཟང་བ་ཉིད་དོ། །ཞེས་སོགས་ཀྱིས་གཙུག་ལག་ཁང་བརྩིག་པའི་ཆོ་ག་དང་། བརྩིགས་ནས་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་དང་སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་སོགས་རི་མོ་འདྲི་བའི་ཚུལ་དང་། གཙུག་ལག་ཁང་ཡལ་བར་མི་དོར་རོ། །ཞེས་སོགས་ཀྱིས་ཇི་ལྟར་བསྐྱང་བའི་སྒོ་ནས་གནས་པར་བྱ་བ་དང་། སྤྱོད་ལམ་ཅི་འདོད་པས་ལུང་དབོག་གོ། །ཞེས་སོགས་ཀྱིས་དེར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ཇི་ལྟར་སྤྱོད་པའི་ཚུལ་རྒྱས་པར་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་གནས་ཁང་དང་གནས་མལ་ལ་མཐའ་གཉིས་སྤངས་ཏེ་ཆགས་མེད་ཞེན་མེད་ཀྱི་ཚུལ་གྱིས་སྤྱོད་པར་གསུངས་ཤིང་། མདོར་ན་བདེ་བར་གནས་པའི་རྐྱེན་གོས་དང་སྨན་དང་གནས་མལ་བསྟེན་པའི་སྐབས་འདིར་ཡོངས་སུ་སྤྱད་པ་རྣམ་པ་ལྔ་ཤེས་པར་བྱ་སྟེ། ཇི་སྐད་དུ། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་། །མི་སློབ་པ་མན་ཆད་ཀྱིའོ། །སོ་སོའི་སྐྱེ་བོ་ལ་ཡང་ངོ་། །ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ། །ཞེས་དང་། ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡིས། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ནི་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་པ་ལྟར་མི་སློབ་པའི་གང་ཟག་གིས་གཞན་གྱི་ཡོ་བྱད་རང་དབང་བའི་ཚུལ་དང་། སློབ་པ་འཕགས་པས་རང་ལ་བྱིན་པ་རྣམས་ལོངས་སྤྱད་དུ་རུང་སྟེ། དེ་དང་དེས་ཡོན་སྤྱོང་ནུས་པའི་ཕྱིར། སོ་སྐྱེ་ཁྲིམས་དག་ཀློང་སྤོང་ལ་བརྩོན་པའི་གང་ཟག་གིས་སྤྱད་ཀྱང་ཉེས་པ་མེད་དེ། དེ་ལྟར་སྟོན་པས་གནང་བའི་ཕྱིར། གལ་ཏེ་ཚུལ་ཁྲིམས་དག་ཀྱང་ཐོས་བསམ་སྒོམ་གསུམ་མི་ནུས་པའི་ལེ་ལོ་ཅན་གྱིས་སྤྱད་དུ་མི་རུང་སྟེ། གང་བླངས་བུ་ལོན་དུ་འཕེལ་ནས་སྐྱེ་བ་ཕྱི་མར་འཇལ་དགོས་པའི་ཕྱིར། ཁྲིམས་འཆལ་གྱིས་ནི་དད་རྫས་ལ་ནམ་ཡང་སྤྱོད་པ་བཀག་སྟེ། སྤྱད་ན་དམྱལ་བར་ལྷུངས་ནས་སྡུག་བསྔལ་ཉམས་སུ་མྱོང་བར་གསུངས་པའི་ཕྱིར། དེ་ལྟ་ཡང་སྙིང་གི་ཐུར་མ་ལས། ཚུལ་ཁྲིམས་འཆལ་བས་ས་ནི་གོམས་པ་གང་། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང་། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས། །ཞེས་སོ། །གསུམ་པ་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་ལ་ལྔ་སྟེ། ལས་ཆགས་པའི་གཞི་དང་། བསམ་པ་དང་། ལས་ཀྱི་ངོ་བོ་དང་། ཉམས་སུ་མྱོང་བ་དང་། ཆགས་པའི་དུས་སོ། །དང་པོ་ལ། དགེ་འདུན། ལས་མཁན། བསྒྲུབ་བྱ་དང་གསུམ། དང་པོ་ནི། མཚན་ཉིད་གསུམ་ལྡན་ཏེ། བཞི་བཅུ་ཉེར་གཉིས་ཉི་ཤུ་དང་། །བཅུ་གཉིས་བཅུ་གཅིག་བཅུ་དང་དགུ། །བརྒྱད་དྲུག་ལྔ་བཞི་དགོས་པ་ཡི། །ལས་ནི་རྣམ་པ་བཅུ་གཅིག་གོ། །ཞེས་པ་ལྟར། ཡུལ་དབུས་སུ་དགེ་སློང་མ་དབྱུང་བ་ལ་ཕ་ཚོགས་ཉི་ཤུ་མ་ཚོགས་ཉི་ཤུ་སྟེ་བཞི་བཅུ་དགོས་པ་སོགས་ལས་བཅུ་གཅིག་པོ་རང་རང་ལ་ལྟོས་པའི་གྲངས་ཚང་བ། མི་འདུག་པར་འགྲེང་བ་མ་ཡིན་པ་སོགས་ཁ་སྐོངས་ཀྱི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བའོ། །གཉིས་པ་ལས་མཁན་ནི། སྤྱིར་བཏང་ལ་ཁ་སྐོངས་དང་ལྡན་ཞིང་ཆོ་ག་ཤེས་པ་དང་། དམིགས་བསལ་ལ་ཆོ་ག་ཤེས་པ་ཙམ་མོ། །གསུམ་པ་བསྒྲུབ་བྱ་ལ། སེམས་ཅན་མ་ཡིན་པ་དང་། སེམས་ཅན་ལ་བྱ་བའོ། །དང་པོ་ནི། མཚམས་ཆེ་ཆུང་བཅད་པ་སོགས་བརྒྱད་དོ། །གཉིས་པ་ལ། ཁྱིམ་པ་དང་། རབ་བྱུང་ལ་བྱ་བའོ། །དང་པོ་ནི། ལྷུང་བཟེད་ཁ་སྦུབ་སོགས་ལྔའོ། །གཉིས་པ་ལ། མ་རྫོགས་པ་དང་། རྫོགས་པའི་རྟེན་ལ་བྱ་བའོ། །དང་པོ་ལ། སྦྱིན་ལས་དང་། ཆད་པས་བཅད་པའི་ལས་གཉིས་ཏེ། འདི་ལ་བསྐོ་བའི་ལས་ནི་མེད་དོ། །གཉིས་པ་རྫོགས་པའི་རྟེན་ལ་བྱ་བ་ནི། ཁང་པའི་གནང་བ་སྟེར་བ་སོགས་སྦྱིན་ལས་ཉེར་གཅིག །གསང་སྟོན་བསྐོ་བ་སོགས་བསྐོ་བའི་ལས་དྲུག །ནན་ཏུར་དགུ། བསྒོ་གྱུར་བཅུ། གྲངས་སུ་འཇུག་པ་བཞི་སྟེ་མི་མཐུན་པའི་ལས་ཉི་ཤུ་རྩ་གསུམ་རྣམས་སོ། །གཉིས་པ་བསམ་པ་ལ། འདུ་ཤེས་དང་། ཀུན་སློང་གཉིས། དང་པོ་ནི། སེམས་ཅན་མ་ཡིན་པ་ལ་བྱ་བ་དང་མི་མཐུན་པའི་ལས་ལ་དགེ་འདུན་གྱི་འདུ་ཤེས་དང་། སྦྱིན་པ་དང་བསྐོ་བ་ལ་ཡུལ་གྱི་འདུ་ཤེས་གཙོ་བ་ཡིན་ནོ། །གཉིས་པ་ནི། ཞེ་ཐག་པ་ནས་ལས་བྱེད་པའོ། །གསུམ་པ་ལས་ཀྱི་ངོ་བོ་ལ། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། ལས་མཁན་གྱིས་ཆད་ལྷག་ནོར་འཁྲུགས་མེད་པའི་ཆོ་ག་བྱས་ཤིང་ཆགས་པའོ། །གཉིས་པ་ནི། དགེ་སློང་གིས་བྱ་བའི་རིགས་བརྒྱ་རྩ་གཅིག་ཡོད་དེ། ལུང་ལས། བཙུན་པ་ལས་དུ་དག་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་གོ། །ཞེས་པ་ནས། གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ། །ཞེས་པའི་བར་གསུངས་པའི་ཕྱིར་རོ། །བཞི་པ་ཉམས་སུ་མྱོང་བ་ནི། ལས་ཀྱི་ཚིག་ཐོས་ཤིང་དོན་གོ་བའོ། །ལྔ་པ་ཆགས་པའི་དུས་ནི། འབའ་ཞིག་པ་དང་གསོལ་གཉིས་ཀྱི་ལས་ལ་དེ་དང་དེ་རྫོགས་མ་ཐག་ཏུ་དང་། གསོལ་བཞིའི་ལས་ཀྱི་བརྗོད་པ་གསུམ་པ་ལ་ངོ་བོ་བྱ་བྱེད་གསུམ་ལས། བྱ་བ་བྱེད་པ་རྫོགས་མ་ཐག་ཏུ་ལས་ཆགས་པའོ། །གཉིས་པ་ཤུགས་བསྟན་རུང་མཐུན་བསྡུས་ཏེ་བསྟན་པ་ནི། མདོར་ན་ཡེ་ནས་གནང་དང་བཀག་པ་མེད། །བྱར་རུང་དང་ཉེ་མི་རུང་ཟློག་བྱེད་ན། །དེ་དག་སྤྱོད་ཅིག་མི་རུང་དང་ཉེ་ཞིང་། །རུང་བ་བཟློག་ན་ཀུན་ཏུ་སྤོང་ཞེས་གསུངས། །ཞེས་པ་སྟེ། དངོས་སུ་མ་སྨོས་པའི་གནང་བཀག་གི་བསླབ་བྱ་ཐམས་ཅད་མདོར་བསྡུ་ན་འདི་ཉིད་དུ་འདུས་ཏེ། གཞི་གང་ལ་སྟོན་པས་ཡེ་སྟེ་ཐོག་མ་ཉིད་ནས་དངོས་སུ་གནང་བ་དང་བཀག་པའི་གསལ་ཁ་དོད་པ་མེད་པ་རྣམས་ནི། གང་ཞིག་བྱར་རུང་བར་གསུངས་པ་དང་ཉེ་ཞིང་མི་རུང་བ་ལས་བཟློག་ན་དེ་དག་ཐེ་ཚོམ་མེད་པར་སྤྱོད་པར་གྱིས་ཤིག །དཔེར་ན་དགེ་ཚུལ་ལ་དགག་དབྱེ་གསུངས་པས་མཚོན་ནས་གསོ་སྦྱོང་བྱ་དགོས་པ་བཞིན་ནོ། །གང་སྤྱད་དུ་མི་རུང་བར་གསུངས་པ་དང་ཉེ་ཞིང་རུང་བ་ལས་བཟློག་ན་དེ་དག་ཀུན་ཏུ་སྤོངས་ཤིག །དཔེར་ན་སྲིན་བལ་ལ་སྟན་བྱེད་པ་བཀག་པས་དེ་དང་མཉམ་པ་དང་ལྷག་པ་ལ་སྟན་བྱ་མི་རུང་བར་མཐུན་པ་བཞིན་ནོ། །དེ་ལྟར་ཡང་ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དེའི་ཚེ་ཉིད་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཁྱེད་ལ་འདུལ་བ་རྒྱ་ཆེར་ནི་བསྟན་ན། མདོར་བསྡུས་ཏེ་མ་ཡིན་ནོ། །འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག །དགེ་སློང་དག་ངས་ཁྱེད་ལ་གང་ཞིག་ཐོག་མ་ཉིད་ནས་གནང་བ་ཡང་མེད། བཀག་པའང་མེད། གལ་ཏེ་རུང་བ་དང་ཉེ་བ་ཡིན་ཞིང་མི་རུང་བ་ཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་བཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་རུང་བ་ཟློག་པར་བྱེད་པ་ཡིན་ན་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །ལྔ་པ་སྐྱེ་བའི་ལུས་རྟེན་ནི། སྐྱེ་བའི་རྟེན་ནི་མུ་སྟེགས་མཚམས་མེད་བྱས། །སྒྲ་མི་སྙན་དང་ཟ་མ་མཚན་གཉིས་དང་། །མ་ནིང་རིགས་ལྔ་མཚན་གསུམ་གྱུར་པ་དང་། །སྤྲུལ་པ་མ་གཏོགས་གླིང་གསུམ་སྐྱེས་པ་ཡི། །སྐྱེས་པ་བུད་མེད་སྡོམ་པའི་རྟེན་དུ་འདོད། །ཅེས་པ་སྟེ། ལས་ཀྱི་སྒྲིབ་པ་ཤས་ཆེ་བ་མུ་སྟེགས་ཅན་ནམ་དེ་ཞུགས་པ། ཕ་མ་དགྲ་བཅོམ་བསད་པ་དང་དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་བྱས་པ་ལ་སོགས་པ་དང་། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བ་སྒྲ་མི་སྙན་པ་ལྟ་བུ་གནས་རིགས་ཉམས་པ། གང་ཞིག་གྲོང་པའི་ཆོས་མེད་པ། །དེ་ནི་ཟ་མ་ཞེས་སུ་བརྗོད། །ཅེས་པ་ལྟར་ཟ་མ་དང་། སྐྱེ་གནས། ཟླ་ཕྱེད། འཁྱུད་ནས་ལྡང་བ། ཕྲག་དོག་ཅན། ཉམས་པ་སྟེ་མ་ནིང་རིགས་ལྔ་དང་། མཚན་གཉིས་གཅིག་ཅར་དུ་བྱུང་བ། མཚན་ལན་གསུམ་དུ་གྱུར་པ་སོགས་མཚན་ཉམས་པ། མི་མ་ཡིན་པ་མིའི་རྣམ་པར་སྤྲུལ་པ་དང་། མི་མ་ཡིན་པའི་འགྲོ་བ་པ་སོགས་ནི་འགྲོ་བ་ཉམས་པ་ཞེས་དེ་རྣམས་སྡོམ་པ་སྐྱེ་བའི་བར་ཆད་ཅན་ཡིན་པས་ན་མ་གཏོགས་པ་སྟེ། དེ་ལས་གཞན་ཤར་ནུབ་ལྷོའི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་རྣམས་སོ་ཐར་གྱི་སྡོམ་པ་སྐྱེས་བ་དང་གནས་པ་གཉིས་ཀའི་རྟེན་དུ་འདོད་དེ། མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་དང་། རབ་དབྱེར། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་གསུངས་པའི་ཕྱིར། དྲུག་པ་ཉམས་པ་གསོ་བའི་ཐབས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། །ཞེས་པ་སྟེ། སྡོམ་པ་ཐོབ་ནས་མ་ཉམས་པར་བསྲུང་ཞིང་། གལ་ཏེ་ཉམས་ན་ཕྱིར་བཅོས་པའི་སྒོ་ནས་དག་པར་བྱ་དགོས་ཏེ། ལུང་ལས། གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་། ཉོན་མོངས་པར་མི་འགྱུར་བ་དང་། གཉིས་ཀྱི་ཟག་པ་འཕེལ་བར་མི་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །ཞེས་གསུངས་པས་གསོ་ཚུལ་བཤད་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། སྡོམ་པ་གཏོང་བའི་རྒྱུ་དང་། ཕྱིར་བཅོས་དངོས་བཤད་པའོ། །དང་པོ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། གཏོང་བ་བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་གཅིག་ཅར་བྱུང་དང་ལན་གསུམ་གྱུར། །རྒྱ་འབྲས་མེད་བལྟས་རྩ་བ་ཆད་རྣམས་ལྕི། །ཞེས་པ་སྟེ། སོ་ཐར་གྱི་སྡོམ་པ་སྤྱིའི་གཏོང་རྒྱུ་ནི་བཞི་སྟེ། བརྡ་འཕྲོད་པའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ་པ་ཕུལ་བས་གཏོང་སྟེ། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་རིག་བསྐྱེད་པའི་ཕྱིར། ཇི་ལྟར་འབུལ་བ་ནི། སྡོམ་པ་རང་གི་ངོ་བོ། རྩ་བ་དཀོན་མཆོག་གསུམ། རྒྱུ་སྡེ་སྣོད་གསུམ། སྦྱོར་བྱེད་མཁན་སློབ། སློབ་པའི་གནས་རྟེན། སློབ་པའི་གྲོགས་རྣམས་འབུལ་ཚུལ་གསུངས་པ་ལྟར་ཡིན་ལ། ཚངས་པར་སྤྱད་དཀའ་འོ་ཞེས་སོགས་ནི་འབུལ་བའི་རྒྱུ་བསྟན་པས་ཉམས་པར་བྱས་པ་ཡིན་གྱིས་ཕུལ་བ་མ་ཡིན་ཡང་སྡོམ་པ་གཏོང་བ་ལ་ཁྱད་པར་མེད་དེ། ལུང་ལས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ཤི་འཕོས་པས་གཏོང་སྟེ། རྟེན་བོར་བའི་ཕྱིར། མཚན་གཉིས་གཅིག་ཅར་བྱུང་བ་དང་མཚན་ལན་གསུམ་གྱུར་བས་གཏོང་སྟེ། རྟེན་ཉམས་པའི་ཕྱིར། རྒྱུ་འབྲས་མེད་ལྟའི་ལོག་ལྟ་སྐྱེས་པས་གཏོང་སྟེ། དགེ་བའི་རྩ་བ་ཆད་པས་སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། འདི་ནི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་སྡོམ་པའི་གཏོང་རྒྱུར་བཤད་པས་ཤིན་ཏུ་ལྕི་བའོ། །དེ་ལྟར་སྤྱིའི་གཏོང་རྒྱུ་བཞིའི་སྟེང་བསྙེན་གནས་ཀྱི་གཏོང་རྒྱུ་བསྣན་པས་ལྔར་བཤད་དེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། །ཞེས་དང་། རང་འགྲེལ་ལས། དེ་དག་ནི་མདོར་བསྡུ་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། བྱེ་བྲག་སོ་སོའི་གཏོང་རྒྱུ། སྤྱི་ལ་འདོད་པ་མི་འདྲ་བའི་ཁྱད་པར། རྩ་ལྟུང་གཏོང་རྒྱུ་ཡིན་མིན་ལས་འཕྲོས་ཏེ་སྡེ་ལྔའི་དངོས་གཞི་མི་བསྐྱེད་པའི་རྒྱུ་བཤད་པའོ། །དང་པོ་ནི། ཉི་ཤུ་མ་ལོན་བསྙེན་རྫོགས་རྗེས་སུ་ཤེས། །དགེ་སློང་སྡོམ་གཏོང་རྟེན་ཕྱིར་ཁས་བླངས་འདས། །དགེ་སློབ་མའོ་མཚན་འདས་བསྙེན་གནས་ཀྱི། །སྡོམ་པ་གཏོང་རྣམས་སོ་སོས་ཐུན་མོང་མིན། །ཞེས་པ་སྟེ། ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ནས་བསྙེན་རྫོགས་བླངས་པ་དེ། ཕྱིས་ཉི་ཤུ་མ་ལོན་གོང་དུ་དེ་ལྟར་ངོ་ཤེས་ན། དེའི་ཚེ་མངལ་ཤོལ་གྱི་ཟླ་བས་ཁ་བསྐང་བར་བྱ་ཞིང་། དེ་ལྟར་བསྐང་ཡང་མ་ཚང་ན་བསྙེན་རྫོགས་ཀྱི་སྡོམ་པ་གཏོང་སྟེ། མདོར། ཤེས་ན་ནི་དེ་ཞིག་གོ། །གལ་ཏེ་དེ་སྐྱེས་པ་ན་མ་ལོན་པའི་འོ། །མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དག་དང་ཡང་བཅས་ཏེའོ། །ཞེས་སོ། །མི་ཚངས་སྤྱོད་བསྟེན་པར་བྱེད་པའི་ཕྱིར་ཁས་བླངས་པ་དགེ་སློབ་མའི་སྡོམ་པ་གཏོང་སྟེ། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན། བསླབ་པ་འཁྲུགས་པ་ཉིད་དོ། །ཞེས་སོ། །མཚན་མོ་མཐའི་སྐད་ཅིག་མ་འདས་པས་བསྙེན་གནས་ཀྱི་སྡོམ་པ་གཏོང་སྟེ། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །དེ་ལྟར་གསུམ་པོ་སྔར་གྱི་སྤྱིའི་གཏོང་རྒྱུ་བཞིས་གཏོང་བར་མ་ཟད། རང་རང་གི་གཏོང་རྒྱུ་སོ་སོས་སྡོམ་པ་དེ་དང་དེ་གཏོང་བས་ན་ཐུན་མོང་མ་ཡིན་པའི་གཏོང་ཚུལ་ལོ། །གཉིས་པ་ནི། རྩ་ལྟུང་བྱུང་དང་དམ་ཆོས་ནུབ་ནའང་གཏོང་། །ཁ་ཆེའི་ཡུལ་གྱི་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་གཉིས་ལྡན་ན། །ནོར་ལྡན་བུ་ལོན་ཅན་བཞིན་འདོད་པ་དང་། །ཁ་ཅིག་རྩ་བཞི་གཅིག་སྤྱད་ཀུན་ཉམས་ཟེར། །ཞེས་པ་སྟེ། མདོ་སྡེ་པ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བས་གཏོང་སྟེ། རྒྱུད་ངོ་ཚ་ཁྲེལ་མེད་ཆེན་པོས་ཉམས་པའི་ཕྱིར་ཟེར། གོས་དམར་བའི་སྡེ་པ་ན་རེ། ལུང་གི་དམ་ཆོས་ནུབ་པས་གཏོང་སྟེ། བསླབ་པའི་མཚམས་རྣམ་པར་བཞག་པ་མེད་པའི་ཕྱིར་ཟེར། དེ་ལ་ཐོགས་མེད་སྐུ་མཆེད་ལུང་ཆོས་ནུབ་པ་ཙམ་གྱིས་སྡོམ་པ་སྔར་ཡོང་མི་གཏོང་སྟེ། རྟོགས་པའི་དམ་ཆོས་མ་ནུབ་པའི་ཕྱིར། འོན་ཀྱང་དེ་ཚེ་སྔར་མེད་གསར་སྐྱེ་མེད་དེ། འབོགས་བྱེད་ཀྱི་ཆོ་གའི་རྣམ་གཞག་མེད་པའི་ཕྱིར་གསུང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྩ་ལྟུང་འཆབ་བཅས་བྱུང་ཡང་སྡོམ་པ་མི་གཏོང་སྟེ། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་པའི་ཕྱིར། དེ་འདྲ་དེ་སྡོམ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་ཏེ། མི་འགའ་ཞིག་ལ་ནོར་ཡང་ལྡན་ལ་བུ་ལོན་ཡང་ཆགས་པ་བཞིན་ནོ་ཞེས་འདོད། དེ་ལྟར་ཡང་མཛོད་ལས། ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེན་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། འདུལ་འཛིན་ཁ་ཅིག །ཕམ་པ་སྡོམ་པའི་གཏོང་རྒྱུ་མ་ཡིན་ཏེ། ཕམ་པ་བྱུང་བའི་དགེ་སློང་ལ་དགེ་སློང་གི་སྡོམ་པའི་རྫས་ཚང་བར་ཡོད་པའི་ཕྱིར། ཉམས་ཚུལ་ལ་ལྟོས་ན་ཀུན་ཉམས་ཡིན་ཏེ། རྩ་བཞི་ལས་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་ལྟ་བུ་གཅིག་སྤྱད་པའི་ཚེ། སྡོམ་པ་མཐའ་དག་དགོས་པ་སྒྲུབ་ནུས་ལས་ཉམས་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་དང་། སྡོམ་པ་ཡང་དག་པར་བླངས་པ་ནི་རྣམ་པར་གྲོལ་བ་ཐོབ་པའི་ཆེད་ཡིན་ལ། དེས་རྣམ་པར་གྲོལ་བ་ཐག་རིང་དུ་བྱས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲ་བའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། དང་པོའི་ལས་ཅན་སེམས་འཁྲུགས་ཚོར་བས་གཟིར། །སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད། །ཅེས་པ་སྟེ། བཤད་མ་ཐག་པ་ལྟར་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་གསོར་མི་རུང་དུ་སོང་བའི་གང་ཟག་གིས་སྤྱད་ཀྱང་སྡེ་ལྔའི་དངོས་གཞི་ཇི་ལྟ་བ་བཞིན་མི་བསྐྱེད་དེ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པས་ཉེས་བྱས་ཙམ་ལས་མི་བསྐྱེད་པའི་ཕྱིར་དེ་བཞིན་དུ་ལས་དང་པོ་པས་སྤྱད་ཀྱང་མི་བསྐྱེད་དེ། སྟོན་པའི་བཅས་པ་དང་མ་འབྲེལ་བའི་ཕྱིར། དགེ་སློང་བཟང་སྦྱིན་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་མ་བྱུང་བ་བཞིན་ནོ། །སེམས་འཁྲུགས་ཚོར་བས་གཟིར་ནས་སེམས་རྣལ་དུ་མ་ཕེབས་པས་སྤྱད་ཀྱང་མི་བསྐྱེད་དེ། བསམ་པ་རང་བཞིན་དུ་གནས་པ་མ་ཡིན་པའི་ཕྱིར། །སྨྱོན་པས་མི་བསད་པ་བཞིན་ནོ། །སྒྲུབ་མ་ནུས་པའི་གནས་སྐབས་སུ་སྤྱད་ཀྱང་མི་བསྐྱེད་དེ། རྨི་ལམ་དུ་མི་ཚངས་སྤྱོད་སྤྱད་ཀྱང་ཕམ་པ་མི་འབྱུང་བའི་ཕྱིར། དེས་ན་དེ་འདྲའི་རྟེན་གྱི་གང་ཟག་གིས་ལྟུང་བ་ལ་སྤྱད་ཀྱང་དངོས་གཞིའི་ཉེས་པ་ཇི་ལྟ་བ་བཞིན་བསྐྱེད་པ་མེད་དོ། །གཉིས་པ་ཕྱིར་བཅོས་དངོས་ལ། ལྟུང་བ་ཕྱིར་བཅོས། དེ་ལས་འཕྲོས་ནས་རྩོད་པ་ཕྱིར་བཅོས། ཉེས་ལྟུང་སྤྱོད་པའི་ཐབས་སྟོབས་བཞིར་འདུ་ཚུལ། ཉེས་དམིགས་ཤེས་པས་ནན་ཏན་དུ་བསྲུང་བར་གདམས་པའོ། །དང་པོ་ལ། མི་སྤྲོ་བ་ནན་ཏུར་གྱིས་ཕྱིར་བཅོས་པ་དང་། སྤྲོ་བ་མཐོལ་བཤགས་སོགས་ཀྱིས་ཕྱིར་བཅོས་པའོ། །དང་པོ་ནི། འོག་ཏུ་གཞུག་ཅིང་བཤུང་བའི་དོན་གྱིས་ནན་ཏུར་ཞེས་བྱ་བ་སྟེ། དབྱེ་ན། བསྡིགས་དམད་བསྐྲད་པ་ཕྱིར་འགྱེད་བཞི། གནས་དབྱུང་བདུན། གསོ་དགག་བཞག་པ་གཉིས་ཏེ་བཅུ་གསུམ་མམ། གནས་དབྱུང་བདུན་པོ་གཅིག་ཏུ་བྱས་ན་ནན་ཏུར་བདུན་ནོ། །དེ་ལ་བསྡིགས་པ་ནི། འཐབ་ཀྲོལ་བྱེད་པ་ལ་བྱ་བ་འདི་ཐོང་ཞིག་མི་གཏོང་ན་གནས་ནས་དབྱུང་ངོ་ཞེས་བསྡིགས་པའོ། །དམད་པ་ནི་ལྷག་མ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་གང་ཟག་རང་དབང་ཅན་ཡིན་ཀྱང་གཞན་ལ་གནས་ཆོས་ཤིག་ཅེས་སྨོད་པའོ། །བསྐྲད་པ་ནི་ཁྱིམ་སུན་འབྱིན་པ་གནས་དེ་ནས་སྐྲོད་པའོ། །ཕྱིར་འགྱེད་ནི་ཁྱིམ་པ་སོགས་ལ་བརྙས་ཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོས་སྦྱངས་ན་ཕྱིར་འགྱེད་པའོ། །གནས་དབྱུང་བདུན་ནི། མ་མཐོང་བ་གནས་ནས་དབྱུང་བ། ཕྱིར་མི་འཆོས་པ། སྡིག་ལྟ་ཅན། འཐབ་ཀྲོལ་བྱེད་པ། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ། དགེ་སློང་མ་དང་འདྲིས་ཤིང་གནས་པ། ཆོས་རྣམ་པར་གཏན་ལ་ཕབ་པས་ཞི་བར་མ་གྱུར་པ་གནས་ནས་དབྱུང་བའོ། །གདམས་ངག་བཞག་པས་མ་ཐུལ་བ་ལ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་དང་དགག་དབྱེ་བྱེད་དུ་མི་འཇུག་པ་ནི་དེ་དང་དེ་བཞག་པའོ། །ལྷུང་བཟེད་ཁ་སྦུབ་ནི་སྤྱིར་ནན་ཏུར་ཡིན་ཀྱང་ཡུལ་ཁྱིམ་པ་ལ་བྱ་བ་ཡིན་པས་འདིར་མི་བགྲང་ངོ་། །དེ་ཡང་ནན་ཏུར་གང་ལ། གང་གིས། གང་གི་ཚེ། ཇི་ལྟར་བྱ་བ། བྱས་པའི་དགོས་པའོ། །དང་པོ་ནི། ནན་ཏུར་སོ་སོའི་གཞི་མ་ཞི་བར་ཡོད་ཅིང་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་མེད་པའི་གང་ཟག་མངོན་དུ་འདུག་པ་ལའོ། །གཉིས་པ་ནི། དགེ་འདུན་མཚན་ཉིད་དང་ལྡན་པས་སོ། །གསུམ་པ་ནི། དབྱར་གྱི་ནང་མ་ཡིན་པའོ། །བཞི་པ་ལ་སྦྱོར་བ་གླེང་དྲན་དང་གཞམས་བསྒོ། དངོས་གཞི་གསོལ་བཞིའི་ལས། རྗེས་ལས་ཀྱི་མཇུག་སྡུད་དང་། འདི་ཉིད་དུ་ལྟུང་བ་ཕྱིར་བཅོས་པར་གྱིས་ཤིག །དགེ་འདུན་གྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ། །ཞེས་གོ་བར་བྱ་བའོ། །ལྔ་པ་ནི། བྱ་བ་ངན་པ་རྒྱུ་བཅས་ལས་བཟློག་པ་དང་ལྟུང་བ་ཕྱིར་བཅོས་སུ་གཞུག་པའོ། །དེ་ལྟར་ནན་ཏུར་བྱས་པ་ལ་བརྟེན་ནས་བཟོད་པ་འབུལ་ན། དེ་རང་བཞིན་དུ་གནས་པ་ཐོབ་པའི་ཕྱིར་དགེ་འདུན་མཚན་ཉིད་དང་ལྡན་པས་བཟོད་པ་བླང་བ་ནི། སྦྱོར་བ་གསོལ་བཏབ་སྔོན་དུ་འགྲོ་བས། དངོས་གཞི་ལས་དང་། མཇུག་སྤྲོ་བ་བསྐྱེད་པར་བྱེད་པའོ། །དེ་ཡང་ནན་ཏུར་བཅུ་གསུམ་ལས། དང་པོ་བཅུ་གཅིག་པོ་ས་གཞན་ན་གནས་པ་ཡིན་ལ། གསོ་དགག་བཞག་པ་ནི་ནན་ཏུར་ཡིན་ཀྱང་ས་གཞན་ན་གནས་པ་མ་ཡིན་ནོ། །གཉིས་པ་སྤྲོ་བ་མཐོལ་བཤགས་སོགས་ཀྱིས་ཕྱིར་བཅོས་པ་ལས། ལྷག་མེད་འཆབ་བཅས། ལྷག་མེད་འཆབ་མེད། ལྷག་མ་ཅན་གྱི་ཕྱིར་བཅོས་དང་གསུམ། དང་པོ་ལ། འཆབ་ཉེས་ངོས་བཟུང་བ། ལྷག་མེད་དེ་ལྡན་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། འཆབ་པ་ཞེས་གྲགས་གསང་སྟེ་མི་བརྗོད་པ། །ཞེས་པ་སྟེ། ལྟུང་བ་བྱུང་བ་གསོད་འདོད་ནི་འཆབ་སེམས་ཡིན་ལ། དེས་ཀུན་ནས་བསླངས་ཏེ་མི་བརྗོད་པར་གསང་བའི་ལུས་ངག་གི་ལས་ནི་འཆབ་པའི་ལྟུང་བ་སྟེ། དེ་ལའང་གང་གིས་ཉེས་པར་བྱེད་པ་རིག་བྱེད་དང་། གང་ཉེས་པར་བྱ་བའི་ངོ་བོ་རིག་བྱེད་མ་ཡིན་པའོ། །གང་ལ་འབྱུང་བའི་རྟེན་ནི། ལྟུང་བ་དང་ལྟུང་མིན་གྱི་རྣམ་དབྱེ་ཤེས་ཤིང་དྲན་ནུས་པའི་དགེ་སློང་ཉིད་ལས་གཞན་ལ་མི་འབྱུང་ཞིང་། སྤྱིར་འཆབ་ཉེས་ཙམ་གྱི་དབང་དུ་བྱས་ན་འཆབ་སེམས་སྐད་ཅིག་མ་གཅིག་སྐྱེས་ཀྱང་ལྟུང་བ་དེ་འཆབ་བཅས་སུ་འགྱུར་ལ། ཁྱད་པར་དགེ་འདུན་ལྷག་མའི་སྤོ་སྤྱོད་ལ་ཞག་ཏུ་བཅབས་པ་དགོས་ཏེ། ཉིན་མཚན་གྱི་མཐའ་མ་ཡིན་པ་ལ་འཆབ་ཉེས་མི་འབྱུང་ངོ་། །ཞེས་སོ། །གཉིས་པ་ནི། ཕམ་པ་འཆབ་བཅས་ཚེ་འདིར་གསོར་མི་རུང་། །ཞེས་པ་སྟེ། བསླབ་པ་མ་ཕུལ་བར་ཕམ་པ་བཞི་གང་རུང་བྱུང་ནས་སྐད་ཅིག་མ་གཅིག་བཅབས་ཀྱང་ཚེ་འདིར་ལྟུང་བ་ཕྱིར་བཅོས་སུ་ཡོད་པ་མ་ཡིན་ཏེ། རྒྱུད་གསོར་མི་རུང་དུ་སོང་བའི་ཕྱིར། དེ་ལྟར་ཡང་། ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང་། །འདིར་ནི་གསུམ་པ་ཚུལ་ཁྲིམས་འཆལ་པ་དག །འཐབ་མོ་སྤངས་ཏེ་གཎྜི་བརྡུངས་བྱས་ནས། ཆུ་ཤིང་རུལ་བ་བཞིན་དུ་ངེས་བསྐྲད་བྱ། །ཞེས་སོ། །ཉེས་དམིགས་ནི་ཚུལ་འཆལ་དང་ལྷན་ཅིག་ཞལ་ལོན་དུ་ཉལ་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཅུ་བཞིར་དམྱལ་བར་སྐྱེ་བར་བཤད་དོ། །གལ་ཏེ་བསྐྲད་པ་དེ་སྡེ་སྣོད་འཛིན་པ་ཡིན་ན་དགེ་འདུན་དང་ལྷན་ཅིག་ལོངས་སྤྱོད་དུ་མི་དབང་ཡང་གནས་ལོངས་སྦྱིན་པ་སོགས་ཀྱིས་རྗེས་སུ་བཟུང་བར་བྱ་ཞིང་། དེ་འདྲ་དེས་བཟོད་པ་གསོལ་བའི་དུས་སུ་མ་བླངས་ན། དེ་ནས་བཟུང་སྟེ་གནས་ཆོས་ཀྱི་རྙེད་པའི་རིན་ཐང་རྩིས་ནས་ཚད་ན་དགེ་འདུན་ལ་ཕམ་པ་འབྱུང་བར་གསུངས་སོ། །གཉིས་པ་ལྷག་མེད་འཆབ་མེད་ནི། འཆབ་པ་མེད་ན་དངོས་པོ་བརྗོད་པ་ཡིས། །དགེ་འདུན་ལ་བཤགས་མཐོང་སྡོམ་བར་གྱིས་འདག །སྡོམ་པ་སླར་ནོད། ཅེས་པ་སྟེ། འདིར་དགེ་འདུན་ལ་བཤགས་ནས་སྡོམ་པ་སླར་ནོད་པ་ལྟ་བུར་གསུངས་པ་ནི་སེམས་ཙམ་པ་ཡན་ཆོད་སླར་ཡང་གསོལ་བཞིའི་ལས་ཀྱིས་དགེ་སློང་གི་སྡོམ་པ་སྦྱིན་རྗེས་ཆད་པ་ལས་ཀྱི་བསླབ་པ་སྟེར་བར་བཞེད་པ་དང་དགོངས་པ་མཐུན་ནམ་སྙམ་སྟེ་དཔྱད་པར་བྱ་ཞིང་། མདོའི་དགོངས་པ་ལྟར་ན། ཕམ་པ་བྱུང་ནས་སྐད་ཅིག་ཙམ་ཡང་མ་བཅབས་པ་ལ་ཆད་པ་ལས་ཀྱི་བསླབ་པ་སྦྱིན་ཏེ་སྤྱོད་པའི་སྒོ་ནས་ཕྱིར་བཅོས་པའོ། །ཇི་ལྟར་ན། དེས་གནོང་འགྱོད་དྲག་པོ་དང་བཅས་པས་དགེ་འདུན་གྱི་དྲུང་དུ་ཕྱིན་ནས་རྗེས་སུ་བཟུང་བར་ཞུས་ཏེ། སྦྱོར་བ་གསོལ་གདབ་སྔོན་དུ་འགྲོ་བས། དངོས་གཞི་གསོལ་བཞིའི་ལས་ཀྱིས་བསླབ་པ་སྦྱིན་ནས་ཇི་སྲིད་འཚོའི་བར་དུ་དམན་པའི་སྤྱོད་པ་ལྔ་དང་དུ་ལེན་ཞིང་ཁྱད་པར་གྱི་སྤྱོད་པ་ལྔ་སྤོང་བར་བསླབ་པའོ། །གང་གི་ཚེ་དགྲ་བཅོམ་པ་ཐོབ་ན་དེ་རང་བཞིན་དུ་གནས་པར་འགྱུར་ཏེ། འཁྲུལ་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར། དེར་མ་ཟད་རྩ་ལྟུང་ཐུན་མིན་བྱུང་སྟེ་བསླབ་པ་སྦྱིན་པ་མཚན་གྱུར་ནའང་བསླབ་པ་སྦྱང་མི་དགོས་སོ། །གལ་ཏེ་ཕམ་པ་འཆབ་མེད་ཅན་གྱིས་བསླབ་པ་ཕུལ་ཏེ་བླངས་ན་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་ཞིང་། དགེ་ཚུལ་ལའང་བསླབ་སྦྱིན་རུང་བར་གསུངས་སོ། །གསུམ་པ་ལྷག་མ་ཅན་གྱི་ཕྱིར་བཅོས་ནི། ལྷག་མ་བཅུ་གསུམ་སོགས། །ལྕི་ཡང་ལ་ལྟོས་བཤགས་ཏེ་རིམ་པར་ལྡང་། །ཞེས་པ་སྟེ། འདི་ལ་གཉིས། ནུས་པ་ཕྱིར་བཅོས་ཚུལ་དང་། མི་ནུས་པ་བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ལ་བཞི་ལས། དགེ་འདུན་ལྷག་མའི་ཕྱིར་བཅོས་ནི། ཞག་དང་མ་འབྲེལ་བའི་འཆབ་ཉེས་རྣམས་བསྒོ་གྱུར་ཡིན་ན་མཚམས་ནང་གི་དགེ་སློང་ཐམས་ཅད་དང་། མ་ཡིན་ན་དགེ་སློང་གཅིག་གི་དྲུང་དུ་མཐོལ་ལ། དངོས་གཞི་དག་བྱེད་དུ་མགུ་བ་ནོད་ནས་དབྱུང་བས་ཆོག་ཅིང་། གལ་ཏེ་ཞག་ཏུ་ལོངས་པའི་བཅབས་ཉེས་ནི། གང་ཟག་ཁྱད་པར་ཅན་མིན་པས་ཇི་ཙམ་བཅབས་པའི་གྲངས་དང་མཉམ་པའི་སྤོ་བ་མ་སྤྱད་པར་བཅབས་ཉེས་མི་འདག་པས་སྤོ་བ་ནོད་དགོས་ཏེ། སྦྱོར་བ་གསོལ་བ་གདབ་པ། དངོས་གཞི་གསོལ་བཞིའི་ལས་ཀྱིས་སྤོ་བའམ། གཞི་ནས་སྤོ་བའམ། ཡང་གཞི་ནས་བསླང་བའི་སྤོ་བ་གསུམ་པོ་གང་རུང་སྟེར་བ་སྟེ། དེ་ལྟར་གསུམ་ནི་སྤོ་བ་བྱེད་བཞིན་པ་ལ་རིགས་འདྲའི་ལྷག་མ་གཉིས་པ་དང་གསུམ་པ་བྱུང་བའི་དབང་དུ་བྱས་པ་སྟེ། མགུ་བ་ལའང་འདྲ་ཞིང་། རིགས་འདྲ་བཞི་པ་བྱུང་ན་དམད་པ་ནན་ཏུར་བྱ་བའོ། །དེ་ལྟར་སྤོ་བ་སྤྱད་ཚར་བའམ། མ་བཅབས་ན་སྤོ་སྤྱོད་མི་དགོས་པས། ལྷག་མའི་དངོས་གཞི་འདག་པའི་ཆེད་དུ་དགེ་སློང་གིས་ཞག་དྲུག་དང་དགེ་སློང་མས་ཟླ་ཕྱེད་ཀྱི་བར་མགུ་བ་སྤྱད་དགོས་ཏེ། སྦྱོར་བ་གསོལ་གདབ། དངོས་གཞི་གསོལ་བཞིའི་ལས་ཀྱིས་མགུ་བ་གསུམ་གང་རུང་བྱིན། སྤོ་མགུ་གཉིས་ཀྱི་ལས་སུ་བྱ་བ་ནི་ཕལ་ཆེར་བསླབ་བྱིན་དང་འདྲ་བ་ལས། ཁྱད་པར་བྱིན་ལེན་སྟོབ་ཏུ་མི་རུང་། གཞན་མེད་ན་གསོ་སྦྱོང་གི་མདོ་གདོན་དུ་རུང་། གྲལ་ནི་སྤོ་བ་སྤྱོད་པས་བསླབ་བྱིན་གྱི་གོང་དང་མགུ་སྤྱོད་གྱི་འོག །མགུ་བ་སྤྱོད་པས་དགེ་སློང་རང་བཞིན་དུ་གནས་པ་རྣམས་ཀྱི་འོག་དང་སྤོ་སྤྱོད་ཀྱི་གོང་དུ་སྡོད་ཅིང་། དེ་གཉིས་ཀ་ལ་ཞག་རེ་བཞིན་དུ་འདས་འབྱུང་བརྗོད། གལ་ཏེ་སྤོ་བ་སྤྱོད་བཞིན་པའམ་སྤྱད་ཚར་ནས་མགུ་བའི་བར་དང་། མགུ་བ་སྤྱོད་བཞིན་པའམ་ཟིན་ནས་དབྱུང་བའི་བར་རྣམས་སུ་འཐབ་ཀྲོལ་ཅན་འོངས་པ་སོགས་ཀྱིས་རེ་ཞིག་འཕྲོ་འཇོག་དགོས་ན་བཞག་པས། དེ་དག་ལ་སྤོ་ལྡན་དང་མགུ་ལྡན་ཞེས་བྱ་ཞིང་། རྐྱེན་གྲོལ་རྗེས་སླར་འཕྲོ་ནས་སྤྱད། དེ་ལྟར་སྤོ་མགུ་སྤྱོད་པ་པོ་ཕ་མའི་ཁྱད་པར་གྱིས་གནས་དེའི་དགེ་སློང་རང་བཞིན་དུ་གནས་པ་བཞི་དང་། དགེ་སློང་ཕ་མ་བཞི་བཞི་སྟེ་བརྒྱད་ཡན་ཆད་ལ་སྤྱད་དགོས་སོ། །མགུ་བ་སྤྱད་ཟིན་ནས་དེ་ཉིད་ས་རང་བཞིན་དུ་གནས་པ་ཐོབ་པའི་ཕྱིར་དབྱུང་བ་བྱ་སྟེ། གནས་དེར་དགེ་སློང་དབྱུང་བ་ལ་དགེ་སློང་རང་བཞིན་དུ་གནས་པ་ཉི་ཤུ་དང་། དགེ་སློང་མ་དབྱུང་བ་ལ་ཕ་མ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་ཡན་ཆད་ཚང་བ་ལ་གསོལ་གདབ་སྔོན་དུ་བཏང་ནས། དངོས་གཞི་གསོལ་བཞིའི་ལས་བསྡིགས་པ་དང་བཅས་པ་བྱས་ལ། མཇུག་ཏུ་གཟེངས་བསྟོད་ཅིང་ཡི་རང་བས་རང་བཞིན་གྱི་གནས་སུ་དབྱུང་སྟེ་གཞན་གྱི་དཀུར་གནས་སུ་བྱེད་པའོ། །དམིགས་བསལ་གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ཕྱིར་བཅོས་ནི། ཇི་སྐད་དུ། ངོ་ཚ་དང་ལྡན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་ཤེས་པས་ནི་གཅིག་གི་མདུན་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ་། །ཞེས་སོ། །གཉིས་པ་སྦོམ་པོ་ཕྱིར་བཅོས་ལ། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ལ་ཡུལ་དགེ་སློང་དྲུག །ཡང་བ་ལ་ལྔ། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ལ་བཞི། ཡང་བ་ལ་དགེ་སློང་གཅིག་གི་དྲུང་དུ་བཤགས་པས་འདག་གོ། །གསུམ་པ་སྤང་ལྟུང་ནི། གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་རྫས་དེ། ཆགས་པའི་ཞག་གཅིག་གི་གོང་རོལ་དུ་གཞན་ལ་སྤངས་ནས་བཤགས་པར་བྱ་བའོ། །བཞི་པ་འབའ་ཞིག་པ་སོགས་ནི་ཡུལ་དགེ་སློང་གཅིག་གི་དྲུང་དུ་རང་མིང་གིས་བཤགས་པར་བྱ་ཞིང་། ཁྱད་པར་སོར་བཤགས་མཚམས་ཀྱི་ཕྱིར་སོང་སྟེ་བཤགས་སོ། །སྤྱིར་ལྟུང་བ་གང་དང་གང་ཡིན་ཀྱང་འདྲ་སྟེ། ལུས་ངག་ཏུ་མ་འཐོན་པའི་ཡིད་ཀྱི་ཉེས་པ་རྣམས་ནི་འགྱོད་སྡོམ་གྱི་སེམས་བརྟེན་པ་ཙམ་གྱིས་ལྟུང་བ་ལས་ལྡང་བར་འགྱུར་ལ། ལུས་ངག་ཏུ་འཐོན་ནས་རང་རང་གི་ཕྱིར་བཅོས། ཐོག་མར་བཅབས་ཉེས་བཤགས་རྗེས་དངོས་གཞིའི་ཉེས་ལྟུང་དང་། ཡུལ་ཡོད་བཞིན་དུ་ཕྱིར་མ་བཅོས་པའི་ཉེས་པ་བཤགས་པ་སོགས་ལྟུང་བ་རང་རང་གི་མིང་རིགས་ཕྱེ་ནས་ཕྱིར་བཅོས་ཚུལ་ལ་མཁས་པར་བྱའོ། །མདོར་ན་ལྟུང་བ་བྱུང་རེས་ཀྱིས་མཐོལ་བ་དང་བཤགས་པ་དང་བསྡམ་པ་ལ་ཉིན་རེ་བཞིན་འབད་པར་བྱ་ཞིང་འཆི་ཁའི་ཚེ་ལྟུང་བ་མ་དག་པ་ཡོད་ན། ལུས་ངག་གིས་བཤགས་སྡོམས་བྱ་དགོས་མོད། དེ་ཙམ་མ་གྲུབ་ན་ཡིད་ཀྱིས་བཤགས་པས་ཀྱང་འདག་པར་འགྱུར་ཏེ། མདོར། མཐར་དེ་ལ་རྩལ་བ་རྐྱེན་མ་འབྱོར་བ་ཉིད་ན་ལས་བྱས་པ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་མི་ནུས་པ་བྱིན་གྱིས་བརླབ་ཚུལ་ལ་གཉིས་ལས། ལས་གྲལ་དུ་མ་འདུས་གོང་དུ་བྱ་བ་ནི། ཕམ་པར་གཏོགས་པའི་སྦོམ་པོ་དང་དགེ་འདུན་ལྷག་མ་མན་ཆད་ཀྱི་ལྟུང་བ་རྣམས་ཆད་ལས་དགོས་པ་དག་སྔོན་དུ་མ་གྲུབ་པ་དང་། བཤགས་ཡུལ་མེད་པ་དང་། ལྟུང་ཕྱིར་རྩོད་པ་སོགས་ཀྱི་རྐྱེན་དབང་གིས་དུས་དེར་བཤགས་མ་ནུས་པ་རྣམས་བྱིན་གྱིས་བརླབས་པ་ཙམ་གྱིས་དག་པར་འཇོག་པ་ཡིན་ཏེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་སོ། །གཉིས་པ་ལས་གྲལ་དུ་འདུས་ནས་བྱིན་གྱིས་བརླབ་པ་ནི། དེར་འདུས་ནས་བཤགས་པ་བྱ་བ་མི་རུང་བས་ལྟུང་བ་གང་དྲན་ཡང་ཐུན་མིན་གྱི་བྱིན་བརླབ་དང་། ཐུན་མོང་བ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབ་པ་ཡིན་ནོ། །ཞར་བྱུང་དགེ་ཚུལ་གྱི་ཕྱིར་བཅོས་ལ། རྩ་བ་འཆབ་བཅས་ལ་ཕྱིར་བཅོས་མེད། འཆབ་མེད་ནི་དགེ་སློང་གི་དགེ་འདུན་ལས་བསླབ་པ་ནོས་ནས་སྤྱོད། རྩ་བ་མིན་པའི་བླངས་འདས་ཀྱི་ཉེས་པ་གང་བྱུང་དེ་དང་དེའི་མིང་རིགས་བརྗོད་ནས་དགེ་སློང་གཅིག་གི་དྲུང་དུ་མཐོལ་བཤགས་ལྷན་ཅིག་ཏུ་བྱ། བླངས་པ་དངོས་དང་གནང་བའི་ཉེས་མེད་རྣམས་མིན་པའི་ཉེས་པ་རྣམས་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་པ་ཡིན་ཞིང་། སྡིག་ལྟ་མི་གཏོང་བ་སོགས་ལ་དགེ་སློང་གི་དགེ་འདུན་གྱིས་ནན་ཏུར་གྱི་ལས་ཀྱང་བྱ་བ་ཡིན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལའང་དེ་དག་བྱ་བ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་དག་གིས་ནི་ཕྱིར་བཅོས་དངོས་གཞི་དང་། དུས་དང་དུས་མིན་བསྡུས་པའི་གཞི་དང་། ས་གཞན་གནས་སྤྱོད་པའི་གཞི་རྣམས་ཀྱི་དོན་མདོ་ཙམ་བསྡུས་ནས་བཤད་པ་ཡིན་ལ། དེ་ལྟར་ནན་ཏུར་དང་བཤགས་པ་གཉིས་ཀྱིས་རང་ཉིད་ཀྱི་ལྟུང་བ་ཕྱིར་བཅོས་ཚུལ་བཤད་ཟིན་ནས། ད་ཡོངས་སུ་སྦྱང་བའི་གཞི་ལས་བྱུང་བ་གང་ཟག་གཞན་གྱི་ལྟུང་བ་ཕྱིར་བཅོས་ཚུལ་ནི། ཡུལ་ལྟུང་བ་གླེང་བའི་གཞི་ཡོད་ཅིང་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་མེད་པའི་གང་ཟག་ལ། གླེང་བ་པོ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་དགེ་སློང་རྣམ་པར་དག་པས། ཕྱིར་བཅོས་ལ་འགོད་པར་འདོད་པའི་ལྷག་བསམ་གྱིས། དབྱར་ནང་ལ་སོགས་པ་མ་ཡིན་པའི་དུས་སུ། དངོས་པོ་ཚུལ་ཁྲིམས་ལྟ་སྤྱོད་འཚོ་བ་ཉམས་པ་བཞི་ལས་གང་རུང་། ཆོ་ག་ལྟུང་བ་ཡོད་མེད་རྣམ་པར་བརྟགས་ནས་གླེང་བའི་སྐབས་ཕྱེ་སྟེ་གླེང་བར་བྱེད་པའོ། །དེ་ལྟར་གླེངས་ནས་ཇི་ལྟར་སྒྲུབ་པ་ནི། ཁས་ལེན་ན་ཕྱིར་འཆོས་སུ་གཞུག །མི་དྲན་ནོ་ཞེས་ཁྱད་དུ་གསོད་ན་ངོ་བོ་ཉིད་འཚོལ་བ་བྱིན། རྫུན་གྱིས་ཁྱད་དུ་གསོད་ན་མ་མཐོང་བའི་གནས་དབྱུང་བྱེད། གླེངས་ཀྱང་དེའི་སྐབས་མི་འབྱེད་ན་བརྗོད་བཅས་དང་། མཉེན་པར་མི་བྱེད་ན་ཕུར་བཅས་བྱ་ཞིང་། གལ་ཏེ་དགེ་འདུན་ཐམས་ཅད་ལ་མི་ཉན་པའི་བཀའ་བློ་མི་བདེ་བ་བྱེད་ན་གླེང་དྲན་ལ་སོགས་པའི་སྒོ་ནས་གཞམ་བསྒོ་བྱེད། དེས་མ་དུལ་ན་གདམས་ངག་གི་འཕྲོ་དང་གསོ་དགག་འཇོག་པ་སྟེ། དེ་ཐམས་ཅད་ཀྱི་མཐའ་ལ་མ་བཏང་ན་གནས་དབྱུང་བྱ་བའོ། །གཉིས་པ་རྩོད་པ་ཕྱིར་བཅོས་ལ་གསུམ་སྟེ། ལས་ཀྱི། འཁོར་ལོའི། དེ་ལས་གཞན་པའི་རྩོད་པ་ཞི་བྱེད་དོ། །དང་པོ་ནི། མཚམས་ནང་གཅིག་ཏུ་ཆོས་མ་ཡིན་པར་སྨྲ་བའི་དགེ་སློང་བཞིར་ལོངས་པས་ཆོས་སྨྲ་བའི་དགེ་འདུན་ལས་ལོགས་སུ་གསོ་སྦྱོང་སོགས་ལས་བྱས་པ་ཟིན་པ་ན་ལས་བྱེ་བའི་དབྱེན་དུ་འགྱུར་ཏེ། མཛོད་ལས། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ནི་བརྒྱུད་དག་ཡན་ཆད་ཀྱིས། །ཞེས་དང་། ལུང་ལས། སུ་དག་གིས་ཀ་ཤམྦྷི་པའི་དགེ་འདུན་ཕྱེ་བར་གྱུར། ཆོས་མ་ཡིན་པ་སྨྲ་བ་དག་གིས་མཚམས་ཀྱི་ནང་དུ་གནས་གཅིག་ཏུ་གསོ་སྦྱོང་མ་འདྲེས་པར་བྱས། ཞེས་གསུངས་པའི་ཕྱིར། ཞི་བྱེད་ལ་གཉིས་ལས། རྒྱུ་སྤང་བ་ནི། དགེ་འདུན་བྱེ་བའི་དགག་བྱ་ཡོད་པའི་ལྟུང་བ་གླེང་བ། ནན་ཏུར། བསྒོ་གྱུར། གྲངས་སུ་འཇུག་པ་སོགས་སྤང་ཞིང་། གཉེན་པོ་བསྟེན་པ་ནི། ནང་གི་གཉེན་པོ་དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་ཞིང་། ཕྱིའི་གཉེན་པོ་ལས་བྱེ་བའི་རྩོད་པ་བྱུང་ན། དགེ་འདུན་ལ་བཟོད་པ་གསོལ་ནས། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་དང་། མཐུན་པ་དང་། མཐུན་པའི་གསོ་སྦྱོང་བྱིན་ནས། དེའི་རྗེས་སུ་ཕན་ཚུན་མཉམ་དུ་མཐུན་པའི་གསོ་སྦྱོང་བྱ་བའོ། །གཉིས་པ་ནི། ཆོས་ཀྱི་འཁོར་ལོའི་མི་མཐུན་ཕྱོགས་སུ་བྱེ་བ་སྟེ། ལས་བྱེ་བ་དང་མི་འདྲ་བའི་ཁྱད་པར་ནི། འདིར་འབྱེད་པ་པོ་གཅིག་གིས་དགེ་འདུན་གཉིས་སོ་སོར་ཕྱེ་ཞིང་། དེའང་སྟོན་པ་དང་ལམ་གཞན་ལ་བཟོད་པས་ཚུལ་ཤིང་བྲིམ་ཞིང་བླངས་པ་ཡིན་ལ། ལས་བྱེ་བའི་གཞི་ནི་འབྱེད་པ་པོ་དགེ་འདུན་དུ་ལོངས་པས་དབྱེ་བྱ་དང་དབྱེ་བྱེད་ཐ་དད་དུ་ཕྱེ་བ་སྟེ། ཆོས་མིན་སྨྲ་བ་དག་གིས་མཚམས་ནང་གཅིག་ཏུ་ལས་ཐ་དད་དུ་བྱས་པ་ཙམ་དུ་ཟད་པའི་ཕྱིར། དེས་ན་དབྱེན་ལ་གཉིས་ཏེ། དགེ་འདུན་ལྷག་མར་གྱུར་པ་དང་། མཚམས་མེད་དུ་གྱུར་པའོ། །དང་པོ་ནི། སྟོན་པ་དང་མཆོག་ཟུང་གཅིག་འདས་པའི་འོག་ཏུ་ལས་དང་པོ་པ་མ་ཡིན་པའི་དགེ་སློང་གིས། བསླབ་ཚིགས་ལྔ་ལྟ་བུ་སློབ་པའི་ཆེད་དུ་ཚུལ་ཤིང་བྲིམས་པའི་ལས་བྱས་པ་སྟེ། དེའི་ཚེ་ལྡོག་བསྒོའི་མཐར་གཏད་ན་བྲིམ་པ་པོ་ལ་དབྱེན་གྱི་ལྷག་མ་དང་། ལེན་པ་པོ་ལ་དེ་རྗེས་ཕྱོགས་ཀྱི་ལྷག་མར་འགྱུར་རོ། །གཉིས་པ་ནི། མཛོད་ལས། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། །ཞེས་དང་། དང་པོ་མཐའ་སྐྱོན་ཟུང་གཅིག་གི། །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་པས་འབྱེད་པ་པོ་དགེ་སློང་ལྟ་སྤྱོད་ཚུལ་ལྡན་གྱིས། གནས་སྟོན་པའི་མདུན་ལས་གཞན་དུ། དབྱེ་བྱ་བྱིས་པའི་དགེ་འདུན། མཐར་ཐུག་སངས་རྒྱས་ལས་གཞན་པའི་སྟོན་པ་ལྷས་བྱིན་དང་། དམ་ཆོས་ལས་གཞན་པ་ལྷས་བྱིན་གྱི་བརྟུལ་ཞུགས་ལྔ་ལ་ལམ་དུ་བཟོད་ཅིང་ཚུལ་ཤིང་བླངས་པ་ན་བྱེ་བའོ། །ཕྱེ་ནས་ཞག་རངས་པར་མི་གནས་ཤིང་། གླིང་འཛམ་བུ་གླིང་ལས་གཞན་ན་མེད་ལ། དབྱེ་བྱ་ཕན་ཚུན་དགེ་སློང་བཞི་བཞི་དང་འབྱེད་པ་པོ་གཅིག་སྟེ་དགུར་ཚང་བ་དགོས་སོ། །དུས་ནི་སྟོན་པ་བཞུགས་ཤིང་མྱ་ངན་ལས་འདའ་ཁ་མ་ཡིན་པ་དང་། བསྟན་པ་ལ་སྐྱོན་བྱུང་བའི་དུས་མ་ཡིན་པ། མཆོག་ཟུང་གཅིག་བསྐོས་པའི་དུས་སུ་མཚམས་ནང་གཅིག་ཏུ་བྱུང་བའོ། །འདི་ལ་ལྟུང་བ་ནི་དབྱེན་དུ་གཏོགས་པའི་སྦོམ་པོ་དང་། སྡིག་པ་མཚམས་མེད་པའོ། །འདིའི་ཕྱིར་བཅོས་ནི་ལུང་ལས་མཆོག་ཟུང་གཅིག་གིས་འདུམས་མཛད་པར་བཤད་པ་དེའོ། །སྔ་མ་ལ་བཟོད་གསོལ་དང་མཐུན་པ་བྱིན་རྗེས་མཐུན་པའི་གསོ་སྦྱོང་དང་ཉ་ཤིའི་གསོ་སྦྱོང་ལྷན་ཅིག་ཏུ་བྱ་ཞིང་། སྤོ་མགུ་སོགས་ལྷག་མའི་ཕྱིར་བཅོས་ཆོ་ག་བཞིན་དུ་བྱ་བ་སྟེ། འདི་ལྡོག་བསྒོའི་མཐར་མ་བཏང་ཞིང་དགེ་འདུན་མ་བྱེ་བའི་དབང་དུ་བྱས་ལ། དེས་དགེ་འདུན་བྱེ་བར་གྱུར་ན་འབྱེད་པ་པོ་ལ་མཚམས་མེད་དུ་འགྱུར་རོ། །དབྱེན་གྱི་ཉེས་དམིགས་ནི། དགེ་འདུན་ཕྱེད་ནས་མ་འདུམས་ཀྱི་བར་དུ་སྟོན་པ་གཅིག་གི་ཞིང་ཁམས་སུ་ལམ་ལྔ་གང་ཡང་མི་སྐྱེའོ། །ཞེས་སོ། །གསུམ་པ་དེ་ལས་གཞན་པའི་རྩོད་པ་ལ། ཞི་བྱ་དང་། ཞི་བྱེད་གཉིས། དང་པོ་ལ། ངོ་བོ། རྒྱུ། དབྱེ་བའོ། །དང་པོ་ནི། ཕ་རོལ་པོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁོན་དུ་འཛིན་པའི་འཁྲུག་ལོང་། གཉིས་པ་ནི། ནང་གི་རྒྱུ་བདག་འཛིན་དང་ཕྱིའི་རྒྱུ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ། གདམས་ངག་སྤོང་བ། ལྟུང་བ་དང་བཅས་པ། ལས་ལ་འཐུན་པ་མི་སྦྱིན་པ་སྟེ་འཁྲུག་ལོང་གི་རྒྱུ་བཞིའོ། །གསུམ་པ་དབྱེ་བ་ལ། རྒྱུ་བཞི་པོ་དེའི་རིམ་པ་དང་མཐུན་པའི་རྩོད་པ་བཞི་ཡོད་དེ། འདུས་བྱས་རྟག་མི་རྟག་ལྟ་བུར་རྒོལ་ཕྱིར་རྒོལ་རྩོད་པ་ལྟ་བུ་འགྱེད་ཕྱིར་གྱི་རྩོད་པ་དང་། གདམས་ངག་གསོ་དགག་བཞག་པ་ལ་འཇོག་པ་པོ་དང་བཞག་བྱ་རྩོད་པ་ལྟ་བུ་མི་གདམས་པའི་ཕྱིར་གྱི་རྩོད་པ་དང་། ལྟུང་བ་གླེངས་པས་ཁས་མི་ལེན་པ་གླེང་བྱ་གླེང་བྱེད་རྩོད་པ་ལྟུང་ཕྱིར་རྩོད་པ་དང་། རྩོད་པ་དེ་གསུམ་གྱི་དབང་གིས་གསོ་སྦྱོང་སོགས་ཀྱི་ལས་ལ་མཐུན་པ་མི་སྦྱིན་པས་རྩོད་པར་གྱུར་པ་བྱ་ཕྱིར་གྱི་རྩོད་པ་དང་བཞིའོ། །གཉིས་པ་ཞི་བྱེད་ལ་གཉིས་ལས། སྤྱིར་རང་གི་ངང་གིས་ཞི་བ་ནི། རྩོད་པ་བྱེད་པ་པོ་རྣམས་ཤི་བའམ། བབས་པའམ། ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྟོབས་ཀྱིས་རྩོད་པ་རང་ཞིར་སོང་བའོ། །གཉིས་པ་སོ་སོའི་ཞི་བྱེད་ཀྱི་ཆོས་ནི། རྩ་བའི་ལུང་ལས། མངོན་སུམ་དྲན་པ་མ་སྨྱོས་དང་། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླངས་པར་ནི་བྱ་བའོ། །ཞེས་པ་ལྟར་ཞི་བྱེད་བདུན་འཇུག་སྟེ། དེ་ལ་འགྱེད་ཕྱིར་རྩོད་པ་ནི། མངོན་སུམ་དང་གང་མང་གིས་ཞི་བར་བྱེད་པའོ། །མངོན་སུམ་ནི་བརྒྱད་དེ། རྒོལ་དང་གཟུ་དང་དགེ་འདུན་གཞི་བོ་དང་། །གསལ་བ་དང་ནི་གསལ་བའི་གསལ་བ་དང་། །དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང་། །གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །དེ་དག་སྔ་མ་སྔ་མས་མ་ཞི་ན་ཕྱི་མ་ཕྱི་མས་ཞི་བར་བྱེད་པའོ། །གང་མང་ནི། མངོན་སུམ་གྱིས་ཞི་བར་མ་ནུས་ན། དགེ་འདུན་གྱིས་ཚུལ་ཤིང་བྲིམས་ཏེ་གང་མང་གི་ཕྱོགས་ལ་དག་པ་བྱིན་ནས་ཞི་བར་བྱེད་པའོ། །མི་གདམས་པའི་ཕྱིར་གྱི་རྩོད་པ་ཞི་བྱེད་ནི། གང་ཟག་དེ་ལ་ལྟུང་བ་གླེང་རྒྱུ་ཡོད་པ་ལ་སྔར་བཞིན་མངོན་སུམ་པས་ཞི་བར་བྱེད། དེའི་ཚེ་གླེང་རྒྱུ་མེད་པ་ལ་བཞི་སྟེ། གཞི་མེད་པར་གླེང་བ་དང་། གཞི་གཞན་ལ་གཞན་གྱི་གླེང་བ་དང་། ཕྱིར་བཅོས་ཟིན་གླེག་བ་དང་། སྨྱོན་པས་བྱས་པ་ལ་གླེང་བ་དང་བཞི་ལས། དང་པོ་གསུམ་ལ། གང་ཟག་འདི་ནི་དྲན་པ་དང་ལྡན་པ་ཡིན་པས་འདི་ལ་ལྟུང་བ་མེད་དོ་ཞེས་གསོལ་བཞིའི་ལས་ཀྱིས་དྲན་པས་འདུལ་བ་བྱིན་པ་དང་། བཞི་པ་ལ་འདི་མ་སྨྱོས་པའི་དུས་སུ་ཉེས་པ་མ་བྱས་པས་སྨྱོས་པ་ལ་ལྟུང་བ་མེད་དོ་ཞེས་གསོལ་བཞིའི་ལས་ཀྱིས་མ་སྨྱོས་པས་འདུལ་བ་བྱིན་ནོ། །ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ལ་གཉིས་ཀྱི། ཉེས་པ་རང་གི་ངོ་བོ་མི་ཤེས་པ་ལ་ངོ་བོ་ཉིད་འཚོལ་བ་གསོལ་བཞིས་བྱིན་ནོ། །རང་གི་ངོ་བོ་ཤེས་པ་ལའང་གཉིས་ཀྱི། གླེག་བྱ་གླེང་བྱེད་གཉིས་ཁོ་ན་ལས་གཞན་ལ་ཕྱིར་འཕྲོས་པ་མེད་པ་ཁས་བླངས་ཀྱིས་ཞིའོ། །གཞན་ལ་ཕྱིར་འཕྲོས་པ་དང་བཅས་པ་ལའང་གཉིས་ལས། གང་ཟག་ཉི་ཚེ་བ་དང་འབྲེལ་བ་ལ་མངོན་སུམ་གྱིས་འདུལ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བ་ནི་རྩྭ་བཀྲམ་པ་ལྟར་ཕན་ཙུན་འདུད་དེ་ཐམས་ཅད་བློ་རྩེ་མཐུན་པས་ཞི་བར་བྱེད་དོ། །བྱ་ཕྱིར་གྱི་རྩོད་པ་ནི། ལས་ལ་མཐུན་པ་སྦྱིན་པས་དངོས་སུ་ཞི་བར་བྱེད་ཅིང་། བརྒྱད་ནས་ཞི་བྱེད་བདུན་པོ་ཐམས་ཅད་འཇུག་པ་ཡིན་ཏེ། རྩོད་པ་སྔ་མ་གསུམ་ལ་བརྟེན་ནས་ལས་ལ་མཐུན་པ་མི་སྦྱིན་པ་འབྱུང་བའི་ཕྱིར་རོ། །གསུམ་པ་ཉེས་ལྟུང་སྦྱོང་བའི་ཐབས་སྟོབས་བཞིར་འདུ་ཚུལ་ནི། མདོར་ན་སྟོབས་བཞིར་མ་འདུས་བཤགས་པ་མེད། །སྔར་བྱས་འགྱོད་བཤགས་དུག་འཐུངས་སྐྱུག་པ་ལྟར། །འགྱོད་པ་སྙིང་ནས་རྣམ་པར་སུན་འབྱིན་སྟོབས། །དུག་ལ་སྨན་བཞིན་འཇུག་པ་དྲག་པོ་ཡིས། །ཉེས་ཕྱིར་དགེ་བའི་གཉེན་པོ་ཀུན་སྤྱོད་སྟོབས། །དུག་མི་འཐུང་ལྟར་ཕྱིས་ནས་ཉེས་སྡོམ་ལ། །ངེས་ཤེས་དྲག་པོ་རྣམ་པར་སོར་ཆུད་སྟོབས། །སྨན་པ་བསྟེན་ལྟར་སྐྱབས་སེམས་ལྟུང་བཤགས་སོགས། །དད་པ་དྲག་པོས་རྟེན་གྱི་སྟོབས་བཞི་སྤྱད། །ཅེས་པ་སྟེ། སྡིག་ལྟུང་གང་ཡིན་ཀྱང་སྦྱོང་བའི་གཉེན་པོ་མདོར་བསྡུ་ན་སྟོབས་བཞིར་མ་འདུས་པ་མེད་དེ། དཔེར་ན་སྐྱེས་བུ་དུག་བཏུངས་བས་དུག་ནད་ཀྱིས་ཉེན་པ་ཞིག །སྔར་འཐུངས་པ་ལ་འགྱོད་པ་དང་། ཕྱིས་མི་འཐུང་བའི་སྡོམ་སེམས་དང་། དུག་ནད་སྦྱོང་བའི་གཉེན་པོར་སྨན་དང་སྨན་པ་བསྟེན་པ་བཞིན་ནོ། །དེ་ལྟར་ཡང་། ཆོས་བཞི་བསྟེན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པའི་ཕྱིར། དེ་ཡང་བཤགས་པས་འདག་པའི་རྒྱུའི་གཙོ་བོ་ནི་འགྱོད་སྡོམ་གྱི་སེམས་དྲག་པོ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི། ཆད་པ་ལས་ཀྱི་ནི་མ་ཡིན་ནོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། བཤགས་པར་བྱ་བའི་ལྟུང་བ་ལས་ནི་བསྡམ་པར་བྱ་བ་དེ་དང་བཅས་པའི་བཤགས་པ་བྱས་ན་ལྡང་བ་སྟེ། དག་པ་དང་མ་དག་པ་ནི་བསམ་པའི་གཞི་ལས་བྱུང་བ་ཡིན་པས། བསྡམ་པར་བྱ་བ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །འདིར་གཞུང་ནི། ཕྱིན་ཆད་སྡོམ་མམ། སྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ཚིག་ཏུ་བརྗོད་པ་ནི་སེམས་ལྡོག་པ་སྔོན་དུ་བཏང་བས་ཡིན་གྱི། གཞན་དུ་རྫུན་སྨྲ་བ་ཁོ་ནར་འགྱུར་རོ། །ཞེས་སོ། །དེས་ན་སྔར་སྨོས་པ་ལྟར་འགྱོད་སྡོམ་དྲག་པོས་རང་རང་གི་ཆོ་གས་ལྟུང་བ་ལས་ལྡང་བའི་ཐབས་ལ་མཁས་པར་བྱ་ཞིང་། དེ་ལས་གཞན་དུ་ལྟུང་བཤགས་སོགས་ཐེག་པ་གཞན་གྱི་སྟོབས་བཞི་ཚང་བའི་བཤགས་པས་ནི་ཆོས་འདི་པའི་ལུགས་ཀྱི་རྒྱུ་ལྟུང་བ་ལས་ལྡང་མི་ནུས་ལ། དེ་ལྟ་ནའང་ལྟུང་བའི་འབྲས་བུ་ཕྱི་མའི་སྡུག་བསྔལ་བསྐྱེད་ནུས་རྣམས་འདག་ནུས་པའི་ཕྱིར་འབད་པར་བྱས་ན་དོན་དང་ལྡན་པ་ཁོ་ནའོ། །བཞི་པ་ཉེས་དམིགས་ཤེས་པས་ནན་ཏན་དུ་བསྲུང་བར་གདམས་པ་ནི། འོན་ཀྱང་སྡིག་ལྟུང་སྟོབས་ལྡན་རེས་སྤྱོད་ན། །ས་ཐོབ་ཡུན་དུ་འགོར་བས་མིག་ལྟར་བསྲུང་། །ཞེས་པ་སྟེ། དཔེར་ན་རྩ་ལྟུང་འཆབ་མེད་ལ་བསླབ་པ་སྦྱིན་ནས་ཕྱིར་བཅོས་སུ་ཡོད་མོད། འོན་ཀྱང་ཇི་སྲིད་དགྲ་བཅོམ་པ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཕམ་པའི་དངོས་གཞི་འདག་མི་ནུས་ཤིང་། དེ་འདྲ་དེས་དགྲ་བཅོམ་པ་ཐོབ་པ་ཡང་གཞན་ལས་ཆེས་དཀའ་བ་བཞིན་དུ། སྦྱང་བྱ་སྡིག་ལྟུང་སྟོབས་ལྡན་རེ་རེ་ཙམ་ལ་སྤྱད་ནས། དེའི་གཉེན་པོར་སྤྱོད་བྱེད་ལ་འབད་དུ་ཟིན་ཀྱང་རྒྱུད་ཉེས་པས་བསྒྲིབས་པ་དེས་རྣམ་གྲོལ་གྱི་ས་ཐོབ་པ་ལ་ཡུན་རིང་དུ་འགྱངས་ཏེ་འགོར་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་དང་། འདུལ་ལུང་དུ་ཚུལ་ཁྲིམས་མ་བསྲུངས་པའི་ཉེས་དམིགས་བཅུ་གསུངས་པའི་ནང་ཚན་དུ། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་པོའང་ཡོད་མིན་ཏེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པ་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ལྟུང་བ་ཕྲ་ཞིང་ཕྲ་བ་ནས་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུང་དགོས་ཏེ། ཉེས་པ་ཆུང་ངུས་ཀྱང་རྣམ་སྨིན་ཆེན་པོ་བསྐྱེད་ནུས་པའི་ཕྱིར་ཏེ། ལུང་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་པོ། །ལན་འགའ་འདས་ནའང་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་ཤིང་། མདོར་ན་ཕམ་ལྷག་སྦོམ་པོ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་ལས་འདས་ན་རིམ་པར་ཚ་བའི་དམྱལ་བ་ནས་ཡང་སོས་ཀྱི་བར་དུ་སྐྱེ་བར་མདོ་ལས་བཤད་དོ། །བདུན་པ་བསྲུངས་པའི་ཕན་ཡོན་ལ་གསུམ་སྟེ། ཚུལ་ཁྲིམས་ཙམ་གྱི་ཕན་ཡོན། སོ་ཐར་གྱི་སྡོམ་པའི་ཕན་ཡོན། དེ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བའི་ཕན་ཡོན་ནོ། །དང་པོ་ནི། ཕན་ཡོན་ནད་དང་རྒྱལ་པོའི་ཆད་ཕྱིར་བླངས། །རྐྱེན་འགའ་སེལ་ཀྱང་འཇིགས་སྐྱོབས་ཚུལ་ཁྲིམས་ཡིན། །ཕྱི་མའི་ཆེད་བླངས་ལེགས་སྨོན་ཚུལ་ཁྲིམས་ཞེས། །ལྷ་མིའི་བདེ་འབྲས་ཐོབ་ཀྱང་ཐར་པ་མིན། །ཞེས་པ་སྟེ། ཚེ་འདིར་ནད་དང་རྒྱལ་པོའི་ཆད་པ་སོགས་ལས་ཐར་པའི་ཕྱིར་བླངས་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་ཐོབ་པའི་ཕྱིར་བླངས་པ་ནི་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་དང་དེས་རང་རང་གི་འདོད་འབྲས་ཚེ་འདིའི་འགལ་རྐྱེན་སེལ་བ་དང་ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་ཐོབ་པར་འགྱུར་ཡང་། ངེས་འབྱུང་གི་བསམ་པས་མ་ཟིན་པས་འཁོར་བ་ལས་ཐར་པའི་ཐབས་མ་ཡིན་ནོ། །གཉིས་པ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡོམ་ལྡན་ན། །དགྲ་བཅོམ་ཐོབ་པ་དགའ་བོའི་རྣམ་ཐར་བཞིན། །ཞེས་པ་སྟེ། འཁོར་བ་ལས་ངེས་པར་འབྱུང་བ་མྱང་འདས་གསུམ་གང་རུང་གི་བསམ་པས་ཟིན་པའི་སྒོ་ནས་ལེགས་པར་བླངས་པའི་ཚུལ་ཁྲིམས་རིགས་བརྒྱད་པོ་གང་ཡིན་ཀྱང་སོ་ཐར་གྱི་སྡོམ་པ་སྟེ། འཁོར་བ་ལས་ངེས་པར་ཐར་བར་བྱེད་པའི་སྡོམ་པ་ཡིན་པའི་ཕྱིར། སྡོམ་པ་དེ་དང་ལྡན་ན་བསླབ་བྱ་ཕྲ་མོ་གཅིག་ལ་བསླབས་པ་ཡན་ཆད་མྱང་འདས་ཀྱི་རྒྱུར་འགྲོ་བས་ཚེགས་མེད་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། དཔེར་ན་གཅུང་དགའ་བོས་དང་པོར་སྟོན་པའི་བཀས་དབང་མེད་དུ་སྡོམ་པ་བླངས། དེ་རྗེས་སྟོན་པའི་རྫུ་འཕྲུལ་གྱིས་ཁྲིད་དེ་ལྷའི་བུ་མོ་བསྟན་པས་ཕྱི་མ་དེ་དང་ལྷན་ཅིག་སྐྱེ་བར་འདོད་ནས་བསླབ་པ་ལ་བརྩོན་པས་སྔར་གྱི་སྡོམ་རྒྱུན་དེ་ལེགས་སྨོན་གྱི་ཚུལ་ཁྲིམས་སུ་གྱུར། དེའི་འོག་ཏུ་དམྱལ་བའི་སྡུག་བསྔལ་བསྟན་པས་ངེས་འབྱུང་སྐྱེས་ཏེ། དེ་ཕྱིན་ཆད་སོ་ཐར་གྱི་སྡོམ་པར་གྱུར་ནས་ལེགས་པར་བསླབས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་བཞིན་ནོ། །དེར་མ་ཟད་གནས་སྐབས་ཀྱི་ཕན་ཡོན་ཀྱང་། ཚངས་པ་མཚུངས་པར་བཅས་པ་མཁས་པ་རྣམས་ཀྱིས་བསྔགས་པར་འོས་པ་དང་། འཕགས་ནོར་བདུན་གྱིས་ཕྱུག་པ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱས་ནས། སྐྱེ་བ་ཕྱི་མར་ཕམ་པ་བསྲུངས་པས་གཞན་འཕྲུལ་དབང་བྱེད། དགེ་འདུན་ལྷག་མས་འཕྲུལ་དགའ། སྦོམ་པོས་དགའ་ལྡན། ལྟུང་བྱེད་ཀྱིས་འཐབ་བྲལ། སོར་བཤགས་དང་ཉེས་བྱས་རྣམས་བསྲུངས་པས་རི་རབ་ལ་གནས་པའི་ལྷའི་གནས་སུ་སྐྱེ་བར་འགྱུར་ཞིང་། མཐར་ཐུག་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་འགྲུབ་ཅིང་། དེ་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བ་བདག་ཏུ་འཛིན་པ་བཅད་ནས་ངེས་པར་འབྱུང་བ་ལྷག་མེད་ཀྱི་མྱང་འདས་ཐོབ་པར་འགྱུར་ཏེ། ས་གའི་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང། །བསྡམས་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཞེས་དང་། སྨན་གཞི་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན། ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་འཛིན་གོམས་པར་བྱས་ན། ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སོ། །གསུམ་པ་ནི། སྐྱབས་གསུམ་འཛིན་སོགས་ཡོན་ཏན་ཕྱི་མ་མཆོག །སྔ་མ་ཕྱི་མའི་ཐུན་མོང་ལམ་ཡིན་ཕྱིར། །སེམས་བསྐྱེད་སྔགས་ཀྱི་གདུལ་བྱའང་དེ་དང་མཚུངས། དེ་ཕྱིར་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན། །ཞེ་པ་སྟེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་འགྲོ་བ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་གསུངས་པ་ལྟར་གྱི་སྐྱབས་གསུམ་འཛིན་པའི་ཕན་ཡོན་དེས་ཡོངས་རྫོགས་དགེ་བསྙེན་དང་། དེས་དགེ་ཚུལ་དང་། དེས་དགེ་སློང་གི་སྡོམ་པའི་ཕན་ཡོན་གྱི་བརྒྱའམ་སྟོང་ལ་སོགས་པའི་ཆར་ཡང་མི་འགྲོ་བས་ཕྱི་མ་ཕྱི་མ་མཆོག་ཏུ་གྲུབ་ཅིང་། སྔ་མ་སྔ་མ་ཕྱི་མ་ཕྱི་མའི་ལམ་སྟེགས་ཡིན་པས་ཐུན་མོང་གི་ལམ་དུ་རིམ་པར་འགྲོ་བའི་ཕྱིར། སོ་ཐར་གྱི་སྡོམ་པ་དེ་དག་ཀྱང་བྱང་སེམས་དང་སྔགས་སྡོམ་གྱི་རྟེན་དུའང་འགྲོ་བར་མཚུངས་ཤིང་། རྒྱུ་མཚན་དེའི་ཕྱིར་ན་ངེས་འབྱུང་གི་ཚུལ་ཁྲིམས་ནི་ཐེག་པ་ཀུན་གྱི་ལུང་རྟོགས་ཀྱི་ཡོན་ཏན་བསྐྱེད་པའི་གཞི་དང་། སྐྱེས་པ་གོང་དུ་འཕེལ་བར་བྱེད་པའི་གཞི་རྟེན་དུ་འགྱུར་བ་ཡིན་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །མདོར་ན་སྔོན་བསྟན་པ་དར་བའི་དུས་སུ་ལོ་དཔག་ཏུ་མེད་པར་བསླབ་གཞི་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལས། ད་ལྟ་བསྟན་པ་ནུབ་པ་ལ་ཉེ་བ་འདི་ལྟ་བུའི་དུས་སུ་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་གཅིག་ཙམ་ཞིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ། །དང་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མཐར་ཕྱིན་ནས་ལེའུའི་སྐབས་བསྡུ་བ་ནི། འདུལ་བ་སོ་ཐར་གྱི་རིམ་པར་ཕྱེ་བ་སྟེ་གཉིས་པའོ། །ཞེས་པ་སྟེ། བསྟ ན་བཅོས་འདི་ལ་ལེའུ་ལྔ་ལས། ཉན་ཐོས་ཀྱི་འདུལ་བ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན་སོ་ཐར་གྱི་རིམ་པར་ཕྱེ་བ་སྟེ་ལེའུ་གཉིས་པའི་འགྲེལ་པའོ། །འདིར་སྨྲས་པ། ཚོགས་མཆོག་འདུས་པའི་གངས་རི་ལ་གནས་ཤིང་། །འཇིགས་མེད་བླང་དོར་སྟོན་པའི་གདོང་ལྔ་ཅན། །ཆོས་འདུལ་སེང་གེའི་སྐུར་སྟོན་སྟོན་པ་ཆེ། །ལུང་རིག་རྗེས་འགྲོའི་ལེགས་བཤད་འདིས་མཆོད་དོ། །མཁས་པའི་ངག་བགྲོས་བདུད་རྩི་དད་བརྩོན་གྱིས། །འཐུངས་ལས་ཤེས་རབ་དབང་པོ་རབ་རྒྱས་པས། །སྐྱེ་བར་ཚུལ་གནས་དམ་ཆོས་ལེགས་བཟུང་སྟེ། །འགྲོ་ལ་ཅི་དགར་སྟེར་བའི་དཔལ་ཐོབ་ཤོག ༈ །ན་མསྶརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ སྲས་བཅས་ཕྱོགས་བཅུའི་རྒྱལ་བ་མ་ལུས་ཀུན། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་སེམས་ལས་འཁྲུངས། །དེ་ཕྱིར་བྱང་ཆུབ་སེམས་དང་དེ་སྟོན་པའི། །ལམ་མཁན་དགེ་བའི་བཤེས་ལ་ཕྱག་བགྱིའོ། །རྟག་ཆད་མཐར་འཛིན་གཅོང་རོང་མ་འགྲིམས་པར། །ལུང་རིགས་དབུ་མའི་འཇུག་ངོགས་བདེ་བ་ལས། །ལེགས་བཤད་ལྷུང་ལྷུང་འབབ་པ་བདུད་རྩིའི་རྒྱུན། །སྐལ་བཟང་འཆི་བ་མེད་པའི་དགའ་སྟོན་བྱ། ༈ །གཉིས་པ་བྱང་སེམས་ཀྱི་སྡོམ་པ་བཤད་པ་ལ་གསུམ་སྟེ། སྟོན་པས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཇི་ལྟར་གསུངས་ཚུལ། དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ། དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་ནི། བསྐལ་བཟང་འགྲོ་བའི་འདྲེན་པ་ཐུབ་ཆེན་དེས། །བྱ་རྒོད་ཕུང་སོགས་ཐེག་ཆེན་རིགས་ཅན་ལ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཡས་གསུངས། །ཞེས་པ་སྟེ། སྟོན་པ་འདི་སྔོན་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔ་རོལ་ཏུ་སངས་རྒྱས་སུ་ཟིན་ཀྱང་། བསྐལ་པ་བཟང་པོ་འདི་ལ་ཞིང་འདིར་འགྲོ་བ་རྣམས་སྡུག་བསྔལ་ལས་འདྲེན་པའི་ཆེད་དུ། སླར་ཡང་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པའི་ཚུལ་བསྟན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ཞེས་པ་ནས། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པའི་བར་གསུངས་པའི་ཕྱིར། དེ་ལྟར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གདུལ་བྱའི་བློ་ལ་ལྟོས་ཏེ་དུས་རིམ་གྱིས་སམ་གཅིག་ཅར་དུ་སྣང་བར་མཛད་དེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་ཅན་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུམ་གི་ཆེ་བ་དེ་ཉིད་དོ། །ཞེས་སོ། །ཁྱད་པར་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཇི་ལྟར་གསུངས་པའི་ཚུལ་ནི། སྟོན་པ་ཐུབ་པ་ཆེན་པོས། འཁོར་སྤྱིར་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ། བྱེ་བྲག་འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་སོགས་ཐུན་མོང་པའི་འཁོར་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། གནས་བྱ་རྒོད་ཕུང་རིར་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། མདོ་སྡེའི་འདུལ་བ་བྱང་སེམས་ཀྱི་སྡོམ་པའི་མཚམས་རྣམ་པར་བཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དང་། མདོ་སྡེའི་མངོན་པ་ས་ལམ་དང་གཟུགས་ཏིང་གི་རབ་དབྱེ་ཇི་སྙེད་པ་རྣམས་སྟོན་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་དང་། ཡང་གནས་གཅིག་ཏུ་མ་ངེས་པར་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་ནང་ཚན་གྱི་སྡེ་སྣོད་གསུམ་སྟེ། ཚེགས་ཆུང་ཞིང་ཐབས་སླ་བས་ཉོན་མོངས་པ་འདུལ་བའི་ཐབས་སྟོན་པ་མངོན་པའི་འདུལ་བ་དང་། དེ་ཁོ་ན་ཉིད་ཟབ་མོའི་དོན་ལ་འཇུག་པའི་ཚུལ་སྟོན་པ་མངོན་པའི་མདོ་སྡེ་དང་། རྒྱ་ཆེ་བ་ཕུང་ཁམས་སྐྱེ་མཆེད་སོགས་དང་ཁྱད་པར་དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་གཏན་ལ་འབེབས་པ་མངོན་པའི་མངོན་པ་སྟེ། བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས་སྟོན་པ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ། དེ་ཡང་འཁོར་ལོ་གསུམ་གྱི་དང་པོར་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་བསྟན་པས་དྲང་དོན་ཡིན་པར་ཐམས་ཅད་མཐུན་ལ། བར་ཐ་གཉིས་དྲང་ངེས་གང་ཡིན་ལ་བཞེད་པ་མི་མཐུན་པ་མང་ཡང་། བར་པ་ངེས་དོན་དང་ཕྱི་མ་དྲང་དོན་དུ་གསལ་བར་སྟོན་པའི་མདོ་སྡེའི་ལུང་མེད་ཅིང་། ནད་པའི་སྨན་དང་ཡི་གེ་སློབ་པའི་དཔེའི་དགོངས་དོན་དང་ཡང་འགལ་བས། རང་ལུགས་ནི་བར་པ་དྲང་ངེས་ཕྱེད་མའམ་གནས་སྐབས་པའི་ངེས་དོན་དང་། ཐ་མ་ཉིད་ངེས་དོན་དུ་འདོད་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་དང་། མྱང་འདས་ཆེན་པོ་དང་། སོར་ཕྲེང་གི་མདོ་སོགས་ལས་གསལ་བར་བཤད་པའི་ཕྱིར། དེ་ལྟར་ཡང་དགོངས་པ་ངེས་འགྲེལ་དུ། འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ། །ཞེས་འཁོར་ལོ་དང་པོ་གཉིས་ཀྱི་སྐབས་སུ་གསུངས་ཤིང་། ཐ་མའི་སྐབས་སུ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་དང་། མྱང་འདས་དང་གཟུགས་དབང་གིས་ཞུས་མདོར། འོ་མའི་སྨན་གྱི་དཔེ་དང་ནོར་བུ་སྦྱོང་བའི་དཔེ་སོགས་ཀྱིས་གང་ཟག་བཀྲི་ཚུལ་གྱི་རིམ་པ་དང་སྦྱར་ནས་གསུངས་པའི་ཕྱིར་རོ། ༈ །གཉིས་པ་ནི། འཇམ་དབྱངས་བཀའ་བསྡུས་ཀླུ་སྒྲུབ་སོགས་ཀྱིས་བཀྲལ། །ཞི་བ་ལྷས་སྤེལ་ཟབ་མོ་ལྟ་བའི་ལུགས། །བྱམས་པས་བཀའ་བསྡུས་ཐོགས་མེད་སྐུ་མཆེད་བཀྲལ། །ཇོ་བོ་རྗེས་སྤེལ་རྒྱ་ཆེན་སྤྱོད་པའི་སྲོལ། །པདྨའི་རིང་ལུགས་ནཱ་གརྫུ་ན་མཐུན། །ཞེས་པ་སྟེ། སྤྱིར་བཀའ་བསྡུ་ལ་ཐུན་མོང་པ་ནི། བཀའ་བསྡུ་རིམ་པ་གསུམ་སྔར་བཤད་པ་ལྟར་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། རྟོག་གེ་འབར་བ་ལས། ཐ ེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་པ་ལྟར་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སཾ་བྷ་བའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། བྱམས་པ་འཇམ་དབྱངས་གསང་བདག་གསུམ་གྱིས་སྡེ་སྣོད་གསུམ་བསྡུས་པར་བཤད་དོ། །འདིར་ཁྱད་པར་བ་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཀྱི་དབང་དུ་བྱས་ན། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས། ཟབ་མོ་ལྟ་བའི་ཕྱོགས་རྣམས་རྗེ་བཙུན་འཇམ་དབྱངས་དང་། རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་རྒྱལ་ཚབ་བྱམས་པ་མགོན་པོས་བཀའ་བསྡུས་ཏེ། དེ་དང་དེས་རྗེས་སུ་བཟུང་བའི་ཐེག་པ་ཆེན་པོའི་སློབ་དཔོན་ནི་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ཡིན་ཅིང་། དེ་གཉིས་ཀའང་དབུ་མ་ཆེན་པོ་ངེས་དོན་འཆད་པ་ལ་འཁྲུལ་མེད་ཉིད་དུ་རྒྱལ་བས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བསྒྲུབས་ནས། །ཞེས་དང་། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་གསུངས་སོ། །གང་དག་བྱམས་མགོན་གྱིས་གཞན་སྟོང་གི་སྲོལ་ཕྱེ་བ་བཞིན་དུ་འཇམ་དབྱངས་ཀྱིས་རང་སྟོང་སྲོལ་འབྱེད་ཀྱི་བསྟན་བཅོས་མཛད་དོ་ཞེས་སྨྲ་བ་ནི་མི་འཐད་དེ། དེས་རང་སྟོང་སྟོན་བྱེད་ཀྱི་བསྟན་བཅོས་མཛད་པ་མི་སྣང་ཞིང་། འཇམ་དཔལ་ཞལ་ལུང་དང་ལྟ་འདོད་མདོར་བསྟན་ལས་ནི་གཞན་སྟོང་གི་ཚུལ་གསལ་བའི་ཕྱིར་རོ། །དེས་ན་ཤིང་རྟའི་སྲོལ་འབྱེད་པ་པོ་ནི། བྱམས་མགོན་དང་སློབ་དཔོན་ཀླུ་སྒྲུབ་གཉིས་ཏེ། དགོངས་འགྲེལ་མཛད་པ་པོ་གཞན་དག་འདི་གཉིས་ཀྱི་བསྟན་བཅོས་ལ་བརྟེན་ནས་འཇུག་པའི་ཕྱིར། དེ་ཡང་ཀླུ་སྒྲུབ་ཞབས་ཀྱིས་འཁོར་ལོ་བར་བའི་དགོངས་འགྲེལ་དུ་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་འབེབས་བྱེད་དབུ་མ་རིགས་ཚོགས་དང་། འཁོར་ལོ་ཐ་མའི་དགོངས་འགྲེལ་གཞན་སྟོང་དུ་གཏན་ལ་འབེབས་བྱེད་བསྟོད་ཚོགས་སོགས་ཀྱིས་བཀའི་དགོངས་པ་ལེགས་པར་བཀྲལ་ཞིང་། དེ་དང་དེའི་སྲོལ་འཛིན་རིམ་བཞིན་ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་རང་གི་སློབ་དཔོན་རྣམས་དང་། འཇིགས་མེད་ཆོས་སྐྱོང་ཞབས་ཡིན་ལ། སེམས་བསྐྱེད་ཀྱི་ཕྱག་བཞེས་ནི་ཞི་བ་ལྷ་དང་ཛེ་ཏཱ་རི་སོགས་ཀྱིས་རྒྱ་ཆེར་སྤེལ་ལོ། །ཡང་སྲོལ་འབྱེད་གཉིས་པ་ནི། རྒྱལ་ཚབ་མི་ཕམ་མགོན་གྱིས་གཞན་སྟོང་དུ་གཏན་ལ་འབེབས་པའི་བསྟན་བཅོས་བྱམས་ཆོས་སྡེ་ལྔ་མཛད་དེ་འཕགས་པ་ཐོགས་མེད་ལ་བསྟན་པ། སྐུ་མཆེད་གཉིས་ཀྱིས་ལེགས་པར་བཀྲལ་བའི་སྲོལ་དེ་ཉིད་ཕྱོགས་གླང་ཆོས་གྲགས་དང་ཙནྡྲ་གོ་མི་ལ་སོགས་པས་བཟུང་ཞིང་། སེམས་བསྐྱེད་ཀྱི་ཕྱག་བཞེས་དེ་བོད་ཡུལ་འདིར་ཇོ་བོ་ཨ་ཏི་ཤས་སྤེལ་བར་མཛད་དོ། །རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་ནི་ཀླུ་སྒྲུབ་དང་ཐོགས་མེད་རྣམ་གཉིས་གྲུབ་མཐའ་གཅིག་པར་བཀྲལ་ཏེ། དེས་མཛད་པའི་དབུ་མ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་འབྱུང་ཞིང་། ཞི་བ་འཚོ་ལ་སོགས་པ་རྣམས་ཀྱང་འདི་དང་དགོངས་པ་ཕྱོགས་མཐུན་པར་སྣང་ངོ་། །དེ་ལྟར་ལུགས་སྲོལ་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལ། མཁས་མཆོག་སྔ་མ་རྣམས་དབུ་སེམས་ཀྱི་ལུགས་སོ་སོར་བཞེད་ཅིང་། དེ་གཉིས་ལྟ་བ་ཐ་དད་པའི་བྱེ་བྲག་གིས་སྡོམ་པ་ལེན་པའི་སྣོད་ལ་རྒྱ་ཆེ་ཆུང་གི་རྣམ་གཞག་སོགས་ཁྱད་པར་དུ་མ་ཡོད་པར་གསུངས་ཏེ། རབ་དབྱེ་ལས། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། །དབུ་མ་སེམས་ཙམ་རྣམ་པ་གཉིས། །དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འདིར་ཐོགས་མེད་སྐུ་མཆེད་དབུ་མ་པར་བཤད་ནས། དེའི་ཕྱག་ལེན་བྱང་སར་གསུངས་པའི་སེམས་བསྐྱེད་ཀྱི་ཆོ་ག་སེམས་ཙམ་པའི་ལུགས་སུ་འདོད་པ་མི་འགལ་ལམ་སྙམ་ན། དབུ་མ་པའི་གང་ཟག་གིས་གྲུབ་མཐའ་འོག་མའི་ཆོ་གས་གདུལ་བྱ་རྗེས་སུ་འཛིན་པའི་ཕྱག་བཞེས་མཛད་པ་ལ་འགལ་བ་མེད་དེ། ཅིའི་ཕྱིར་ན། ཐེག་ཆེན་གྱི་གང་ཟག་གིས་ཉན་ཐོས་དང་ཐུན་མོང་པའི་ཆོ་གས་དགེ་སློང་གི་སྡོམ་པ་འབོགས་པ་དང་། གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་པས་བྱ་སྤྱོད་ཀྱི་ཆོ་གའི་སྒོ་ནས་གཞན་རྗེས་སུ་འཛིན་པ་ཡོད་པའི་ཕྱིར་དང་། གཞན་དུ་ན་སྟོན་པ་དང་རྒྱལ་ཚབ་བྱམས་མགོན་ཀྱང་སེམས་ཙམ་པར་ཐལ་བ་བཟློག་ཏུ་མེད་དོ། །འོན་ཀྱང་འདིར་ནི་དེ་འདྲའི་འགལ་སྤོང་སྨྲ་མི་དགོས་ཏེ། གཞུང་འདིར་སྲོལ་གཉིས་ཀྱི་སེམས་བསྐྱེད་ལ་དབུ་སེམས་ཀྱི་ཐ་སྙད་མ་མཛད་པའི་རྒྱུ་མཚན་གྱིས་སོ། །དེ་ཡང་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་བའི་བྱང་སྡོམ་ཐོབ་ཚུལ་དང་། དེའི་བསླབ་བྱའི་རྐང་གྲངས་ཀྱང་ཕལ་ཆེར་ཀླུ་སྒྲུབ་ཀྱི་ལུགས་དང་མཐུན་པར་འབྱུང་བའི་གནད་ཀྱིས་རང་ཅག་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་རྗེས་སུ་འཇུག་པ་སྔ་འགྱུར་གྱི་རིང་ལུགས་པ་རྣམས་ཀྱི་སེམས་བསྐྱེད་ཀྱི་ཆོ་གའི་ཕྱག་བཞེས་ཀྱང་ནཱ་གརྫུ་ན་དང་མཐུན་པར་སྣང་མོད། འོན་ཀྱང་ལྟ་བ་ནི་དེར་མ་ངེས་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང་མི་འགལ་ཡང་གཙོ་བོར་ཐོགས་མེད་སྐུ་མཆེད་ཀྱིས་ཇི་ལྟར་བཀྲལ་བ་དང་མཐུན་ཏེ། རྣམ་གྲངས་མ་ཡིན་པའི་དོན་དམ་མེད་དགག་ལ་མི་བྱེད་པར་མ་ཡིན་དགག་གི་སྟོང་ཉིད་ལ་བྱེད་པའི་ཕྱིར་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཞེད་པའི་ཕྱིར་རོ། །འདིར་རང་གི་སྐལ་བས་ཇི་ལྟར་ཐོབ་པའི་སེམས་བསྐྱེད་ཀྱི་སྡོམ་རྒྱུན་ཀུན་མཁྱེན་ཆེན་པོ་ལས་བརྒྱུད་པ་ལ་གསུམ་སྟེ། དང་པོ་སྟོན་པ་སངས་རྒྱས། རྒྱལ་སྲས་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་སཱ་ལ་ཆེ་ཆུང་། བལ་ཡུལ་གྱི་སྠཾ་བི་ཧཱ་རར་བཞུགས་པའི་ཇོ་བོ་ཐང་པ་ཛ་སྟེ་མཚན་དངོས་ཛྙཱ་ན་ཨཱ་ཀཱ་ར། བྱང་སེམས་ཟླ་རྒྱལ། གྲོལ་ལུང་པ། སྤྱི་བོ་ལྷས་པ། རྨ་ཤཱཀྱ་སེང་གེ། འཆིམས་ནམ་མཁའ་གྲགས། སྨོན་ལམ་ཚུལ་ཁྲིམས། བྱང་ཆུབ་གྲུབ། གཞོན་ནུ་རྡོ་རྗེ། དེས་ཀུན་མཁྱེན་དྲི་མེད་འོད་ཟེར་ལའོ། །འདིར་ཇོ་བོ་ཐང་པ་ཛ་ལ་ཡིག་སྐྱོན་གྱིས། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷ་ཡཱ་ཀ་ར་ཞེས་བླ་མ་གསུམ་དུ་འཁྲུལ་པ་དང་། འཆིམས་ཀྱི་ཡིག་རྙིང་ལས། གྲོ་ལུང་པའི་ཚབ་ཏུ་དགེ་བཤེས་རྗེ་ལུང་པ། ཞེས་དང་། དེ་དང་སྤྱི་བོ་ལྷས་པའི་བར་དུ་དགེ་བཤེས་གྲགས་པ་ཞེས་སྣང་བས་དཔྱད་པར་བྱ་ཞིང་། འགའ་ཞིག་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་གསུང་ཡང་ཐེག་ཆེན་གྱི་སྐབས་འདིར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའང་མི་འགལ་བར་མ་ཟད། ཇོ་བོའི་བདེན་གཉིས་ལས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་པས་ཟིན་པ་འཐད་དོ། །གཉིས་པ་ཐུབ་དབང་། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། ཡོན་ཏན་བཤེས་གཉེན། རིན་ཆེན་རི་བོ། ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ། རྔོག་ལོ་ཆེན་པོ། འདྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་གཞོན་བརྩོན། དཀར་ཆུང་རིང་མོ་བ། ཞང་གཡེ་བ། གཉལ་ཞིག །རྒྱ་འཆིང་རུ་བ། ཆུ་མིག་པ་སེང་གེ་དཔལ། ལྷོ་བྲག་པ། དེས་བཙན་དགོན་པ་བ་དང་དབེན་དགེ་བ། གཉིས་ཀས་བླ་བྲང་པ་དང་ཆོས་གྲགས་གཉིས་པ། དེ་གཉིས་ཀ་ལ་ཀུན་མཁྱེན་ཆེན་པོས་གསན་ནོ། །གསུམ་པ་འཇམ་དཔལ། ཀླུ་སྒྲུབ། ཞི་བ་ལྷའམ། ཉེ་བརྒྱུད་འཇམ་དཔལ་ནས་ཞི་བ་ལྷ། ཨེ་ལ་དྷ་རི། མ་ཧཱ་ཤྲཱི་རཏྣ། བྷ་བ་བཛྲ། གསེར་གླིང་པ། ཇོ་བོ་དཱི་པཾ་ཀཱ་ར། སུ་མ་ཏི། རྔོག་ལོ། ཞང་ཚེ་སྤོང་། ཕྱྭ་བ་ཆོས་སེང་། དན་བག་པ་སྨྲ་སེང་། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀ་སེང་། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། དེས་ཀུན་མཁྱེན་ཆེན་པོའོ། །དེ་ལྟར་བརྒྱུད་ཚུལ་གསུམ་ཀ་ཀུན་མཁྱེན་ཆོས་རྗེ་ནས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། ཀུན་དགའ་རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ། དེ་ལ་བདག་གིས་སྲོལ་གཉིས་ཀྱི་སེམས་བསྐྱེད་ལན་མང་དུ་ནོད་ཅིང་། བརྒྱུད་པ་དེ་དང་མཐུན་པའི་མན་ངག་གཞུང་བཤད་དང་བཅས་པ་ཡོངས་རྫོགས་དང་། བརྒྱུད་པ་གཞན་ལས་བྱུང་བའི་བློ་སྦྱོང་གི་གདམས་པ་སོགས་ཀྱང་ལེགས་པར་ཐོབ་བོ། །སེམས་བསྐྱེད་ཀྱི་བརྒྱུད་པའི་ཁྱད་པར་གཞན་ཡང་སྣ་ཚོགས་རང་གྲོལ་གྱིས་ཀླུ་སྒྲུབ་ལུགས་ཛེ་ཏཱ་རི་ནས་ས་ལུགས་ལ་བརྒྱུད་པ་དང་། ཨཱརྱ་དེ་བ་ནས་པཎ་ཆེན་ནགས་རིན་ལ་བརྒྱུད་པ། ཐོགས་མེད་ལུགས་ཇོ་བོ་རྗེ་ནས་བརྒྱུད་པ་རྣམས་ཤ་མི་དཔལ་འབྱོར་བཟང་པོ་ལ་གསན་པ་དང་། ཡང་རྗེ་བླ་མས་སྲོལ་གཉིས་ཇོ་བོ་ཨ་ཏི་ཤའི་ལུགས་ཤ་ར་བ་ནས་དུས་མཁྱེན་ལ་བརྒྱུད་པ་ཡ བ་རྗེ་དང་། རྒྱ་ལྕགས་རི་བ་ནས་དྭགས་པོ་ཟླ་འོད་གཞོན་ནུ་ལ་བརྒྱུད་པ་བཟང་པོའི་མཚན་ཅན་ལ་དང་། ཐོགས་མེད་ལུགས་ཤ་ར་བ་ནས་སྣར་ཐང་པ་ལ་རྒྱུད་པ་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ལ་གསན་པ་རྣམས་སོ། །གཞན་ཡང་བདག་གིས་ཛེ་ཏཱ་རི་ནས་བརྒྱུད་པ་ས་པཎ་གྱི་སེམས་བསྐྱེད་ཆེན་མོ་དང་ཤངས་ལུགས་དབང་གི་སྔོན་འགྲོའི་ཡི་གེ་ལས་ཆོས་སྐྱོང་རྒྱལ་མཚན་ལ་ཞུས་ཤིང་། ཇོ་བོ་ཨ་ཏི་ཤའི་སྐྱེས་བུ་གསུམ་གྱི་ལམ་རིམ་ལྟར་སེམས་བསྐྱེད་གདམས་ངག་དང་བཅས་པ་རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས། བརྒྱུད་དེ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོ་ལས་ཐོབ་པ་ཡིན་ནོ། །ཞར་བྱུང་ཕར་ཕྱིན་གྱི་བཤད་པའི་བརྒྱུད་པ་ནི། བྱམས་པ་ནས་ལྷོ་བྲག་པའི་བར་སྔར་ལྟར་ལས། དེ་ནས་བསོད་ནམས་མགོན། བུ་སྟོན་རིན་ཆེན་གྲུབ། རིན་ཆེན་རྣམ་རྒྱལ། གཡག་རོང་རྣམ་གཉིས། དམར་ཁམ་པ། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། དེ་ལས་གཞུང་བརྒྱ་པ་ནས་སངས་རྒྱས་ཡར་འཕེལ་གྱི་བར་སྟོད་བརྒྱུད་དང་། ནོར་བུ་ཕུན་ཚོགས་ནས་བཀྲ་ཤིས་རྒྱལ་མཚན་བར་སྨད་བརྒྱུད་དེ། དེ་གཉིས་ལ་ལུང་རིག་སྨྲ་བའི་བཤེས་གཉེན་སངས་རྒྱས་ཆོས་དར་གྱིས་གསན། དེ་ལ་བདག་གིས་ཐོབ་བོ། །སྔ་འགྱུར་གྱི་བརྒྱུད་ལུགས་ལྟར་ན། །ཛི་ན་མི་ཏྲ་ལ་ཀ་ཅོག་ཞང་གསུམ་གྱིས་གསན། དེ་ནས་སྦས་རྒྱལ་བ་ཡེ་ཤེས། གྲུམ་རྒྱལ་བའི་ཡེ་ཤེས། གྲུམ་མཆོག་གི་ཡེ་ཤེས། གྲུམ་གྱི་མཁན་བུ་སེ་བཙུན་དབང་ཕྱུག་གཞོན་ནུ། དེ་ལ་འདྲེ་ཤེས་རབ་འབར་གྱིས་གསན་པ་སྟེ། དེབ་སྔོན་ལས། ཁོང་གི་བཤད་པ་དེ་ནི་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་ཤིང་། འདྲེ་ཆེན་པོས་ཕྱིས་རྔོག་ལོ་ལའང་མཁས་ཉན་མཛད་པས་དེ་མན་ཆད་བརྒྱུད་པ་གཅིག་ཏུ་འདྲེས་པ་ཡིན་ནོ། །གཞན་ཡང་གུང་ཐང་པཎ་ཆེན་ལ་དབུ་མའི་བཤད་པ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་ཙམ་ཞིག་དང་། གྲུབ་པ་རྡོ་རྗེ་ལ་བཀའ་བར་ཐའི་མདོའི་ལུང་མང་པོ་དང་། བྱམས་ཆོས་ལྔ། སྤྱོད་འཇུག །རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་ལ་བཤེས་སྤྲིང་། སངས་རྒྱས་ཆོས་དར་ལ་དབུ་མ་རྩ་འཇུག་བཞི་གསུམ། འགྲེལ་ཆུང་དོན་གསལ། ཐུབ་པ་དགོངས་གསལ། ལུང་རིག་རྒྱ་མཚོ། ཀུན་དགའ་དར་རྒྱས་ལ་དབུ་མའི་བསྟོད་ཚོགས་སྐོར། སྡོམ་པ་ཉི་ཤུ་པ། ལམ་སྒྲོན་སོགས་ཇོ་བོའི་ཆོས་ཆུང་རྣམས་ཀྱང་ལེགས་པར་ཐོས་སོ། ༈ །གསུམ་པ་དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པ་ལ་བདུན་ཏེ། ཐོབ་བྱའི་ངོ་བོ། དེའི་དབྱེ་ན། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། སྐྱེ་བའི་རྟེན། ཉམས་པ་གསོ་ཚུལ། བསྲུངས་པའི་ཕན་ཡོན་ནོ། །དང་པོ་ནི། ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་རླན་ཅིང་། །གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་པས། །སྒོ་གསུམ་ཉེས་པ་སྤོང་བའི་སེམས་པའོ། །ཞེས་པ་སྟེ། དེ་ལ་སེམས་བསྐྱེད་སྤྱིའི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་གི་སྒྲུབ་པ་ཁྱད་པར་ཅན་གྱི་མཁྱེན་པའོ། །འདི་ལ་ཆེད་དུ་བྱ་བ་གཞན་དོན་ཡིན་པར་འདྲ་ཡང་། དམིགས་ཡུལ་རྫོགས་བྱང་ལ་ཆོས་ཉིད་དང་ཆོས་ཅན་གྱི་ཁྱད་པར་ལས། དོན་དམ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་གཉིས་སོ། །འོ་ན་སངས་རྒྱས་སའི་སྒྲིབ་པ་དག་པའི་སེམས་བསྐྱེད་ལ་མ་ཁྱབ་བོ་ཞེ་ན། རྫོགས་བྱང་གི་སྒྲུབ་པ་ཁྱད་པར་བ་དེ་བསྒྲུབ་བྱ་ལ་སྒྲུབ་པར་བཏགས་པའི་ཕྱིར་སྐྱོན་མེད་དོ། །ཁྱད་པར་བརྡ་ལས་བྱུང་བའི་སེམས་བསྐྱེད་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་སྒྲུབ་པ་ཁྱད་པར་ཅན་གང་ཞིག །དེའི་མི་མཐུན་ཕྱོགས་སྒོ་གསུམ་གྱི་ཉེས་པ་སྤོང་བའི་སེམས་པ་རྒྱུན་ཆགས་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལ་གཞན་དོན་གྱི་སེམས་ནི། ཚད་མེད་པའི་སེམས་ཅན་ཐམས་ཅད་མས་བུ་གཅིག་པ་ལྟར་ཡིད་དུ་འོང་བར་མཐོང་བའི་བྱམས་པས་དྲངས་ཏེ། དེ་ཐམས་ཅད་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་པོས་རྒྱུད་རླན་པ་ལས་གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་བློ་སྐྱེ་བའི་ཕྱིར། སྙིང་རྗེས་སེམས་ཅན་ལ་དམིགས་པ་ཡིན་ལ། དེ་ལས་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་སྐྱེ་བའི་ཕྱིར། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། །དེ་ལྟར་ཐབས་ཤེས་ཟུང་དུ་འཇུག་པའི་སེམས་སྨོན་འཇུག་གིས་བསྡུས་པ་ཕྱིན་དྲུག་གི་ངོ་བོར་གྱུར་པའི་སྒྲུབ་པ་ཁྱད་པར་བ་སྟེ། དེའི་མི་མཐུན་ཕྱོགས་ནི་གཞན་ལ་ཕན་པའི་གེགས་དང་རང་གི་རྫོགས་བྱང་ཐོབ་པ་ལ་བར་ཆད་དུ་གྱུར་པ་ཉིད་ཡིན་པས་ན། སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བའི་སེམས་པ་ནི་བྱང་སྡོམ་གྱི་ངོ་བོའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །དེ་ཡང་འཕགས་སེང་གཉིས་ལྟར་ན། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་གཙོ་སེམས་དང་། དེ་ཡང་ཡིད་ཤེས་ཉིད་བཟུང་གི་གཞན་ནི་མ་ཡིན་ཏེ། གཞན་དོན་དང་བྱང་ཆུབ་ལ་དམིགས་མི་ནུས་པའི་ཕྱིར་སྙམ་དུ་དགོངས་སོ། །ཐོགས་མེད་སྐུ་མཆེད་གཉིས་ཀ་སེམས་བྱུང་དུ་བཞེད་དེ། བྱང་སར། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པ་སྟེ། ཞེས་དང་། རྒྱན་ལས། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་པའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས། དོན་གཉིས་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་འདིར་སེམས་རང་གིས་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས་པ་བྱ་བ་ལ་བཤད་ན་གཙོ་སེམས་དང་། སེམས་བསྐྱེད་པར་བྱེད་པས་ན་སེམས་བསྐྱེད་ཅེས་བྱེད་པ་ལ་བཤད་ན་སེམས་བྱུང་ཡིན་པས། གཉིས་ཀ་ལ་སེམས་བསྐྱེད་ཀྱི་སྒྲ་བཤད་དུ་ཡོད་ཅེས་རོང་སྟོན་ཆེན་པོ་གསུང་ཞིང་། ཀུན་མཁྱེན་ཆེན་པོ་ནི། སེམས་ནི་དོན་གྱི་ངོ་བོ་རིགས་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་བསྐྱེད་པར་འགྱུར་ཏེ། འདུན་པ་སེམས་བསྐྱེད་ལ་སོགས་པ་ཞར་ལ་ཐོབ་པ་བཞིན་ནོ། །ཞེས་གསུང་ངོ་། ༈ །གཉིས་པ་དབྱེ་བ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་ནི། དབྱེ་བ་ཀླུ་སྒྲུབ་ཐོགས་མེད་སྲོལ་གཉིས་གྲགས། །རེ་རེ་གཅིག་ནས་དྲུག་པར་གཉིས་གཉིས་ཏེ། །ཞེས་པས་སྲོལ་གཉིས་རེ་རེ་ལ་གཅིག་ནས་དྲུག་ཚན་གྱི་བར་དང་། དེ་ཡང་དབྱེ་གཞི་ལ་ལྟོས་ནས་སམ་སྨོན་འཇུག་གི་དབྱེ་བས་གཉིས་གཉིས་སོ། །གཉིས་པ་རྒྱས་བཤད་ལ། གཅིག་ནས་དྲུག་ཚན་བར་གྱི་དང་། ས་མཚམས་ཀྱི་དབྱེ་བའོ། །དང་པོ་ནི། དང་པོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཚོགས་གཉིས་བསླབ་པ་ཀུན་རྫོབ་དོན་དམ་གཉིས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་དང་། །ཚོགས་སྦྱོར་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། །མ་དག་ས་བདུན་ལྷག་བསམ་དག་པ་དང་། །དག་པ་ས་གསུམ་རྣམ་པར་སྨིན་པ་དང་། །ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་སྤངས་པ་ནི། །སངས་རྒྱས་ས་ཡི་སེམས་བསྐྱེད་དག་དང་བཞི། །ལྔ་ནི་ལམ་ལྔ་དྲུག་ནི་ཕར་ཕྱིན་དྲུག །ཅེས་པ་ལྟར་ཚན་པ་དྲུག་ལས། དང་པོ་གཅིག་ཚན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དེ་མ་རྟོགས་པ་ལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་ལྟོས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་ཅེས་བྱའོ། །གཉིས་ཚན་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བསླབ་པ་ལ་ལྟོས་ནས་གཉིས་སམ། རགས་པ་བརྡའ་ལས་བྱུང་བ་དང་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་ཁྱད་པར་ལས་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །གསུམ་ཚན་ནི། དག་པར་བྱེད་པ་ཚུལ་ཁྲིམས། གནས་པར་བྱེད་པ་ཏིང་འཛིན། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པ་གསུམ་ལ་ལྟོས་ནས་སེམས་བསྐྱེད་གསུམ་དང་། གཞན་ཡང་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་ལྟོས་ནས་ཀྱང་གསུམ་དུ་དབྱེར་ཡོད་དོ། །བཞི་ཚན་ནི། ཚོགས་སྦྱོར་དང་། མ་དག་ས་བདུན་དང་། དག་པ་ས་གསུམ་དང་། སངས་རྒྱས་ཀྱི་ས་རྣམས་ན་རིམ་པར་མོས་པས་སྤྱོད་པའི་སེམས་བསྐྱེད་སོགས་བཞི་ཡོད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །ལྔ་ཚན་ནི། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་དང་ལྔའི་སེམས་བསྐྱེད་པ་ལྔ་སྟེ། ཉི་ཁྲི་ལས། ལས་དང་པོ་པའི་སེམས་བསྐྱེད་པ་དང་། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་པ་དང་། ཆོས་མཐོང་བའི་སེམས་བསྐྱེད་པ་དང་། རྣམ་པར་གྲོལ་བའི་སེམས་བསྐྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། ཞེས་སོ། །དྲུག་ཚན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་ནས་སེམས་བསྐྱེད་དྲུག་སྟེ། དེ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་པོ་གང་དང་ལྡན་པས། ཞེས་སོ། །གཉིས་པ་ནི། ས་གསེར་ཟླ་བ་མེ་སོགས་ཉེར་གཉིས་ནི། །ས་མཚམས་ཀྱིས་ཕྱེ་ས་བཅུའི་བར་དུའོ། །ཞེས་པ་སྟེ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གྲུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་དཔེ་ཉེར་གཉིས་ཀྱིས་མཚོན་པའི་དོན་ནི་རིམ་པ་ཇི་ལྟ་བར། འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་དང་། སྦྱོར་བ་དང་། སྦྱིན་པ་ནས་ཡེ་ཤེས་ཀྱི་བར་ཕར་ཕྱིན་བཅུ་དང་། མངོན་ཤེས་དང་། བསོད་ནམས་དང་ཡེ་ཤེས་དང་། བྱང་ཕྱོགས་དང་མཐུན་པའི་ཆོས་དང་། སྙིང་རྗེ་དང་ལྷག་མཐོང་དང་། གཟུགས་སྤོབས་དང་། ཆོས་ཀྱི་དགའ་སྟོན་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་རྣམས་ཏེ། འདུན་པ་ས་ལྟ་བུ་ནས་ཆོས་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུའི་བར་དུ་སྦྱར་རོ། །དེ་ལ་ས་མཚམས་ནི། འདུན་པ་སོགས་གསུམ་ཚོགས་ལམ་གསུམ་ནའོ། །སྦྱོར་བ་ནི་སྦྱོར་ལམ་ནའོ། །སྦྱིན་པ་ནས་ཡེ་ཤེས་ཀྱི་བར་བཅུ་ནི་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ནའོ། །མངོན་ཤེས་ནས་གཟུངས་སྤོབས་ཀྱི་བར་ལྔ་ནི་ཁྱད་པར་གྱི་ལམ་དག་པ་ས་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་སོགས་གསུམ་ནི་སངས་རྒྱས་ཀྱི་ས་ཞེས་ཐེག་ཆེན་དགྲ་བཅོམ་ཞུགས་པའི་ས་སྟེ་ས་བཅུ་པའི་སྦྱོར་དངོས་རྗེས་གསུམ་ན་ཡོད་དེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་སོ། །དེ་ཡང་ས་སོགས་དཔེ་དང་། འདུན་པ་སོགས་གྲོགས་དང་། ཆོས་མཐུན་ནི། འགྲེལ་པར། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་དང་། ཞེས་པ་ནས། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་གྲངས་བཞིན་ནོ། །ཞེས་པའི་བར་གསུངས་ཤིང་། དཔེ་གྲོགས་ཆོས་གསུམ་སྦྱོར་ཚུལ་ནི། གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ས་ལྟ་བུ་ཡིན་ཏེ། ཆོས་དཀར་པོ་ཐམས་ཅད་བསྐྱེད་པའི་གཞིའི་དངོས་པོ་བྱེད་པས་ཆོས་མཐུན་པའི་ཕྱིར། ཞེས་ཐམས་ཅད་ལ་འགྲེ་ཤེས་པར་བྱའོ། །འོ་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དམ་མེད་སྙམ་ན། ཆོ་གའི་བརྡ་ལས་ཐོབ་པའི་སེམས་བསྐྱེད་ནི་མེད་དེ། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར། དོན་དམ་སེམས་བསྐྱེད་ནི་ཡོད་དེ། ཆོས་ཉིད་ཀྱིས་ཐོས་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་གོང་འཕེལ་དུ་ཡོད་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་སྒྲིབ་པ་དང་བྲལ་བའི་སེམས་བསྐྱེད་ཀྱིས་དོན་མཛད་པ་ཡོད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། ཀུན་ཀྱང་བསྡུ་ན་སྨིན་འཇུག་རྣམ་པ་གཉིས། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །འགྲོ་བར་འདོད་དང་འགྲོ་བ་ཇི་བཞིན་ནོ། །ཞེས་པ་སྟེ། དབྱེ་སྒོ་བདུན་གྱི་སྒོ་ནས་བཤད་པའི་སེམས་བསྐྱེད་དེ་དག་ཀུན་ཀྱང་མདོར་བསྡུ་ན་སྨོན་འཇུག་གཉིས་གཉིས་སུ་འདུས་ཏེ། དེ་ཡང་བསམ་པས་སྨོན་པའི་ཆ་ནི་སྨིན་པ་སེམས་བསྐྱེད་དེ། གཞན་དོན་དུ་བྱང་ཆུབ་ཐོབ་པ་འདུན་པ་ཙམ་ཡིན་པའི་ཕྱིར་སྐྱེས་བུ་ལམ་དུ་འགྲོ་འདོད་པ་བཞིན་ནོ། །སྦྱོར་བས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་ནི་འཇུག་པ་སེམས་བསྐྱེད་དེ། བྱང་ཆུབ་ཀྱི་ཆེད་དུ་དེའི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པས་སྤྱོད་པའི་ཕྱིར། ལམ་དུ་ཞུགས་ནས་འགྲོ་བཞིན་པ་ལྟ་བུའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ལ་ལམ་དུ་ཞུགས་པའི་ཚེ་ཡང་འགྲོ་འདོད་མི་འདོར་བ་ལྟར་འཇུག་པ་ཕྱིན་དྲུག་ལ་སློབ་པ་ནའང་སྨོན་པ་སེམས་བསྐྱེད་ནི་ཡོད་དེ། འཇུག་སྡོམ་བླངས་པས་སྨོན་པ་འཕེལ་བར་འགྱུར་པའི་ཕྱིར། ལམ་སྒྲོན་ལས། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨིན་པ་འཕེལ་བར་འགྱུར་མ་ཡིན། །ཞེས་པ་ལྟར་རོ། །མཚན་ཉིད་ནི། སྨོན་པ་དང་འཇུག་པ་གང་རུང་གི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། དེ་དང་དེའི་བསླབ་བྱ་ལ་སློབ་པར་ཁས་བླངས་པའི་སེམས་པ་རྒྱུན་ཆགས་པ། རིམ་བཞིན་སྨོན་འཇུག་གི་སྡོམ་པའི་མཚན་ཉིད། དེ་ཡང་སྨོན་སེམས་ཙམ་ནི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་མ་ཐག་ནས་ཡོད་ལ། འཇུག་སེམས་ནི་འཇུག་སྡོམ་བཟུང་བ་ནས་རྒྱུན་མཐའི་བར་དུ་ཡོད་དོ། །གལ་ཏེ་པཎྜི་ཏ་ཡེ་ཤེས་གྲགས་ཀྱིས། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་བདག་ཉིད་ནི། །བཅུ་དགུ་དག་ཏུ་ཤེས་པར་བྱ། །ཞེས་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་སེམས་བསྐྱེད་གསུམ་སྨོན་པ་དང་། སྦྱོར་ལམ་ཡན་ཆད་ཀྱི་སེམས་བསྐྱེད་འཇུག་པར་བཞེད་ཅིང་། དཾཥྚ་སེ་ན་སོགས་ཐེག་ཆེན་གྱི་འཕགས་ལམ་མ་ཐོབ་བར་སྨོན་པ་དང་། ཐོབ་ནས་འཇུག་པར་བཞེད་པ་རྣམས་ནི་མི་འཐད་དེ། ཀུན་དཀྲིས་ཆེན་པོས་བཅད་པའི་རྩ་ལྟུང་གིས་འཇུག་སྡོམ་ལས་ཉམས་པ་མི་སྲིད་པར་འགྱུར་པའི་ཕྱིར་དང་། སྨོན་འཇུག་གཉིས་ཀྱང་ཆོ་གས་བསྐྱེད་པ་ལས་དེ་དང་དེའི་སེམས་བསྐྱེད་དང་སྡོམ་པར་འགྱུར་ནའང་། བྱང་སེམས་ཀྱིས་རྩ་ལྟུང་རྣམས་བསྲུང་བའི་སྡོམ་ལྡན་དུ་འགྱུར་བ་འཇུག་སེམས་བསྐྱེད་པ་ལ་ལྟོས་དགོས་པས་ཀྱང་གནོད་པའི་ཕྱིར་ཏེ། བསླབ་བཏུས་ལས། འཇུག་སེམས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་དོན་གཅིག་པར་གསུངས་པའི་ཕྱིར་རོ། ༈ །གསུམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་གཉིས་ཏེ། ཀུན་རྫོབ་སེམས་བསྐྱེད་སྐྱེ་བའི་ཆོ་ག་བཤད། དོན་དམ་སེམས་བསྐྱེད་ཐོབ་པ་ཆོ་ག་ལ་ལྟོས་མི་དགོས་པར་བསྟན་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། །ལེན་ཚུལ་ཞེས་པས་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ལ། སྤྱིར་བསྐྱེད་བྱའི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་བསྐྱེད་གང་ཞིག །བྱང་འཕགས་ཀྱི་མཉམ་གཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། །མཚན་གཞི་ནི། ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་སད་པའི་སྟོབས་དང་། དགེ་རྩ་རྒྱས་པའི་སྟོབས་དང་། ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང་། ཐོས་པ་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པོ་གྲོགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང་། ཕྱི་མ་བཞི་མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ་། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་ལྟར། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་ལེན་ཚུལ་ལ་བཞི་སྟེ། གང་ལས་བླང་བའི་སློབ་དཔོན། གང་གིས་ཇི་ལྟར་ལེན་པའི་ཆོ་ག །རྟེན་ལས་ཀྱང་ལེན་རུང་བའི་དམིགས་བསལ། སྡོམ་པའི་ཐོབ་མཚམས་ངོས་བཟུང་་བའོ། །དང་པོ་ནི། སྡོམ་གནས་དགེ་བའི་བཤེས་གཉེན་ལ། །ཞེས་པས་སྲོག་གཉིས་མཐུན་པར་བླང་ཡུལ་བྱང་སེམས་ཀྱི་སྡོམ་པ་ལ་གནས་ཤིང་། དེ་འབོགས་པའི་ཆོ་ག་དང་བསླབ་བྱ་ལ་བཀྲི་མཁས་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་ལེན་ཏེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །དེ་ཡང་བྱང་ཆུབ་བཟང་པོས་ལེན་པ་ལ་བླ་མ་ཡོད་མེད་གང་རུང་གིས་ཆོ་ག་ཀྱང་ཕྱིས་ཉམས་པ་གསོ་བ་ལ་བླ་མ་ངེས་པར་དགོས་ཞེས་གསུངས་མོད། ཞི་བ་འཚོ་ལེན་གསོ་གཉིས་ཀའི་དབང་དུ་མཛད་པ་ལེགས་སོ། །གཉིས་པ་ལ། ཀླུ་སྒྲུབ་དང་། ཐོགས་མེད་ཀྱི་ལུགས་གཉིས་ལས། དང་པོ་ལ། གང་གིས་བླང་བའི་གང་ཟག་དང་། ཇི་ལྟར་ལེན་པའི་ཆོ་གའོ། །དང་པོ་ནི། ཐེག་ཆེན་སྣོད་གྱུར་དད་ལྡན་སློབ་མ་ཡིས། །ཞེས་པ་སྟེ། ཀླུ་སྒྲུབ་ཀྱི་ལུགས་ལ་བརྡའ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་ན་དལ་འབྱོར་གྱི་ལུས་རྟེན་ཁོ་ན་དགོས་པར་མ་ངེས་ཏེ། རྫོགས་བྱང་དོན་གཉེར་གྱི་བསམ་པ་དངོས་སུ་སྐྱེ་རུང་དུ་ཡོད་པའི་སེམས་ཅན་ཀུན་ཐེག་ཆེན་སེམས་བསྐྱེད་ཀྱི་སྣོད་དུ་བཞེད་པའི་ཕྱིར། གཉིས་པ་ནི། ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ལེན་ཅིང་རང་གཞན་དགའ་བ་སྒོམ་པ་རྣམས། །ཀླུ་སྒྲུབ་ལུགས་ཡིན། ཞེས་པ་སྟེ། མཚན་ཉིད་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་གང་ཞིག །སྨོན་འཇུག་གི་སྡོམ་པ་གཉིས་སྟབས་གཅིག་ཏུ་ལེན་པའི་ཆོ་གས་ཐོབ་པའི་སྡོམ་པའོ། །འོ་ན་སྨོན་འཇུག་གི་སེམས་བསྐྱེད་དང་སྡོམ་པ་གཉིས་ཀྱི་ཁྱད་པར་གང་ཞེ་ན། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་དང་དེ་ཉིད་མི་ཉམས་པར་བསྲུང་བའི་བློ་ནི་རིམ་བཞིན་སྨོན་འཇུག་གི་སེམས་བསྐྱེད་དང་། བྱང་སེམས་ཀྱི་བསླབ་པ་མཐའ་དག་འཛིན་པར་ཁས་ལེན་པའི་སེམས་པ་དང་ཇི་ལྟར་བཟུང་བ་བཞིན་ཉམས་སུ་ལེན་པར་ཁས་ལེན་པའི་སེམས་པ་ནི་རིམ་བཞིན་སྨོན་སྡོམ་དང་འཇུག་པའི་སྡོམ་པའོ། །དེ་ཡང་ཛེ་ཏཱ་རི་ནི་སེམས་བསྐྱེད་གཉིས་སྟབས་གཅིག་ཏུ་ལེན་ཅིང་། དེའི་རྗེས་སུ་སྡོམ་པ་གཉིས་སྟབས་གཅིག་ཏུ་ལེན་པར་མཛད་མོད། འདིར་འཕགས་མཆོག་ཀླུ་སྒྲུབ་དང་ཞི་བ་ལྷའི་ཕྱག་བཞེས་ལྟར་སེམས་བསྐྱེད་དང་སྡོམ་པ་སྟབས་གཅིག་ཏུ་ཆོ་གས་ལེན་ཏེ། འདི་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། གདམས་ངག་ཁྱད་པར་ཅན་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་ཅིང་ཞི་བའི་མཐའ་ལ་ཞེན་པ་བཀག་ནས་མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའི་ཐབས་གསུམ་གྱིས་བློ་བཅོས་པ་སྔོན་དུ་འགྲོ་བས། ཡུལ་ཁྱད་པར་ཅན་སློབ་དཔོན་ལ་མཎྜལ་ཕུལ་ནས་གསོལ་བ་བཏབ་རྗེས། རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ་ཞིང་། ཐབས་ཁྱད་པར་ཅན་ཡན་ལག་བདུན་པས་ཚོགས་བསགས་པ་རྣམས་སོ། །དངོས་གཞི་ལ། བློ་སྦྱང་བ་དང་། དམ་བཅའ་བ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཡིན་ལ། དེ་ཐམས་ཅད་སྡུག་བསྔལ་གྱིས་གཟིར་བ་ལ་སྙིང་རྗེའི་ཤུགས་དྲག་པོས། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྒྱུར་རང་གི་བདེ་དགེ་ཐམས་ཅད་གཏོང་ཞིང་སྡུག་བསྔལ་ཐམས་ཅད་དང་དུ་བླང་བར་བྱའོ་ཉམ་དུ་ཞེ་ཐག་པ་ནས་བློ་སྦྱོང་བ་སྟེ། ཞི་བ་ལྷས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕང་པ་མེད་པར་བཏང་བར་བྱ། །ཞེས་སོ། །གཉིས་པ་ནི། དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་སྤྱོད་འཇུག་ལྟར་ཚིགས་སུ་བཅད་པ་གཉིས་པོ་ལན་གསུམ་བཟླས་པས་བླང་ངོ་། །དེ་ལ་ཚིགས་བཅད་དང་པོས་ནི་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་ཚུལ་བསྟན་ནས། ཚིགས་བཅད་གཉིས་པས་དེ་དག་གིས་ཇི་ལྟར་བསླབས་པ་དེ་བཞིན་དུ་བདག་གིས་ཀྱང་བསླབ་བོ་ཞེས་དམ་འཆའ་བས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་དང་སྡོམ་པ་ལེན་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡང་། དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་པས་སྨོན་པ་དང་འཇུག་པའི་སེམས་བསྐྱེད་དང་། དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་སྨོན་འཇུག་གི་སྡོམ་པ་ལེན་པའི་ཆོ་ག་གསལ་བར་བསྟན་ནོ། །རྗེས་ལ། རང་དགའ་བ་སྒོམ་པ་དང་། གཞན་དགའ་བ་སྒོམ་དུ་གཞུག་པ་གཉིས་ལས། དང་པོ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་སོགས་དང་། གཉིས་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་བརྗོད་ནས། གཏང་རག་དབུལ་ཞིང་བསླབ་བྱ་མདོ་ཙམ་བཤད་པ་རྣམས་སོ། ༈ །གཉིས་པ་ཐོགས་མེད་ཀྱི་ལུགས་ལ། གང་གིས་བླང་བའི་གང་ཟག་དང་། ཇི་ལྟར་ལེན་པའི་ཆོ་གའོ། །དང་པོ་ནི། ཐོགས་མེད་བཞེད་པ་ནི། །སྨོན་སེམས་ལེན་ལ་སོ་ཐར་མི་དགོས་ཀྱང་། །ཡང་དག་བླངས་པ་རིགས་བདུན་སྔོན་སོང་ནས། །ཞེས་པ་སྟེ། འདིར་སྨོན་སེམས་ཀྱི་རྟེན་ལ་སོ་ཐར་མི་དགོས་ཀྱང་། འཇུག་སྡོམ་མ་ཐོབ་པ་ཐོབ་པར་བྱེད་པའི་རྟེན་ལ་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་སྔོན་དུ་འགྲོ་དགོས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱིས་གཞན་དུ་མིན། །ཞེས་སོ། །གཉིས་པ་ནི། བར་ཆད་དྲི་དང་བསླབ་པ་ཁས་ལེན་སོགས། །སྨོན་འཇུག་ཆོ་ག་སོ་སོའི་སྒོ་ནས་ལེན། །ཞེས་པ་སྟེ། མཚན་ཉིད་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་གང་ཞིག །སྨོན་སེམས་དང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སྔོན་དུ་བཏང་ནས། དེའི་འཇུག་སྡོམ་ལེན་པའི་ཆོ་གས་ཐོབ་པའི་སེམས་པ་རྒྱུན་ཆགས་སོ། །འདི་ལེན་པའི་ཆོ་ག་ལ་སྤྱི་འཕགས་པ་ཐོགས་མེད་དང་ཙནྡྲ་གོ་མི་སོགས་ཀྱི་གཞུང་དུ་སྨོན་སེམས་ཟུར་དུ་ལེན་པའི་བགྲོས་མི་གསལ་ནའང་། ཇོ་བོ་རྗེས་མཛད་པའི་ཆོ་གར་འཇུག་སྡོམ་གྱི་སྔོན་དུ་སྨིན་སེམས་ལེན་ཆོག་བཤད་ཅིང་། དེ་ཉིད་བྱམས་མགོན་གྱི་མན་ངག་ཏུ་ཡོད་པ་ཇོ་བོས་གསལ་བར་མཛད་ཅེས་དམ་པ་རྣམས་གསུང་བའི་ཕྱིར། དོན་ལ་ཐོགས་མེད་ཀྱི་ཡང་དགོངས་པར་འགྱུར་ཏེ། བྱམས་པ་ནས་ཇོ་བོའི་བར་སྙན་བརྒྱུད་ཀྱི་གདམས་པ་ཡིན་པར་བཤད་པའི་ཕྱིར། དེས་ན་འདིའི་ཆོ་ག་ལ་དོན་གསུམ་སྟེ། རྟེན་ངེས་པར་བྱ་བ། སྦྱོར་བ་རྗེས་སུ་སྒྲུབ་པ། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། སྔར་ལྟར་མཐའ་གཉིས་ཀྱི་ཞེན་པ་བཀག་ནས་བྱང་སེམས་ལ་སྤྲོ་བ་བསྐྱེད་པའོ། །གཉིས་པ་ལ། སྨོན་པ་དང་། འཇུག་པའོ། །དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། ཡུལ་ཁྱད་པ་ཅན་ལ་མཎྜལ་ཕུལ་ནས་གསོལ་འདེབས་དང་། རྟེན་ཁྱད་པར་ཅན་ལ་སྐྱབས་འགྲོ་བྱས་ནས། ཐབས་ཁྱད་པར་ཅན་ཚོགས་བསག་པ་ལ་སྡོམ་པ་ཉི་ཤུ་པར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཅེས་པས་ཕྱག་མཆོད་ཙམ་གྱིས་ཆོག་པར་བཞེད་པ་སྣང་ཡང་། ཕྱག་ལེན་ལ་ཇོ་བོའི་རྗེས་སུ་འབྲངས་ནས་ཡན་ལག་བདུན་པ་ཚང་བར་མཛད་དོ། །དངོས་གཞི་ལ། རང་སྟོབས་རིགས་སད་པ། གཞན་སྟོབས་རྫོགས་བྱང་གི་ཕན་ཡོན་མཐོང་བ་ལ་སོགས་པ། སྦྱོར་བའི་སྟོབས་འདུ་ཤེས་གསུམ་བསྐྱེད་དེ། ཕྱོགས་བཅུ་ན་ཞེས་སོགས་ཀྱི་དགོངས་གསོལ་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་འདི་དང་། ཞེས་པ་ནས། མྱ་ངན་ལས་འདའ་བར་བགྱིའོ། །ཞེས་པའི་བར་ལན་གསུམ་བཟླས་པས་བླང་ངོ་། །རྗེས་སྤྲོ་བ་བསྐྱེད་པ། བསླབ་བྱ་བསྟན་པ། བཏང་རག་བཏང་བ་རྣམས་སོ། །གཉིས་པ་འཇུག་སྡོམ་ནི། སོ་ཐར་རིགས་བདུན་གང་རུང་བླངས་ནས་བྱང་སེམས་ཀྱི་སྡེ་སྣོད་ལ་སྦྱངས་པས་དད་ཅིང་སྒྲུབ་པར་ནུས་པ་ན་དེ་བླང་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི་གསོལ་བ་གདབ་པ། །བསམ་པ་བརྟག་པ། མྱུར་དུ་སྦྱིན་པར་གསོལ་བ་འདེབས་པ། བར་ཆད་དྲི་བ། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བ་རྣམས་སོ། །དངོས་གཞི་ནི། སློབ་དཔོན་གྱིས། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། ཅེས་པ་ནས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནོད་དམ ། ཞེས་ལན་གསུམ་བརྗོད་ཅིང་། སློབ་མས་ཀྱང་ནོད་ལགས་ཞེས་ཁས་བླངས་པས་སྡོམ་པ་ཐོབ་པར་འགྱུར་རོ། །རྗེས་ཆོག་ལ། མཁྱེན་པར་གསོལ་བ། ཕན་ཡོན་བསྟན་པ། གསང་བར་གདམས་པ། བསླབ་བྱ་བསྟན་པ། བཏང་རག་འབུལ་བ་རྣམས་སོ། །གསུམ་པ་ནི། སྨོན་འཇུག་གི་རྒྱུ་དང་། ངོ་བོ་དང་། དབྱེ་བ་དང་། ཕན་ཡོན་རྣམས་ཤེས་པར་བྱ་བ་སྟེ། དེ་ལས་ཆོ་གའི་སྐབས་འདིར་ཕན་ཡོན་བརྗོད་པ་ཙམ་ཞིག་མཛད་དོ། །གསུམ་པ་ནི། རྒྱལ་བའི་རྟེན་ལའང་རུང་བར་སྲོལ་གཉིས་མཐུན། །ཞེས་པ་སྟེ། སྤྱིར་བླ་མ་ལས་བླངས་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་འགྱུར་བ་ལ་སོགས་པའི་དགོས་པ་ཡོད་མོད། གལ་ཏེ་བླ་མ་མཚན་ཉིད་དང་ལྡན་པ་མ་རྙེད་ན། སྲོལ་གཉིས་ཀ་དགོངས་པ་མཐུན་པར་རྒྱལ་བའི་སྐུ་གཟུགས་ཀྱི་རྟེན་གྱི་དྲུང་དུ་བདག་ཉིད་ཀྱིས་བླངས་ཀྱང་རུང་བར་བཤད་ཅིང་། རང་སྟོབས་ཀྱི་ནུས་པ་ཡོད་ན་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་གསུངས་པ་ལྟར། རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་བློས་བསམ་པ་ལས་ལེན་པར་གནང་སྟེ། ལམ་སྒྲོན་ལས། གལ་ཏེ་བླ་མ་མ་རྙེད་ན། །དེ་ལ་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྦ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང་། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ཏོ། །གནོད་སེམས་ཁྲོ་བོའི་སེམས་ཉིད་དང་། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང་། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་། །སེམས་ཅན་གཅིག་གི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱས་པ་དང་། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་གསུངས་པ་ལྟ་བུའི་ཚུལ་གྱིས་སེམས་བསྐྱེད་བླང་བར་བྱའོ། །བཞི་པ་ནི། ཐོབ་མཚམས་བརྗོད་པ་གསུམ་གྱི་མཐའ་ལའོ། །ཞེས་པ་སྟེ། སྡོམ་པ་ཐོབ་མཚམས་ལ་རྒྱ་མཚོའི་སྤྲིན་ལས། དེ་ལ་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་གིས་སྨོན་པ་དང་འཇུག་པ་དང་གཉིས་ཀ་ནས་བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ། ཞེས་གསུངས་པའང་སྣང་མོད། འོན་ཀྱང་སྨོན་འཇུག་སོ་སོར་ལེན་པའི་ཆོ་ག་ལ་དེ་འདྲ་མི་རུང་བའི་ཕྱིར། དེས་ན་རང་གི་རྗེ་བླ་མས་མཛད་པའི་ཆོ་ག་རྒྱས་སྲས་ལམ་བཟང་དུ་འདིར་གསུངས་པ་དང་མཐུན་པར་འབྱུང་བ་ཉིད་ལེགས་པས། སྲོལ་གཉིས་གང་ཡིན་ཀྱང་རུང་སྟེ། དངོས་གཞི་འབོགས་ཆོག་ལན་གསུམ་བཟླས་པའི་བརྗོད་པ་མཐའ་མ་ལ་ཐོབ་པ་ཡིན་ནོ། ༈ །གཉིས་པ་ནི། དོན་དམ་སེམས་བསྐྱེད་ཆོ་གས་བླང་ཐོབ་པ། །གསང་སྔགས་ལུགས་ཡིན་མདོ་ལས་བཤད་སྲིད་ན། །དམ་བཅའ་ཉིད་ཡིན་སྒོམ་པའི་སྟོབས་ལས་སྐྱེ། །ཞེས་པ་སྟེ། འདི་ལ་དོན་དམ་སེམས་བསྐྱེད་ངོས་བཟུང་བ་དང་། དེ་བསྐྱེད་ཚུལ་ལ་དཔྱད་པའོ། །དང་པོ་ལ། མཚན་ཉིད་ནི། རྣམ་པར་མི་རྟོག་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །བྱང་འཕགས་ཀྱི་མཉམ་གཞག་གི་ངོ་བོར་གྱུར་པའི་དང་སངས་རྒྱས་སའི་མཉམ་རྗེས་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད། དབྱེ་ན་ཐེག་ཆེན་མདོ་སྔགས་ཀྱི་ཁྱད་པར་ལས་ངོས་འཛིན་མི་འདྲ་བ་གཉིས་བྱུང་སྟེ། ཕར་ཕྱིན་ཐེག་པའི་སྐབས་འདིར་དོན་དམ་ཆོས་དབྱིངས་དང་། སེམས་བསྐྱེད་པ་ནི་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་བཤད་ཅིང་། འདི་ལ་མདོ་སྡེ་རྒྱན་ལས་ཡོངས་འཛིན་དང་རྗེས་སྒྲུབ་དང་རྟོགས་པ་སྟེ་དམ་པ་གསུམ་གྱིས་ཟིན་པའི་སེམས་བསྐྱེད་ཅེས་བཤད་དེ། ཚོགས་སྦྱོར་གྱི་གནས་སྐབས་སུ་བདག་རྐྱེན་རྫོགས་པའི་སངས་རྒྱས་མཉེས་པར་བྱས་ཤིང་། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསགས་པའི་སྟོབས་ཀྱིས། ས་དང་པོར་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རང་གི་ངང་གིས་སྐྱེས་པ་ལ་དོན་དམ་སེམས་བསྐྱེད་དུ་འཇོག་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་དང་། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་ཀྱང་། དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ས་དང་པོ་རབ་ཏུ་དགའ་བ་ལ་ཡིན་པས། ཞེས་ས་མཚམས་ཀྱང་གསུངས་སོ། །སྔགས་ཀྱི་ཐེག་པར་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་པ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཞེད་དེ། སྒྱུ་དྲྭ་ལས་ཨེ་མ་མཚར་ལྔ་དང་། གསང་འདུས་རྩ་རྒྱུད་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །གཉིས་པ་ནི། སྒྱུ་དྲྭ་དང་། རྣམ་སྣང་མངོན་བྱང་དང་། བྱང་ཆུབ་སེམས་འགྲེལ་དང་། རིམ་པ་ལྔ་པ་སོགས་ལས་དོན་དམ་སེམས་བསྐྱེད་བླང་བའི་ཆོ་ག་བཤད་པ་རྣམས་གསང་སྔགས་ལུགས་ཡིན་པས། འབྲས་བུ་ཡེ་ཤེས་ཀྱི་རྣམ་པ་ལམ་བྱེད་དུ་བྱས་ནས་དེའི་རྟེན་འབྲེལ་སྒྲིབ་བྱེད་ཙམ་དུ་རྗེས་མཐུན་ཀུན་རྫོབ་ཀྱི་རྣམ་པས་བསྐྱེད་པ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། ཞེས་པས་སྔགས་ལུགས་ཀྱི་ཆོ་ག་དེ་ཡང་སྒོམ་བྱུང་ལ་མ་ལྟོས་པར་ཆོ་ག་རྐྱང་པས་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར། མཚན་ཉིད་པ་མ་ཡིན་ལ། གལ་ཏེ་སྤང་སྐོང་ཕྱག་བརྒྱ་པར། དོན་དམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་མདོ་ལས་བཤད་པ་སྲིད་ནའང་། དེ་འདྲ་དེ་དམ་བཅའ་ཙམ་དུ་ཟད་ཀྱི། ཆོ་གའི་སྒོ་ནས་བསྐྱེད་པ་མ་ཡིན་ཏེ། གཞན་དུ་ན་བརྡ་ལས་བྱུང་བའི་སེམས་བསྐྱེད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ཡང་རབ་དབྱེ་ལས། དོན་དམ་སེམས་བསྐྱེད་ཅེས་བྱ་བ། །སྒོམ་པའི་སྟོབས་ཀྱིས་སྐྱེ་མོད་ཀྱི། །ཆོ་གའི་སྒོ་ནས་འདི་མི་སྐྱེ། །གལ་ཏེ་ཆོ་གས་སྐྱེ་ན་ནི། །བརྡ་ལས་བྱུང་བའི་སེམས་བསྐྱེད་འགྱུར། །འདི་ནི་དོན་དམ་ཆོས་ཉིད་ཀྱིས། །ཐོབ་པ་ཞེས་བྱའི་སེམས་བསྐྱེད་ཡིན། །ཞེས་དང་། དོན་དམ་སེམས་བསྐྱེད་བྱའོ་ཞེས། །གལ་ཏེ་རྒྱ་ལ་གསུངས་སྲིད་ཀྱང་། །དམ་བཅའ་ཡིན་གྱི་ཆོ་ག་མིན། །ཞེས་སོ། །དེས་ན་དོན་དམ་སེམས་བསྐྱེད་མཚན་ཉིད་པ་ནི་སྒོམ་པའི་སྟོབས་ལས་ངང་གིས་སྐྱེ་བ་ཡིན་ཏེ། དགོངས་པ་ངེས་འགྲེལ་ལས། དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ། སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པ་ལས་འགྱུར་རོ། །ཞེས་ཀ་མ་ལ་ཤཱི་ལས་སྒོམ་རིམ་དུ་དྲངས་པ་ལྟར་རོ། ༈ །བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་ནི། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ཡིན་ཏེ། །ཉེས་སྤྱོད་སྡོམ་དང་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད། ཅེས་པ་སྟེ། དེ་ལྟར་སྡོམ་པ་ཐོབ་ནས་མི་ཉམས་པར་བསྲུང་དགོས་པས། དེའི་ཐབས་བཤད་པ་ལས། ཇི་ལྟར་བསྲུང་ཚུལ་དང་། གང་བསྲུང་བྱའི་ཚུལ་ཁྲིམས་གཉིས་ལས། དང་པོ་ནི། བསླབ་བཏུས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་ལས་འབྱུང་། །ཞེས་དང་། དགེ་བའི་བཤེས་གཉེན་མི་བཏང་ཞིང་། །མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་པས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ཤེས་པར་བྱ་བའི་ཕྱིར། བདག་རྐྱེན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མི་གཏོང་བར་གུས་པས་བསྟེན་ཅིང་། དམིགས་པའི་རྐྱེན་སྤྱིར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་ཁྱད་པར་བྱང་ས་དང་བསླབ་བཏུས་སོགས་བྱང་སེམས་ཀྱི་བསླབ་པའི་གནས་རྒྱ་ཆེར་སྟོན་པའི་མདོ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལ་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་བཅད་དེ་མཁས་པར་བྱའོ། །དེ་ལྟར་མཁས་པར་བྱས་པ་དེས་ཀྱང་། ཤེས་པ་ཙམ་དུ་མ་བཞག་པར་རང་ནུས་ཅི་ཡོད་ཀྱིས་འབད་དེ་ཚུལ་བཞིན་དུ་སྒྲུབ་དགོས་ཀྱི། གཞན་དུ་ན་བླང་དོར་གྱི་གནས་ལ་མ་རྨོངས་པར་ཤེས་པ་དོན་མེད་དུ་འགྱུར་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་སྤྱད་ཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་བསྲུང་བའི་ཁྱད་པར་ལ་གཉིས་ཏེ། འགལ་རྐྱེན་རང་གཞན་གྱི་སྤྱོད་པ་ཉམས་པའི་རྒྱུ་བདུན་སྤོང་བ་དང་། མཐུན་རྐྱེན་མི་ཉམས་པའི་རྒྱུ་དང་འཕེལ་བའི་རྐྱེན་ལ་བསླབ་པའོ། །དང་པོ་ལ། རང་དོན་ཤེས་རབ་ཀྱི་གེགས་གསུམ་དང་། གཞན་དོན་སྤྱོད་པའི་སྐྱོན་བཞི་སྤོང་བའོ། །དང་པོ་ནི། ཐོས་པ་ལ་མི་མོས། བསམ་པ་ལ་གཡེལ། སྒོམ་པ་ལ་ལྷོད་པ་གསུམ་སྤོང་བའོ། །གཉིས་པ་ནི། སྦྱོར་བ་ལེ་ལོ་ཆེ་བ། སྤྱོད་པ་གཞན་མི་དད་པ་ལ་སྦྱོར་བ། ཀུན་སློང་སྙིང་རྗེ་མེད་པ། བྱེད་ལས་ཕྱིན་ཅི་ལོག་སྒྲུབ་པ་བཞི་སྤོང་བའོ། །གཉིས་པ་ལ། མི་ཉམས་པའི་རྒྱུ་གསུམ་དང་། འཕེལ་བའི་རྐྱེན་དགུ་ལ་བསླབ་པའོ། །དང་པོ་ལ་གསུམ་ལས། དང་པོ་ཚེ་འདིར་མི་ཉམས་པའི་རྒྱུ་ནི། དྲན་པ་གསུམ་སྟེ། སེམས་བསྐྱེད་སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བ་ཡང་ཡང་དྲན་པར་བྱེད་པའོ། །གཉིས་པ་ཕྱི་མར་མི་ཉམས་པའི་རྒྱུ་ནི། ཕྱིན་ཅི་མ་ལོག་པའི་ཐབས་གསུམ་སྟེ། དུས་གསུམ་དུ་ཡན་ལག་བདུན་པ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། ཆོས་དང་འགལ་བའི་བདུད་ལས་སྤོང་བའོ། །གསུམ་པ་འདི་ཕྱི་གཉིས་ཀར་མི་ཉམས་པའི་རྒྱུ་ནི། གཅེས་པ་ལྔ་སྟེ། བསྒྲུབ་བྱ་སེམས་ཅན་ལ་རང་བས་གཅེས་པ། སྒྲུབ་བྱེད་ཆོས་ལ་ནོར་བས་གཅེས་པ། གཙོ་བོ་བྱང་སེམས་ལ་སྙིང་བས་གཅེས་པ། བདག་རྐྱེན་བཤེས་གཉེན་ལ་ཕ་མ་བས་གཅེས་པ། ཐོབ་བྱ་སངས་རྒྱས་ལ་ལོངས་སྤྱོད་བས་གཅེས་པ་ལྔ་ལ་བསླབ་པར་བྱའོ། །གཉིས་པ་ལ། དྲན་པ་ལྔ་དང་། བྱ་བ་བཞི་སྟེ། འདུས་བྱས་ཀྱི་གཡོ་བ། སྡུག་བསྔལ་གྱི་མཐའ། ཆོས་ཀྱི་ཕན་ཡོན། སྟོན་པའི་ཆེ་བ། བྱང་སེམས་ཀྱི་ཕན་ཡོན་དྲན་པ་ལྔ་དང་། ཤེས་བཞིན་གྱི་མིག་གིས་བལྟ་བ། བརྩོན་འགྲུས་ཀྱི་རྟ་མཆོག་གིས་འགྲོ་བ། ངེས་འབྱུང་གི་ལྕག་གིས་བསྐུལ་བ། ཐར་པའི་གྲོང་ཁྱེར་ཡིད་ལ་བྱ་བ་བཞིའོ། །མདོར་ན་ཀུན་མཁྱེན་ཆེན་པོས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་སྒྲུབ། །ཅེས་གསུངས་པ་ལྟར་དྲན་པ་དང་བག་ཡོད་དང་ཤེས་བཞིན་གསུམ་མི་ཉམས་པར་བསྐྱེད་དེ། འཆད་འགྱུར་གྱི་རྩ་བ་དང་ཡན་ལག་གི་ལྟུང་བས་མི་གོས་པར་བྱ་བ་དང་། ཉིན་མཚན་དུས་དྲུག་ཏུ་རྒྱུན་བཤགས་བྱ་ཞིང་སེམས་བསྐྱེད་ཆོ་ག་བཞིན་དུ་བླང་བའམ། ཡང་ན་མཚན་མོ་གཉིད་ཐམས་ཅད་ཐབས་ཤེས་གང་རུང་གི་དགེ་བའི་གཉིད་དུ་བཏང་ནས། ཉིན་པར་གྱི་དུས་ལ་ཆ་དྲུག་ཏུ་བཅད་ནས་དེ་ལྟར་བསླབ་བོ། །འོ་ན་ལས་དང་པོ་པ་རྣམས་ཀྱིས་མདོ་སྡེ་དག་ལས་གསུངས་པའི་བྱང་སེམས་ཀྱི་བསླབ་བྱ་རྣམས་ལས་ཇི་ཙམ་ཞིག་བསླབ་པར་བྱ་ཞེ་ན། ལས་དང་པོ་པས་མགོ་གཏོང་བ་སོགས་ནུས་པ་མེད་བཞིན་དུ་སྒྲུབ་པ་སྟོན་པས་དངོས་སུ་བཀག་པ་ལས་སྤྱད་པའི་ལྟུང་བར་བཤད་པ་དང་། མ་བཀག་ཀྱང་ལས་དང་པོ་པའི་སྐབས་སུ་ཉམས་སུ་བླང་མི་རུང་བ་གཉིས་མ་གཏོགས་པ། བྱང་སེམས་ཀྱི་བསླབ་བྱ་ནུས་པའི་ཡུལ་དུ་གྱུར་པ་མཐའ་དག་ལ་བསླབ་དགོས་ཏེ། བསླབ་བཏུས་ལས། མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་མེད་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །གཞན་ལ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་བཟུང་བ་ཁོ་ནའོ། །རང་གི་ནུས་པའི་ཡུལ་མ་ཡིན་པ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་བར་འགྱུར་ཏེ། དེ་ནི་བསམ་མི་དགོས་པར་སྤྱིར་སྡིག་པ་བཤགས་པའི་ཁོངས་སུ་འདུས་པས་དེ་ལས་གྲོལ་བར་འགྱུར་རོ། །དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ། །ཞེས་སོ། །གཉིས་པ་གང་བསྲུང་བའི་ཚུལ་ཁྲིམས་ལ་ལྔ་སྟེ། དབྱེ་གཞི། དབྱེ་ངོ་། གྲགས་ངེས། གོ་རིམ། བསླབས་པའི་ཕན་ཡོན་ནོ། །དང་པོ་ནི། བྱང་སེམས་ཀྱི་སྡོམ་པ་ཙམ་མོ། །གཉིས་པ་ནི། ཚུལ་ཁྲིམས་གསུམ་སྟེ། དཀོན་བརྩེགས་ལས། འོད་སྲུང་། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་སྒྲུབ་པའི་ཚུལ་ཁྲིམས་སོ། །ཞེས་གསུངས། དེ་གསུམ་ཀྱང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་ཟད་དེ། དཔེར་ན་ནོར་བུ་གཅིག་ཉིད། མུན་པ་སེལ་བ། འདོད་དགུའི་ནོར་སྡུད་པ། རིམ་ནད་ལ་ཕན་པ་བཞིན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ལ་རང་གཞན་གྱི་དོན་གཉིས་སུ་ངེས་པ་ལས། སེམས་ཅན་དོན་བྱེད་ཀྱིས་གཞན་རྒྱུད་དང་། སྡོམ་སྡུད་གཉིས་ཀྱིས་རང་རྒྱུད་སྨིན་པར་བྱེད་པའི་ཕྱིར། གསུམ་དུ་གྲངས་ངེས་སོ། །བཞི་པ་ནི། སྡོམ་པའི་ཚུལ་ཁྲིམས་དང་པོར་སྨོས་ཏེ། ཚུལ་ཁྲིམས་གཞན་གཉིས་ཀྱི་གཞི་རྟེན་དུ་འགྲོ་བའི་ཕྱིར། དེའི་འོག་ཏུ་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་རིམ་པར་བཞག་སྟེ། རང་རྒྱུད་ལ་དགེ་ཆོས་མ་བསྡུས་པར་སེམས་ཅན་གཞན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ། །ལྔ་པ་ནི། ཚུལ་ཁྲིམས་འདི་གསུམ་ལ་ལེགས་པར་བསླབས་པས་ནམ་ཞིག་འཚང་རྒྱ་བའི་ཚེ། སྤངས་རྟོགས་ཕྲིན་ལས་དང་བཅས་པ་ཐོབ་པར་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་པ་ཕུན་ཚོགས། དགེ་བ་ཆོས་སྡུད་ཀྱིས་རྟོགས་པ་ཕུན་ཚོགས། སེམས་ཅན་དོན་བྱེད་ཀྱིས་ཕྲིན་ལས་ཕུན་ཚོགས་ཐོབ་པའི་རྒྱུར་འགྲོ་བ་ཡིན་ནོ། ༈ །གཉིས་པ་རྒྱས་པར་བཤད་འདོད་ནས། གསུམ་ལས་དང་པོ་ནི། །ཞེས་སྨོས་ཏེ། འདི་ལ་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་དུ་ཡོད་པ་ལས། དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བྱང་སེམས་ཀྱི་སྤང་བྱ་ཉེས་སྤྱོད་ཆ་དང་བཅས་པ་གཞན་དོན་དུ་སྤོང་བའི་སེམས་པ་རྒྱུན་ཆགས་པའོ། །གཉིས་པ་ལ། སྲོལ་གཉིས་ཀྱི་ལུགས་སོ་སོར་བཤད་པ་དང་། དེ་གཉིས་ཀྱི་ཁྱད་པར་ལ་དཔྱད་པའོ། །དང་པོ་ལ། ནམ་མཁའ་སྙིང་པོ་དང་ཐབས་ལ་མཁས་པའི་མདོའི་རྗེས་སུ་འབྲངས་པ་ཀླུ་སྒྲུབ་ལུགས་ཞི་བ་ལྷས་བསླབ་བཏུས་སུ་ཕྱེ་བ་དང་། ཐོགས་མེད་ཀྱི་བྱང་སའི་ལུགས་ཙནྡྲ་གོ་མིས་སྡོམ་པ་ཉི་ཤུ་པར་ཕྱེ་བའོ། །དང་པོ་ལ། རྩ་ལྟུང་གི་རྣམ་གཞག་བསྟན་པ་དང་། ཡན་ལག་གི་ཉེས་པ་གཞན་དུ་ཞལ་འཕངས་པའོ། །དང་པོ་ལ། རྩ་ལྟུང་བཅོ་བརྒྱད་སོ་སོའི་དབྱེ་བ། རྟེན་དང་ལྟུང་བའི་དབྱེ་བསྡུ། ཐུན་མོང་སྨོན་འཇུག་སྤངས་པ་རྩ་ལྟུང་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད་དོ། །དང་པོ་ནི། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་རྒྱལ་པོ། །ཞེས་པ་སྟེ། རྩ་ལྟུང་དང་པོ་དཀོན་མཆོག་གི་དཀོར་འཕྲོག་པ་ནི། སངས་རྒྱས་ཀྱི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་རྫས་དང་། དམ་པའི་ཆོས་ཀྱི་གླེགས་བམ་དང་ཆོས་སྨྲ་བའི་ཆ་རྐྱེན། དགེ་འདུན་རིས་སུ་ཆད་པའམ་མ་ཆད་པ་ལ་བསྔོས་ཤིང་འདུ་བའི་རྫས་ཞིང་ལ་སོགས་པ་གང་ཡང་རུང་བ། རིན་ཐང་མ་ཚང་ཡང་འདྲ་སྟེ། ཀུན་སློང་དྲག་པོས་འཕྲོག་པ་དང་རྐུ་བར་བྱེད་དམ། གཞན་བྱེད་དུ་བཅུག་ཀྱང་ཕམ་པར་འགྱུར་ཞིང་། དགེ་འདུན་ལས་རྐུ་ན་བདག་ཉིད་དེའི་གྲངས་སུ་གཏོགས་པར་ཤེས་ན་ལྟུང་བ་མེད་དོ། །རྩ་ལྟུང་གཉིས་པ་དམ་ཆོས་སྤོང་བ་ནི། ཐེག་པ་གསུམ་གང་ཡང་རུང་བའི་ལུང་གི་ཆོས་སྡེ་སྣོད་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་ལས་གང་རུང་དུ་གཏོགས་པའི་དགེ་བ་རྣམས་སྟོན་པའི་བཀའ་དང་ཐར་པ་ཐོབ་པའི་ཐབས་མ་ཡིན་ནོ་ཞེས་རང་གིས་སྤོང་བར་བྱེད་དམ་གཞན་སྤོང་དུ་འཇུག་པའོ། །རྩ་ལྟུང་གསུམ་པ་དགེ་སྦྱོང་ལ་ཆད་པས་གཅོད་པ་ནི། བསླབ་པ་བཟུང་མ་བཟུང་གི་རབ་བྱུང་ངམ། ཚུལ་ཁྲིམས་འཆལ་མ་འཆལ་གྱི་དགེ་སློང་གང་ཡིན་ཀྱང་རུང་སྟེ་རབ་བྱུང་གི་ཆ་ལུགས་འཛིན་པ་ལ། ཀུན་སློང་ཞེ་སྡང་བས། དེའི་ངུར་སྨྲིག་གི་གོས་འཕྲོག་གམ་བརྡེག་གམ། བཙོན་དུ་འཇུག་གམ། ཁྱིམ་སར་འབེབས་སམ། གསོད་པར་བྱེད་པ་ལས་གང་རུང་རེ་རེའམ་མང་དུ་བྱས་སམ་བྱེད་དུ་བཅུག་པའོ། །རྩ་ལྟུང་བཞི་པ་མཚམས་མེད་ལྔ་བྱེད་པ་ནི། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པའི་ལས་ལྔ་ལས་གང་ཡང་རུང་བ་བྱེད་པའོ། །རྩ་ལྟུང་ལྔ་པ་ལོག་ལྟ་འཛིན་པ་ནི། ལས་རྒྱུ་འབྲས་མེད་ཅེས་ལོག་པར་ལྟ་བས་མི་དགེ་བ་བཅུ་ལས་གང་ཡང་རུང་བ་ཞིག་བྱེད་དམ་བྱེད་དུ་བཅུག་པ་སྟེ། འདི་ནི་སེམས་ཀྱི་ལས་ཡིན་པས་སྐྱེས་ཙམ་ཉིད་ནས་དགེ་རྩ་ཆད་པས་ལྟུང་བར་འགྱུར་མོད། མི་དགེ་བའི་ལས་ལ་སྤྱོད་པའི་ཡན་ལག་གཞན་ཚང་ན་ཤིན་ཏུའང་ལྕི་བར་འགྱུར་རོ། །དེ་དག་ཀྱང་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་རྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་བ་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་སོ། །གཉིས་པ་ནི། གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པའང་བློན་པོར་ངེས་པ་ལྔ། །ཞེས་པ་སྟེ། གྲོང་ནི་ཁྱིམ་གཅིག་པ་ལ་སོགས་པ་དང་། ལྗོངས་ནི་མི་རིགས་བཞི་གནས་པའི་ཕྱོགས་དང་། གྲོང་ཁྱེར་ནི་བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས་དང་། །གྲོང་བརྡལ་ནི་ཚོང་པ་མང་པོ་འདུ་བའི་གནས་དང་། ཡུལ་འཁོར་ནི་ཙམ་པ་ཀ་སོགས་ཡུལ་ཆེན་པོ་རྣམས་ལས་གང་ཡང་རུང་བ་ཞེ་སྡང་གིས་མེ་ལ་སོགས་པས་འཇོམས་པར་བྱེད་པའོ། །འང་སྒྲ་ནི་སྡུད་པར་བྱེད་པ་སྟེ། ལོག་ལྟ་དོར་བའི་སྔར་གྱི་རྩ་ལྟུང་དང་པོ་བཞི་དང་། དེའི་སྟེང་དུ་གྲོང་སོགས་འཇོམས་པ་ལྔ་པོ་གཅིག་ཏུ་བགྲངས་པའང་རྩ་ལྟུང་ཡིན་པས་བློན་པོར་ངེས་པ་ལྔ་སྟེ། དེ་ལས། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །གསུམ་པ་ནི། མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་ཟློག་པས། །དེ་ཟློག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། །དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །ཅེས་པ་སྟེ། ལས་དང་པོ་པའི་རྩ་ལྟུང་ལ་བརྒྱད་ལས། དང་པོ་ནི། བློ་མ་སྦྱངས་པའི་སེམས་ཅན་ལ་སྣོད་མ་བརྟགས་པར་ཟབ་མོ་སྟོང་པ་ཉིད་བསྟན་པས་སྐྲ་གནས་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཉན་རང་གི་བྱང་ཆུབ་ཏུ་སྨོན་ན་སྟོན་པ་པོ་ལ་ལྟུང་བར་འགྱུར་ཞིང་། གལ་ཏེ་ཡུལ་ཀྱང་འཇུག་སྡོམ་དང་ལྡན་ན་དེ་ལའང་ལྟུང་བ་འབྱུང་ངོ་། །ལྟུང་བ་གཉིས་པ་ནི། སངས་རྒྱས་སྒྲུབ་པའི་ལམ་དུ་ཞུགས་པ་ལ་དེར་ཤེས་བཞིན་དུ་ཁྱོད་ཀྱིས་རྒྱུ་ཕྱིན་དྲུག་ལ་སྤྱོད་པ་དང་འབྲས་བུ་སངས་རྒྱས་ཐོབ་པར་མི་ནུས་པས་ཉན་ཐོས་སམ་རང་རྒྱལ་དུ་སེམས་བསྐྱེད་ཅིག་དང་། དེས་ཁྱོད་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྫོགས་བྱང་ལས་ཕྱིར་ལྡོག་པར་བྱེད་པའོ། །ལྟུང་བ་གསུམ་པ་ནི། ཉན་ཐོས་ཀྱི་རིགས་ཅན་སོ་སོ་ཐར་པ་ལ་སློབ་པའམ། རབ་ཏུ་བྱུང་མ་ཟིན་ཀྱང་སློབ་པར་འདོད་པ་དག་ལ། དགོས་པ་ཁྱད་པར་ཅན་མེད་པར་ཁྱོད་སོ་ཐར་ལ་བསླབས་པས་ཅི་ཞིག་བྱ་སྟེ། རྫོགས་བྱང་དུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་ལྷོགས་ཤིག་དང་། དེས་ཉེས་པར་བྱས་པའི་ལས་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་འཇོམས་སོ་ཞེས་ཐེག་ཆེན་ལ་སློབ་ཏུ་འཇོག་པའོ། །ལྟུང་བ་བཞི་པ་ནི། ཉན་ཐོས་ཀྱི་ཐེག་པས་ཆགས་སོགས་ཉོན་མོངས་པ་སྤོང་མི་ནུས་པས་ཐེག་ཆེན་ཉིད་ལ་སློབས་ཤིག །ཅེས་ཉན་ཐོས་ལ་ཐར་ལམ་མེད་པར་རང་འཛིན་ཅིང་། དགོས་པ་ཁྱད་པར་ཅན་མེད་པར་གཞན་ཡང་འཛིན་དུ་འཇུག་པའོ། །ལྟུང་བ་ལྔ་པ་ནི། རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གྱི་བྱང་སེམས་གཞན་ལ་ཕྲག་དོག་གིས་དེའི་སྐྱོན་བདེན་པའམ་རྫུན་པ་གང་རུང་བརྗོད་པས་སྨོད་ཅིང་། བདག་ཉིད་ལ་མི་ཆོས་བླ་མའི་ཡོན་ཏན་མེད་ཀྱང་ཡོད་པར་བསྒྲགས་པ་གཞན་གྱིས་གོ་བའོ། །ལྟུང་བ་དྲུག་པ་ནི། རྙེད་བཀུར་གྱི་ཕྱིར་མ་རྟོགས་བཞིན་དུ་བདག་གིས་ཆོས་ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་ལོག་པར་སྨྲ་པ་གཞན་གྱིས་གོ་བའོ། །ལྟུང་བ་བདུན་པ་ནི། རྒྱལ་རིགས་ལྟ་བུ་དབང་པོ་ཆེ་དང་། ཆོས་འདི་པའི་དགེ་སྦྱོང་ཕྲ་མས་ཕྱེ་ནས། དབང་པོ་ཆེའི་ཕྱོགས་ལས་བརྟེན་ཏེ། དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་དུ་འཇུག་པ་དང་། དེའི་རྐྱེན་གྱིས་དགེ་སྦྱོང་གིས་དཀོན་མཆོག་གི་དཀོར་བརྐུས་ནས་ཕྲ་མ་བྱེད་པ་ལ་ཕག་སུག་ཏུ་ཕུལ་བ། དེ་དག་ཕྲ་མ་བྱེད་པ་རང་གིས་ལེན་ནམ། དབང་པོ་ཆེ་ལ་བྱིན་པས་ནོར་བདག་གིར་བྱས་ན་དེ་གཉིས་ཀ་ལ་ལྟུང་བར་འགྱུར་རོ། །ལྟུང་བ་བརྒྱད་པ་ནི། ཆོས་ལྡན་གྱི་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ། ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་དུ་འཇུག་པ་དང་། དགེ་སློང་སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ཕྲོགས་ནས་ཀློག་པ་ཁ་ཏོན་པ་ལ་སྟེར་བའམ་སྟེར་དུ་འཇུག་པ་སྟེ། ལེན་པ་པོ་ཡང་ཕྲོག་པ་པོའི་ཕྱོགས་སུ་གཏོགས་ན་རྩ་ལྟུང་འབྱུང་ངོ་། །དེ་དག་ཀྱང་། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལྡོག་པ་དང་། །སོ་སོ་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིག་བཤད་སྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་པའི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །གཉིས་པ་ནི། དེ་དེར་འབྱུང་ཉེས་བཞག་གིས་ཀུན་ལ་ཀུན། །མིང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །ཞེས་པས་འདིར་རྒྱལ་པོ་དང་། བློན་པོ་དང་། ལས་དང་པོ་པའི་ལྟུང་བ་ཞེས་སྨོས་པ་ནི། གཙོ་བོར་དེ་དང་དེ་ལ་འབྱུང་ཉེ་བས་བཞག་པ་སྟེ། དཔེར་ན་ལྟུང་བའི་རྟེན་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ཕྱིར་འདིར་མི་དང་མི་མ་ཡིན་ལ་ངེས་པ་མེད་ཀྱང་བསླབ་བཏུས་ཀྱི་ལས་དང་པོ་པའི་ལྟུང་བའི་མཚམས་སྦྱོར་དུ། རིགས་ཀྱི་བུའམ་རིགས་བུ་མོ་ཞེས་འབྱུང་ཉེ་བའི་དབང་དུ་མཛད་ནས་ཕོ་མོ་གང་རུང་དངོས་སུ་སྨོས་པ་བཞིན་ནོ། །དེས་ན་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་ཡན་ཆད་ལ་རྩ་ལྟུང་འབྱུང་བ་མི་སྲིད་པས། སོ་སོ་སྐྱེ་བོའི་གང་ཟག་མི་དང་གནོད་སྦྱིན་སོགས་གང་ཡང་རུང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ལས་དང་པོ་པ་ཀུན་གྱི་ལྟུང་བ་ཡིན་པར་གསུངས་ཏེ། བསླབ་བཏུས་ལས། གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེ་རང་གི་མིང་གིས་སྨོས་ཏེ་བསྟན་པ་འཇིགས་པ་བསྐྱེད་པའི་ཕྱིར་བཟློག་གོ། །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་སྤང་བར་བྱའོ། །ཞེས་སོ། །དེ་ལྟར་བཅོ་བརྒྱད་པོ་དེ་རྣམས་མིང་གི་སྒོ་ནས་སམ་དོན་གྱི་སྒོ་ནས་ཕྱེ་བ་གང་ཡིན་ཞེ་ན། མདོ་ལས་མིང་བཅོ་བརྒྱད་དུ་ཕྱེ་ཡང་དོན་གྱི་སྒོ་ནས་རྫས་བཅུ་བཞིར་འདུ་སྟེ། བློན་པོའི་རྩ་ལྟུང་དང་པོ་བཞི་རྒྱལ་པོའི་རྩ་ལྟུང་དང་པོ་བཞི་ལས་ལྟུང་བ་ཐ་དད་མེད་པའི་ཕྱིར་རོ། །གསུམ་པ་ནི། སྨོན་འཇུག་སེམས་བཏང་དེ་རྣམས་རྩ་ལྟུང་ཡིན། །ཞེས་པ་སྟེ། ཐེག་པ་དམན་པར་སེམས་བསྐྱེད་པའམ། སེམས་ཅན་བློས་སྤངས་ན་སྨོན་སེམས་བཏང་བ་སྟེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཞེས་པས་སྔར་གྱི་རྩ་ལྟུང་བཅོ་བརྒྱད་ཀྱི་སྟེང་དུ་སྨོན་པ་བཏང་བས་བཅུ་དགུ་དང་། དེའི་སྟེང་དུ་དཀོན་བརྩེགས་ལས་བཤད་པ་ལྟར་འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་བསྣན་པས་རྩ་ལྟུང་ཉི་ཤུར་འགྱུར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་དབང་པོའི་རིམས་པས་ཕྱེ་ན་བསླབ་བྱ་གསུམ་སྟེ། ནམ་མཁའ་སྙིང་པོའི་མདོ་དང་བསླབ་བཏུས་ལས་གསུངས་པའི་བཅོ་བརྒྱད་དམ་བཅུ་བཞི་ནི་དབང་རྣོན་གྱི་ཐུན་མོང་མ་ཡིན་པའི་རྩ་ལྟུང་ཡིན་ལ། དབང་འབྲིང་ཡན་ཆད་ཀྱི་བསླབ་བྱ་ལ་བཞིར་བསྟན་ཏེ། ཐབས་ལ་མཁས་པའི་མདོའི་དོན་བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པས། །ཁྲོས་པས་སེམས་ཅན་རྡེག་པ་དང་། །ཉོན་མོངས་པ་དང་གནས་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་སོ། །དབང་རྟུལ་ལ་བསླབ་བྱ་གཅིག་ཏུ་བསྟན་པ་ནི། བཤད་མ་ཐག་པའི་སྨོན་སེམས་མི་འདོར་བ་ལ་བསླབ་པ་ཉིད་ཡིན་ལ། འདི་ནི་བྱང་སེམས་དབང་པོ་རྣོ་རྟུལ་འབྲིང་གསུམ་མཐའ་དག་གིས་ངེས་པར་སློབ་དགོས་པའི་བསླབ་བྱ་སྟེ། གཞོན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་སེམས་ཉམས་ན། བྱང་སེམས་ཀྱི་སྡོམ་པ་ལས་ཉམས་བྱེད་ཀྱི་རྩ་ལྟུང་ཤིན་ཏུ་ལྕི་བ་ཡིན་པའི་ཕྱིར། དེ་ལྟར་ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། ཁྱོད་ནི་འདི་ལྟར་བྱ་བ་མང་བ། བྱེད་པ་མང་བ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱིས། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བའི་སྨོན་པ་དང་གསུམ་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། བཏུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུང་སྟེ་སྒོམས་ཤིག །གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་ཅིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ། དེ་ལྟར་ན་རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ལ། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། སྡུད་པ་ལས་ཀྱང་། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །འོ་ན་དབང་པོའི་ཁྱད་པར་གྱིས་བྱང་སེམས་ཀྱི་བསླབ་བྱ་ལ་མང་ཉུང་སོ་སོར་སྟོན་པའི་འཐད་པ་གང་སྙམ་ན། སྔར་སྡོམ་པ་ལེན་ཆོག་ཏུ། ཀླུ་སྒྲུབ་ལུགས་ལ་སྨོན་འཇུག་སྟབས་གཅིག་ཏུ་ལེན་པར་བཤད་པ་དེ་ཡང་མཐའ་གཅིག་ཏུ་ཡོངས་རྫོགས་ལེན་པར་མ་ངེས་ཏེ། སྨོན་པའི་བསླབ་བྱ་རྫོགས་བྱང་བར་ངེས་པར་བླངས་དགོས་ཀྱང་། འཇུག་པའི་བསླབ་བྱ་གང་ཟག་གི་བློ་རིམ་དང་བསྟུན་ནས་ཇི་ཙམ་བསྲུང་ནུས་པ་ཙམ་ཞིག་བླངས་ནས་བསླབ་རུང་བར་བཤད་པའི་ཕྱིར། དེ་ལྟར་ཡང་བསླབ་བཏུས་ལས། བསླབ་པ་གཅིག་སྒྲུབ་པ་ན་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། ཞེས་དང་། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ཏེ་བླངས་ནས་སྡོམ་པ་བཟུང་བར་བྱའོ། །ཞེས་སོ། །དེས་ན་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་སྨོན་སྡོམ་བཟུང་བ་དེས། འཇུག་པ་ལ་ཇི་ཙམ་ནུས་བློའི་སྟོབས་དང་རིམ་གྱིས་སྦྱར་ནས། བློའི་མཐུས་ཉམས་འོག་ཏུ་ཆུག་པ་དང་ལེན་པ་ནི་གདུལ་བྱ་བཀྲི་ཚུལ་གྱི་ཐབས་ལ་མཁས་པ་ཡིན་ནོ། །གཉིས་པ་ནི། ཡན་ལག་ཉེས་བྱས་བརྒྱད་ཅུ་ལ་སོགས་པ། །ཕྲ་ཕྱིར་འདིར་ནི་མ་བཤད་བསླབ་བཏུས་བལྟ། །ཞེས་པ་སྟེ། བསླབ་བཏུས་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་། མ་འོངས་པའི་སྡུག་བསྔལ་དང་། ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང་། ཞེས་སོགས་གསུངས་པ་ལྟར། ཡན་ལག་གི་ཉེས་བྱས་བརྒྱད་ཅུ་སྟེ། བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་རྩ་བཞི། སྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག །དེ་དག་ལས་ཕྱེ་བས་བརྒྱད་ཅུའོ། །དང་པོ་ནི། གཞན་གྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ཞི་བར་ནུས་བཞིན་དུ་ཞི་བར་མི་བྱེད་པ་དང་། བདེ་བ་དང་ཡིད་བདེ་བ་བསྐྱེད་ནུས་བཞིན་དུ་བསྐྱེེད་པར་མི་བྱེད་པ་གཉིས་ཏེ་དབྱེ་གཞིའོ། །དེ་གཉིས་ལ་ལུས་དང་སེམས་ཀྱི་རྟེན་སོ་སོས་ཕྱེ་བས་བཞི། དེ་ལ་ད་ལྟ་དང་མ་འོངས་པའི་དུས་ཀྱིས་ཕྱེ་བས་བརྒྱད། དེའི་ཆེད་དུ་སྒོ་གསུམ་མི་བརྩོན་པ་དང་། ཕན་པའི་རྒྱུ་རྐྱེན་མི་ཚོལ་བ་དང་། གཉེན་པོའི་ཕྱོགས་ལ་མི་འབད་པ་སྟེ། དེ་ལྟར་རྗེས་སྒྲུབ་ཀྱི་སྒོ་གསུམ་པོ་དེས་ཕྱེ་བས་ཉི་ཤུ་རྩ་བཞིའོ། །གཉིས་པ་ནི། སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་ཆུང་ངུ་མི་བསྐྱེད་པ་གཞིར་བཞག་ནས། དེ་གཉིས་ལ་འདི་དང་ཕྱི་མའི་སྐྱེ་བས་ཕྱེ་བས་བཞི། རང་དང་གཞན་གྱི་རྒྱུད་ཀྱིས་ཕྱེ་བས་བཞི། ཡང་བདེ་བ་དང་ཡིད་བདེ་བ་ཆེན་པོའི་ཕྱིར་ཆུང་ངུ་ཉམས་པར་མི་བྱེད་པ་གཞིར་བཞག་ནས། སྔར་ལྟར་སྐྱེ་བ་དང་རྒྱུད་ཀྱིས་ཕྱེ་བས་བརྒྱད་དེ་བཅུ་དྲུག་གོ། །གསུམ་པ་ནི། དེ་ལྟར་བཞི་བཅུ་པོ་རེ་རེ་ལའང་། རེ་ཞིག་ཡལ་བར་འདོར་བ་དང་། གཏན་དུ་ཡལ་བར་འདོར་བ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུའོ། །སོགས་ཁོངས་ནས་ནི་ཕྱོགས་མཐུན་གྱི་ཉེས་པ་ཐེག་ཆེན་གྱི་མདོ་སྡེ་སྣ་ཚོགས་སུ་ཐོར་བུར་བཤད་པ། མི་དགེ་བ་བཅུ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་། ལོག་པའི་རྟོག་པ་བརྒྱད་དང་། ལོག་འཚོ་ལྔ་དང་། སྤྱོད་ཡུལ་མིན་པ་ལྔ་དང་། སྡིག་གྲོགས་དང་། སྡིག་ལྟ་འཛིན་པ་སོགས་བདུད་ཀྱི་ལས་རྣམས་དང་། ལྟ་བས་གཟིངས་པ་དང་། དགེ་བ་འཛད་པའི་རྒྱུ་བཞི་ལ་སོགས་པ་རྣམས་སྤང་བར་བྱ་ཞིང་། ཡན་ལག་གི་ལྟུང་བ་གཞན་ཡང་། རྩ་བར་མ་གཏོགས་པའི་ལུས་ངག་ཡིད་ཀྱི་དགག་པ་དང་སྒྲུབ་པའི་བསླབ་བྱ་རྣམས་ལས་ཉམས་པ་སྟེ། དོན་མེད་པའི་རྒྱུག་མཆོང་ལ་སོགས་པ་དང་། བྲེ་མོའི་གཏམ་སྨྲ་བ་ལ་སོགས་པ་དང་། ཆགས་སྡང་མི་སྤོང་བ་སོགས་དགག་པའི་བསླབ་བྱ་ལས་ཉམས་པ་དང་། མིག་ཕབ་སྟེ་བལྟ་བར་བྱ་བ་ལ་སོགས་པ་དང་། ལེགས་པར་འོངས་སོ་ཞེས་བྱ་བ་ལ་སོགས་པ་དང་། བྱམས་སྙིང་རྗེ་སྒོམ་ཞིང་དྲན་པ་དང་ཤེས་བཞིན་དང་བག་ཡོད་བརྟེན་པ་སོགས་སྒྲུབ་པའི་བསླབ་བྱ་ལས་ཉམས་པ་སྟེ། དེ་རྣམས་ཀྱི་ནང་དུ་དབང་པོ་འབྲིང་རྟུལ་གྱི་ཉེས་པ་ཐམས་ཅད་ཀྱང་འདུ་བར་གསུངས་སོ། །གཉིས་པ་ཐོགས་མེད་ཀྱི་ལུགས་ལ་གཉིས་ཏེ། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱའོ། །དང་པོ་ལ། སྤྱིར་བཏང་བ་དང་། དཀར་ནག་ཆོས་བརྒྱད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐོགས་མེད་ལུགས་ཀྱི་སྨོན་པའི་བསླབ་བྱ་ལ། །སེམས་ཅན་བློས་མི་བཏང་དང་ཕན་ཡོན་དྲན། །ཚོགས་བསག་བྱང་སེམས་སྦྱང་ལ་བརྩོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་པ་ལྟར་ལྔ་ལས། རྩ་བའི་བསླབ་བྱ་སྨོན་སེམས་མི་འཆོར་བའི་ཐབས་ནི། སེམས་ཅན་བློས་མི་གཏོང་བ་སྟེ། སེམས་ཅན་གང་ཡང་རུང་བས་རང་གི་སེམས་སུན་ཕྱུང་བ་ལ་བརྟེན་ནས། ད་ནི་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་གདགས། གནོད་པ་བཟློགས་པའི་དུས་བྱུང་ཡང་མི་བཟློག་སྙམ་པ་ནི་སེམས་ཅན་དེ་ཉིད་བློས་སྤངས་པ་སྟེ། དེ་ལས་བཟློག་ནས་རང་གི་ཕན་བཏགས་པ་ལ་ལན་དུ་གནོད་པ་བྱས་ནའང་ཡང་ལན་སྙིང་རྗེས་སློན་པ་ནི་སེམས་ཅན་བློས་མི་གཏོང་བ་སྟེ། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པུ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་བཏང་བའོ། །ཞེས་སོ། །རྟག་ཏུ་བྱང་སེམས་ཀྱི་ཕན་ཡོན་དྲན་པས་གཅེས་པར་འཛིན་པ་ནི་མི་ཉམས་པའི་ཐབས་ཏེ། ལམ་སྒྲོན་ལས། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་པས་སྡོང་པོ་བཀོད་པའི་མདོར་དཔེ་ཉིས་བརྒྱ་དང་སུམ་ཅུས་བཤད་པ་རྣམས་ལེགས་པར་བལྟས་ལ་དྲན་པར་བྱའོ། །དགེ་བའི་འདུན་པ་སྔོན་དུ་བཏང་སྟེ། སྦྱིན་སོགས་བསོད་ནམས་ཀྱི་སྤྱོད་པ་དང་། དེ་ཡང་འཁོར་གསུམ་མི་རྟོག་པས་ཟིན་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཟུང་འབྲེལ་དུ་བསག་པ་ནི། སེམས་དེའི་སྟབས་བསྐྱེད་པ་སྟེ། ཚོགས་ཀྱི་གཏམ་ལས། དེ་རིང་བདག་གིས་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་བྱ་དང་། །སེམས་ཅན་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་རྟག་ཏུ་བསམ། །ཞེས་སོ། །ཡང་ཡང་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བརྩོན་པ་ནི། འཕེལ་བའི་ཐབས་ཏེ། རྒྱུ་ལ་སྦྱང་བ་བྱམས་སྙིང་རྗེ་སྒོམ་པ། །སེམས་དངོས་སྦྱང་བ་ཉིན་མཚན་ཐུན་དྲུག་ཏུ་སེམས་བསྐྱེད་བླང་བ། བྱང་སེམས་ཀྱི་སྤྱོད་པ་སྦྱང་བ་རང་གི་བདེ་དགེ་སེམས་ཅན་ལ་བསྔོ་ཞིང་གཞན་གྱི་སྡིག་སྡུག་བདག་ལ་ལེན་པའི་གཏོང་ལེན་སྦྱོང་བ་སྟེ། ལམ་སྒྲོན་ལས། བྱང་ཆུབ་སྨོན་པའི་སེམས་དང་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་འཕེལ་བྱ་ཞིང་། །ཞེས་སོ། །བྱང་ཆུབ་ཀྱི་སེམས་མི་བརྗོད་པའི་ཐབས་སུ་ཀུན་མཁྱེན་ཆེན་པོས། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། །དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། །ཞེས་པས་དཀར་ནག་གི་ཆོས་བརྒྱད་ལ་བླང་དོར་མ་ནོར་བར་བྱའོ། །དེ་དག་ཀྱང་རྗེ་བཙུན་སྒམ་པོ་པས། སེམས་ཅན་བློས་མི་བཏང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་བསག་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། མཆོད་འོས་སླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་སྤྱོད། །ནག་པོའི་ཆོས་བཞི་སྤང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་པ་སྟེ། རྫུན་གྱིས་བླ་མ་དང་མཁན་སློབ་ཀྱི་དབུ་བསྐོར་བ་སོགས་ནག་པོའི་ཆོས་བཞི་སྤང་བར་བྱ་སྟེ། དཀོན་བརྩེགས་ཀྱི་འོད་སྲུང་གིས་ཞུས་པའི་ལེའུ་ལས། འོད་སྲུང་། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པའོ། །ཞེས་སོ། །དེ་བཞི་ལས་ལྡོག་པ་ནི། དཀར་པོའི་ཆོས་བཞི་ཡིན་པས་བསྒྲུབ་པར་བྱ་སྟེ། དེ་ཉིད་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་རྫུན་དུ་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་འགོད་པའོ། །ཞེས་སོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། རྩ་ལྟུང་བཤད་པ་དང་། ཡན་ལག་གི་ཉེས་པ་གཞན་དུ་ཞལ་འཕངས་པའོ། །དང་པོ་ནི། རྙེད་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ནོར་དང་ཆོས་མི་སྟེར། །ཁྲོ་བས་གཞན་འཚེ་ཤད་སྦྱང་གིས་མི་ལྡོག །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་པ་སྟེ། རྩ་ལྟུང་བཞི་པོ་འདི་དག་མདོ་སྡེ་ན་འཐོར་ནས་བཞུགས་པ་འཕགས་པ་ཐོགས་མེད་ཀྱིས་བྱང་སར་བསྡུས་པ་ཡིན་ཏེ། དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དེ་དང་དེ་དག་ཏུ་འཐོར་བུར་གསུངས་པ་དེ་དག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་འདིར་ཚང་བར་བཤད་དོ། །ཞེས་སོ། །དེ་ལ་ཆགས་པ་དང་། སེར་སྣ་དང་། ཞེ་སྡང་དང་། གཏི་མུག་ལས་གྱུར་པའི་དབྱེ་བས་རྩ་ལྟུང་བཞི་སྟེ། འདི་ལྟར་རྙེད་པ་ཡོན་འབུལ་བའམ། བཀུར་སྟི་གདན་སྟོབ་པ་སོགས་ལ་ལྷག་པར་ཞེན་པའི་ཀུན་དཀྲིས་ཆེན་པོས་རྙེད་བཀུར་ཐོབ་ཕྱིར་བདག་ལ་བསྟོད་པའམ། རྙེད་བཀུར་ཅན་གཞན་ལ་སྨོད་པ། ཕ་རོལ་པོ་གང་ཡང་རུང་བས་གོ་ན་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་དང་པོའོ། །སྡུག་བསྔལ་བ་དང་བཀྲེན་པ་དང་མགོན་མེད་པའི་སློང་བ་པོ་ལ་སེར་སྣའི་ཀུན་དཀྲིས་ཆེན་པོས་ཟང་ཟིང་འདོད་པ་ལ་ནོར་ཅུང་ཟད་ཙམ་མམ། སྣོད་དུ་གྱུར་ཀྱང་དམ་པའི་ཆོས་མི་སྟེར་བ་ནི་གཉིས་པའོ། །གཞན་གྱིས་བྱ་བ་མི་རིགས་པ་བྱས་པ་ཤད་ཀྱིས་སྦྱངས་ཀྱང་འཁོན་ཞེ་ལ་བཟུང་བའི་ཀུན་དཀྲིས་ཆེན་པོས་མི་ལྡོག་པའམ། ཁྲོ་བས་ཚིག་རྩུབ་སྨྲས་པ་ཙམ་གྱིས་མི་ཚིམ་པ་གཞན་ལ་རྡེག་ཅིང་འཚོག་པས་འཚེ་བར་བྱེད་པ་ནི་གསུམ་པའོ། །གཏི་མུག་གི་ཀུན་དཀྲིས་ཆེན་པོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བཀའ་མ་ཡིན་ཞེས་པ་ལྟ་བུའི་སྐུར་འདེབས་ཀྱིས་སྤོང་བའམ། རང་ངམ་གཞན་དག་གི་གཡོམ་ལས་ཆོས་ལྟར་བཅོས་པ་ལ་མོས་ནས་དམ་པའི་ཆོས་མ་ཡིན་པ་ཆོས་སུ་བཅོས་ཏེ་སྟོན་པར་བྱེད་ན་བཞི་པའོ། །དེ་ལྟར་ཡང་སྡོམ་པ་ཉི་ཤུ་པ་ལས། ཉོན་མོངས་དྲག་ལས་བྱུང་བ་ཡིས། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པར་འདྲ་བ་དགོངས་པ་ཡིན། །རྙེད་དང་བཀུར་སྟེར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་སོ། །འདིར་ཕམ་འདྲ་ཞེས་པ་ནི། བྱང་སེམས་ཀྱི་ཕམ་འདྲར་བཞེད་པ་ནི་མ་ཡིན་ཏེ། ཉན་ཐོས་ཀྱི་དགེ་སློང་ལ་ཕམ་པ་ལྕི་བ་དང་འདྲ་བར་འདི་བཞི་པོ་བྱང་སེམས་ལ་ཉེས་པ་ལྕི་བའི་རྩ་ལྟུང་ཡིན་པར་སྟོན་པའོ། །དེ་ལྟར་ཆགས་པ་ལས་གྱུར་པ་སོགས་བསམ་པའི་སྒོ་ནས་རྩ་ལྟུང་བཞི་ཡིན་ཀྱང་། སྦྱོར་བའི་སྒོ་ནས་བཞི་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་ནས་བརྒྱད་དུ་འགྱུར་བར་ཇོ་བོ་རྗེ་བཞེད་དེ། བདག་བསྟོད་གཞན་སྨོད་གཉིས་དང་། ཆོས་དང་ནོར་མི་སྟེར་བ་གཉིས་དང་། ཉེས་པ་ཤད་སྦྱང་བྱས་ཀྱང་མི་ཉན་པ་དང་གཞན་ལ་འཚོག་པ་གཉིས་དང་། ཐེག་ཆེན་སྤོང་བ་དང་དམ་ཆོས་འདྲར་སྣང་སྟོན་པ་གཉིས་ཏེ་བརྒྱད་དོ། །བྱང་ས་ལས་ཀྱང་། ཁྲོས་པས་སེམས་ཅན་རྡེག་པ་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་དང་། །ཞེས་རྩ་ལྟུང་སོ་སོར་བྱས་སོ། །གཉིས་པ་ནི། ཉེས་བྱས་ཕྲ་བ་ཞེ་དྲུག་གཞན་དུ་ཤེས། །ཞེས་པས། སྡོམ་པ་ཉི་ཤུ་པར་ཉེས་བྱས་ཕྲ་བ་བཞི་བཅུ་རྩ་དྲུག་གསུངས་ཏེ། དགེ་བ་ཆོས་སྡུད་དང་འགལ་བ་སོ་བཞི་དང་། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་སོ། །དང་པོ་ལ་སྡེ་ཚན་དྲུག་ལས། སྦྱིན་པ་དང་འགལ་བ་བདུན་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་བོས་བདག་གིར་མི་བྱེད་ཅིང་། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཅེས་སོ། །ཚུལ་ཁྲིམས་དང་འགལ་བ་དགུ་ནི། ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་ན་མི་དགེ་མེད། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ཞིང་རབ་ཏུ་རྒོད་པ་སོགས། །འཁོར་བ་གཅིག་པུས་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་ཆོས་མི་བྱེད། ཅེས་སོ། །བཟོད་པ་དང་འགལ་བ་བཞི་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་། །ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་སོ། །བརྩོན་འགྲུས་དང་འགལ་བ་གསུམ་ནི། རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཞེས་སོ། །བསམ་གཏན་དང་འགལ་བ་གསུམ་ནི། ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཞེས་སོ། །ཤེས་རབ་དང་འགལ་བ་བརྒྱད་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་ཅིང་ཡི་གེར་རྟེན། །ཞེས་སོ། །གཉིས་པ་ལ་སྡེ་ཚན་གསུམ་ལས། གཞན་དོན་ལས་ཉམས་པའི་ཉེས་པ་བཞི་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་དང་། །བག་མེད་པ་ལ་རིགས་མི་སྟོན། །ཞེས་སོ། །གཞན་ལ་ཕན་མི་འདོགས་པའི་ཉེས་པ་དྲུག་ནི། བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །ཅེས་སོ། །ངན་པ་ཚར་མི་གཅོད་པའི་ཉེས་པ་གཉིས་ནི། རྐྱེན་དང་འཚམས་པར་ཚར་མི་གཅོད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་སོ། །དེ་ལྟར་བཞི་བཅུ་ཞེ་དྲུག་པོ་འདི་དག་ཅི་རིགས་པར་གསུམ་གསུམ་དུ་ཕྱེ་ནས་བཤད་དེ། འགྲེལ་པར། གལ་ཏེ་མ་གུས་པ་དང་སྙོམས་ལས་དང་ལེ་ལོས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗེད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །ཞེས་སོ། །འོ་ན་ཉེས་སྤྱོད་སྡོམ་པ་དང་འགལ་བའི་ཉེས་པ་གང་ཞེ་ན། དེ་འདིར་བཤད་མི་དགོས་ཏེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོ་ཐར་པའི་སྡོམ་པ་རིགས་བདུན་པོ་གང་ཡིན་པ་སྟེ། ཞེས་པས་ཕལ་ཆེར་ཉན་ཐོས་དང་མཐུན་པའི་ཕྱིར། རྟེན་རབ་བྱུང་ཡིན་ན་སོ་ཐར་གྱི་ཕམ་བཞི་འདིར་ཡང་རྩ་ལྟུང་དང་། དེར་མ་གཏོགས་པའི་ཉེས་ལྟུང་རྣམས་བྱང་སེམས་ཀྱི་ཡན་ལག་གི་ཉེས་པ་འགྱུར་མོད། འོན་ཀྱང་རབ་བྱུང་གི་བཅས་ལྟུང་རྣམས་བསླབ་བཏུས་ལ་སོགས་པར་བྱང་སེམས་ཀྱི་ལྟུང་བ་ཉིད་དུ་མི་བགྲང་བ་ནི་ཁྱིམ་པ་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་ལྟུང་བར་མ་ངེས་པའི་ཕྱིར་སྙམ་དུ་དགོངས་སོ། །གཉིས་པ་སྲོལ་གཉིས་ཀྱི་ལྟུང་བའི་ཁྱད་པར་ལ་དཔྱད་པ་ནི། རྩ་ལྟུང་བཅོ་བརྒྱད་དང་རྩ་ལྟུང་བཞིར་གསུངས་པ་གཉིས་མི་འགལ་ལམ་ཞེ་ན། འདི་ལ་བཞེད་ལུགས་མི་འདྲ་པ་གསུམ་ལས། དང་པོ་སློབ་དཔོན་བྱང་ཆུབ་བཟང་པོ་ནི། བྱང་སའི་བཞི་པོ་རྩ་ལྟུང་དངོས་ཡིན་ལ། དེ་ལས་གཞན་པ་རྩ་ལྟུང་བཅོ་བརྒྱད་པོ་ནི་སྔར་བསྐྲུན་པའི་དགེ་རྩ་རྣམ་པར་གཅོད་པ་ལས་སྡོམ་པ་འཇིག་པའི་རྒྱུ་མ་ཡིན་པས་རྩ་ལྟུང་བཏགས་པ་བའོ་ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་བཤད་དོ། །གཉིས་པ་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་བཞེད་པ་ནི། ཐུབ་པ་དགོངས་རྒྱན་ལས་སྡེ་སྣོད་ལས་གསུངས་པའི་བཞི་པོ་ཉིད་ཀྱི་གཞན་འདི་རྣམས་ཡང་དག་པར་བསྡུས་པས་སོ། །ཞེས་པས་བྱང་ཆུབ་སེམས་དཔའི་རྩ་ལྟུང་ནི་བྱང་ས་ལྟར་བཞི་པོ་ཉིད་ཡིན་ལ། ནམ་མཁའ་སྙིང་པོའི་མདོ་ལས་གསུངས་པ་དེ་རྣམས་རྩ་ལྟུང་མཚན་ཉིད་པ་ཡིན་ཀྱང་བཞི་པོའི་ཁོངས་སུ་འདུས་པར་བཞེད་དོ། །ཇི་ལྟར་ན། རྒྱལ་བློན་གྱི་རྩ་ལྟུང་གཉིས་པ་དམ་པའི་ཆོས་སྤོང་བ་དང་། ལས་དང་པོ་པའི་རྩ་ལྟུང་དང་པོ་བློ་མ་སྦྱངས་པར་སྟོང་ཉིད་སྟོན་པ། ཐབས་ལ་མཁས་པའི་མདོར་གསུངས་པའི་བྱང་ཆུབ་ཀྱི་སེམས་འདོར་བ་གསུམ་ཐེག་ཆེན་སྤོང་བ་དང་། རྒྱལ་པོའི་རྩ་ལྟུང་ལྔ་པ་ལོག་ལྟས་གཞན་མི་དགེ་བ་བཅུ་ལ་དགོད་པ། ལས་དང་པོ་པའི་རྩ་ལྟུང་གཉིས་པ་རྫོགས་བྱང་ལས་ལྡོག་པ་གཉིས་དམ་ཆོས་འདྲར་སྣང་སྟོན་པས། དེ་ལྟར་ལྔ་དང་མཚམས་མེད་ཀྱི་ནང་ཚན་དགེ་འདུན་དབྱེན་དང་དྲུག་བྱང་སའི་རྩ་ལྟུང་བཞི་པར་འདུའོ། །ལས་དང་པོ་པའི་རྩ་ལྟུང་གསུམ་པ་དང་བཞི་པ་ནི་གཞན་སྨོད་དང་། དྲུག་པ་བདག་བསྟོད། ལྔ་པ་བདག་བསྟོད་གཞན་སྨོད་གཉིས་ཀ་ཡིན་པས། དེ་ལྟར་བཞི་ནི་བྱང་སའི་རྩ་ལྟུང་དང་པོར་འདུའོ། །རྒྱལ་བློན་གྱི་རྩ་ལྟུང་གསུམ་པ་ལས་རབ་བྱུང་ལ་རྡེག་པ་སོགས་བྱེད་པ་དང་། དབྱེན་མ་གཏོགས་པའི་མཚམས་མེད་གཞན་བཞི་པོ་དང་། བློན་པོའི་གྲོང་སོགས་འཇོམས་པ་གསུམ་ནི་བྱང་སའི་རྩ་ལྟུང་གསུམ་པར་འདུའོ། །རྒྱལ་བློན་གྱི་རྩ་ལྟུང་དང་པོ་དང་། གསུམ་པ་ལས་དུར་སྨྲིག་འཕྲོག་པ་དང་། ལས་དང་པོ་པའི་རྩ་ལྟུང་བདུན་པ་དཀོན་མཆོག་གི་དཀོར་རྐུར་འཇུག་ཅིང་རྐུ་བ་གཉིས་དང་། བརྒྱད་པ་ཞི་གནས་པའི་ནོར་ཁ་ཏོན་པ་ལ་སྟེར་བ་དང་ལེན་པ་སྟེ་དྲུག་ནི་ནོར་གྱི་སེར་སྣ་དང་། ཞི་གནས་འདོར་འཇུག་ཆོས་ཀྱི་སེར་སྣ་ཡིན་པས། དེ་ལྟར་བདུན་པོ་བྱང་སའི་རྩ་ལྟུང་གཉིས་པར་འདུ་སྟེ། དེས་ན་རྩ་ལྟུང་བཞི་པོ་ལས་གཞན་མེད་དོ་ཞེས་བཞེད། འདིར་མཁས་པ་དག །ལས་དང་པོ་པའི་རྩ་ལྟུང་གསུམ་པ་དང་བཞི་པས་ཐེག་ཆེན་གྱི་ཕྱོགས་གཅིག་སྡོམ་པའི་ཚུལ་ཁྲིམས་སྤོང་བ་དང་། བརྒྱད་པ་དམ་ཆོས་འདྲར་སྣང་སྟོན་པར་བྱས་ནས་བྱང་སའི་རྩ་ལྟུང་བཞི་པར་བསྡུས་ཤིང་། ལས་དང་པོ་པའི་རྩ་ལྟུང་བདུན་པ་བྱང་སའི་གསུམ་པར་བསྡུས་པའང་སྣང་སྟེ་གང་ལྟར་ཡང་མི་འགལ་ལོ། །གསུམ་པ་སློབ་དཔོན་ཆེན་པོ་ཞི་བ་ལྷའི་དགོངས་པ་ནི། བསླབ་བཏུས་ལས་རྩ་ལྟུང་བཅོ་བརྒྱད་གསུངས་ཏེ། ནམ་སྙིང་གི་མདོ་ལྟར་དབང་རྣོན་གྱི་རྩ་ལྟུང་རྫས་སུ་བསྡུས་པ་བཅུ་བཞི་དང་། ཐབས་ལ་མཁས་པའི་མདོ་ལྟར་དབང་འབྲིང་ཡན་ཆད་ཀྱི་རྩ་ལྟུང་བཞི་སྟེ་བཅོ་བརྒྱད་པོ་ཐམས་ཅད་རྩ་ལྟུང་མཚན་ཉིད་པར་བཞེད་ཅིང་། བྱང་སའི་རྩ་ལྟུང་བཞི་ལས། ཕྱི་མ་གསུམ་གྱི་ནང་ཚན་ཐེག་ཆེན་སྤོང་བ་མ་གཏོགས་པ་རྣམས་ནི་བསླབ་བཏུས་ཀྱི། ཆགས་དང་སེར་སྣ་མི་ཟད་པས། །ཞེས་སོགས་ཀྱིས་བསྟན་ལ། དང་པོ་མ་སྨོས་པ་ནི་ལས་དང་པོ་པའི་རྩ་ལྟུང་ལྔ་པར། རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་སྒྱུ་ཡིས་གཞན་སྨོད་དང་། །ཞེས་དང་། བཞི་པའི་ནང་ཚན་ཐེག་ཆེན་སྤོང་བ་ནི་རྒྱལ་བློན་གྱི་རྩ་ལྟུང་གཉིས་པ་དམ་ཆོས་སྤོང་བ་ཉིད་ཡིན་ནོ། །དེ་ན་རྩ་ལྟུང་དེ་ཐམས་ཅད་དབང་པོའི་ཁྱད་པར་གྱིས་སོ་སོའི་སྡོམ་པའི་གཏོང་རྒྱུར་བཞེད་དེ། ཇི་སྐད་དུ། རྩ་བའི་ལྟུང་བ་དེ་དག་གིས་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་གོ། །ཞེས་པས་སྤྱིར་དགེ་བ་ཐམས་ཅད་ཐལ་བར་རློག་ན་བྱེ་བྲག་སྡོམ་པའང་ཐལ་བར་རློག་པར་འགྱུར་བས་སོ། །ཞེས་བཞེད་དོ། །དེ་ལྟར་གསུམ་ལས་འདིར་པཎྜི་ཏ་གཞན་གཉིས་ཀྱི་དགོངས་པ་བཏང་སྙོམས་སུ་བྱས་ཏེ། སློབ་དཔོན་ཞི་བ་ལྷས་བསླབ་བཏུས་ཀྱི་རྩ་ལྟུང་བསྡུ་བར་རྩ་ལྟུང་བཅོ་བརྒྱད་ཚིགས་བཅད་དུ་བསྡུས་པའི་རྗེས་སུ་འབྲང་བར་བྱའོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་སློབ་སྟེ། །ཞེས་པ་སྟེ། དེ་ལ་སྤྱིར་ཐུན་མོང་གི་རང་བཞིན་ལ། མཚན་ཉིད། སྒྲ་དོན། དབྱེ་བ། གྲངས་ངེས། གོ་རིམ། སྒྲུབ་ཚུལ། ཕན་ཡོན་དང་བདུན། དང་པོ་ནི། བྱང་སེམས་ཀྱི་སྒྲུབ་པའི་བསླབ་བྱ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །ཁྱད་ཆོས་བཞི་ནི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེ་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེ་ལྟར་བྱས་ནས་ཆོས་བསྟན་པས་གདུལ་བྱའི་རྒྱུད་སྐལ་པ་དང་འཚམས་པར་བྱང་ཆུབ་གསུམ་དུ་སྨིན་པར་བྱེད་པ་སྟེ། མདོ་སྡེ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང་། དེ་བཞིན་དུ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །ཞེས་ལྷག་མ་ལྔ་ལའང་སྦྱར་རོ། །རང་རང་གི་མི་མཐུན་ཕྱོགས་རིམ་པར། སེར་སྣ་ཚུལ་འཆལ་ཁོང་ཁྲོ་དང་། །ལེ་ལོ་རྣམ་གཡེང་ཤེར་འཆལ་དྲུག །བྱེད་ལས་ནི། ཟང་ཟིང་སོགས་སྦྱིན་ཡིད་དང་བ། །གཞན་གནོད་བཟོད་ཅིང་ཕན་གྲོགས་བརྩོན། །རྫུ་འཕྲུལ་བླང་དོར་རྣམ་འབྱེད་པ། །གཞན་གྱི་འདོད་པ་ཡོངས་རྫོགས་བྱེད། །ཅེས་སྨྲས་སོ། །གཉིས་པ་ནི། པ་རམ་ཕ་རོལ་དང་། ཨི་ཏ་ཕྱིན་པ་སྟེ། འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བའི་ཕ་རོལ་ཏུ་འགྲོ་བས་ན་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི། སྦྱིན་སོགས་ཕར་ཕྱིན་དྲུག་སྟེ། ཀུན་མཁྱེན་ཆེན་པོས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། གཙོ་བོར་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཅེས་སོ། །དྲུག་པོ་རེ་རེ་ལའང་སྦྱིན་སོགས་དྲུག་རེར་དབྱེ་ན། གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་སོ་སོའི་སྦྱིན་པ། དེ་བཞིན་དུ་རང་རང་གི་མི་མཐུན་ཕྱོགས་ཀྱིས་མ་གོས་པར་སྤྱོད་པ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་སྤྱད་བཟོད་པས་སྤྱོད་པ་སོ་སོའི་བཟོད་པ། དགའ་སྤྲོ་དང་བཅས་པས་སྤྱོད་པ་སོ་སོའི་བརྩོན་འགྲུས། དེ་ལྟར་བརྩོན་པས་སེམས་ཟིན་ཏེ་གཞན་དུ་མི་གཡེང་བས་སྤྱོད་པ་སོ་སོའི་བསམ་གཏན། འཁོར་གསུམ་མི་རྟོག་པའི་སྒོ་ནས་ཕྱིན་དྲུག་ལ་སྤྱོད་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིན། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་སོ། །བཞི་པ་ནི། བྱང་སེམས་ཀྱི་སྒྲུབ་པའི་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་བྲལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་ནི་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུས་སོ། །བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་བསྡུས་ལ། བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །ལྔ་པ་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བས་རྒྱུ་འབྲས་དང་། སྔ་ཕྱི་དམན་མཆོག་དང་རག་ཕྲའི་ཕྱིར་གོ་རིམ་དེ་ལྟར་དུ་བཞག་སྟེ། དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་བསྟན་པ་ཡིན། །ཞེས་སོ། །དྲུག་པ་ནི། ལན་དང་རྣམ་སྨིན་ལ་མི་རེ་བའི་སྒོ་ནས་སྦྱིན་པ་གཏོང་བ། ཡང་སྲིད་བདེ་འགྲོ་ལ་རེ་སྨོན་དང་བྲལ་བའི་ཚུལ་ཁྲིམས་བསྲུང་བ། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་པ། རང་གཞན་གྱི་དགེ་ཆོས་མཐའ་དག་སྡུད་པ་ལ་ངང་གིས་སྤྲོ་བའི་བརྩོན་འགྲུས་བརྩོམ་པ། བསམ་གཟུགས་ཀྱི་སྙོམས་འཇུག་བསལ་བའི་བསམ་གཏན་ལ་མཉམ་པར་འཇོག་པ། ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་སྒྲུབ་པར་བྱེད་པ་སྟེ། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབ་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །དེ་ཐམས་ཅད་ཀྱང་དམ་པ་དྲུག་དང་ལྡན་པར་ཉམས་སུ་བླང་དགོས་ཏེ། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྦྱིན་སོགས་ཕྱོགས་རེ་མ་ཡིན་པར་གཞི་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་་བསྔོ་བ། རྣམ་དག་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་རྣམས་སོ། །བདུན་པ་ལ། ཕྱིན་དྲུག་སོ་སོའི་ཡོན་ཏན་དང་། །དེ་ཉམས་སུ་བླངས་པའི་འབྲས་བུའོ། །དང་པོ་ནི། རྣམ་པ་བཞི་སྟེ། གཞན་དོན་དུ་རྫོགས་བྱང་ལ་དམིགས་པས་རྒྱ་ཆེ་བ་དང་། ལན་དང་རྣམ་སྨིན་ལ་རེ་བ་སོགས་སོ་སོའི་མི་མཐུན་ཕྱོགས་དང་བྲལ་བས་ཟང་ཟིང་མེད་པ་དང་། སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་བྱང་ཆུབ་གསུམ་ལ་འགོད་པས་དོན་ཆེ་བ་དང་། རེ་རེ་བཞིན་ཡང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཐབས་དང་བསྔོ་བས་ཟིན་པས་གོང་ནས་གོང་དུ་འཕེལ་བའི་ཕྱིར་མི་ཟད་པ་སྟེ། དེ་ཉིད་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་གཞིར་ནི་ཤེས་པར་བྱ། །ཞེས་སོ། །གཉིས་པ་ལ་གཉིས་ཀྱི། གནས་སྐབས་ཀྱི་འབྲས་བུ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི། ཕར་ཕྱིན་དྲུག་གིས་བསྡུས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་སངས་རྒྱས་ཀྱི་གཟུགས་སྐུ་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་རྒྱུ་བྱེད་པ་སྟེ། མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་དང་། རིན་ཆེན་ཕྲེང་བར། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །གཉིས་པ་རྒྱས་བཤད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་སྦྱིན་པ་ནི། དབུལ་བ་སེལ་ཕྱིར་ཆོས་ནོར་མི་འཇིགས་སྦྱིན། །ཞེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་གཏོང་སེམས་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། དཱ་ན་ཞེས་པའི་སྒྲ་ལས་སྦྱིན་པ་སྟེ། དཱ་རི་དྲ་ངན་པར་འགྲོ་བའི་བྱིངས་ལས་དབུལ་བ་དང་། ནཱ་ཤ་ཡ་འདོར་བའམ་སེལ་བ་ལ་འཇུག་པས། ཕ་རོལ་གྱི་དབུལ་བ་འདོར་བའི་དོན་གྱིས་ན་སྦྱིན་པའོ། །དབྱེ་ན། མདོ་སྡེ་རྒྱན་ལས། དེ་ཡང་སེར་སྣ་མེད་ལྡན་དང་། ཆོས་དང་མི་འཇིགས་ཟང་ཟིང་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་གསུམ་ལས། ཟང་ཟིང་གི་སྦྱིན་པ་ནི། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལ། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱིས་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །ཞེས་པས་སྦྱིན་མི་ནུས་པ་ལས་བཟློག་པའི་ཆེད་དུ་ཐོག་མར་ཆུང་ངུ་སྟེར་བ་ནས་རིམ་པར་བསླབས་ཏེ། མཐར་གང་ལ་ཅི་འདོད་གཏོང་བས་ཕན་འདོགས་པའོ། །དེ་ཡང་ཟས་གོས་རྟ་དང་ཤིང་རྟ་སོགས་ཟང་ཟིང་དངོས་སྟེར་བ་ནི་གཏོང་བ། བུ་དང་ཆུང་མ་སོགས་སྟེར་བ་ནི་གཏོང་བ་ཆེན་པོ། མགོ་དང་མིག་དང་རྐང་ལག་སོགས་བྱ་དཀའ་བའི་གནས་སྟེར་བ་ནི་ཤིན་ཏུ་གཏོང་བ་སྟེ། དེ་ཉིད་ལས། སྙིང་རྗེའི་བསམ་པ་མ་དག་པས། །ལུས་འདི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དོན་དུ། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་སོ། །མི་འཇིགས་པའི་སྦྱིན་པ་ནི། གནས་སྐབས་ནད་གདོན། ཆོམ་རྐུན། གཅན་གཟན། རྒྱལ་པོ་སོགས་ཀྱི་འཇིགས་པ་དང་། མཐར་ཐུག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་རང་ནུས་ཅི་ཙམ་ཡོད་པས་བསྲུང་ཞིང་སྐྱོབ་པར་བྱེད་པའོ། །ཆོས་ཀྱི་སྦྱིན་པ་ནི། སྣོད་བརྟགས་ཏེ་སྙིང་རྗེ་ཆེན་པོས་གདུལ་བྱའི་སྐལ་བ་དང་འཚམས་པར་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པ་སྟེ། འོད་སྲུང་གི་མདོ་ལས། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་སོ། །དེ་ཡང་བྱང་སེམས་ཁྱིམ་པས་ཟང་ཟིང་དང་རབ་ཏུ་བྱུང་བས་ཆོས་སྦྱིན་གཙོ་བོར་གཏོང་བར་བཤད་ཅིང་། རྒྱལ་སྲིད་དང་བུ་དང་ཆུང་མ་དང་མགོ་དང་རྐང་ལག་སོགས་གཏོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་ཏེ། ཡུམ་ལས། ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ན་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལུས་བླངས་ཏེ། ང་ལས་ཡོ་བྱད་རྣམས་ལོངས་ལ་སྦྱིན་པ་ཐོང་། ཚུལ་ཁྲིམས་སྲུངས། ཞེས་བྱ་བ་ནས། ང་ནི་ནང་གི་ལུས་ལའང་ཆགས་པ་མེད་ན་ཕྱིའི་ལོངས་སྤྱོད་ལ་ལྟ་ཅི་སྨོས། ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ཚུལ་ཁྲིམས་ནི། སྤོང་བའི་སེམས་ཀྱིས་ཚུལ་ཁྲིམས་རྣམ་གསུམ་སྤྱད། །ཅེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་སྤོངས་སེམས་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། ཤཱི་ལའི་སྒྲ་ལས་ཚུལ་ཁྲིམས་ཏེ། ཤི་ཏ་བསིལ་བ་དང་། ཌུ་ལ་བྷཥ་ཐོབ་པའི་བྱིངས་དོན་ལས། ཡུལ་གྱི་གདུང་བས་མི་བརྫི་བར་བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་སོ། །དབྱེ་ན་ཀུན་མཁྱེན་ཆེན་པོས། སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་དེ། །རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་གསུམ་རྟག་བསྲུང་། །ཞེས་པ་ལྟར་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། བྱང་སར་སོ་ཐར་རིགས་བདུན་ལ་བཤད་པས། དེ་དག་གང་རུང་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་ནས་རང་རྒྱུད་ཉེས་སྤྱོད་ལས་སྡོམ་པའི་ཚུལ་ཁྲིམས་ཏེ། དེ་ཡང་རིགས་བདུན་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་རུང་སྟེ་བྱང་སེམས་ཀྱི་སྡོམ་པ་དེའི་ལྡོག་པ་ལས་གཞན་གནོད་གཞི་བཅས་སྤོང་བའི་ཆ་ནི་སོ་ཐར་དང་། གཞན་ལ་ཕན་པ་སྒྲུབ་པའི་ཕྱིར་ཉེས་སྤྱོད་སྤོང་བའི་ཆ་ནི་བྱང་སྡོམ་མོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཚོགས་གཉིས་དང་ཕྱིན་དྲུག་གིས་བསྡུས་པའི་དགེ་ཆོས་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་སྤེལ་བའི་ཕྱིར་མི་དགེ་བའི་ཆོས་གཞི་བཅས་སྤོང་བའི་སེམས་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པའི་ཐབས་མཁས་ཀྱིས་དངོས་སམ་བརྒྱུད་པས་གཞན་དོན་སྒྲུབ་པའི་ཕྱིར་དེ་དང་འགལ་བ་གཞི་བཅས་ལས་བསྲུང་བའི་སྤོང་སེམས་སོ། །དེ་ཡང་གཞན་དོན་དུ་འགྱུར་ན་རང་གི་སྡོམ་སྡུད་ཀྱི་ཚུལ་ཁྲིམས་དང་འགལ་བ་ལྟར་སྣང་ཡང་སྤྱོད་པར་གནང་སྟེ། དེད་དཔོན་སྙིང་རྗེ་ཆེན་པོ་དང་བྲམ་ཟེའི་ཁྱེའུ་སྐར་མ་བཞིན་ནོ། །གསུམ་པ་བཟོད་པ་ནི། ཁོང་ཁྲོ་ཟབ་མོ་སྡུག་བསྔལ་བཟོད་པར་བྱ། །ཞེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུགས་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། ཀྵནྟིའི་སྒྲ་ལས་བཟོད་པ་སྟེ། ཀྵ་མུ་དཀའ་བ་ལ་སྟེ་བཟོད་པ་ལ་ཡང་ངོ་ཞེས་པའི་བྱིངས་དོན་ལས། སྡུག་བསྔལ་སོགས་ལ་སྲན་ཚུགས་པས་ན་བཟོད་པའོ། །དབྱེ་ན་གསུམ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། ཕུགས་ཀྱི་བདེ་བ་བླ་ན་མེད་པའི་དོན་དུ་ཕྲལ་གྱི་སྡུག་བསྔལ་ཆོས་སྒྲུབ་པའི་དཀའ་སྤྱད་ཀྱིས་མི་སྐྱོ་བར་དང་དུ་ལེན་པ་སྟེ། ནད་ཀྱི་ཟུག་རྔུ་འབྱིན་པའི་ཕྱིར་སྤྱད་བརྟེན་པ་བཞིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་བ་ཅིས་མ་ལེགས། །ཞེས་སོ། །གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། བདག་གམ་བདག་གི་ཡིད་དུ་འོང་བ་ལ་ཕ་རོལ་གྱིས་རྡེག་པ་དང་གཤེ་བ་སོགས་གནོད་ཚེ་བྱས་པ་ལ། དཔེར་ན་མེ་ཆུང་ངུས་རྩ་ཕུང་ཆེན་པོ་སྲེག་པ་ལྟར་ཁོང་ཁྲོ་གཅིག་གིས་བསྐལ་པ་སྟོང་དུ་བསགས་པའི་ལེགས་སྤྱད་རྣམས་འཛད་འགྱུར་གྱི་ཉེས་དམིགས་ཤེས་པས། སེམས་མི་འཁྲུག་པ་དང་། ཕྱིར་གནོད་ལན་མི་བྱེད་པ་དང་། འཁོན་ཞེ་ལ་མི་འཛིན་པས་བཟོད་པར་བྱ་སྟེ། དེ་ཉིད་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་པ་ལྟར་ཐབས་དུ་མའི་སྒོ་ནས་བཟོད་པའི་དཀའ་ཐུབ་ཀྱིས་སྲན་ཚུགས་པ་ལ་སྦྱར་བར་བྱའོ། །ཆོས་ལ་ངེས་རྟོག་གི་བཟོད་པ་ནི། སྙིང་རྗེས་གཞན་དོན་ལ་མི་སྐྱོ་ཞིང་། ཤེས་རབ་ཀྱིས་ཆོས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པའོ། །བཞི་པ་བརྩོན་འགྲུས་ནི། གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་བརྩམ། །ཞེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་སྤྲོ་བའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། བཱིརྻའི་སྒྲ་ལས་བརྩོན་འགྲུས་ཏེ། བཱི་ར་རྣམ་པར་གནོན་པ་ལའོ་ཞེས་པའི་བྱིངས་དོན་ལས། སྙིང་སྟོབས་མ་ཞུམ་པས་མཆོག་གི་གནས་ལ་སྦྱོར་བས་ན་བརྩོན་འགྲུས་སོ། །དབྱེ་ན་གསུམ་ལས། བསམ་པ་གོ་ཆ་ཆེན་པོ་བགོས་པའི་བརྩོན་འགྲུས་ནི། བདུད་ཀྱིས་མི་བརྫི་བའི་རྒྱུ་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་མ་འཁོད་བར་དུ་བདག་གིས་བརྩོན་པ་འདོར་བར་མི་བྱའོ་སྙམ་དུ་ཞེ་ཐག་པ་ནས་བསམ་པའོ། །སྦྱོར་བ་ལག་ལེན་ལ་འདེབས་པའི་བརྩོན་འགྲུས་ནི། ལམ་ལྔ་དང་ས་བཅུ་རྫོགས་པར་བྱེད་པའི་རྒྱུ་སྤངས་རྟོགས་ཀྱི་ཡོན་ཏན་ཐོབ་འགྱུ་ལ་སྤྲོ་དགའ་དང་བཅས་པས་དགེ་ཚོགས་སྡུད་པ་ལ་འཇུག་ཅིང་། ཞུགས་ནས་ཀྱང་སྒྲུབ་པ་ལ་དཔའ་མི་ཞུམ་པ་དང་། ཡོན་ཏན་ཅུང་ཟད་ཙམ་གྱིས་མི་ངོམས་པ་དང་། གཞན་རྐྱེན་གྱིས་མི་ལྡོག་པའི་སྒོ་ནས་གུས་རྟག་གི་སྦྱོར་བས་འབད་པར་བྱ་སྟེ། ལུང་ལས། བརྩོན་ལ་བྱང་ཆུབ་འདི་གནས་ཏེ། །མི་བརྩོན་པ་ལ་གནས་མ་ཡིན། །བརྩོན་པས་དགེ་བ་ཐམས་ཅད་སྡུད། །བརྩོན་པས་ཡོན་ཏན་རྣམ་པར་འཕེལ། །ཞེས་སོ། །གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ནི། དོན་གཉིས་འགྲུབ་པའི་རྒྱུ་སེམས་ཅན་གྱི་དོན་བྱེད་པ་ལ་སྤྲོ་བའི་བརྩོན་འགྲུས་སོ། །དེ་ཡང་སྤྱོད་འཇུག་ལས། ལེ་ལོ་ངན་པ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། །ཞེས་པ་ལྟར་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་གསུམ་སྤངས་ནས་འབད་རྩོལ་གྱི་བརྩོན་པ་ལ་ཡང་དག་པར་བསླབ་པར་བྱ་སྟེ། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །བྱང་སེམས་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ལྔ་པ་བསམ་གཏན་ནི། འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་བསྒོམ། །ཞེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་དམིགས་པ་ལ་རྩེ་གཅིག་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། དྷྱ་ན་ཞེས་པའི་སྒྲ་ལས་བསམ་གཏན་དེ། དྷྱཻ་སེམས་དཔའ་ལའོ་ཞེས་པའི་བྱིངས་དོན་ལས། སེམས་པའི་རྒྱུན་གཞན་དུ་མི་ཡེངས་པར་འཛིན་པས་ན་བསམ་གཏན་ནོ། །དབྱེ་ན། འཇིག་རྟེན་པའི་བསམ་གཏན་ནི། ཕྱི་རོལ་པ་དང་ཐུན་མོང་པར་གྱུར་པའི་བསམ་གཟུགས་ཀྱི་སྙོམས་འཇུག་བརྒྱད་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ནི། འདས་ལམ་གྱིས་ཐོབ་པའི་མཐར་གནས་སྙོམས་འཇུག་དགུའམ་ཐེག་གསུམ་སོ་སོའི་བསམ་གཏན་ནོ། །དེ་ཡང་ལངྐར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་དེ། །ཞེས་གསུངས་ཤིང་། དེ་དག་གི་ས་མཚམས་ནི་ས་སྡེ་ལས་རིམ་པར། ལམ་མ་ཞུགས་ཀྱི་རྒྱུད་ཀྱི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་། ལམ་ཞུགས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་དང་། མཐོང་ལམ་ཡན་ཆད་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་བཤད་དོ། །བསམ་གཏན་ཇི་ལྟར་བསྒོམ་པའི་ཚུལ་ནི། གནས་གྲོགས་ལོངས་སྤྱོད་སོགས་ཀྱི་འདུ་འཛི་དང་སེམས་ཀྱི་རྣམ་གཡེང་སྤངས་ནས། དབེན་པར་སྟན་ལ་སྐྱིལ་ཀྲུང་མཉམ་གཞག་དང་ལྡན་པས་འདུག་སྟེ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་པ་ལྟར་དགེ་བའི་དམིགས་ཡུལ་གང་ཡང་རུང་བ་ཞིག་ལ་སེམས་གཏད་དེ་རྣམ་པར་རྟོག་པས་མི་གཡོ་བར་མཉམ་པར་གཞག་པས། ཡུལ་སྣང་མ་འགགས་ལ་དེར་འཛིན་གྱི་རྟོག་པ་ཞི་བའི་ཏིང་ངེ་འཛིན་སྐྱེ་ཞིང་། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ས་བདུན་པ་ཚུན་ཆད་དུ་བཟུང་འཛིན་གྱི་ཞེན་པ་དང་བཅས་པ་ཡོད་ལ། དེ་ཕན་ཆད་དུ་མཉམ་རྗེས་ངོ་བོ་སོ་སོ་བ་མེད་དེ། རྒྱུད་བླར། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལའང་། །རྟག་ཏུ་སྙོམས་པར་འཇུག་པ་ཡིན། །ཞེས་སོ། །དེ་ལྟར་བསྒོམས་པས་སྤྲོས་པའི་སྣང་བ་ནུབ་སྟེ། ནང་དུ་བསམ་གཏན་ལས་སྐྱེས་པའི་དགའ་བདེ་ཐོབ་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། ཕྱིན་དྲུག་སོགས་དགེ་ཚོགས་སྒྲུབ་དུས་སེམས་རྩེ་གཅིག་པའི་ཆའམ་ཟད་པར་ཟིལ་གནོན་སོགས་དང་རྣམ་ཐར་གཟུངས་སྤོབས་རྒྱ་མཚོ་སྒྲུབ་པ་ནི་ཡོན་ཏན་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་ལ་རྩེ་གཅིག་པའམ་བསམ་གཏན་གྱི་དངོས་གཞིའི་སེམས་ལས་རྫུ་འཕྲུལ་འདོད་དགུར་སྒྱུར་བའི་བཀོད་པས་གདུལ་བྱ་འདུལ་བ་ནི་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནོ། །དྲུག་པ་ཤེས་རབ་ནི། ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་སྤྱད། །ཅེས་པའི་དོན་ལ་གསུམ་ལས། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་རྣམ་པར་འབྱེད་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། པྲ་ཛྙཱ་ཞེས་པའི་སྒྲ་ལས་ཤེས་རབ་སྟེ། ཉེར་བསྒྱུར་པྲ་སྔོན་མའི་ཛྙཱ་ཁོང་དུ་ཆུད་པའམ་རྟོགས་པ་ལའོ་ཞེས་པའི་བྱིངས་དོན་ལས། རབ་ཏུ་རྟོགས་པའམ་རབ་ཏུ་ཁོང་དུ་ཆུད་པ་སྟེ། རྟོགས་བྱའི་ཡུལ་ནི་དོན་དམ་པ་ཡིན་ལ། དེའི་དམ་པ་ནི་འཕགས་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས་དང་། དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པ་སྟེ་དེ་ཉིད་རྟོགས་པའམ་ཁོང་དུ་ཆུད་པས་ན་ཤེས་རབ་བོ། །དབྱེ་ན། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལ་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་གསུམ་ལས། ཐོས་པ་ལས་བྱུང་བའི་ཤེས་རབ་ནི། གང་ལ་ཐོས་པ་བྱ་བའི་ཡུལ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་དང་། དེ་དག་གི་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ་ཐུན་མོང་གི་རིག་གནས། གཞན་དག་ཚར་གཅོད་པའི་རིག་པ་སྒྲ་ཚད་དང་། གཞན་དག་རྗེས་སུ་འཛིན་པའི་རིག་པ་བཟོ་གསོ་གཉིས་ཏེ་བཞི་ལའང་བསླབ་དགོས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་དགོས་པའི་ཕྱིར། དེ་ལྟར་ཡང་། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང་། རྒྱལ་སྲས་རྣམས་ཀྱིས་མི་སློབ་པ། །དེ་ནི་གང་ནའང་ཡོད་མ་ཡིན། །ཞེས་སོ། །ཁྱད་པར་གསུང་རབ་ཀྱི་དོན་རྣམས་དཔྱིས་ཕྱིན་པ་ཁོང་དུ་ཆུད་པར་བྱེད་པ་ལ། དྲང་ངེས་དང་དགོངས་ལྡེམ་དགོངས་ལ་སོགས་པའི་ཐབས་ཀྱིས་འཇལ་དགོས་ནའང་དེ་དག་གཞན་དུ་ཤེས་པར་བྱ་ཞིང་། འདིར་ཤེས་རབ་ནི་ལྷག་མཐོང་སྟེ། དོན་དམ་པའི་བདེན་པ་ཡིན་ལ། །དེ་ཉིད་གཏན་ལ་འབེབས་པར་བྱེད་པའི་རིག་པ་ལ་གཏན་ཚིགས་ཆེན་པོ་ལྔ་སྟེ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་དང་བཞི་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་རིག་པའོ། །གཞན་ལ་རག་ལས་པའི་ཕྱིར་ངོ་བོ་ཉིད་ཀྱིས་མ་གྲུབ་ལ་ཐ་སྙད་དུ་མེད་པ་མ་ཡིན་པས་ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པ་རྟེན་འབྲེལ་གྱི་རིག་པ་སྟེ། དེ་ལྟར་གཏན་ཚིགས་ཆེན་པོ་ལྔས་ཆོས་ཐམས་ཅད་མཐའ་བྲལ་དབུ་མར་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་སྤྲོས་པ་གཅོད་ལུགས་ལ། རང་སྟོང་དང་། གཞན་སྟོང་གཉིས་ལས། རང་སྟོང་ནི། ཆོས་ཅན་ཇི་ལྟར་སྣང་བ་འདི་དག་སྣང་ཙམ་ཉིད་ནས་རང་རང་གི་ངོ་བོས་སྟོང་པས་མེད་དགག་གི་སྟོང་ཉིད་དོན་དམ་པར་བཞེད་ཅིང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་ལ་དོན་དམ་དུ་ཐ་དད་མེད་ཀྱང་། ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མ་ལྟ་བུ་ཞེས་རང་རྒྱུད་ཀྱི་དམ་བཅའ་འགོད་པ་དང་། ཐལ་འགྱུར་ཁོ་ན་འཕེན་པས་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པའི་སྲོལ་གཉིས་སྣང་ངོ་། །གཞན་སྟོང་དུ་གཏན་ལ་འབེབས་པའི་དབུ་མ་པ་རྣམས་ལ། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདོད་པ་དང་། ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་བསྡུ་བའི་ཁྱད་པར་ལས། ཆོས་ཅན་ངོས་འཛིན་ཚུལ་མི་འདྲ་བ་གཉིས་བྱུང་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་དུ། སྟོང་གཞི་གཞན་དབང་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་བཤད་པ་དང་། རྒྱུད་བླ་མ་སོགས་ལས་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པར་གསུངས་སོ། །དེས་ན་ཡོངས་གྲུབ་སེམས་ཀྱི་ཆོས་ཉིད་དོན་དམ་པའི་དབྱིངས་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་དང་སྔར་མེད་ཀྱི་ཡོན་ཏན་གསར་དུ་སྒྲུབ་ཏུ་མེད་དེ། ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར། སྐྱོན་ཡོན་གྲུབ་བསལ་ལས་འདས་པས་དོན་དམ་གྱི་དབྱིངས་དེ་ཁོ་རང་ཁོ་རང་གི་ངོ་བོས་སྟོང་པ་མ་ཡིན། གློ་བུར་འཁྲུལ་སྣང་གི་ཆོས་གཟུང་འཛིན་སྤྲོས་པའི་ཆ་རྣམས་གཤིས་ལ་མ་གྲུབ་པས་ཀུན་རྫོབ་རང་གི་ངོ་བོས་སྟོང་པ་ཡིན་ལ། དེ་འདྲ་དེ་དོན་དམ་ཆོས་ཉིད་ལས་གཞན་ཡིན་པས་དོན་དམ་གཞན་གྱི་ངོ་བོས་སྟོང་པ་ཞེས་བཤད་དེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློར་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །མདོར་ན་ཀུན་རྫོབ་ཀྱི་ཕྱོགས་ནས་གཞལ་ན་མེད་དགག་དང་མ་ཡིན་དགག་གི་སྟོང་ཉིད། དོན་དམ་དབྱིངས་ཀྱི་ཕྱོགས་ནས་གཞལ་ན་རང་ལས་གཞན་རྟོག་པའི་ཡུལ་གྱིས་སྟོང་པའོ། །འོ་ན་དོན་དམ་རང་གི་ངོ་བོས་སྟོང་པ་ལྟར་གསུངས་པའི་དགོངས་པ་གང་སྙམ་ན། དོན་དམ་ལ་དམིགས་ནས་བློས་བཟུང་བ་ལྟར་མ་གྲུབ་པ་ལ་དགོངས་པ་ཡིན་ནོ། །དེ་དག་ནི་སོ་སོ་སྐྱེ་བོའི་སར་ཐོས་བྱུང་གི་ཤེས་རབ་གལ་ཆེ་བས་གཏན་ལ་འབེབས་ཚུལ་གྱི་སྒོ་ཙམ་བསྟན་པ་སྟེ། མ་ཐོས་པར་བསམ་སྒོམ་མི་ནུས་པའི་ཕྱིར། །དེ་ལྟར་ཡང་། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་སོ། །བསམ་བྱུང་གི་ཤེས་རབ་ནི། ཐོས་པ་ཙམ་དུ་མ་བཞག་པར་དེའི་དོན་ངེས་པ་བསམ་པ་ལ་རག་ལས་པའི་ཕྱིར། བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། ཡིད་བཞིན་མཛོད་ལས། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །ཅེས་སོ། །དེ་ཡང་ཇི་སྐད་ཐོས་པའི་དོན་ལ་ཉེ་བར་དཔྱོད་པས་ནང་དུ་སེམས་པར་འཇུག་པ་ན། དོན་སྤྱི་ཙམ་དུ་མ་ལུས་པར་བྱེ་བྲག་འབྱེད་པའི་བསམ་ཤེས་ཀྱིས། རེ་རེ་ནས་ཚིག་དང་དོན་གྱི་རིམ་པ་རྣམས་ནོར་མ་ནོར་བསམ་པས་བརྟག་ཅིང་ངེས་པར་བྱ་བ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། བསྲེགས་བཅད་བརྡར་བས་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་པའི་དཔེས་མདོ་རྒྱུད་ཀྱི་ཚིག་དོན་རྣམས་ལ་དད་པས་འཇུག་པ་ཙམ་མ་ཡིན་པར་ཡིད་ཆེས་བསྐྱེད་པའི་ལུང་དང་། དངོས་སྟོབས་ཀྱི་རིགས་པ་དང་། སྔ་ཕྱི་མི་འགལ་བ་གསུམ་གྱིས་བརྟགས་ནས་བླང་བར་བྱ་བ་སྟེ། བཞི་བརྒྱ་པ་ལས། དོན་གང་ལུང་དང་རིགས་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང་། །སྔ་ཕྱི་འགལ་བ་མེད་པ་སྟེ། །དམ་པ་རྣམས་ཀྱིས་ཡོངས་སུ་བཟུང་། །ཞེས་སོ། །གཞན་དག་ཤེས་བྱ་གནས་གསུམ་ལུང་རིག་གཉིས་ཀྱིས་བརྟག་པར་འཆད་དོ། །སྒོམ་བྱུང་གི་ཤེས་རབ་ནི། ཡིད་བཞིན་མཛོད་ལས། དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན། །སྒོམ་བྱུང་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ། །ཞེས་པས་སྤྱིར་ཇི་ལྟར་ཤེས་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པ་དང་། ཁྱད་པར་ལྷག་མཐོང་གི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལ་འཇུག་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །དེ་ལ་སྒོམ་པས་ཉམས་སུ་མྱོང་བྱའི་ལྟ་བ་ལ། འཁོར་ལོ་བར་པའི་དངོས་བསྟན་རིགས་ཚོགས་སུ་བཀྲལ་བ་ལྟར་ན། ངེས་དོན་མེད་དགག་ལ་བཞེད་པས། ཅི་ཡང་མི་སྒོམ་པ་ལ་སྟོང་ཉིད་སྒོམ་པ་དང་། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་འཆད། འཁོར་ལོ་ཐ་མའི་དགོངས་པ་བྱམས་ཆོས་ཀྱི་གཞུང་ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བ་དང་ཀླུ་སྒྲུབ་ཞབས་ཀྱིས་བསྟོད་ཚོགས་སུ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད་སྒོམ་པས་ཉམས་སུ་མྱོང་བྱར་བཤད་ཅིང་། དེ་ཉིད་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་ཡང་དགོངས་པ་མཐུན་པ་ཡིན་ནོ། །དེས་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞབས་ཀྱིས་ཀྱང་། གྲུབ་མཐའ་མཛོད་དང་ཡིད་བཞིན་མཛོད་རྩ་འགྲེལ་ལ་སོགས་པའི་གསུང་རབ་རྣམས་སུ་ཐོས་པས་གཏན་ལ་དབབ་བྱ་ངོས་འཛིན་པའི་སྐབས་སུ་དབུ་མ་ཐལ་འགྱུར་བ་རྒྱུའི་ཐེག་པ་ཆེན་པོའི་རྩེ་མོར་སྒྲུབ་པར་མཛད་ཅིང་། སྒོམ་པ་ཉམས་མྱོང་གིས་གཏན་ལ་འབེབས་པའི་སྐབས་རྣམས་སུ་མྱོང་བྱ་གཟུང་འཛིན་གཉིས་དང་བྲལ་བའི་སོ་སོ་རང་རིག་པའི་ཡེ་ཤེས་ལ་བཞེད་པ་གཉིས་མི་འགལ་ལམ་སྙམ་ན། མི་འགལ་ཏེ། སོ་སྐྱེའི་སར་ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚེ་བློའི་མཚན་འཛིན་གཞིག་དཀའ་བས། དེ་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་འགོག་པར་བྱེད་པ་ལ། སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཐལ་འགྱུར་བ་རྣོ་བའི་ཕྱིར་དང་། ཡང་སྒོམ་བྱུང་ཉམས་མྱོང་གིས་གཏན་ལ་འབེབས་པའི་སྐབས་སུ་འཁོར་ལོ་ཐ་མར་གསུངས་པའི་དབུ་མའི་ལྟ་བ་དེ་ཉིད་ཟབ་ཅིང་ཆེས་བཟང་བ་ཡིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་ཡིན་པ་གང་ཞིག །གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་ནས་བཤད་པའི་ལྟ་བའི་ཉམས་ལེན་དང་ཡང་མཐུན་པའི་ཕྱིར་སྙམ་དུ་དགོངས་སོ། །དེས་ན་སྙིང་པོའི་མདོ་སྡེ་རྣམས་ཀྱི་དགོངས་པ་རྒྱུད་བླ་དང་དབུ་མ་ཆོས་དབྱིངས་བསྟོད་པར་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཁོང་དུ་ཆུད་པར་བྱས་ལ། རིགས་ཅན་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། གནས་ལུགས་ཁམས་ཀྱི་དོན་དེ་ཉིད་མངོན་དུ་འགྱུར་བའང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྒོ་ལ་རག་ལས་པས་ན། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་ལྟར་རྣམ་རྟོག་གི་མཚན་མ་དང་དམིགས་པ་གང་ཡང་ཡིད་ལ་མི་བྱེད་པར། གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པར་སལ་ལེ་སིང་ངེ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་ཞལ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། སེམས་དང་སེམས་བྱུང་གི་སྤྲོས་པ་ཐམས་ཅད་འགགས་ནས་གཟུང་འཛིན་གཉིས་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་ངོ་བོ་ཉིད་དུ་མཐོང་བར་འགྱུར་ཏེ། རྒྱུད་བླ་མ་ལས། ནང་གི་བདག་ཉིད་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་དང་། ཆོས་དབྱིངས་བསྟོད་པར། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང་། །ཞེས་དང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ཡང་སྤྲིན་དེངས་པས་ཉི་མའི་དཀྱིལ་འཁོར་གསལ་བ་ལྟར་མཉམ་བཞག་གི་རིག་ངོ་ན་ངོས་བཟུང་གང་དུའང་མ་གྲུབ་པའི་བློ་བྲལ་གྱི་ཡེ་ཤེས་རང་གསལ་རྗེན་པར་གནས་པ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཁོང་ནས་རིག་པ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་དམིགས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་སོ། །དེ་ལྟར་སྙིང་པོའི་དོན་ལ་སྒོམ་བྱུང་གིས་ངེས་པ་རྙེད་པའི་ཚེ། རང་གནས་ཀྱི་ཡེ་ཤེས་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་ཤུགས་ཆེན་པོས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་སྦྱོར་བའི་སྙིང་སྟོབས་བཅོས་མ་མ་ཡིན་པར་སྐྱེ་ཞིང་། དེའི་རྒྱུར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ལ་ངང་གིས་འཇུག་པ་འབྱུང་བས་ཟབ་མོའི་རྒྱུ་འབྲས་ཀྱི་འབྲེལ་པ་འཁོར་ལོ་ལྟར་འཁོར་བར་འགྱུར་རོ། །མདོར་ན་མཉམ་གཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་ཞིང་། དེ་ལས་ལངས་ཏེ་རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་བལྟས་ནས། སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དུ་བསྔོ་བ་བྱ་བ་ཡིན་ནོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ཀྱང་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ། དངོས་གཞི་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། རྗེས་དགེ་བ་རྫོགས་བྱང་དུ་བསྔོ་བས་ཟིན་པ་སྟེ། སྦྱོར་དངོས་རྗེས་གསུམ་ཚང་བས་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། དོན་བྱེད་ཀྱི་ཚུལ་ཁྲིམས་དངོས་དང་། །ཚུལ་ཁྲིམས་གསུམ་ཀ་དང་འབྲེལ་བའི་བསླབ་སྤྱོད་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྡུ་དངོས་གཞི། །ཞེས་པ་སྟེ། དགེ་བ་ཆོས་སྡུད་ཀྱིས་རང་རྒྱུད་སྨིན་ནས་གཞན་རྒྱུད་སྨིན་ཕྱིར་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བསྡུ་དངོས་གཞི་ལ་འཇུག་གོ། །གཉིས་པ་རྒྱས་བཤད་ནི། ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་རབ་དྲང་། །ཐེག་པ་རིམ་དགུར་བཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་པ་ལ། མཚན་ཉིད། དབྱེ་བ། གྲངས་ངེས། བསྡུ་ཚུལ་དང་བཞི། དང་པོ་ནི། བྱང་སེམས་ཀྱི་སྒྲུབ་པའི་བསླབ་བྱ་གང་ཞིག །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་ཐབས་ལ་མཁས་པས་གཞན་ལ་ཕན་པ་ལྷུར་ལེན་པར་འདོད་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་དང་བཞི། དང་པོ་ནི། གདུལ་བྱ་འཁོར་དུ་མ་འདུས་པ་བསྡུ་བར་བྱ་བའི་ཕྱིར་ཐོག་མར་ཟང་ཟིང་གི་སྦྱིན་པས་མགུ་བར་བྱེད་པ་སྟེ། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །ཞེས་སོ། །གཉིས་པ་ནི། འཁོར་དུ་འདུས་ནས་སྙན་པར་སྨྲ་བའི་གཏམ་གྱིས་བློ་རིམ་གྱིས་དྲངས་ཏེ་དམ་པའི་ཆོས་བསྟན་པས་དེ་སྒྲུབ་པ་ལ་དོན་གཉེར་གྱི་མོས་འདུན་དང་སྤྲོ་བ་བསྐྱེད་དུ་འཇུག་པ་སྟེ། དེ་ཉིད་ལས། སྙན་པར་སྨྲ་བའི་ཚིག་གིས་བསུ། །ཞེས་སོ། །གསུམ་པ་ནི། བྱིས་པ་ཁ་ཟས་འཇམ་རྩུབ་ཀྱིས་རིམ་པར་གསོ་བ་ལྟར་ཆོས་གཅིག་གིས་བློ་རིས་ཐ་དད་སྨིན་པར་མི་ནུས་པས་གདུལ་བྱའི་བློ་དང་འཚམས་པའི་ཆོས་ལ་སྤྱོད་དུ་འཇུག་པ་སྟེ། བློ་ཐ་མའི་ཆུང་འབྲིང་ཆེ་གསུམ་ནི་ཉན་རང་བྱང་སེམས་གསུམ་དང་། འབྲིང་གསུམ་ནི་བྱ་སྤྱོད་རྣལ་འབྱོར་གསུམ་དང་། རབ་གསུམ་ནི་བསྐྱེད་པ་དང་རྫོགས་པ་དང་རྫོགས་པ་ཆེན་པོ་གསུམ་སྟེ། ཐེག་དགུ་ལ་བློའི་རིམ་པ་ལྟར་བཀྲི་བ་སོགས་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་གྱི་ཕན་བདེ་སྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་སྟེ། ཞི་བ་ལྷས། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེར་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་དང་། སྔ་མ་ལས། དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་སོ། །བཞི་པ་ནི། སེམས་ཅན་དེ་དག་དམ་པའི་ཆོས་དང་དགེ་བའི་སྤྱོད་པ་ལ་འདྲེན་པའི་ཕྱིར་རང་ཡང་དོན་དེ་ལ་མཐུན་པར་སློབ་དགོས་ཏེ། རང་གིས་མ་བསྒྲུབས་ན་མཛེ་ཕོའི་བྱ་ཁྱུང་གི་སྒྲུབ་ཐབས་ལྟར་གཞན་ལ་འཇུག་ལྡོག་གི་བསླབ་བྱ་འདོམས་ཀྱང་ཉན་དུ་མི་འདོད་པའི་ཕྱིར། དེ་ཉིད་ལས། དོན་མཐུན་པ་ཡིས་བག་ཕབ་སྟེ། །ཞེས་སོ། །གསུམ་པ་གྲངས་ངེས་ནི། གདུལ་བྱ་ལ་གནས་སྐབས་སུ་ཕན་པའི་ཕྱིར་ཟང་ཟིང་དང་། མཐར་ཐུག་གི་ཕན་པའི་རྒྱུར་ཆོས་འཛིན་པ་དང་། དེའི་དོན་ལ་འཇུག་པ་དང་། དོན་དེ་ལ་ཡང་ནས་ཡང་དུ་རྗེས་སུ་འཇུག་པའི་ཕྱིར་ཕྱི་མ་གསུམ་སྟེ་བཞིར་གྲངས་ངེས་སོ །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་དང་། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་དང་འཇུག་པར་བྱེད་པ་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་བཤད་དོ། །ཞེས་སོ། །ཡང་ཆོས་ཀྱི་སྣོད་རུང་དུ་སྒྲུབ་པ་དང་། མོས་པ་དང་། སྒྲུབ་པ་དང་། མཐར་ཕྱིན་པར་བྱ་བའི་ཕྱིར་ཡང་བཞིར་ངེས་ཏེ། དེ་ལས། དང་པོས་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིས། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཞེས་སོ། །དེས་ན་འདས་མ་འོངས་ད་ལྟར་གསུམ་གྱིས་བསྡུས་པའི་སེམས་ཅན་སྨིན་བྱེད་ཀྱི་ཐབས་ཐམས་ཅད་འདིར་འདུ་སྟེ། དེ་ཉིད་ལས། བསྡུས་དང་སྡུད་པར་འགྱུར་བ་དང་། །གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་སྡུད་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ཐབས། །ཞེས་སོ། །བཞི་པ་ནི། སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་སེམས་ཅན་ལ་དངོས་སམ་བརྒྱུད་པས་ཕན་བདེ་སྒྲུབ་པ་ཐམས་ཅད་ཡིན་ཡང་། བསྡུ་ན་བཞི་པོ་དེར་འདུ་ཞིང་། །དེ་ཡང་འཁོར་དུ་མ་འདུས་པ་བསྡུ་བ་དང་། འདུས་པ་སྨིན་པར་བྱེད་པ་གཉིས་སུ་བསྡུར་རུང་ངོ་། །གཞན་ལས་དོན་བྱེད་ཚུལ་བཅུ་གཉིས་སུ་བསྡུས་པའང་སྣང་སྟེ། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་རྣམས་ལ་རིག་པ་སྟོན་པ་དང་། བྱས་པ་བཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལ་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱི་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་བྱེད་པའོ། །ཞེས་གསུངས་ཏེ་སྔར་གྱི་བཞི་པོའི་ཁོག་ཏུ་དངོས་ཤུགས་གང་རུང་གིས་འདུས་སོ། །གཉིས་པ་ལས། ཕྱོགས་གཉིས་ལ་ལྟོས་ནས་སྤང་བླང་བྱ་བ། འཇུག་ལྡོག་གི་ཐབས་དྲན་ཤེས་བག་ཡོད་གསུམ་ལ་སྦྱར་བ། སྤྱོད་ལམ་ཐམས་ཅད་དགེ་བས་དུས་འདའ་བ་ལ་བསླབ་པའོ། །དང་པོ་ནི། མཐུན་ཕྱོགས་ཀུན་སློབ་མི་མཐུན་མཐའ་དག་སྤང་། ཞེས་པ་སྟེ། སྤྱིར་བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བ། །གནད་ཀྱིས་གནས་རྣམས་འདིས་རིག་བྱ། །ཞེས་བྱང་ཆུབ་སེམས་དཔའི་བསླབ་གཞི་རྒྱ་ཆེན་རྣམས་ཀྱི་གནད་ཀྱི་གནས་གང་ཞེ་ན། དེ་ཉིད་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བར་དང་། །དེ་བསྲུང་དག་ལ་སྤེལ་བའོ། །ཞེས་པས་གཞི་གསུམ་བཏང་བ་དང་། བསྲུང་བ་དང་། དག་པ་དང་། སྤེལ་བ་བཞིས་བྱང་སེམས་ཀྱི་སྡོམ་པ་མཐའ་དག་བསྡུས་པར་བཤད་ཅིང་། ཇི་ལྟར་སྒྲུབ་ཚུལ་ཀྱང་ལས་དང་པོ་པས་བསྲུང་བ། མོས་སྤྱོད་པས་དག་པ། མ་དག་ས་བདུན་ལ་གནས་པས་བཏང་བ། དག་པ་ས་གསུམ་ལ་གནས་པས་སྤེལ་བ་གཙོ་བོར་སྒྲུབ་པར་བཤད་དེ། རྒྱས་པར་བསླབ་བཏུས་ཉིད་དུ་བལྟ་བར་བྱ་ཞིང་། འདིར་ནི་དེ་རྣམས་ཀྱི་སྒྲུབ་པ་མཐར་ཕྱིན་པར་འགྲུབ་པའི་མན་ངག་བསྡུས་པ་སྟེ། དེ་ཉིད་ལས། འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །ཞེས་པས་རྫོགས་བྱང་སྒྲུབ་པའི་མཐུན་ཕྱོགས་སུ་གྱུར་པ་དགེ་བའི་ཆོས་ཀུན་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་འཕེལ་བའི་ཕྱིར་དང་པོར་འདུན་པ་དྲག་པོ་བསྐྱེད་ནས་སྒོ་གསུམ་འབད་པར་བྱེད། ཕྱི་བཤོལ་མེད་པའི་བརྩོན་འགྲུས་བརྩོམ། དགེ་བའི་དམིགས་པ་མ་བརྗེད་པར་སེམས་འཛིན་ཅིང་ཡང་དག་པར་འཇོག་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་རྫོགས་བྱང་སྒྲུབ་པའི་མི་མཐུན་ཕྱོགས་སུ་གྱུར་པ་སྡིག་པ་མི་དགེ་བའི་ཆོས་མཐའ་དག་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤང་བའི་ཕྱིར་འདུན་པ་སོགས་དེ་ལྟར་བྱེད་པ་སྟེ། དབུས་མཐའ་རྣམ་འབྱེད་ལས། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་སོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ཉིད་བཟུང་དག་སྤེལ་གསུམ་གྱི་ཐབས་ལ་བརྩོན་པས་བསྐྱང་བར་བྱ་སྟེ། སྤྱོད་འཇུག་ལས། དེ་ལྟར་དག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་སོ། །དེ་ཡང་སེམས་དེ་ཉིད་མི་ཉམས་པར་བཟུང་བ་ནི། སྨོན་འཇུ་གི་རང་བཞིན་ལ་སེམས་གནས་པ་སྟེ། མཐུན་ཕྱོགས་བསླབ་པར་བྱ་བའི་གནས་སོ། །སེམས་དེའི་དྲི་མ་དག་པར་བྱེད་པ་ནི། ཉེས་སྤྱོད་ཐམས་ཅད་ལས་བཟློག་པར་བྱེད་པ་སྟེ། མི་མཐུན་ཕྱོགས་སྤོང་བའི་བསླབ་བྱའོ། །དགེ་བ་སྤེལ་བའི་ཐབས་ནི། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་ལ་སྤེལ་མར་སྦྱོང་སྟེ། མཐུན་ཕྱོགས་ཀྱི་བསླབ་བྱའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོ། །གཉིས་པ་ནི། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་བསྟེན། །ཞེས་པ་སྟེ། བསླབ་བཏུས་ལས། བག་ཡོད་པ་དང་མ་བྲལ་ཞིང་། །དྲན་པ་དང་ནི་ཤེས་བཞིན་དང་། །ཚུལ་བཞིན་དུ་ནི་སེམས་པས་སོ། །ཞེས་པ་ལྟར་དུས་རྟག་ཏུ་བསྲུང་སེམས་མི་བརྗེད་པའི་དྲན་པ་དང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོག་པའི་ཤེས་བཞིན་དང་། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་གསུམ་བསྟེན་པས་སེམས་བསྲུང་བར་བྱ་སྟེ། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་དང་། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་སོ། །གསུམ་པ་ནི། འགྲོ་འདུག་ཟ་ཉལ་སྤྱོད་ལམ་རྣམ་པ་བཞིར། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལྟར། །གང་བྱེད་རིགས་མཐུན་ཚིག་གིས་སྨོན་ལམ་འདེབས། །ཞེས་པ་སྟེ། སྤྱིར་སྤྱོད་ལམ་རྣམ་བཞིའི་དུས་ཐམས་ཅད་དུ་སྒོ་གསུམ་གྱི་སྤྱོད་པ་ལ་བརྟགས་ནས་དྲན་ཤེས་མ་ཉམས་པས། འགྲོ་བའི་ཚེ་མིག་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་། གཞན་དང་འཕྲད་ན་འཛུམ་པའི་མདངས་ཀྱིས་ལེགས་པར་འོངས་སོ་ཞེས་བསུས་ཏེ། སྙན་པའི་གཏམ་གྱིས་ཕ་རོལ་པོའི་ཡིད་དགའ་བར་བྱ་བ་དང་། འདུག་པའི་ཚེ་སྐྱིལ་ཀྲུང་དྲང་པོར་བསྲངས་ཏེ། འཆད་ཉན་དང་སྒོམ་པ་སོགས་ཆོས་སྤྱོད་བཅུའི་སྒྲུབ་པ་ཅི་རིགས་པ་ལ་འཇུག་པ་དང་། ཟས་ཟ་བའི་ཚེ་དཀོན་མཆོག་གསུམ་རྗེས་སུ་དྲན་པས་ཕུད་དང་གཏོར་མ་ཕུལ་ལ་ཆགས་སྲེད་སྤངས་ཏེ། ལུས་གསོ་བ་དང་སྲིན་བུའི་རིགས་ལ་ཕན་པའི་བློས་ཁམས་དང་ཏིང་ངེ་འཛིན་ལ་ཇི་ཙམ་འཕྲོད་པ་དེ་ཙམ་དུ་ལོངས་སྤྱད་དེ་ཟས་ཀྱི་བསྔོ་བ་བྱ་བ་རྣམས་དང་། མཚན་མོ་ཉལ་བའི་ཚེ་གཞོགས་གཡས་ཕབ་ལ་མགོ་བྱང་དུ་བསྟན་ནས་ཉལ་ཏེ། འཆི་བ་དྲན་པ་དང་། དཀོན་མཆོག་གསུམ་སྔས་སུ་དྲན་པ་དང་། དགེ་བའི་བྱ་བ་ལ་ལྡང་བ་དང་སྣང་བའི་འདུ་ཤེས་བཞག་ནས་ཆོས་ཉིད་ཀྱི་ངང་དུ་བློ་གནས་པས་ཉལ་ཞིང་། ནང་པར་ལྡང་བ་ན་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་དྲན་པས་ལངས་ཏེ། རྨི་ལམ་དུ་སྡིག་པ་མཐོང་ན་འཕྲལ་དུ་བཤགས་ཤིང་དགེ་ན་ཡི་རང་བ་ཙམ་བྱས་ནས། རང་གཞན་ལ་ཕན་པར་འགྱུར་བའི་ཆོས་སྤྱོད་ཀྱིས་དུས་འདའ་བར་བྱ་སྟེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་སོ། །ཁྱད་པར་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་ཇི་སྐད་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར། རྨི་ལམ་རྨི་བ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཁ་ཟས་བཟའ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར། སྐས་ལ་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། མཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་བཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་སོ། །གསུམ་པ་དོན་བསྡུ་བ་ལ། མཁས་པའི་བཞེད་པ་ཟློས་པ་དང་། རང་བཞེད་འགོད་པའོ། །དང་པོ་ནི། མཁྱེན་རབ་དབང་ཕྱུག་ཀློང་ཆེན་རབ་འབྱམས་ནི། །སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །བསྡུ་ན་དཀར་ནག་ཆོས་བརྒྱད་འདུ་ཞེས་གསུངས། །ཞེས་པ་སྟེ། ཚད་མེད་བཞིས་བློ་སྦྱངས་ནས་སེམས་ཅན་གྱི་ཕན་བདེ་སྙིང་ཁོང་དུ་ཆུབ་པ་ནི་སྨོན་པའི་བསླབ་བྱའི་གནད་བསྡུས་པ་སྟེ། བྱང་ཆུབ་ཀྱི་སེམས་མི་འདོར་བ་ཉིད་སྨོན་པ་མི་འཆོར་བའི་བསླབ་བྱར་བཤད་པའི་ཕྱིར། འཇུག་པའི་བསླབ་བྱ་ཕྱིན་དྲུག་ཏུ་འདུ་ཚུལ་ནི་སྔར་བཤད་པའི་དཀྱུས་ཀྱིས་གོ་བར་འགྱུར་རོ། །དེ་དག་ཀྱང་སེམས་ཉིད་ངལ་བསོ་ལས། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། །དེ་ཡི་མི་མཐུན་ཕྱོགས་སྤང་སེམས་བསྲུང་བྱ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤང་བརྩོན་པར་བྱ། །ཞེས་པས་བསྟན་ནོ། །ནག་པོའི་ཆོས་བཞི་སྤྱད་ནས་ཐུན་ཚོད་འདས་ན་སྨོན་སེམས་གཏོང་བར་བཤད་ལ། དེ་བཏང་ན་འཇུག་སེམས་ཀྱང་འཆོར་ཏེ། འཇུག་སེམས་ཀྱི་རྟེན་སྨོན་སེམས་ཡིན་པས། གྱང་མེད་ན་རི་མོ་མེད་པ་བཞིན་ནོ་སྙམ་དུ་དགོངས་ནས། འདིར་བསྡུ་ན་ཆོས་བརྒྱད་དུ་འདུ་བར་འཕངས་ནས་མཛད་པ་སྟེ། ཚིག་གི་དངོས་བསྟན་ལ། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། །དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། །ཞེས་པའི་སྐབས་ཀྱི་འགྲེལ་པའི་མཚམས་སྦྱོར་དུ། ད་ནི་སྨོན་འཇུག་སོ་སོའི་བསྲུང་ཚུལ་བཤད་དེ། དེ་ཡང་དང་པོར་སྨོན་པ་བསྲུང་ཚུལ་ལའང་། སྤང་བླང་གི་སྒོ་ནས་བསྲུང་བ་ནི། བསླབ་པ་ཇི་སྙེད་པའི་ཕྱོགས་དེ་དག་གི་རིམ་པ། ཞེས་འབྱུང་བས་འཇུག་པ་གསལ་བར་མ་བསྡུས་མོད། དེ་ལྟ་ནའང་གྲུབ་མཐའ་མཛོད་དུ་སྲོལ་གཉིས་ཀྱི་རྩ་ལྟུང་གི་དབྱེ་བ་བཤད་ནས། དེ་ཇི་ལྟར་བསྲུང་ཚུལ་འཆད་པའི་སྐབས་སུ། དྲན་དང་ཤེས་བཞིན་མ་ཉམས་པས་ནག་པོའི་ཚོས་བཞི་དོར་ནས། དཀར་པོའི་ཆོས་བཞི་སྤྱོད་པ་ལ་བསླབ་པར་བྱའོ། །ཞེས་པ་འདིས་བསྟན་པར་དགོངས་ནས་དེ་སྐད་ཅེས་འགྲེལ་པར་མཛད་དོ། །གཉིས་པ་ནི། འདིར་ནི་ཕན་དང་བདེ་བ་རྣམས་བྱ་ཞིང་། །འདིར་ཡང་མི་ཕན་ཕྱི་མར་གནོད་པ་སྤང་། །སྲོལ་གཉིས་བསླབ་བྱར་མ་འདུས་མེད་ཅེས་སྨྲ། །ཞེས་པ་སྟེ། འདིར་ནི་སེམས་ཅན་ལ་རྗེས་སུ་ཆགས་པའི་བྱམས་པས་ཀུན་ནས་བསླངས་ཏེ། གང་ཅི་སྤྱོད་ཀྱང་རུང་། དེ་ཐམས་ཅད་གནས་སྐབས་སུ་རང་གཞན་ལ་ཕན་ཞིང་མཐར་ཐུག་བདེ་བ་སྒྲུབ་པའི་ཐབས་མཁས་སུ་འགྲོ་བའི་ཕྱིར་བླང་བར་བྱ་ཞིང་། ཞེ་སྡང་གིས་ཀུན་ནས་བླངས་ཏེ་ཁྲོ་རྩོད་ཀྱིས་ནི་ཕན་ཚུན་གཉིས་ཀའི་རྒྱུད་མ་རུངས་པར་བྱས་པས་ཚེ་འདིར་ཡང་རང་གཞན་གཉིས་ཀ་ལ་མི་ཕན་ཏེ་གནོད་པའི་ཕྱིར་དང་། ཕྱི་མར་ནི་ངན་སོང་རྣམས་ལས་སྡུག་བསྔལ་ཆེ་ཤོས་དམྱལ་བར་འཕེན་པས་གནོད་པའི་ཕྱི་སྤང་དགོས་པར་མ་ཟད། འདིར་བདེ་བ་ལྟར་སྣང་ཡང་ཕྱི་མར་གནོད་ན་ནུས་པ་ཅི་ཡོད་ཀྱིས་འབད་དེ་སྤང་དགོས་སོ། །དེ་ལྟར་ཡང་བྱང་ས་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི། འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པར་རིག་པར་བྱའོ། །ཞེས་གང་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས། གང་ཅི་སྤྱོད་ཀྱང་རུང་། དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་ལ། བྱ་བར་རིགས་པ་བྱེད་པ་ནི་ཉེས་པར་འགྱུར་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡང་བ་ནི་བདག་དང་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །ཞེས་གསུངས། དེ་དག་ཇི་ལྟར་སློབ་པའི་ཐབས་ནི་ཤིང་རྟའི་སྲོལ་གཉིས་ཀྱི་བསླབ་བྱ་སྔར་བཤད་པ་ལ་མ་འདུས་པ་མེད་དོ། །ལྔ་པ་སྐྱེ་བའི་རྟེན་ནི། སྐྱེ་བའི་རྟེན་ནི་ལྷ་ཀླུ་འཕྲོག་མ་སོགས། །སྡིག་ཅན་ལ་ཡང་སྐྱེ་བར་ཀླུ་སྒྲུབ་བཞེད། །ཐོགས་མེད་དེའི་རྟེན་སོ་ཐར་དགོས་ཞེས་གསུངས། །སྤྱིར་ན་སངས་རྒྱས་ཆོས་ལ་དད་བྱེད་ཅིང་། །འབྲས་བུ་བླ་མེད་བྱང་ཆུབ་ལ་དད་དང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དད་བྱེད་ན། །བྱང་སེམས་སྐྱེ་བར་དཀོན་མཆོག་ཏཱ་ལར་གསུངས། །ཞེས་པ་སྟེ། ཀླུ་སྒྲུབ་ཀྱི་ལུགས་ལྟར་ན། བརྡ་ཤེས་དོན་གོ་ལ་ལེན་འདོད་ཡོད་ན་འགྲོ་བ་མཐའ་དག་ལ་སྐྱེ་བས་རྟེན་གྱི་གང་ཟག་རྒྱ་ཆེ་སྟེ། སྡིག་ཅན་སོགས་ལེན་པ་པོ་ཇི་ལྟར་དམན་ཡང་སྨོན་པའི་སེམས་བསྐྱེད་ཙམ་ཞིག་ངེས་པར་སྐྱེ་བ་ལ་དགོངས་པའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་སོ། །འཕགས་པ་ཐོགས་མེད་ཀྱི་ལུགས་ལྟར་ན། འཇུག་སྡོམ་མ་ཐོབ་པ་ཐོབ་པར་བྱེད་པའི་རྟེན་གླིང་གསུམ་གྱི་སྐྱེས་པ་བུད་མེད་མཚན་དོན་བྱེད་ནུས་པ་ཡིན་དགོས་ཏེ། སོ་ཐར་རིགས་བདུན་གང་རུང་དང་ལྡན་པའི་རྟེན་ལ་སྐྱེ་བར་བཤད་པའི་ཕྱིར། ལམ་སྒྲོན་ལམ། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་ཏེ། བྱང་སའི་ལུགས་འདིར་བསླབ་པའི་གྲངས་དང་སློབ་པའི་དུས་རྒྱུད་ཚོད་དང་སྦྱར་བའི་འཇུག་སྡོམ་ཉི་ཚེ་བ་མ་བཤད་པས་སྡོམ་པ་རྒྱ་ཆུང་བ་ལྟར་རྟེན་ཡང་རྒྱ་ཆུང་བ་ཡིན་པར་མངོན་ནོ། །དེ་ལྟར་ནའང་སྲོལ་གཉིས་པོ་དོན་ལ་གནད་གཅིག་སྟེ། རིགས་བདུན་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་རུང་། སྣ་གཅིག་སྤོང་སེམས་ཙམ་ཡང་མེད་ན་བྱང་སྡོམ་མི་སྐྱེ་བས། དོན་ལ་ཉེས་སྤྱོད་སྤོང་བར་དམ་འཆའ་ནུས་པ་ཞིག་ངེས་པར་དགོས་པའི་ཕྱིར་ཏེ། གཞན་དུ་ན་སེམས་བསྐྱེེད་ཀྱི་བསླབ་བྱ་དང་འགལ་བའི་ཕྱིར་རོ། །དེ་བས་བཞེད་པ་སྤྱིར་བཤད་ན། གང་ལེན་པ་པོའི་འགྲོ་བའི་ས་པས་བསྡུས་པ་ནི་ལུས་རྟེན་ཡིན་ལ། འདིར་གཙོ་བོ་ནི་བསམ་པའི་རྟེན་ཏེ། དད་སོགས་ཀྱི་བློ་ཁྱད་པར་ཅན་དངོས་སུ་སྐྱེར་རུང་བ་ཉིད་དོ། །དེ་ལྟར་ཡང་དཀོན་མཆོག་ཏཱ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིག །བྱང་ཆུབ་བླ་ན་མེད་ལའང་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་པའི་ཕྱིར། གནས་པའི་རྟེན་ནི། གང་ལ་སྐྱེས་པའི་རྟེན་དེའམ་ཚེ་བརྗེས་པའི་རྟེན་གཞན་ལའང་རུང་སྟེ། གཏོང་བྱེད་ཀྱི་རྒྱུ་གང་ཡང་མ་བྱུང་ན་ཚེ་བརྗེས་ཏེ་འགྲོ་བ་གང་དུ་སྐྱེས་ཀྱང་བྱང་སྡོམ་མི་གཏོང་བས། དེའི་དབང་གིས་རང་བཞིན་གྱིས་ཉེས་སྤྱོད་ལ་འཛེམ་ཞིང་དགེ་བ་ལ་ངང་གིས་སྤྲོ་བར་འགྱུར་བ་དང་། ཚེ་འཕོས་པས་བརྗེད་ནའང་ཚེགས་ཆུང་ངུས་དགེ་བའི་བཤེས་གཉེན་དང་འཕྲད་ནས་སྔར་ཡོད་དྲན་གསོའི་ཚུལ་དུ་སྡོམ་པ་ནོད་པར་འགྱུར་གྱི། གསར་དུ་ཡང་དག་པར་ལེན་དགོས་པ་ནི་མ་ཡིན་ཏེ། གཏོང་བྱེད་ཀྱི་རྒྱུ་མ་བྱུང་ན་རྫོགས་བྱང་གི་བར་དེ་སྲིད་དུ་མི་གཏོང་བའི་ཕྱིར་རོ། །དྲུག་པ་ཉམས་པ་གསོ་ཚུལ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། །ཞེས་པ་སྟེ། སྨོན་འཇུག་གི་བསླབ་བྱ་ཇི་སྙེད་པ་ཐམས་ཅད་ཤེས་པར་བྱས་ནས་མི་ཉམས་པར་བསྲུང་ཞིང་། གལ་ཏེ་ཉམས་ན་གསོ་བ་ལ་འབད་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། ལྟུང་བའི་རྣམ་གཞག་མུ་བཞིར་བསྟན་པ། གནང་བཀག་ཤེས་ནས་བསླབ་ཚུལ། ཕྱིར་བཅོས་དངོས་བཤད་པའོ། །དང་པོ་ནི། གང་གིས་རིགས་དང་མི་རིགས་མ་བརྟགས་པར། །རྩོམ་མམ་ལྡོག་གམ་བཏང་སྙོམས་འཇོག་ཀྱང་རུང་། །འོས་ལས་འདས་བྱེད་ཐམས་ཅད་ལྟུང་བའི་སྡེ། །དོན་ཆེན་བསྒྲུབ་ལ་ཆུང་བཏང་གཟུགས་བརྙན་ཏེ། །ནུས་པའི་ཡུལ་མིན་ཐམས་ཅད་ལྟུང་བ་མེད། །མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། །ཞེས་པ་སྟེ། གང་ཟག་གང་གིས་བྱ་བ་གང་ལའང་བློའི་ནུས་པ་ཅི་ཡོད་ཀྱིས་རུང་མི་རུང་བརྟག་དགོས་པ་ལས། དགག་སྒྲུབ་རིགས་པ་དང་མི་རིགས་པ་མ་བརྟགས་པར། ལྡོག་པར་བྱ་བའི་གནས་ལ་རྩོམ་པའམ། བརྩམ་པར་བྱ་བ་ལས་ལྡོག་པའམ། འཇུག་ལྡོག་གི་གཞི་ལ་བཏང་སྙོམས་སུ་འཇོག་ཀྱང་རུང་སྟེ་ལྟུང་བ་དང་བཅས་པ་ཡིན་ལ། དེ་ཡང་མུ་བཞི་སྟེ། བརྟགས་བཞིན་དཔྱད་པས་ཤེས་བཞིན་དུ་བྱ་བར་འོས་པ་ལས་འདས་ཏེ། མནར་སེམས་ཀྱིས་སྲོག་གཅོད་པ་ལྟ་བུ་མི་རིགས་པ་བྱེད་པ་དང་། སེར་སྣས་མི་སྦྱིན་པ་ལྟ་བུ་རིགས་པ་མི་སྒྲུབ་པ་ཐམས་ཅད་ལྟུང་བའི་སྡེ་ཡིན་ནོ། །དོན་ཆེན་བསྒྲུབ་ཕྱིར་དོན་ཆུང་གཏོང་བ་དཔེར་ན་སྦྱིན་པ་བྱས་པས་ཚུལ་ཁྲིམས་འཆོར་ན། དཀོན་བརྩེགས་ལས། གང་ཞིག་དགའ་བའི་ཡིད་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་གིས་ཉིན་གཅིག་ཚུལ་ཁྲིམས་དག །བསྲུངས་པ་དེ་ནི་ཁྱད་པར་འཕགས། །ཞེས་པ་ལྟར་སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ཡིན་པས། དེའི་ཚེ་སྦྱིན་པ་གཏོང་བ་བཏང་སྙོམས་སུ་འཇོག་པ་ལྟ་བུའམ། སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུས་དེ་དང་དེ་ཆེན་པོའི་གཉེན་པོར་འགྲོ་བ་བྱིས་པ་གཡང་ཁར་འཕྱན་པ་མས་བརྡུང་བ་ལྟ་བུ་རྣམས་ནི་ལྟུང་བའི་གཟུགས་བརྙན་ཏེ་དོན་ལ་ལྟུང་བ་མེད་པ་ཡིན་ནོ། །ལས་དང་པོ་པས་མགོ་དང་མིག་སོགས་མི་གཏོང་བ་ལྟ་བུར་རང་གིས་ནུས་པའི་ཡུལ་མིན་པས་མི་སྒྲུབ་པའམ་ནུས་པའི་ཡུལ་ལ་འཇུག་ལྡོག་མ་ནོར་བར་སྒྲུབ་པ་ཐམས་ཅད་ལྟུང་མེད་དོ། །ལས་དང་པོ་པས་མགོ་སྟེར་བ་ལྟ་བུ་རང་གིས་ནུས་པའི་ཡུལ་མིན་ཀྱང་དེར་བརྩོན་པར་བྱེད་པའམ་ཀུན་སློང་གནག་ན་སྦྱོར་བ་དཀར་ཡང་ལྟུང་བ་མེད་པའི་གཟུགས་བརྙན་ཏེ་དོན་ལ་ལྟུང་བ་ཡིན་ནོ། །དེ་དག་ཀྱང་ཚུལ་ཁྲིམས་གསུམ་ལ་དཔེར་སྦྱར་ན། སྡོམ་པའི་ཚུལ་ཁྲིམས་ལ། ཞེ་སྡང་གིས་སྲོག་གཅོད་པ་ལྟུང་བ། ཕན་སེམས་ཀྱིས་གསོད་ན་ལྟུང་བའི་གཟུགས་བརྙན། སྙིང་རྗེས་མི་གསོད་པ་ལྟུང་མེད། གཞན་ལ་ཕན་ཀྱང་མི་གསོད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དགེ་བ་ཆོས་སྡུད་ལ། སེར་སྣས་མི་སྦྱིན་པ་ལྟུང་བ། ཕན་སེམས་ཀྱིས་མི་སྟེར་བ་ལྟུང་བའི་གཟུགས་བརྙན། བསམ་པ་དག་པས་སྟེར་བ་ལྟུང་མེད། གཞན་ལ་གནོད་ཕྱིར་སྟེར་བ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སེམས་ཅན་དོན་བྱེད་ལ། ནད་གཡོག་མ་བྱས་པ་ལྟུང་བ། དོན་ཆེན་སྒྲུབ་ཕྱིར་ནད་གཡོག་མ་བྱས་པ་ལྟུང་བའི་གཟུགས་བརྙན། བརྩེ་བས་ནད་གཡོག་བྱེད་པ་ལྟུང་མེད། ནད་གཡོག་གཞན་ཡོད་བཞིན་དུ་རང་གི་ཀློག་སྤོང་སོགས་དོན་ཆེན་དོར་ནས་ནད་གཡོག་བྱས་ན་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །གཉིས་པ་ནི། གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཞེས་པ་སྟེ། གཞན་ལ་ཕན་པའི་ཐབས་སུ་འགྱུར་ན། རང་གི་མི་དགེ་བཅུའི་ཉེས་སྤྱོད་སྡོམ་པ་ལས་ལུས་ངག་གི་བདུན་གནང་བའི་སྐབས་ཡོད་དེ། འདི་ལྟར་མང་པོའི་སྲོག་སྐྱོབ་ཕྱིར་གཤེད་མ་གསོད་པ་ལྟ་བུ་སྲོག་གཅོད་དང་། བཀྲེས་པས་སྲོག་ལ་ཉེན་པ་སྐྱོབ་ཕྱིར་འབྱོར་ལྡན་ལས་བརྐུས་ནས་སྟེར་བ་ལྟ་བུ་མ་བྱིན་ལེན་དང་། བུད་མེད་འདོད་པས་གདུངས་ཏེ་འཆི་ངེས་སྐྱོབ་ཕྱིར་དེར་སྤྱོད་པ་ལྟ་བུ་འདོད་ལོག་དང་། གསོད་ངེས་ཀྱི་སྐྱེས་བུ་ཐར་ཕྱིར་སྦ་བ་ལྟ་བུ་རྫུན་དང་། སྡིག་གྲོགས་ཀྱིས་བསླུས་ནས་ངན་འགྲོར་ཁྲིད་པ་ལས་ལྡོག་ཕྱིར་དེ་གཉིས་འབྱེད་པ་ལྟ་བུ་ཕྲ་མ་དང་། མྱ་ངན་གྱི་ནོན་པ་བསང་བའམ་གཏམ་ལ་དགའ་བས་ཆོས་ལ་འཇུག་པའི་དགོས་པ་མཐོང་ན་སྒྲུང་དང་གཏམ་རྒྱུད་སོགས་སྨྲ་བ་ངག་འཁྱལ་དང་། མི་དགེའི་བྱ་བ་ལས་ལྡོག་ཕྱིར་བཤེ་བ་ལྟ་བུ་ཚིག་རྩུབ་སྟེ། དེ་རྣམས་མི་དགེ་བ་ལྟར་སྣང་ཡང་དོན་ལ་དགེ་བ་ཡིན་པས་བྱ་བར་གནང་སྟེ། སེམས་ཀྱི་འཕེན་པ་ལས་གཞན་པའི་དགེ་སྡིག་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྟར་ཡང་བཞི་བརྒྱ་པ་ལས། བསམ་པས་བྱང་ཆུབ་སེམས་དཔའ་ཡི། །དགེའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར། །ཞེས་དང་། སེམས་ཀྱི་སྒྲིབ་སྦྱོང་ལས། དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོད་ཞེས་ནི་བསྐུལ་གྱུར་ནས། །ཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །བསམ་པ་བཟང་པོས་མཆིལ་ལྷྭམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །དེས་ན་དགེ་སྡིག་གི་ལས་ནི་སེམས་ཀྱི་འཕེན་པ་ཉིད་ལ་རག་ལས་པའི་ཕྱིར་ཡིད་ཀྱི་ལས་གསུམ་ནི་ནམ་ཡང་གནང་བ་མེད་དོ། །གསུམ་པ་ལ་སྲོལ་གཉིས་ལས། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ནི། ཐུན་འདས་ཉམས་ན་འཕགས་པ་ནམ་སྙིང་ལ། །ཐོ་རངས་གསོལ་བཏབ་རྨི་ལམ་ལྟུང་བ་འཆགས། །ལྷག་མ་ཕུང་པོ་གསུམ་པ་ཉིན་མཚན་དུ། །ལན་གསུམ་འདོན་པས་གཞིལ་བ་ཀླུ་སྒྲུབ་ལུགས། །ཞེས་པ་སྟེ། སྤྱིར་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་ནི། རྟེན་གཞི་སྨོན་སེམས་བཏང་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་སྡོམ་པ་ཕུལ་བ་གསུམ་དུ་འདུ་བ་ལས། དེ་ཡང་སྔར་བཤད་ཀྱི་རྩ་ལྟུང་བཅོ་བརྒྱད་དམ་ཉི་ཤུ་པོ་ཐམས་ཅད་སྤོང་བ་ནི་དབང་རྣོན་གྱི་ཡུལ་ཡིན་པས། དབང་པོ་འབྲིང་རྟུལ་གཉིས་ལ་ནི། རང་བློའི་སྟོབས་དང་སྦྱར་བའི་སོ་སོའི་བསླབ་བྱ་དེ་དག་བསྲུངས་པས་བྱང་སེམས་ཀྱི་བསླབ་པ་ལས་ཉམས་པར་མི་འགྱུར་ཏེ། སྡོམ་ཆོག་ཏུ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་སྨོན་པ་བླངས་ནས། དེ་བཞིན་དུ་ནི་བསླབས་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་འཇུག་པ་བློའི་ནུས་ཚོད་དང་སྦྱར་ཏེ་རིམ་གྱིས་བསླབ་པ་ལས། ཐོག་མ་ཉིད་ནས་བསླབ་བྱ་ཐམས་ཅད་ལ་སློབ་པར་དམ་མ་བཅས་པའི་ཕྱིར་རོ། །ཉམས་པའི་ཉེས་དམིགས་ནི། ལྟུང་བ་སྤྱིའི་ཉེས་དམིགས་ལ་གསུམ་ལས། དང་པོ་ཁས་བླངས་ཉམས་པས་སྨད་པའི་གནས་སུ་འགྱུར་ཏེ། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་དེ་དག་མི་མགུ། རང་བསླུས་པས་རང་དོན་ཉམས་ཤིང་ཀུན་གྱིས་སྨད་པའི་གནས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་མིང་དོན་ཤོར་བས་མི་འདོད་པ་ཐམས་ཅད་འདུ་སྟེ། རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་ཚེ་འདིར་བཀྲ་མི་ཤིས་ཤིང་འཆི་ཁར་མྱ་ངན་གྱིས་གདུང་བར་གསུང་བའི་ཕྱིར་རོ། །གསུམ་པ་ཉེས་པ་ལྕི་བས་ཕྱི་མ་ངན་འགྲོར་ལྟུང་ཞིང་དེ་ལས་ཐར་དཀའ་སྟེ། བསླབ་བཏུས་ལས། རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་རྩ་ལྟུང་གི་ཉེས་དམིགས་ནི། སྔོན་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་ཐལ་བར་རློག་པ་དང་། དེ་ཉིད་ཀྱིས་ནི་དཀོན་མཆོག་ལྷ་དང་བཅས་པ་བསླུས་པ་དང་། དེས་ནི་སྤྱིར་ངན་འགྲོ་དང་ཁྱད་པར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་ལས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །སྡོམ་པ་ཕུལ་བ་ནི། སོ་ཐར་ལས་བསྲུང་མི་ནུས་ན་འབུལ་བ་བསླབ་བྱར་གནང་མོད། བྱང་སྡོམ་ཕུལ་ན་ནི་ཉེས་པ་ཆེས་ལྕི་བར་འགྱུར་ཏེ། རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་འགྲོ་བའི་ཕན་བདེ་སྒྲུབ་པར་དམ་བཅས་པ་ཉིད་བཏང་བའི་ཕྱིར། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་དང་། སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིས་ན་བདག་ཉིད་ཉམས་འགྱུར་ན། །ནམ་མཁའི་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། །ཞེས་སོ། །དེ་ལྟར་ཉེས་དམིགས་བསམ་ནས་ལྟུང་བས་མ་གོས་པར་བྱ་བ་ལ་འབད་དུ་ཟིན་ཀྱང་། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པ་སྟེ་རྒྱུ་བཞིས་ལྟུང་བ་བྱུང་ན་ཕྱིར་བཅོས་པའི་སྒོ་ནས་ཉེས་པ་ལས་ལྡང་བར་བྱའོ། །དེ་ལ་ཐུན་འདས་ཞེས་པ་ནི། ཉིན་ལ་ཆ་གསུམ་མཚན་ལ་ཆ་གསུམ་སྟེ་ཐུན་དྲུག་ཏུ་ཕྱེ་བའི་ཉིན་ཞག་གི་དྲུག་ཆའི་མཇུག་ཏུ་གཉེན་པོས་སླེབ་ན་དེའི་ཚུལ་ཁྲིམས་རྒྱུན་མི་ཆད་ཅིང་རྣམ་པར་དག་པར་འགྱུར་རོ། །དེ་ལ་སྔ་དྲོ་ལྟ་བུར་ཐུན་སྔ་མའི་ཐོག་ཐ་བར་གསུམ་གང་རུང་ལ་ལྟུང་བ་བྱུང་ན། གུང་ཚིགས་ལྟ་བུ་དེ་མ་ཐག་གི་ཐུན་ཕྱི་མའི་ཐོག་ཐ་བར་གསུམ་གང་རུང་དེ་དང་དེའི་དུས་སུ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་ཉིད་ཀྱིས་བཤགས་པས་སོར་ཆུད་པའི་དོན་ནོ། །དེ་ལྟར་བཤགས་ཚད་ལས་མ་འདས་ན་རྩ་ལྟུང་ཡང་ཡང་བྱུང་ཡང་བཤགས་པས་སོར་ཆུད་པར་འགྱུར་བས་ཕྱིར་བཅོས་སུ་ཡོད་པ་ཡིན་ལ། གལ་ཏེ་བཤགས་ཚད་ལས་འདས་ན་ནི་ཚུལ་ཁྲིམས་གཏུགས་པ་ཡིན་པས་ཕྱིར་བཅོས་ཀྱིས་གསོ་བར་མི་ནུས་ཀྱི། བཤགས་བསྡམས་སྔོན་དུ་འགྲོ་བས་སླར་ཆོ་ག་བཞིན་དུ་བླང་བར་བྱ་ཞིང་། གྲངས་ངེས་པ་མེད་དོ། །དེ་ལྟ་ནའང་འདིར་སྡོམ་པ་བསྐྱར་བར་མ་བཤད་པ་ནི། སླར་སྐྱེ་བས་ཤོར་ཡང་སླའོ་སྙམ་དུ་ནན་ཏན་མི་བྱེད་པ་སྤང་ཕྱིར་བསླབ་བཏུས་སུ་དངོས་སུ་མ་གསུངས་པ་བཞིན་དུ་འདིར་ཡང་དེ་ལྟར་མཛད་ལ། འོན་ཀྱང་དེར་ཉེ་བ་འཁོར་གྱི་མདོ་དྲངས་ནས་ཉན་ཐོས་དང་བྱང་སེམས་ཀྱི་རྩ་ལྟུང་བྱུང་བ་བཅོས་སུ་ཡོད་མེད་ཀྱི་ཁྱད་པར་བཤད་པས་དོན་གྱིས་གསུངས་པར་མངོན་ཏེ། བཅོས་སུ་ཡོད་པའང་ཉེས་པ་བཤགས་པ་དང་སྡོམ་པ་ལེན་པ་ལས་མ་འདས་པའི་ཕྱིར་རོ། །དེས་ན་ཕྱིར་བཅོས་ཚུལ་ལ་དབང་པོའི་ཁྱད་པར་གྱིས་གསུམ་ལས། དབང་འབྲིང་ལྷའི་རྣལ་འབྱོར་ལ་ནན་ཏན་དུ་བྱེད་པ་དག་གིས། རང་གི་ཡི་དམ་གྱི་ལྷའི་མདུན་དུ་ཡན་ལག་བདུན་པ་བྱས་ལ་བཤགས་པས་ལྡང་མོད། རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའ་སྙིང་པོའི་མདུན་དུ་བཤགས་པར་འདོད་ན། ཉིན་མཚན་གྱིས་བར་མ་ཆོད་པར་བཤགས་པར་བྱ་སྟེ། གང་གི་ཚེ་ལྟུང་བ་བྱུང་ནས་བཟུང་ཁྲུས་དང་གཙང་སྦྲ་བྱ། སྤོས་བཏུལ་ཏེ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། འཕགས་པས་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། དངོས་སམ་རྨི་ལམ་དུ་སྐལ་པ་དང་འཚམས་པར་དེ་ཉིད་ཀྱི་གཟུགས་སམ་མི་ནས་བྱའི་བར་ཅི་རིགས་པའི་གཟུགས་ཀྱིས་ལྟུང་བ་ལས་འབྱིན་པའི་ཐབས་སྟོན་པར་འགྱུར་ལ། གལ་ཏེ་སྟོན་པར་མི་བྱེད་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་བཅས་པས་ཤར་ཕྱོགས་སུ་བལྟས་ཏེ། སྤོས་བཏུལ་བས་མཆོད་ཅིང་། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་ལེགས་པ་ཆེན་པོ་ཁྱོད་ཛམྦུའི་གླིང་དུ་ཤར་མ་ཐག་ཏུ་བདག་ལ་ཐུགས་རྗེས་ཁྱབ་པར་མཛོད་ཅིག །ནམ་མཁའ་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ། ཐབས་གང་གིས་ལྟུང་བ་མྱུར་དུ་འཆགས་པར་འདོད་པ་དང་། ཐེག་པ་ཆེན་པོའི་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་དག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་བརྗོད་ནས་ཉལ་བས་སྐྱ་རེངས་འཆར་བའི་ཚེ་རྨི་ལམ་དུ་ནམ་སྙིང་གི་གཟུགས་སྐལ་བ་བཞིན་སྟོན་པས་ལྟུང་བ་འཆགས་སུ་འཇུག་གོ། །དབང་པོ་དམན་པ་དག་གིས་ནི་སྟོབས་བཞིའི་སྒོ་ནས་བཤགས་པར་བྱའོ། །དེ་ལ་རྟེན་གྱི་སྟོབས་ནི་གཉིས་ཏེ། བཤགས་ཡུལ་གྱི་རྟེན་དགེ་བའི་བཤེས་གཉེན་ནམ་དེ་བཞིན་གཤེགས་པའི་རྟེན་ཁྱད་པར་ཅན་མཆོད་པའི་དབུས་སུ་སྤྱན་དྲང་ཞིང་དམིགས་པས་ཀྱང་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་བསམ་པའོ། །རང་རྒྱུད་ཀྱི་རྟེན་ནི་སྐྱབས་སེམས་ཡིན་པས་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་སྙིང་རྗེས་རྫོགས་བྱང་གི་སེམས་དང་ལྡན་པས་སྐྱབས་འགྲོ་སྤྱི་དང་། ཁྱད་པར་གཙོ་རྒྱལ་མས་འཇིགས་པ་ལས་སྐྱོབ་པར་གསོལ་བ་འདེབས་པའོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི། སྡིག་ལྟུང་དྲན་ཞིང་འགྱོད་པ་དྲག་པོས་ལྟུང་བ་གང་བྱུང་དེ་དང་དེའི་མིང་ནས་བརྗོད་དེ་བཤགས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སངས་རྒྱས་དང་བྱང་སེམས་ཀྱི་མཚན་བཟུང་བ། སྐུ་གཟུགས་དང་མཆོད་རྟེན་བཞེངས་པ། རྟེན་ལ་ཕྱག་མཆོད་དང་སྐོར་བ་བྱ་བ། མདོ་རྒྱུད་ཟབ་མོ་ཀློག་པའམ་ཁ་ཏོན་བྱ་བ། དེ་བཞིན་གཤེགས་པའི་ཡིག་བརྒྱ་སོགས་སྡིག་སྦྱོང་ལ་བསྔགས་པའི་གཟུངས་སྔགས་བཟླས་བརྗོད་བྱ་བ། སྟོང་པ་ཉིད་ལ་མོས་པ་ཞེས་སྡིག་པའི་ངོ་བོ་ལ་ཇི་ལྟ་བུ་གང་ན་གནས་སོ་སོར་བརྟགས་ནས་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་སྟེ། དེ་དག་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་ཅེས་གྲགས་སོ། །སོར་ཆུད་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་ཞེས་དམ་བཅས་ནས་ཉེས་སྤྱོད་ཀྱི་ལས་མི་བྱེད་པའོ། །གཞན་ཡང་ཡུལ་གྱི་ཁྱད་པར་སེམས་ཅན་ལ་གནོད་པའི་ཞེ་སྡང་གི་དང་ཆོས་ལ་གནོད་པའི་གཏི་མུག་གི་ཀུན་དཀྲིས་ལྕི་བ་གཉིས་དང་། དེ་ལས་གཞན་པའི་ཆགས་སེམས་དང་ཞེ་སྡང་ཙམ་གྱི་ཀུན་དཀྲིས་རྣམས་རིམ་པར་ཐེག་ཆེན་གྱི་སྡོམ་ལྡན་བཅུ་ཚོགས་དང་ལྔ་ཚོགས་དང་གང་ཟག་གཅིག་གམ་གཉིས་ལ་བཤགས་པར་བྱའོ། །གལ་ཏེ་དེ་ལྟ་བུའི་ཡུལ་མ་རྙེད་ན་ཐམས་ཅད་དཀོན་མཆོག་གི་དྲུང་དུ་བཤགས་སོ། །ཁྱད་པར་ཉིན་མ ཚན་དུས་དྲུག་ཏུ་སངས་རྒྱས་སོ་ལྔ་ལ་ཕྱག་བྱས་ནས་བཤགས་པ་ཡི་རང་བསྔོ་བའི་ཕུང་པོ་གསུམ་གྱི་མདོ་ཁ་ཏོན་དུ་བྱས་པས་རྩ་བ་ལས་གཞན་པའམ། བརྗོད་ངེས་དང་ཤེས་བཞིན་གྱིས་མ་ཟིན་པས་ཕྱིར་བཅོས་མ་གྲུབ་པའི་ལྟུང་བའི་ལྷག་མ་རྣམས་བྱང་ཞིང་སོར་ཆུད་པར་འགྱུར་ཏེ། སྤྱོད་འཇུག་ལས། ཉིད་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ན། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སོ། །དབང་རྣོན་གྱི་གང་ཟག་དམ་པ་ཁ་ཅིག་གིས་ནི། ཐོག་མར་སྒྱུ་མ་རྨི་ལམ་ལྟ་་བུའི་ཚུལ་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཚིག་གིས་བཤགས་རྗེས། ཉེས་པ་དེ་ཉིད་ཀྱི་ངོ་བོ་ལ་བརྟགས་ཤིང་དཔྱད་པས་དམིགས་མེད་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པའི་ངང་ལ་མཉམ་པར་གཞག་པས་ཉེས་ལྟུང་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེ་ལྟར་དབང་པོའི་ཁྱད་པར་གྱིས་ཕྱིར་བཅོས་གསུམ་དུ་བསྡུས་པ་འདི་ནི་ནག་པོ་པའི་དགོངས་པ་སྟེ། ཇི་སྐད་དུ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱེད་ཅིང་ཡིད་ལ་གཅགས་པས་གཞན་གྱི་དྲུང་དུ་ཉེས་པ་འཆགས་ཤིང་། ཕྱིས་སྡོམ་པས་རིམ་གྱིས་ཉེས་པ་དེ་ལས་རིང་ཞིག་ན་ལྡང་བ་ཡོད་དོ། །བར་མ་ཁ་ཅིག་ནི་རིག་སྔགས་དང་གསང་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ་ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལས་ལྡང་ངོ་། །དམ་པ་ཁ་ཅིག་ནི་གང་གིས་ལྟུང་བར་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ཚེགས་མེད་པར་གནས་ཏེ་ཇི་ལྟར་འཕགས་པའི་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འཕགས་པ་ཐོགས་མེད་ཀྱི་ལུགས་ལ། གཏོང་རྒྱུ་ངོས་བཟུང་བ་དང་། ཉེས་ལྟུང་ཕྱིར་བཅོས་ཚུལ་ལོ། །དང་པོ་ནི། སྨོན་པའི་སེམས་ནི་ནག་པོའི་ཆོས་བཞི་སྤྱད། །སེམས་ཅན་སྙིང་ནས་བློས་བཏང་དེ་གཏོང་འགྱུར། །རྒྱུན་མི་ཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །ལྟ་བ་ཀུན་དཀྲིས་ཆེན་པོས་སྡོམ་པ་འཇོམས། །ཕམ་པ་ཞེས་བརྗོད་ཆུང་དང་འབྲིང་ལ་མིན། །ཞེས་པ་སྟེ། རྩ་བ་སེམས་ཅན་བློས་བཏང་བ་དང་། ཡན་ལག་ནག་པོའི་ཆོས་བཞི་སྤྱད་ན་རྟེན་གཞི་སྨོན་སེམས་གཏོང་ལ། དེ་བཏང་བས་བརྟེན་པ་འཇུག་སེམས་ཀྱང་བཏང་བར་འགྱུར་རོ། །རྙེད་བཀུར་གྱི་ཕྱིར་བདག་བསྟོད་གཞན་སྨོད་སོགས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་རྒྱུན་མི་ཆད་དུ་སྤྱོད་པ་དང་། ངོ་ཚ་དང་ཁྲེལ་ཡོད་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང་། དེས་མགུ་ཞིང་དགའ་བར་བྱེད་པ་དང་། དེ་ཉིད་ལ་ཡོན་ཏན་དུ་བལྟ་བ་སྟེ་ཡན་ལག་བཞི་ཚང་ན་ཀུན་དཀྲིས་ཆེན་པོའི་ལྟུང་བ་སྟེ། སྡོམ་པ་འཇོམས་པར་བྱེད་པས་ན་ཕམ་པ་ཞེས་བརྗོད་པར་བྱའོ། །ཡན་ལག་གང་རུང་ཚང་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་བསྐུལ་བས་ལྡོག་ན་ཀུན་དཀྲིས་འབྲིང་དང་། ཡན་ལག་གང་རུང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་རྐྱེན་ལ་མ་ལྟོས་པར་རང་ཉིད་ཀྱིས་དེ་ལས་མྱུར་དུ་ལྡོག་པར་བྱེད་ན་ཀུན་དཀྲིས་ཆུང་ངུ་སྟེ། དེ་གཉིས་ཀྱིས་སྡོམ་པ་གཏོང་བ་མ་ཡིན་ནོ། །འོ་ན་གཏན་ལ་དབབ་པ་བསྡུ་བར། གཏོང་བྱེད་དེ་གཉིས་གཅིག་ཏུ་བྱས་པའི་སྟེང་དུ་བཟློག་ཟླ་སྡོམ་མིན་སྐྱེས་པ། སྡོམ་པ་ཕུལ་བ། ཀུན་དཀྲིས་འབྲིང་ཡན་ཆོད་ཀྱི་བཞི་ཚང་བ་རྣམས་བསྣན་ནས་གཏོང་བྱེད་བཞིར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདིར་བཤད་ཀྱི་གཏོང་བྱེད་གཉིས་ནི་བྱང་སའི་དགོངས་པ་ལྟར་དབང་པོ་འབྲིང་རྟུལ་གྱི་དབང་དུ་བྱས་པ་རགས་པའི་རྣམ་གཞག་སྟེ། ཐབས་མཁས་ཀྱི་མདོ་ལྟར་བསླབ་བཏུས་ཀྱི་རྩ་ལྟུང་བཞི་པོ་དབང་འབྲིང་གི་རྩ་ལྟུང་ཡིན་པ་ལྟར། དེ་དང་ཆ་འདྲ་བ་བྱང་སའི་བཞི་ཡང་དབང་འབྲིང་གི་རྩ་ལྟུང་དུ་དོན་གྱིས་ཐོབ་པའི་ཕྱིར་རོ། །དེས་ན་བསྡུ་བར་ཟག་པ་འབྲིང་པོས་སྤྱད་པ་གཏོང་བྱེད་དུ་བཞེད་པ་ནི་དབང་རྣོན་གྱི་དབང་དུ་མཛད་པ་སྟེ། འདིས་འཕགས་པ་ཐོགས་མེད་ཀྱི་ལུགས་ལའང་དབང་རྣོན་གྱི་སྡོམ་པ་བཞེད་པར་མངོན་ནོ། །གཉིས་པ་ནི། ཕས་ཕམ་བྱུང་ན་སླར་བླང་འབྲིང་ནི་གསུམ། །ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། །མཐུན་པའི་གང་ཟག་མེད་ན་ཡིད་ཀྱི་བསྡམ། །རྒྱ་ཆེན་སྤྱོད་པའི་རིང་ལུགས་ཟླ་མེད་དོ། །ཞེས་པ་སྟེ། སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་ཕམ་པའི་གནས་ལྟ་བུའི་རྩ་ལྟུང་གིས་གཏོང་བས། དེ་དག་བྱུང་ན་བཤགས་བསྡམས་དང་བསག་སྦྱངས་ལ་ནན་ཏན་བྱས་ལ། སྡོམ་པ་སླར་བླང་བར་བྱ་ཞིང་། གྲངས་ནི་གསུམ་ལས་ལྷག་པ་བསྐྱར་དུ་མེད་པར་བྱང་ས་ལས་བཤད་ཅེས་ཀུན་མཁྱེན་ཆེན་པོ་གསུང་ངོ་། །ཀུན་དཀྲིས་འབྲིང་གིས་སྤྱད་པའི་ཕམ་འདྲ་རྣམས་ནི་གང་ཟག་གསུམ་ཡན་ཆོད་དང་། ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་། དེ་ལས་གཞན་པའི་ཉེས་བྱས་ཞེ་དྲུག་ལ་ཀུན་སློང་གི་དབང་གིས་ཉོན་མོངས་ཅན་ཡིན་མིན་དང་ལྟུང་མེད་དུ་འགྱུར་བའང་ཡོད་པས། དེ་དག་གང་བྱུང་གང་ཟག་གཅིག་ཡན་ཆད་ཀྱི་དྲུང་དུ་བཤགས་ཤིང་བསྡམས་པས་དག་པར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་སོ། །དེ་ཐམས་ཅད་ལ་བཤགས་ཡུལ་མཐུན་པའི་གང་ཟག་མེད་ན་རྒྱལ་བ་སྲས་བཅས་ཡིད་ཀྱིས་བསམ་པའི་སྤྱན་སྔར་བཤགས་ཤིང་བསྡམ་པར་བྱའོ། །དེ་ཡང་ལམ་སྒྲོན་འགྲེལ་པར་། དུམ་བུ་དང་པོར་ལེགས་པར་གསོལ་བྱེད་པ། །སྐྱེས་བུ་རབ་ཡིན་འབྲིང་ནི་གཉིས་ལའོ། །དུམ་བུ་ཐར་མར་གསོ་བ་ཐ་མ་སྟེ། །ཞེས་སྤྱིར་དུས་དྲུག་དང་ཁྱད་པར་དུས་རེ་རེ་ལ་ཆ་གསུམ་གསུམ་དུ་ཕྱེ་ནས། དེ་དང་དེར་གཉེན་པོས་སླེབ་པ་གང་ཟག་རབ་འབྲིང་ཐ་གསུམ་གྱི་གསོ་ཚུལ་ཡིན་པར་བཤད་དོ། །བདུན་པ་ཕན་ཡོན་ལ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི། སངས་རྒྱས་ཀྱི་སྲས་སུ་འགྱུར་བའི། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །དང་པོ་ནི། འདི་འདྲའི་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན། །གཉིད་སོགས་བག་མེད་གྱུར་ལའང་བསོད་ནམས་ཤུགས། རྒྱུན་མི་ཆད་འབྱུང་། ཞེས་པ་སྟེ། རེ་ཞིག་སྨོན་པ་སེམས་བསྐྱེད་ཀྱི་དབང་དུ་བྱས་ན། འདིའི་འབྲས་བུ་སངས་རྒྱས་ཉིད་དུ་འགྱུར་བ་ལྟ་ཞོག་གི། གནས་སྐབས་སུའང་འཁོར་ལོ་སྒྱུར་བ་དང་ལྷའི་དབང་པོ་སོགས་མཐོ་རིས་ཀྱི་འབྲས་བུ་ལན་གྲངས་དུ་མར་མྱོང་ཡང་། མངོན་མཐོའི་འབྲས་བུ་འབྱིན་པའི་ནུས་པ་ནམ་ཡང་ཟད་པར་མི་འགྱུར་ཏེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་སྦྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །འཇུག་སེམས་ཀྱི་རྩིས་ཟིན་ན་ནི་འབྲས་བུ་མི་ཟད་པ་འབྱུང་བར་མ་ཟད། འབྲས་བུའི་རྒྱུ་བསོད་ནམས་ཀྱང་རྒྱུན་མི་ཆད་དུ་འབྱུང་བས་སྨོན་པ་དང་ཁྱད་ཞུགས་པ་ཡིན་ཏེ། དེ་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བྱའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་ནི། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་སོ། །གཉིས་པ་ནི། རྒྱལ་བའི་སྲས་སུ་འགྱུར། །ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་སྐྱེས་མ་ཐག་ནས་རྒྱལ་བ་རྣམས་ཀྱི་སྲས་ཞེས་མིང་འཕོ་ཞིང་ཕྱག་བྱ་བའི་གནས་སུ་གྱུར་པ་སྟེ། དེ་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་རྒྱར་འགྱུར། །ཞེས་སོ། །གལ་ཏེ་ཉེས་པ་དགའ་ཞིག་བྱུང་ཡང་སྨོན་སེམས་མ་བཏང་ན་རིགས་ཀྱི་སྒོ་ནས་ཉན་རང་དགྲ་བཅོམ་ཟིལ་གྱིས་གནོན་ཅིང་། བྱང་སེམས་ཀྱི་མིང་ཡང་མི་འདོར་བ་ཡིན་ཏེ། བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཡང་རྣམ་པར་བཟློག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །ཞེས་སོ། །གསུམ་པ་ནི། གྲངས་མེད་གསུམ་བདུན་སོ་གསུམ་བྱང་ཆུབ་ཐོབ། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་ལའང་དབང་པོའི་རིམ་པས་གྲོལ་ཚུལ་གསུམ་སྟེ། རྒྱལ་པོ་ལྟ་བུའམ་འདོད་ཆེན་པོའི་སེམས་བསྐྱེད་ཅེས་རང་གྲོལ་ནས་གཞན་སྒྲོལ་བར་འདོད་པའི་བྱང་སེམས་དབང་རྟུལ་རྣམས་ནི། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་ཐོགས་ཏེ། ཚོགས་སྦྱོར་དུ་གསུམ་དང་། ས་བཅུ་རེ་རེ་ལ་གསུམ་གསུམ་མོ། །གཉན་པ་ལྟ་བུའམ་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་རང་དང་འགྲོ་བ་མཉམ་དུ་ཐར་བར་འདོད་པ་བྱང་སེམས་དབང་འབྲིང་རྣམས་ནི་གྲངས་མེད་བདུན་ཐོགས་ཏེ། ཚོགས་སྦྱོར་གཉིས་སུ་གཉིས་རེ་མཐོང་ལམ་དུ་གཅིག །སྒོམ་ལམ་དུ་གཉིས་སོ། །རྫི་བོ་ལྟ་བུའམ་དཔེ་མེད་པའི་སེམས་བསྐྱེད་ཅེས་སེམས་ཅན་ཐམས་ཅད་བསྒྲལ་ནས་རང་ཉིད་གྲོལ་བར་འདོད་པ་བྱང་སེམས་དབང་རྣོན་རྣམས་ནི་གྲངས་མེད་གསུམ་ཐོགས་པ་ལས། དང་པོ་ལ་མོས་སྤྱོད་ཀྱིས་ཚོགས་སྦྱོར་གཉིས་རྫོགས་ཏེ། ཚོགས་ལམ་གསུམ་དུ་དྲན་པ་ཉེར་བཞག་བཞི། །ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་པ་བཞི་རྣམས་བསྒོམས་པས་ཚོགས་ལམ་ཆེན་པོར་གནས་སྐབས་ཀྱི་ཡོན་ཏན་མངོན་ཤེས་ལྔ་དང་ཁྱད་པར་གྱི་འབྲས་བུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། དེ་ནས་སྒོམ་བྱུང་གཙོ་བོར་གྱུར་པ་སྦྱོར་ལམ་དུ་ངེས་འབྱེད་ཡན་ལག་བཞི་སྟེ། དྲོད་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྩེ་མོས་རྣམ་བྱང་གི་གཟུང་རྟོག་བཟོད་པས་གང་ཟག་རྫས་ཡོད་དང་ཆོས་མཆོག་གིས་བཏགས་ཡོད་བཞི་སྤོང་ཞིང་། དང་པོ་གཉིས་སུ་དབང་པོ་ལྔ་དང་། ཕྱི་མ་གཉིས་སུ་དེ་གོམས་པས་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་སྟོབས་ལྔ་སྒོམ་མོ། །དེ་ནས་འཕགས་ལམ་ལ་ས་བཅུ་ལས། གྲངས་མེད་གཉིས་པས་མ་དག་ས་བདུན་དང་། གསུམ་པས་དག་པ་ས་གསུམ་རྫོགས་པར་བྱེད། དེའང་ས་དང་པོ་མཐོང་བའི་ལམ་དུ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བས་ཀུན་བརྟགས་བློ་བུར་གྱི་སྒྲིབ་པ་ཐམས་ཅད་བཅོམ་ནས་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་བརྒྱ་བགྲོད་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། དེས་བྱང་ཆུབ་ཀྱི་ཡན་ལག་བདུན་ཉམས་སུ་ལེན་ཞིང་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད། མཐོང་བའི་དོན་དེ་སྤང་བྱ་ལྷན་སྐྱེས་སྤོང་བའི་གཉེན་པོར་རྒྱུན་གོམས་པར་བྱེད་པ་ས་གཉིས་པ་ནས་བཅུ་པའི་བར་གྱི་སྒོམ་ལམ་ས་དགུར་རང་སྐལ་གྱི་སྒྲིབ་པ་ལས་གྲོལ་བའི་གློ་བུར་རྣམ་དག་གི་ཆ་རེ་ཐོབ་པས་སྔར་མཐོང་ལམ་གྱི་ཡོན་ཏན་དེ་ཉིད་སྟོང་འགྱུར་སོགས་གོང་ནས་གོང་དུ་འཕེལ་ཞིང་། དེ་རྣམས་སུ་སྤྱིར་འཕགས་ལམ་ཡན་ལག་བརྒྱད་སྒོམ་ལ། བྱེ་བྲག་སོ་སོར་ཚུལ་ཁྲིམས་ནས་ཡེ་ཤེས་ཀྱི་བར་གྱི་ཕྱིན་བཅུ་ལ་གཙོ་བོར་སྤྱོད་དོ། །དེ་ལྟར་གྲངས་མེད་གསུམ་གྱིས་སློབ་ལམ་རྫོགས་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་དེའི་གཉེན་པོ་ལ་སློབ་མི་དགོས་པར་མི་སློབ་ལམ་དུ་ཕྱིན་ཏེ་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་ཡིན་ནོ། །དེ་ལྟར་ཡང་སེམས་ཉིད་ངལ་བསོ་ལས། དེ་ལྟར་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །སློབ་པའི་ལམ་བཞིར་བསྒོམས་པའི་རྗེས་ཐོགས་སུ། མི་སློབ་ས་ལ་མི་གནས་མྱ་ངན་འདའ། །ཞེས་སོ། །དེ་ལ་འདིར་དབང་རྣོན་གྱི་གྲངས་མེད་གསུམ་ཡང་སེམས་སྟོབས་ཤིན་ཏུ་ཆེ་བས་སྐད་ཅིག་རེ་རེ་ལ་བསྐལ་པ་མང་པོའི་ཚོགས་བཟླུམས་པར་བཤད་པས་གྲངས་ཇི་ལྟ་བ་བཞིན་དུ་གསོག་མི་དགོས་པར་མ་ཟད། མཐོང་ལམ་ཐོབ་ནས་ནི་རང་དབང་འབྱོར་བའི་ཕྱིར། ཅི་དགར་གྲོལ་བར་ནུས་ཏེ། ཡུམ་བར་མ་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམས་པར་དག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་འདོད་ན་ཞག་བདུན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ། ཞེས་སོ། །དེ་དག་ཀྱང་དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་གྱིས་འཁོར་བ་ལས་ཐར་པ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པ་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་འགྱུར་བའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་པ་དང་། སྐྱོང་བྱེད་ལྟ་བུའོ། །ཞེས་གསུངས་སོ། །དེ་ལྟར་བཤད་ཟིན་ནས་ལེའུའི་སྐབས་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ་བཤད་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་པའི་བསྟན་པའི་ཉམས་ལེན་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ་སྲོལ་གཉིས་ཀྱི་རིང་ལུགས་ལྟར་བཤད་པའི་རིམ་པར་ཕྱེ་བ་སྟེ་ལེའུ་གསུམ་པའི་འགྲེལ་པའོ། །འདིར་སྨྲས་པ། ཉེས་སྤྱོད་རྙོག་བྲལ་རྒྱ་མཚོ་བསྲུབས་ལས་འཐོན། །ལེགས་སྤྱོད་དགེ་བའི་ཆ་ཤས་ཡོངས་སུ་རྫོགས། །གཞན་དོན་སྤྱོད་པའི་རྒྱུ་སྐར་ཕྲེང་བས་མཛེས། །རྒྱལ་སྲས་སྤྱོད་མཆོག་སྟོན་བྱེད་རྨད་བྱུང་གཞུང་། །ལེགས་པར་འགྲེལ་པའི་ངག་ཚིག་ཀུནྡཱའི་གཉེན། །ལྷ་དབང་ཕྱོགས་ཀྱི་ས་འཛིན་རྩེར་འཛེགས་ནས། །ཆོས་དཀར་བདུད་རྩིའི་དཔལ་འདིས་འགྲོ་ཀུན་གྱི། །སྲིད་ཞིའི་གདུང་སེལ་བླ་ན་མེད་གྱུར་ཅིག ༈ །ན་མོ་བྷཊྚཱར་ཀ་ཤྲཱི་མཱཾ་གུ་ར་ཝེ། རང་རིག་ཡེ་ཤེས་གཟུང་འཛིན་འཆིང་བ་ལས། །རྣམ་པར་གྲོལ་བའི་མི་འགྱུར་མཆོག་བདེའི་གར། །གྲངས་མེད་རྒྱལ་བའི་འཁོར་ལོར་བསྒྱུར་བ་པོ། །ཁྱབ་བདག་རྡོ་རྗེ་སློབ་དཔོན་ལ་བཏུད་ནས། །རྣམ་དག་ལུང་གི་ཉི་མ་འོད་པོ་ཆེ། །རྣམ་དཔྱོད་རིགས་པའི་ཤིང་རྟ་ལ་ཆིབས་པ། །རྣམ་འཕྲུལ་མན་ངག་རྟ་བདུན་གྱིས་དྲངས་ནས། །རྣམ་གྲོལ་སྣང་བ་མཆོག་གི་དགའ་སྟོན་སྤྲོ། ༈ །གསུམ་པ་སྔགས་ཀྱི་སྡོམ་པ་བཤད་པ་ལ་གསུམ་སྟེ། སྟོན་པས་གསང་སྔགས་ཀྱི་རྒྱུད་སྡེ་ཇི་ལྟར་གསུངས་ཚུལ། དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ། དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་ནི། ཀུན་བཟང་རྡོ་རྗེ་འཆང་དབང་སྟོན་པ་དེས། །འོག་མིན་ཆེན་པོར་རྒྱུད་སྡེ་རྒྱ་མཚོ་གསུངས། །ཕྱིས་ནས་འབྲས་སྤུངས་སོགས་སུ་བཟླས་ཏེ་བསྟན། །ཞེས་པ་སྟེ། བདག་ཅག་གི་སྟོན་པ་འདི་ཉིད་གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་གྲོལ་བས་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་ཅིག་ཏུ་བཞུགས་པ་ལས། རང་སྣང་ཤིན་ཏུ་རྣམ་པར་དག་པ་རྡོ་རྗེའི་ཞིང་ཁམས་འོག་མིན་ཆེན་པོར། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་རྒྱལ་ཚབ་ཞི་ཁྲོ་རིགས་ལྔའི་རྣམ་པ་དང་བཅས་པར་སྣང་བས། ཉིད་ལས་མི་གཞན་པའི་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པས་ཡོངས་སུ་བསྐོར་བའི་དབུས་ན། ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པ་ཉིད། དུས་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་རང་ཤར་བའི་ཚུལ་གྱིས་སྣང་བར་གྱུར་ཏོ། །དེ་ཉིད་ཀྱི་ངང་ལས་ས་བཅུ་རྒྱུན་མཐའ་ལ་སྣང་བའི་གཞན་སྣང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཁྱད་པར་ཅན་གྱི་འོག་མིན་དུ་སྟོན་པ་རིགས་དྲུག་པའི་རྣམ་པས་འཁོར་ས་མཐའི་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་མཆོག་རྣམས་ལ། གསང་སྔགས་ཀྱི་རྒྱུད་དཔག་ཏུ་མེད་པ་དགོངས་པ་བརྡའི་གསུང་གིས་འགྲོ་སྒྲོལ་གྱི་བར་དུ་རྒྱུན་མི་ཆད་པར་སྟོན་ཏེ། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །དེ་བཞིན་དུ་བྱང་སེམས་ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་རྣམས་སུའང་ཚུལ་དེ་དང་ཆ་འདྲ་བས་རྒྱུད་གསུང་ཞིང་། དེ་དག་གི་ཚེ་དྲག་པོ་འཇིགས་བྱེད་སོགས་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དོན་དཔལ་ཧེ་རུ་ཀའི་རྣམ་པར་སྣང་བས་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་བཤད་ཀྱིས་དོན་མཛད་པ་དང་། ཞིང་ཁམས་དེ་རྣམས་སུ་བགྲོད་པར་མི་ནུས་པའི་གདུལ་བྱ་དག་པ་རྣམས་ལ་བདེ་བ་ཅན་སོགས་རང་བཞིན་སྤྲུལ་པའི་དག་ཞིང་རང་དབང་ཅན་རྣམས་དང་། གདུལ་བྱ་དག་མ་དག་སྣ་ཚོགས་པའི་ངོར་འགྲོ་འདུལ་སྤྲུལ་པའི་ཞིང་རྣམས་སུ་དུས་གསུམ་དུ་གཤེགས་བཞུགས་འབྱོན་པའི་རྡོ་རྗེ་འཆང་གང་འདུལ་ཞི་ཁྲོའི་རོལ་པ་མ་འགགས་པར་སྣང་བས་དུས་དང་ཚད་མ་ངེས་པར་གསུངས་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །ཞེས་སོ། །དེ་ལྟར་ཐོག་མ་མེད་པའི་དུས་ནས་འོག་མིན་ལ་སོགས་པར་བསྟན་པའི་རྒྱུད་རྣམས་ཕྱིས་བཟླས་ཏེ་གསུངས་པའང་མང་སྟེ། འདི་ལྟར་དུས་འཁོར་བ་རྣམས་ནི། སྟོན་པ་ཤཱཀྱ་ཐུབ་པ་ཞིང་འདིར་འཚང་རྒྱ་ཚུལ་བསྟན་ནས་ཐེག་པ་གསུམ་བསྟན་པའི་རྗེས་སུ་དཔྱིད་འབྲིང་ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། འོག་ཏུ་ཆོས་དབྱིངས་གསུང་དབང་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ་འདུས་པའི་འཁོར་ལ་དབང་བསྐུར་ནས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྡེ་མཐའ་དག་བསྟན་པར་བཞེད་དེ། དམ་པ་དང་པོའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་སོ། །ཡང་སྙིང་པོའི་འགྲེལ་པ་ཉི་འོད་སེང་གེས་མཛད་པར་རྒྱལ་བུ་དོན་གྲུབ་ཀྱིས་བཏགས་པའི་ལུས་དཀའ་ཐུབ་ཀྱི་གནས་ནཻ་རཱཉྫ་ནའི་འགྲམ་དུ་བཞག་ནས། ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་བྱང་ལྔས་བྱིན་གྱིས་བརླབས་པས་རྡོ་རྗེ་དབྱིངས་ཆེན་པོར་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་རྡོ་རྗེ་ནོར་བུའི་ཁང་པ་དང་། རྒྱ་མཚོའི་འགྲམ་དུ་རིམ་པར་བྱོན་ནས་ཡོ་གའི་རྒྱུད་རྣམས་གསུངས། དེ་ན་ཨོ་ཌཱི་ཡ་ན་དང་ས་ཧོ་རའི་ཡུལ་དུ་གཤེགས་ཏེ་ཨིནྡྲ་བྷཱུ་ཏི་སོགས་ལ་གསང་བའི་རྒྱུད་སྡེ་ཐམས་ཅད་བསྟན་ནས། སླར་བཏགས་པའི་ལུས་ལ་ཞུགས་ཏེ་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་པར་བཞེད་ཅིང་། ཡང་ཁ་ཅིག་ཨོ་ཊྱཱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྟོན་པའི་ཉན་ཐོས་མཁའ་ལ་འཕུར་ཏེ་འགྲོ་འོང་བྱེད་པ་གཟིགས་པ་ན་ཐག་རིང་བས་ཆ་མ་ཕྱེད་དེ། བློན་པོ་ལ་བྱ་དམར་པོའི་ཁྱུ་འདི་དག་ཅི་ཡིན་དྲིས་པ་དང་། དེ་རྣམས་ན་རེ། འདི་ནི་བྱ་མ་ལགས་ཏེ། སངས་རྒྱས་ཀྱི་ཉན་ཐོས་ལགས་སོ་བྱས་པས། རྒྱལ་པོ་སངས་རྒྱས་བལྟ་འདོད་ནས་གསོལ་བ་བཏབ་པས། ནངས་པར་ཝཱ་ར་ཎ་སཱི་ནས་བཅོམ་ལྡན་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་བྱོན། དེར་རྒྱལ་པོས་མཆོད་ནས་འཚང་རྒྱ་བའི་ཐབས་ཞུས་པས། རབ་ཏུ་བྱུང་ལ་བསླབ་པ་གསུམ་རྒྱུད་ལ་བརྟེན་ཅིག་གསུངས་པས། ཛམྦུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །ནམ་ཡང་མི་འདོད་ག་ཏ་མ། །ཞེས་ཞུས་པ་དང་། སྐད་ཅིག་ལ་ཉན་ཐོས་ཀྱི་ཚོགས་རྣམས་མི་སྣང་བར་གྱུར་ཏེ། འདི་ན་གང་ཟག་བརྒྱད་མེད་ཅིང་། །ཉན་ཐོས་རང་རྒྱལ་འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་དག་དེ་ཡི་གཟུགས་སུ་སྤྲུལ། །ཞེས་ནམ་མཁའ་ནས་སྒྲ་འབྱུང་བ་དང་། དེར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་ལ་དབང་བསྐུར་བས། དེ་ཉིད་དུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། དེ་ལ་སྟོན་པས་རྒྱུད་ཐམས་ཅད་གཏད་པར་བཞེད་དོ། །གཞན་ཡང་རི་བོ་བྱ་རྐང་ཅན་དང་། བསིལ་བ་ཚལ་དང་། ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་གནས་ལ་སོགས་པར་སྟོན་པ་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བསྒྱུར་བའམ། མ་བསྒྱུར་བ་ཆགས་བྲལ་གྱི་རྣམ་པ་ཅི་རིགས་པས་རྒྱུད་སྡེ་མང་དུ་གསུངས་སོ། །དེས་ན་རྒྱུད་གཞུང་གཅིག་ལའང་གདུལ་བྱའི་སྣང་བས་གླེང་གཞི་ཐ་དད་པ་འབྱུང་བ་མི་འགལ་ཏེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །ཛམྦུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དང་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་སོ། ༈ །གཉིས་པ་ནི། ཕྱག་རྡོར་དང་ནི་ཞུ་བའི་འཁོར་གྱིས་བསྡུས། །གྲུབ་ཆེན་བརྒྱད་སོགས་རྒྱ་བོད་མཁས་པས་བཀྲལ། །སྔ་འགྱུར་རིང་ལུགས་བཀའ་གཏེར་གྲགས་པ་དང་། །གསར་མའི་བཞེད་སྲོལ་དཔག་ཏུ་མེད་ན་ཡང་། །རྒྱུད་སྡེ་སྤྱི་ཡི་དམ་ཚིག་འདིར་འཆད་དོ། །ཞེས་པ་སྟེ། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཕྱག་ན་རྡོ་རྗེས་བསྡུས་ཏེ། སཾསྐྲྀ་ཏ་དང་། པྲཱ་ཀྲི་ཏ་དང་། ཨ་བ་བྷྲཾ་ཤ་དང་། ཌཱ་ཀི་ནིའི་སྐད་དང་། ཀླ་ཀློའི་སྐད་ལ་སོགས་པ་སྐད་རིགས་དང་ཡིག་རིགས་སྣ་ཚོགས་པས་གླེགས་བམ་ལ་བཀོད་པར་བཤད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་པའི་དུས་སུ་གསང་བའི་རྒྱུད་སྐལ་པ་དང་ལྡན་པའི་སེམས་ཅན་ལ་སུས་འཆད་པར་བྱེད། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་དང་། ཨིནྡྲ་བྷཱུ་ཏིས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ལས། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་གླེགས་བུ་ལ། །བཻཌཱུརྻ་ཡི་ཞུན་མས་ཡི་གེར་བཀོད། །ཅེས་སོ། །ཁྱད་པར་རྒྱུད་ཀྱི་ཞུ་བ་པོ་གང་ཡིན་དང་། མཇུག་ཏུ་གང་ལ་གཏད་པ་དེ་ཉིད་སྡུད་པ་པོ་ཡིན་པ་ཤས་ཆེ་སྟེ། རྡོར་སེམས་སྒྱུ་དྲྭ་ལྟ་བུ་གང་ལ་གཏད་པ་དེས་བསྡུས་པར་རྒྱ་མཚོ་ལས། འཁོར་གྱི་ནང་ན་སྐལ་མཆོག་ལྡན། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བར་མཛད། །ཅེས་སོ། །དེ་བཞིན་དུ། དུས་འཁོར་རྩ་རྒྱུད་ཟླ་བ་བཟང་པོས། བརྟག་གཉིས་རྡོ་རྗེ་སྙིང་པོས། སྡོམ་འབྱུང་ཕྱག་རྡོར་གྱིས། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུས་པ་ལྟར་རོ། །དེ་ལྟར་སྟོན་པ་པོ་དང་སྡུད་པ་པོ་ཐ་དད་དུ་བསྟན་ཀྱང་། ངེས་པའི་དོན་ལ་སྟོན་འཁོར་རྒྱུད་ཐ་དད་དུ་གྱུར་པ་མ་ཡིན་ཏེ། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉམ་པའང་ང་ཉིད་ཡིན། །ཞེས་དང་། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པའི་ཕྱིར། གལ་ཏེ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པས་རྒྱུའི་ཐེག་པའི་སྡེ་སྣོད་གསུམ་སྟོན་པས་དངོས་སུ་ཞལ་ནས་གསུངས་པའི་བཀའ་དང་། འབྲས་བུའི་ཐེག་པ་རིག་པ་འཛིན་པའི་སྡེ་སྣོད་རྗེས་སུ་གནང་བའི་བཀའོ་ཞེས་མཁས་པ་དག་གསུང་ཡང་། དང་པོ་ལ་ཤེས་རབ་སྙིང་པོའི་མདོ་ལྟ་བུས་མ་ངེས། ཕྱི་མ་ལ་མཚན་བརྗོད་དུ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །ཞེས་སོགས་ཀྱིས་མ་ངེས་རང་ལུགས་གདུལ་བྱ་དབང་རྣོན་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ལ་ཐུབ་པའི་དབང་པོས་མིའི་འཇིག་རྟེན་དུའང་རྒྱུད་མང་དུ་གསུང་མོད། དེ་ལྟ་ནའང་འདིར་མ་གསུངས་པ་ལྟར་བཤད་པ་ནི། རེ་ཞིག་གསང་སྔགས་ཀྱི་སྒྲ་མིའི་འཇིག་རྟེན་དུ་ཕལ་ལ་མ་གྲགས་པའི་དབང་དུ་མཛད་ཅིང་། ཕྱིས་འབྱུང་བར་ལུང་བསྟན་པ་ནི་ཡོངས་སུ་གྲགས་པ་ལ་དགོངས་པའོ། །འོ་ན་ལྷ་མིའི་འཇིག་རྟེན་དུ་ཇི་ལྟར་གྲགས་ཚུལ་ནི། གསང་སྔགས་སྔ་འགྱུར་བ་ལྟར་ན། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། དང་པོ་ནི། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡིན། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་བལྟས་སྣང་སྣང་འགྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་པ་ལྟར་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་འདུས་ཏེ། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས་གསང་བདག་མངོན་སུམ་དུ་བྱོན་ནས་རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ་སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻའི་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་པ་ལ་བརྟེན་ནས་སྒྲུབ་པ་མཛད་པས། རྨི་ལྟས་དང་མཐུན་པར་རྒྱུད་དེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎཱ་སཱི། ཡོ་ག་རྣམས་མེ་རི་འབར་བའི་རྩེ་མོར། མ་ཧཱ་ཡོ་ག་རྣམས་ས་ཧོར་གྱི་ཡུལ་རྒྱལ་པོ་ཛའི་ཁང་སྟེང་། ཨ་ནུ་ཡོ་ག་རྣམས་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་གི་ནགས་ཚལ་དུ་གླེགས་བམ་དང་བཅས་བབས་ཤིང་། ཨ་ཏི་ཡོ་ག་རྣམས་ནི་ནུབ་ཕྱོགས་ཨོ་ཌཱི་ཡ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའམ་ཕྱག་ན་རྡོ་རྗེ་ལ་དངོས་སུ་གསན་པ་ལྟར་བསྡུ་བར་མཛད་དེ་གླེགས་བམ་ལ་བཀོད་པར་བཤད་དོ། །སྒྲུབ་སྡེ་ནི། སྔོན་འོག་མིན་གསང་བ་མཆོག་གི་གནས་སུ་སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲས་གསུངས་པའི་རྒྱུད་རྣམས་གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་ནང་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་དུ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་ཕྱེ་ནས་རིན་པོ་ཆེའི་སྒྲོམ་སོ་སོར་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ། ནམ་ཞིག་གི་ཚེ་གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ཀྱིས་གཏེར་བསྲུང་རྣམས་ལ་བཀའ་བསྒོས་པས། མཁའ་འགྲོ་མས་བཀའ་བྱེ་བྲག་གི་སྒྲོམ་བུ་བརྒྱད་པོ་བཀའ་བབས་ཀྱི་སློབ་དཔོན་བརྒྱད་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་བུ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པ་རྒྱ་མ་འཁྲོལ་བས་སླར་དེ་ཉིད་དུ་སྦས། ཕྱིས་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སམྦྷ་བས་སྤྱན་དྲངས་ཏེ། རྗེ་འབངས་སྙིང་གི་བུ་དགུའམ་ཉི་ཤུ་རྩ་ལྔ་ལ་ལེགས་པར་གདམས་སོ། །གསང་སྔགས་གསར་མའི་གྲགས་ཚོད་ལྟར་ན། ཨོ་ཊྱཱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་། སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་སྲོག་ཆགས་ཕྲ་མོ་མན་ཆད་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་། དེ་ནས་ཨོ་ཊྱཱན་གྱི་ཡུལ་སྟོངས་པ་མཚོར་གྱུར་ཏེ་ཀླུས་གང་བ་ལ་གསང་བདག་གིས་རྒྱུད་སྡེ་རྣམས་གཏད་ཅིང་སྨིན་པར་མཛད་པས། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླངས་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་མཁའ་འགྲོ་དང་མཁའ་འགྲོ་མར་གྱུར་པས་ཨོ་ཊྱཱན་མཁའ་འགྲོའི་གླིང་ཞེས་གྲགས། མཚོ་དེ་ཡང་སྐམས་ཏེ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་ཀྱང་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤ དང་། ཀླུ་སྒྲུབ་དང་། ཀུ་ཀུ་རི་པ་སོགས་གྲུབ་ཐོབ་རྣམས་ཀྱིས་རྒྱུད་ཤས་ཆེ་བ་ཞིག་དེ་ནས་བླངས། དེ་བཞིན་དུ་ཤམྦྷ་ལ་སོགས་ཡུལ་གཞན་དག་ནས་ཀྱང་བླངས་ཏེ་རིམ་གྱིས་དར་རོ་ཞེས་འདོད་དོ། །དེ་ལ་གསར་རྙིང་གི་ཁྱད་པར་ནི། རྒྱ་གར་ན་སོ་སོར་ཕྱེ་བ་མེད་ནའང་བོད་འདིར་འགྱུར་སྔ་ཕྱིས་གྲགས་པ་སྟེ། སྔོན་གྱི་པཎྜི་ཏ་སངས་རྒྱས་གསང་བ་དང་། བོ་དྷི་སཏྭ་དང་། ཨོ་ཊྱཱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་བཻ་རོ་ཙ་ན་རྨ་གཉགས་སྐ་ཅོག་ཞང་གསུམ་སོགས་ཀྱིས་བསྒྱུར་བ་ནས་བཟུང་པཎྜི་ཏ་སྨྲྀ་ཏི་བྱོན་པ་ཡན་ཆད་ལ་བསྒྱུར་བའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་རྙིང་མའམ་སྔ་འགྱུར་ཞེས་བྱ་ལ། ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་འགོ་ཚུགས་པ་ནས་བཟུང་ལོ་ཆེ་ཆུང་མར་མལ་འགོས་འབྲོག་ར་འབྲོ་སོགས་ཀྱིས་རྒྱ་བལ་གྱི་པཎྜི་ཏ་ཅི་རིགས་སྤྱན་དྲངས་ཏེ་བསྒྱུར་བ་རྣམས་ལ་གསར་མའམ་ཕྱི་འགྱུར་ཞེས་གྲགས་སོ། །འགྱུར་འདི་གཉིས་ལ་གོ་དཀའ་སླ་དང་དབྱིངས་འཇལ་བ་ལ་རླབས་ཆེ་ཆུང་འབྱུང་བ་ནི། སྔོན་གྱི་ལོ་པཎ་རྣམས་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་ཤ་སྟག་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་ནས་བསྒྱུར་བས་ཚིག་གོ་སླ་ཞིང་དབྱིངས་འཇལ་བ་ལ་རླབས་ཆེ། ཕྱིས་འགྱུར་གྱི་ལོ་ཙཱ་བ་དུས་དེར་བོད་དུ་གྲགས་ཆུང་བའི་ཆོས་རེ་ལ་འདོད་པའི་དམིགས་བཙུགས་ཏེ་རྒྱ་བལ་ཐེངས་འགའ་རེ་བསྐོར་ནས་སྦྱངས་པའི་མཁས་པ་རྣམས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་མ་ལྷོངས་ཏེ་སྒྲ་འགྱུར་གཙོ་བོར་བཏོན་པས་ཚིག་སྒྲིམ་ཞིང་གོ་དཀའ་དབྱིངས་འཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བ་ཡིན་ཏེ། དཔེར་ན་གསང་བ་སྙིང་པོའི་རྒྱུད་རྨ་གཉགས་ཀྱི་འགྱུར་དང་ཐར་ལོའི་འགྱུར་ལ་བལྟས་པས་འགྱུར་སྔ་ཕྱིའི་ཁྱད་པར་ཤེས་པར་འགྱུར་རོ། །དེར་མ་ཟད་སྔ་འགྱུར་ནི་སྔོན་འཕགས་ཡུལ་དུ་བསྟན་པ་གྲྭ་མ་ཉམས་པའི་དུས་སུ་བསྒྱུར་བས་ཐར་ལོའི་གསར་འགྱུར་བཅུ་གསུམ་ཙམ་མ་གཏོགས་མདོ་ཐམས་ཅད་དང་བྱ་རྒྱུད་ཤས་ཆེ་བའི་ཕྱི་རྒྱུད་དང་འཇམ་དཔལ་སྒྱུ་དྲྭ་གསང་འདུས་མཉམ་སྦྱོར་སོགས་གསར་མ་དང་ཐུན་མོང་པའི་རྒྱུད་ཀྱང་མང་དུ་འགྱུར་ལ། རྒྱུད་སྡེའི་བྱུང་ཚུལ་གྱི་བབས་ཀྱང་མི་འདྲ་བ་མེད་པར་གཅིག་ཏུ་འབབ་ཅིང་། ཕྱིས་ཀྱི་ལོ་པཎ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ལུང་ཨ་ནུ། མན་ངག་ཨ་ཏི། སྒྲུབ་སྡེ་དང་བཅས་པའི་རྒྱུད་མཐའ་ཡས་པ་ཞིག་ཀྱང་གངས་ལྗོངས་ཀྱི་གདུལ་བྱའི་དཔལ་དུ་བྱོན་ལ། ཕྱི་འགྱུར་རྣམས་ནི་ཕྱིས་རྒྱ་གར་དུའང་དར་ནུབ་ཅི་རིགས་བྱུང་བས་སླད་ཀྱིས་ཡུལ་ཐ་དད་ནས་གྲུབ་ཐོབ་འགའ་རེས་དཔེ་གསར་དུ་བླངས་ཏེ་སྤྱད་པས་ལོ་རྒྱུས་མི་མཐུན་པ་སྣ་ཚོགས་དང་ཆོས་ཀྱང་བྱ་སྤྱོད་ཅི་རིགས་ལས་གཙོ་བོར་རྣལ་འབྱོར་ཕྱི་ནང་ཐུན་མོང་བ་ཙམ་དུ་སྣང་ངོ་། །ཡང་རྙིང་མ་བཀའ་གཏེར་གྱི་ཁྱད་པར་ནི། བཀའ་མ་ལྟར་ན། ཕྱི་རྒྱུད་སྡེ་གསུམ་ཀ་སློབ་དཔོན་སངས་རྒྱས་གསང་བའི་ལུགས་གཙོ་ཆེ་ཞིང་སྔོན་བཤད་སྒྲུབ་ཀྱི་སྲོལ་ཤིན་ཏུ་དར་བར་བྱུང་ངོ་། །རྣལ་འབྱོར་ནང་པ་ལ་གསུམ་གྱི། མ་ཧཱ་ཡོ་ག་ལས་ཐུན་མོང་མ་ཡིན་པ་སྒྱུ་དྲྭའི་བསྐོར་རྣམས། རྒྱལ་པོ་ཛཿནས་སྲས་མོ་གོ་མ་དེ་ཝཱིའི་བར་སྤྱོད་པའི་ཉེ་རྒྱུས་རང་རང་གི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ནས། སྲས་མོའི་སློབ་མ་སངས་རྒྱས་གསང་བས་བི་མ་ལ་མི་ཏྲ་ལ་བཤད། དེ་ལ་ལོ་ཙ་བ་རྨ་གཉགས་ཀྱིས་གསན་ནས་རིམ་པར་གནུབས་དང་ཟུར་ལ་བབས་སོ། །ལུང་ཨ་ནུ་ཡོ་ག་རྣམས་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་བལ་གྲུ་ཤའི་ཡུལ་གྱི་ལོ་པཎ་རྣམས་ལ་གསན་པ་ཡིན་ལ། ཨ་ཏི་ཡོ་ག་རྣམས་ནི། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་རྗེས་སུ་བཟུང་བ་འཇམ་དཔལ་བཤེས་གཉེན་ཡིན། དེས་ཤྲཱི་སིངྷ་ལ་བཤད། དེའི་སློབ་མ་ཨོ་ཊྱཱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མ་ལ། ལོ་ཆེན་བཻ་རོ་ཙ་ན་གསུམ་ལས་རྒྱ་ཆེར་འཕེལ་ལོ། །དེ་ཐམས་ཅད་ཀྱང་སྤྱི་མདོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་དག །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་པ་ལྟར་བརྒྱུད་པའི་བབས་ལུགས་གསུམ་དུ་བསྡུས་ནས་འཆད་དོ། །གཏེར་མ་ལྟར་ན། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་གཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །ཞེས་པ་ལྟར་མ་འོངས་པའི་སྐལ་ལྡན་རྣམས་ཀྱི་དོན་དུ་བླ་རྫོགས་ཐུགས་གསུམ་དང་སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་གི་ཟབ་ཆོས་རྣམས་གཏེར་གནས་སོ་སོར་གཏེར་བསྲུང་ལ་གཉེར་གཏད་དེ་སྦས་པ་ལོ་པཎ་རྗེ་འབངས་ས་ཆེན་པོ་ལ་བཞུགས་པ་རྣམས་དབང་འབྱོར་བའི་གང་འདུལ་སྤྲུལ་པའི་སྐུར་བསྟན་པས་རིམ་པར་སྤྱན་དྲངས་ཏེ་དུས་བབས་ཀྱིས་འགྲོ་དོན་མཛད་ཅིང་། བརྒྱུད་པའི་བབས་ལུགས་སྔར་ལྟར་གསུམ་གྱི་སྟེང་དུ། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་བྱ་སྟེ་གསུམ་བསྣན་པས་བརྒྱུད་པ་དྲུག་ལྡན་གྱི་ཐ་སྙད་འབྱུང་ཡིན་ནོ། །དེ་ལ་སྤྱིར་རྒྱུད་སྡེ་རྣམས་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། དཔའ་བོ་དང་། རྣལ་འབྱོར་མ་དང་། འཛམ་བུ་གླིང་གི་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་དུ་གྲུབ་པ་ཐོབ་པའི་གདོད་ནས་གྲུབ་པའི་ལྷའི་སློབ་དཔོན་བརྒྱད་སོགས་ཀྱིས་བཟུང་ནས་གནས་སོ་སོར་དར་ཞིང་སྤྱོད་ལ། དེ་དག་ལས་མིའི་འགྲོ་བའི་བསོད་ནམས་སུ་ཆ་ཤས་ཙམ་སྣང་བ་ལ་རིག་འཛིན་གྱི་ས་མཆོག་བརྙེས་པའི་གྲུབ་ཆེན་བརྒྱད་དང་གྲུབ་ཐོབ་བརྒྱད་ཅུ་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མས་དོན་ལ་བརྟོན་པའི་དགོངས་འགྲེལ་གྱིས་ལེགས་པར་བཀྲལ་ཞིང་བཤད་སྒྲུབ་ཀྱིས་ཇི་ལྟར་བསྐྱངས་ཚུལ་དང་། བྱེ་བྲག་གསར་རྙིང་གི་བཞེད་སྲོལ་ཀྱང་མཐའ་ཡས་པ་ཞིག་འཆད་དུ་ཡོད་ནའང་། འདིར་སྐབས་དོན་རྒྱུད་སྡེ་སྤྱིའི་དམ་ཚིག་ཉིད་བཤད་བྱའི་གཙོ་བོར་སྣང་བས། དེ་དག་གི་རྣམ་དབྱེ་ཧ་ཅང་མང་ན་གཙོ་བོའི་དོན་ལ་སྒྲིབ་ཅིང་ཡི་གེས་ཀྱང་འཇོགས་པས་དེ་ཙམ་མོ། །དེ་ལྟར་རྡོ་རྗེ་ཐེག་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ལས། རང་གི་སྐལ་བས་ཇི་ཙམ་ཞིག་ཐོབ་པ་ནི། བཀའ་མ་མདོ་སྒྱུ་སེམས་གསུམ་དང་ཡང་ཕུར་གཤིན་རྗེ་གཤེད་ཀྱི་བསྐོར་སོ་སོའི་ནང་གསེས་ཐ་དད་པ་རྣམས་ཀྱི་དབང་ལུང་མན་ངག་བཤད་སྲོལ་དང་བཅས་པ་དིང་སང་རྒྱུན་ཡོད་དོ་ཅོག་ལྟ་བུ་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་གི་དབང་ལུང་མན་ངག་རྒྱུན་བཞུགས་པ་ཕལ་མོ་ཆེ་དང་། དེ་ཐམས་ཅད་ཀྱི་རྩ་བ་རྒྱུད་འབུམ་དང་བཅས་ཏེ། རྙིང་མ་བཀའ་གཏེར་གྱི་ཆོས་ཚུལ་ཟབ་རྒྱས་རྒྱ་མཚོ་ལྟ་བུ་རྣམས་ནི། རྗེ་བླ་མ་དམ་པ་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་མཆོག་གི་ཞབས་པད་དད་པའི་སྤྱི་བོས་རྟག་ཏུ་བསྟེན་པའི་བཀའ་དྲིན་ཁོ་ན་ལས་ནོད་པ་ཡིན་ལ། གསར་མ་ནི་རྗེ་བླ་མ་དམ་པ་ལས་ཀྱང་མང་ཞིག་ཐོབ་མོད། གཞན་དུ་ན་བསྟན་པའི་རྩ་ལག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་ཀུན་བཟང་པདྨ་ཕྲིན་ལས། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན། དིང་རི་ཀུན་སྤངས་པ་བློ་གྲོས་བརྟན་པ། གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ། ཡོངས་ཀྱི་བཤེས་གཉེན་ངག་དབང་བསྟན་འཛིན། ཀུན་དགའ་བསྟན་པ་དར་རྒྱས་སོགས་ལས་དབང་རྗེས་གནང་ལུང་མན་ངག་དང་བཅས་པ་མང་དུ་ནོས་སོ། ༈ །གསུམ་པ་དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པ་ལ་བདུན་ཏེ། ཐོབ་བྱའི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། སྐྱེ་བའི་རྟེན། ཉམས་པ་གསོ་ཚུལ། བསྲུང་བའི་ཕན་ཡོན་ནོ། །དང་པོ་ནི། ངོ་བོ་སྒོ་གསུམ་ཐབས་ཤེས་ཀྱིས་ཟིན་པར། །བསྡམས་པའི་ཚུལ་ཁྲིམས་སོ་སོའི་རིང་ལུགས་བཞིན། །ཞེས་པ་སྟེ། སྔགས་སྡོམ་གྱི་ངོ་བོ་ལ། མཚན་ཉིད་ནི། སྡོམ་བྱེད་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། བསྡམ་བྱ་སྒོ་གསུམ་ཕྲ་བའི་བག་ཆགས་དང་མཚན་འཛིན་གྱི་རྟོག་པ་སྡོམ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག །རང་རྒྱུ་དབང་བསྐུར་བ་ལས་གསར་དུ་ཐོབ་པའི་ཚུལ་ཁྲིམས་སོ། །དེ་ལྟར་ཡང་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་སོ། །དེ་ལ་རྒྱུད་སྡེ་བཞི་སོ་སོའི་ལུགས་ལྟར་དབྱེ་ན་གཉིས་ཏེ། རྒྱུད་སྡེ་འོག་མ་གསུམ་གྱི་དང་། གོང་མའི་སྔགས་སྡོམ་མོ། །དང་པོ་ལ། བྱ་བ། སྤྱོད་པ། རྣལ་འབྱོར་རྒྱུད་གསུམ་གྱི་སྡོམ་པའི་མཚན་ཉིད་རིམ་བཞིན། བལྟས་པའི་བདེ་བ། རྒོད་པའི་བདེ་བ། ལག་བཅངས་ཀྱི་བདེ་བ་གང་རུང་ལམ་དུ་བྱས་པའི་སྒོ་ནས་ཆགས་པ་དེ་དང་དེ་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་སྒོ་གསུམ་གྱི་བག་ཆགས་དང་མཚན་རྟོགས་སྡོམ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག །རང་རྒྱུ་རྒྱུད་སྡེ་རང་ལ་ལྟོས་པའི་དབང་ལས་ཐོབ་པའི་ཚུལ་ཁྲིམས། ཁྱད་པར་བླ་མེད་ཀྱི་སྔགས་སྡོམ་ལ། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱས་པའི་སྒོ་ནས་ཆགས་པ་དེ་དག་པར་བྱེད་པའི་སོགས་གང་ཞིག་རང་རྒྱུད་བླ་མེད་ཀྱི་དབང་ལས་ཐོབ་པའི་ཚུལ་ཁྲིམས། དབྱེ་ན་གཉིས་ཏེ། བུམ་དབང་ལས་ཐོབ་པའི་དང་། དབང་གོང་མ་ལས་ཐོབ་པའི་སྡོམ་པའོ། །དང་པོའི་མཚན་ཉིད། སྦྱོར་བའི་དུས་སུ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་ཁས་བླངས་ཤིང་། དངོས་གཞིའི་དུས་སུ་བུམ་དབང་འཁོར་བཅས་བསྐུར་བ་ལས་གསར་ཐོབ་ཀྱི་ཚུལ་ཁྲིམས་གང་ཞིག །ཐབས་ཤེས་ཁྱད་པར་ཅན་བསྐྱེད་རིམ་གྱིས་ཐ་མལ་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པའི་སེམས་པ། དབྱེ་ན། བཏགས་པ་བ་བརྗོད་པ་ཁས་བླངས་ཀྱིས་དང་། མཚན་ཉིད་པ་བསྒོམ་བྱ་དབང་ལ་ས་ཐོབ་པའོ། །གཉིས་པའི་མཚན་ཉིད། རང་ཐོབ་བྱེད་ཀྱི་རྒྱུ་དབང་གོང་མ་གང་རུང་བསྐུར་བ་ལ་བརྟེན་ནས་མངོན་དུ་གྱུར་པ་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་ལས་སྐྱོབ་པའི་ཚུལ་ཁྲིམས་གང་ཞིག །ཐབས་ཤེས་ཁྱད་པར་ཅན་རང་བྱིན་བརླབས་པས་སེམས་གསལ་སྟོང་གི་ངོ་བོར་སྡོམ་པའི་སེམས་པ་གསང་དབང་གི། དེ་གང་ཞིག །ཐབས་ཤེས་ཁྱད་པར་ཅན་ཀུན་རྫོབ་ཞུ་བདེས་མཚོན་བྱེད་དཔེའི་ཡེ་ཤེས་བདེ་སྟོང་གི་ངོ་བོར་སྡོམ་པའི་སེམས་པ་ཤེར་དབང་གི། དེ་གང་ཞིག །ཐབས་ཤེས་ཁྱད་པར་ཅན་འཕོ་མེད་བདེ་ཆེན་གྱིས་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་བྱ་དོན་དམ་པའི་ངོ་བོར་སྡོམ་པ་དབང་བཞི་པའི་སྔགས་སྡོམ་གྱི་མཚན་ཉིད། དེ་བས་ན་དགྱེས་རྡོར་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་ཨེ་ཝཾ་གྱིས་མཚོན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་དྲངས་པས། འདོད་ཆགས་ཆེན་པོའི་ཐེག་ལེའི་འགྲོས་ལས་ཤར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་སྟོང་གཟུགས་དང་ངོ་བོ་གཅིག་ཏུ་གྱུར་པ་ནི་ཟུང་འཇུག་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་སངས་རྒྱས་ཀུན་གྱི་སྡོམ་པ་སྟེ། དེས་སྤང་བྱ་འཛག་བདེ་འཕོ་བའི་བག་ཆགས་དང་མཚན་རྟོག་ལས་ཡིད་བདེ་མྱུར་གྱི་སྒོ་ནས་སྐྱོབ་པའི་ཕྱིར་ན། དབང་བཞི་པའི་སྡོམ་པ་ཡིན་ལ། བུམ་གསང་ཤེར་དབང་གསུམ་ཡང་མཚན་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་བདེ་ཆེན་གྱི་ཡེ་ཤེས་དེ་འདྲེན་བྱེད་ཀྱི་ཐབས་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བ་གསུམ་དུ་རིམ་པར་འགྱུར་བ་ཡིན་ནོ། །འོ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གདོད་མ་ནས་ལུས་ཅན་ཐམས་ཅད་ལ་གནས་པ་མ་ཡིན་ནམ་ཞེ་ན། ཡིན་མོད། འོན་ཀྱང་རང་གནས་ཀྱི་ཡེ་ཤེས་དེ་ངོས་ཟིན་པ་དང་འཆལ་ཚུལ་གྱི་གཉེན་པོར་འགྲོ་བ་དབང་གོང་མ་ལ་ལྟོས་དགོས་ཏེ། དེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་རིག་བྱ། །ཞེས་གསུངས་པའི་ཕྱིར། ཡང་སྦྱོར་བའི་དུས་རིགས་ལྔའི་སྡོམ་བཟུང་ལན་གསུམ་བཟླས་པའི་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་གང་བཟུང་བའི་སྡོམ་པ་དེ་ཉིད་ཐོབ་བམ་མི་ཐོབ་ཅེ་ན། དངོས་གཏགས་མ་ཕྱེ་བའི་དབང་དུ་བྱས་ན་ཐོབ་སྟེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ལེགས་བཀོད་ནས། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །ཞེས་དང་། རོང་ཟོམ་ཆེན་པོས་མཛད་པའི་སྡོམ་ཆོག་ལས་ཀྱང་། ཐུན་མོང་པའི་སྡོམ་པ་ནོས་ནས། དེ་ནས་ཁྱད་པར་ཀྱི་སྡོམ་པ་ནོས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་པར་བྱས་ལ། དངོས་གྲུབ་ཀྱི་སྣོད་དུ་གྱུར་བར་བྱའོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་མི་ཐོབ་ན། སོ་བྱང་གི་སྡོམ་ཆོག་ལས་ཀྱང་དེ་དང་དེའི་སྡོམ་པ་མི་སྐྱེ་བར་མཚུངས་ཏེ། དེ་དང་དེ་ལ་སྐྱེ་བའི་ནུས་པ་ཡོད་པ་དང་། འདི་ལ་མེད་པའི་ལུང་རིགས་ཚད་མ་མེད་པའི་ཕྱིར་རོ། །གཞན་དུ་ན་རྒྱལ་བས་སྡོམ་ཆོག་གསུངས་པའང་དོན་མེད་དུ་ཐལ་ལོ། །ཁོ་ན་རེ། དབང་མ་ཐོབ་པར་རིགས་ལྔའི་སྡོམ་པ་བཟུང་བ་ཙམ་གྱིས་སྔགས་སྡོམ་ཐོབ་ན། གང་ཟག་དེ་འདྲ་དེ་ཆོས་ཅན། ཁྱོད་ལ་སློབ་དཔོན་སྨད་པ་ལ་སོགས་པའི་རྩ་ལྟུང་འབྱུང་བ་སྲིད་པར་ཐལ། སྔགས་སྡོམ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འགྲེལ་ཆེན་དྲི་མེད་འོད་ཀྱི་རྩ་ལྟུང་སྟོན་པའི་སྐབས་ལས། གང་དག་རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་སྟེ། དབང་བསྐུར་བ་རྣམས་ལའོ། །ཞེས་པ་རྡོ་རྗེ་འཛིན་པའི་ངེས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པ་དེ་བྱང་སྡོམ་རྒྱུད་ལྡན་ཙམ་ཡིན་ཀྱང་། དེ་འདྲ་དེས་སྨོན་སེམས་མ་བཏང་ན་རྒྱལ་པོ་ལ་ངེས་པ་ལྟ་བུའི་རྩ་ལྟུང་བཅུ་བཞི་གང་རུང་ལ་སྤྱད་ཀྱང་སྨོན་སྡོམ་མི་གཏོང་བ་བཞིན་ནོ། །དེས་ན་རིགས་ལྔའི་སྡོམ་བཟུང་གི་སྐབས་སུ་དམ་ཚིག་ལ་གནས་པར་སྨོན་པ་ཙམ་ཡིན་པས། དངོས་གཞི་ལ་ལྟོས་ནས་བསྲུང་བར་དབང་བའི་དམ་ཚིག་རྣམས་རིགས་ངེས་པ་ཁས་བླངས་ཀྱིས་ཐོབ་པ་སྟེ། སྔགས་སྡོམ་བཏགས་པ་བ་ཡིན་ལ། སླར་དབང་བསྐུར་བས་ཡེ་ཤེས་ཁོང་ཆུད་ཀྱིས་ཐོབ་པ་ནི་སྔགས་སྡོམ་མཚན་ཉིད་པའོ། །དེ་ཡང་དབང་བསྐུར་བས་རང་གནས་ཀྱི་ཡེ་ཤེས་གསོས་ཐེབས་ནས་ནུས་པ་མཐུ་ཅན་དུ་གྱུར་པ་དེས་གཉེན་པོའི་ཕྱོགས་བཟུང་ནས། རང་དང་ལྷན་ཅིག་གནས་པའི་སྦྱང་བྱ་དང་ནུས་པ་འགྲན་པའི་ཚུལ་གྱིས་སུན་འབྱིན་པར་བྱེད་ལ། གལ་ཏེ་དབང་དུས་སུ་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་སྐྱེ་རུང་གི་ནུས་པ་བཞག་པ་དེས་དྲི་མ་སྦྱོང་བ་དང་ཡོན་ཏན་སྐྱེ་བའི་འགོ་རྩོམ་པ་ཡིན་པས་རྒྱུད་འགྱུར་བའི་ཁྱད་པར་ཏེ། དེ་ལ་རྒྱུད་སྨིན་པ། དབང་ཐོབ་པ། དམ་ཚིག་དང་སྡོམ་པ་ཐོབ་པ་ཞེས་པའི་ཐ་སྙད་ཐོབ་ཅིང་། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་པའི་ཆ་ནས་དམ་ཚིག་ཀྱང་ཡིན་ལ། རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པ་ཉིད་བྱས་པའང་ཡིན་ལ་མི་རྟག་པའང་ཡིན་པ་བཞིན་ནོ། །དེ་ལྟར་ཡང་གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་དང་། ཕྲ་རྒྱས་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སོ། །ཡང་སྒྱུ་འཕྲུལ་ཞི་ཁྲོ་ལྟ་བུའི་དབང་ཐོབ་ལ་མ་ཉམས་པའི་གང་ཟག་གིས། སླར་དེ་ཉིད་དམ་སངས་རྒྱས་མཉམ་སྦྱོར་ལྟ་བུའི་དབང་ཐོབ་པའི་ཚེ་སྔགས་སྡོམ་གསར་ཐོབ་ཡོད་དམ་མེད་ཅེ་ན། གསར་ཐོབ་ཀྱི་ཆ་ནི་ཡོད་དེ། དེ་འདྲ་དེ་ལ་བླ་མས་དབང་བསྐུར་རམ། སྡོམ་ལྡན་རང་ཉིད་ཀྱིས་དབང་བླངས་ཀྱང་རུང་སྟེ། སྔར་རྒྱུད་ལ་ཡོད་པའི་སྔགས་སྡོམ་གྱི་རྒྱུན་དེ་ཉིད་ཕྱིས་དབང་བསྐུར་རེ་རེ་ཐོབ་པའི་ཚེ་གོང་འཕེལ་དུ་འགྲོ་བས་ན། ཇི་ཙམ་འཕེལ་བའི་ཆ་དེ་གསར་ཐོབ་ཡིན་མོད། འོན་ཀྱང་ཐོབ་བྱ་དབང་གི་ངོ་བོ་རིགས་མཐུན་ཕྱིན་ཆད་སྡོམ་པ་རིགས་མི་འདྲ་བ་དང་ངོ་བོ་ཐ་དད་དུ་འཇུག་པའང་མེད་པས་སྡོམ་པ་དངོས་གཞི་གསར་ཐོབ་མེད་པའི་ཕྱིར་དབང་དང་པོ་དེ་ལ་སྨིན་བྱེད་ཀྱི་དབང་ཞེས་སྔགས་སྡོམ་གསར་དུ་ཐོབ་བྱེད་ཀྱི་དབང་ཡིན་ཞིང་། ཕྱི་མ་རྣམས་ལའང་རང་སྐལ་གྱིས་སྨིན་པར་བྱས་པའི་ཆ་རེ་ཡོད་ཀྱང་སྨིན་བྱེད་དང་སྡོམ་པ་གསར་ཐོབ་ཀྱི་ཐ་སྙད་མི་སྦྱོར་ཏེ། སྨིན་ཚུལ་དེ་ཙམ་ཞིག་སངས་རྒྱས་མ་ཐོབ་པའི་བར་དུ་འབྱུང་བའི་ཕྱིར་རོ། །སྤྱིར་གཞི་ལམ་འབྲས་གསུམ་ལ་ལྟོས་ནས་ཀྱང་སྔགས་སྡོམ་གསུམ་དུ་བཤད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་ནི་གཞི་རྒྱུད་ཀྱི་སྔགས་སྡོམ་སྟེ། རྔམ་གློག་ལས། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། །ལོག་རྟོག་ཡེ་ནས་རྣམ་པར་དག །དེ་བས་སྡོམ་པ་རྣམ་པར་དག །ཅེས་དང་། རྒྱུད་གཞན་ལས་ཀྱང་། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་སོ། །དེ་ཉིད་རྟོགས་པའི་ཐབས་ཁྱད་པར་ཅན་སྨིན་གྲོལ་གྱི་ལམ་གྱིས་མཚན་རྟོག་སྡོམ་པར་བྱེད་པ་ལམ་རྒྱུད་ཀྱི་སྔགས་སྡོམ་སྟེ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་སོ། །ཆོས་ཐམས་ཅད་རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་འབྲས་རྒྱུད་ཀྱི་སྔགས་སྡོམ་སྟེ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་སོ། །དེ་ལྟར་གསུམ་གྱི་དང་པོ་བཏགས་པ་བ་དང་། ཕྱི་མ་གཉིས་མཚན་ཉིད་པར་བཞེད་དེ། ཞར་ལས་འཕྲོས་པའོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། རྒྱུད་སྡེ་བཞིའི་ལུགས་སྤྱིར་དབྱེ་བ་དང་། བླ་མེད་ཀྱི་ལུགས་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། དབྱེ་བ་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞིར། །རྩ་ལྟུང་བཅུ་བཞི་སོ་སོར་གྲངས་ངེས་པར། །དུས་ཀྱི་འཁོར་ལོར་བཤད་པ་གཞན་དུ་བལྟ། །ཞེས་པ་སྟེ། འདིར་གང་དག །བྱ་སྤྱོད་གཉིས་སུ་རྩ་ལྟུང་མ་བཤད་པས་བྱང་སེམས་ཀྱི་སྨོན་འཇུག་བསླབ་བྱ་ལས་གཞན་པའི་བསྲུང་རྒྱུ་མེད་དོ་གསུང་། དེ་ལྟར་ན། འཇམ་དཔལ་རྩ་རྒྱུད་ལས། ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཞེས་རྩ་ལྟུང་ལྔ་བཤད་པ་དང་། རྣམ་སྣང་མངོན་བྱང་ལས། ལྟུང་བ་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་རྒྱས་པར་བཤད་པ་རྣམས་ཀྱང་བྱང་སེམས་ཀྱི་རྩ་ལྟུང་ཡིན་པར་འགྱུར་ལ། དེ་ཡིན་ན་བྱང་སེམས་ཀྱི་ལྟུང་བའི་གྲངས་ངེས་ཀྱང་ཉམས་པ་དང་། བྱ་སྤྱོད་གཉིས་སུ་རྩ་ལྟུང་མེད་ན་ཡན་ལག་གི་ལྟུང་བའང་འབྱུང་མི་རིགས་ལ། དེ་ཡང་འདོད་ན། མངོན་བྱང་དང་ལེགས་གྲུབ་ལས་སྔགས་ཀྱི་འདུལ་བ་གསུངས་པ་དང་ཡང་འགལ་བར་འགྱུར་རོ། །དེར་མ་ཟད་བྱ་སྤྱོད་གཉིས་ཀྱི་དབང་བསྐུར་བ་ལ་བརྟེན་ནས་དེ་དང་དེའི་སྔགས་སྡོམ་ཐོབ་པ་མེད་པར་འགྱུར་ཞིང་། འདོད་ན། རྒྱུད་སྡེ་གོང་མ་གཉིས་ལའང་སྔགས་སྡོམ་སྐྱེ་བའི་ནུས་པ་མེད་པར་འགྱུར་ཏེ། དེ་དང་དེའི་དབང་ལ་སྔགས་སྡོམ་སྐྱེ་བའི་ནུས་པ་ཡོད་མེད་འགྲོ་ལྡོག་མཚུངས་པའི་ཕྱིར་རོ། །དེས་ན་དུས་འཁོར་འགྲེལ་ཆེན་ལས་རྒྱུད་སྡེ་བཞི་ཀ་ཡང་རྩ་ལྟུང་བཅུ་བཞི་པ་ཅན་དུ་གྲངས་འདྲ་བར་གསུངས་པ་ལྟར་བཤད་པར་བྱ་བ་ཡིན་ཏེ། དེ་ལ་བཞི་ལས། བྱ་རྒྱུད་ཀྱི་རྩ་ལྟུང་ནི། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་སྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་པ་ལྟར་བཅུ་བཞི་སྟེ། དཀོན་མཆོག་ལ་དད་པ། སྔགས་ལ་དད་པ། ཐེག་ཆེན་ལ་མོས་པ། བླ་མ་དང་མཆེད་གྲོགས་ལ་གུས་པ། འདས་མ་འདས་ཀྱི་ལྷ་གཞན་ལ་མི་སྡང་བ། རང་གི་ལྷ་དུས་ཚིགས་སུ་མཆོད་པ། གཞུང་གཞན་མི་མཆོད་པ། གློ་བུར་བའི་མགྲོན་མཆོད་པ། བྱམས་པ་མི་གཏོང་བ། སེམས་ཅན་གྱི་དོན་ལ་བརྩོན་པ་མི་འདོར་བ། བཟླས་བརྗོད་ལ་བརྩོན་པ། དམ་ཚིག་གཞན་ཡང་ཅི་ནུས་བསྲུང་བ། སྣོད་མིན་ལ་སྔགས་རྒྱ་མི་སྦྱིན་པ། རང་གི་སྔགས་རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་རྣམས་སོ། །དེ་དག་གི་ལོག་ཕྱོགས་རྩ་ལྟུང་དུ་འགྱུར་བའང་། དེ་ཉིད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་རིགས་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ནི། མི་དགེ་བ་བཅུ་དང་། རྩ་བ་བཞི་སྤོང་བ་སྟེ། དང་པོ་ནི། མངོན་བྱང་ལས། བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱའོ། །ཞེས་སོ། །གཉིས་པ་ནི། དེ་ལས། རྩ་བའི་ལྟུང་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་གསུངས་ཤིང་། བཞི་གང་ཞེ་ན། དེ་ཉིད་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཅེས་པས་དེ་བཞིའི་ལྡོག་ཕྱོགས་དམ་ཆོས་སྤོང་བ་སོགས་བཞིའོ། །འོ་ན་མི་དགེ་བཅུ་སྤོང་ནི་ལྷ་མིའི་ཐེག་པ་དང་ཉན་རང་ལའང་ཡོད་པས་སྔགས་ཀྱི་ཁྱད་པར་གྱི་རྩ་ལྟུང་དུ་ཅིའི་ཕྱིར་འཇོག་ཅེ་ན། འདིར་བྱང་སེམས་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ཀྱིས་འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བཟུང་ནས་དེའི་དམ་ཚིག་ཏུ་བཅུ་པོ་བཟུང་བས་ན་ཁྱད་པར་ཡོད་དེ། དེ་ལས། གང་དག་འདས་དང་མ་བྱོན་དང་། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེ་ཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་སོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་གི་སྐབས་སུ་གསུངས་པ་ལྟར། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ལ་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་སྟེ་གསུམ། རྡོ་རྗེའི་རིགས་ལ་རྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་བཞི། རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་གཏོང་བ་སྟེ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་པ་འཛིན་པ་སྟེ་གཅིག །ལས་ཀྱི་རིགས་ལ་སྔར་གྱི་སྡོམ་པ་རྣམས་ཅི་ནུས་འཛིན་པ་དང་། མཆོད་པའི་ལས་ལ་འབད་པ་སྟེ་གཉིས་དེ་རྣམས་སྒྲུབ་པའི་བསླབ་བྱ་ཡིན་ལ། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤོང་བ་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་པ་ལ་ངོས་འཛིན་མི་མཐུན་པ་མང་ཡང་། འདིར་སྒྲུབ་པའི་བསླབ་བྱ་བཅུ་བཞི་པོ་དེ་ལས་གཞན་པ་སྟེ། དེའི་ལྡོག་ཕྱོགས་བཅུ་བཞི་པོ་དེ་ཉིད་རྩ་ལྟུང་དུ་སློབ་དཔོན་ཀུན་དགའ་སྙིང་པོ་བཞེད་པ་ཡིན་ཏེ། དེ་ཉིད་སྣང་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པར་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་དང་། དཔལ་མཆོག་འགྲེལ་ཆེན་ལས་ཀྱང་། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ། །ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་ནི། ཀུན་ལ་གྲགས་པ་ལྟར་ཏེ་འཆད་པར་འགྱུར་རོ། །གཉིས་པ་བླ་མེད་ཀྱི་ལུགས་བྱེ་བྲག་ཏུ་དབྱེ་བ་ནི། བླ་མེད་ལུགས་ལ་བརྟུལ་ཞུགས་ཉི་ཤུ་ལྔ། །རིགས་ལྔའི་སྡོམ་པ་རྩ་ལྟུང་བཅུ་བཞི་དང་། །སྦོམ་པོ་དང་ནི་རྫོགས་པ་ཆེན་པོའི་སྲོལ། །ཞེས་པ་སྟེ། རྒྱུད་སྡེ་འོག་མ་གསུམ་གྱི་དབང་ལས་ཐོབ་པའི་སྔགས་སྡོམ་ཀྱང་ཡོད་མོད་ཀྱི། བསྟན་བཅོས་འདིར་ཁྱད་པར་དུ་འཕགས་པ་བླ་མེད་ཀྱི་དབང་ལས་ཐོབ་པའི་སྔགས་སྡོམ་སྟོན་པ་ཡིན་པས། འདི་དག་འོག་ཏུ། ཐོག་མའི་བརྟུལ་ཞུགས་དུས་ཀྱི་འཁོར་ལོ་ལས། །ཞེས་སོགས་ཀྱིས་རྒྱས་པར་འཆད་པའི་ཕྱིར། འདིར་མ་བཀྲོལ་ལོ། །གསུམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ། བསྟན་བཤད་གཉིས་ལས། མདོར་བསྟན་ནི། དང་པོ་མ་ཐོབ་ཐོབ་པའི་ཚུལ་བཤད་པ། །ཞེས་པས་བསྟན་ནོ། །དེ་ལ་འདིར་སློབ་མ་ཇི་ལྟར་དཀྲི་ཚུལ་གྱི་སྤྱི་དོན་མདོ་ཙམ་ཞིག་བཤད་པར་བྱ་སྟེ། རྒྱུད་དག་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་དང་འབྲེལ་བར་དམ་ཚིག་དང་སྡོམ་པ་འཛིན་ཚུལ། རྒྱུད་དག་པའི་རྟེན་ལ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པས་དམ་ཚིག་དང་སྡོམ་པ་ཐོབ་ཚུལ། དམ་ཚིག་དང་སྡོམ་པས་རྒྱུད་བསྡམས་ནས་ལམ་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རྒྱུད་སྡེ་བཞིའི་དམ་ཚིག་དང་སྡོམ་པ་འཛིན་པ་དབང་དང་འབྲེལ་བ་ལ་ངེས་པར་ལྟོས་པས། ཐོག་མར་བྱ་རྒྱུད་ལྟར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དགོངས་གསོལ་སྔོན་དུ་འགྲོ་བས། བདག་འབུལ་བ། བདག་ལ་བྱིན་གྱིས་བརླབ་པར། དམ་ཚིག་ཆེན་པོའི་དངོས་གྲུབ་སྩོལ་བར་གསོལ་བ་འདེབས་པའི་སྒོ་ནས་འཛིན་པར་དམ་ཚིག་གསུམ་བཀོད་ལས་གསུངས་སོ། །སྤྱོད་རྒྱུད་དུ་བདག་འབུལ་བའི་སྡོམ་པ་སྔར་ལྟར་བླངས་པའི་རྗེས་སུ་གཉིས་མེད་ཀྱི་ཡེ་ཤེས་ངོ་ཤེས་པར་བྱས་ནས་འཛིན་པ་དུས་གསུམ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་བ་དེ་འཛིན་པར་མངོན་བྱང་ལས་བཤད་དོ། །དེ་ཡང་བྱ་སྤྱོད་ཀྱི་སྡོམ་ཆོག་དེ་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་དོན་ཡང་ཚང་ཞིང་། ཇི་ལྟར་འཛིན་པའང་བྱ་རྒྱུད་དུ་དེ་ལ་འཇུག་པའི་ཚུལ་དང་སྤྱོད་རྒྱུད་དུ་གནས་པའི་ཚུལ་གྱིས་འཛིན་པར་བཞེད་དོ། །ཡོ་གའི་རྒྱུད་དུ་གང་འཛིན་རྒྱུའི་སྡོམ་པ་བསྒྲགས་ཏེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ཀྱིས་ལེན་པ་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་འཛིན་ཚུལ་དེ་དང་འདྲ་བ་ལས། ཁྱད་པར་དུས་ཀྱི་འཁོར་ལོར་ཐོག་མར་བརྟུལ་ཞུགས་ཉེར་ལྔ་དང་། དེ་ནས་དེ་བཞིན་གཤེགས་པ་རིགས་དྲུག་གི་སྡོམ་པ་འཛིན་པར་བཤད་ཅིང་། རྒྱུད་གཞན་རྣམས་སུ་རིགས་དྲུག་པ་ལྔ་པའི་ཁོངས་སུ་གཏོགས་པར་བྱས་ཏེ། དོན་གྲུབ་ལ་སྡོམ་པ་ཐམས་ཅད་འཛིན་པར་བཤད་དོ། །ཁ་ཅིག་ཡོ་གའི་སྡོམ་པ་བཟུང་བས་བླ་མེད་ཀྱི་སྡོམ་པའང་ཐོབ་སྟེ། དེ་ཉིད་རིགས་ལྔའི་སྡོམ་བཟུང་གི་ཆོ་ག་འདྲ་བའི་ཕྱིར་ཟེར་བ་མ་བརྟགས་པ་སྟེ། རིགས་ལྔའི་སྡོམ་བཟུང་གི་ཚིག་ཙམ་འདྲ་ཡང་དོན་མི་འདྲ་བའི་ཕྱིར། འདིའི་དོན་འོག་ཏུ་བླ་མེད་ཀྱི་དམ་ཚིག་འཆད་པ་ལས་རྟོགས་པར་འགྱུར་རོ། །གཉིས་པ་ནི། རྒྱུད་སྡེ་བཞི་ལ་དབང་གི་བབས་མི་འདྲ་བ་བཞི་ཡོད་དེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་བྱ་རྒྱུད་ལ་འཇིག་རྟེན་ལས་འདས་པའི་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་ཞུགས་ནས། གཟུགས་དང་དབང་སྔགས་བཟླ་བཞིན་པར་དབང་བུམ་གྱིས་ཆུའི་དབང་དང་། རིགས་གང་ཡིན་གྱི་དམ་ཚིག་གི་ཕྱག་རྒྱས་ཅོད་པན་གྱི་དབང་། མཐའ་རྟེན་བཟླས་ལུང་། བྱ་བ་བཀྲུ་བསྲུང་གསུམ། བཀྲ་ཤིས་རྫས་བརྒྱད་བྱིན་པ་རྣམས་ཀྱིས་དབང་བསྐུར་བའོ། །སྤྱོད་རྒྱུད་ལ་དཀྱིལ་འཁོར་དུ་བཅུག་ནས། ཆུ་དང་ཅོད་པན་གྱི་སྟེང་དུ། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་དང་། མེ་ལོང་། ཐུར་མ། ཆོས་འཆད་ཀྱི་རྗེས་གནང་སོགས་ཀྱི་དབང་འཁོར་བཅས་བསྐུར་བའོ། །རྣལ་འབྱོར་གྱི་རྒྱུད་དུ། སློབ་མའི་དབང་ལྔ་དང་། སློབ་དཔོན་གྱི་དབང་དྲུག་སྟེ་བཅུ་གཅིག་ལས། དང་པོ་ལ་ལྔའི་ཆུ་དབང་ནི། དཀྱིལ་འཁོར་དུ་ཞུགས་ལ་དམ་ཚིག་དང་སྡོམ་པ་བཟུང་། ཡེ་ཤེས་པ་ཕབ། མེ་ཏོག་དོར་བས་ལྷག་པའི་ལྷ་ངེས་པར་བྱས་ནས། གང་བུམ་གྱི་ཁྲུས་སྔོན་དུ་འགྲོ་བས། ལྷག་པའི་ལྷའི་བུམ་པ་དང་རྣམ་རྒྱལ་སོགས་ལྷ་བུམ་གྱིས་ཆུའི་དབང་དང་། རྡོ་རྗེ་རིན་པོ་ཆེའི་ཅོད་པན་སོགས་རིགས་གང་ཡིན་གྱི་ཅོད་པན་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་སོགས་རིགས་ཀྱི་རྡོ་རྗེ་དང་། དེ་རྣམས་ཀྱིས་མཚན་པའི་དྲིལ་བུ། ལྷག་པའི་ལྷ་དང་མཐུན་པའི་མིང་དབང་སྟེ་ལྔའོ། །སློབ་དཔོན་གྱི་དབང་དྲུག་ནི། ཕྱིར་མི་ལྡོག་པ་དམ་ཚིག་གསུམ་བཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ། ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། སློབ་དཔོན་གྱི་ལས་རིམ་རྣམས་ཤེས་པར་བྱ་བ། ཐུན་མོང་མ་ཡིན་པའི་ཆོས་འཆད་རྗེས་གནང་དང་། ལུང་བསྟན། དབུགས་དབྱུང་། གཟེངས་སྟོད་དེ་བཅུ་གཅིག་གོ། །རྣལ་འབྱོར་བླ་མེད་ཀྱི་དབང་ནི། ས་བོན་འདེབས་པ་ལ་ཞིང་ས་སྦྱོང་དགོས་པ་ལྟར་རྡུལ་ཚོན་སོགས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞིར་བཅུག་ནས། འབྲས་བུ་སྐུ་བཞིའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དབང་བཞི་བསྐུར་ཏེ། གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས། དེ་ཡང་ཅུང་ཟད་ཕྱེ་ན། བུམ་དབང་ལ་རིག་པའི་དབང་ལྔ་དང་། དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་སློབ་མའི་དབང་དྲུག་གི་སྟེང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་བུམ་དབང་དངོས་གཞི་ལ་བདུན་དང་། དེའི་ཡན་ལག་རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་བཅུ་གཅིག །མཆོག་དབང་གོང་མ་གསུམ་དང་བཅུ་བཞིའོ། །དེ་ལྟར་ཡང་བཤད་རྒྱུད་རྡོར་ཕྲེང་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་སོ། །ཡང་ཡེ་ཤེས་ཐིག་ལེ་ལས། རྣལ་འབྱོར་རྒྱུད་ལ་མོས་པ་ལས། །དབང་བརྒྱད་ཕྱེ་ལ་བྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་བྱིན་པར་བྱ། །ཞེས་པ་ལྟར་བུམ་དབང་ལ་བརྒྱད་དུ་ཕྱེ་ནས་བཅུ་གཅིག་ཏུ་བསྡུས་པའམ། དུས་འཁོར་ལས་བྱིས་འཇུག་གི་དབང་བདུན་དང་། དབང་གོང་མ་ལ་འཇིག་རྟེན་པ་གསུམ་དང་། འཇིག་རྟེན་ལས་འདས་པའི་བཞི་པ་སྟེ་བཅུ་གཅིག་ཏུ་བསྡུས་པའོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཆུ་དང་ཅོད་པན་དར་དང་ནི། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང་། །མིང་རྒྱལ་དབང་ནི་རྣམ་པ་བདུན། །བྱིས་པ་རྣམས་ནི་བཟུང་ཕྱིར་ཡིན། །གསུམ་པ་འཇིག་རྟེན་ཀུན་རྫོབ་དང་། །བཞི་པ་དོན་གྱི་དམ་པའོ། །བུམ་པ་གསང་བའི་དབང་དང་ནི། །ཤེས་རབ་ཡེ་ཤེས་ཞེས་བྱ་དང་། །དེ་ནས་ཤེས་རབ་ཆེན་པོ་ཡི། །ཡེ་ཤེས་ཞེས་བྱ་རྫོགས་པ་དག །འགྱུར་དང་མི་འགྱུར་བར་ཆད་ཅན། །བར་ཆད་མེད་པ་དེ་ལས་གཞན། །ཞེས་སོ། །གཞན་ཡང་སམྦུ་ཊིའི་རྒྱུ་ཕྱི་མར་རིག་པའི་དབང་གི་སྐབས་སུ་གོས་ཀྱི་དབང་། མི་གཡོ་བླ་མེད་ལས་གྲི་ཞགས་ཀྱི་དབང་སོགས་གྲངས་དང་རྣམ་པ་མི་འདྲ་བ་མང་དུ་འབྱུང་སྟེ་བརྗོད་པར་མི་ལང་ཞིང་། ཁྱད་པར་སྔ་འགྱུར་བླ་མེད་ཀྱི་རྒྱུད་ཐུན་མོང་མ་ཡིན་པའི་ལུགས་ལ། རྒྱུད་ལུང་མན་ངག་སྒྲུབ་སྡེ་བཞིའི་དབྱེ་བས། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། སྙིང་པོ་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་བྱིན་པར་བྱ། །ཞེས་པ་ལྟར་དད་པ་ཅན་ལ་དབུ་རྒྱན་ཅོད་པན་སོགས་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་གསུམ་གྱི། བདག་དོན་ནུས་པ་ལ་ཉན་སྒོམ། །གཞན་དོན་ནུས་པ་ལ་འཆད་ཕྲིན། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྟེ་ནུས་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ་ཟབ་མོའི་དབང་གསུམ་བསྐུར་བའོ། །ཡང་ལུང་ཨ་ནུ་ཡོ་ག་ལ། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པའི་དོན་རྒྱུད་དང་མན་ངག་གི་ལུགས་ལྟར་བསྐུར་ཚུལ་གཉིས་ཏེ། རང་བཞིན་གྱིས་སྣོད་དུ་གྱུར་པ་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་པ་ལ་མདོ་ཡོངས་རྫོགས་ཀྱི་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་ནས་བདེ་བ་གསལ་མཛད་ཀྱི་ལས་ཐོ་ལྟར་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་གཉིས་ལས། དིང་སང་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་རྒྱུད་དང་མན་ངག་གི་ལུགས་དེ་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་དྲིལ་ནས་བསྐུར་བར་མཛད་ཅིང་། དེ་ལྟར་མཛད་པས་གནས་སྐབས་སུ་བྱ་སླ་ཞིང་། བརྒྱུད་ནས་ལུགས་གཉིས་གཅིག་གིས་གཅིག་མི་ནུབ་པར་ཆབས་གཅིག་ཏུ་འཕེལ་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །ལུགས་དེ་གཉིས་ཀས་ཡོ་ག་བཞི་རྫོགས་དང་། ཐེག་དགུའི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་ལ། དེས་ན་མདོ་ཡོངས་རྫོགས་ཀྱི་ལུགས་དེ་ཡང་ཐེག་བརྒྱད་སྒོས་ཀྱི་ཆོ་གར་སོ་སོ་ནས་བཏུས་ཏེ་སྤྱིའི་ཆོ་གར་བྱས་པ་ནི་མ་ཡིན་གྱི། འདིར་མདོ་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས། ས་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་བར་ནོན་པར་བྱ་བའི་ཆེད་དུ་ལྷ་མི་ནས་བརྩམས་ཏེ་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏིའི་བར་ལ་བྱ་སྤྱོད་སོ་སོར་གྲངས་པས་དབང་རིམ་བཅུ་བྱུང་བ་དེ་ཉིད་བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་དགུ་དང་ཚུལ་འདྲ་བས་ཐེ་དགུའི་དབང་ཞེས་གྲགས་ཤིང་། དེ་ལྟུ་བུའི་ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་འདྲ་རུང་དུ་བྱུང་ཀྱང་། དོན་ལ་སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས་ཐེག་པ་རང་རང་གི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་དེ་དང་དེ་སྐྱེ་བའི་མྱུར་ལམ་དུའང་འགྲོ་བ་ཡིན་ནོ། །མན་ངག་ཨ་ཏི་ཡོ་གའི་དབང་རྣམས་ནི། དབང་གསུམ་པའི་དཔེའི་ཡེ་ཤེས་ལ་ལྟོས་མི་དགོས་པར་ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་རུང་བའི་སྐལ་ལྡན་ལ་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་བསྐུར་བ་སྟེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་སྒྱུ་དྲྭའི་ཁོག་དོན་ལས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་མན་ངག་གི་སྡེ་ལྟར་ན། རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་པའི་དབང་བཞིས་རིམ་པ་ལྟར། ལུས་ངག་ཡིད་གསུམ་དང་ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་སྦྱོང་། སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །བསྐྱེད་རིམ་དང་། གཏུམ་མོ་སྒོམ་པ། བདེ་སྟོང་ཟུང་འཇུག་སྒོམ་ཞིང་ཀ་དག་གི་ཡེ་ཤེས་རྟོགས་པ་དང་། མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་བཞི་ལ་དབང་བ་ཡིན་ནོ། །འདི་ནི་དབང་གོང་མ་ཉིད་ལ་དབང་བཞིར་ཕྱེ་བ་ཡིན་པས་བླ་མེད་ཐུན་མོང་བའི་དབང་བཞི་དང་གྲངས་འདྲ་ཡང་དོན་མི་འདྲ་བར་ཤེས་དགོས་ཤིང་། དེར་མ་ཟད། བླ་མེད་ཐུན་མོང་གི་དབང་བཞི་པའི་སྔགས་སྡོམ་རྒྱུད་ལྡན་ཞིག་གིས་འདི་ཉིད་ཐོབ་ན་སྡོམ་པ་སྔར་མེད་གསར་ཐོབ་ཀྱང་འདོད་དགོས་ཏེ། བླ་མེད་ཀྱི་ཆོ་ག་གཞན་རྣམས་རྒྱས་བསྡུས་དང་རྣམ་གྲངས་མི་འདྲ་བ་ཙམ་ལས་ཕན་ཚུན་གཅིག་གི་དོད་གཅིག་གིས་ཐུབ་པས་མཚུངས་པའི་ཕྱིར། དེ་དག་སོ་སོ་ལས་ཐོབ་པའི་སྡོམ་པ་རྣམས་ཀྱང་ངོ་བོ་གཅིག་ཏུ་འགྱུར་མོད། ཞུ་བདེ་ལྷན་སྐྱེས་ཀུན་རྫོབ་པ་དཔེའི་ཡེ་ཤེས་ཙམ་ལ་ངོ་སྤྲོད་པའི་བཞི་པ་བཏགས་པ་བ་དེས་དོན་དམ་ལྷན་སྐྱེས་ཟུང་འཇུག་གི་ཡེ་ཤེས་ལ་འཇུག་པའི་ཐབས་བཞི་པ་མཚན་ཉིད་པ་འདིའི་དོད་མི་ཐུབ་པས་མཚུངས་པ་མ་ཡིན་པའི་ཕྱིར་རོ། །སྒྲུབ་སྡེ་ལ་སྤྱི་བཀའ་བདེ་འདུས་ལྟར་ན། མདོ་བྱང་ཊཱི་ཀ་ལས། ཕྱི་དབང་ནང་དབང་གསང་དབང་དང་། །ཐེག་པ་ལྟ་བ་སྤྱི་འབྱམས་དབང་། །རིམ་གྱིས་དབང་ནི་རྫོགས་པར་བསྐུར། །ཞེས་པ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་དང་བཞི་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་ཕྱི་དབང་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུལ་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞི་ཡིན་ནོ། །སྒྲུབ་སྡེའི་དགོས་བཀའ་ཡང་ཕུར་སོགས་ལ་ཐུན་མོང་བ་བླ་མེད་སྤྱི་བཀའ་ལྟར་དབང་བཞི་བསྐུར་བ་དང་། ཟབ་ཁྱད་སྒྲུབ་དབང་གི་ལུགས་སུ་བསྐུར་བ་སོགས་མང་སྟེ་ཐམས་ཅད་བརྗོད་པར་མི་ནུས་ཤིང་། སྤྱི་ལྡོག་ནས་བླ་མེད་ཀྱི་དབང་ཐམས་ཅད་དབང་བཞིར་འདུ་བ་ཡིན་ནོ། །གསུམ་པ་ལ་བཞི་ལས། དང་པོ་བྱ་བའི་རྒྱུད་ནི། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་དུ། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་སོ། །དེའི་ལམ་གྱི་ཁྱད་པར་ལ། དཔུང་བཟང་འགྲེལ་པར་སྤྱོད་པའི་སྒོ་བཞིས་བསྡུས་ཏེ། འཇུག་པའི་སྤྱོད་པ་ནི། དབང་གིས་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་ནི། རིགས་གསུམ་གང་རུང་གི་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་ནི། མཚན་མ་མཐོང་ནས་རྫས་དང་སྔགས་གཡོག་འཛོམ་པས་བརྩོན་འགྲུས་བར་མ་ཆད་པར་བཟླས་བརྗོད་བྱ་བ། གྲུབ་པའི་མཐའ་འབྲས་བུའི་སྤྱོད་པ་ནི། དེ་ལྟར་བསྒྲུབས་པས་རྫས་ལུས་ལོངས་སྤྱོད་རྣམས་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་འགྲུབ་ནས། རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྦྱང་པས་མཐར་ཐུག་གི་འབྲས་བུ་རྒྱུད་སྡེ་འདིར་བཤད་པའི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་དེ། ཧེ་རུ་ཀ་གལྤོ་ལས། མི་ཚེ་བདུན་ན་སངས་རྒྱས་ས། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་འབྱུང་། འདིའི་མི་ཚེ་བདུན་ཡང་རིག་འཛིན་གྲུབ་པས་རིང་པོར་འཚོ་བའི་དབང་དུ་བྱས་པ་སྟེ། གཞན་ལས་བྱ་རྒྱུད་རང་ལམ་གྱི་བསྐལ་ཆེན་བརྒྱད་ནས་འབྲས་བུ་ལ་སྦྱོར་བར་བཤད་པ་དང་མི་འགལ་བར་ཤེས་དགོས་སོ། །དེ་ལྟར་ངེས་པར་བྱས་ནས་རྣལ་འབྱོར་གྱི་ངོ་བོར་ཉམས་སུ་ལེན་ཚུལ་ལ། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་ལྷར་བསྐྱེད་པ་མེད་པས། མདུན་དུ་ལྷ་སྤྱན་དྲངས། རང་དེའི་འཁོར་དུ་གཏོགས་པ་ཙམ་གྱི་འདུ་ཤེས་བཞག་སྟེ། ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་གྱུར་པས་བསྙེན་པ་བྱ་བ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང་། །ཞེས་སོ། །འོན་ཀྱང་བྱ་རྒྱུད་ཁྱད་པར་ཅན་ལས་བདག་ཉིད་ལྷར་བསྐྱེད་པ་བཤད་དེ། ཇི་ལྟར་ན། དེ་ཁོ་ན་ཉིད་བཞི་ལས། བདག་གི་དེ་ཁོ་ན་ཉིད་ནི། རྒྱུད་འདིར་གང་ལྟ་བས་གཏན་ལ་དབབ་པར་བྱ་བའི་གཞི་སེམས་ཉིད་དོན་དམ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་དུ་རྟོགས་པའི་ཡོན་ཏན་ཀུན་རྫོབ་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་སྟེ། ལ་ཤན་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བ། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །རྐྱེན་བསླང་སྣང་བའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་སྤྱོད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱ། །ཞེས་སོ། །ལྷའི་དེ་ཁོ་ན་ཉིད་ནི། སངས་རྒྱས་གསང་བས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་པས་བདག་གི་དེ་ཁོ་ན་ཉིད་སྒོམ་པ་སྟོང་པའི་ལྷ། དེ་ཉིད་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་སྒོམ་པ་ཡི་གེའི་ལྷ། དེའི་སྟེང་དུ་བཟླ་བྱའི་སྔགས་གཟུགས་རང་སྒྲ་སྒྲོག་པ་སྒྲའི་ལྷ། སྔགས་དེ་ཉིད་ཟླ་དཀྱིལ་ལ་འདྲེས་ནས་སླར་ཡང་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ། ཟླ་བ་སྔགས་ཕྲེང་དང་བཅས་པ་ཡོངས་སུ་གྱུར་པ་ལས་རིགས་གསུམ་གྱི་ལྷ་དེ་དང་དེའི་གཟུགས་སུ་སྒོམ་པ་གཟུགས་ཀྱི་ལྷ། དེ་ལ་རིགས་གང་ཡིན་དེ་དང་དེའི་དམ་རྒྱས་འདེབས་པ་ཕྱག་རྒྱའི་ལྷ། གནས་སྐབས་ཀུན་ཏུ་ཏིང་ངེ་འཛིན་གྱིས་ལྷའི་འདུ་ཤེས་དང་མི་འབྲལ་བར་བྱེད་པ་མཚན་མའི་ལྷ་སྟེ། རང་གི་ལྷ་སྒོམ་པའི་རྣལ་འབྱོར་དྲུག་གོ། །དེ་ནས་རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་པ་ལྟར་རང་གི་མདུན་དུ་ཡང་དག་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཞིང་ཁམས་ཕོ་བྲང་དང་བཅས་པ་གསལ་བཏབ་པའི་ནང་དུ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་བརྗེ་དང་། རང་ཉིད་ལྷར་བསྐྱེད་པ་བྲན་གྱི་ཚུལ་དུ་བལྟས་ཏེ། མཆོད་བསྟོད་དང་རྒྱུན་བཤགས་བྱ་བའོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། རིགས་གསུམ་སོ་སོའི་བགྲང་ཕྲེང་ཆོ་ག་བཞིན་དུ་འདུ་བྱས་པ་བཟུང་སྟེ། བདག་མདུན་གཉིས་ཀའི་ཐུགས་ཀར་ཟླ་དཀྱིལ་ལ་བཟླ་བྱའི་སྔགས་ཕྲེང་རང་སྒྲ་སྒྲོག་པ་བཀོད་པ་ལ་དམིགས་ཏེ། སྲོག་རྩོལ་བསྡམས་ནས་བཟླ་བ་སྤྱི་དང་། ཁྱད་པར་བ་ནི། གཞི་བདག་མདུན་ལྷར་བསམ་པ། སེམས་ནི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ནི་དེའི་སྟེང་སྔགས་ཀྱི་སྒྲ་གདངས་བསམ་ལ། སྲོག་རྩོལ་བསྡམས་ནས་མདུན་གྱི་ལྷ་ཟླ་བ་སྔགས་བཅས་ལ་དམིགས་ནས་བཟླ་བ་དང་། ཡང་སྲོག་དབྱུང་བའི་ཚེ་རང་གི་ལྷ་ཟླ་བ་སྔགས་ཕྲེང་ལ་དམིགས་པ་དང་། སྔགས་བཟླ་བའང་སྐྱོན་དང་བྲལ་བར་མ་ཉམས་པར་བཟླ་ཞིང་། དེས་སྐྱོན་མི་རྟོག་པའི་ངང་དུ་ངལ་བསོ་བ་སྟེ། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་བསོས་ཤིག །ཅེས་སོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །ཅེས་པས་རང་ལྷར་གསལ་བའི་སྙིང་གར་མེ་འབར་བའི་ནང་དུ་ཟླ་བ་ལ་སྔགས་བཀོད་ནས་སྲོག་བསྡམ་པའི་སྦྱོར་བས་བསླབ་པ་མེར་གནས་ཏེ། ཞི་སོགས་ལས་སྒྲུབ་པའི་གཞིའོ། །དེ་ལས་སྔགས་ཀྱི་ཡི་གེ་རྣམས་རང་སྒྲ་དྲིལ་བུའི་སྒྲ་ལྟར་གྲགས་པར་བསམ་ནས་སྲོག་བསྡམ་པ་ནི་སྒྲར་གནས་ཏེ། ཞི་གནས་སྐྱེ་བའི་རྟེན་གཞིའོ། །སྔགས་ཀྱི་སྒྲ་ཙམ་དེ་ཡང་དཔྱད་ཅིང་གཞིགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག་པ་སྒྲ་མཐའ་སྟེ། དེ་ལས་ལྷག་མཐོང་འཆར་ཞིང་ཐར་པའི་ཉེར་ལེན་དུ་གྱུར་པའོ། །གཉིས་པ་སྤྱོད་རྒྱུད་ནི། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པ་ལས་གྲུབ་པའོ། །ཞེས་དང་། ལྟ་རིམ་སྣང་བ་བཅུ་བདུན་པ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་པས་ལྟ་བ་ཡོ་ག་ལྟར་བལྟ་ཞིང་། སྤྱོད་པ་ཀྲི་ཡ་ལྟར་གཙང་སྦྲ་ལ་གནས་པའི་སྒོ་ནས། བསྒོམ་བྱ་མངོན་པར་རྟོགས་པའི་ཁྱད་པར་ལ། འཇུག་པའི། སྦྱོར་བའི། གྲུབ་པའི་སྤྱོད་པ་གསུམ་ལས། འཇུག་པ་ལ་གཉིས་ཀྱི། ཕྱིའི་འཇུག་པའི་སྤྱོད་པ་ནི། དབང་གིས་སྣོད་རུང་དུ་བྱེད་པ། ནང་གི་འཇུག་པའི་སྤྱོད་པ་ལ། མཚན་བཅས་དང་། མཚན་མེད་ཀྱི་རྣལ་འབྱོར་གཉིས་གསུངས་པའི་ཚུལ་གྱིས་བསྒོམ་བྱའི་ལྷ་ལ་རྒྱུད་ལས། ཡི་གེ། ཕྱག་རྒྱ། གཟུགས་ཀྱི་ལྷ་དང་གསུམ་བཤད་པའི་རེ་རེ་ལའང་གཉིས་གཉིས་ཏེ། ཡི་གེ་ལ་བྱང་ཆུབ་ཀྱི་སེམས་དང་སྒྲའི་ལྷ། ཕྱག་རྒྱ་ལ་འཁོར་ལོ་སོགས་དབྱིབས་བཅས་དང་ཆོས་འབྱུང་ཐལ་ཁས་མཚོན་པའི་སྟོང་ཉིད་གཟུགས་དབྱིབས་མེད་པ། གཟུགས་ལ་ཡོངས་སུ་དག་པ་སྙིང་པོའི་དོན་རང་རིག་མངོན་སུམ་གྱིས་མཐོང་བ་དང་། ཡོངས་སུ་མ་དག་པ་ཞལ་ཕྱག་ལ་སོགས་པའི་གཟུགས་སུ་རྣམ་པར་རྟོག་པས་སྒོམ་པའོ། །དེ་ལྟར་ཤེས་པར་བྱས་ནས་མཚན་བཅས་ཀྱི་རྣལ་འབྱོར་སྒོམ་པའི་རིམ་པ་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པས་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར་བདག་གནས་རྣལ་འབྱོར་བསྲུང་བ་སོགས་སྔོན་དུ་འགྲོ་བས། ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་ཀྱི་ངང་ལས། དེའི་སྣང་ཆ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་སྒོམ་པ། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོག་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་གཞི་དང་པོ་བདག་ཉིད་ལྷར་བསྐྱེད་པ་ལ་སྔགས་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་ལྷ་བསྐྱེད་པའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས། སྲོག་བསྡམ་ཞིང་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཕུང་སོགས་ཆོས་ཐམས་ཅད་ལ་མཐའ་བཞིས་རྣམ་པར་དཔྱད་པས་སྐྱེ་མེད་དུ་རྟོགས་པ་འཇུག་པའི་སེམས། དེ་རྣམ་པར་མི་རྟོག་པའི་ངོ་བོར་མངོན་དུ་གྱུར་པ་གནས་པའི་སེམས། དེ་ལྟར་མ་རྟོགས་པ་ལས་སྙིང་རྗེ་ཆེན་པོས་རྗེས་སུ་འཇུག་པ་ལྡང་བའི་སེམས་ཏེ། འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ལྟར་རྣལ་འབྱོར་གཉིས་ལ་གོམས་པ་ལས། མཚན་མ་དང་བཅས་པའི་ངང་། མཚན་བཅས་མཚན་མེད་གཉིས་ཀའི་དངོས་གྲུབ་འགྲུབ་པའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ་ཕྱི་ནང་གཉིས་ལས། ཕྱི་ནི་བཟླས་བརྗོད་ཡན་ལག་བཞི་ལྡན་གྱི་སྒོ་ནས་མཚན་མའམ་གྲངས་ཀྱི་བསྙེན་པ་བྱེད་པ་ཡིན་ལ། ནང་ནི། རང་ཉིད་ཤཱཀྱ་ཐུབ་པ་གསལ་བའི་ཐུགས་ཀར་ཟླ་བ་ལ་རྣམ་སྣང་བསྒོམས་པའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་དེ། སྲོག་བསྡམ་ཞིང་བཟླས་བརྗོད་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཞི་ལྷག་ཟུང་འབྲེལ་གྱི་ངོ་བོར་སྒྲུབ་པའོ། །གསུམ་པ་གྲུབ་པའི་སྤྱོད་པ་ལ། ཐུན་མོང་བ་བསྙེན་པ་མཐར་ཕྱིན་ནས་རྫས་སྔགས་ལ་བརྟེན་པའི་རིག་འཛིན་སྒྲུབ་པ་དང་། ཐུན་མོང་མ་ཡིན་པ་འབྱུང་བཞིའི་དཀྱིལ་འཁོར་ལ་བརྟེན་ནས་རླུང་གི་སྦྱོར་བ་བསྒོམས་པ་ལས། རྫུ་འཕྲུལ་དང་མངོན་ཤེས་བསྒྲུབས་ཏེ་རིག་པ་འཛིན་པའི་ནང་དུ་འགྲོ་བ་སོགས་གནས་སྐབས་ཀྱི་འབྲས་བུ་གྲུབ་ཅིང་། རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་མི་ཚེ་ལྔའམ་ཇི་ལྟར་འགོར་ནའང་བསྐལ་པ་གསུམ་མམ་གཅིག་གིས་མཐར་ཐུག་གི་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་དེ། གལྤོ་ལས། རིགས་བཞི་རྡོ་རྗེ་འཆང་སར་གནས། །ཞེས་དང་། ཀུན་བྱེད་ལས། གཉིས་སུ་མེད་ལ་མི་ཚེ་ལྔས་སྒྲིབ་གོལ། །ཞེས་སོ། །གསུམ་པ་རྣལ་འབྱོར་རྒྱུད་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་འོད་གསལ་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བཏགས་ཏེ། རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་སྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་ལྷ། །བླང་དོར་བྱེད་པ་ལས་ཀྱི་ས། །ཞེས་སོ། །དེའི་བསྒོམ་བྱ་ལམ་གྱི་ཁྱད་པར་ལ། བསྙེན་སྒྲུབ་གཉིས་ལས། དང་པོ་ལ། རྟེན་གྱི་གང་ཟག་བྱང་ཆུབ་ཏུ་སེམས་བསྐྱེད་པ། རྒྱུད་ལ་ཡིད་ཆེས་པ། བཀའ་བཞིན་དམ་ཚིག་སྒྲུབ་པ། ལམ་དང་ལམ་གྱི་སྟོན་པ་སོགས་ལ་དད་པ་དང་ལྡན་པ་དེས་ཇི་ལྟར་བསྒོམ་པའི་ལམ་གྱི་ཆིངས་ནི། ཐོབ་བྱའི་འབྲས་བུ་ལ་དམིགས་ནས། དེའི་ཉེར་ལེན་གྱི་རྒྱུ་ནི། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་བ་སོ་སོ་རང་གི་རིག་པའི་བདག་ཉིད་ལྷ་སྔགས་དཀྱིལ་འཁོར་ཕྱག་རྒྱ་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའི་སེམས་ཀྱི་དེ་ཁོ་ན་ཉིད་རྒྱུའི་རྒྱུད་ཅེས་བྱ་བ་དེ་ཉིད་ཡིན་ལ། རྒྱུ་དེ་ལས་འབྲས་བུ་མངོན་དུ་བྱ་བའི་ཐབས་ཀྱི་གཙོ་བོ་ནི་གཉིས་ཀྱིས་བསྡུས་ཏེ། ཐབས་དང་། ཤེས་རབ་བོ། །དང་པོ་ནི། ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་སྒོམ་པ་འཁོར་བཅས་ཏེ། དེ་ཡང་སྐུ་ཕྱག་རྒྱ་ཆེན་པོའོ། །ཐུགས་དམ་ཚིག་གི་ཕྱག་རྒྱའི། གསུང་ཆོས་ཀྱི་ཕྱག་རྒྱའི། ཕྲིན་ལས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དང་བཞིས་རིམ་པར། ཀུན་གཞིའི་རྣམ་ཤེས། ཉོན་ཡིད། ཡིད་ཤེས། སྒོ་ལྔ་རྣམས་ཀྱི་གློ་བུར་གྱི་འཁྲུལ་པ་བསལ་ནས། རང་བཞིན་མེ་ལོང་ལྟ་བུ། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་བཞི་མངོན་དུ་བྱེད་ཅིང་། །ཆོས་དབྱིངས་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་ཡིན་ནོ། །དེ་ལྟ་བུའི་ལྷའི་རྣལ་འབྱོར་སྒོམ་པའི་རིམ་པ་ལ། དབང་རྣོན་རྣམས་སྔོན་བྱུང་སྟོན་པ་སངས་རྒྱས་ནས་དཀྱིལ་འཁོར་སྤྲུལ་བཤད་དང་ཕྲིན་ལས་མངོན་པར་འདུ་མཛད་ཚུལ་དང་མཐུན་པར་རྗེས་འཇུག་ལའང་། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་ཉམས་སུ་ལེན་པ་དང་། དབང་རྟུལ་རྣམས་བདག་ཉིད་རང་རིགས་ཀྱི་ལྷ་དམ་ཚིག་པར་སྒོམ་པ་རྣལ་འབྱོར། དེ་ལ་ཡེ་ཤེས་པ་བཅུག་སྟེ་རོ་གཅིག་ཏུ་བྱ་བ་རྗེས་སུ་རྣལ་འབྱོར། བརྟན་གཡོ་ཐམས་ཅད་རང་རིགས་ཀྱི་ལྷའི་རྣལ་འབྱོར་དུ་བྱ་བ་ཐམས་ཅད་རྣལ་འབྱོར། དེ་གསུམ་སྔོན་དུ་སོང་བ་ལས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་བ་ཤིན་ཏུ་རྣལ་འབྱོར་ཏེ། རྣལ་འབྱོར་བཞི་ལ་བརྟེན་ནས་ཉམས་སུ་ལེན་པའོ། །གཉིས་པ་ཤེས་རབ་ནི། སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། དེ་ཉིད་དབང་རྣོན་བྱིན་བརླབས་དང་སྒོམ་བྱུང་གི་སྟོབས་ཀྱིས་མངོན་དུ་བྱེད་པ་དང་། དབང་རྟུལ་ཐོས་སོགས་ཀྱིས་བརྒྱུད་དེ་མངོན་དུ་བྱེད་པའི་ཚུལ་ལོ། །གཉིས་པ་སྒྲུབ་པའི་རིམ་པ་ལ་གཉིས་ཏེ། གཙོ་བོར་ཏིང་ངེ་འཛིན་ལ་བརྟེན་ནས་འདས་པའི་དངོས་གྲུབ་དང་། བཟླས་བྱེད་ལ་བརྟེན་ནས་དངོས་གྲུབ་གཉིས་ཀ་སྒྲུབ་པའོ། །དང་པོ་ནི། ཏིང་ངེ་འཛིན་གསུམ་དང་རྣལ་འབྱོར་བཞི་གང་ལ་བརྟེན་ཀྱང་རུང་། རང་གི་ལྷ་འཁོར་གསུམ་ཡོངས་དག་གི་མཆོད་པས་མཉེས་པར་བྱས་ནས། གཞན་དོན་དུ་ཕྱག་རྒྱ་སྒྲུབ། དེ་གྲུབ་ནས་ཕྱག་རྒྱའི་ལས་རབ་འབྱམས་ལ་སྦྱར། དེ་ནས་མངོན་ཤེས་བསྒྲུབས་ཏེ་རང་རིགས་ཀྱི་འཁོར་ལོ་དང་མཐུན་པའི་ཚོགས་ཁང་དུ་ལྷ་གྲངས་དང་མཉམ་པའི་སྒྲུབ་པ་པོས་དཀྱིལ་འཁོར་གྱི་རྣམ་པར་བྱས་ཏེ། འདོད་ཡོན་གྱི་རོལ་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་སྤྱད་པས་ལྷ་མཉེས་ཤིང་དབང་དུ་གྱུར་པའི་ཚུལ་གྱིས་འགྲུབ་ལ། གལ་ཏེ་མ་འགྲུབ་ན་བསྐྱར་བ་དང་དཔོགས་ཆོག་ལ་བརྟེན་ནས་འགྲུབ་པའོ། །གཉིས་པ་ལ། རྡོར་བཟླས་དང་། ཚིག་བཟླས་གཉིས་ལས། དང་པོ་ནི། བདག་ཉིད་ལྷར་བསྐྱེད་པའི་མདུན་དུའང་ལྷ་བསྐྱེད་དེ། སྲོག་དང་དབང་པོ་ནང་དུ་བསྡུས་ནས་སྙིང་པོ་ཡིད་བཟླས་བྱ་ཞིང་། རླུང་ཕྱིར་དབྱུང་བ་ན་མདུན་གྱི་ལྷ་ལ་དམིགས་ཏེ་བཟླ། ནང་དུ་འཇུག་པ་ན་བདག་དང་ལྷ་ཐ་མི་དད་པར་བྱས་ལ་བཟླ་བ་ནི་ཀུན་རྫོབ་དམིགས་བཅས་དང་། བདག་དང་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་དག་པའི་ངང་ནས་ཡིད་བཟླས་དང་། ཕྱིར་དབྱུང་བ་ན་ལྷའི་མཚན་མ་ཙམ་དྲན་པར་བྱ་ཞིང་། སླར་སྲོག་རྩོལ་ནང་དུ་བསྡུས་ཏེ་སེམས་རྩེ་གཅིག་པའི་ངོ་བོར་རོ་གཅིག་ཏུ་བྱ་བ་དོན་དམ་དམིགས་མེད་ཀྱི་རྡོར་བཟླས་ཏེ། དེ་གཉིས་དབང་རྣོན་གྱི་བཟླ་ལུགས་སོ། །གཉིས་པ་ཚིག་བཟླས་ནི། དབང་རྟུལ་གྱི་བཟླ་ལུགས་ཏེ། རང་རིགས་ཀྱི་ལྷའི་སྐྱིལ་ཀྲུང་བཅས་ལ། རིགས་གང་ཡིན་གྱི་ཁུ་ཚུར་བཅས་པའི་ལག་གཡོན་གྱིས་རང་རིགས་ཀྱི་ཕྱག་མཚན་བཟུང་བ་གོས་ཀྱིས་གཡོགས་གཡས་པས་རིགས་དང་མཐུན་པའི་བགྲང་ཕྲེང་བླངས་ཏེ། རིགས་གང་ལ་ཤིས་པའི་སྒྲ་གདངས་ཀྱིས་བཟླ་བའོ། །དེ་ལྟར་རྡོར་བཟླས་ཀྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་། ཚིག་བཟླས་ཀྱིས་རྫས་དང་མཁའ་སྤྱོད་ཀྱི་རིག་འཛིན་སོགས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབས་ནས་འདས་པའི་དངོས་གྲུབ་ལ་སྦྱོར་ཞིང་། མཐར་ཐུག་མི་ཚེ་གསུམ་མམ་བཅུ་དྲུག་གིས་ཕྱག་རྒྱ་ཆེན་པོ་གྲུབ་ནས་རིམ་གྱིས་རིགས་ལྔ་སྟུག་པོ་བཀོད་པའི་སར་མངོན་བྱང་ལྔའི་ཐབས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བར་འདོད་དེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །ཡང་ཡོ་གའི་ཉམས་ལེན་གྱི་སྐབས་འདིར་ཐུན་ཁྱད་གཉིས་འབྱུང་སྟེ། སྤྱོད་འཇུག་དང་ཐུན་མོང་བའི་དབང་དུ་བྱས་པ་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་པ་ལྟར་ཟུར་ལུགས་ཀྱི་སྙིང་པོའི་ཁོག་དབུབ་རྣམས་སུ་ཡོ་གའི་བཀོལ་མདོར་སྨོས་པ་བཞིན་ནོ། །ཡོ་ག་ཁྱད་པར་བའི་དབང་དུ་བྱས་ན་བདག་ཉིད་ལྷའི་རྣལ་འབྱོར་དུ་བསྒོམས་པ་ལ། ཡེ་ཤེས་པ་དགུག་བསྟིམ་གཉིས་མེད་དུ་བྱེད་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་ངང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་གསུངས་པ་བཞིན་ནོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ཉམས་ལེན་ནི། སློབ་དཔོན་ཡེ་ཤེས་གྲགས་པས། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུ་གཙོ་བོ་ཡིན་པར་འདོད། །ཅེས་པ་ལྟར་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་གང་ཟག་རྣམས་ཀྱིས་འདོད་དོན་གཉེར་བྱའི་གཙོ་བོ་ནི་གཞན་དོན་ཕུན་ཚོགས་ཡིན་ལ། དེའི་རྟེན་ནི་རང་དོན་ཕུན་ཚོགས་ཏེ། དེ་ལྟར་དོན་གཉིས་མཐར་ཕྱིན་པའི་བྱང་ཆུབ་ནི་ཐོབ་བྱ་འབྲས་བུའི་རྒྱུད་དོ། །དེ་མངོན་དུ་བྱེད་པ་ཡང་ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་རྐྱེན་ཚང་བ་ལ་རག་ལུས་པས། དང་པོའི་དབང་དུ་བྱས་ནས་གཞིའམ་རྒྱུའི་རྒྱུད་བཞག །གཉིས་པའི་དབང་དུ་བྱས་ནས་ཐབས་སམ་ལམ་གྱི་རྒྱུད་བཞག་སྟེ། གསང་སྙིང་གི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་དང་། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས་ཀྱང་། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོགས་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པའི་ཕྱིར། དེ་ལ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་ནི་དྲི་མ་སྦྱོང་བའི་གཞི་སྟེ། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་ཀའི་གཞིའམ་རྒྱུར་གྱུར་ཅིང་། རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་པས་ན་གཞིའམ་རྒྱུའི་རྒྱུད་ཅེས་བྱའོ། །དེ་ལ་མིང་གི་རྣམ་གྲངས། འཆིང་གྲོལ་མེད་པའི་དོན་གྱིས་གནས་ལུགས། འབྲས་ཆོས་རྣམ་གཞི་ལ་ཡེ་ནས་ཚང་བས་བདེ་གཤེགས་སྙིང་པོ། སེམས་ཀྱི་ཆོས་ཉིད་དེའི་སྟོང་ཆ་ལས་ཆོས་སྐུ་དང་སྣང་ཆ་ལས་གཟུགས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་དྲི་མ་ལས་མ་འགྲོལ་བར་སངས་རྒྱས་སུ་མི་འགྱུར་བས་རང་བཞིན་གནས་རིགས་དང་། ཁམས་དང་། དྲི་བཅས་དེ་བཞིན་ཉིད། དྲི་མ་དང་འབྲེལ་ཡང་རང་གི་ངོ་བོ་ལ་གོས་མ་མྱོང་བས་རང་བཞིན་རྣམ་དག་གམ་བྱང་ཆུབ་ལ་སོགས་པའི་ཐ་སྙད་བཏགས་ཤིང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར། ཕྱི་རྒྱུད་དུ་བདག་གི་དེ་ཁོ་ན་ཉིད་དང་། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། ནང་རྒྱུད་དུ་མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ། བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུ་ཡོ་ག་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏི་ཡོ་ག་བས་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་ཡེ་ནས་བཞུགས་པའོ། །དེ་ཡང་བླ་ན་མེད་པའི་རྒྱུད་རྣམས་སུ་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་ཕོ་བྲང་དུ་རྒྱུ་རྒྱུད་ཀྱི་རྟེན་དྭངས་མ་ལྔའི་དབུས་ན་བརྟེན་པ་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་བཤད་ཅིང་། འབྱུང་ལྔ་སེམས་དང་བཅས་པའི་དྭངས་མ་དྲུག་ཀྱང་གཉིས་གཉིས་རོ་གཅིག་ཏུ་འཇུག་པའི་དོན་གྱིས་ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་གནས་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔེ་ཆུང་རང་གནས་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམས་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་དང་། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་སྐྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་དང་། བརྟག་གཉིས་ལས་ཀྱང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་སོ། །དེས་ན་སེམས་ཀྱི་རང་བཞིན་འོད་གསལ་བ་དེའང་ཁྱད་ཆོས་བཞི་ལྡན་ཏེ། ཞིང་དང་སྐུ་དང་ཡེ་ཤེས་སོགས་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོ། རྒྱུན་ཆད་པ་མེད་པ། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ཉིད་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱད་པར་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྲུབ་ཀྱི་ཆོས་ཉིད་རང་ལ་ཡོད་པ་ནི་འབྲས་རྒྱུད་ཀྱི་ཉེར་ལེན་གྱི་རྒྱུར་ངེས་པ་སྟེ། མན་ངག་སྙེ་མ་ལས། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ཏོ། །དེ་རྒྱུ་སྟེ། ཉེ་བར་ལེན་པའི་བྱེད་པ་པོའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་དྲི་མས་མ་གོས་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་ཉིད་དེ། དེ་ཁོ་ན་ནི་དྲི་མ་མེད་པ་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ། །ཞེས་པའི་དོན་ཏོ། །ཞེས་སོ། །རྒྱུ་རྒྱུད་རྒྱུན་ཆགས་པ་དེ་ལ་རྡོ་རྗེ་རྩེ་མོར་རྩ་བའི་རྒྱུད་ཅེས་བྱ་བ་དང་། འབྲས་རྒྱུད་ནི་རྒྱུ་རྒྱུད་དེ་ལས་བྱུང་ཞིང་། །དེའི་ཕ་རོལ་ཏུ་སོན་པ་ས་མཐར་ཕྱིན་པའི་རྒྱལ་བ་སྟེ་རྒྱུད་ཕྱི་མ་ཞེས་བཤད་དོ། །དེ་ལྟར་ཡང་རྩེ་མོར། ཅིའི་ཕྱིར་འདིར་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བའི། །དེ་ཉིད་གསང་བ་སྦས་ཞེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ཡིན། །ས་མཐར་ཕྱིན་པའི་རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་བརྒལ་ཡིན། །ཡང་ན་གང་ཞིག་བརྒལ་གྱུར་པ། །རྒྱུད་ནི་ཕྱི་མ་ཡིན་པར་བཤད། །ཅེས་སོ། །དེ་ལྟར་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་ཉིད་རྟོག་གེ་རྣམ་པར་འཁྱམས་པའི་ལུང་རིག་ཀྱིས་གཏན་ལ་མི་ཕེབས་ཏེ། ཐ་སྙད་ཀྱི་ཤེས་ངོ་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ། སྤྱི་མདོ་ལས། དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་འཇལ་འདྲ། །ཞེས་དང་། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པས། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་སོ། །འོ་ན་གང་གིས་གཏན་ལ་དབབ་པར་བྱ་ཞེ་ན། སྒྱུ་འཕྲུལ་ལམ་རིམ་ལས། བྱེ་བྲག་བསྡུས་པས་ཀུན་ཁྱབ་གསུམ། །ཞེས་པས་ཤིན་ཏུ་ལྐོག་གྱུར་གྱི་དོན་དེ་ཉིད་འཇལ་ནུས་པ་ནི། ཀུན་ཁྱབ་ཀྱི་ཚད་མ་གསུམ་ལས་གཞན་མེད་དེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུང་དང་རིགས་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང་། མཁས་པས་མཛད་པའི་མན་ངག་ཚད་མ་དང་། དེ་གཉིས་དང་རྗེས་སུ་མཐུན་པར་སྐྱེས་པའི་རིག་པ་ཚད་མ་གསུམ་གྱིས་གཞལ་བས། རྟོགས་བྱའི་ལྟ་བ་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་ཉིད་གཏན་ལ་ཕེབས་པ་ནི་སྔགས་རང་གཞུང་གི་གྲུབ་མཐའ་འོ། །དེ་ལ་ཕྱི་འགྱུར་བའི་མཁས་པ་ཕལ་ཆེ་བ་ཞིག །བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་གྱིས། །ཞེས་པའི་དགོངས་པ་འགྲེལ་ཚུལ་ལས་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལ་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བའོ་ཞེས་བཞེད་མོད། འདིར་སྔ་འགྱུར་གྱི་རང་སྐད་དུ་ཐབས་བཞིན་དུ་ལྟ་བའང་ལྷག་སྟེ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ་དབུ་མ་པ་དང་མཐུན་ནའང་། སྔགས་ཀྱི་ཁྱད་པར་ཀུན་རྫོབ་སྒྱུ་མ་ལྟ་བུ་དེ་ཡང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་ཁྱད་པར་དུ་བྱས་པའོ། །དེ་ལྟར་ཡང་ཀུན་མཁྱེན་ཆེན་པོ་ཡིད་བཞིན་མཛོད་དུ། དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །ཞེས་གསུངས། ཀུན་རྫོབ་ཏུ་ལྷར་ལྟ་བའང་། བྱ་རྒྱུད་པས་དག་པ་ཆོས་ཉིད་ཀྱི་ལྷ་དང་། ཡོ་ག་བས་དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པའི་ལྷ་དང་། རྣལ་འབྱོར་བླ་ན་མེད་པས་དེ་གཉིས་ཀའི་སྟེང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བའི་ཕྱིར་ན་བདེན་པ་ཐ་དད་དུ་འཛིན་པ་དོར་ནས། དོན་དམ་བདེན་ངོར་མ་ཟད། ཀུན་རྫོབ་ཏུའང་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་པས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཞེས་རྒྱུའི་བླ་མེད་ཀྱི་ཐེག་པ་དབུ་མ་པ་ལས་ཐབས་ཀྱི་ཐེག་པ་སྔགས་ཀྱི་ལྟ་བ་འདི་ཉིད་ཆེས་འཕགས་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ཚིག་སངས་རྒྱས་གསང་བས་ལམ་རིམ་དུ་དྲངས་པ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ངེས་དོན་འབའ་ཞིག་གི་སྙིང་པོར་གཏན་ལ་ཕབ་ནས། ལྷུན་གྲུབ་སྙིང་པོའི་ཁམས་ཀྱི་དྲི་མ་བསལ་བ་ཙམ་ལས་རྒྱུ་འབྲས་ཐ་དད་དུ་མི་འདོད་པས་འདུས་མ་བྱས་རང་སྣང་བའི་དཀྱིལ་འཁོར་དུ་ཤེས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པའི་ལམ་བསྒོམ་ཞིང་བསྟེན་པས་སྦྱང་བྱའི་དྲི་མ་གཞི་ཐོག་ཏུ་གྲོལ་ཏེ། སྦྱང་གཞི་སྙིང་པོའི་དོན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པ་ནི་གྲུབ་པ་འབྲས་བུའི་རྒྱུད་དོ། །དེ་ལ་གཞིའི་སྟེང་གི་དྲི་མ་སྦྱོང་བྱེད་ཐབས་སམ་ལམ་གྱི་རྒྱུད་དེ་གང་ཞེ་ན། སྨིན་གྲོལ་གཉིས་ལས། སྨིན་བྱེད་ཀྱི་དབང་ནི། བླ་མེད་ཀྱི་སྐབས་འདིར་དབང་བཞི་རྫོགས་པར་བསྐུར་བ་སྟེ། སྔར་བཤད་ཅིང་འཆད་པ་ལས་ཀྱང་ཤེས་པར་འགྱུར་རོ། །གྲོལ་བྱེད་ལམ་གྱི་ངོ་བོ་ནི། གཞི་སྒྲིབ་བྲལ་དུ་བྱེད་པའི་ཐབས་ཁྱད་པར་ཅན་ཏེ། སྦྱང་གཞི་སྙིང་པོ་ཉིད་སྒྲིབ་བྱེད་དུ་གྱུར་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་སྦྱོང་བར་བྱེད་པའི་ལམ་དེ་ཡང་། འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་བསྒྱུར་ཏེ་སྒོམ་པའི་དོན་ནོ། །བསྒྱུར་ཚུལ་ཀྱང་གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པར་བསྐྱངས་པས་དེའི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། དེའི་ཕྱིར་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་དུ་བྱེད་པའི་ཕྱིར་སྤོང་འགེགས་སྦྱོང་བའི་ལམ་ལས་ཁྱད་པར་དུ་འཕགས་སོ། །དེ་ལ་དབྱེ་ན། སྦྱང་བྱ་འཁྲུལ་པ་གློ་བུར་བ་ཀུན་བརྟགས་དང་། ས་བོན་གྱི་ཆ་གཉིས་ལ་ལྟོས་ནས་སྦྱོང་བྱེད་བསྐྱེད་རྫོགས་གཉིས་གསུངས་ཏེ། བསྐྱེད་རིམ་ནི། ཨུཏྤཏྟི་ཀྲ་མའི་སྒྲ་ལས་དྲངས་ན། ཨུཏྤཏྟི་ཞེས་པ་བཅོས་པའམ་བརྟགས་པ་ལ་འཇུག་ལ། གང་ལས་བཅོས་ཤིང་གདམས་པའི་གཞི་ནི་རྫོགས་རིམ་སྟེ། དེའི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པའམ་གྲུབ་པ་དང་རྫོགས་པ་ལ་འཇུག་ཅིང་། གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་དུ་གྱུར་པས། བཅོས་ཤིང་བརྟགས་པ་རྗེས་དཔག་གི་ལྷའི་རྣལ་འབྱོར་འཁོར་བཅས་ལ་བསྐྱེེད་རིམ་དང་། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་ཞེས་བྱ་སྟེ། གསང་སྙིང་གི་རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་སོ། །མཚན་ཉིད་ནི། སྐྱེ་འཕགས་གཉིས་ཀྱི་ལམ་གྱི་གནས་སྐབས་ལས། སོ་སྐྱེའི་དུས་སུ། དྲི་བཅས་དེ་བཞིན་ཉིད་ཀྱི་སྣང་བ་གང་ཞིག་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་བའི་ལྷ་སྐུ་སྣང་སྟོང་། དབྱེ་ན་བསྐྱེད་རྫོགས་གཉིས་ལས། དང་པོ། དེ་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་བསྐྱེད་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་པར་གྱི་ཆོས་བཞི་ལྡན་ཏེ། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བའོ། །རྫོགས་རིམ་གྱི་མཚན་ཉིད་ནི། དེ་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་གྱི་དང་། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་རྫོགས་རིམ་ནི་ཁྱད་པར་གྱི་ཆོས་གསུམ་ལྡན་ཏེ། རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་སྟོང་གཟུགས་དང་ངོ་བོ་གཅིག་ཏུ་གྱུར་པའི་བདེ་སྟོང་ངོ་། །རྫོགས་རིམ་རྒྱུད་ལ་སྐྱེས་ཟིན་ནས་བསྐྱེད་རིམ་ལ་སློབ་མི་དགོས་པའི་ཕྱིར། འཕགས་ལམ་གྱི་དུས་ཀྱི་བསྐྱེད་རིམ་ཞེས་པ་མི་འབྱུང་བས། རྫོགས་རིམ་ཟུང་འཇུག་ཡེ་ཤེས་ཀྱི་མཚན་ཉིད་ལ། སློབ་པ་དང་། མི་སློབ་པའི་ཡེ་ཤེས་གཉིས། དང་པོ་ནི། འཕགས་རྒྱུད་ཀྱི་ཡེ་ཤེས་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཁ་སྦྱོར། གཉིས་པ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་མཐར་ཐུག་གང་ཞིག །ཁ་སྦྱོར་ལ་སོགས་པའི་ཡན་ལག་བདུན་ལྡན་ཏེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་པའི་དོན་དེ་བ་ཙནྡྲས་ཤེས་རབ་ཡེ་ཤེས་གསལ་བར། ལོངས་སྤྱོད་རྫོགས་པ་ནི་རྣམ་པ་ཐམས་ཅད་པའོ། །ཁ་སྦྱོར་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གོ། །བདེ་ཆེན་ནི་གཟུང་འཛིན་གྱི་རྟོག་པ་མེད་པའོ། །རང་བཞིན་མེད་པ་ནི་སྐྱེ་བ་མེད་པའོ། །སྙིང་རྗེས་དེས་གང་ནི་མི་འགྱུར་བའི་བདེ་བའོ། །རྒྱུན་མི་ཆད་པ་ནི་རྒྱུན་གྱི་རྟག་པའོ། །འགག་པ་མེད་པ་ནི་ཆད་པ་མེད་པའོ། །ཞེས་པ་ལྟར་རོ། །འདིར་འབྲས་བུའི་རྫོགས་རིམ་ཡིན་པ་ཙམ་གྱིས་གཞི་ལམ་འབྲས་གསུམ་གྱི་ཟླས་ཕྱེ་བའི་འབྲས་བུ་ཡིན་པས་མ་ཁྱབ་སྟེ། འཕགས་པ་སློབ་པ་རྣམས་དང་། ཡེ་ཤེས་ཀྱི་སྐུ་འགྲུབ་པའི་སོ་སྐྱེའི་ལམ་གྱི་རྫོགས་རིམ་བཞིན་ནོ། །རིམ་པ་གཉིས་ཀྱི་དགོས་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤང་ཞིང་། ལམ་མ་དག་ས་བདུན་དང་འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པ། ཁྱད་པར་རང་གི་དངོས་འབྲས་ཐུན་མོང་གི་དངོས་གྲུབ་འགྲུབ་པར་བྱེད་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྤོང་ཞིང་། ལམ་དག་པ་ས་གསུམ་དང་འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པ། ཁྱད་པར་རང་གི་དངོས་འབྲས་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་སོ། །གལ་ཏེ་བུམ་དབང་དང་དེའི་ལམ་བསྐྱེད་རིམ་གྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེ་དང་དེ་ས་བདུན་དང་གཟུགས་སྐུའི་རྟེན་འབྲེལ་སྒྲིག་བྱེད་དུ་བཤད་པའི་ཕྱིར་ཞེ་ན། དེ་ལྟར་བཤད་ཀྱང་དེས་དེ་དངོས་སུ་ཐོབ་མི་དགོས་ཏེ། དཔེར་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་ཀྱང་། དེ་ཙམ་གྱིས་ཆོས་སྐུ་ཐོབ་པར་མི་འགྱུར་བ་བཞིན་ནོ། །དེས་ན་བསྐྱེད་རིམ་གྱིས་ས་བདུན་དང་གཟུགས་སྐུའི་རིང་རྒྱུ་ཙམ་བྱེད་ཀྱང་དངོས་རྒྱུ་བྱེད་པ་མི་སྲིད་ཅིང་། བརྒྱུད་རྒྱུ་ལའང་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་ནོ། །གྲངས་ངེས་ནི། སྐྱེ་བ་ཀུན་རྫོབ་དང་འཆི་བ་དོན་དམ་བདེན་པ་ལམ་དུ་བྱས་ནས་དེ་དང་དེ་རྫོགས་པར་སྦྱོང་བ་ལ་ལྟོས་ནས་བསྐྱེད་རིམ་དང་རྫོགས་རིམ་བསྟན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་སོ། །ཡང་གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་རྒྱུད་སྦྱང་བ་དང་། བྱང་ནས་གནས་ལུགས་དངོས་སྒོམ་པ་ལ་ལྟོས་ནས་ཀྱང་བསྐྱེད་རྫོགས་གཉིས་སུ་བསྟན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་དང་། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །ད་ནི་རིམ་པ་གཉིས་ཀྱི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་གྱི་སྒོ་མདོ་ཙམ་ཞིག་བསྟན་པར་བྱ་སྟེ། དེ་ལ་བསྐྱེད་རིམ་ནི། སྦྱང་བྱ་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་བས་འཁོར་བའི་ཆོས་ཀྱི་གཙོ་བོ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས། བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས་སྒོང་སྐྱེས་སྦྱོང་བ་ནི། །དབང་རྟུལ་སྤྲོས་པ་ཅན་གྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་འོད་ཀྱི་ཐིག་ལེ་ལས་ཞུ་བ་གླུས་བསྐུལ་གྱིས་སླར་བཞེངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལྟ་བུ་དང་། ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་རང་ལྷའི་ཕྱག་མཚན་ས་བོན་དང་བཅས་པ་ཞུ་ཞིང་འདྲེས་པ་ལས་སྤྲོ་བསྡུས་ལྷར་བསྐྱེད་པ་མངོན་བྱང་ལྔའི་ཆོ་ག་ལྟ་བུའོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་པས་བདག་སྲས་དང་། གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེས་བྱིན་བརླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་པར་དབྱེར་མེད་ན། །སྲས་གྱུར་དགོངས་པ་ཅི་ལ་གནས། །ཞེས་པས་གཞན་སྲས་བསྟན་ནོ། །མངོན་བྱང་ལྔ་ནི་དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །མངལ་སྐྱེས་སྦྱོང་བ་ནི། དབང་འབྲིང་དང་སྤྲོས་པ་འབྲིང་གི་དབང་དུ་བྱས་ཏེ། ཧེ་རུ་ཀ་གལྤོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་དགོད། །ཅེས་འཆི་སྲིད་བར་དོ་དང་བཅས་པ་དང་། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ། དེ་ལས་ལུས་གྲུབ་པ། བཙས་ནས་དབང་པོ་ཡུལ་ལ་སད་པའི་རིམ་པ་ལྟར་རྡོ་རྗེ་བཞིའི་ཆོ་གས་བསྐྱེད་པ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་འདི་དང་ཚིག་དོན་འདྲ་བར་འབྱུང་ཞིང་། ཡང་དེ་ལས་བསྡུས་པ་ཆོ་ག་གསུམ་བསྐྱེད་དང་། ལྷ་མངའ་འབྱིན་གྱིས་བསྐྱེད་པ་གཞན་སྲས་ཀྱི་འཁོར་སྤྲོ་བ་ལྟ་བུ་ལ་སོགས་པའོ། །དེ་ལྟར་སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བའི་སྒོམ་ཚུལ་གཉིས་པོ་འདི་ནི་གཙོ་བོར་མ་ཧཱ་ཡོ་གའི་དཀྱིལ་འཁོར་རིམ་བསྐྱེད་ཀྱི་ལུགས་སོ། །དྲོད་གཤེར་སྐྱེས་སྦྱོང་བ་ནི། དབང་རབ་སྤྲོས་མེད་ཀྱི་དབང་དུ་བྱས་ཏེ། བསྐྱེད་སྔགས་བརྗོད་པ་ཙམ་གྱིས་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ལ་མ་འདྲེས་པར་སྒོམ་པ་སྟེ། འདི་ནི་བང་མཛོད་འཁྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ལྷ་རུ་སྒོམ། །ཞེས་པ་ལྟར་གཙོ་བོར་ཨ་ནུ་ཡོ་གའི་བསྐྱེད་ཚུལ་དང་མཐུན་པའོ། །རྫུས་སྐྱེས་སྦྱོང་བ་ནི། དབང་པོ་ཡང་རབ་ཤིན་ཏུ་སྤྲོས་མེད་ཀྱི་དབང་དུ་བྱས་ཏེ། ལྷ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའོ། །འདི་ནི་གཙོ་བོར་ཨ་ཏི་ཡོ་གའི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་སྒོམ་ཚུལ་དང་མཐུན་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་སྒོམ་པ་ལས། །ཐ་དད་བློ་ཡིས་རིམ་པ་ཡིས། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །དེ་ལྟར་སྒོམ་ཚུལ་བཞིས་སྐྱེ་གནས་རང་རང་གི་བག་ཆགས་སྦྱོང་བ་གཙོ་བོ་ཡིན་ནའང་། གང་རུང་རེ་རེས་གཞན་གསུམ་གྱི་བག་ཆགས་ཀྱང་ཞར་ལ་སྦྱོང་བར་ནུས་ཏེ། དཔེར་ན་མངལ་སྐྱེས་སྦྱོང་བྱེད་ཆོ་ག་གསུམ་བསྐྱེད་ལྟ་བུ་ལ་མཚོན་ན། གདན་གྱི་ཉི་ཟླ་ནི་ཁུ་རྡུལ། ས་བོན་ནི་ཁུ་ཁྲག་གི་དབུས་སུ་དྲི་ཟའི་སེམས་འཇུག་པར་ཕྱོགས་པ། ཕྱག་མཚན་ནི་ཕ་མའི་འདུ་འཕྲོད་ཀྱི་འགྱུར་བས་ལུགས་ལྡོག་གི་ཁམས་ལྔ་མྱོང་བའི་རིམ་པས་འཇུག་ཅིང་ཁུ་རྡུལ་སེམས་གསུམ་འདྲེས་པ། སྤྲོ་བསྡུ་ནི་འབྱུང་ལྔས་ལུས་རིམ་གྱིས་གྲུབ་པ། སྐུ་རྫོགས་པ་ནི་དབང་པོ་རྒྱས་ནས་བཙས་པ་རྣམས་ཏེ་གཙོ་བོར་མངའ་སྐྱེས་སྦྱོང་བྱེད་ཡིན་ཀྱང་། ཞར་ལ་སྒོང་སྐྱེས་ཀྱི་དུས་སུ་གཞན་འདྲ་བ་ལས། ཁྱད་པར་སྤྲོ་བསྡུས་ཡོངས་སུ་གྱུར་པའི་འོད་ཀྱི་གོང་བུ་ནི་སྒོ་ང་། དེ་ལས་ལྷར་བསྐྱེད་པ་ནི་སྒོང་ཁྱིམ་བརྡོལ་ནས་སྐྱེ་བ། དེ་བཞིན་དུ་ཉི་ཟླ་དྲོད་གཤེར། ས་བོན་ཕྱག་མཚན་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་རྫོགས་པ་དེ་གསུམ་འདུས་པ་ལས་དྲོད་གཤེར་གྱི་དབུས་ནས་འབྱུང་བཞིའི་ལུས་གྲུབ་པ། རྫུས་སྐྱེས་ལ་གདན་སྐྱེ་གནས། ས་བོན་ཕྱག་མཚན་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་ལེན། སྐུ་རྫོགས་པ་ནི་ལུས་སྐད་ཅིག་གིས་འགྲུབ་པ་མཚོན་ནོ། །དེ་ལྟར་བཅུད་ཀྱི་སེམས་ཅན་སྐྱེ་རིམ་བཞི་དང་མཐུན་པར་ལྷ་སྒོམ་པ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་རྟེན་གཞལ་ཡས་ཁང་སྒོམ་པར་གསུངས་ཏེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེས་ན་ཡར་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ལམ་བྱེད་དང་། མར་འཁོར་བའི་སྣོད་བཅུད་ཀྱི་དྲི་མ་སྦྱོང་ཚུལ་དུ། དེ་དང་དེའི་རྣམ་པ་དང་མཐུན་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྒོམ་པ་ཡིན་ལ། དེ་ལྟར་དག་པ་ལྷའི་རྣམ་པ་བསྒོམས་པས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བར་བྱེད་པ་སྟེ། སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདིས་ནི་མངོན་སུམ་དུ་ནི་རྟོག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཀྱང་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ནས། །ཀུན་ཏུ་བཟང་པོའི་བདེ་བ་དངོས། །རྣམ་པ་ལྔ་པོ་བསྒོམས་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱང་སོགས་པ། །རིམ་པ་འདི་ཡིས་བསྒོས་བྱས་ནས། །ཡན་ལག་དྲུག་གི་སྦྱོར་བར་འདོད། །ཅེས་པ་ལྟར་ཡེ་ཤེས་ལྔ་བྱང་སེམས་དང་དྲུག་སངས་རྒྱས་ཀྱི་སར་མཐར་ཕྱིན་པར་བྱ་བའི་དོན་དུ། ཕོ་བྲང་རྣམ་སྣང་། རྗེས་ཆགས་རྡོ་རྗེ་འཆང་། དབང་བསྐུར་མི་བསྐྱོད་པ། མཆོད་པ་དོན་གྲུབ། བསྟོད་པ་རིན་འབྱུང་། བདུད་རྩི་མྱང་བ་འོད་དཔག་མེད་དེ་ཡན་ལག་དྲུག་རྫོགས་སྒོམ་པར་བཞེད་དོ། །བསྐྱེད་རྫོགས་གཉིས་ཀྱིས་སྐྱེ་འཆི་སོ་སོར་སྦྱོང་བར་བཤད་པ་ཡང་བསྐྱེད་སྡུད་ཀྱི་རིམ་པའི་དབང་དུ་བྱས་པ་སྟེ། གཞན་དུ་ན། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་དུ། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་པའི་རིམ་གསུམ་གཉིས་མེད་དོན། །ཞེས་པས་གཙོ་བོར་རྫོགས་རིམ་གྱི་སྦྱང་བྱ་བསྟན་ཀྱང་། འཆི་བར་སྐྱེ་གསུམ་གྱི་བག་ཆགས་ལ་ཕྲ་རགས་གཉིས་ལས། རགས་པ་དེ་བསྐྱེད་རིམ་གྱིས་སྦྱོང་བར་བྱེད་པའང་ཡིན་པས་འདི་ལྟར། སྟོང་པ་ཆེན་པོ་དང་། སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་གཅིག་པ་ཕྲ་རགས་དང་། ཕྱག་རྒྱ་སྤྲོས་བཅས་དང་། ཚོགས་སྒྲུབ་སྟེ་སྦྱོང་བྱེད་ཆོ་ག་ཡན་ལག་ལྔས། མར་འཆི་བར་སྐྱེ་གསུམ་དང་། སྐྱེ་བ་ལའང་དྲི་ཟའི་སེམས་མངའ་དུ་ཞུགས་ཏེ་ལུས་ཆགས་ནས་སྐྱེས་པ་དང་། ལུས་རྫོགས་ནས་བུ་ཚ་འཁོར་འདབ་རྒྱས་པ། བློ་གྲོས་སྨིན་ནས་བཅང་རིས་དང་ཁེ་གྲགས་སྒྲུབ་པ་སྟེ། སྐྱེས་པའི་རིམ་པ་གསུམ་གྱིས་བག་ཆགས་སྦྱོང་། ཡར་སངས་རྒྱས་ཆོས་ལོངས་སྤྲུལ་གསུམ་ཕྲིན་ལས་དང་བཅས་པའི་རྣམ་པ་ལམ་བྱེད་ཀྱིས་རིགས་ཀྱི་ནུས་པ་གསོས་བཏབ་ནས་འབྲས་བུར་རྫོགས་པར་བྱེད། ལམ་གོང་མ་འོད་གསལ་ལས་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་ལྷར་ལྡང་བའི་སྨིན་བྱེད་དུ་འགྲོ་ཞིང་། དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་སྟེ་གཉིས་སུ་མེད་པར་བྱས་པས་ནི། ཚོར་བ་དང་འདུ་ཤེས་རྫོགས་ནས་རྒན་རབས་རྣམས་དང་བློ་ནུས་འདྲ་བར་བྱས་ཤིང་སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་ཉིད་དུ་གྱུར་པ་དང་ལམ་གོང་མའི་ཚེ་ལྟ་བ་འཁོར་འདས་དབྱེར་མེད་དང་རྗེས་སུ་མཐུན་པའི་ཉམས་ལེན་དུ་འགྱུར་ལ། དེ་ལྟར་མཉམ་གཞག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དེའང་། ཐ་མལ་གྱི་སྣང་བ་ལྡོག་པའི་དོན་དུ་ལྷའི་རྣམ་པ་དང་། ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ལྷའི་ང་རྒྱལ་ལ་བསླབ་ཅིང་། ང་རྒྱལ་དེ་ཡང་བཟུང་འཛིན་གྱི་སྣང་བ་ལས་འདས་ཏེ་ཡང་དག་པའི་ཡེ་ཤེས་སུ་སྒྱུར་བའི་དོན་དུ་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་དགོས་སོ། །བླ་མེད་ཀྱི་ལུགས་འདིར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མི་གཤེགས་པས་མཐར་དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ལྡང་བས་ནི། འཕྱིས་ཉིན་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་ཐམས་ཅད་སྦྱོང་བ་དང་རང་བཞིན་ཆོས་སྐུའི་ངང་ནས་འགྲོ་དོན་མཛད་པ་མཚོན་ནོ། །དེ་ལྟར་བསྐྱེད་རིམ་དེ་ཉིད་ལམ་གྱི་གཙོ་བོ་ཡིན་ལ། དེས་སྐྱོན་ངག་གི་ཞེན་པ་ལྡོག་ཅིང་ལྷའི་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱའོ། །དེ་ཡང་ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་པའི་སྐྱོན་བཅུ་ནི། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་སོ། །གཞན་ལས་ནི་ངག་གི་དང་། གཟུགས་ཀྱི་དང་། རྣལ་འབྱོར་གྱི་དང་། རྡོ་རྗེའི་བཟླས་པ་དང་བཞི་བཤད་དེ། དང་པོ་ནི། སྤྲོ་བསྡུའམ་དམ་ཚིག་གི་དང་། ཁྱོགས་ཀྱི་དང་། ཁྲོ་བོའི་བཟླས་པའོ། །གཉིས་པ་ནི་ལྷའི་རྣམ་པ་དྲན་པས་སོ །གསུམ་པ་ནི། དེ་ཁོ་ན་ཉིད་ཙམ་སེམས་པས་སོ། །བཞི་པ་ནི། བརྗོད་པ་དང་ནི་དམིགས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་པ་ལྟར་རོ། །གྲངས་ཚད་ནི་སྤྱིར་བཏང་གཙོ་བོ་ལ་འབུམ་དང་འཁོར་ལ་ཁྲིར་བཤད་པ་མང་ཡང་། སྡོམ་འབྱུང་ལས། རྫོགས་ལྡན་དུས་ན་གཅིག་བཟླས་པ། །གསུམ་ལྡན་དུས་ན་ཉིས་འགྱུར་བཟླས། །གཉིས་ལྡན་དུས་ན་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླས། །སྔགས་ཀྱི་གྲངས་ནི་བཞི་པོ་ཡིས། །རྒྱུན་མི་ཆད་པར་གསང་སྔགས་བཟླ། །ཞེས་པ་ལྟར་དམིགས་གསལ་མེད་པ་རྣམས་ལ་དུས་འགྱུར་རྩིས་ནས་བཟླ་བའོ། །གཞན་ཡང་ལས་སྒྲུབ་ཅིང་བར་ཆད་ཞི་བའི་ཕྱིར་གཏོར་མ་དང་། ཟས་ཀྱི་བྱ་བ་བསོད་ནམས་ཀྱི་ཚོགས་སུ་བསྒྱུར་བའི་ཕྱིར་བཟའ་བའི་རྣལ་འབྱོར་དང་། སྤྱོད་པ་རྣམ་པར་དག་པའི་ཕྱིར་ཐུན་མཚམས་ཀྱི་རྣལ་འབྱོར་དང་། གཉིད་དགེ་བར་བསྒྱུར་བའི་ཕྱིར་ཉལ་ལྡང་གི་རྣལ་འབྱོར་ཏེ། དེ་རྣམས་ནི་མཉམ་བཞག་ལས་ལངས་པའི་དུས་ཀྱི་བྱ་བ་ཡིན་ཞིང་། དེར་མ་ཟད། རབ་གནས་དང་། སྦྱིན་སྲེག་དང་། ལས་ཚོགས་སྒྲུབ་པ་སོགས་གཙོ་བོར་ཕྱི་ལ་གཞོལ་བའི་གང་ཟག་གི་ཉམས་སུ་བླང་བྱའོ། །དེ་དག་གིས་བསྐྱེད་རིམ་གྱི་ལུས་བསྟན་ནས། ཡན་ལག་ནི། དམ་ཚིག་དང་། སྤྱོད་པ་ཡིན་ལ། དེ་ཡང་བསྐྱེད་རིམ་སྤྲོས་བཅས་མཐར་ཕྱིན་པ་ཞིག་གིས་ཚོགས་ཀྱིས་སྤྱོད་པའི་ཉེ་རྒྱུ་ལ་སྤྱད་ན་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་འདོད་པ་དང་གཟུགས་ཀྱི་རིག་པ་འཛིན་པ་མཆོག་གི་བར་དུ་འགྲོ་བར་འགྱུར་རོ། །གཉིས་པ་རྫོགས་རིམ་ནི། སྤྱིར་ཕ་རྒྱུད་དུ་རིམ་ལྔ། མ་རྒྱུད་དུ་ཕྱག་རྒྱ་བཞི། གཉིས་མེད་ཀྱི་རྒྱུད་དུ་ཡན་ལག་དྲུག་ཅེས་གྲགས་པ་ལས། དང་པོ་ནི། ངག་དབེན་རྡོ་རྗེའི་བཟླས་པས་རླུང་སྦྱངས་ཤིང་། སེམས་དབེན་གྱིས་སེམས་སྦྱངས་ནས། བདག་བྱིན་བརླབས་པའི་རིམ་པ་རླུང་སེམས་ཙམ་ལས་གྲུབ་པའི་མ་དག་པའི་རྒྱུ་ལུས་སྒོམ་ཞིང་། དེ་ཉིད་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་སྦྱངས་ནས། དེ་ལས་དག་པའི་སྒྱུ་ལུས་ཟུང་འཇུག་གི་སྐུར་མངོན་དུ་ལྡང་བ་སྟེ། ཧེ་རུ་ཀ་གལྤོ་ལས། རྡོ་རྗེ་བཟླས་དང་སེམས་ལ་དམིགས། །བདག་བྱིན་རློབས་དང་འོད་གསལ་དང་། །ཟུང་དུ་འཇུག་པ་འདི་ལྔ་ལ། །ཞེས་དང་། བཀའ་བརྒྱད་ཡོངས་རྫོགས་ལས་ཀྱང་། སྔགས་སེམས་སྒྱུ་ལུས་འོད་གསལ་དང་། །ཟུང་འཇུག་རྫོགས་རིམ་འབྲས་བུའོ། །ཞེས་གསུངས་ཤིང་། སྒྲུབ་སྡེའི་བདེ་གཤེགས་འདུས་པ་ལས་ནི། སྣང་བ་ལྷ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་ལྟ་སྒོམ་སྤྱོད་འབྲས་བཞིས་སྒོ་གསུམ་སྦྱངས་ནས། རྟེན་རྩ་དང་། བཅུད་ཐིག་ལེའི་རྫོགས་རིམ་སྟེ་ལྔ་ལ་རིམ་ལྔར་བཤད་པས་འདི་དང་སྒོམ་ཚུལ་རྣམ་པ་མི་འདྲའོ། །གཉིས་པ་ནི། རླུང་ལ་དབང་ཐོབ་པས་པདྨ་ཅན་སོགས་ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ། །སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས། ཕྱག་རྒྱ་ཆེན་པོ་འོད་གསལ་དང་ལྷན་ཅིག་སྐྱེས་སྦྱོར་རོ། །ཆོས་དྲུག་གི་དབང་དུ་བྱས་ན། རྨི་ལམ་སྒྱུ་ལུས་ཀྱི་ཡན་ལག །འཕོ་བ་དང་བར་དོ་གཉིས་ཕྱི་མའི་མཚམས་སྦྱོར་ཏེ། རྩ་བ་བཞི་ལས་ཡན་ལག་གསུམ་དུ་ཕྱེ་བའོ། །འདིར་དམ་རྒྱ་གཏུམ་མོ་ལ་བྱེད་པ་ན་རོ་པ་སོགས་ཀྱི་དགོངས་པ་སྟེ། མངའ་བདག་མཻ་ཏྲི་པ་འབྲས་བུ་ཟུང་འཇུག་ལ་དམ་རྒྱར་བཞེད་པ་ལྟར་ན་སོ་སྐྱེའི་གནས་སྐབས་སུ་མེད་པར་འདོད་དགོས་སོ། །གཞན་ཡང་མ་རྒྱུད་དུ་མཆོག་གི་དབྱིབས་སྔགས་ཆོས་གསུམ་དང་། བདག་བྱིན་བརླབ་པ། སྣ་ཚོགས་རྡོ་རྗེ། ནོར་བུ་འགེངས་པ། ཛ་ལནྡྷ་ར། བསམ་མི་ཁྱབ་ཀྱི་རིམ་ལྔ་དང་། དཔྱིད་ཐིག་ལ་སོགས་པའི་རྫོགས་རིམ་མཐའ་ཡས་སོ། །གསུམ་པ་ནི། ཉིན་མཚན་གྱི་རྣལ་འབྱོར་ལ་བརྟེན་ནས་ཤེས་པ་ཡུལ་ལ་འཇུག་པ་འགགས་པས་རྟགས་བཅུའི་སྟོང་གཟུགས་མངོན་དུ་གྱུར་པ་སོར་སྡུད། གསལ་ལ་ངོས་བཟུང་མེད་པའི་སྟོང་གཟུགས་ཀྱི་རང་ཞལ་རིག་པ་ཤེས་རབ་དང་། དེ་ལས་རྟགས་སྣང་རང་སེམས་སུ་མྱོང་བའི་རྟོག་པ་དང་། དེ་ཉིད་མཚན་མེད་དུ་རིག་པའི་དཔྱོད་པ་དང་། དེ་ལས་ལུས་སེམས་ལ་དགའ་བདེ་དང་། ཡུལ་རིག་འདྲེས་པའི་བདེ་བ་སྟེ་ཡན་ལག་ལྔ་དང་ལྡན་པའི་བསམ་གཏན། གཡས་གཡོན་དང་སྟེང་འོག་གི་རླུང་རོ་གཅིག་ཏུ་བསྲེ་བ་སྲོག་རྩོལ། འཁོར་ལོ་ལྔར་བུམ་ཅན་གྲུབ་ནས་རླུང་སེམས་དབུ་མའི་ཐིག་ལེར་ཐིམ་པར་བྱེད་པ་འཛིན་པ། ཕྱག་རྒྱ་གསུམ་གང་རུང་ལ་བརྟེན་ནས་བྱང་སེམས་འདུལ་སྦྱོང་གིས་དབང་པོའི་སྒོར་མི་འཛག་པ་རྗེས་དྲན། འཕོ་མེད་གསུམ་གྱིས་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་གྱིས་འགགས་པའི་དབྱེ་བས་མི་འགྱུར་བའི་བདེ་བའང་དེ་སྙེད་ཐོབ་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དུས་འཁོར་རྩ་རྒྱུད་དང་གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་དང་། ཀལྤོ་ལས་ཀྱང་། སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །ཞེས་སོ། །རྒྱུད་འདིར། འཁོར་འདས་ཐུན་མོང་འཆམ་དང་འདས། །འཇིག་རྟེན་པ་དང་འཁོར་ལོ་བསྐོར། །འཁོར་འདས་ཐུན་མོང་ལམ་བཤད་ན། །སྣང་བ་གསུམ་དུ་བསྟན་པའི་ལམ། །ཀུན་གཞི་ལུས་དང་ཕྱག་རྒྱ་ཆེ། །རྒྱུ་རྒྱུད་ཐབས་དང་འབྲས་བུའི་རྒྱུད། །ཅེས་སྣང་བ་གསུམ་དང་རྒྱུད་གསུམ་གྱི་དཀྲི་ཚུལ་སོགས་ལམ་འབྲས་ཀྱི་རྩ་ཐོ་ཡང་རྒྱས་པར་བཤད་ཅིང་། ཁྱད་པར་ཚངས་པའི་ཐོག་གི་ལམ་སྦྱང་བའི་ཐབས། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧཾ་གི་འབེན་ལ་བརྡེག །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བསྐྱར་བའི་སྦྱོར་བ་མེད་པའོ། །ཞེས་པ་འདིའང་ཁྲིད་ཡིག་རྣམས་སུ་བླ་མའི་གསུང་གིས་ཞེས་ལུང་ཁུངས་མ་སྨོས་ཀྱང་། རྒྱུད་འདིའི་བརྟག་པ་བཅུ་བཞི་པ་ནས་འབྱུང་བ་ཡིན་ནོ། །གཞན་ཡང་མ་མོའི་རྒྱུད་ལུང་དང་གླང་པོ་ཆེ་རབ་འབོགས་ཀྱི་བཀོལ་རྒྱུད་སོགས་ལས་ལམ་འབྲས་ཀྱི་གདམས་པའི་གནད་གསལ་བར་བཤད་པ་ལྟ་བུ་ནི་དགྱེས་རྡོར་རང་གི་རྒྱུད་དིང་སང་བོད་འདིར་གྲགས་པ་རྣམས་ཀྱི་དངོས་བསྟན་ལས་གསུངས་པ་མ་མཐོང་ངོ་། །ཁྱད་པར་ཐུན་མོང་མ་ཡིན་པ་སྔ་འགྱུར་ལ། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པས་ཤེས་རབ་རྣམ་པར་གྲོལ་བའི་ལམ་དང་། ཐབས་ཀྱི་ངེས་པའི་ལམ་གཉིས་ལས། དང་པོ་ནི། རྩ་རྒྱུད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་རྒྱུ་རྒྱུད་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ངོས་བཟུང་ནས། གཞི་དེ་ལྟར་ཡིན་པར་ཡིད་ཆེས་པར་བྱས་ལ་ཏིང་ངེ་འཛིན་གྱིས་བསྒྲུབས་པས། གཞི་ཇི་ལྟ་བ་བཞིན་མངོན་དུ་སྣང་བར་འགྱུར་རོ། །དེའི་ཐབས་ནི། ལམ་རིམ་ལས། རང་བཞིན་ཡེ་ཤེས་རང་གནས་དང་། །དེ་མཐོང་དེར་འཇུག་རྣལ་འབྱོར་བཞི། །བར་ཆད་མེད་སྒྲུབ་རྣམ་པར་སྨིན། །དབང་སྒྱུར་ཕྱག་རྒྱ་ལྷུན་གྲུབ་ལམ། །མངོན་བྱས་རིམ་པ་བརྗོད་པར་བྱ། །ཞེས་པས་གཞི་རྒྱུད་རང་གནས་ཀྱི་ཡེ་ཤེས་ཉིད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕེབས་པས། དེར་མཐོང་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། དེ་ལྟར་རྟོགས་ནས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ་སྟེ། སྒོ་གསུམ་གྱི་བྱ་བ་བཏང་ནས། འཇོག་ཐབས་གཉིས་གང་རུང་གིས་དོན་དམ་འོད་གསལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མཚན་མོའི་གཉིད་འཐུག་གི་འོད་གསལ་དང་སྦྲེལ་ཏེ། མཉམ་པར་འཇོག་པ་སྟོང་པ་ཆེན་པོའི་རྣལ་འབྱོར། འོད་གསལ་དེའི་ངང་དུ་སེམས་འགགས་པས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ན་ཉིན་དུས་སད་པའི་སྣང་བ་དང་མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་བ་ལས་དམིགས་མེད་བདེ་ཆེན་གྱི་སྙིང་རྗེ་མ་འགགས་པར་ཤར་བ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དང་། སྣང་བ་རིས་མེད་ལས་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱི་རྐྱེན་གྱིས་ཞུ་བདེ་དང་མཚུངས་ལྡན་དུ་བྱུང་བའི་བཅོས་མིན་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དང་། དེ་ལས་མཆེད་དེ་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷར་མངོན་སུམ་དུ་སྤྲོ་བ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས། ཉེ་རྒྱུའི་སྤྱོད་པ་གསུམ་གང་རུང་སྤྱད་པས་ཟག་མེད་རིག་པ་འཛིན་པའི་ལམ་ལ་སྦྱོར་བར་བྱེད་དོ། །གཉིས་པ་ནི། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་སྟེང་སྒོ་ཐུན་མོང་བ་དང་། སྙིང་ག་ལྟེ་མགྲིན་སྤྱི་བོའི་འཁོར་ལོ་བཞིར། ཀུན་ཏུ་བཟང་པོའི། ཀུན་ཏུ་བཟང་མོའམ་བདེ་ཆེན་ཐིག་ལེའི། སྦྱོང་བ་དག་པའི། ཁྱབ་བརྡལ་ཆེན་པོའི་མན་ངག་བཞི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས་འབྱུང་བ་ལྟར་བསྒོམས་པས། དྭངས་མའི་དྭངས་མ་རྣམས་འཁོར་ལོ་བཞིའི་ལྟེ་བའི་དྭངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་ཚུར་ཐིམ་པས། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་དང་དུ་མ་མེད་པའི་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་འོད་གསལ་གྱི་ངོ་བོར་འཆར་ཏེ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ཁྱད་པར་ཅན་ནོ། །འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ནི། མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་དགའ་བཞི་ལུགས་འབྱུང་ལྡོག་གིས་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་པའོ། །ལུང་ཨ་ནུ་ཡོ་ག་ལས། ཀུན་རྫོབ་བྱང་སེམས་ཀྱི་ཉམས་ལེན་སྟེང་འོག་གི་སྒོ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འདྲེན་པའི་ཐབས་རྒྱུད་དང་བབས་འདྲ་བ་ལས། ཐབས་ལམ་རང་གི་སེམས་བཅུ། སྐབས་བཅུ། དཔེ་བཏགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པར་སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལས་གསུངས་ཤིང་། དོན་དམ་བྱང་སེམས་ཀྱི་ཉམས་ལེན་རྟེན་ཅན་སྙིང་གའི་ཐིག་ལེ་ལ་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་ཐིམ་སྟེ་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་འཆར་བས་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་བྱེད་པ་དང་། རྟེན་མེད་མི་གཡོ་གསུམ་ལྡན་གྱིས་རྣམ་པར་མི་རྟོག་པའི་ངང་བསྐྱངས་པས། ཡུལ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་། ཡུལ་ཅན་ཆོས་སྐུ་གཞིའི་ཡེ་ཤེས་དབྱེར་མེད་པའི་རིག་པ་དབྱིངས་དང་ཡེ་ཤེས་ཟུང་འཇུག་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་རྟོགས་པའི་ཐབས་དོན་གྱི་རྗེས་སུ་འཇུག་པའི་རྣལ་འབྱོར་རྒྱས་པར་བཤད་པ་རྣམས་སོ། །ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཨ་ཏི་ཡོ་ག་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་དབང་བཞི་པའི་རྫོགས་རིམ་མཐར་ཐུག་པ་ཉིད་རྩལ་དུ་བཏོན་པས་སྐལ་ལྡན་ཤིན་ཏུ་དབང་རྣོན་གྱི་སྤྱོད་ཡུལ་ཏེ་འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་བསལ་བཞག་མེད་པར་སྐྱོང་བ་སེམས་སྡེ། རང་བྱུང་གི་ཡེ་ཤེས་དང་དེ་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་གཏན་ལ་ཕབ་ནས་ཆོས་ཉིད་དམིགས་མེད་བྱ་རྩོལ་དང་བྲལ་བའི་ངང་དུ་སྐྱོང་བ་ཀློང་སྡེ། ཁྱད་པར་མན་ངག་གི་སྡེ་ལ་ཕྱི་ནང་གསང་བ་ཡང་གསང་བཞི་ལས། འདིར་ཡང་གསང་བླ་མེད་ཀྱི་དབང་དུ་བྱས་ཏེ། སེམས་གཞི་མེད་རྩ་བྲལ་ཀ་དག་ཏུ་གཏན་ལ་ཕབ་ནས། སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོ་ཁྲེགས་གཅོད་ཀྱིས་ཉམས་སུ་ལེན་པ་དང་། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེ་ནས། རང་གནས་ཀྱི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཞལ་ལྟ་བ་ཐོད་བརྒལ་སྣང་བཞིའི་ལམ་བསྒོམས་པས། ཆོས་ཉིད་ཟད་པའི་ཚེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་དག་ནས་ཐོབ་པ་གསུམ་གྱི་གཟེར་ཐེབས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་མངོན་དུ་འགྱུར་བ་ཡིན་ནོ། །མདོར་ན་དེ་ཐམས་ཅད་ཀྱང་རྫོགས་རིམ་དངོས་དང་བཏགས་པ། མཚན་བཅས་དང་མཚན་མེད། ཁྱབ་བྱ་དང་ཁྱབ་བྱེད་རྣམས་དང་། དེ་ཡང་རང་བྱིན་བརླབས་ཀྱི་རིམ་པ་རྩ་རླུང་སེམས་གསུམ་ལ་བརྟེན་པ་དང་། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་བརྗོད་མིན་ལྷན་ཅིག་སྐྱེས་པའི་རིམ་པ་ཕྱག་རྫོགས་ཀྱི་རྣལ་འབྱོར་རྣམས་སུ་འདུ་བ་ཡིན་ནོ། །དེ་རྣམས་ཀྱིས་རྫོགས་རིམ་གྱི་ལུས་བསྟན་པ་སྟེ། གོ་བའི་ཆིངས་ཙམ་ལས་རྩ་རླུང་ཐིག་ལེའི་གནས་ལུགས་དང་ཉམས་སུ་ལེན་པའི་མན་ངག་གི་གནད་རྣམས་ནི་ཟབ་དོན་གསང་སྒྲོགས་སུ་འགྱུར་གྱི་དོགས་ནས་འདིར་ཞིབ་པར་མ་སྨོས་སོ། །ཡན་ལག་ལ་གཉིས་ལས། དམ་ཚིག་ནི། ཁྱོད་ཀྱི་སྲོག་ཆགས་བསད་པར་བྱ། །ཞེས་སོགས་དགོངས་ཏེ་གསུངས་པ་དང་། མེད་པ་དང་། ཕྱལ་བ་སོགས་ལྟ་བའི་དམ་ཚིག་དང་། བཟའ་བའི་དམ་ཚིག་ལ་སོགས་པའོ། །སྤྱོད་པ་ནི། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དམ། ཡང་ན་གཉིས་སྤངས་དང་། ཀུན་བཟང་དང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སོགས་མིང་དང་དབྱེ་སྒོ་མང་ཡང་དོན་འདྲའོ། །དེ་ལྟར་སྡོམ་པ་འཛིན་ཚུལ་དང་། ཐོབ་ཚུལ་དང་། ལམ་སྒོམ་ཚུལ་གསུམ་གྱི་སྒོ་ནས་སོ་སོའི་དབྱེ་བ་ཕྱེད་པའི་ཕྱིར། རྒྱུད་སྡེ་བཞི་རང་རང་གི་སྨིན་གྲོལ་གྱིས་ལམ་ལ་ཇི་ལྟར་དཀྲི་བའི་ཁོག་མདོ་ཙམ་འཕྲོས་དོན་དུ་བཀོད་ནས། ད་ནི་གཞུང་གི་དཀྱུས་ཉིད་ལ་འཇུག་པར་བྱའོ། །དེ་ཡང་འདིར་ནི་རྣལ་འབྱོར་བླ་མེད་ཀྱི་རྣམ་བཞག་ཉིད་སྟོན་ཏེ། འཆད་པ་ལས་ཤེས་པར་འགྱུར་བ་ཡིན་ནོ། །གཉིས་པ་རྒྱས་བཤད་སྔགས་སྡོམ་ཐོབ་བྱེད་དབང་བསྐུར་གྱི་ཆོ་ག་ལ། གང་དུ་བསྐུར་བའི་དཀྱིལ་འཁོར། གང་བསྐུར་བྱ་དབང་བཞིའི་རྣམ་བཞག །དེ་ལྟར་བསྐུར་བའི་བྲལ་ཐོབ་ཀྱི་ཡོན་ཏན། སྔགས་སྡོམ་ཐོབ་མཚམས་ངོས་བཟུང་བ། དམ་ཚིག་ཁས་བླང་པ་སོགས་རྗེས་ཀྱི་བྱ་བའོ། །དང་པོ་ནི། རྡུལ་ཚོན་དང་ནི་དེ་བཞིན་བྷ་ག་དང་། །ཀུན་རྫོབ་དོན་དམ་བྱང་སེམས་དཀྱིལ་འཁོར་བཞིར། །ཞེས་པ་སྟེ། དེ་ལ་མཎྜ་ལའི་སྒྲ་ལས། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའམ་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་ཅིང་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །དབྱེ་ན། རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞི་དང་། དེ་ལས་སྐབས་དོན་དིང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་རོ། །དང་པོ་ལ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བཞི་ལས། དང་པོ་གསུམ་ནི་རིམ་པར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་། མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པས། སློབ་མ་ས་མཐའི་བྱང་སེམས་དང་། མཐོང་སྒོམ་དང་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་རྣམས་ལ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དུ་སྒྱུ་འཕྲུལ་རྡོ་རྗེ་ལས་བཤད་པས་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། དེ་ལས་འདིར་སྤྲུལ་པའི་དཀྱིལ་འཁོར་ལ་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་པ་ནི་སྒྱུ་འཕྲུལ་བའི་རང་སྐད་དེ། རྡོ་རྗེ་ལས་རིམ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ཡན་ཆད་ཀྱི་སློབ་དཔོན་མཚན་ཉིད་དང་ལྡན་པས། སྐལ་ལྡན་གྱི་སློབ་མ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ལ། དེ་ལའང་གདུལ་བྱའི་དབྱེ་བས། སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་ལ་བརྟེན་ནས་བསྐུར་རུང་བ་ཡོད་དེ། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆོག་རྩ་བར། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡི། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་སོ། །དེ་ལས་ཀྱང་བློ་ཆེ་བའི་སྐལ་ལྡན་ཁ་ཅིག་ཐོག་མ་ནས་སློབ་དཔོན་གྱི་ལུས་དཀྱིལ་དུ་འཇུག་རུང་བའང་ཡོད་དེ། ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་གང་ཟག་མཁས་པ་དེས་ཕྱི་དཀྱིལ་བསྟེན་དགོས་པའི་ངེས་པ་མེད་པའི་ཕྱིར། དེ་ལྟར་ཡང་སློབ་དཔོན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས། དེ་ལྟ་བུའི་མཁས་པ་དེས་བསྒྲུབ་བྱའི་ཡུལ་ནི། དེ་ལས། འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་པའི་ཕྱིར་དང་། དོང་སྤྲུགས་ཀྱི་འཇུག་པའི་མེ་ཏོག་དོར་བའི་སྐབས་སུའང་། །སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་གསུངས་པས་སོ། །དེའང་སྤྱིར་གང་ཟག་གི་ཁྱད་པར་གྱིས་ལྟོས་ས་གཉིས་ལ་ལྟོས་ནས་འཇུག་ཚུལ་གཉིས་སུ་འགྱུར་ཏེ། རྐྱེན་སད་ཚུལ་ལ་ལྟོས་ནས་གང་ལ་མོས་པ་དེར་ཐོག་མ་ནས་འཇུག་རུང་བ་ཡིན་ཅིང་། ཞུགས་ནས་དེ་དང་མཐུན་པའི་ལམ་སྒོམ་པ་དང་། རྒྱུད་སྨིན་ཚུལ་ལ་ལྟོས་ནས་གང་ཟག་ཐམས་ཅད་རིམ་གྱིས་པ་ཡིན་ལ། དེ་ཡང་ཚེ་འདི་ཁོ་ན་ལ་བརྩེག་དགོས་པའི་ངེས་པ་མི་སྣང་ཡང་། འདིར་སྐལ་དམན་རིམ་འཇུག་གི་གང་ཟག་སྔར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་དུ་མཛད་ནས། ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བར་བཞེད་དོ། །དེ་ལ་རས་བྲིས་སུ་སྨིན་བྱེད་ཀྱི་དབང་བསྐུར་རུང་བའི་ཁུངས་ནི། མི་གཡོ་བླ་མེད་ཀྱི་རྒྱུད་ལས། ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་བྲིས་ཚུལ་དུ་བྲི་བར་བྱ། །དཀྱིལ་འཁོར་སྔར་བཞིན་བྲིས་བྱས་ནས། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེས་སོགས་རས་བྲིས་ཀྱི་དཀྱིལ་འཁོར་བཤད་ནས། དེ་དང་འབྲེལ་བ་ཉིད་དུ་སློབ་མ་དབང་བསྐུར་གྱི་ཆོ་ག་རྒྱས་པར་གསུངས་པའི་ཕྱིར་དང་། སློབ་དཔོན་ཛ་ཡ་སེ་ནས་ཀྱང་། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་བྲི། ཞེས་སོ། །གཉིས་པ་སྐབས་དོན་དིང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་པའི་དཀྱིལ་འཁོར་ནི། དབང་བཞི་ལ་ལྟོས་ནས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞི་སྟེ། བུམ་དབང་ལ་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་ནམ། དེའི་ཟླས་དྲངས་པའི་ཆུ་ཚོན་རས་བྲིས་དཀྱིལ་འཁོར། མཆོག་དབང་གསུམ་ལ་སྤྱིར་བདག་གི་དེ་ཁོ་ན་ཉིད་ནང་ལུས་རྩའི་དཀྱིལ་འཁོར་དང་། ཁྱད་པར་གསང་དབང་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར། ཤེར་དབང་ལ་ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། དབང་བཞི་པ་ལ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རོ། །དེ་ལྟར་ཡང་དྲིལ་བུ་པས། རི་མོར་གནས་པའི་ལས་དང་ནི། །ཐིག་དང་ཚོན་དགྱེའི་རིམ་པ་བསྟན། །ཞེས་དང་། གསང་འདུས་ལས། བྷ་ག་དཀྱིལ་འཁོར་ཞེས་བྱར་བཤད། །བྱང་ཆུབ་སེམས་ཀྱང་དཀྱིལ་འཁོར་ཉིད། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །དཀྱིལ་འཁོར་གསུམ་དུ་གསུངས་པ་ཡིན། །ཞེས་དང་། གསང་བའི་དབང་པོ་ཐིག་ལེའི་རྒྱུད་ལས། ཡན་ལག་ཀུན་གྱི་སྒོམ་ལས་འདས། །རྟོག་པས་བརྟགས་པ་རྣམ་པར་སྤངས། །ཐིག་ལེ་ཡི་གེའི་ཆ་ལས་འདས། །དེ་ནི་དཀྱིལ་འཁོར་བླ་ན་མེད། །ཅེས་དང་། དགྱེས་རྡོར་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ། །དེ་ལྟར་དཀྱིལ་འཁོར་བཞི་ལས། ཕྱི་མ་གསུམ་ནི་མཆོག་དབང་གསུམ་གང་དུ་བསྐུར་བའི་དཀྱིལ་འཁོར་ཡིན་ཀྱང་། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་སྔོན་ལ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བར་གསུངས་པའི་གང་དུ་གཞུག་བྱའི་དཀྱིལ་འཁོར་ནི་དང་པོ་ཉིད་གཙོ་ཆེའོ། །གཉིས་པ་གང་བསྐུར་བྱ་དབང་བཞིའི་རྣམ་གཞག་ནི། བུམ་པ་གསང་བ་ཤེས་རབ་བཞི་པའི་དབང་། །མཚན་ཉིད་ལྡན་པའི་སློབ་བུར་རིམ་པར་བསྐུར། །ཞེས་པའི་དོན་ལ་ལྔ་སྟེ། དབང་བསྐུར་བའི་དགོས་པ། དབང་གི་ངོ་བོ། སྒྲ་དོན། དབྱེ་བ། བསྐུར་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་སྣོད་རུང་དུ་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། བྱ་བྱེད་ལས་གསུམ་གྱིས་ཤེས་པར་བྱ་བ་སྟེ། བྱེད་པ་པོ་རྡོ་རྗེ་སློབ་དཔོན་གྱིས། ལས་ནི་རྒྱུད་སྦྱངས་པའི་སློབ་བུ་སྣོད་ལྡན་ལ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་འཛོམ་པའི་ཆོ་ག་ཁྱད་པར་ཅན་གྱིས། བྱ་བ་སློབ་བུའི་རྒྱུད་བྱིན་གྱིས་བརླབས་པའི་ཁྱད་པར་ལས་སེམས་རྒྱུད་ལ་གནས་པའི་རང་སྐལ་གྱི་དྲི་མ་ཅི་རིགས་དག་པའམ་ཉམས་སྨད་པར་བྱས་ཤིང་། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས། ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་གང་ཡིན་པའོ། །དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །གལ་ཏེ་དབང་དུས་དེར་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་། དབང་གིས་སྨིན་པའི་ཚད་དུ་འགྲོ་བའི་འཐད་པ་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་ཕྱིར་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་ཕར་ཕྱིན་ཐེག་པར་རྟེན་དེ་ཉིད་ལ་མཐོང་སྤང་སྤང་རུང་དང་། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་འཇོག་པ་ལྟར། སྔགས་བླ་མེད་ཀྱི་ཐེག་པ་འདིར་ཞུགས་ནས་བར་ཆད་མེད་པར་བསྒྲུབས་པའི་དབང་དུ་བྱས་ན། ཚེ་འདི་ཉིད་ལ་སྤང་བྱ་སྤང་རུང་དང་ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་གི་ནུས་པ་ཐོབ་པའི་ཕྱིར། དེས་ན་དབང་ཐོབ་པ་ཉིད་རྒྱུད་སྨིན་པའི་ཚད་དེ། ཆུ་ལུད་དྲོད་གཤེར་འཛོམ་དུས་ཞིང་ལ་ས་བོན་ཐེབས་པ་བཞིན་ནོ། །གསུམ་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས། མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་གཏོར་ཞིང་། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་འཇོག་པའི་ཕྱིར་ཏེ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །བཞི་པ་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས། རྒྱུ་དུས་ཀྱི་དབང་ནི་དང་པོར་བླ་མ་ལས་དངོས་སུ་བླང་དགོས་ཏེ། དེ་སྨིན་བྱེད་ཀྱི་དབང་གང་ཞིག །དེ་ཡིན་ན་ལམ་སྒོམ་པའི་སྔོན་དུ་ཐོབ་དགོས་པའི་ཕྱིར་རོ། །ལམ་དུས་ཀྱི་དབང་ནི། ཕྱིས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ། སྔར་རྒྱུད་སྨིན་ཟིན་པའི་དབང་གི་རྒྱུན་དེ་ཉིད་གོང་འཕེལ་དུ་བྱེད་པའི་དབང་ཡིན་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་ཏེ། དེས་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཀྱི་དབང་ཡིན་པའི་ཕྱིར། རྒྱུ་དུས་ཀྱི་དབང་ལའང་བཞིར་ངེས་པ་ཡིན་ཏེ། སྦྱང་བྱ་དྲི་མ་བཞི་དང་། སྦྱོང་བྱེད་བསྐྱེད་རྫོགས་བཞི་དང་། སྦྱངས་འབྲས་སྐུ་བཞིར་ངེས་པའི་ཕྱིར། གང་དག་ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་དགོངས་པ་ཅན་གྱི་གསུང་སྒྲ་ཇི་བཞིན་པར་བཟུང་ནས་རབ་བྱུང་ལ་དབང་དེ་དང་དེ་མི་བསྐུར་ཟེར་བ་མི་རིགས་ཏེ། རབ་བྱུང་ཐམས་ཅད་བླ་མེད་ཟབ་ལམ་གྱི་སྣོད་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེའང་འདོད་ན། དུས་འཁོར་ལས་སྔགས་ཀྱི་རྟེན་མཆོག་དགེ་སློང་ཡིན་པར་གསུངས་པ་དང་འགལ་ལོ། །ལྔ་པ་བསྐུར་ཚུལ་ལ། གང་གིས་བསྐུར་བའི་སློབ་དཔོན། གང་ལ་བསྐུར་བའི་སློབ་མ། ཇི་ལྟར་བསྐུར་བའི་ཆོ་གའོ། །དང་པོ་ནི། སྤྱི་མདོ་ལས། སློབ་དཔོན་མཚན་ཉིད་བརྟག་པ་ནི། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་བྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་སོ། །དེ་ཉིད་བཅུ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་བྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་ནང་དང་ཕྱིའི་དེ་ཉིད་བཅུ་གསུངས་པ་བླ་མེད་དང་རྒྱུད་སྡེ་འོག་མའི་སློབ་དཔོན་གྱིས་ཤེས་དགོས་པ་ལ་སྦྱར་རོ། །ཁྱད་པར་རྔམ་གློག་ལས། དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་རབ་ཏུ་རྫོགས་པ་གཅེས། །ཞེས་མཚན་དུས་གྲངས་གསུམ་གང་རུང་གི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་སྔོན་དུ་སོང་བའི་སློབ་དཔོན་ལ་སློབ་བུས་གསོལ་བ་འདེབས་ན་སྣོད་བརྟགས་ཏེ་རུང་ན་གེགས་སྦྱང་ཞིང་བསྲུང་བ་བྱས་ལ། རྒྱུད་སྦྱོང་བའི་མན་ངག་ཀྱང་བསྟན་ནས། རང་ཉིད་ལྷ་ལ་གནང་བ་ཞུ་བའི་དོན་དུ་བསྙེན་པ་ཁ་གསོ་བ་ལ་འཇུག་སྟེ། འདི་ནི་གཞན་དོན་གཉེར་བའི་སློབ་དཔོན་གྱིས་འདའ་མི་རུང་བའི་དམ་ཚིག་གོ། །གཉིས་པ་ནི། དད་བརྩོན་ཤེས་རབ་གཏོང་ཕོད་ཆེ་ཞིང་སྒོམ་སྒྲུབ་དང་དམ་ཚིག་ལ་ཡིད་བརྟོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་དང་། མན་ངག་གསང་བ་ལས། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །ཅེས་སོ། །གསུམ་པ་ནི། ཧེ་རུ་ཀ་འདུས་པའི་རྒྱུད་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་པ་ལྟར། ནུབ་དང་པོ་སའི་ཆོ་ག །གཉིས་པ་སྟ་གོན། གསུམ་པ་དངོས་གཞིའི་ཆོ་གའོ། །དང་པོ་ལ་བཞི་ལས། བརྟག་པ་ནི། སྤྱིར་གནམ་ས་བར་གསུམ་གྱི་དཔྱད་དེ་སའི་གཞི་ལ་བརྟག་པ་དང་། བྱེ་བྲག་ལྟོ་འཕྱེའི་ལྟོ་བའི་ཐད་ནས་བརྐོས་ལ་ཟུག་རྔུ་བསལ་བ་སོགས་ཀྱིས་ས་རང་གི་མཚན་ཉིད་ལ་བརྟག་པའོ། །བསླང་བ་ནི། བརྟགས་པས་རུང་བར་མཐོང་ན་སྣང་བ་དང་མི་སྣང་བའི་ས་བདག་ལ་རིན་འཇལ་ཞིང་བདེན་པ་བརྗོད་པས་བསླང་ངོ་། །སྦྱང་བ་ནི། རྡོ་རྗེ་ལས་རིམ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། །ཞེས་སོ། །བཟུང་བ་ནི། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། ཕྱོགས་བཞིའི་སློབ་མའི་གསོལ་གདབ་དང་། སློབ་དཔོན་གྱིས་མཁའ་ཁྱབ་ཏུ་སད་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཞིང་བསྡུས་ནས། ཁྲོ་བོའི་སྙེམས་པས་བགེགས་ལ་བཀའ་བསྒོ་ཞིང་འབར་བའི་སྤྱན་དང་རྡོ་རྗེེའི་འགྲོས་ཀྱིས་བསྐྲད་དེ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པའོ། །བསྲུང་བ་ནི། རྔམ་གློག་ལས། སེང་ལྡེང་ཕུར་བུ་སོར་བརྒྱད་པ། །ཁྲོ་བོར་བྱིན་བརླབས་གདབ་པར་བྱ། །ཞེས་པས་ཁྲོ་བཅུའི་ཕུར་བུ་ཕྱོགས་མཚམས་བརྒྱད་དང་། སྟེང་འོག་གཉིས་ཤར་གྱི་ཤར་དང་ནུབ་ཀྱི་ནུབ་ཏུ་གདབ་པའོ། །དེ་ལ་དཀྱིལ་འཁོར་ཁང་པ་རྙིང་པར་རྡུལ་ཚོན་ལ་བརྟེན་པའི་ཕྱོགས་ལའང་ས་ཆོག་མེད་པས་ཆོག་མོད། གནས་ཁང་གསར་པར་ནི་རས་བྲིས་ལའང་ས་ཆོག་བྱས་ན་ལེགས་ཏེ། ས་ཆོག་ནི་ས་གཞི་ལ་དཀྱིལ་འཁོར་བྲི་བ་ཁོ་ནའི་ཆེད་མ་ཡིན་གྱི། ཕྱི་ནང་གི་བདུད་དང་བར་ཆད་གཞོམ་པའི་ཆེད་ཡིན་པའི་ཕྱིར། དེས་ན་རས་བྲིས་ཀྱི་ཕྱོགས་ལ་ས་ཆོག་མཐའ་གཅིག་ཏུ་མི་དགོས་པར་འདོད་པ་ལ་སྙིང་པོ་མེད་དོ། །གཉིས་པ་ལ་ལྷ་བུམ་སློབ་མའི་སྟ་གོན་གསུམ་ལས། ལྷ་སྟ་གོན་ནི། ལྷ་གནས་སོ་སོར་དྲིའི་ཐིག་ལེ་ཚོམ་བུ་དང་བཅས་པ་བཀོད་ལ་ལྷར་བསྐྱེད་བསྟིམ་མཆོད་བསྟོད་དང་སྙན་གསན་དབབ་སྟེ་ནམ་མཁར་བཏེག་ནས་བཞུགས་སུ་གསོལ་བའོ། །འདི་ནི་རྡུལ་ཚོན་དུ་མ་ཟད་རས་བྲིས་ཀྱི་ཕྱོགས་ལའང་འགྲུབ་ན་ལེགས་ཏེ། སྙན་གསན་དབབ་པ་ནི་དཀྱིལ་འཁོར་བྲི་བ་ཁོ་ནར་མ་ཟད་སྒྲུབ་པའི་ཕྱིར་ཡང་ཡིན་པས་སོ། །དེ་ལྟར་གྱི་ཚེ་མཎྜལ་ལྟ་བུར་ཚོམ་བུ་འགོད་པའི་ཕྱག་བཞེས་ལ་འབྲེལ་མེད་ཆེན་པོའོ་ཞེས་གསུངས་པའང་དོན་གྱི་གནད་འདི་མ་རྟོགས་པས་ནོངས་པ་ཡིན་ནོ། །བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྷ་གྲངས་དང་མཉམ་པའམ་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བསྡུས་ཀྱང་རུང་སྟེ། ཆས་སུ་བཅུག་ལ་བུམ་རྫས་དང་དྲིའི་ཆུས་བཀང་བ་བཀོད་ནས། རང་རང་གི་ལྷའམ་རྣམ་རྒྱལ་དུ་དཀྱིལ་འཁོར་ཡོངས་རྫོགས་དང་། ལས་བུམ་དུ་ལས་ཀྱི་ལྷ་གང་ཡིན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱས་མཐར་འོད་ཞུ་བྱ་བའོ། །འདིར་བླ་མེད་སྤྱིའི་དབང་དུ་བྱས་ལ། གཞན་དུ་སྔ་འགྱུར་གྱིས་མདོ་སྒྱུ་ལ་སོགས་པར་ལས་བུམ་ནི་རྡོར་དྲིལ། ཐོད་ཆུ། ཐིག་ཚོན་དང་བཅས་ཏེ་ཡན་ལག་རབ་གནས་ཀྱི་ཆོ་ག་ཟུར་དུ་མཛད་དོ། །སློབ་མ་སྟ་གོན་ནི། ཡོལ་བའི་ཕྱི་རོལ་དུ་སློབ་བུས་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ལ། སྤྲོ་བ་བསྐྱེད་ཅིང་ཉན་པར་བསྐུལ་ནས། ཇི་ལྟར་རིགས་པའི་སྡོམ་པ་བཟུང་བ་རྣམས་ལྷར་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་མཆོད། དེ་ནས་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་ཕྱིར་སོ་ཤིང་དོར་བ་དང་། རྨི་ལམ་བརྟག་པ་གཉིས་ལས། ཕྱི་མའི་སྔོན་འགྲོར་ཁྱོར་ཆུ། བསྲུང་སྐུད། ཀུ་ཤའི་སྔས་སྟན་རྣམས་བྱིན་ལ། མི་ལྡོག་པའི་དོན་དུ་ཆོས་ཀྱང་བཤད་ནས། དངོས་གཞི་རྨི་ལམ་བརྟགས་ལ་ངན་ན་ནང་པར་བཟློག་པའི་ཆོ་ག་བྱ་བ་རྣམས་སོ། །གསུམ་པ་ལ། དཀྱིལ་འཁོར་བྲི་བ། རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། དེར་འཇུག་པ། དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། ཐིག་གིས་བྲི་བ་ནི། སྲད་བུ་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆ་དང་ལྡན་པ་གཉིས་ཡེ་ཤེས་དང་ལས་ཀྱི་ཐིག་སྐུད་དུ་བྱིན་གྱིས་བརླབས་ལ། ཐིག་གཡོག་ཡུམ་དུ་གསལ་བ་ལ་གཏད་ནས། ཐིག་ཆེན་བརྒྱད་བསྐོར་འདུག་གི་ཕྱོགས་མ་འཁྲུལ་བས་སྟེང་གི་ནམ་མཁར་ཡེ་ཐིག་གདབ། དེ་བཞིན་དུ་ས་ལ་ལས་ཐིག་ཆ་དབྱེ་བ་ཟླུམ་བསྐོར་ཕྱི་ནང་དང་བཅས་པ་ཆོ་ག་བཞིན་དུ་བྲིའོ། །ཚོན་གྱིས་བྲི་བ་ནི། རྡུལ་ཚོན་དང་ལག་པ་བྱིན་གྱིས་བརླབས་ཏེ་ཐོག་མར་དབུས་ཀྱི་ཕུར་ཁུང་དགང་། དེ་ནས་དབང་ལྡན་ནས་བརྩམས་ཏེ་རྩིག་པ་སྒོ་ཚད་གཅིག་ཙམ་བྲིས་པ་འཕྱིས་སྦྲེལ་བའི་ཚེ་པྲ་བརྟག་པའི་ཕྱིར་སྦས་ཏེ། ཐིག་ཇི་ལྟར་བཏབ་པའི་གཞི་ལ་ཚོན་རིམ་པར་བཀྱེ་ཞིང་། ལྷ་གནས་རྣམས་སུ་རང་རང་གི་གདན་ལ་སོ་སོའི་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ནམ་རང་མདོག་དང་མཚུངས་པའི་ཐིག་ལེ་གང་རུང་། ཡང་ན་རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་པའི་རིམ་པ་ལྟར་བྲིས་འབུར་གང་རིགས་འཇོག་པའམ་ཚོན་གྱིས་བྲི་བར་བྱའོ། །གཉིས་པ་ནི། དཀྱིལ་འཁོར་རྒྱན་གྱིས་ལེགས་པར་བརྒྱན་ལ་དབང་རྫས་དང་མཆོད་རྫས་རྣམས་ཚུལ་བཞིན་དུ་བཤམ་པའོ། །གསུམ་པ་ལ། སྦྱོར་བ་དཀྱིལ་འཁོར་རབ་གནས་དང་། སྒྲུབ་མཆོད་དངོས་གཉིས་ལས། དང་པོ་ནི། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་པ་ལྟར་རྡུལ་ཚོན་དུ་མ་ཟད། རས་བྲིས་ཀྱི་ཕྱོག་ལའང་དཀྱིལ་འཁོར་གསར་པ་ཡིན་ན་རབ་གནས་བྱ་དགོས་སོ། །གཉིས་པ་ལ། བདག་མདུན་ཐ་དད་པའི་སྒྲུབ་ཚུལ་དང་། ཐ་མི་དད་པའི་སྒྲུབ་ཚུལ་གཉིས་ལས། དང་པོ་ནི། བདག་མདུན་སོ་སོར་བསྒོམས་ནས་མི་བསྲེ་བར་ཐ་དད་དུ་སྒྲུབ་པ། གཉིས་པ་ལ། ཐོག་མར་བདག་མདུན་སོ་སོར་བསྒོམས་པ་བསྲེས་ནས་བུམ་པ་སྒྲུབ་པ་དང་། ཐོག་མ་ནས་བདག་མདུན་བུམ་གསུམ་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་ཏེ་བསྒོམས་ལ། བཟླས་པའི་ཚེ་ཛཔ྄་ཁང་དབྱེ་བའི་ཆོ་གས་སོ་སོར་ཕྱེ་ནས་བཟླ་ཞིང་། ཁྱད་པར་བུམ་པ་ལ་གཟུངས་ཐག་གཏད་དེ་བཟླས་མཐར་འོད་ཞུ་བྱ་བ་ཡིན་ནོ། །ཡང་བདག་མདུན་སོ་སོར་བསྲེ་བའི་ཕྱོགས་ལ་བདུན་བསྲེས་དང་དྲུག་བསྲེས་སོགས་ཀྱི་ཐ་སྙད་འབྱུང་མོད། རང་ལུགས་སྔ་འགྱུར་བའི་ཕྱོགས་ལ་ཐོག་མ་ནས་ཐ་མི་དད་དུ་སྒོམ་པ་ལ་ཕྱག་ལེན་མཛད་པ་གཙོ་ཆེ་ཞིང་། དཀྱིལ་འཁོར་གསར་པ་ཡིན་ན་རབ་གནས་ཀྱི་ཚེའམ། རས་བྲིས་རྙིང་པ་ལྟ་བུ་རབ་གནས་མི་དགོས་པའི་ཕྱོགས་ལ་དངོས་གཞིའི་ཉིན་དང་པོའི་དུས་སུ། ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་ལ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྔར་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེག་པ་གཉིས་བསྟིམ་ནས་གསུམ་བསྲེས་ཀྱི་ཐ་སྙད་མཛད་དེ། སྤྱི་མདོའི་འགྲེལ་པ་ལུང་བསྟན་མ་ལས། དེ་ནས་ལེའུ་བཅུ་གཉིས་པ་ཚོགས་ཆེན་འདུས་པའི་ལུགས་ཀྱི་དཀྱིལ་འཁོར་བྲི་བ་དང་། རྒྱན་དགྲམ་པ་དང་། སྔོན་དུ་འགྲོ་བ་བྱས་ལ། དཀྱིལ་འཁོར་གསུམ་བསྲེ་བ་དང་། མཆོད་པ་ལ་སོགས་པ་བྱའོ། །ཞེས་གསུངས་པའི་དོན་ནོ། །གང་ལྟར་ཡང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྣང་ངོ་དེར་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་ནུབ་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་འཆར་ཞིང་ཞེན་པས་མ་བསླད་པར་སློབ་པའི་གནད་ཀྱིས་ཏིང་ངེ་འཛིན་བསྒོམས་ལ། མཆོད་པ་དང་བསྟོད་པ་སོགས་ཅི་རིགས་པར་བྱ་བ་སྟེ། དེ་དག་ནི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །བཞི་པ་ལ། སློབ་དཔོན་དང་། སློབ་མ་གཉིས་ལས། དང་པོ་ནི། ཧེ་རུ་ཀ་འདུས་པ་ལས། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་པས་སློབ་མ་ཇི་ལྟར་འཇུག་པའི་ཆོ་གས་བདག་ཉིད་ཞུགས་ཏེ་དབང་བླང་བའམ། ཡང་ན་གསང་སྙིང་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་པ་ལྟར་རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་གྱིས་རིག་པའི་མེ་ཏོག་དོར་བས་ཀྱང་བདག་ཉིད་འཇུག་པའི་གོ་ཆོད་དོ། །གཉིས་པ་ནི། དེ་ལས། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པའི་དོན་ལ་གཉིས་ཏེ། ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའོ། །དང་པོ་ནི། སློབ་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ་ཡོལ་བའི་ཕྱི་རོལ་དུ་ཁྲུས་བྱས། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གདོང་གཡོགས་ཏེ་མེ་ཏོག་གི་ཕྲེང་བ་ཐོགས་ལ་གསོལ་བ་གདབ། འདོད་དོན་དྲི་ཞིང་ལན་གསོལ། ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བྱིན་ཏེ། བདེན་གཉིས་ཟུང་འཇུག་གི་སེམས་བསྐྱེད་ཅིང་བརྟན་པར་བྱས་ནས། དཀྱིལ་འཁོར་ཁང་པའམ་ཡོལ་བའི་ནང་དུ་དྲང་བའི་ཚེ་སྔགས་རྒྱས་སྒོ་བཞི་ཕྱེ་ནས་ལས་ཀྱི་རྡོ་རྗེེས་ཁྲིད་དེ་ཚད་མེད་བཞིའི་འཇུག་པས་ཞུས་ལ་ཕྱག་བྱ་བ་རྣམས་སོ། །གཉིས་པ་ནི། སྦྱོར་བ་དམ་ལ་བཞག་པ་བཞིས་རྒྱུད་བསྡམས་ནས། དངོས་གཞི་ཡེ་ཤེས་དབབ་པས་བདེ་སྟོང་གི་ཡེ་ཤེས་དངོས་སམ་སྣེ་ཅུང་ཟད་རྙེད་པ་དེ་ཉིད་བརྟན་པར་བྱ་ཞིང་། དེ་ནས་ལྷག་པའི་ལྷ་ངོས་འཛིན་པའི་ཕྱིར་མེ་ཏོག་དོར་བ་དེ་ཉིད་མགོ་བོར་བཅིངས་པས་རིགས་ཀྱི་ལྷ་ལ་གཏད་དེ། མིག་ཕྱེ་ནས་དཀྱིལ་འཁོར་བསྟན་པར་བྱའོ། །དེ་དག་ནི་འཇུག་པའི་ཆོས་ཏེ། ལྷ་དང་སྐལ་བ་མཉམ་པར་བྱས་པའོ། །དེ་ལྟར་ཡང་མཉམ་སྦྱོར་ལས། འཁོར་ལོ་སྔོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །འཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །གལ་ཏེ་དམ་ཚིག་དང་སྡོམ་པ་མི་འཛིན་པ་སོགས་ཀྱིས་དབང་བསྐུར་དུ་མི་རུང་བའི་གང་ཟག་ཡིན་ནའང་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱ་བར་གནང་སྟེ། རྩེ་མོ་ལས། གལ་ཏེ་དེ་ནི་སྣོད་མིན་ན། །དེ་ལ་གཞུག་པ་བྱིན་པར་བྱ། །ཞེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ་། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟག་པར་མི་བྱ་སྟེ། གཞུག་པ་ཙམ་ལ་མངོན་པར་ཞེན་པས་ཡོངས་སུ་བཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་པ་མང་དུ་ཟིན་ཀྱང་མཐོང་བ་ཙམ་གྱིས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པའོ། །དང་པོ་ནི། ཞུགས་པའི་དཀྱིལ་འཁོར་དེར་དབང་བསྐུར་བར་མཎྜལ་སྔོན་འགྲོས་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ལ་སློབ་བུ་བཀོད་དེ། གང་གིས་བསྐུར་ན། སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷ་དང་། དེ་ལས་སྤྲུལ་པའི་ལྷ་དང་། རང་བཞིན་གྱི་གནས་ནས་སྤྱན་དྲངས་པའི་ལྷ་སྟེ། དེ་ཐམས་ཅད་ཀྱང་གདན་གསུམ་ཚང་བའི་རྣམ་པར་བཞུགས་པ་རྣམས་ཀྱིས་སོ། །གང་ལ་བསྐུར་ན། སློབ་མའང་དབང་རྫས་ལྟར་རིགས་ཀྱི་ལྷ་སོ་སོར་བསྐྱེད་པའམ། ཡང་ན་ཐམས་ཅད་ལ་ལྷག་པའི་ལྷ་གང་ཡིན་གྱི་རྣམ་པར་བསྐྱེད་པ་གཉིས་ལས། སྔ་འགྱུར་གྱི་དབང་རྣམས་སུ་ཕྱི་མ་ལྟར་མཛད་པ་ཤས་ཆེ། ཇི་ལྟར་བསྐུར་ན། སློབ་བུའི་ཕུང་ལྔ་དང་ཉོན་མོངས་པ་ལྔ་དག་པ་རིགས་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པའི་ཕྱིར། དབང་བསྐུར་བ་པོ་རྣམས་ཀྱིས་བུམ་པ་སོགས་དམ་ཡེ་དབྱེར་མེད་ཀྱི་རིགས་ལྔར་བསྐྱེད་པ་དབང་རྫས་སོ་སོའི་རྣམ་པར་གྱུར་པ་ཉིད་ཐོགས་ཏེ། སྔགས་རྒྱ་ཏིང་འཛིན་གསུམ་དང་ལྡན་པས། བུམ་ཆུ་སྤྱི་བོར་གཏོར་ཞིང་བླུགས་པ་དང་། དབུ་རྒྱན་རིགས་ལྔ་མགོ་ལ་བཅིང་བ་དང་། རྡོ་རྗེ་ལག་གཡས་སུ་བྱིན་པ་གསོར་ཞིང་སྙིང་གར་གཏོད་པ་དང་། དྲིལ་བུ་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་འཛིན་དུ་འཇུག་པ་དང་། མེ་ཏོག་ཕོག་པའི་རིགས་ཀྱི་མིང་འདོགས་པ་སྟེ་རིག་པའི་དབང་ལྔ་དང་། དྲི་བཅས་ཡེ་ཤེས་ཀྱི་ཁམས་ཐབས་རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་ཐ་མལ་གྱི་སྤྱོད་པ་བརྟུལ་ནས་རྡོ་རྗེ་སེམས་དཔའི་ཚུལ་ལ་འཇུག་པ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ཐུན་མོང་དང་། ཁྱད་པར་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་ཡོད་པའི་ཕྱོགས་ལ་དེའང་བསྐུར་ཏེ་སློབ་མའི་དབང་དྲུག་གོ། །དེ་ནས་ཐབས་བྱུང་རྒྱལ་བ་རྡོ་རྗེ་འཆང་གི་བྱིན་གྱིས་བརླབས་ཏེ་གཞན་དོན་གྱི་མཐུ་དང་ལྡན་པར་བྱ་བའི་ཕྱིར་རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུའི་དམ་ཚིག་གསུམ་བྱིན་པས་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བུམ་དབང་གི་དངོས་གཞི་བདུན་དང་། དེའི་ཡན་ལག་ཏུ་རྗེས་སུ་གནང་བ་ལ་སོགས་པ་བྱིན་པའོ། །དེ་ཡང་ཉོན་མོངས་པ་ལྔའི་དྲི་མ་རགས་པ་སྦྱངས་པས་ཡེ་ཤེས་ལྔ་ཐོབ་པར་མོས་ནས། ཕུང་པོ་ལྔ་གནས་གྱུར་ཐོབ་པས་འབྲས་བུ་རིག་ལྔའི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་རྣམས་རིག་པའི་དབང་ལྔའི་ངོ་བོ་དང་། ཡེ་ཤེས་དང་རྡོ་རྗེ་ལུས་མི་ཤིགས་པའི་དྲི་མ་རགས་པ་སྦྱངས་ནས་གཟུང་འཛིན་དང་གཟུང་འཛིན་རིགས་གསུམ་གནས་གྱུར་ཐོབ་པས་ཐབས་རྡོ་རྗེ་སེམས་དཔའ་དང་ཐབས་བྱུང་རྡོ་རྗེ་འཆང་གི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་དག་བརྟུལ་ཞུགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོའོ། །དེ་རྣམས་ཀྱི་སྐབས་ཀུན་ཏུ་བུམ་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་ཞིང་། བླ་མེད་ཐུན་མོང་བའི་རིག་དབང་ལྔ་དང་རྡོ་རྗེ་སློབ་དཔོན་གྱི་དབང་འདི་དག །སྒྱུ་འཕྲུལ་བའི་ལུགས་ཀྱི་ཕན་དབང་དང་ནུས་དབང་ཕྱི་མ་གསུམ་དང་རིམ་པར་དོད་མཚུངས་པ་ཙམ་ཡིན་མོད། འོན་ཀྱང་དེ་དང་དེའི་དོད་ཐུབ་པ་ནི་མ་ཡིན་ཏེ། བླ་མེད་ཐུན་མོང་བའི་ལུགས་འདིའི་བུམ་དབང་གི་སྦྱང་བྱ་ཕུང་ལྔ་དང་ཉོན་མོངས་ལྔ་སོགས་ཐེག་པ་སྤྱི་ལ་གྲགས་པ་ལྟར་ཡིན་ལ། སྒྱུ་འཕྲུལ་བའི་ལུགས་ནི་ལམ་རིམ་ལས། གནས་རྟེན་རྩ་དང་ཐིག་ལེ་ལ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །ཞེས་ཕན་ནུས་གཉིས་ཀྱང་ཟབ་དབང་ལྟར་རླུང་སེམས་རྩ་དང་ཐིག་ལེ་ལ་བརྟེན་པའི་ལུས་དཀྱིལ་ཟབ་མོ་དང་འབྲེལ་བའི་ཕྱིར་ཁྱད་པར་ཆེའོ། །གཉིས་པ་གསང་དབང་ནི། ནམ་ཕྱེད་ཀྱི་དུས་སུ་དཀྱིལ་འཁོར་གྱི་ལྷོར་མཎྜལ་དང་རིག་མ་མཚན་ལྡན་ཕུལ་ལ་གསོལ་བ་བཏབ་ནས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བླ་མ་ཡབ་ཡུམ་གྱི་ལུས་དང་ཡི་གེ་བྷ་གའི་དཀྱིལ་འཁོར་དུ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་བཅུག་པ་རྗེས་ཆགས་ཀྱིས་ཞུ་བ་རྡོ་རྗེ་ནོར་བུ་ནས་བྱོན་པའི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་སྐལ་མེད་ལ་བསྟན་དུ་མི་རུང་བས་གསང་བ་ཞེས་བྱ་ལ། དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བྱིན་པ་ནི་དབང་བསྐུར་བ་སྟེ། སྟེར་ལུགས་ཡབ་ཡུམ་གྱི་མཁའ་གསང་ལས་དངོས་སུ་ལེན་པ་ཐབས་དང་ཤེས་རབ་ཀྱི་གསང་དབང་། ཡུམ་གྱི་མཁར་ལྷུངས་པ་ཡབ་ཀྱི་ལྕེས་བླངས་པ་ལས་སམ། མི་ནུས་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་བདུད་རྩི་དང་སྦྱར་ནས་སྟེར་བ་ནི་གཉིས་མེད་ཀྱི་གསང་དབང་སྟེ། དེ་མགྲིན་པ་ནས་འཕེལ་བས་ལུས་གང་། ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་བྱིན་གྱིས་བརླབས་པས། ངག་མི་ཤིགས་པའི་དྲི་མ་རགས་པ་སྦྱངས། གསུང་རྡོ་རྗེའི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་བཞག་སྟེ། སེམས་གསལ་སྟོང་བརྗོད་བྲལ་གྱི་ཡེ་ཤེས་སུ་རྟོགས་པས་དབྱིབས་ལ་ལྷར་ཞེན་གྱི་རྟོག་པ་དང་བྲལ་བ་ནི་གསང་དབང་ཐོབ་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཐོ་རངས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་མཎྜལ་དང་གསོལ་བ་བཏབ་ནས། བླ་མ་དང་ལྷ་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཐུགས་རྡོ་རྗེ་ཡབ་ཡུམ་ཁ་སྦྱོར་གྱི་ངོ་བོར་བཞུགས་པ་ལས། ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་རྟེན་ཤེས་རབ་མ་གཏད་ནས། སངས་རྒྱས་ཐམས་ཅད་སློབ་མ་ཡབ་ཡུམ་ལ་བཅུག་སྟེ་སྙོམས་པར་ཞུགས་པས་བརྟེན་པ་ཁམས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་ཡས་འབབ་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་རྡོ་རྗེ་ནོར་བུའི་བུམ་པར་འཛག་མེད་དུ་བཟུང་སྟེ་ཞུ་བདེ་ཉམས་སུ་མྱོང་བའི་རྐྱེན་ལས་སྣང་མཆེད་ཐོབ་གསུམ་གྱི་རིམ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་འོད་གསལ་བདེ་བ་ཆེན་པོའི་ངོར་ཤར་བས་ཡིད་བྱིན་གྱིས་བརླབས་ཏེ། ཐུགས་རྡོ་རྗེའི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་ཐོབ་པ་ནི་དབང་གི་ངོ་བོ་སྟེ། རྟེན་ཤེས་རབ་མ་ལས་བརྟེན་པ་དགའ་བཞིའི་ཡེ་ཤེས་བསྐྱེད་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ནི། བླ་མ་ངོ་བོ་ཉིད་སྐུ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་ལས་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་ཏེ། དེའང་སྔར་དབང་གསུམ་པའི་དུས་ཀྱི་ཡས་བབས་ཀྱི་དགའ་བཞི་རྫོགས་ནས་ཐབས་ཀྱིས་ལྡོག་པ་ལས་མས་བརྟན་གྱི་དགའ་བཞིའི་མཐར་ཉམས་སུ་མྱོང་བའི་ཡེ་ཤེས་དང་། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་གཅིག་ཏུ་ཚིག་ཙམ་གྱི་བརྡས་ངོ་སྤྲད་པ་ཚིག་གི་བཞི་པ། བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དབྱེར་མེད་བདེ་བ་ཆེན་པོ་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དོན་གྱི་བཞི་པ། ཡེ་ཤེས་ངོས་མ་ཟིན་ན་ལས་རྒྱ་ལ་བརྟེན་ནས་ཉམས་མྱོང་འདྲེན་པ་བརྟེན་ཅན་གྱི་བཞི་པ། དེ་ལམ་དུ་གོམས་པར་བྱེད་པ་ལམ་གྱི་བཞི་པ། དགའ་བཞིའི་འགྲོས་རེ་རེ་ལའང་དགའ་ཆུང་བཞི་བཞིར་ཕྱེ་བའི་བཅུ་དྲུག་གི། བཞིས་ཚོགས་ལམ། དེ་ནས་རེ་རེས་སྦྱོར་མཐོང་དང་། དགུས་སྒོམ་ལམ། ཐ་མ་བཅུ་དྲུག་པ་མི་སློབ་ལམ་སྟེ། ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་ས་ལམ་དང་སྦྱར་ཏེ། མས་བརྟན་གྱི་དགའ་བ་བཅུ་དྲུག་པའི་མཐར་ཁུ་རྡུལ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་ལ་རླུང་འགགས་པས། དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ། སྐུ་བཞི་མངོན་དུ་བྱེད་པ་ནི་འབྲས་བུའི་བཞི་པའོ། །དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། གནས་ནི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་གཉིས་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོ། །གསུམ་པ་དེ་ལྟར་བསྐུར་བའི་བྲལ་ཐོབ་ཀྱི་ཡོན་ཏན་ནི། སད་རྨི་གཉིད་འཐུག་སྙོམས་འཇུག་གནས་སྐབས་བཞིས། །བསྐྱེད་པའི་སྒོ་གསུམ་ཤེས་བྱའི་དྲི་མ་སྦྱང་། །བསྐྱེད་རིམ་གཏུམ་མོ་དཔེ་དོན་ཡེ་ཤེས་གཉིས། །སྒོམ་དང་སྐུ་བཞི་ཐོབ་པའི་ནུས་རུང་བྱ། །ཞེས་པ་སྟེ། དབང་བཞི་བསྐུར་བས་དྲི་མ་གང་དག་ན། །བུམ་དབང་གིས་གནས་སྐབས་བཞི་ལས། སད་པའི་གནས་སྐབས་དང་། དེའི་སྣང་བ་ལུས་ཕུང་སོགས་རགས་པའི་ཆོས་ཡིན་པས་སྒོ་གསུམ་ལས་ལུས་ཀྱི་ཐིག་ལེའི་སྒྲིབ་པ་དག་ཅིང་། བདུད་བཞི་ལས་ཕུང་པོའི་བདུད་འཇོམས་པར་བྱེད་དོ། །དེ་བཞིན་དུ་གསང་དབང་གིས་རྨི་ལམ་གྱི་གནས་སྐབས་དང་། དེ་ཡིད་ངོར་སྣང་བས་ཕྲ་ཞིང་། དེ་ཉིད་ཐིག་ལེ་རླུང་གིས་བསྐྱོད་པ་ལས་སྣང་བའམ་བརྗོད་འདོད་ཀྱི་རྟོག་པ་དང་འབྲེལ་བས་ངག་གི་ཐིག་ལེ་དང་ཉོན་མོངས་པའི་བདུད། ཤེར་དབང་གིས་གཉིད་འཐུག་གི་གནས་སྐབས་དང་། དེ་ཚོགས་དྲུག་རགས་པ་འགགས་པའི་རྣམ་རྟོག་ཡིན་པས་ཡིད་ཀྱི་ཐིག་ལེ་དང་། འཆི་བདག་གི་བདུད། དབང་བཞི་པས་སྙོམས་འཇུག་གི་གནས་སྐབས་དང་། དེ་འཛག་བདེའི་སྲེད་པ་ཡིན་པས། ཤེར་སྒྲིབ་ཆེས་ཕྲ་བ་འཕོ་བའི་ཐིག་ལེའི་སྒྲིབ་པ་དང་ལྷའི་བུའི་བདུད་དེ། དེ་དང་དེ་དག་ཅིང་འཇོམས་པར་བྱེད་དོ། །གཞན་ཡང་གསེར་འོད་དམ་པ་ལས། ཉོན་མོངས་པའི་སྒྲིབ་པ་དག་པས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུ་སྣང་བར་འགྱུར་རོ། །ཞེས་གསུངས་ཏེ། ཐོབ་བྱ་སྐུ་བཞི་ངོ་བོའི་སྒོ་ནས་དབྱེར་མེད་ཀྱང་། དག་པའི་ལྡོག་ཆ་ནས་དེ་དང་དེར་བཏགས་པ་ལྟར་ན། བུམ་དབང་གིས་ལས་སྒྲིབ། གསང་དབང་གིས་ཉོན་སྒྲིབ། ཡེ་ཤེས་ཏེ་ཤེས་བྱའི་སྒྲིབ་པ་ལ་ཕྲ་རགས་གཉིས་ལས། ཤེར་དབང་གིས་ཤེས་སྒྲིབ་རགས་པ། དབང་བཞི་པས་ཤེས་སྒྲིབ་ཕྲ་བ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་རྣམས་གཙོ་བོར་སྦྱོང་བར་བྱེད་ཅིང་། དེར་མ་ཟད་དབང་དང་པོ་གསུམ་གྱིས་སྒོ་གསུམ་སོ་སོར་སྦྱངས་ནས། བཞི་པས་ཆ་མཉམ་སྦྱོང་བར་བཤད་པའང་སྣང་སྟེ། དེའི་ཆ་མཉམ་ནི་ཁུ་རྡུལ་རླུང་གསུམ་ལས་འཁོར་བའི་ལུས་ངག་ཡིད་གསུམ་དང་བདེ་སྡུག་བཏང་སྙོམས་རྣམས་འཆར་བས་དཀར་དམར་རླུང་ལ་ཆ་མཉམ་དུ་འཇུག་པའི་སེམས་དང་བཅས་པར་འཕོ་བའི་བག་ཆགས་ལ་འཇོག་དགོས་པས་གནད་གཅིག་གོ། །ལམ་གང་སྒོམ་པ་ལ་དབང་ན། བུམ་དབང་གིས་ཕྱི་ནང་གི་བསྐྱེད་རིམ་ལས་ཚོགས་དང་བཅས་པ་བཤད་སྒྲུབ་ཉན་པ་ལ་དབང་ཞིང་ཡུལ་སྣང་སྟོང་ཟུང་འཇུག་ཏུ་འཆར་བའི་ཉམས་སྐྱེ་བར་བྱེད། དེ་བཞིན་དུ་གསང་དབང་གིས་རང་བྱིན་བརླབས་པ་གཏུམ་མོ་དང་སྒྱུ་ལུས་སྒོམ་པ་ལ་དབང་ཞིང་སེམས་གསལ་སྟོང་གི་ཉམས་སྐྱེ། ཤེར་དབང་གིས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དཔེའི་ཡེ་ཤེས་སྒོམ་ཞིང་ཞུ་བདེས་ལུས་བདེ་སྟོང་གི་ཉམས་སྐྱེ། དབང་བཞི་པས་དོན་གྱི་ཡེ་ཤེས་ཕྱག་རྫོགས་སྒོམ་པ་ལ་དབང་ཞིང་། ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་འོད་གསལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རང་རིག་གི་ངོ་བོར་པྲ་ཕབ་པ་ལྟར་མཐོང་བའི་ཉམས་སྐྱེ་བར་འགྱུར་རོ། །འབྲས་བུ་གང་ཐོབ་ན། དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་ལམ་རིམ་པ་གཉིས་ཀྱིས་བསྐྱངས་པས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་མཐར་ཐུག་གི་འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་ཐོབ་པའི་ནུས་རུང་དུ་བྱས་པ་ཡིན་ནོ། །བཞི་པ་སྔགས་སྡོམ་ཐོབ་མཚམས་ངོས་བཟུང་བ་ནི། དང་པོ་གནས་གསུམ་རྡོ་རྗེ་གསུམ་བསྐྱེད་ནས། ཐ་མ་དབང་བཞི་ཡོངས་སུ་རྫོགས་པའི་ཚེ། །རིག་འཛིན་སྡོམ་པ་ཐོབ་ཅིང་། ཞེས་པ་སྟེ། སྡོམ་པ་སྐྱེ་བའི་དང་པོ་ནི། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་ག སུམ་དུ་བྱིན་གྱིས་བརླབས་པའི་དུས་ནས་འགོ་བརྩམས་ཏེ། སྐྱེས་ཟིན་པའི་ཐ་ནི་རྒྱུད་སྡེ་བཞི་རང་རང་གི་དབང་གི་མཐའ་བ རྟེན་རྫོགས་ཟིན་པའི་དུས་དེ་ཁོ་ན་སྟེ། རྒྱུད་སྡེ་འོག་མ་གསུམ་ལ་རང་གི་དབང་དངོས་གཞིའི་ཆོ་ག་གྲུབ་པ་ན་རང་རང་ལ་ལྟོས་པའི་སློབ་དཔོན་དུ་དབང་བསྐུར་བ་རྫོགས་པས་དེ་དག་གི་མཐའ་དང་། བླ་མེད་ལ་བུམ་དབང་གི་མཐར་བསྐྱེད་རིམ་གྱི་སྔགས་སྡོམ་སོགས་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་ཚེ་བསྐྱེད་རྫོགས་རང་རང་ལ་ལྟོས་པའི་སྡོམ་པ་མཐའ་དག་ཐོབ་ཟིན་པ་ཡིན་ཏེ། དེའི་ཚེ་དེ་འདྲ་བ་དེ་དབང་རང་རང་ལ་ལྟོས་པའི་རྩ་ལྟུང་དེ་དང་དེ་བསྐྱེད་པའི་རྟེན་དུ་རུང་བའི་ཕྱིར་རོ། །གང་དག་བླ་མེད་ཀྱི་སྔགས་སྡོམ་ཡོངས་རྫོགས་བུམ་དབང་དངོས་གཞིའི་དུས་སུ་ཐོབ་ཟིན་པས། དབང་གོང་མ་གསུམ་ལ་དམ་ཚིག་གསར་ཐོབ་རེ་རེ་ལས་སྡོམ་པ་གསར་ཐོབ་མེད་དོ་ཞེས་གསུངས་བ་ནི། རབ་དབྱེ་ལས། བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་པ་དང་འགལ་བ་སྤང་དཀའོ། །ལྔ་པ་དམ་ཚིག་ཁས་བླང་བ་སོགས་རྗེས་ཀྱི་བྱ་བ་ནི། དེ་ཡི་རྗེས། ཁས་བླངས་སྡོམ་དང་དམ་ཚིག་བསླབ་ལ་འབད། །ཅེས་པ་སྟེ། དེ་ལྟར་སྣོད་དང་འཚམས་པར་དབང་ཇི་ཙམ་ཞིག་བསྐུར་བ་དེ་དང་དེའི་ཆོ་ག་རྫོགས་པའི་མཐའ་རྟེན་དུ་དམ་ཚིག་རྒྱས་པར་བསྒྲགས་ནས། བསྡུས་ཏེ་ཁས་བླང་བས་བཟུང་བ་དང་། བཟུང་ནས་ཀྱང་སྡོམ་པ་དང་དམ་ཚིག་གི་བླང་དོར་རྣམས་ཚུལ་བཞིན་དུ་བསླབ་པ་ལ་འབད་པར་བྱ་ཞིང་། གཞན་ཡང་ཡོན་སྟོབ་པ་དང་དཀྱིལ་འཁོར་གཤེགས་བསྡུ་སོགས་རྗེས་ཀྱི་བྱ་བ་རྣམས་སོ་སོའི་ཆོ་ག་བཞིན་དུ་བྱ་བ་ཡིན་ནོ། ༈ །བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་ནི། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །ཞེས་པས་སྔགས་སྡོམ་དང་པོར་ཐོབ་པ་ཙམ་གྱིས་མི་ཆོག་གི། དེ་བར་དུ་མི་ཉམས་པར་བསྲུང་བའི་ལྷག་བསམ་ཁྱད་པར་ཅན་གྱིས་བསྲུང་བར་བྱ་དགོས་ཏེ། དམ་ཚིག་དང་སྡོམ་པ་ནི་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས། དེ་ཉམས་ན་བསླབ་པ་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་ཐམས་ཅད་འགག་པར་འགྱུར་བ་བཞིན་ནོ། །དེ་བས་ན་གསང་སྙིང་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་གསུངས་སོ། །དེ་ཡང་བསྲུང་ཐབས་ཤེས་པ་ལ་རག་ལས་པས་འདིར་དེ་བཤད་པར་བྱའོ། །གཉིས་པ་རྒྱས་བཤད་ལ་ལྔ་སྟེ། བརྟུལ་ཞུགས་ཉི་ཤུ་རྩ་ལྔ། རིགས་ལྔའི་སྡོམ་པ། རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་སྦོམ་པོའི་ལྟུང་བ། ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཐོག་མའི་བརྟུལ་ཞུགས་དུས་ཀྱི་འཁོར་ལོ་ལས། །ཞེས་པ་སྟེ། ཐོག་མར་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཡན་ལག་བརྟུལ་ཞུགས་ཉེར་ལྔ་པོ་འདི་ནི་དུས་ཀྱི་འཁོར་ལོ་ལས་གསུངས་ཏེ། འདི་སྐད་དུ། འཚེ་དང་མི་ལྡན་གཞན་གྱི་བུད་མེད་སྤང་བྱ། ཞེས་པ་ནས། དེ་ལྟར་སྲིད་པའི་བདག་པོ་དག་གི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་པའི་བར་རོ། །འདི་དག་ཡེ་ཤེས་ཕབ་པའི་རྗེས་སུ་སྟེར་བ་ནི་དབང་དངོས་གཞི་མ་ཐོབ་ནའང་ཡེ་ཤེས་འབེབས་པའི་རིམ་པ་དངོས་དང་མོས་སྒོམ་གང་ཐོབ་ཀྱང་བསྲུང་དགོས་པའི་དོན་ནོ། །རྒྱས་བཤད་ལ་ལྔ་ཚན་ལྔ་ལས། དང་པོ་སྡིག་པ་ལྔ་སྤང་བ་ནི། གསོད་རྫུན་རྐུ་དང་འདོད་ལོག་ཆང་འཐུང་བ། །སྤང་བྱ་བསླབ་པའི་གཞི་ལྔ་སྤང་ཞེས་གསུངས། །ཞེས་པ་སྟེ། སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་སྲོག་གཅོད་པ་ལྟ་ཅི་སྨོས་སྐད་ཅིག་ཙམ་མནར་སེམས་པས་འཚེ་བར་བྱེད་པ་དང་། རང་འདོད་ཀྱིས་གཞན་བསླུ་བའི་བསམ་པས་རྫུན་སྨྲ་བ་དང་། དུད་འགྲོ་ཡན་ཆད་ཀྱིས་བདག་ཏུ་བཟུང་བའི་གཞན་ནོར་རྐུ་བ་དང་། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་བསྟེན་པ་སོགས་འདོད་པས་ལོག་པར་གཡེམ་པ་དང་། ཉེས་པ་བསྐྱེད་པའི་གཞི་ཆང་གི་བཏུང་བས་མྱོས་པར་བྱེད་པ་དང་ལྔ་ནི་འཁོར་བའི་གནས་སུ་འཆིང་བྱེད་དམ་པོ་རྡོ་རྗེའི་ཞགས་པ་དང་མཚུངས་ཤིང་རང་གཞན་གྱི་བདེ་དགེ་ཐམས་ཅད་འཇོམས་པར་བྱེད་པས་ན་དེ་རྣམས་ཕྱོགས་མཐུན་ཆར་གཏོགས་དང་བཅས་པ་སྤང་བར་བྱ་དགོས་ལ། དེ་ལྔ་བསྲུང་ནུས་ཤིང་འདོད་ན་བརྟུལ་ཞུགས་ལྷག་མ་ཉི་ཤུ་སྦྱིན་པར་བྱ་བ་ཡིན་པས་བསླབ་པའི་གཞི་ལྔ་ཞེས་གསུངས་སོ། །གཉིས་པ་ཉེ་བའི་སྡིག་པ་ལྔ་སྤང་བ་ནི། ཆོ་ལོ་ཁ་ན་མ་ཐོའི་ཟས་ཟ་དང་། །ངན་ཚིག་འབྱུང་པོ་ལྷ་མིན་ཆོས་བསླབ་པ། །རྣམ་པ་ལྔ་ནི་བྱ་བ་མིན་ལྔའོ། །ཞེས་པ་སྟེ། ཤོ་དང་མིག་མངས་སོགས་ཆོ་ལོ་རྩེ་བ་དང་། བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤ་སོགས་ཁ་ན་མ་ཐོ་བ་ཆོས་དང་མི་མཐུན་པའི་ཟས་ཟ་བས་འཚོ་བ་དང་། ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་པའི་དམག་འཁྲུག་དང་ཚོང་གི་གཏམ་སོགས་ངག་འཁྱལ་སྣ་ཚོགས་པའི་ཚིག་ངན་སྨྲ་བ་དང་། རིག་བྱེད་ལས་བྱེད་པའི་ཕ་མེས་ཀྱི་མཚུན་གསོལ་བ་སོགས་ཀྱིས་སྤྱོད་པ་དང་གྲོལ་བར་ལྟ་བ་དང་ཕྱུགས་ཀྱིས་མཆོད་སྦྱིན་བྱ་བ་འབྱུང་པོའི་ཆོས་དང་། རང་གིས་བསད་པའི་ཤ་མ་གཏོགས་ལས་ཀྱིས་ཤི་བའི་ཤ་མི་ཟ་ཞིང་གོས་དཀར་པོ་དང་བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ་མིན་གྱི་ཆོས་ལུགས་ཀླ་ཀློའི་ཆོས་ཏེ། བྱ་བ་ངན་པ་དེ་རྣམས་ཀྱིས་དུས་འདས་ན་དགེ་བའི་ཕྱོགས་ཉམས་པར་བྱེད་པའི་ཕྱིར། ཉེ་བའི་སྡིག་པ་ལྔ་ཞེས་གྲགས་པ་བྱ་བར་རིགས་པ་མ་ཡིན་པས་དེ་རྣམས་མི་བྱའོ། །གསུམ་པ་གསོད་པ་ལྔ་སྤང་བ་ནི། བ་ལང་བྱིས་པ་སྐྱེས་པ་བུད་མེད་དང་། །མཆོད་རྟེན་བསྣུན་པ་གསོད་པ་ལྔ་རུ་གྲགས། །ཞེས་པ་སྟེ། རྐང་པ་དང་པོའི་གསོད་པ་བཞི་པོ་འདི་རྣམས་སྔར་གྱི་འཚེ་བའི་ནང་དུ་འདུ་ནའང་འདིར་ལོགས་སུ་དགར་ཏེ་འཆད་པ་ནི། མུ་སྟེགས་བྱེད་མང་པོ་ཞིག་སྤྱིར་འཚེ་བ་སྡིག་པ་ཡིན་ཀྱང་དགེ་བར་འདོད་པའི་སྐབས་ཡོད་པ་དགག་པའི་ཕྱིར་ཏེ། ཇི་ལྟར་ན། མཐོ་རིས་འདོད་པའི་མཆོད་སྦྱིན་གྱི་དོན་དུ་བ་ལང་གསོད་པ་དང་། མ་མོ་མཆོད་པ་ལ་བྱིས་པ་གསོད་པ། མིའི་མཆོད་སྦྱིན་སྐྱེས་པའི་དོན་དུ་སྐྱེས་པ་དང་། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་དང་། ལྷ་མིའི་བླ་མ་གསོད་པ་ཞེས་སངས་རྒྱས་སྲས་བཅས་ཀྱི་སྐུ་གཟུགས་དང་བཀའི་གླེགས་བམ་དང་མཆོད་རྟེན་རྣམས་བསྣུན་ཏེ་བཤིག་པ་ལ་གསོད་པའི་སྒྲས་བཏགས་པ་འདི་ནི་ཀླ་ཀློ་རྣམས་ཆོས་སུ་འདོད་པ་དགག་པའི་དོན་དུ་མ་ཟད་ཤིན་ཏུ་སྡིག་ཆེ་བས་སྨོས་པ་སྟེ། དེ་ལྟར་གསོད་པ་ལྔ་ལས་ལྡོག་པར་བྱའོ། །བཞི་པ་འཁུ་བ་ལྔ་སྤང་བ་ནི། དགེ་གྲོགས་རྗེ་བོ་སངས་རྒྱས་དགེ་འདུན་དང་། །བླ་མར་ཁོང་ཁྲོ་སྒོམ་རྣམས་འཁུ་བ་ལྔ། །ཞེས་པ་སྟེ། ཆོས་དང་འཇིག་རྟེན་གང་རུང་གིས་སྦྲེལ་བའི་མཉམ་པོར་འགྲོགས་པའི་དགེ་གྲོགས་དང་། ལུགས་གཉིས་ཀྱིས་བཀུར་བར་འོས་པའི་རྗེ་བོ་རྒན་རབས་སོགས་དང་། ལྷ་མིའི་བླ་མ་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་དང་། ཡིད་བརྟན་པར་འོས་པའི་ཡུལ་མཁན་སློབ་སོགས་བླ་མ་སྟེ། ཡུལ་ལྔ་པོ་དེ་ལ་ཁོང་ཁྲོ་སྒོམ་ཞིང་འཁང་བ་ནི་འཁུ་བ་ལྔ་སྟེ་སྤང་བར་བྱའོ། །དེ་ལྟར་སྡིག་པ་དང་། ཉེ་བའི་སྡིག་པ་དང་། གསོད་པ་དང་། འཁུ་བ་ལྔ་ལྔ་སྟེ་ཉི་ཤུ་པོ་འདི་རྣམས་ཀྱི་འཕྲལ་སྤྱོད་ལམ་གྱི་སྒོ་ནས་སྤང་ཞིང་ལྡོག་པ་ལ་འབད་པར་བྱ་བ་ཡིན་ནོ། །ལྔ་པ་ཆགས་པ་ལྔ་བསྲུང་བ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཡུལ་ལྔ་ལ། །མིག་དང་རྣ་བ་སྣ་ལྕེ་ལུས་དབང་ལྔ། །ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔའོ། །ཞེས་པ་སྟེ། མིག་གི་དབང་པོ་ཡུལ་གཟུགས་ལ་ཆགས་པ་ནས་ལུས་དབང་རེག་བྱ་ལ་ཆགས་པའི་བར་ཏེ། དབང་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་རྟོག་ཡུལ་ལྔ་ལ་ཞེན་པས་ཆགས་པའོ། །དེ་རྣམས་ནི་ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པས་སྤང་བར་བྱ་དགོས་མོད། འོན་ཀྱང་སོ་སྐྱེ་འདོད་ཁམས་པས་རྩ་བ་ནས་ལྡོག་པར་མི་ནུས་ནའང་། ཉིན་རེ་བཞིན་ཐུན་གསུམ་ལ་སོགས་པར་བཅད་ནས་གཉེན་པོ་སྒོམ་པ་ལ་འབད་པར་བྱ་ཞིང་། གཉེན་པོའང་བསྐྱེད་རིམ་གྱིས་ཡུལ་དབང་ལྷ་སྐུར་བསྒྱུར་བ་དང་། རྫོགས་རིམ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པ་གཅོད་པའོ། །དེ་ལྟར་བརྟུལ་ཞུགས་ཀྱི་གཙོ་བོ་ཆགས་པ་ལྔ་སྤོང་ཐབས་ནི་སོར་སྡུད་ཡིན་ལ། དེ་རྡོ་རྗེ་སེམས་དཔའི་ལམ་དུ་བཤད་པ་ལྟར་འདིར་ཡང་སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་ཞེས་རྒྱུད་འགྲེལ་ལས་གསུངས་ཏེ། དེ་དག་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་དང་། སྒོ་གསུམ་དེའི་ངོ་བོར་སོན་པ་ཉིད་ཀྱིས་ན་བརྟུལ་ཞུགས་སོ། །གཉིས་པ་རིགས་ལྔའི་སྡོམ་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་བའོ། །དང་པོ་ལའང་བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཐུན་མོང་གྱུར་པ་རིགས་ལྔའི་སྡོམ་པ་ལྔ། །ཞེས་པ་སྟེ། འདི་དག་རྣལ་འབྱོར་ཕྱི་མའི་གཞུང་དུ་བཤད་པ་ལས་དོན་འཕགས་ཀྱང་སྒྲ་མཐུན་པར་འབྱུང་ཞིང་། དེར་མ་ཟད་སྨོན་འཇུག་གི་སེམས་བསྐྱེད་དང་ཚུལ་ཁྲིམས་གསུམ་སོགས་ཐེག་པ་ཆེན་པོ་སྤྱིའི་བསླབ་བྱ་དང་ཡང་འདྲ་བར་བྱུང་བས་ན་ཐུན་མོང་པ་སྟེ། གཞི་དེ་ལས་འདིར་རྡོ་རྗེ་ཐེག་པ་མཆོག་གི་དགོངས་པ་ལྟར་འཆད་པར་བྱའོ། །དེ་ལ་རིག་བྱེ་བྲག་པའི་རྣལ་འབྱོར་པས་ཀྱང་རིགས་ལྔ་ཀའི་སྡོམ་པ་བསྲུང་དགོས་མོད། དེ་ལྟར་ནའང་རང་རིགས་གང་ཡིན་གྱི་སྡོམ་པ་ལ་གཙོ་བོར་བསླབ་དགོས་པས་རིགས་ལྔ་སོ་སོའི་སྡོམ་པའམ་དམ་ཚིག་ཏུ་གྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། སྨོན་འཇུག་གཉིས་དང་ཚུལ་ཁྲིམས་རྣམ་པ་གསུམ། །སློབ་པ་སངས་རྒྱས་རྣལ་འབྱོར་སྡོམ་པའོ། །རྡོར་དྲིལ་ཕྱག་རྒྱ་བླ་མ་བཟུང་རྡོ་རྗེ། །ནོར་ཆོས་མི་འཇིགས་བྱམས་སྦྱིན་རིན་ཆེན་འབྱུང་། །ཕྱི་ནང་གསང་བའི་ཐེག་འཛིན་པདྨའི་རིགས། །མཆོད་གཏོར་ལས་རིམ་འཛིན་པ་ལས་ཀྱིའོ། །ཞེས་པ་སྟེ། དེ་ལ་ཐོག་མར་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་གི་སྡོམ་པ་ནི། ཕྱི་ལྟར་བཤད་ན། སྨོན་པ་དང་འཇུག་པའི་སེམས་བསྐྱེད་ནས། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་སོ་སོའི་མཚན་ཉིད་ཚང་བར་བརྟན་པོར་བཟུང་ཞིང་། དེ་ཐམས་ཅད་ཀྱི་རྟེན་དུ་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། སངས་རྒྱས་རྣམ་པར་སྣང་མཛད་ནི་གཙོ་བོར་སྐུའི་རིགས་ཡིན་ལ། སྐུ་ནི་འབྲས་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པ་ལྟར། སྤྱིར་ཚུལ་ཁྲིམས་ནི་ཡོན་ཏན་ཀུན་གྱི་རྟེན་གང་ཞིག །སྡོམ་པ་དེ་ཐམས་ཅད་ཀྱི་རྟེན་ནི་སྐྱབས་འགྲོ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་། ཇི་ལྟ་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོ་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་བྱུང་བའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །ཞེས་ཁས་བླང་བར་གསུངས་པའི་ཕྱིར་རོ། །ནང་ལྟར་སྦས་དོན་ནི། བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉ ིད་གདོད་ནས་རྣམ་པར་དག་པ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་བཟུང་བའོ། །དེ་ཡང་རྣལ་འབྱོར་ཕྱི་པ་མན་ཆད་དམ་རྡོ་རྗེ་སློབ་དཔོན་གྱི་དབང་མི་བསྐུར་ན་རྡོ་རྗེའི་རིགས་སོགས་རིགས་གཞན་གྱི་ཆོ་ག་མེད་ཀྱང་རུང་བར་ཨ་བྷ་ཡཱ་ཀ་ར་བཞེད་དོ། །དེ་ནས་རྡོ་རྗེའི་རིགས་མི་བསྐྱོད་པའི་སྡོམ་པ་ནི། ཕྱི་རྫས་ཀྱི་རྡོ་རྗེ་དང་དྲིལ་བུ་ཚད་དང་ལྡན་པ་བཟུང་ནས་རང་ཉིད་ལྷ་སྐུ་ཕྱག་ཆེན་པོར་འཛིན་པ་སྟེ། དེ་ཉིད་འདུས་པ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་པ་ལྟར་རོ། །ནང་གི་རྡོར་དྲིལ་ནི་ཐབས་ཡབ་ཀྱི་ནོར་བུ་རྡོ་རྗེ་དང་ཤེས་རབ་ཡུམ་གྱི་པདྨ་དྲིལ་བུ་སྟེ། ཕྱག་རྒྱ་ནི་ཕན་ཚུན་རྒྱས་བཏབ་ནས་མཉམ་པར་སྦྱོར་བའོ། །དེ་བཞིན་དུ་གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གིས་ཟུང་དུ་འཇུག་པ་དང་། དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་རྡོར་དྲིལ་དང་། དེ་དག་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་གསུམ་འཛིན་ཅིང་། དེ་དག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ཡང་བསྙེན་བཀུར་ལ་སོགས་པས་ཆོས་ཀྱི་དོན་དུ་ཡང་དག་པར་བཟུང་ཞིང་བསྟེན་པར་བྱ་སྟེ། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་བདག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་གསུངས་ཤིང་། མི་བསྐྱོད་པ་གཙོ་བོར་ཐུགས་ཀྱི་རིགས་ཡིན་ལ། ཐབས་ཤེས་ཁྱད་པར་ཅན་དང་། དེ་སྟོན་བྱེད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་། དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་འདི་ལས་ནམ་ཡང་མི་གཡོ་བའི་ཕྱིར་མི་བསྐྱོད་པའི་དམ་ཚིག་ཏུ་གཞག་གོ། །རིན་ཆེན་རིགས་རིན་འབྱུང་གི་དམ་ཚིག་ནི། ཕྱི་ལྟར་ན་ཟང་ཟིང་ནོར་གྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། དེའི་རྩ་བ་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བདེ་བ་ཐོབ་པར་གྱུར་ཅིག་སྙམ་པ་བྱམས་པ་ཆེན་པོའི་སྦྱིན་པ་དང་བཞི་པོ་ཉིན་རེ་བཞིན་ཡང་དུས་དྲུག་ཏུ་སྦྱིན་པར་བྱ་བ་དང་། ནང་ལྟར་ན་སྦས་དོན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་ཡེ་ཤེས་སྦྱིན་པ་སྟེ། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སོ། །དེ་ཡང་རིན་འབྱུང་ནི་གཙོ་བོར་རིན་ཆེན་རིགས་ཡིན་ལ། རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་ལྟར་སྦྱིན་པ་བཞི་ཡང་དགོས་འདོད་སྟེར་བའི་ངོ་བོ་ཡིན་པས། དེ་ཉིད་རིན་འབྱུང་གི་སྡོམ་པར་བཞག་གོ། །པདྨའི་རིགས་འོད་དཔག་མེད་ཀྱི་དམ་ཚིག་ནི། དངོས་བསྟན་ལྟར་ན་ཕྱི་ཉན་རང་བྱང་སེམས་ཀྱི་ཐེག་པ་དང་། ནང་བྱ་སྤྱོད་རྣལ་འབྱོར་གྱི་ཐེག་པ་དང་། གསང་བ་བསྐྱེད་རྫོགས་གསུམ་གྱི་ཐེག་པ་དམ་པའི་ཆོས་མ་ལུས་པ་འཛིན་ཞིང་། སྦས་དོན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་སྟེ། བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་སོ། །དེ་ཉིད་པདྨའི་རིགས་ཀྱི་སྡོམ་པར་འཇོག་སྟེ། འོད་དཔག་མེད་གསུང་གི་རིགས་ཡིན་པ་ལྟར་དམ་པའི་ཆོས་ཀྱང་དང་པོར་ལུང་ལས་བརྩམས་པས་གསུང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ལས་ཀྱི་རིགས་དོན་གྲུབ་ཀྱི་དམ་ཚིག་ནི། ཕྱི་ལྟར་ན་སྔར་གྱི་སྡོམ་པ་དེ་ཐམས་ཅད་དང་ལྡན་པའི་སྟེང་དུ་ཕྱི་ནང་གསང་བའི་མཆོད་པ་དང་གཏོར་མ་སྦྱིན་སྲེག་སོགས་ལས་ཀྱི་རིམ་པ་ཐམས་ཅད་ཀྱང་ཅི་ནུས་སུ་འཛིན་ཅིང་། སྦས་དོན་དེ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པས་རྒྱས་འདེབས་པ་དང་ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་པ་སྟེ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་གསུངས་ཤིང་། དེ་ཉིད་དོན་གྲུབ་ཀྱི་སྡོམ་པར་འཇོག་སྟེ། དོན་ཡོད་གྲུབ་པ་ནི་ལས་ཐམས་ཅད་པ་དང་ལས་རིགས་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་དུས་ཀྱི་འཁོར་ལོར་རིགས་དྲུག་ཏུ་ཕྱེ་སྟེ། བསྡུས་རྒྱུད་ལས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་བཟུང་བར་བགྱི། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལྟར་རྣམ་སྣང་དང་འོད་དཔག་མེད་མ་གཏོགས་ཕལ་ཆེར་འདྲ་སྟེ། མི་བསྐྱོད་པའི་དམ་ཚིག་གསུམ་བཟུང་བ་རྩ་བར་བཞག་ནས། ལྷག་མ་རྣམས་ཚོགས་གསུམ་གྱིས་བསྡུས་ཏེ། བསོད་ནམས་ཀྱི་ཚོགས་ནི་ཡུལ་དམན་པ་ལ་བརྟེན་པ་རིན་ཆེན་རིགས་ཀྱིི་སྦྱིན་པ་བཅུ་སྟེར་བ་དང་། ཡུལ་མཆོག་ལ་བརྟེན་པ་ལས་རིགས་ཀྱི་མཆོད་པ་སྒྲུབ་པའོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་པདྨའི་རིགས་ལ་འཛག་མེད་ཀྱི་ཚུལ་ཁྲིམས་སྒྲུབ་པ་དངོས་དང་། དེའི་རྒྱུར་རྣམ་སྣང་གི་རིགས་ལ་ཤ་ལྔ་བདུད་རྩི་བསྟེན་པའོ། །ཡེ་ཤེས་ཀྱི་ཚོགས་ནི་རྡོ་རྗེ་སེམས་དཔའི་རིགས་ཀྱི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །འོ་ན་རྡོ་རྗེའི་རིགས་ཚོགས་གསུམ་གང་དུ་འདུ་ཞེ་ན། དམ་ཚིག་གསུམ་ལ་བསྐྱེད་རྫོགས་ཀྱི་ལུགས་སོ་སོར་ཕྱེ་བ་རིམ་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། སློབ་དཔོན་གྱི་དམ་ཚིག་ནི་ཚོགས་གསུམ་ཀ་ལ་སྦྱར་རོ། །གཉིས་པ་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་ནི། ཁྱད་པར་སྲོག་གཅོད་རྡོ་རྗེའི་རིགས་ཡིན་ཏེ། །ཞིང་བཅུ་ཚང་དང་རླུང་དང་རྟོག་པ་ཡིན། །རིན་ཆེན་རིགས་ལ་མ་བྱིན་ལེན་པ་ནི། །ནོར་དང་བུད་མེད་ཐེག་ཆེན་ཟབ་མོའི་ཆོས། །རང་དང་གཞན་དོན་སྒྲུབ་ལ་དགོངས་པས་གསུངས། །པདྨའི་རིགས་ལ་ལས་ཆོས་དམ་ཚིག་དང་། །ཕྱག་རྒྱ་ཆེ་སྟེ་བུད་མེད་བསྟེན་པར་གསུངས། །ལས་ཀྱི་རིགས་ལ་རྫུན་དུ་སྨྲ་གསུངས་པ། །བདག་དང་སེམས་ཅན་མི་དམིགས་བདེན་མེད་སྟོན། །འཁོར་ལོའི་རིགས་ལ་ཆང་དང་ཤ་ལྔ་དང་། །ཡུལ་ཀུན་བསྟེན་གསུངས་ཕྱི་ནང་གསང་བའི་ཐེག །རིམ་པ་མ་ཉམས་སྤྱོད་པ་བླ་མེད་ལུགས། །ཞེས་པ་སྟེ། འདི་ནི་ཐུན་མོང་མ་ཡིན་པ་རྣལ་འབྱོར་བླ་མེད་ལ་གནས་པ་རྣམས་ཀྱི་དམ་ཚིག་སྟེ། རྟེན་གྱི་གང་ཟག་རིགས་ལྔ་སོ་སོའི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང་ནུས་པ་རྙེད་པས་རང་གཞན་གྱི་དོན་དུ་འགྱུར་ན་སྒྲ་ཇི་བཞིན་པར་སྤྱོད་པ་དྲང་དོན་བསྐྱེད་རིམ་པའི་དམ་ཚིག་དང་། སྒྲ་བསྒྱུར་ཏེ་དགོངས་པ་ཅན་དུ་གསུངས་པའི་དོན་དེ་ཉིད་སྒྲ་ཇི་བཞིན་མ་ཡིན་པ་ངེས་དོན་གྱི་གསལ་བྱར་བྱས་ཏེ་དབང་གོང་མའི་དམ་ཚིག་དང་སྡོམ་པ་རྫོགས་རིམ་ལ་སྦྱར་བར་བྱ་བ་ཡིན་པས་ན་ཁྱད་པར་ཞེས་བསྟན་ཏོ། །འདིར་སྲོག་གཅོད་པ་ནི་ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས་མི་བསྐྱོད་པའི་དམ་ཚིག་སྟེ། དེ་ལ་གསུམ་ལས། དྲང་དོན་ལྟར་ན་ཞིང་བཅུ་ཚང་བའི་དགྲ་བོ་དྲག་པོའི་ལས་ཁོ་ནས་མ་གཏོགས་འདུལ་བར་མི་ནུས་པ་རྣམས་ཀྱི་ལས་ངན་གྱི་རྒྱུན་གཅོད་ཕྱིར་མངོན་སྤྱོད་ཀྱི་ལས་ཀྱིས་བསད་པར་བྱ་སྟེ། ངེས་བརྗོད་ལས། སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མར་སྨོད་བརྩོན་མ་རུངས་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་སྒྲིམས་ཏེ་བསད་པར་བྱ། །ཞེས་གསུངས་ཤིང་། དེ་འདྲ་དེ་སྲོག་བཅད་པ་ལྟར་སྣང་ཡང་རྟོགས་གོམས་ཀྱི་བློ་ངོར་གཅད་བྱ་གཅོད་བྱེད་བཅད་དོ་བའི་འདུ་ཤེས་མ་གྲུབ་པས་ཉེ་པས་གོས་པར་མི་འགྱུར་ཏེ། གསང་སྙིང་ལས། ཡོད་མེད་དབུ་མ་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་སོ། །ངེས་པའི་དོན་དུ་སྲོག་ནི་རོ་རྐྱང་གི་རླུང་ཡིན་ལ། དེ་བཅད་པ་ནི་བུམ་ཅན་ལ་སོགས་པའི་ཐབས་ཀྱིས་བཀག་པས་དབུ་མར་སྲོག་རེངས་པ་མཐར་ཐུག་གཙུག་ཏོར་དུ་རླུང་སེམས་བརྟན་པ་སྟེ། དགྱེས་རྡོར་འབུམ་ལྔ་ལས། སྲོག་རླུང་ངེས་པར་འགགས་པ་ན། །བྱང་ཆུབ་སེམས་ནི་འགག་པའོ། །བྱང་ཆུབ་སེམས་ནི་འགགས་པ་ཡིས། །འཕོ་བ་ངེས་པར་འགག་པའོ། །འཕོ་བའི་སྐད་ཅིག་འགགས་པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་སོ། །ཡང་ན་སྲོག་ནི་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཡིན་ལ། དེ་སྐྱེ་བ་མེད་པར་བྱས་པ་ནི་བསད་པ་སྟེ། བརྟག་གཉིས་ལས། སེམས་གཅིག་སྲོག་ཆགས་གསོད་པ་ནི། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །ཅེས་སོ། །མ་བྱིན་པར་ལེན་པ་ནི་ང་རྒྱལ་རྣམ་པར་དག་པ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་སྟེ། དེ་ལ་གསུམ་ལས། དྲང་དོན་གཞན་ལ་ཕན་པར་འགྱུར་ན་སྔགས་ཀྱི་མཐུས་གཞན་ནོར་འཕྲོག་པར་བྱ་སྟེ། རྡོ་རྗེ་ལས། འཇུངས་པ་རྣམས་ལས་ནོར་བླངས་ལ། །སེམས་ཅན་བཀྲེན་ལ་སྦྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ། །ཞེས་སོ། །དེ་ལྟར་མ་བྱིན་པར་བླངས་པ་ལྟར་སྣང་ཡང་རྟོགས་གོམས་ཀྱི་བློ་ལ་ལྟོས་ནས་ཉེས་པས་གོས་པར་མི་འགྱུར་ཏེ། འཕྲུལ་དགའི་ལྷའི་ལོངས་སྤྱོད་ལྟར་རྫས་དང་ནོར་བདག་ཀྱང་བདག་ཉིད་ལས་དོན་ལ་ཐ་དད་མ་ཡིན་པའི་ཕྱིར། གསང་སྙིང་ལས། བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་སོ། །ངེས་དོན་ལ་སྔགས་ཀྱི་ཡེ་ཤེས་བསྒྲུབ་པའི་ཕྱིར་པ་ར་སྟྲིའི་སྒྲ་ལས་མཆོག་གམ་གཞན་ནམ་ཕ་རོལ་གྱི་བུད་མེད་དགུག་པའི་ཐབས་ཀྱིས། ཕྲོགས་པ་ལས་བྱང་ཆུབ་ཀྱི་སེམས་དཀར་དམར་ཡང་རླུང་གི་སྟོབས་ཀྱིས་མ་བྱིན་པར་བླང་སྟེ། བརྟག་གཉིས་ལས། བཙུན་མོའི་ཁུ་བ་མ་བྱིན་བླང་། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་སོ། །ཡང་ན་དོན་དམ་པའི་བཙུན་མོ་སྟོང་པ་ཉིད་ཡིན་ལ། དེའི་ཁུ་བ་གཉིས་མེད་ཀྱི་ཡེ་ཤེས་ཉིད་གཞན་གྱིས་མ་བྱིན་པར་རང་གིས་ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་པས་ཐེག་ཆེན་ཟབ་མོའི་ཆོས་དོན་གཉིས་སྒྲུབ་པ་ལ་མངའ་དབང་འབྱོར་བ་སྟེ། མདོ་ལས། གང་ཕྱིར་ཐེག་པ་ཆེན་པོ་འདི། །གང་གིས་ཀྱང་ནི་བྱིན་མ་ལགས། །དེ་ཉིད་རྟོགས་པས་མ་བྱིན་བླང། །ཞེས་སོ། །ཕྱག་རྒྱ་བཞི་བསྟེན་པ་ནི་འདོད་ཆགས་རྣམ་པར་དག་པ་པདྨའི་རིགས་འོད་དཔག་མེད་ཀྱི་དམ་ཚིག་སྟེ། དེ་ལ་བཞི་ལས། འཛག་མེད་ཀྱི་ཡེ་ཤེས་བསྒྲུབ་པའི་ཕྱིར་རྡོ་རྗེ་ལས། སངས་རྒྱས་རྣམས་ཀྱི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པས་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་པས་མཆོག་གམ་ཕ་རོལ་ལམ་གཞན་གྱི་བུད་མེད་ཀྱི་སྒྲ་ཕྱག་རྒྱ་བཞི་ཀ་ལ་འཇུག་པས། རྟོགས་གོམས་ཀྱི་གདེངས་དང་ལྡན་པའི་གང་ཟག་གིས་གཉིས་མེད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་གྱིས་ཟིན་པའི་སྒོ་ནས་དངོས་རིག་ལས་ཀྱི་ཕྱག་རྒྱ་བསྟེན་པ་སྟེ། གསང་སྙིང་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་སོ། །དེ་བཞིན་དུ་ཡིད་རིག་ཆོས་ཀྱི་ཕྱག་རྒྱ་དང་། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་གསུམ་ལ་བསྟེན་ནས་ཞུ་བདེ་དཔེའི་ཡེ་ཤེས་ཀྱིས་འཛག་མེད་སྒྲུབ་པ་གསུམ་ལ་དྲང་ངེས་གཉིས་ཀའི་ཆ་ཡོད་ཅིང་། མཆོག་གི་བུད་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མི་འགྱུར་བའི་བདེ་ཆེན་ཁ་སྦྱོར་ལས་ལྷན་སྐྱེས་མཆོག་གི་བདེ་སྟོང་དོན་གྱི་ཡེ་ཤེས་སྒྲུབ་པ་ནི་ངེས་དོན་ཉིད་དོ། །དེ་ལྟར་ཡང་རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དེ་ཉིད་མ་བསྟེན་འཚང་མི་རྒྱ། །ཞེས་སོ། །རྫུན་སྨྲ་བ་ནི་ཕྲག་དོག་རྣམ་པར་དག་པ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་དམ་ཚིག་སྟེ། དེ་ལ་གསུམ་ལས། དྲང་དོན་གཞན་ལ་ཕན་པར་འགྱུར་ན་རྫུན་སྨྲ་བར་བྱ་སྟེ། རྡོ་རྗེ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པ། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །དེ་ལྟར་རྫུན་སྨྲས་པ་ལྟར་སྣང་ཡང་རྟོགས་གོམས་ཀྱི་བློ་ལ་ལྟོས་ནས་ཉེས་པས་གོས་པར་མི་འགྱུར་ཏེ། བདག་དང་སེམས་ཅན་མི་དམིགས་པས་ཆོས་ཐམས་ཅད་བཏགས་པ་ཙམ་ལས་བདེན་པར་མ་གྲུབ་པར་རྟོགས་པ་ན་དེ་ལ་ལྟོས་པའི་རྫུན་པའང་མ་གྲུབ་པའི་ཕྱིར། གསང་སྙིང་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་སོ། །ངེས་དོན་དུ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་པ་ནི་རྫུན་ཚིག་སྨྲ་བ་སྟེ། བསྒྲལ་བྱ་སེམས་ཅན་དང་སྒྲོལ་བར་བྱེད་པ་པོ་བདག་ཀྱང་དོན་དམ་པར་མ་གྲུབ་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །རྫུན་གྱི་ཚིག་ནི་རབ་ཏུ་བསྒྲག །ཅེས་དང་། འཇམ་དཔལ་གྱི་བསྟན་པའི་མདོ་ལས། བདག་དང་སེམས་ཅན་མི་དམིགས་ལ། །འཁོར་བ་ལས་སྒྲོལ་རྫུན་གྱི་ཚིག །ཅེས་སོ། །ཡང་སེམས་འགྲེལ་རྣམས་ལས་ནི། སྙིང་གའི་འཁོར་ལོར་རླུང་ཐིམ་པས་རང་སྣང་ལ་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པར་ཤར་བ་ངེས་དོན་དང་། དེ་ལས་གཞན་སྣང་དུ་སེམས་ཅན་རྣམས་ལ་ཆོས་སྒོ་སྣ་ཚོགས་པ་ཅིག་ཅར་དུ་སྟོན་པ་དྲང་དོན་དུ་གསུངས་པའང་ཡོད་དེ། རྡོ་རྗེ་སྙིང་འགྲེལ་ལས། གང་གིས་སྲོག་རླུང་ཟོས་པ་ན། །ཅིག་ཅར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་རྫུན་པའི་ཚིག །ཅེས་སོ། །ཤ་ལྔ་དང་ཆང་དང་ཡུལ་ཀུན་བསྟེན་པ་ནི་གཏི་མུག་རྣམ་པར་དག་པ་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་གི་དམ་ཚིག་སྟེ། དེ་ལ་གསུམ་ལས། དྲང་དོན་དུ་རིགས་ཀྱི་དྲེགས་ཤིང་ང་རྒྱལ་དང་གཙང་དམེའི་རྟོག་པ་གཞིག་པའི་སླད་དུ་ཡུལ་དབུས་སུ་བཟའ་བའི་དོན་དུ་གསོད་པར་མི་བྱེད་པའི་ཤ་ལྔ་གནང་བ་ལྟར་རང་གི་ལས་ཀྱིས་ཤི་བའི་ཤ་རྣམས་དམ་ཚིག་གི་རྫས་སུ་རུང་བས་བཟའ་བར་བྱ་ཞིང་། མྱོས་པའི་སྐྱོན་མེད་ན་ཆང་ཡང་བཏུང་སྟེ། བརྟག་གཉིས་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་སོ། །དེ་བཞིན་དུ་བདུད་རྩི་ལྔ་དང་གཟུགས་སོགས་ཡུལ་རྣམས་ལ་ཅི་དགར་སྤྱོད་པའི་བདེ་བ་བསྟེན་པ་རྗེས་སུ་གནང་བ་ཡིན་ནོ། །ངེས་དོན་དུ་ཤ་ལྔ་བཟའ་བ་ནི་དབང་པོ་ལྔའི་དྭངས་མ་འཆིང་བ། ཆང་འཐུང་བ་ནི་ཡས་འབབ་ཀྱི་ལྷན་སྐྱེས་ཞུ་བདེ་འཛག་མེད་དུ་འཆིང་བ། བདུད་རྩི་ལྔ་ནི་འབྱུང་ལྔའི་དྭངས་མ་བཅིངས་པ་ལས་ཞུ་བའི་ཐིག་ལེ་རྡུལ་ཕྲ་རབ་ཀྱི་ཚོགས་དག་པར་བྱེད་པ་དང་། ཡུལ་ཀུན་བསྟེན་པ་ནི་བཤང་གཅི་ཁུ་བའི་དྭངས་མ་ལྟེ་བར་ལུགས་ལྡོག་ཏུ་བརྟན་པའོ། །ཡང་ན་དེ་དག་བསྟེན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་ཏུ་བྱེད་པ་སྟེ། ཇི་སྐད་དུ། རྣམ་རྟོག་དང་ནི་ཀུན་རྟོག་གི། །དངོས་དང་དངོས་མེད་སོགས་འཁྲུལ་པ། །རྣམ་རྟོག་དྲྭ་བའི་ས་བོན་ཚོགས། །རྣམ་པར་མི་རྟོག་པ་ཡིས་བཟའ། །སྙིང་རྗེའི་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་གཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བཤད། །ཅེས་སོ། །དེ་དག་ཀྱང་དུས་འཁོར་ལས། ངེས་པར་རྡོ་རྗེའི་རིགས་ལ་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་འཕྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །ཞེས་དྲང་ངེས་ཕྱེ་ནས་གསུངས་པ་སྟེ། འདིར་གྲི་གུག་གི་རིགས་ལ་དྲང་དོན་བུད་མེད་ལ་མི་སྨོད་ཅིང་རང་ལུས་གཏོང་བ་དང་། དེ་ངེས་དོན་དུ་འཛག་མེད་ཀྱི་ཚངས་སྤྱོད་ལ་གནས་པར་བཤད་པ་མ་གཏོགས་གཞན་ལྔ་པོ་ཕལ་ཆེར་དོན་འདྲའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་དེ་རྣམས་ཀྱི་གོ་རིམ་ཡང་། ཐོག་མར་བརྟུལ་ཞུགས་ཉེར་ལྔ་བསྟན་ཏེ། དེའི་ལྔ་ཚན་དང་པོ་བཞི་སེམས་ཅན་ལ་གནོད་པ་ཤས་ཆེ་བ་དང་ལྔ་པ་ཡུལ་ལ་དབང་པོ་ཞེན་པའང་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་ཕྱི་མཚན་ཉིད་དང་ནང་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པས་ཀྱང་དོན་ལ་སྤང་དགོས་པའི་ཕྱིར། དེ་རྗེས་རིགས་ལྔའི་དམ་ཚིག་ཐུན་མོང་པ་བསྟན་ཏེ། དེའི་དངོས་བསྟན་ཕྱི་བཤད་ལྟར་ན་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་དང་སྒྲ་མཐུན་པའི་ཕྱིར། དེ་རྗེས་ཁྱད་པར་གྱི་རིགས་ལྔའི་དམ་ཚིག་རྣམས་བསྟན་ཏེ། དེའི་དྲང་ངེས་ཀྱི་བཤད་ཚུལ་གཉིས་ཀ་གསང་བ་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པའི་ཕྱིར། དེས་ན་གདུལ་བྱ་རྣམས་འཇུག་པའི་གོ་རིམ་མ་ཉམས་པའི་སྒོ་ནས་དཀྲི་ཞིང་སྤྱོད་པ་ནི་རྣལ་འབྱོར་བླ་མེད་ཀྱི་ལུགས་སུ་ཤེས་པར་བྱའོ། །གསུམ་པ་རྩ་བའི་ལྟུང་བ་བཅུ་བཞི་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། རྩ་བའི་ལྟུང་བ་བཅུ་བཞི་བསྟན་པ་ནི། །ཞེས་པ་སྟེ། དེ་ལ་སྤྱིར་ཐུན་མོང་གི་རང་བཞིན་ལ། ལྟུང་བའི་ངོ་བོ། སྒྲ་དོན། ཡན་ལག་གི་དབྱེ་བ། གྲངས་ངེས། གོ་རིམ། དབང་བཞི་སོ་སོ་ལ་ལྟོས་པའི་རྩ་ལྟུང་ངོས་བཟུང་བ་དང་དྲུག་གོ། །དང་པོ་ནི། ལུས་ངག་ཡིད་གསུམ་གྱི་ནང་ནས་ཡིད་གཙོ་བོར་གྱུར་པ་ཡིན་ཏེ། མི་དགེ་བ་གཟུགས་ཅན་དུ་འདོད་པ་ཤཱཀྱའི་སྲས་མ་ཡིན་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་ལུས་ངག་གྲོགས་སུ་དགོས་པའི་ལྟུང་བའང་ཡོད་པས་སྒོ་གསུམ་གྱི་བསྲུང་བྱ་ཞེས་བྱ་སྟེ། ཐུགས་ཐིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཞེས་སོ། །མཚན་ཉིད་ནི། སྔགས་བླ་མེད་ཀྱི་སྡོམ་པའི་མི་མཐུན་ཕྱོགས་ཀྱི་ཉེས་པ་གང་ཞིག །སྤྱད་ན་གང་བླངས་པའི་སྡོམ་པ་རྩ་བ་ནས་གཏོང་བྱེད་ཀྱི་རིགས་གནས་སོ། །གཉིས་པ་ནི། མཱུ་ལ་པཏྟིའི་སྒྲ་ལས་རྩ་བའི་ལྟུང་བ་ཞེས་པ་ལྗོན་ཤིང་གི་རྩ་བ་དང་འདྲ་སྟེ། བརྟན་ན་ཡལ་ག་ལོ་འདབ་རྒྱས་ཤིང་བཏོན་ན་ཐམས་ཅད་བསྐམས་པར་འགྱུར་བ་ལྟར། བསྲུངས་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསྐྱེེད་པའི་རྩ་བ་ཡིན་ཞིང་། མ་བསྲུངས་ན་ངན་འགྲོར་ལྟུང་བས་སྡུག་བསྔལ་གྱི་ཡང་རྩ་བར་གྱུར་པའི་ཕྱིར་རོ། །ཁོག་གཞུང་གསལ་སྒྲོན་ལས། ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་སྒྱུར། །ཞེས་སོ། །གསུམ་པ་ལ། རྟེན་གྱི། ཡུལ་གྱི། རྒྱུའི། དུས་སྐབས་ཀྱི། བསམ་པའི་ཡན་ལག་དང་ལྔ། དང་པོ་ནི། གང་ཟག་སྔགས་ཀྱི་སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པ་ཞིག་དགོས་ཏེ། སྡོམ་པ་དང་མི་ལྡན་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ཙམ་ལས་བཅས་ལྟུང་མི་བསྐྱེད་པའི་ཕྱིར་དང་། དྲན་པ་ཉམས་ན་ལྟུང་བ་མི་སྐྱེད་པར་ཐེག་པ་ཐམས་ཅད་དགོངས་པ་མཐུན་པའི་ཕྱིར་རོ། །གཉིས་པ་ནི། རྩ་ལྟུང་བཅུ་བཞི་པོ་གང་ལ་བརྟེན་ནས་འབྱུང་བའི་ཡུལ་ཏེ། རྩ་ལྟུང་དང་པོའི་ཡུལ་བླ་མ་དམ་པ་ཡིན་པ་བཞིན་ནོ། །གསུམ་པ་ནི། ལྟུང་བ་འབྱུང་བའི་སྒོ་བཞིའམ་རྒྱུ་དྲུག་སྟེ། རྩ་བའི་ས་བཅད་དྲུག་པར་འཆད་དོ། །བཞི་པ་ནི། རྩ་ལྟུང་བཅུ་བཞི་པོ་གང་རུང་ཡན་ལག་ཚང་བར་སྤྱད་ན། ཡིད་ཁོ་ནས་རྩ་ལྟུང་དུ་འགྱུར་བ་རྣམས་ཐུན་མཚམས་གཅིག་གི་ནང་དུ་གཉེན་པོས་མ་སླེབས་པ་དང་། ངག་དང་འབྲེལ་བ་རྣམས་ཕ་རོལ་པོ་གང་ཡང་རུང་བས་གོ་བ་དང་། ལུས་དང་འབྲེལ་བ་རྣམས་བྱ་བ་དེ་བྱས་ཟིན་པ་ན་རྩ་ལྟུང་དུ་འགྱུར་བ་ཡིན་ལ། སྒོ་གསུམ་གང་རུང་གཅིག་ལ་ལྟོས་པའི་རྩ་ལྟུང་གཅིག་བྱུང་ཟིན་ནས། འཕྱིས་ཅིག་ཤོས་དེ་བྱས་ཀྱང་རྩ་ལྟུང་གཉིས་པར་མི་འགྱུར་མོད། ཉེས་པ་ལྕི་བའི་ཡན་ལག་ཏུ་ནི་འགྲོ་བ་ཡིན་ནོ། །ལྔ་པ་ནི། ལྟུང་བ་སོ་སོའི་ཡུལ་དེ་ལ་དེ་ཡིན་པར་འདུ་ཤེས་མ་འཁྲུལ་བའོ། །བཞི་པ་ནི། རྩ་བའི་ལྟུང་བ་བཅུ་བཞི་སྟེ། དེ་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་ཕྱིར། ལྔ་པ་ནི། སྔགས་ཀྱི་དངོས་གྲུབ་ཀྱི་རྩ་བ་བླ་མ་དང་། དེ་ལ་བརྟེན་ནས་ལུང་གི་ཆོས་དང་། ཆོས་སྒྲུབ་པའི་གྲོགས་སྤངས་པ་སོགས་གཉེན་པོ་སྔགས་ཀྱི་གོ་རིམ་དང་། སྔ་མ་སྔ་མ་ལྕི་ཞིང་ཕྱི་མ་ཕྱི་མ་ཡང་བས་ལྕི་ཡང་གི་གོ་རིམ་ཡང་ཡིན་ནོ། །དྲུག་པ་ནི། རྩ་ལྟུང་བཅུ་བཞི་ལས་གཙོ་ཆེ་བའི་དབང་དུ་བྱས་ཏེ། ལྟུང་བ་བཅུ་གསུམ་པ་དང་ལྔ་པ་རྒྱུ་འབྲས་སུ་བྱས་ནས་གསང་དབང་དང་ཤེར་དབང་གི་དང་། ཁྱད་པར་ཤེར་དབང་གི་བཅུ་བཞི་པ། དགུ་པ་དང་བཅུ་གཅིག་པ་དབང་བཞི་པའི། ལྷག་མ་དགུ་པོ་བུམ་དབང་དང་འགལ་བའི་རྩ་ལྟུང་ཡིན་ཞིང་། དབང་ཕྱི་མ་ཕྱི་མའི་ཚེ་ན་སྔ་མ་སྔ་མ་ཐུན་མོང་དང་དབང་རང་སྐབས་ཀྱི་དེ་ཉིད་ཐུན་མིན་དུ་འགྱུར་རོ། །དེས་ན་བུམ་དབང་ཙམ་ཐོབ་པས་རང་གི་དགུ་པོ་སྤྱད་ན་རྩ་ལྟུང་དུ་འགྱུར་གྱི། དེ་ལ་གཞན་པ་ལྔ་ལ་སྤྱད་ཀྱང་རྩ་ལྟུང་དངོས་སུ་མི་འགྱུར་ཏེ། དེ་དག་སྤོང་བའི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ་བཅུ་བཞི་ལས། རྩ་ལྟུང་དང་པོ་ནི། སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་། །བརྙས་དང་ཐུགས་དཀྲུགས་ལྟུང་བའི་སྒོ་ཀུན་ལས། །ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད། །ཅེས་པ་སྟེ། སྤྱིར་སློབ་དཔོན་དྲུག་བཤད་པ་སོགས་ཡོད་པས་ལྟུང་བ་བྱེད་པ་པོ་རང་ཉིད་སྔགས་སྡོོམ་དང་ལྡན་པ་དགོས་ཀྱི། ཡུལ་བླ་མའི་ངོས་ནས་སྔགས་ཆོས་ཁོ་ནས་སྦྲེལ་བ་ཞིག་མི་དགོས་ཀྱང་། འདིར་ཁྱད་པར་གྱི་སློབ་དཔོན་ནི་རྣམ་པ་གསུམ་སྟེ། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། རྒྱུད་དགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པས་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་པའི་བཀའ་དྲིན་གསུམ་ལྡན་ནམ། །གཉིས་ལྡན་ནམ་གཅིག་ལྡན་གང་རུང་ལ། ཞེ་སྡང་ངམ་ཕྲག་དོག་གི་དབང་གིས་སྙིང་ཐག་པ་ནས་སྨ་འབེབས་པར་འདོད་པས་གང་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་སྨོད་པ་དང་། བཀུར་སྟི་མི་བྱེད་པར་བརྙས་པ་སོགས་ཀྱིས་ཐུགས་འཁྲུགས་ཏེ་མི་མཉེས་པར་བྱས་པ་དེ་ནི་རྩ་ལྟུང་དང་པོ་སྟེ། རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ཡུལ་གཉན་པར་མ་ཟད། རང་ཉིད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེ་ཉིད་མཉེས་པས་རྗེས་སུ་བཟུང་བ་ལ་རག་ལས་པའི་ཕྱིར། རྩ་ལྟུང་བཅུ་བཞིའི་ནང་ནས་ཉེས་པ་ཤིན་ཏུ་ལྕི་བས་དང་པོར་བཞག་སྟེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སོ། །དེས་ན་ཅི་མཛད་ཡོན་ཏན་དུ་བལྟ་བ་དང་ཅི་མཉེས་སྒྲུབ་པའི་སྤྱོད་པ་ལ་བསླབ་པར་བྱའོ། །གཉིས་པ་ནི། བླང་དོར་གནས་སྟོན་བདེ་བར་གཤེགས་པའི་བཀའ། །བླ་མས་གསུངས་ཤིང་རང་གིས་གོ་བཞིན་དུ། །ཁྱད་གསོད་མི་མཐུན་སྤྱོད་འབྲེལ་བཀའ་འདས་གཉིས། །ཞེས་པ་སྟེ། གདུལ་བྱ་ལ་བླང་དོར་གྱི་གནས་སྟོན་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་དང་། དེ་དང་རྗེས་སུ་མཐུན་པའི་འཇུག་ལྡོག་གི་བསླབ་བྱ་བླ་མ་དམ་པས་རང་ལ་འདོམས་པར་མཛད་པ་གང་ཡིན་ཀྱང་རུང་སྟེ། དེ་དང་དེས་གསུངས་པའི་དོན་གོ་བཞིན་དུ་ཁྱད་གསོད་ཀྱི་བློས་བཀའ་ལས་འདས་ཏེ་མི་མཐུན་པར་སྤྱོད་པའམ། དེ་དང་འབྲེལ་བ་གཞན་ལ་བཤད་ཀྱང་རུང་སྟེ། དངོས་གྲུབ་ཐམས་ཅད་སངས་རྒྱས་དང་བླ་མའི་བཀའི་རྗེས་སུ་འགྲོ་ཞིང་། དེ་ལས་འདས་པ་ནི་བླ་མ་ལ་བརྙས་པའི་འོག་ནས་ཉེས་པ་ཆེ་བས་རྩ་ལྟུང་གཉིས་པར་བཞག་གོ། །གསུམ་པ་ནི། སྤྱི་རིང་ཉེ་དང་ནང་འདྲེས་སྤུན་ལ་ཁྲོས། །འཁོན་འཛིན་ཕྲག་དོག་བརྙས་སོགས་གསུམ་པའོ། །ཞེས་པ་སྟེ། ཡུལ་ནི་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་ཏེ། དེ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉེ་ཞིང་། ཁྱད་པར་ནང་འདྲེས་ལའང་མ་གཅིག་པ་ལས་ཕ་གཅིག་པ་དང་། དེ་གཉིས་ཀ་གཅིག་པ་ལའང་དབང་ཐོབ་པའི་དུས་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང་། དུས་གཅིག་པ་མཚེ་མ་ལྟ་བུ་རྣམས་ཕྱི་རིམ་གྱིས་ཉེ་ལ། དེ་ཡང་དབང་བཞི་ཀ་རྫོགས་པར་ཐོབ་པའི་སྤུན་རྣམས་ཤིན་ཏུ་ཉེ་བ་ཡིན་ནོ། །དེ་ལྟར་ཡང་གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མེད་ཅིང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནོ། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམ་ནས་རྣལ་འབྱོར་གྱི། །དབང་པོས་གང་ལའང་བ རྙས་མི་བྱ། །ཞེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རིམ་པ་རྣམ་པར་གཞག་པ་ལས། བསྟན་དང་རྡོ་རྗེའི་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེའི་སྤུན། །དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ། །ཞེས་སོ། །དེ་ལྟར་སྤུན་དེ་རྣམས་ལ་ཡིད་ཀྱིས་ཁྲོས་ཤིང་འཁོན་ཞེ་ལ་འཛིན་པ་དང་ཕྲག་དོག་གི་བསམ་པས་ལུས་ངག་གིས་བརྙས་པ་དང་། སྐྱོན་བརྗོད་པས་དེའི་སེམས་སུན་ཕྱུང་ན་རྩ་ལྟུང་གསུམ་པའོ། །དེའང་ནང་འདྲེས་པའི་སྤུན་ཡིན་ན་རྡོ་རྗེ་ནང་དམེ་ཡིན་པས་ཤིན་ཏུ་ལྕི་ཞིང་སྦྱང་དཀའ་བའི་རིགས་སོ། །བཞི་པ་ནི། སེམས་ཅན་བདེ་བ་ཀུན་དང་བྲལ་ན་བསམ། །སྙིང་ནས་བྱམས་པ་བཏང་བ་བཞི་པའོ། །ཞེས་པ་སྟེ། ཡུལ་སེམས་ཅན་གང་ཡང་རུང་བ་བདེ་བ་དང་བྲལ་ཞིང་སྡུག་བསྔལ་དང་འཕྲད་ན་ཅི་མ་རུང་སྙམ་དུ་ཁྲོ་བོའི་བསམ་པས་སྙིང་ཐག་པ་ནས་བྱམས་པ་བཏང་བ་རྩ་ལྟུང་བཞི་པའོ། །ལྔ་པ་ནི། འདོད་ཆགས་སེམས་ཀྱིས་གནས་སྐབས་མ་ཡིན་པར། །བསམ་ཞིང་ཁུ་བ་འབྱིན་དང་སེམས་ཅན་ལ། །བྱང་ཆུབ་སེམས་བསྐྱེད་བཏང་བ་ལྔ་པ་ཡིན། །ཞེས་པ་སྟེ། བསྐྱེད་རིམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་སྨོན་སེམས་བཏང་བ་དང་། དེ་མ་བཏང་ནའང་འཇུག་པའི་རྩ་ལྟུང་ཐུན་མོང་བ་སྤྱད་པས་འཇུག་སེམས་བཏང་བ་སྤྱི་དང་། ཁྱད་པར་གསང་དབང་གི་ལམ་པས་སྐྱུག་བྲོའི་དབང་གིས་ཐབས་ཤེས་ཀྱི་ཁུ་ཁྲག་སྤངས་པ་དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་པས་གསང་དབང་བསྐུར་བའི་རྫས་དང་བདུད་རྩི་རིལ་བུ་སྒྲུབ་པའི་ཆེད་སོགས་གནང་བའི་གནས་སྐབས་བདུན་མ་ཡིན་པར་མི་འགྱུར་བའི་བདེ་བ་ལ་མ་དད་ཅིང་ཞུ་བདེ་འགྱུར་མེད་ལ་དགོས་མེད་དུ་བསམས་ནས་འདོད་ཆགས་སམ་བསླབ་པ་ཁྱད་གསོད་ཀྱིས་བསམ་བཞིན་དུ་ཁུ་བ་འབྱིན་པས་ནོར་བུའི་ཕྱིར་ལྷུངས་ན་རྩ་ལྟུང་ལྔ་པའོ། །དེ་ལ་གནང་བའི་གནས་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་བརྒྱད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་པ་ལྟར་རོ། །དྲུག་པ་ནི། ལམ་འཚོལ་མུ་སྟེགས་ལམ་ཞུགས་ཉན་རང་དང་། །ལམ་ཆེན་ཐེག་ཆེན་གྲུབ་མཐར་སྨོད་ན་དྲུག །ཅེས་པ་སྟེ། མུ་སྟེགས་ཀྱི་གྲུབ་མཐར་བཤད་པའི་དཀར་ཆོས་རྣམས་ཀྱང་ལམ་གྱི་རྟེན་མཐོ་རིས་སྒྲུབ་པས་ངན་འགྲོ་ལས་ངེས་འབྱུང་གི་ལམ་འཚོ་བའི་ཕྱིར་དང་ནང་པ་སངས་རྒྱས་པ་ལས་ཉན་རང་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ལ་ཞུགས་པ་དང་། མཐའ་གཉིས་ལས་ངེས་པར་འབྱུང་བའི་ལམ་ཆེན་པོ་ལ་ཞུགས་པ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཐམས་ཅད་ཀྱང་གསང་སྙིང་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སྔགས་ཀྱི་ཐེག་པའི་ལམ་སྟེགས་སུ་འགྱུར་བས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར། ཐེག་པ་གོང་མ་ལ་དྲང་བའི་ཆེད་སོགས་མ་ཡིན་པར་མཆོག་དམན་དུ་བཟུང་ནས་སྡང་སེམས་ཀྱིས་སྨད་ན་རྩ་ལྟུང་དྲུག་པའོ། །དེ་ལ་འདིར་གཞན་གྱི་གྲུབ་མཐའ་མུ་སྟེགས་པའི་དཀར་ཆོས་ལ་ངོས་འཛིན་པ་ནི། སྤྱིར་མུ་སྟེགས་པའི་གཞུང་དཀར་ཆོས་མ་ཡིན་ཀྱང་། དེར་བཤད་པའི་དཀར་ཆོས་ནི་སངས་རྒྱས་པའི་ཡང་དཀར་ཆོས་ཡིན་པས་སྨད་ན་ལྟུང་བར་འགྱུར་དགོས་ཏེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་དང་། འཇམ་དཔལ་གྲགས་པས། གྲུབ་པའི་མཐའ་ཡི་བློ་བསྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་འཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། །ཞེས་སོ། །བདུན་པ་ནི། སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་སྒྲོགས་བདུན། །ཞེས་པ་སྟེ། སྣོད་ཀྱིས་མ་སྨིན་པ་ལོགས་སྲེད་ཅན་དང་། ཆོ་ག་མ་བྱས་པས་མ་སྨིན་པ་བུམ་དབང་མ་ཐོབ་པ་དང་། ཆོ་ག་མ་རྫོགས་པས་མ་སྨིན་པ་མཆོག་དབང་གསུམ་མ་ཐོབ་པ་དང་། ཉམས་པས་མ་སྨིན་པ་རྩ་ལྟུང་བྱུང་ནས་འགྱོད་པས་ཕྱིར་མི་འཆོས་དང་། ཟབ་མོས་འཇིགས་པ་ཉན་རང་སོགས་དབང་པོ་མ་སྨིན་པས་ཟབ་དོན་ལ་སྐྲག་པ་སྟེ། དེ་ལྟར་ཡུལ་རྣམ་པ་ལྔ་ལ་འདུལ་བའི་དུས་དང་བསྟན་བྱ་དེ་ལ་ལྟོས་པའི་སྣོད་ཀྱི་སྐབས་མ་ཡིན་པར་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫས་དང་སྤྱོད་པ་དང་ཆོས་ཟབ་དོན་གྱི་གསང་བ་བསྒྲགས་པ། དེས་ཀྱང་གོ་བཞིན་མ་དད་པ་སྐྱེས་ན་རྩ་ལྟུང་བདུན་པའོ། །བརྒྱད་པ་ནི། ཕུང་ལྔ་སངས་རྒྱས་ལྔ་ལ་བརྙས་པ་ཡིས། །སྨོན་དང་གདུང་བ་བསྐྱེད་ན་བརྒྱད་པ་ཡིན། །ཞེས་པ་སྟེ། རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་ལྟར་ཕུང་པོ་ལྔའི་རང་བཞིན་རིགས་ལྔའི་སངས་རྒྱས་ཡིན་པ་ལྟར་དབང་དུས་སུ་ངོ་སྤྲད་ནས། དེ་འདོད་ཡོན་གྱིས་མཉེས་པར་མཆོད་པས་རྟེན་བདེ་བ་འཕེལ། དེས་བརྟེན་པ་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་པ་ལས། ཕུང་པོ་ཀུན་འབྱུང་གི་གཙོ་བོར་བཟུང་སྟེ། ལྷའི་ཁྱད་པར་སྒྲུབ་པ་སོགས་ཀྱི་དགོས་པ་མེད་པར་རང་ལུས་མི་གཙང་ངོ་ཞེས་ངག་གིས་སྨད་ཅིང་སེམས་ཀྱིས་དེ་ལྟར་བཟུང་ནས་བརྙས་པའམ་ཡན་ལག་གཅོད་པ་སོགས་ཀྱི་དཀའ་སྤྱད་དང་སྨྱུང་གནས་སོགས་དཀའ་ཐུབ་ཀྱིས་ལུས་ལ་གདུང་བ་བསྐྱེད་པར་བྱེད་ན་རྩ་ལྟུང་བརྒྱད་པའོ། །དགུ་པ་ནི། གཞི་ལམ་འབྲས་བུའི་རང་བཞིན་དག་པ་ལ། །དཀྲི་བར་ཐེ་ཚོམ་ཟ་བ་དགུ་པར་བཤད། །ཅེས་པ་སྟེ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་དབྱེར་མི་ཕྱེད་པའི་ཟུང་འཇུག་འོད་གསལ་བྱང་ཆུབ་ཀྱི་སེམས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གནས་ལུགས་སུ་བཞུགས་པར་བཤད་པ་ནི་ལམ་ལ་དཀྲི་བའི་ཆེད་དུ་སྤྲོ་བ་བསྐྱེད་པ་ཙམ་ལས་དོན་ལ་དེ་ལྟར་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བས་ཡིད་མ་ཆེས་ཏེ་མ་དད་ན་རྩ་ལྟུང་དགུ་པའོ། །བཅུ་པ་ནི། བསྒྲལ་བའི་ཞིང་བཅུ་ཚང་བ་ནུས་བཞིན་དུ། །མི་སྒྲོལ་བ་དང་བྱམས་པར་བྱེད་ན་བཅུ། །ཞེས པ་སྟེ། དེ་ལ་ཡུལ་ནི་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་པས་སྤྱིར་བསྟན་པ་ལ་གནོད་པ་བྱེད་པའི་དཀོན་མཆོག་གསུམ་གྱི་སྐུ་དགྲ་དང་། ཁྱད་པར་བླ་མའི་སྐུ་དགྲ་དང་། སྔགས་ཀྱི་དམ་ཚིག་ཉམས་ནས་གསོ་བར་མི་བྱེད་པ་དང་། སྔགས་ཀྱི་ཐེག་པར་ཞུགས་པ་ལས་ཕྱིར་ལོག་སྟེ་སྤོང་བ་དང་། བླ་མ་དང་མཆེད་ལ་ཞེ་སྡང་བས་འཁུ་བ་དང་། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་རྐུ་ཐབས་ཀྱིས་འདུས་པའི་ནང་དུ་འོངས་པ་དང་། སེམས་ཅན་ཡོངས་ལ་གནོད་པའི་ལས་བྱེད་པ་དང་། དམ་ཚིག་དང་ལྡན་པའི་དགྲར་གྱུར་པ་དང་། མི་དགེ་བའི་ལས་འབའ་ཞིག་ལ་འཇུག་པའི་སྤྱོད་པ་ངན་པའི་ངང་ཚུལ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ་དང་། སྡུག་བསྔལ་དངོས་ལ་སྤྱོད་པ་ངན་སོང་གསུམ་པོ་གཅིག་ཏུ་བསྡོམས་པས་བཅུ་སྟེ། དེ་ལྟར་བསྒྲལ་བའི་ཞིང་དུ་གྱུར་པ་དེ་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་བར་ནུས་བཞིན་དུ་ཡལ་བར་དོར་ནས་མི་སྒྲོལ་བ་དང་། དེ་ལས་ཀྱང་ཁྱད་པར་བླ་མ་དང་བསྟན་འགྲོར་འཚེ་བའི་གདུག་པ་ཅན་དེ་དག་ལོག་པའི་སྲེད་པས་རང་གི་མཛའ་བོར་བྱས་ནས་ཐ་མལ་པའི་བྱམས་པ་བྱེད་ན་རྩ་ལྟུང་སྟེ། དེས་ན་ལུས་ངག་གི་བྱམས་པ་མི་བྱེད་པར་མ་ཟད། འཕྲལ་དུ་བཟོད་པ་བསྒོམ་པའང་མི་བྱ་སྟེ། གདོང་དྲུག་གི་རྒྱུད་ལས། གདུག་པ་རྣམས་ལ་བཟློག་སྟེ་བྱ། །དངོས་སམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་གཡོ་སྒྱུས་བྱམས་པ་ལྟར་སྟོན་པ་ཁ་འཇམ་ལ་ཞེ་གདུག་པར་བྱེད་ནའང་རྩ་ལྟུང་དུ་འགྱུར་བར་དུས་འཁོར་ལས་བཤད་དོ། །བཅུ་གཅིག་པ་ནི། མིང་སོགས་བྲལ་ལ་དངོས་དང་དངོས་མེད་རྟོག །རྟོག་གེས་འཇལ་བར་བྱེད་ན་བཅུ་གཅིག་པའོ། །ཞེས་པ་སྟེ། མིང་སོགས་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་དང་། དེ་རྟོགས་པའི་ཐབས་རྣམ་པར་མི་རྟོག་པའི་ལམ་ལ་ཐེ་ཚོམ་ཟ་བས་སོ་སོ་རང་རིག་ལས་གཞན་དུ་རྟོག་གེའི་རིགས་པས་དངོས་པོའམ་དངོས་མེད་གང་རུང་དུ་སྒྲོ་འདོགས་པས་རྟོག་ཅིང་ཞེན་པར་བྱེད་ན་རྩ་ལྟུང་བཅུ་གཅིག་པ་སྟེ། གུར་ལས། ཆོས་ཉིད་ཚད་ནི་བཟུང་མི་བྱ། །ཞེས་དང་། ཤཱནྟི་པས། ཆོས་ལ་ཚད་མས་གཞལ་མི་བྱའོ། །ཞེས་སོ། །བཅུ་གཉིས་པ་ནི། དད་གསུམ་ལྡན་པའི་སེམས་ཅན་དོན་མི་བྱེད། །སེམས་མི་བསྲུང་དང་བསླུ་བ་བཅུ་གཉིས་པ། །ཞེས་པ་སྟེ། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ལ་དང་བ་དང་འདོད་པ་དང་ཡིད་ཆེས་ཀྱི་དད་པ་གསུམ་དང་ལྡན་པའི་སེམས་ཅན་ཆོས་འདོད་ཅིང་སྦྱིན་དུ་རུང་བ་ལ་མི་སྟེར་བ་ལྟ་བུ་དེའི་དོན་བྱེད་ནུས་ཀྱང་མི་བྱེད་པས་སམ། དེའི་སེམས་དང་འགལ་བ་མི་བསྲུང་བར་མི་དད་པར་རིགས་པའི་སྤྱོད་པ་བསྟན་པ་དང་ཆགས་སྡང་གིས་སྐྱོན་བརྗོད་པའམ་གཡོ་སྒྱུས་བསླུས་ཀྱང་རུང་སྟེ། དེ་ཉིད་ཀྱི་སེམས་སུན་ཕྱུངས་ནས་དད་འདུན་ལོག་ན་རྩ་ལྟུང་བཅུ་གཉིས་པའོ། །བཅུ་གསུམ་པ་ནི། སྐབས་བབས་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །དུས་ཚོད་འབྲེལ་ཀྱང་མི་སྟེན་བཅུ་གསུམ་པ། །ཞེས་པ་སྟེ། སྔགས་ཀྱི་སྤྱོད་པའི་དུས་སུ་ཚོགས་འཁོར་རིམ་དཔའ་བོ་དང་དཔའ་མོའི་སྟོན་མོ་གང་ཡིན་ཀྱང་རུང་སྟེ། དེ་དང་དེའི་ཚེ་བརྟེན་པ་སྐབས་སུ་བབས་པའི་དམ་ཚིག་གི་རྫས་རྡོར་དྲིལ་གོས་རྒྱན་སོགས་བཅང་བའི་ཡོ་བྱད་དང་། ཕྱི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཆང་སོགས་བཟའ་བཏུང་གི་ལོངས་སྤྱོད་དང་། བྲོ་གར་གླུ་ཚིག་རིག་མ་སོགས་སྤྱོད་པ་དུས་ཚོད་དང་འབྲེལ་ཀྱང་། ཉན་ཐོས་ཀྱི་བརྟུལ་ཞུགས་ལ་འཆེལ་བ་ལ་སོགས་པས་ཐེ་ཚོམ་ཟ་བའམ། མི་གཙང་བ་དང་ཉེས་དམིགས་ཀྱི་བསམ་པས་མི་བརྟེན་ཞིང་སྤངས་ན་རྩ་ལྟུང་བཅུ་གསུམ་པའོ། །བཅུ་བཞི་པ་ནི། སྤྱི་དང་བྱེ་བྲག་ལ་ལྟོས་ཤེས་རབ་མ། །ངོས་ལྐོག་སྙིང་ཚིག་སྨད་གོ་བཅུ་བཞི་པ། །ཞེས་པ་སྟེ། ཡུལ་བུད་མེད་གཅིག་གམ་དུ་མའང་རུང་སྟེ་རིགས་འདེད་པའི་སྒོ་ནས་སྤྱི་དང་། བྱེ་བྲག་སྤྱོད་པའི་དུས་ཡིན་ན་རང་གི་བརྟེན་བྱར་འགྱུར་ངེས་ལ་ལྟོས་པའི་བུད་མེད་ཤེས་རབ་ཆོས་འབྱུང་གི་རང་བཞིན་ཅན་དེ་དག་ལ་ངོས་སམ་ལྐོག་ཏུ་ཞེ་ཐག་པ་ནས་སྙིང་ཚིམ་པས་བརྙས་ཐབས་དང་སྨོད་ཚིག་བརྗོད་པ་གཞན་གྱིས་གོ་ན་རྩ་ལྟུང་བཅུ་བཞི་པའོ། །དེ་ཡང་འདིར་ཡུལ་གྱི་བུད་མེད་བླ་མེད་ཀྱི་སྡོམ་ལྡན་མ་ཡིན་པ་ཞིག་དགོས་ཏེ། སྔགས་སྡོམ་དང་ལྡན་པའི་བུད་མེད་ནི་རང་གི་བླ་མའམ་སྤུན་ལས་མི་འདའ་བས་རྩ་ལྟུང་དང་པོ་དང་གསུམ་པར་འགྱུར་བའི་ཕྱིར་རོ། །བཞི་པ་ཡན་ལག་སྦོམ་པོའི་ལྟུང་བ་ལ་བསྟན་བཤད་བསྡུ་གསུམ་ལས། མདོར་བསྟན་ནི། ད་ནི་ཡན་ལག་སྦོམ་པོའི་ལྟུང་བ་བཤད། །ཅེས་པ་སྟེ། འདི་ལ་མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། སྔགས་བླ་མེད་ཀྱི་སྡོམ་པའི་མི་མཐུན་ཕྱོགས་ཀྱི་ཉེས་པ་གང་ཞིག །སྤྱད་ན་སྡོམ་པའི་ཡན་ལག་ཉམས་བྱེད་ཀྱི་རིགས་གནས་སོ། །གཉིས་པ་ནི། རྩ་བ་བཅུ་བཞི་དང་རྗེས་སུ་མཐུན་པས་ཡན་ལག་དང་། སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་མ་ཡིན་ཀྱང་། དངོས་གྲུབ་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་ལྕི་བས་སྦོམ་པོ་ཞེས་བྱ་སྟེ། ཤིང་གི་ཡལ་ག་ཆད་ན་སྦོམ་པོ་ཉམས་པ་ལས་སླར་མི་སྐྱེ་བ་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། སྦོམ་པོའི་ལྟུང་བ་བརྒྱད་ལས། ཐོག་མ་གསུམ་རང་རྒྱུད་སྨིན་བྱེད་ཀྱི་ཡན་ལག་དང་། ཕྱི་མ་ལྔ་གཞན་རྒྱུད་སྨིན་བྱེད་ཀྱི་ཡན་ལག་གོ། །གཉིས་པ་རྒྱས་བཤད་ལ། སྦོམ་པོ་བརྒྱད་བཤད་པ་དང་། འཆད་ཚུལ་གཞན་རྣམ་གྲངས་སུ་འཕྲོས་པའོ། །དང་པོ་ནི། དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ཐང་རྩོད། །མ་གསུངས་རིག་མར་རང་སྟོབས་བདུད་རྩི་ལེན། །སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམ། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་པ་སྟེ། དབང་གིས་རྒྱུད་མ་སྨིན་ཅིང་དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པ་ཙམ་ལས་དང་པོའོ། །ཚོགས་ཀྱི་འཁོར་ལོའི་གྲལ་དུ་བླ་མའམ། རྡོ་རྗེ་སྤུན་ལ་མནར་སེམས་མེད་པར་ལུས་ངག་གིས་རྩོད་རྡེག་དང་ཁ་ཤགས་ཙམ་བྱས་ན་གཉིས་པའོ། །རྒྱུད་ལས་གསུངས་པའི་མཚན་ཉིད་མ་ཚང་བའི་རིག་མ་ཕལ་པ་ལས་རིལ་བུའམ་བདེ་བའི་རྒྱུར་བདུད་རྩི་ཆོ་ག་བཞིན་དུ་མ་ཡིན་པར་རང་སྟོབས་ཀྱིས་ལེན་པ་གསུམ་པའོ། །སྣོད་རུང་དོན་དུ་གཉེར་བའི་སློབ་མར་གསང་སྔགས་ཀྱི་ཆོས་དཔེ་མཁྱུད་ཀྱིས་མི་སྟོན་པ་བཞི་པའོ། །དད་ལྡན་ཆོས་དོན་གཉེར་གྱིས་དུས་སུ་འདྲི་བ་ལ་ཆོས་དེ་མི་སྟོན་པར་གཞན་སྟོན་པ་ལྔ་པའོ། །སྔགས་ཀྱི་ལྟ་སྤྱོད་ལ་སྐུར་པ་འདེབས་པའི་ཉན་ཐོས་དངོས་སམ་རྟོག་གེ་བའི་ནང་དུ་ཞག་བདུན་ལོངས་པར་བསྡད་པ་དྲུག་པའོ། །གསང་སྔགས་ཀྱི་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་མི་ལྡན་པར་རང་ཉིད་སྔགས་འཆང་རྡོ་རྗེ་འཛིན་པར་སྨྲ་ཞིང་རློམ་པ་ནི་བདུན་པའོ། །ནང་གི་སྣོད་མ་ཡིན་པའི་གང་ཟག་འདོད་ཅིང་དོན་དུ་གཉེར་བ་ཚོགས་བཤད་བསྟན་བྱའི་ཡུལ་ལ་ཟབ་དོན་དུས་མ་ཡིན་པར་བཤད་པ་བརྒྱད་པའོ། །དེ་དག་ཀྱང་སློབ་དཔོན་དཔའ་བོས། རབ་ཏུ་བདེ་བ་འཕྲོག་བྱེད་པ། །ཡན་ལག་ཉེས་པ་ང་ཡིས་བཤད། །དམ་ཚིག་དག་དང་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་ནི། །ཡན་ལག་ཉེས་པ་དང་པོ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། བསྙེན་སོགས་མ་བྱས་དབང་རབ་ལས་སོགས་འཇུག །ཕྱི་ཆོས་མོས་ལ་ལུས་ཀྱི་ཕྱག་རྒྱ་བསྟན། །སྡོམ་པ་གཉིས་ཀྱི་བཅས་ལས་དགོས་མེད་འདའ། །ཞེས་པ་སྟེ། བསྙེན་སྒྲུབ་མ་བྱས་པར་སློབ་མ་ལ་དབང་བསྐུར་བ་དང་རབ་གནས་དང་སྦྱིན་སྲེག་གི་ལས་ལ་བསམ་པས་འཇུག་ཅིང་སྦྱོར་བས་ཞུགས་པ་དང་། ཟབ་མོ་ལ་སྐྲག་པའི་རིགས་མ་ཡིན་ཀྱང་ཕྱིའི་ཆོས་ལ་མོས་པའི་གང་ཟག་ལ་དགོས་པ་མེད་པར་ལུས་ཀྱི་ཕྱག་རྒྱ་བསྟན་པ་དང་། སྡོམ་པ་འོག་མ་སོ་བྱང་གཉིས་ཐོབ་པའི་སྔགས་པས་ཕྱི་དྲོའི་ཁ་ཟས་ཟ་བ་ལྟ་བུ་དེ་དང་དེའི་བཅས་པ་ལས་ཚོགས་འཁོར་དང་སྦྱིན་སྲེག་སོགས་དགོས་པ་ཁྱད་པར་ཅན་མེད་པར་འདའ་བར་བྱེད་པ་སྟེ། དེ་སོགས་སྦོམ་པོའི་ངོས་འཛིན་དང་གོ་རིམ་མི་གཅིག་པ་མང་དུ་སྣང་མོད། གཞུང་འདིར་བསྡུ་བར་མཛད་པའི་སྦོམ་པོ་བརྒྱད་ནི་འཇིགས་བྲལ་དཔའ་བོ་དང་དམ་ཚིག་རྒྱ་མཚོ་ལ་སོགས་པའི་དགོངས་པ་དང་མཐུན་ལ། རྗེ་བཙུན་རིན་པོ་ཆེའི་འཁྲུལ་སྤོང་ལས་ནི་བཤད་མ་ཐག་པའི་གསུམ་པོ་རིམ་པར་སྦོམ་པོ་བརྒྱད་པ་དང་བདུན་པ་དང་དགུ་པར་མཛད་དོ། །དེས་ན་འཁྲུལ་སྤོང་གི་དགོངས་པའི་ངོ་བོ་དང་གོ་རིམ་ནི་འདི་ཡིན་ཏེ། ཇི་སྐད་དུ། ཡན་ལག་དམ་ཚིག་ཅེས་བྱ་བ། །དམ་ཚིག་དད་དང་མི་ལྡན་པའོ། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་རྣམས། །ཞེས་སོ། །གསུམ་པ་དོན་བསྡུ་བ་ནི། ཞེས་སོགས་སྦོམ་པོའི་ལྟུང་བ་དུ་མ་རྣམས། །ཡོད་ཀྱང་ཉེས་པ་ཆུང་ཞེས་དུས་འཁོར་བཤད། །ཅེས་པ་སྟེ། དེ་སོགས་སྦོམ་པོའི་ལྟུང་བ་གྲངས་མཐའ་གཅིག་ཏུ་མ་ངེས་པ་དུ་མ་དང་། ཡན་ལག་གང་རུང་མ་ཚང་བའི་ཉེས་བྱས་སོགས་མང་དུ་ཡོད་ཀྱང་ཉེས་པ་ཆུང་བར་བཤད་པས་འདིར་བཏང་སྙོམས་སུ་མཛད་དེ། དུས་འཁོར་འགྲེལ་ཆེན་ལས། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ། དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ། །ཞེས་པ་ནི་ངེས་པའོ། །ཞེས་གསུངས་པའི་ཕྱིར་རོ། ༈ །ལྔ་པ་ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་བཤད་པ་ལས། བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་སྲོལ། །ཞེས་པ་སྟེ། བསྐྱེད་རྫོགས་གསུམ་ལས། མ་ཧཱ་ཡོ་ག་མན་ཆད་དུ་བཤད་པའི་གསར་རྙིང་ཐུན་མོང་པའི་དམ་ཚིག་རྣམས་བསྟན་ཟིན་ནས། ད་ནི་གསར་མའི་རྒྱུད་རྣམས་སུ་མ་གྲགས་པས་ཁྱད་པར་བ་སྟེ། རྫོགས་པ་ཆེན་པོ་གཙོ་བོར་བྱས་པའི་སྔ་འགྱུར་གྱི་རྒྱུད་རྣམས་སུ་གསུངས་པའི་ལུགས་སྲོལ་དག་འཆད་པར་བྱའོ། །དེ་ལ་ཐོག་མར་སྤྱིའི་དོན་ཅུང་ཟད་བཤད་ན། དམ་ཚིག་གིས་དབང་། སྒྲ་དོན་དང་། དབྱེ་བའོ། །དང་པོ་ནི། བསྲུང་བྱའི་དོན་སྔགས་ཀྱི་བརྟུལ་ཞུགས་བཟང་པོ་ལས་མི་འདའ་བར་སྡོམ་པའི་ལྷག་བསམ་ཁྱད་པར་ཅན་ས་བོན་དང་བཅས་པ་གང་ཞིག །སྤྱི་དང་ཁྱད་པར་ལྷག་པ་གསུམ་གྱིས་བསྡུས་པའི་རིགས་གནས་སོ། །གཉིས་པ་ནི། ས་མ་ཡའི་སྒྲ་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་པས་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། ཀུན་འདུས་ལས། འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ལ་བསྲུངས་མ་བསྲུངས་ཀྱི་ཁེ་ཉེན་གྱིས་དམ་ཚིག་ཏུ་བཞག་པའང་ཡོད་དེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །གསུམ་པ་ལ། བསྲུང་དུ་མེད་པ་གཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གོ། །དང་པོ་ནི། ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པར་རྟོགས་པས་སྤང་བླང་བསྲུང་མཚམས་ལས་འདས་པའི་དམ་ཚིག་སྟེ། ཀུན་བྱེད་རྒྱལ་པོ་ལས། ཀྱེ། ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པས་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་བྱུང་སྟེ། །རིག་པས་དབང་སྒྱུར་བསྲུང་དང་མི་སྲུངས་མེད། །ཅེས་དང་། སྤྱི་མདོ་ལས། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་བཟུང་བར་བྱོས། །ཞེས་གསུངས། དེ་ལ་དབྱེ་ན། བདེ་འདུས་ཞི་རྒྱུད་ལས། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །དཀྱིལ་འཁོར་འདིར་ནི་གང་ཞུགས་པས། །བསྲུང་ཞིང་བསྡམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་བཟུང་བྱ་སྟེ། །ཞེས་པས་སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་གསུམ། དང་པོ་ནི། སོ་བྱང་དང་ཕྱི་རྒྱུད་ཀྱི་སྡོམ་པའི་བསྲུང་མཚམས་སུ་གྲགས་པའི་དམ་ཚིག་རྣམས་ཏེ། དེ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་ལྔ་ཚན་ལྔ་སྟེ། སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་སྒྲུབ་པ་དང་། །ཞེས་ཉི་ཤུ་རྩ་བརྒྱད་དུ་གསུངས་པ་ནི། གཞུང་དོན་རྒྱས་བཤད་ཀྱི་སྐབས་སུ་འཆད་འགྱུར་བ་ལས་ཤེས་པར་བྱའོ། །གསུམ་པ་ནི། ཞི་རྒྱུད་ལས། གཞུང་དོན་ལྷག་པའི་དམ་ཚིག་ནི། །རབ་ཏུ་ལྷག་པར་བསྲུང་བར་བྱ། །གཅན་གཟན་རྒྱལ་པོའི་ཁྲི་མི་ཞིག །ཟ་མ་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྕུག་ཕྲན་མི་འབྲེག་ཅིང་། །ཞུན་ཁོལ་ལྟ་བུ་མི་བཏུང་སྟེ། །པདྨའི་ཟེའུ་འབྲུ་ཁ་མི་གསེང་། །བུག་བརྡོལ་སྣོད་དུ་བཅུད་མི་བླུག །དོན་དང་མི་ལྡན་རྫས་མི་བརྟེན། །ཤེལ་སྒོང་འདམ་དུ་བསུབ་མི་བྱ། །མ་དག་སྣོད་དུ་དག་པ་མིན། །ཡིད་བཞིན་ནོར་བུ་མི་འབྲོག་སྟེ། །ཁྱུང་ཆེན་གཤོག་པ་ཡ་མི་འབྲལ། །གནམ་ལྕགས་ངུར་མོའི་མཚོན་མི་རྡེག །གཅན་གཟན་རོལ་པའི་ལྷག་མི་སྤྱད། །རྡོ་རྗེ་བྲག་ཆེན་མི་གཞིག་ཅིང་། །ར་བ་དྲྭ་བའི་མཚམས་མི་འདྲལ། །སྒྲོན་མེ་རླུང་གིས་བསད་པ་མིན། །ཡེ་ཤེས་ཆུ་རྒྱུན་གཅོད་པ་སྤང་། བཀའ་རྟགས་ཕྱག་རྒྱ་མི་དབྱི་ཞིང་། །རྡོ་རྗེ་ཕ་ལམ་མཁར་མི་ལྡོག །གཙུག་གི་ནོར་བུ་དམའ་མི་དབབས། །འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་པའི་དམ་ཚིག་ཡིན། །ཞེས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བ་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུ་ལྡེམ་དགོངས་ཀྱི་སྒྲས་བཤད་པ་སྟེ། རིམ་པ་ལྟར། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག་པ་དང་། བླ་མའི་ཡུམ་ལ་མི་སྤྱོད་དང་། དད་པ་ཅན་གྱི་ཚོགས་མི་བཅག་པ་དང་། དཀོན་མཆོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་བ་དང་། རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད་པ་དང་། མཚན་ངན་གྱི་གཟུངས་མ་མི་བསྟེན་པ་དང་། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ་དང་། མཁས་པའི་ཡོན་ཏན་ལ་མི་སྨོད་པ་དང་། སྣོད་མིན་ལ་གསང་ཆོས་མི་སྟོན་པ་དང་། མཚན་ལྡན་གྱི་གཟུངས་མ་དང་སྣོད་ལྡན་གྱི་སློབ་མ་མི་སྤང་བ་དང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་མི་འབྲལ་བ་དང་། མཆེད་བཀྱལ་ཁ་ཙམ་དུའང་ནང་འཐབ་མི་བྱེད་པ་དང་། གཞན་གྱིས་སྤྱད་པའི་ལྷག་མི་སྤྱོད་པ་དང་། བླ་མའི་གདན་ས་མི་རླམ་པ་དང་། རང་གཞན་གྱི་མཚམས་མི་འདྲལ་བ་དང་། ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བ་དང་། བཟླས་པ་དང་ཆོ་ག་མི་ཚིག་གིས་བར་མི་གཅོད་པ་དང་། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡའ་མི་བརྗེད་པར་བྱ་བ་དང་། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུག་ཅིང་སྐྱེ་བོའི་མཐུ་ལྡོག་མི་བྱེད་པ་དང་། སློབ་དཔོན་གཙུག་ཏུ་འཁུར་བ་ལས་ཉམས་པར་མི་བྱ་བ་རྣམས་སོ། །གཉིས་པ་རྒྱས་བཤད་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག རྩ་བ་དང་ཡན་ལག་གིས་བསྡུས་པའི་རིགས་གནས་སོ། །དེ་ལྟར་ཡང་གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །གཉིས་པ་ལ། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་གོ། །དང་པོ་ནི། རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །དགུ་དགུར་ཕྱེ་བ་ཉི་ཤུ་རྩ་བདུན་དང་། །ཞེས་པ་སྟེ། རྩ་བ་རྡོ་རྗེ་གསུམ་གྱི་དམ་ཚིག་ལ་བླ་མ་ཞེས་སྦྱར་བ་ནི་རང་གི་སྒོ་གསུམ་སངས་རྒྱས་ཀུན་འདུས་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་སྡོམ་པས་སམ། ཡང་ན་གུ་རུའི་སྒྲ་ལས་ལྕི་བ་སྟེ་ཉམས་ན་སྦྱང་དཀའ་བའི་དོན་ནོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོ་མན་ངག་སྡེའི་ལུགས་ཀྱི་དམ་ཚིག་རྣམ་པར་གཞག་པ་ཡིན་པས། རྫོགས་པ་ཆེན་པོའི་དམ་ཚིག་ནི་བསྲུང་མཚམས་ལས་འདས་པའི་ཕྱིར་ན་འདའ་ཉམས་མེད་ཀྱང་། ལམ་ཉམས་སུ་ལེན་པའི་གང་ཟག་ལས། དང་པོ་པ་རྣམས་ཀྱིས་རང་རྒྱུད་དག་པར་བྱ་ཕྱིར་སྒོ་གསུམ་རྡོ་རྗེ་གསུམ་གྱི་དམ་ཚིག་ལས་མི་འདའ་བར་བྱ་བའོ། །དེ་ལ་དབྱེ་ན། དམ་ཚིག་རྣམ་པར་བཀོད་པ་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམ་དུ་བཤད། །དེ་ལ་ཁྱད་པར་ངེས་ཕྱེ་བ། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལ་ཡང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་ཤེས། །ཞེས་པས། རྩ་བ་སྐུ་གསུང་ཐུགས་ལ་ཕྱི་ནང་གསང་གསུམ་དང་། དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བདུན་ལས། དང་པོ་སྐུའི་དམ་ཚིག་གསུམ་ཚན་གསུམ་གྱི། ཕྱིའི་ཕྱི་ནང་གསང་གསུམ་ནི། རིམ་པར་མ་བྱིན་ལེན། མི་ཚངས་སྤྱོད། སྲོག་གཅོད་གསུམ་སྤོང་བའོ། །ནང་གི་གསུམ་ནི། ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུས་ལ་སྨོད་པ། ཆོས་དང་གང་ཟག་ལ་སྨོད་པ། །རང་ལུས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་རྣམས་སྤང་བའོ། །གསང་བའི་གསུམ་ནི། རྡོ་རྗེ་སྤུན་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། རྡོ་རྗེ་མཆེད་ལྕམ་ལ་རྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ། བླ་མའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་གི་སྤྱོད་པ་བག་མེད་རྣམས་སྤང་བའོ། །གཉིས་པ་གསུང་གི་དམ་ཚིག་གསུམ་ཚན་གསུམ་གྱི། ཕྱིའི་གསུམ་ནི། རྫུན་ཚིག །ཕྲ་མ། གཞན་གྱི་ཞེར་འདེབས་ཀྱི་ཚིག་སྨྲ་བ་རྣམས་སྤང་བའོ། །ནང་གི་གསུམ་ནི། ཆོས་ཀྱི་ཚིག་སྨྲ་བ། དོན་ཡིད་ལ་བསམ་པ། གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤང་བའོ། །གསང་བའི་གསུམ་ནི། རྡོ་རྗེ་སྤུན་སྲིང་གི་ཚིག །བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག །བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་རྣམས་སྤང་བའོ། །གསུམ་པ་ཐུགས་ཀྱི་དམ་ཚིག་གསུམ་ཚན་གསུམ་གྱི། ཕྱིའི་གསུམ་ནི། གནོད་སེམས། བརྣབ་སེམས། ལོག་ལྟ་གསུམ་སྤང་བའོ། །ནང་གི་གསུམ་ནི། སྤྱོད་པ་ལོག་པ་བག་མེད། སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་རྣམས་སྤང་བའོ། །གསང་བའི་གསུམ་ནི། ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ། བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་རྣམས་སྤང་བའོ། །དེ་དག་གིས་གཞུང་དོན་དངོས་བསྟན་བཀྲལ་ཟིན་ནས། ད་ནི་འཕྲོས་དོན་རྒྱུད་ལུང་གཉིས་སུ་ཇི་ལྟར་གསུངས་པའི་རྩ་བའི་དམ་ཚིག་གསུམ་མདོ་ཙམ་བཤད་པར་བྱ་སྟེ། དེ་ལ་སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་། ཞེས་གསུངས་ཤིང་། གསང་སྙིང་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པའི་ལྔ་པོའང་རྩ་བ་གསུམ་དུ་འདུ་སྟེ། འདི་དག་མ་ཉམས་ན་ཡན་ལག་ཉམས་ཀྱང་རིམ་གྱིས་སོར་ཆུད་པར་འགྱུར་བས་རྩ་བ་དང་། དེ་ཡང་བླ་མ་དང་མཆེད་ལ་བསྲུང་བ་ནི་ཕན་འདོགས་པ་དང་གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས་སྐུའི་དམ་ཚིག་དང་། སྔགས་རྒྱ་རྒྱུན་མི་གཅོད་པ་ནི་བཟླས་བརྗོད་ཀྱི་ཡན་ལག་ཏུ་གཏོགས་པས་གཙོ་བོར་ངག་ཡིན་པའི་ཕྱིར་གསུང་དུ་བསྡུ་བར་རྒྱུད་དང་སྒྲུབ་སྡེ་གཉིས་ཀ་དགོངས་པ་མཐུན་ཞིང་། སྒྱུ་འཕྲུལ་བ་གསང་བཅུ་མི་སྨྲ་བ་ངག་ཡིན་ཀྱང་གང་གསང་བ་ནི་ཐུགས་ལ་གནས་པས་གཙོ་བོ་སེམས་ཀྱི་ཆོས་ཡིན་པའི་ཕྱིར་ཐུགས་སུ་བསྡུ་ནའང་། བདེ་འདུས་ཞི་རྒྱུད་དུ། གསང་བར་བྱ་བ་འདི་རྣམས་ཀྱང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུམ་ཀས་བསྡུས་པར་གསུངས་པ་དང་། བྱང་ཆུབ་སེམས་གསུམ་སྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་བྱང་སེམས་ཐུགས་སུ་བསྡུ་བར་གསུངས་སོ། །དེ་ལས་འདིར་བྱང་སེམས་དང་གསང་བ་མི་སྨྲ་བ་གཉིས་ཀ་ཐུགས་ཀྱི་དམ་ཚིག་ཏུ་བསྡུས་ན་བདེ་སྟེ། རྩ་བའི་དམ་ཚིག་གསུམ་དུ་བསྡུ་བའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཡང་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པ་ལྟར་ལས། དང་པོ་སྐུའི་དམ་ཚིག་གི་ཡུལ་ནི་གཉིས་ཏེ། ཞི་རྒྱུད་ལས། རྒྱུད་གྲོལ་དབང་བསྐུར་དེ་ཉིད་བསྟན། །བླ་མ་ཉིད་དང་ལྷན་ཅིག་གྲོགས ། །ལུས་ངག་ཡིད་ཀྱིས་བཀུར་བ་ནི། །རྡོ་རྗེ་སྐུ་ཡི་དམ་ཚིག་གོ། །ཞེས་སོ། །དེ་ལས་བླ་མ་བཀུར་བ་ལ། ཡུལ་གྱི་དབྱེ་བ་སྤྱིར་ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཐོབ་པ་སྤྱིའི་སློབ་དཔོན། རང་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སློབ་དཔོན། དམ་ཚིག་འབོགས་ཤིག་དབང་བསྐུར་བ་པོ་དམ་ཚིག་དབང་གི་སློབ་དཔོན། ཉེས་ལྟུང་བཤགས་ཡུལ་དུ་གྱུར་པ་ཉམས་ཆགས་སྐོང་བའི་སློབ་དཔོན། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་སློབ་དཔོན། ཟབ་མོའི་གདམས་པ་སྟོན་པའི་བླ་མ་ལྟ་བུ་མན་ངག་ལུང་གི་སློབ་དཔོན་དང་དྲུག་སྟེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་པའི་སློབ་དཔོན་དྲུག་ཇི་ལྟར་བཀུར་ཚུལ་གྱི་དཔེ་ཡང་རིམ་བཞིན་དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་དང་། ཁྱད་པར་ཞི་རྒྱུད་ལས་གསུངས་པ་ལྟར་དབང་བསྐུར། རྒྱུད་བཤད། མན་ངག་ནོད་པའི་སློབ་དཔོན་གསུམ་ནི། སངས་རྒྱས་ལས་ལྷག་པའམ། མཉམ་པའམ། དཀོན་མཆོག་བཞི་པར་བལྟ་བ་གང་རུང་གིས་སྒོ་གསུམ་གཡོ་ཟོལ་མེད་པས་ཐུགས་ཅི་མཉེས་དང་བཀའ་ཅི་གསུང་སྒྲུབ་པའི་སྒོ་ནས་བཀུར་བར་བྱའོ། །གཉིས་པ་མཆེད་ལ་བྱམས་པར་བྱ་བ་ནི། སྔར་བཤད་པ་ལྟར་སྤྱི་རིང་ཉེ་བ་འདྲེས་པའི་མཆེད་བཞི་དང་། དེ་རྣམས་ལས་ཀྱང་ཡང་དག་ལམ་དུ་ཞུགས་པའི་མཆེད་ཕྱི་མ་གསུམ་དང་། དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ལྷག་པར་ཡང་གཉན་པར་ཤེས་པའི་རིམ་པས་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་ཞིང་གདུང་བས་བྱམས་པར་བྱ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མི་སྲིང་དགོས་པ་སྒྲུབ། །ཅིའི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །གཉིས་པ་གསུང་གི་དམ་ཚིག་ནི། ཞི་རྒྱུད་ལས། རང་གི་ཡི་དམ་ལྷ་མཆོག་གི། །སྔགས་དང་ཕྱག་རྒྱ་རབ་འཛིན་པས། །དུས་ཀུན་ཏུ་ནི་རྒྱུན་མི་གཅོད། །རྡོ་རྗེ་གསུམ་གྱི་དམ་ཚིག་ཡིན། །ཞེས་དང་། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་བརྩོན་པ་རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ་ཉིན་མཚན་གྱི་ཐུན་ལ་གནས་པ་དང་། འབྲིང་གིས་ཟླ་བ་ངོ་རེར་དུས་དྲུག་གམ་བཞི་ལ་སོགས་པ་དང་། ཐ་མས་ཀྱང་ལོ་ཟླའི་དུས་མཆོད་ཀྱི་རྒྱུན་མ་ཆག་པར་བྱ་སྟེ། དེ་ཉིད་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་གཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་སོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ལ་གཉིས་ལས། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤང་བའི་དམ་ཚིག་ནི། ཡུལ་ལྷག་པ་དོན་དམ་དང་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་གཉིས་ཡིན་ལ། དེ་མི་སྤོང་བའི་ཚུལ་ནི། ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་གནས་ལུགས་རྟོགས་པ་ལྟ་བའི་དམ་ཚིག །དེ་ཉིད་སྤང་ཐོབ་མེད་པར་མངོན་དུ་གྱུར་པའི་འབྲས་བུ་ལ་དམིགས་པ་སྨོན་པ་དང་། དེ་སྒྲུབ་པའི་ཕྱིར་རང་གནས་ཀྱི་ཡེ་ཤེས་དང་རྗེས་སུ་མཐུན་པར་སྒོ་གསུམ་སྤྱོད་ཡུལ་དང་བཅས་པའི་སྣང་བ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བས་གང་ཤར་དག་པའི་སྣང་བར་ལམ་དུ་ཁྱེར་བ་འཇུག་པའི་སེམས་ལ་བསླབ་པར་བྱ་བ་སྟེ། ཞི་རྒྱུད་ལས། ཇི་ལྟར་སྨོན་དང་འཇུག་པ་ཡིས། །བྱང་ཆུབ་སེམས་གསུམ་སྒོམ་པ་ནི། །ཞེས་དང་། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །གཞན་ལས་བླ་ན་མེད་པའི་དཀོན་མཆོག་གསུམ་མི་སྤང་བར་བཤད་པ་དང་ཡང་གནད་གཅིག་སྟེ། དཀོན་མཆོག་འགྲེལ་ལས། འདི་ལྟར་སངས་རྒྱས་དང་དགེ་འདུན་ནི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་པས། དེ་བས་ན་ཡེ་ཤེས་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པ་ཡིན་པ་དང་། དོན་དམ་པར་སྤྲོས་པ་ཞི་བའི་ཕྱིར་གཉིས་སུ་མེད་དེ། དེ་ལྟ་བུའི་དོན་གྱིས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེའི་རྟགས་ཀྱི་ཕྱག་རྒྱ་ནི་ལྷའི་སྐུ་སྟེ་དེ་བས་ན་ལྷའི་སྐུ་གཅིག་པུ་བསྒོམས་པས་གཞུང་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་དེ་བཞིན་ཏེ། །ཞེས་གང་གསུངས་པའི་བླ་མ་མ་གཏོགས་པ་གསུམ་འདུས་པར་གྱུར་པ་ཡིན་ནོ། །ཞེས་སོ། །གཉིས་པ་གསང་བ་མི་སྨྲ་བ་ལ། ཡུལ་ནི་ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་པས་གང་གསང་བྱ་ལ་ལྟོས་ནས་དེ་རྣམས་ཀྱི་བྱེ་བྲག་དབྱེ་ཤེས་པར་བྱའོ། །ཇི་ལྟར་གསང་བ་ནི། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་པ་ལས། སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱི་གསང་རྣ མ་པ་བཞི་ཡིན་ནོ། །ཞེས་པའི་ལྟ་བ་ཟབ་མོ་ནི་བློ་དམན་དབང་པོ་མ་སྨིན་པ་རྣམས་དང་། སྤྱོད་པ་ནི་གསར་དུ་ཞུགས་པ་རྣམས་ལ་གསང་ངོ་། །ཡི་དམ་གྱི་ལྷའི་མཚན་དང་། དེའི་སྔགས་དང་། དེ་གྲུབ་པའི་རྟགས་རྣམས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པ་ལའང་རང་དགར་བསྟན་ན་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས་གང་དུ་འདུ་བའི་གནས་དང་། འདུ་བའི་དུས་སོགས་ཚོགས་སྒྲུབ་གསང་བའི་སྤྱོད་པ་ལ་ཞུགས་པའི་བར་དེ་སྲིད་དུ་གསང་ངོ་། །གསང་བར་འོས་པ་ནི། ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྤྱོད་པ་དང་དམ་རྫས་མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་དང་། གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་གསང་བར་བཀའ་རྒྱས་བཏབ་པ་རྣམས་སོ། །དེ་ལྟར་ཡང་ཞི་རྒྱུད་ལས། གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། །གསང་བར་བསྒྲགས་དང་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང་། །ཞེས་སོ། །དེ་ལྟར་གསང་བ་བཅུ་པོ་རང་རང་གི་ཡུལ་དང་དུས་ཀྱི་དམིགས་ངེས་པས་ཤིན་ཏུ་གསང་བར་བྱའོ། །དེ་ཡང་བྱང་སེམས་དང་སྔགས་རྒྱ་གཉིས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དམ་ཚིག་ཡིན་ལ། བླ་མ་བཀུར་ཞིང་མཆེད་ལ་བྱམས་པ་གཉིས་ནི་ཐུགས་དང་འགལ་བ་བསྲུང་བ་དང་། གསང་བ་མི་སྒྲོག་པ་དེའི་གྲོགས་སུ་བསྲུང་བར་བྱ་བ་གཙོ་ཆེ་བས་བསྲུང་བའི་དམ་ཚིག་གོ་ཞེས་རོང་ཟུར་གྱི་བཀའ་སྲོལ་ལས་འབྱུང་ཞིང་། ཀུན་མཁྱེན་ཆེན་པོ་ནི། དངོས་གྲུབ་ཀྱི་རྩ་བ་བླ་མ་ཡིན་ལ། དེ་མཉེས་ན་དངོས་གྲུབ་འབྱུང་བས་བླ་མ་བསྟེན་པ་སྒྲུབ་པའི་དམ་ཚིག་སྟེ། མཉམ་སྦྱོར་ལས། སྒྲུབ་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་བླ་མ་མི་སྤང་ཞིང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཅེས་གསུངས་པས་སོ་ཞེས་བཞེད། དེ་ལྟར་སྐུ་གསུང་ཐུགས་རེ་རེ་ལའང་གསུམ་གསུམ་དུ་གྱུར་ཏེ། བླ་མ་བཀུར་བ་ལྟ་བུ་ལ་ལུས་ཀྱིས་བཀུར། ངག་གིས་བསྟོད། ཡིད་ཀྱིས་གུས་པར་བྱ་བ་བཞིན་དུ་གཞན་ལའང་རིགས་འགྲེ་བའི་ཕྱིར་རོ། །མདོར་ན་འགྲོ་བ་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པ་རྡོ་རྗེའི་བདག་ཉིད་ནི་ཆོས་ཀུན་གྱི་སྲོག་དང་བསླབ་པ་ཐམས་ཅད་ཀྱི་གཞིར་གྱུར་པ་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱས་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་ཤིན་ཏུ་བརྩོན་པས་བསྲུང་བར་བྱའོ། །དེ་ལྟར་ཡང་སྙིང་པོ་ལས། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་དང་། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ནི། །ཞེས་པས་རྩ་བའི་གྲོགས་སམ་ཐབས་སུ་གྱུར་པ་ཡན་ལག་གི་དམ་ཚིག་ལྔ་ཚན་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་སྟེ། སྤྱི་མདོ་ལས། སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་སྒྲུབ་པ་དང་། །ཞེས་དང་། གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། །རྒྱས་བཤད་ལ་ལྔ་ཚན་ལྔ་ལས། དང་པོ་སྤྱད་པར་བྱ་བ་ལྔ་ནི། ཏ་ན་ག་ཎ་མ་བྱིན་ལེན་དང་རྫུན། །ངག་འཁྱལ་རྣམས་ནི་སྤྱད་པར་བྱ་བ་ལྔ། །ཞེས་པ་སྟེ། འདི་དག་རང་དོན་གྱི་ཞེན་འཁྲིས་མེད་ཅིང་ཐབས་ལ་མཁས་པས་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་སྟེ། ཞིང་བཅུ་སྒྲོལ་བའི་ཕྱིར་སྲོག་གཅོད་པ་ནས། །སློབ་བུ་མ་རུངས་པའི་རྒྱུད་འཆོས་པའི་ཕྱིར་ངག་འཁྱལ་ལས་ཞེ་གཅོད་ཀྱི་བརླང་ཚིག་སྨ་བའི་བར་གནང་བའི་ཕྱིར་ཏེ། ཞི་རྒྱུད་ལས། སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། །རྫུན་དང་ངག་བརླང་བརྗོད་པ་རྣམས། །ཐབས་མཆོག་ངེས་པས་ཟིན་པ་ཡིན། །གནས་སྐབས་དག་ཏུ་ཤེས་པར་བྱ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་གསུངས་པའི་ཕྱིར། སྦས་དོན་དུ་སྲོག་ནི་རླུང་སྟེ་དབུ་མར་འགོག་པའམ་གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱི་གཅོད་པ། བཙུན་མོའི་ཤུ་དྲ་མ་བྱིན་པར་ལེན་པ། ཁ་སྦྱོར་ལས་ཞུ་བདེ་འགྱུར་མེད་སྒྲུབ་པའི་འདོད་སྤྱོད། འཁོར་བ་མེད་སྣང་ལས་འགྲོ་བ་སྒྲོལ་བའི་རྫིན་ཚིག །བརྗོད་མེད་རྟོགས་པས་གབ་སྦས་མེད་པར་སྨྲ་བའི་བརླངས་ཚིག་རྣམས་སོ། །གཉིས་པ་མི་སྤང་བ་ལྔ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལྔ་ནི་མི་སྤང་དམ་ཚིག་ལྔ། །ཞེས་པ་སྟེ། འདི་ལ་གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་ཡང་ལོག་གཉིས་སུ་བཤད་པ་ལས། ལོག་པའི་དུག་ལྔ་ནི། དུག་ལྔ་རང་མཚན་པ་རྣམས་ཡིན་ལ། དེ་ཡང་ཉན་ཐོས་པ་ལྟར་དགྲར་བལྟས་ནས་མི་སྤོང་ངོ་། །ཅིའི་ཕྱིར་ན། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་མི་སྤང་སྟེ། སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ནོ། །དེ་ལྟར་ཡང་རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་དྲྭ་ངོ་བོས་སྟོང་། །རང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་སོ། །ཡང་ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་བར་མ་ཟད་རྣམ་པར་གྲོལ་བའི་མྱུར་ལམ་ཡིན་པས་ཀྱང་མི་སྤང་སྟེ། རྣ་བར་ཆུ་ཞུགས་པ་ཆུས་འགུགས་པ་བཞིན་ནོ། །རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཉོན་མོངས་པ་ལྔ་ཡེ་ནས་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ཀྱང་མི་སྤང་སྟེ། སྣུམ་འདོད་པས་ཏིལ་འབྲུ་སྒྲུབ་པ་བཞིན་ནོ། །ཐབས་ཞགས་ལས། གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །བསྲུང་བ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །ཞེས་པའི་འགྲེལ་པར་སློབ་དཔོན་ཆེན་པོ་པདྨས། གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། མ་རིག་པ་ནི་སྤང་དུ་མེད། རིག་པ་ནི་སྒྲུབ་ཏུ་མེད་དེ། ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་པ་དང་། ཞི་རྒྱུད་ལས་ཀྱང་། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་སོ། །སྦས་དོན་ཡང་དག་པའི་དུག་ལྔ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱི་འབྱེད་པ་མེད་པའི་གཏི་མུག །དེ་ལྟར་མ་རྟོགས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་རྟོགས་གོམས་ཀྱི་ཐབས་ཀྱིས་མི་སྤོང་བའོ། །གསུམ་པ་དང་དུ་བླང་བ་ལྔ་ནི། དྲིན་ཆེན་དྲི་ཆུ་རཀྟ་མཱཾ་ས་དང་། །རྡོ་རྗེ་ཟིལ་པ་དང་དུ་བླང་བ་ལྔ། །ཞེས་པ་སྟེ། དམ་རྫས་བདུད་རྩི་ལྔ་ནི། ཆོས་ཉིད་རང་བཞིན་དང་། རང་གི་ངོ་བོ་དང་། མཐུ་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པའི་རྫས་ཁྱད་པར་ཅན་ཡིན་པས་མི་དོར་བར་དང་དུ་བླང་བར་བྱའོ། །ཅིའི་ཕྱིིར་ཞེ་ན། ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་གཙང་དམེའི་རྟོག་པ་མེད་པའི་ཕྱིར་དང་དུ་བླང་སྟེ། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་བསྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་སོ། །ནད་ལྔ་སེལ་ཞིང་ཐུན་མོང་གི་ཡོན་ཏན་ལྔ་འབྱུང་བ་དང་རིགས་ལྔ་ཡེ་ཤེས་ལྔ་སྒྲུབ་པའི་དམ་རྫས་ཁྱད་པར་ཅན་ཡིན་པས་ཀྱང་དང་དུ་བླང་སྟེ། བྱང་སེམས་དཀར་པོས་ཚ་བའི་ནད་སེལ་བ་དང་མི་བརྗེད་པའི་གཟུངས་ཐོབ་པའི་ཡོན་ཏན་འབྱུང་ཞིང་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་འགྲུབ་པར་བྱེད་དོ། །དེ་བཞིན་དུ་རཀྟས་གྲང་ནད་སེལ། བཀྲག་མདངས་གསལ། པདྨའི་རིགས་སོར་རྟོག །དྲི་ཆེན་གྱིས་དུག་ནད་སེལ། ཚེ་རིང་། བུདྡྷའི་རིགས་ཆོས་དབྱིངས། དྲི་ཆུས་གག་པ་སེལ། སྐད་སྙན། ལས་རིགས་བྱ་གྲུབ། ཤ་ཆེན་གྱི་དྭངས་མས་མཛེ་ནད་སེལ། མཐུ་ཆེ། རིན་ཆེན་རིགས་མཉམ་ཉིད་ཡེ་ཤེས་སོ། །དེ་ལྟར་ཡང་གསལ་བཀྲ་ལས། ནད་ལྔ་བསལ་ཕྱིར་བླང་བ་དང་། །གཙང་དམེའི་རྟོག་པ་སྦྱང་ཕྱིར་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་གྲུབ་པའི་ཡོན་ཏན་དང་། །སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ། །ཅེས་སོ། །སྦས་དོན་དུ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བས་དང་དུ་བླང་བའོ། །བཞི་པ་ཤེས་པར་བྱ་བ་ལྔ་ནི། ཕུང་ལྔ་འབྱུང་ལྔ་ཡུལ་ལྔ་དབང་པོ་ལྔ། །ཁ་དོག་ལྔ་རྣམས་ལྷ་རུ་ཤེས་པ་ལྔ། །ཞེས་པ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པས་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་པོ་དང་དབང་ཤེས་ལྔ་སེམས་དཔའ། ཡུལ་ལྔ་སེམས་མ། ཁ་དོག་ལྔ་རིགས་ལྔ་ཡེ་ཤེས་ལྔ་སོགས་ལྔ་ཚན་གྱི་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་ཤེས་པར་བྱེད་པ་སྟེ། དམ་ཚིག་གསུམ་བཀོད་ལས། དང་པོར་ཤེས་པར་བྱ་བའི་དམ་ཚིག་ནི། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། །ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། །ཞེས་སོ། །ལྔ་པ་བསྒྲུབ་པར་བྱ་བ་ལྔ་ནི། དེ་བཞིན་གཤེགས་དང་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་རིགས་བསྒྲུབ་བྱ་ལྔ་རྣམས་ནི། །དུས་ཚོད་འབྲེལ་བའི་སྤྱོད་པས་དགོངས་པ་བླང་། །ཞེས་པ་སྟེ། ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་དེ་རྟོགས་གོམས་ཀྱི་སྦྱོར་བས་རང་རྒྱུད་ལ་ཚུལ་བཞིན་དུ་སྒྲུབ་པའི་ཐབས་ལ་བརྩོན་པར་བྱེད་པ་སྟེ། ཞི་རྒྱུད་ལས། སངས་རྒྱས་རྡོ་རྗེ་སེམས་དཔའ་དང་། །རིན་ཆེན་འབྱུང་ལྡན་འོད་དཔག་མེད། །དོན་ཡོད་པ་དང་རྣམ་སྣང་མཛད། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡིས་རབ་ཏུ་སྒྲུབ། །ཅེས་སོ། །དེ་ལ་ཤེས་པར་བྱ་བ་ལྟ་བའི་དམ་ཚིག །དེ་ལྟར་རྟོགས་ནས་སྒྲུབ་པར་བྱེད་པ་སྒོམ་པའི་དམ་ཚིག །སྤྱད་དང་མི་སྤང་དང་དུ་བླང་བ་གསུམ་པོ་ཕྱི་བཤད་ལྟར་ན་སྤྱོད་པའི་དམ་ཚིག་གཙོ་ཆེ་བ་ཡིན་ལ། དེ་བས་ན་ལས་དང་པོ་པ་དང་། ཉམས་མྱོང་ཅུང་ཟད་སྐྱེས་པ་སོགས་ལྟ་དགོངས་ཀྱི་གདེངས་དང་ཚོགས་དབེན་ལ་སོགས་པའི་ཡུལ་དུས་ཀྱི་གནས་སྐབས་བརྩིས་ནས་དུས་ཚོད་དང་འབྲེལ་བའི་དགོངས་པ་བླངས་ཏེ་རིམ་པ་མ་ནོར་བར་སྤྱད་པར་བྱ་བ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་སོགས་དམ་ཚིག་རྣམ་གཞག་མང་གསུངས་པ། །རྩ་བ་ཡན་ལག་བཅས་འདིར་མ་འདུས་མེད། །མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་པ་སྟེ། གོང་དུ་ཇི་སྐད་བཤད་པ་དེས་མཚོན་ཏེ་སོགས་ཁོངས་ནས། སྒྱུ་འཕྲུལ་རྩ་རྒྱུད་སྙིང་པོ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་བཅོ་ལྔ་ལས་རྣམ་གྲངས་སུམ་བརྒྱ་དྲུག་ཅུར་སྤྲོས་པ་དང་། བཤད་རྒྱུད་རྒྱས་པའི་ལེའུ་དོན་གཉིས་པར་སྤོང་བ་རྡོ་རྗེ་ལ་སོགས་པའི་གཙོ་བོར་ཤེས་པར་བྱ་བའི་དམ་ཚིག་དགུ་བཅུ་རྩ་བདུན་དང་། སྤྱི་མདོའི་ལེའུ་རེ་དྲུག་པར། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་དམ་ཚིག་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤོང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་དགུར་ཕྱེ་བ་དང་། གཞན་ཡང་རྒྱུད་སྡེ་སོ་སོར་རྩ་བ་དང་ཡན་ལག་གིས་བསྡུས་པའི་བསྲུང་བའི་དམ་ཚིག་དང་། ཏིང་ངེ་འཛིན་དང་སྤྱོད་ལམ་དང་བཟའ་བའི་དམ་ཚིག་དང་། མི་འབྲལ་བའི་ཡོ་བྱད་ཀྱི་དམ་ཚིག་སོགས་དམ་ཚིག་གི་རྣམ་གཞག་མང་པོ་ཞིག་གསུང་ནའང་། དེ་ཐམས་ཅད་རྩ་བ་དང་། ཡན་ལག་གི་དམ་ཚིག་ཏུ་མ་འདུས་པ་མེད་དེ། གང་སྤྱད་ན་སྔགས་སྡོམ་གཏོང་བའི་རིགས་དང་། མི་གཏོང་ནའང་ཡན་ལག་ཉམས་པར་བྱེད་པའི་རིགས་གཉིས་སུ་འདུས་པའི་ཕྱིར་རོ། །འོ་ན་གསར་རྙིང་ཐུན་མོང་བའི་རྩ་ལྟུང་བཅུ་བཞི་དང་སྔ་འགྱུར་བའི་ཁྱད་པར་གྱི་རྩ་བའི་དམ་ཚིག་ལྔ་པོ་མི་འགལ་ལམ་སྙམ་ན། མི་འགལ་ཏེ། བཅུ་བཞི་པོ་ལྔ་པོའི་ཁོངས་སུ་འདུས་པའི་ཕྱིར། ཇི་ལྟར་འདུས་ན། བླ་མ་བཀུར་བའི་ནང་དུ་རྩ་ལྟུང་དང་པོ། གཉིས་པ། དྲུག་པ་རྣམས་འདུས་ཏེ། བླ་མ་ལ་བརྙས་པ་ནི་བཀུར་བའི་མི་མཐུན་ཕྱོགས་དང་། བཀའ་འདས་ནི་དེའི་གསུང་ལས་འགོངས་པ་དང་། རང་གཞན་གྱི་གྲུབ་མཐའ་ལ་སྨོད་པའང་བཀའ་འདས་ཀྱི་ནང་ཚན་ཡིན་པའི་ཕྱིར། མཆེད་ལ་བྱམས་པའི་ནང་དུ་གསུམ་པ། བཞི་པ། བཅུ་པ། བཅུ་གཉིས་པ། བཅུ་བཞི་པ་རྣམས་འདུས་ཏེ། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། མཆེད་བྱེ་བྲག་པ་ལ་བྱམས་པའི་མི་མཐུན་ཕྱོགས་དང་། སེམས་ཅན་ལ་བྱམས་པ་སྤོང་བ། སེམས་སུན་འབྱིན་པ། བུད་མེད་ལ་སྨོད་པ་རྣམས་སྤྱིའི་མཆེད་ལ་བྱམས་པ་སྤོང་བའི་མི་མཐུན་ཕྱོགས་དང་། བཅུ་པའང་ཐ་མལ་གྱི་བྱམས་པ་ལྟར་སྣང་བས་དོན་ལ་འདུལ་ནུས་ནའང་མི་འདུལ་བས་བྱམས་པ་བཏང་བ་ཡིན་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤོང་བ་རྟོགས་གོམས་ཀྱི་དམ་ཚིག་དང་། སྔགས་རྒྱ་རྒྱུན་མི་བཅད་པའང་དེའི་སྒོམ་པའི་དམ་ཚིག་ཇི་ལྟར་སྒྲུབ་པའི་ཐབས་ཡིན་པས་དེ་གཉིས་ཀྱི་ནང་དུ། ལྔ་པ། བརྒྱད་པ། དགུ་པ། བཅུ་གཅིག་པ་རྣམས་འདུས་ཏེ། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། མིང་སོགས་བྲལ་བ་དེར་རྟོག །ཕུང་ལྔ་སངས་རྒྱས་ཡིན་ཚུལ་ནས་ལྟ་བའི་དམ་ཚིག་དང་། ཕྱི་མ་གཉིས་ཀྱི་ཕྱོགས་གཅིག་རྣམ་པར་མི་རྟོག་པའི་ལམ་ལ་རྟོག་པ་དང་། ཡེ་ཤེས་སྐྱེ་བའི་རྒྱུ་ཕུང་པོ་ལ་མི་མཆོད་པ་གཉིས་དང་། བསྐྱེད་རྫོགས་སོ་སོའི་ལམ་པས་ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྤྱི་དང་ཁྱད་པར་བ་སྤོང་བ་རྣམས་སྒོམ་པའི་དམ་ཚིག་ཡིན་པའི་ཕྱིར་རོ། །གསང་བའི་དོན་ཕྱིར་མི་སྨྲ་བའི་ནང་དུ། བདུན་པ་མ་སྨིན་པ་ལ་གསང་བ་སྒྲོག་པ་དངོས་སུ་འདུ་ཞིང་། བཅུ་གསུམ་པ་དམ་རྫས་ཇི་བཞིན་མི་བསྟེན་པའང་། གསང་སྤྱོད་ཀྱིས་བསྟེན་བྱ་ཡིན་པའི་ཕྱོགས་ནས་གསང་བར་འོས་པའི་ནང་དུ་འདུ་བས་འདིར་བསྡུ་བའམ། ཡང་ན་བཅང་བ་དང་བཟའ་བ་དང་གླུ་གར་སོགས་སྤྱོད་པའི་ཡོ་བྱད་རྣམས་སྒོམ་པའི་གྲོགས་སུ་བསྟན་བྱ་ཡིན་པས་སྔགས་རྒྱའི་ཁོངས་སུ་བསྡུས་ཀྱང་མི་འགལ་ལོ། །དེ་ཐམས་ཅད་མདོར་བསྡུ་ན། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །ཞེས་སོགས་གསུངས་པ་ལྟར་རང་གི་རྡོ་རྗེའི་ལུས་གཉུག་མའི་རྩ་རླུང་ཐིག་ལེ་ཡེ་ཤེས་དང་བཅས་པ་གདོད་མ་ནས་སྐུ་གསུང་ཐུགས་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་དེ་རྟོགས་པར་གྱུར་པ་ན་སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་བསྒྲུབ་པ་དང་། །མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པ་རྣམ་པ་བཅུ། །རྩ་བ་འདི་ལས་འབུམ་ཕྲག་འབྱུང་། །ཞེས་འཕྲོ་གཞི་རྩ་བ་བཅུ་ལས་ས་མ་ཡ་འབུམ་སྡེར་སྤྲོས་པ་དང་། སྙིང་པོ་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །ཞེས་བསམ་གྱིས་མི་ཁྱབ་པར་སྤྲོས་པ་དེ་ཐམས་ཅད་འདུས་ཤིང་རྣམ་པར་དག་པར་འགྱུར་བ་ཡིན་ནོ། ༈ །ལྔ་པ་སྐྱེ་བའི་རྟེན་ནི། སྐྱེ་བའི་རྟེན་ནི་ཉིན་བཞིན་བྲམ་ཟེ་གསོད། །མཚམས་མེད་ལྔ་བྱེད་ལ་སོགས་ཀུན་ལའོ། །ཞེས་པ་སྟེ། རྡོ་རྗེ་ཐེག་པའི་ལམ་གྱིས་གསར་དུ་བསྒྲུབས་པས་མཆོག་འགྲུབ་པའི་རྟེན་ནི། གཙོ་བོར་ཁམས་དྲུག་ལྡན་གྱི་མི་ཡིན་པར་བཤད་དེ། དྲི་མེད་འོད་ལས། སྐྱེ་བ་འདིའི་ཞེས་པ་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །ཞེས་སོ། །འོ་ན་ཚོགས་གཉིས་བསགས་པ་སྔོན་དུ་སོང་བའི་མིའི་རྟེན་ཅན་ཞིག་གི་དབང་དུ་བྱས་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ། མཚོན་རྟུལ་པོས་ཤིང་སྡོང་ཆོད་པ་ལ་ཡུན་རིང་ཐོགས་པ་དེ་མཚོན་རྣོན་པོས་སྐད་ཅིག་ལ་ཆོད་པ་ལྟར་མཚན་ཉིད་ཐེག་པས་ཚེ་རབས་མང་པོར་ཚོགས་བསགས་ནས་འབྲས་བུ་སྒྲུབ་དགོས་པ་དེ་སྔགས་ཀྱི་ཐེག་པ་འདིར་སྔོན་བསགས་རྒྱབ་ཅན་མ་ཡིན་པར་མ་ཟད། ཐེག་པ་གཞན་དུ་སྤངས་པའི་གདུལ་བྱ་མཚམས་མེད་སོགས་སྡིག་པ་རྔམས་པོ་ཆེའི་ལས་བྱེད་བཞིན་པ་ཞིག་ཡིན་ཀྱང་། དབང་རྣོན་སེམས་སྟོབས་ཆེ་ན་སྔགས་ལམ་གྱིས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་འགྲུབ་སྟེ། ཐབས་ཟབ་ཅིང་མང་བའི་གནད་ཀྱིས་སོ། །དེ་ལྟར་ཡང་དམ་པ་དང་པོའི་རྒྱུད་ལས། གདོལ་པ་སྨྱིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་དང་། གདན་བཞི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང་། འདུས་པ་ལས་ཀྱང་། སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེ་ཐེག་པ་རྒྱ་མཚོ་དེར། །ཐེག་པ་མཆོག་ནི་འདི་ལ་གྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ་། །འོན་ཀྱང་སྐལ་ལྡན་ལས་འཕྲོ་ཅན་བསགས་པ་ཡང་རབ་ཡིན་ན་ནི། མིའི་རྟེན་ཅན་ཁོ་ན་དགོས་པའི་ངེས་པ་མེད་དེ། རྒྱུད་སྡེ་རྣམས་ལས་ལྷ་དང་ལྷ་མིན་སོགས་རྒྱུད་མཉན་པའི་སྣོད་དུ་བསྡུས་པ་དང་། གསང་བདག་གིས་སྔགས་ཀྱི་ཐེག་པ་གསུངས་པའི་གདུལ་བྱའི་གཙོ་བོ་དྲྭ་མ་ལྔ་ལས་ལི་ཙ་བཱི་མ་གཏོགས་གཞན་བཞི་པོ་མིའི་རྟེན་ཅན་མ་ཡིན་པའི་ཕྱིར་དང་། ཨོ་ཊྱན་གྱི་གནས་སུ་ཀླུ་རྣམས་ལ་དབང་བསྐུར་བས་གྲོལ་བར་བཤད་པའི་ཕྱིར་དང་། ཉན་རང་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་རྣམས་ཀྱང་སྐུ་ཚེའི་འདུ་བྱེད་བཏང་སྟེ་ཡིད་ལུས་ཀྱིས་སྔགས་ཀྱི་ཐེག་པར་འཇུག་པ་ཡོད་དགོས་པའི་ཕྱིར་རོ། ༈ །དྲུག་པ་ཉམས་པ་གསོ་ཚུལ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། །ཞེས་པ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་པར་བསྲུང་ཞིང་། གལ་ཏེ་ཉམས་ན་གསོ་བ་ལ་འབད་དགོས་པས་དེའི་ཚུལ་བཤད་ཅེས་སྦྲེལ་ལོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། ཕྱིིར་བཅོས་བྱ་ཚུལ་དང་། མ་བྱས་པའི་ཉེས་པའོ། །དང་པོ་ལའང་ལྔ་སྟེ། ལྟུང་བའི་རྒྱུ་གཉེན་པོ་དང་བཅས་པ། ལྟུང་བ་ལྕི་ཡང་གི་ལྡང་ཚད། ལྟུང་མེད་ཀྱི་རྒྱུ། བཤགས་ཚད་འདས་པ་གསོར་རུང་མི་རུང་གི་དབྱེ་བ། ཕྱིར་བཅོས་བྱ་ཚུལ་དངོས་སོ། །དང་པོ་ནི། ལྟུང་མཚམས་མི་ཤེས་བླ་མ་སོགས་མི་གུས། །བག་མེད་སྤྱོད་ཅིང་ཉོན་མོངས་མང་བ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞིར་ཐོགས་མེད་བཞེད། །དེ་ཡི་གཉེན་པོར་བསླབ་བྱར་བསླབ་པ་དང་། །ཀུན་ལ་གུས་བསྐྱེད་རྟག་པར་དྲན་ཤེས་བསྟེན། །ཉོན་མོངས་གང་ཆེའི་གཉེན་པོར་འབད་དེ་བསླབ། །སྤང་བྱ་བཞིའི་སྟེང་བརྗེད་ངས་དྲན་མི་གསལ། །གཉིས་བསྣན་དམ་ཚིག་ཉམས་པའི་རྒྱུ་དྲུག་ཅེས། །དཔལ་ལྡན་སྡོམ་པའི་རྒྱུད་ལས་གསལ་བར་གསུངས། །ཞེས་པ་སྟེ། འདུས་པ་བསྡུ་བ་ལས། ལྟུང་བའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་པ་ལྟར། དམ་ཚིག་ལ་བསླབ་པར་འདོད་ཀྱང་ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་དང་། ཤེས་ཀྱང་བླ་མ་དང་དེས་འདོམས་པའི་བསླབ་བྱའི་གནས་ལ་མ་གུས་པས་འཇུག་པར་མི་བྱེད་པ་དང་། སྤྱིར་གུས་ཀྱང་ཉེས་དམིགས་མ་མཐོང་བའམ་དྲན་ཤེས་མེད་པས་འཛེམ་བག་མི་བྱེད་པར་སྤྱོད་པ་དང་། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་སེམས་ཉོན་མོངས་པའི་དབང་དུ་ཐལ་བ་ཉོན་མོངས་པ་མང་བ་སྟེ། ལྟུང་བ་འབྱུང་བའི་སྒོ་བཞི་དང་། དེའི་སྟེང་དུ་བརྗེད་ངས་དང་དྲན་པ་མི་གསལ་བ་གཉིས་བསྣན་པས་དྲུག་སྟེ། མཁའ་འགྲོ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་སོ། །དེ་དག་གི་གཉེན་པོ་ཇི་ལྟར་བསྟེན་ཚུལ་ནི། ལྟུང་བའི་མཚན་ཉིད་མི་ཤེས་པའི་གཉེན་པོར་བསླབ་བྱ་རྣམས་ལེགས་པར་བསླབས་ཏེ་བླང་དོར་གྱི་གནས་རྣམས་ཤེས་པས་བསྲུང་བ་དང་། མ་གུས་པའི་གཉེན་པོར་ཕན་ཡོན་ལ་བྲོད་པ་དང་བཅས་ཏེ་བླ་མ་དང་དེས་འདམས་པའི་བསླབ་བྱ་ཀུན་ལ་གུས་པ་བསྐྱེད་ནས་བསྲུང་བ་དང་། བག་མེད་ཀྱི་གཉེན་པོར་དགྲ་ཉེན་ཆེ་སར་ཟོན་བྱེད་པ་ལྟར་ཉེས་དམིགས་ལ་འཇིགས་པས་སེམས་སྒྲིམས་ཏེ་བསྲུང་བ་དང་། ཉོན་མོངས་པ་གང་སྐྱེས་དེ་དང་དེའི་ཕྱི་ནང་གི་གཉེན་པོ་བསྐྱེད་ནས་བསྲུང་བ་དང་། བརྗེད་ངེས་ཀྱི་གཉེན་པོར་གནང་བཀག་གི་མཚམས་མི་བརྗེད་པར་ཡིད་ལ་བྱེད་པའི་དྲན་པ་ཉིན་མཚན་དུ་སེམས་ཞིང་བཤགས་བསྡམས་བྱེད་པ་དང་། དྲན་པ་མི་གསལ་བའི་གཉེན་པོར་དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་ཀྱིས་བླང་དོར་ལ་འཇུག་པའི་ཤེས་བཞིན་གྱི་བྱ་ར་འཛུགས་པ་རྣམས་དང་། གཞན་ཡང་ཉམས་ན་བདག་ཉིད་ངན་ནོ་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཉམས་ན་གཞན་ཁྲེལ་ནས་སྨད་པའི་གནས་སུ་འགྱུར་རོ་སྙམ་དུ་གཞན་ལ་བརྟེན་པའི་ཁྲེལ་ཡོད་སོགས་ཀྱི་སྒོ་ནས་འབད་པས་བསྲུང་བར་བྱ་སྟེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཀུན་ལ་ཡུལ་བསམ་སྦྱོར་བ་མཐར་ཐུག་གམ། །ཀུན་སློང་ཉོན་མོངས་གང་འགལ་དེར་ཤེས་དང་། །ལུས་ངག་སྦྱོར་བྱས་དངོས་གཞི་བར་ཆོད་པ། །མ་འཁྲུལ་སྤྱད་དང་འགྱོད་མེད་བཤགས་ཚད་འདས། །ཕམ་པ་ཞེས་བརྗོད་དངོས་གཞི་མ་ཚང་ན། །ཐུན་འདས་ལྟུང་བ་ཞེས་བརྗོད་ལྷག་མ་ལྟར། །རིམ་པས་དམན་ན་སྦོམ་པོ་ལྟུང་བྱེད་དང་། །ཉེས་བྱས་ལྟུང་བའི་གཟུགས་བརྙན་ཤེས་པར་བྱ། །ཞེས་པ་སྟེ། ལྟུང་བ་ཀུན་ལ་ཡན་ལག་བཞི་ལྡན་ནམ་བདུན་ལྡན་ཏེ། དེ་ཡང་གང་ལ་ལྟུང་བ་འབྱུང་བའི་ཡུལ་དང་། དེ་ཡིན་ལ་དེར་འདུ་ཤེས་པའི་བསམ་པ་དང་། སྤུན་ལ་ཁྲོ་བ་ལྟ་བུ་ལ་ཞུགས་པའི་སྦྱོར་བ་དང་། སྒོ་གསུམ་གང་གིས་གྲུབ་པའི་ལས་ལམ་རྫོགས་པར་སྤྱད་པ་མཐར་ཐུག་སྟེ་ཡན་ལག་བཞི་ལྡན་ནམ། ཡང་ན། ཀུན་སློང་ཉོན་མོངས་པ་དྲག་པོས་བསླང་བ་དང་། གང་ལ་བརྟེན་ནས་དམ་ཚིག་དང་འགལ་བར་འགྱུར་པའི་ཡུལ་དེ་ལ་དེར་ཤེས་པ་དང་། རྩ་ལྟུང་བཅུ་བཞི་ལས་ལྔ་པ་ཁྱད་པར་བ་ཀུནྡ་འདོར་བ་ལྟ་བུ་ལུས་ཀྱི་སྦྱོར་བའི་གྲོགས་ལ་ལྟོས་པས་བྱ་བ་དེ་ཟིན་པ་དང་། བདུན་པ་གསང་སྒྲོགས་ལྟ་བུ་ངག་གི་སྦྱོར་བའི་གྲོགས་ལ་ལྟོས་པས་བརྗོད་ཅིང་དེ་ཕ་རོལ་གྱིས་གོ་ན་དངོས་གཞི་སྟེ་རྩ་ལྟུང་དུ་གྲུབ་པ་དང་། དགུ་པ་ལྟ་བུ་ཡིད་ཀྱིས་འགྲུབ་པ་རྣམས་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པར་ཐུན་ཚོད་ཀྱིས་བར་ཆོད་པ་དང་། འདུ་ཤེས་མ་འཁྲུལ་བས་སྤྱད་པ་དང་། དེས་མགུ་བས་འགྱོད་པ་མེད་པ་དང་། བཤགས་ཚད་རང་རང་གི་དུས་ལས་འདས་པ་སྟེ། དེ་ལྟར་ཡན་ལག་བདུན་ཚང་བར་སྤྱད་ན་སྔགས་སྡོམ་གཏོང་བས་ཤིན་ཏུ་ལྕི་ཞིང་མི་མཐུན་ཕྱོགས་ཀྱིས་གཉེན་པོ་བཅོམ་པས་ཕམ་པ་ཞེས་བརྗོད་དོ། །ཡང་རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་པ་ལྟ་བུ་དངོས་གཞི་མ་ཚང་ཞིང་མ་བཤགས་པར་ཐུན་ཚོད་འདས་ན་ལྟུང་བ་ཞེས་བརྗོད་དེ་སོ་ཐར་གྱི་དགེ་འདུན་ལྷག་མ་ལྟར་ཕམ་པའི་འོག་ནས་ལྕི་བའོ། །དེ་བཞིན་དུ་རིམ་པས་ཉེས་པ་དམན་ན་ཞེས་སྦྱར་ཏེ། ཕམ་པའི་སྡེར་གཏོགས་ཡན་ལག་མ་ཚང་བ་ཉོན་མོངས་པ་ཅན་ནི་སྦོམ་པོ་དང་། ཡན་ལག་གི་ལྟུང་བ་གཞན་ཐམས་ཅད་ནི་ལྟུང་བྱེད་དང་། ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོ་རྣམས་ནི་ཉེས་བྱས་དང་འདྲའོ། །གལ་ཏེ་རྡོ་རྗེའི་མཆེད་ལ་ཕན་པའི་སེམས་ཀྱིས་ཁྲོས་པ་ལྟ་བུ་ནི་ལྟུང་བའི་གཟུགས་བརྙན་ཏེ་དོན་ལ་ལྟུང་མེད་དོ། །དེ་ལྟར་ཡང་སློབ་དཔོན་མཚོ་སྐྱེས་ཀྱི་རྣམ་ཐར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ། །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་གཙོ་བོ་དུས་འདས་པ། །ལྕི་བ་ཞེས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཕྲ་མོའི་ཕྲ་མོ་དཀྱིལ་འཁོར་གཅིག །ཅེས་པ་ལྟར་རོ། །གསུམ་པ་ནི། ན་དང་དབང་ཉམས་བྱ་བ་གཞན་གྱིས་དང་། །དོན་ཆེན་སྐྱེ་མེད་བརྟན་དང་དགོས་ལྡན་དང་། །ནུས་རྙེད་གནང་དང་བཀའ་བསྒོ་བར་ཆད་ལས། །ཉེས་པ་མེད་ཅེས་སྙིང་པོ་རྒྱན་ལས་གསུངས། །ཞེས་པ་སྟེ། དེ་དག་ཀུན་ལ་རང་ཉིད་ན་བ་དང་། དབང་ཉམས་ཞེས་པས་རང་དབང་ཉམས་པའམ་དབང་ཐོབ་པ་ལས་ཉམས་པ་དང་། བྱ་བ་གཞན་དོན་དེ་བས་ཆེ་བར་འབྱུང་བ་དང་། གཞན་དོན་དུ་འགྱུར་བའམ་དོན་ཆེན་པོ་མཐོང་བ་དང་། སྐྱེ་བ་མེད་པའི་དོན་བརྟན་པ་དང་། གཞན་དྲང་བ་སོགས་ཀྱི་དགོས་པ་དང་ལྡན་པ་དང་། རྟོགས་གོམས་ཀྱི་ནུས་པ་རྙེད་པ་དང་། ལྷག་པའི་ལྷ་ལྟ་བུ་ཡུལ་ཁྱད་པར་ཅན་གྱི་གནང་བ་ཐོབ་པ་དང་། བཀའ་བསྒོ་བ་སྟེ་བླ་མའི་ལུང་དང་། སྲོག་གི་བར་ཆད་འབྱུང་བ་ལས་ཉེས་མེད་དུ་བསྟན་ཏེ། སྙིང་པོ་རྒྱན་ལས། ན་དང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བརྟན་པ་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་སོ། །བཞི་པ་ནི། དེ་ལྟར་ཉིན་མཚན་ཐུན་ལ་ལན་དྲུག་ཏུ། །སྤང་བླང་དམ་ཚིག་གནས་ལ་སྒྲིམས་ཏེ་དཔྱད། །དྲུག་ཆ་འདས་ན་ཐུན་ཚོད་འདས་ཞེས་བྱ། །ཞག་གཅིག་ཟླ་གཅིག་ལོ་གཅིག་ལོ་གཉིས་འདས། །འགལ་ཉམས་འདས་རལ་ཞེས་བརྗོད་དེ་དག་ཀྱང་། །སྙིང་ནས་བཤགས་ན་གསོར་རུང་ཕྱི་རིམ་ལྕི། །ལོ་གསུམ་འདས་ན་གསོར་མི་རུང་བ་ཡིན། །ཞེས་པ་སྟེ། དེ་ལྟར་ཉིན་ཞག་གི་དྲུག་ཆའི་ཐུན་རེ་རེ་བཞིན་ཡང་སྤང་བྱ་དང་བླང་བྱའི་དམ་ཚིག་གི་གནས་རྣམས་ལས་འགལ་ལམ་མ་འགལ་ལེགས་པར་སྒྲིམས་ཏེ་བརྟག་དཔྱད་བྱས་པས། ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་ན་ཐུན་ཚོད་འདས་པ་ཞེས་བྱ་བ་དང་། ཞག་གཅིག་གིས་བར་མ་ཆོད་ན་འགལ་བ་དང་། ཟླ་བས་བར་མ་ཆོད་པ་ཚུན་ཆད་ཉམས་པ་དང་། ལོ་གཅིག་ཚུན་ཆད་འདས་པ་དང་། ལོ་གཉིས་སམ་གསུམ་ཚུན་ཆད་རལ་བ་ཞེས་དུས་ལ་ལྟོས་ནས་ཉེས་པ་ཕྱི་རིམ་གྱིས་ལྕི་བ་སྟེ། དེ་ཚུན་ཆད་སྙིང་ནས་བརྩོན་པ་ཆེན་པོས་བཤགས་ན་ལྡང་ལ། ལོ་གསུམ་འདས་པ་ཕན་ཆད་ནི་གསོར་མི་རུང་བ་ཡིན་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་རལ། །དུས་ལས་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །དམ་ལས་འདས་པ་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་སོ། །དེ་ཡང་ངོ་བོ་ལ་ལྟོས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་། དུས་ལ་ལྟོས་པ་ཐུན་འདས་འགལ་ཉམས་སོགས་ཀྱིས་བཤགས་བྱའི་ལྕི་ཡང་ཤེས་པར་བྱའོ། །ཞར་བྱུང་སྤྱི་མདོ་ལས། ལངྐའི་བདག་པོ་གང་འདི་ལས། །ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པའི་ཀུན་ཏུ་ཉམས་པ་ནི་ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའམ་ལན་གྲངས་མང་དུ་བྱུང་བ་དང་དུས་འདས་རལ་ལ་སོགས་པ་ཡིན་ལ། ཟླས་ཉམས་ནི་ཉམས་པ་དང་འགྲོགས་པའི་ཉེས་པ་དང་། ཞར་ཉམས་ནི་གཞན་གྱི་ངོ་དགར་ཐལ་བའི་ཉེས་པའོ། །ལྔ་པ་ཕྱིར་བཅོས་བྱ་ཚུལ་དངོས་ལ་བཞི་སྟེ། དབང་བཞི་ལ་ལྟོས་པའི་གསོ་ཐབས། དུས་འདས་ལ་ལྟོས་པའི་གསོ་ཐབས། སྙིང་པོ་རྒྱན་ལས་བཤད་པའི་ཕྱིར་བཅོས་ཉེར་ལྔ། ཡོ་ག་གསུམ་ཀའི་རྣལ་འབྱོར་སྤྱི་ཁྲུས་ཀྱིས་གསོ་བའོ། །དང་པོ་ནི། དབང་བདུན་ཐོབ་ལ་ལྷ་གྲངས་རེ་རེ་ལ། །བཟླས་པ་སུམ་ཁྲི་དྲུག་སྟོང་བྱས་པས་སྦྱང་། །བུམ་གསང་ཐོབ་ཉམས་སྔོན་དུ་ཆད་ལས་སྦྱང་། །དེ་རྗེས་དཀྱིལ་འཁོར་ཞུགས་ལ་དབང་བཞི་ལེན། །ཤེར་དབང་ཚིག་དབང་ཐོབ་ཉམས་བསྐྱེད་རིམ་དང་། །འཕོ་མེད་ཚུལ་ཁྲིམས་རྫོགས་པའི་རིམ་པ་དང་། །རང་རྒྱུད་བྱིན་རླབས་མ་གཏོགས་གཞན་མི་འདག །ཅེས་པ་སྟེ། དེ་ཡང་དབང་ཐོབ་མཚམས་ཐ་དད་པའི་དབང་གིས། དེ་ལ་ལྟོས་པའི་ལྟུང་བ་སྦྱོང་བའི་ཐབས་ཀྱང་ཐ་དད་དུ་དུས་ཀྱི་འཁོར་ལོར་གསུངས་ཏེ། འདི་ལྟར་བུམ་དབང་བདུན་ཙམ་ཐོབ་པས་དཀྱིལ་འཁོར་གྱི་ལྷ་གྲངས་རེ་རེའམ་གཙོ་བོའི་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་སྦྱང་ཞིང་། བུམ་གསང་ཐོབ་པས་ནི། དེའི་སྟེང་དུ་སློབ་དཔོན་གྱིས་གསུངས་པའི་ཆད་ལས་ཀྱི་བརྟུལ་ཞུགས་སྤྱད་པས་སྦྱོང་། ཤེར་དབང་ཡན་ཆད་ཐོབ་པས་དབེན་པའི་གནས་སུ་བསྐྱེད་རྫོགས་བསྒོམ་པ་འབའ་ཞིག་གིས་རང་རྒྱུད་བྱིན་གྱིས་བརླབས་པས་སྦྱང་སྟེ། དེ་གསུམ་ཀས་ཀྱང་སྦྱངས་པ་ལས་དག་པའི་མཚན་མ་མཐོང་བ་ན་སླར་དཀྱིལ་འཁོར་དུ་ཞུགས་ཏེ་སྡོམ་པ་བཟུང་ཞིང་དབང་བླང་བར་བྱ་བ་ཡིན་ལ། དེའི་ཚེ་སྔར་གྱི་དབང་ཐོབ་པའི་བསླབ་གྲལ་དང་རྙེད་བཀུར་ལེན་པ་སོགས་མི་བྱ་བར་གསུངས་སོ། །གཉིས་པ་ནི། འགལ་ན་ཚོགས་འཁོར་ཉམས་ན་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་ནོར་སོགས་དང་། །རལ་ན་རང་གི་སྲོག་གིས་གསོ་བར་བཤད། །ཅེས་པ་སྟེ། དམ་ཚིག་རྣམ་བཀོད་ལས། འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་ན་རང་གི་སྲོག་གིས་བསྐང་། །ཞེས་པའི་དགོངས་པ་སྟེ། རལ་བ་ལ་སྲོག་གིས་བསྐང་བ་ནི། བླ་མ་དང་བསྟན་པ་ལྟ་བུའི་ཆེད་དུ་རང་སྲོག་བློས་བཏང་བའི་བརྩོན་པ་དྲག་པོས་བསྐང་ཞིང་། དེ་ཐམས་ཅད་ཀྱི་རྗེས་སུ་ཚོགས་འཁོར་དང་འབྲེལ་བར་སྤྱིར་བླ་མ་དང་ཁྱད་པར་བླ་མའམ་སྤུན་ལ་ཉམས་ན་གང་ལས་ཉམས་པ་དེའི་དྲུང་དུའམ་དེ་དག་མེད་ན་སྐུ་གཟུགས་ལ་སོགས་པའི་མདུན་དུ་འགྱོད་སེམས་དང་བཅས་པས་བཤགས་ཤིང་ཕྱིས་སྡོམ་པའི་བརྟུལ་ཞུགས་ལ་གནས་པར་བྱའོ། །གཞན་ཡང་སྤྱི་མདོ་ལས། ལས་དང་རྫས་དང་འདུན་པ་དང་། ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་བསྐང་ཐབས་ལྔར་བཤད་པའི་ལས་ཀྱིས་བསྐང་བ་ནི། སྦྱིན་སྲེག་གམ་བཟླས་བརྗོད་ཀྱིས་བསྐང་བ་སྟེ། གྲངས་ནི་ཀུན་ཏུ་ཉམ་པ་ལ་ཁྲི་ཕྲག་བཅུ་གསུམ། རྩ་བ་ཉམས་པར་སྟོང་ཕྲག་ལྔ་བཅུ་ང་གསུམ། ཡན་ལག་ལ་བརྒྱ་ཕྲག་ང་གསུམ། ཟླས་ཉམས་ལ་ལྔ་བརྒྱ་དང་སུམ་ཅུ། ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་མོ། །རྫས་ཀྱིས་བསྐང་བ་ནི། རིགས་ལྔ་གང་གི་དམ་ཚིག་ཉམས་པའི་ཁྱད་པར་ལས། ཡུལ་རྙེད་ན་དམངས་གདོལ་སོ་སོར་ཕྱེ་བའི་མི་རིགས་ལྔའི་བླ་མ་དངོས་སམ་མོས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་ལ་རྫས་རིན་ཆེན་ལྔ་ལས་རིགས་དང་མཐུན་པའི་རིན་པོ་ཆེ་འཕངས་པ་མེད་པར་སྟོབ་པས་སྐོང་ཞིང་། འདུན་པས་བསྐང་བ་ནི། དང་བ་དང་འདོད་པའི་དད་པས་ཉེས་བྱས་ལ་གནོང་འགྱོད་དྲག་པོས་གདུང་བའི་ང་རོ་དང་བཅས་པས་བཤགས་ཏེ། གལྤོ་ལས། མི་དག་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་ཏེ་བཤགས། །ཞེས་སོ། །ཏིང་ངེ་འཛིན་གྱིས་བསྐང་བ་ནི། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པས་ཡུལ་གྱི་གནས་གསུམ་ལས་འོད་ཟེར་རང་ཉིད་ལ་ཕོག་པས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་སྦྱངས་པར་བསམ་པ་སྟེ། དེ་ཡང་ཏིང་ངེ་འཛིན་གྱིས་མེས་སྲེག་པ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་མུན་པ་བསལ་བ་དང་། སྤྱོད་པ་རླབས་པོ་ཆེའི་ཆུས་བཀྲུ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་ཀྱིས་བསྐང་བ་ནི། ཀུན་འདུས་ལས། ཤེས་རབ་ཆེན་པོས་རྒྱུད་ཀྱི་བག་ཆགས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང་། ཞེས་པས་འཁོར་གསུམ་མི་དམིགས་པའི་ཤེས་རབ་སྒོམ་པ་ནི་སྡིག་སྦྱོང་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བའོ། །ཁྱད་པར་རྩ་བ་དང་ཡན་ལག་སོ་སོའི་བསྐང་ཐབས་ཀྱང་རྔམ་གློག་ལས། དམ་ཚིག་ཉམས་པར་གྱུར་པ་ན། །མགོན་བཙུན་མཉམ་པའི་དོན་རྟོགས་ན། །དེ་ཉིད་སྐོང་བའི་གནས་སུ་འགྱུར། །བླ་མ་སྤུན་ལ་སྨད་གྱུར་ན། །ཚེ་འདི་ཉིད་ལ་མཉེས་བྱས་ཏེ། །མཐོང་བཤགས་དྲག་པོས་འགྱོད་བྱས་ན། །དེ་ནི་སྐོང་བའི་མཆོག་ཏུ་འགྱུར། །གལ་ཏེ་བདག་གམ་བླ་མ་སྤུན། །མ་བསྐང་བར་དུ་ཚེ་འཕོས་ན། །དེ་ནི་བསྐང་བའི་ཚད་ལས་འདས། །གསུང་གི་ཐ་ཚིག་རལ་གྱུར་ན། །རྡོ་རྗེ་ཆོས་སུ་བདག་བསྒོམས་ཏེ། །ཐ་ཚིག་གང་བཀླགས་འབུམ་འབུམ་འདོན། །ཐུགས་ཀྱི་དམ་ཚིག་རལ་གྱུར་ན། །རྡོ་རྗེ་སེམས་དཔར་བདག་བསྒོམས་ལ། །ལོ་གསུམ་བར་དུ་མི་སྨྲ་བར། །བསམ་གཏན་སྦྱོར་བ་རབ་ཏུ་བྱ། །ཡན་ལག་ཐ་ཚིག་རལ་གྱུར་ན། །སོ་སོ་རང་རང་རིགས་ཀྱིས་བསྐང་། །ཞེས་རང་གི་སྒོ་གསུམ་དང་སྦྱར་ནས་སྐུ་གསུང་ཐུགས་ཀྱི་ཉམས་ཆག་སྐོང་ཚུལ་གསུངས་སོ། །གསུམ་པ་ནི། སྙིང་པོ་རྒྱན་ལས་གསོ་བའི་ཆོ་ག་ནི། ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱ་དང་། །བཀྲུ་བའི་རིམ་པ་གཏུམ་མོའི་མེས་སྲེག་དང་། །མི་དམིགས་བསྒོམ་དང་དབང་བཞི་བླང་བ་དང་། །ཚོགས་སུ་ཞུ་དང་རྟེན་ལ་སྨྲེ་བ་དང་། །མཎྜལ་འབུལ་དང་མཆོད་རྟེན་བྱ་བ་དང་། །མེ་ལ་སྦྱང་དང་གཏོར་མ་གཏོང་བ་དང་། །གསང་སྔགས་བཟླ་དང་ཟབ་མོའི་བསམ་གཏན་དང་། །སྲོག་སྐྱོབ་བཀའ་ཀློག་བླ་མ་བརྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླ། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། །ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པས་སོ། །ཞེས་པ་སྟེ། ཚོགས་ཞིང་སྤྱན་དྲངས་པའི་དྲུང་དུ་བཤགས་སྡོམ་བྱ་བ་དང་། ཡོ་གར་བཤད་པའི་དྲལ་བའི་སྔགས་རྒྱས་སྦྱོང་བ་དང་། ཕྱི་བུམ་ཆུ་དང་ནང་ནམ་མཁའི་དབང་ལྷ་ལས་རིག་དབང་ལྔ་ལེན་པ་སོགས་བཀྲུ་བའི་རིམ་པ་དང་། གཏུམ་མོའི་མེས་ལྟེ་བའི་ཀཾ་ཡིག་སྲེག་པ་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་བསྒོམ་པ་དང་། བླ་མ་ལས་སམ་བདག་འཇུག་གིས་དབང་བཞི་བླང་བ་དང་། ཚོགས་འཁོར་རམ་དཔའ་བོ་དཔའ་མོའི་སྟོན་མོས་མཆོད་ནས་བཤགས་སྡོམ་བྱ་བ་དང་། རྟེན་གསུམ་རབ་གནས་ཅན་གྱི་དྲུང་དུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྨྲེ་སྔགས་ཀྱིས་བཤགས་པ་དང་། མཎྜལ་གྱིས་མཚོན་ཏེ་ལུས་ལོངས་དགེ་ཚོགས་ཐམས་ཅད་ཕུལ་ལ་བཤགས་པ་དང་། མཆོད་རྟེན་ཚད་ལྡན་བཞེངས་པའམ་སཱཙྪ་གདབ་པ་དང་། ཞི་བའི་སྲེག་བླུགས་རྒྱས་པའམ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ལྟ་བུ་མེས་སྦྱང་བ་དང་། གཏོར་མ་སྦྱངས་རྟོགས་སྦར་གསུམ་གྱིས་བྱིན་གྱིས་བརླབས་པ་འཁོར་འདས་ཐམས་ཅད་འཁོར་ལོའི་དབང་ཕྱུག་གི་རྣམ་པར་སད་པ་ལ་དབུལ་ཞིང་འདོད་དོན་གསོལ་བ་དང་། རང་གི་ལྷག་པའི་ལྷའི་གསང་སྔགས་བཟླ་བ་དང་། ཟབ་མོའི་བསམ་གཏན་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པ་དང་། སྲོག་བསླུ་ཉེའུ་འདོན་པ་དང་། མདོ་རྒྱུད་ཟབ་མོའི་བཀའ་ཀློག་པ་དང་། བླ་མ་གཙུག་གི་ནོར་བུ་ལྟར་བསྟེན་པ་དང་། སྙིང་གར་དམ་ཚིག་རྡོ་རྗེ་དོན་གྲུབ་ཡབ་ཡུམ་བསྒོམས་པའི་ཐུགས་ཀའི་ས་བོན་ལས་བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་སྦྱོང་བར་བསམ་ལ་ༀ་ཨཱཿཁཾ་ཧཱུཾ་ཞེས་པའི་བསྙེན་པ་སྔོན་དུ་འགྲོ་བས་ལུས་དཀྱིལ་ལམ་ཕྱི་དཀྱིལ་གང་རུང་དུ་བདག་འཇུག་བླང་བ་དང་། རྟེན་བྱིན་ཅན་ལ་བསྐོར་བ་བྱེད་པའམ་དྲུང་དུ་འདུག་ནས་དེ་བཞིན་གཤེགས་པའི་ཡིག་བརྒྱ་སྟོང་ཕྲག་ལྔ་བཟླ་བ་དང་། ཡར་ངོའི་བརྒྱད་དང་བཅོ་ལྔའི་དུས་བཟང་པོ་ལ་སྡིག་སྦྱོང་ལ་བསྔགས་པའི་གཟུངས་སྔགས་བྱིན་ཅན་མང་དུ་བཟླ་བ་དང་། ཕུང་པོ་གསུམ་པའི་མདོ་ཉིན་མཚན་དུས་དྲུག་ཏུ་གདོན་པ་དང་། སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་བསྒོམས་ལ་སྡིག་སྒྲིབ་བཀྲུ་བའི་དམིགས་པས་ཡི་གེ་བརྒྱ་པ་བཟླ་བ་དང་། རང་གཉུག་མའི་ལྷར་གསལ་བའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་པའི་གནས་གསུམ་དུ་འབྲུ་གསུམ་གསལ་བ་ལ་དམིགས་ནས་སྲོག་རྩོལ་བསྡམས་ཏེ་འབྲུ་གསུམ་གྱི་ཡིད་བཟླས་བྱ་བ་བླ་མའི་རྣལ་འབྱོར་དང་། རང་ལུས་ལྷར་གསལ་བ་ལ་རྩ་འཁོར་གསལ་བཏབ་སྟེ་རླུང་བུམ་ཅན་དང་སྦྱར་ནས་དཔྱིད་ཐིག་གི་འབར་འཛག་བསྒོམ་པ་ཐིག་ལེའི་རྣལ་འབྱོར་དང་། རྩ་འཁོར་ལྔའི་ལྟེ་བར་རིགས་ལྔའི་ཕྱག་མཚན་ཕྲ་མོ་གསལ་བ་ལ་སེམས་བཟུང་སྟེ་མགོན་པོ་ལྔའི་རླུང་གཅུན་པ་ཕྲ་མོའི་རྣལ་འབྱོར་བསྒོམ་པའོ། །བཞི་པ་ནི། གླང་ཆེན་རབ་འབོག་རྒྱུད་ལས་གསུངས་པ་ཡི། །རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུག་གི། །བཤགས་པས་མི་འདག་མེད་ཕྱིར་ཉམས་སུ་བླང་། །ཞེས་པ་སྟེ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས་རྟོག་པ་གཅིག་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དྲི་མེད་བཤགས་རྒྱུད་ལས་ཇི་སྐད་གསུངས་པ་ལྟར། ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བའི་སྤྱི་ཁྲུས་རྨད་དུ་བྱུང་བ་ན་རཀ་དོང་སྤྲུག་གི་མན་ངག་ལ་བརྟེན་ནས། ཕྱི་ཡོ་བྱད་ཚོགས་ཀྱི། ནང་ཕུང་པོ་རྟེན་གྱི། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བཤགས་གསུམ་ཉ་སྟོང་ཚེས་བརྒྱད་ལ་བྱས་ན་དེ་ཚུན་ཆད་ཀྱི་ཉམས་ཆག་ཐམས་ཅད་སོས་པར་གསུངས་ཤིང་། དེ་ལྟར་མ་གྲུབ་ནའང་ཕྱག་གི་བཀོལ་བྱང་ཙམ་རྒྱུན་དུ་ཡི་དམ་དུ་བགྱིས་པས་ཀྱང་ཉམས་ཆག་ཐམས་ཅད་འདག་པར་འགྱུར་རོ། །ཇི་སྐད་དུ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་ན། །ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། གོང་གི་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ཏེ། ཞེས་སོ། །མདོར་ན་རྨི་ལམ་དུ་བླ་མ་དང་ལྷས་ལེགས་སོ་སྟེར་བ་དང་། ཁྲུས་བྱས་པ། གོས་དཀར་པོ་གྱོན་པ། རི་བོ་ཆེན་པོའི་རྩེར་འཛེགས་པ། ཉི་ཟླ་ཤར་བ་སོགས་སྡིག་ལྟུང་དག་པའི་རྟགས་མ་བྱུང་གི་བར་དེ་སྲིད་དུ་སྟོབས་བཞི་ཚང་བའི་བཤགས་པ་ལ་འབད་པར་བྱ་ཞིང་། དེ་ཡང་ཡན་ལག་ཚང་བའི་རྩ་ལྟུང་ནི་བཤགས་པས་དག་པའི་རྟགས་བྱུང་བ་དང་སླར་དཀྱིལ་འཁོར་དུ་ཞུགས་ནས་དབང་བླང་བར་བྱ་བ་ཁྱད་པར་རོ། །གཉིས་པ་ཕྱིར་བཅོས་མ་བྱས་པའི་ཉེས་པ་ནི། མ་བཤགས་ཚེ་འདིར་ཡིད་མི་འོང་བས་མནར། །ཕྱི་མ་རྡོ་རྗེ་དམྱལ་བ་ཞེས་བྱ་བ། །མནར་མེད་དོ་ཟླ་མེད་པའི་གནས་སུ་སྐྱེ། །ཞེས་པ་སྟེ། རྩ་བའི་དམ་ཚིག་ཉམས་པ་མ་བཤགས་ན་ཚེ་འདིར་ཡང་དབང་སྡུད་སྒྲུབས་པས་ཡུལ་དགྲར་ལྡང་བ་ལྟར་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་བ་སོགས་མི་འདོད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་བཞིན་དུ་འདུ་ཞིང་། ཕྱི་མ་རྡོ་རྗེའི་དམྱལ་བར་ལྟུང་ནས་བསྐལ་པ་དུ་མར་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པར་འགྱུར་ཏེ། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་དང་། སྤྱི་མདོ་ལས། གལ་ཏེ་ཉམས་པར་གྱུར་པ་ན། །ཆད་པའི་སྐྱེ་གནས་དམྱལ་ཆེན་བརྒྱད། །མི་བཟད་སྡུག་བསྔལ་དྲག་པོ་ཡིས། །མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར། །ཞེས་དང་། གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་པ་དག །གསོ་ལ་ཉེ་བར་མི་བརྩོན་པ། །རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་འཐོན་པར་མི་འགྱུར་རོ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །དེ་བས་ཤིན་ཏུ་ནན་ཏན་གྱིས། །ཞེས་དང་། རྩ་ལྟུང་གི་གཞུང་ལས་ཀྱང་། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །རྩ་ལྟུང་ཅན་དེས་རང་ཉིད་ཉམས་པར་མ་ཟད་གཞན་ལ་ཟླས་ཉམས་ཀྱི་ཉེས་པའང་ངང་གིས་སྟེར་བར་བྱེད་པ་སྟེ། གསང་སྙིང་ལས། རྩ་བ་ཉམས་པའི་འཆལ་པ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུལ་ཙམ་སྨྲ་མ་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེ་དང་། ཀུན་འདུས་ལས་ཀྱང་། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །དེར་མ་ཟད་རྨི་ལམ་དུ་ཉེས་པ་བྱས་པ་དང་། གཞན་ཅི་ཟེར་བརྟག་པའམ་གཞན་གྱི་ངོ་དགར་ཐལ་བའི་ཞོར་ཉམས་བྱུང་ཡང་དེ་མ་ཐག་མ་བཤགས་ན་ཉེས་པ་ཆེན་པོར་འགྱུར་ཏེ། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང་། །བརྡའམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །ཡན་ལག་གི་དམ་ཚིག་ཉམས་པའི་ཉེས་པ་ནི། ཚེ་འདིར་དངོས་གྲུབ་མི་འགྲུབ་ཅིང་ཕྱི་མ་ངན་འགྲོར་ལྟུང་སྟེ། གསང་སྙིང་ལས། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་དང་། རྡོ་རྗེ་སྙིང་རྒྱན་ལས། དེ་ལས་སྔགས་པས་ཡོངས་འདས་ན། །ངེས་པར་བདུད་དང་འཕྲད་པར་འགྱུར། །ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་པར་བྱ། །ཞེས་རྩ་བ་དང་ཡན་ལག་གི་ལྟུང་བ་གཉིས་ཀས་དམྱལ་བར་སྐྱེ་བ་འདྲ་བ་ལྟ་བུར་གསུངས་ནའང་། སྡུག་བསྔལ་ཆེ་ཆུང་དང་མནར་ཡུན་རིང་ཐུང་གི་ཁྱད་པར་ཆེའོ། །བདུན་པ་ཕན་ཡོན་ནི། མ་ཉམས་རིང་མཐའ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་ཚེ་འདིའམ་འཆི་ཁ་བར་དོ་རུ། །ཐུན་མོང་གྲུབ་པ་བརྒྱད་དམ་དབང་ཕྱུག་བརྒྱད། །མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་ཐོབ། །དེ་ཕྱིར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །ཅེས་པ་སྟེ། སྤྱིར་དམ་ཚིག་ནི་ཡོན་ཏན་ཐམས་ཅད་སྐྱེ་བ་དང་གནས་པའི་གཞི་རྟེན་དུ་གྱུར་པ་སྟེ། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་སོ། །ཁྱད་པར་གནས་སྐབས་སུའང་བསམ་པའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་འགྲུབ་པ་དང་། ཀུན་གྱི་ཡིད་དུ་འོང་བ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་བཀུར་གནས་ཐོབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་སྲས་དང་སྤུན་དུ་དགོངས་པས་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལ་ཞུགས་པས་རིག་པ་འཛིན་པའི་ས་ལ་རིམ་གྱིས་སྦྱོར་བར་བྱེད་པ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིན་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་བརླབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དང་། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པར་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །དེ་ཡང་དམ་ཚིག་རྣམ་པར་དག་ཅིང་ལམ་རིམ་པ་གཉིས་ལ་འབད་པས་དབང་པོ་རྣོ་ན་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང་། །ཤིན་ཏུ་བརྩོན་པས་གང་བསྒྲུབས་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་སོ། །དབང་པོ་འབྲིང་པོ་རྣམས་ནི། འཆི་ཁར་དོན་གྱི་འོད་གསལ་མངོན་དུ་བྱས་ནས་བར་དོར་ཟུང་འཇུག་གི་སྐུར་ལྡང་སྟེ། དེ་ཡང་རྟེན་གྱི་གང་ཟག་དེ་དཔེའི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན། དེ་འཆི་ཁའི་གཞི་དུས་ཀྱི་འོད་གསལ་དང་ཕྲད་པས་དོན་གྱི་འོད་གསལ་དུ་གྱུར་ནས་སློབ་མའི་ཟུང་འཇུག་གི་སྐུར་ལྡང་ལ། གལ་ཏེ་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན། དེ་གཞི་དུས་ཀྱི་འོད་གསལ་དང་འདྲེས་པས་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བའི་སྒོ་ནས་འཚང་རྒྱ་བ་ཡིན་ཅིང་། ཐ་མ་བར་དོ་ནས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་གྲོལ་བར་འགྱུར་རོ། །གལ་ཏེ་ཚེ་འདིར་ལམ་རིམ་པ་གཉིས་ལ་འབད་པར་མ་བྱས་ཀྱང་དམ་ཚིག་མ་ཉམས་ན། སྐྱེ་བ་ཕྱི་མའམ། བདུན་ནམ་ཇི་ལྟར་འགོར་ནའང་སྐྱེ་བ་བཅུ་དྲུག་ལས་མི་འགྱངས་པར་འགྲུབ་སྟེ། རྒྱུད་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་ཐོབ། །ཅེས་དང་། པདྨ་བཛྲ་གྱི་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཅེས་གསུངས་པ་ལྟར་རོ། །འོ་ན་བསྒྲུབ་བྱའི་དངོས་གྲུབ་དེ་གང་ཞེ་ན། འདི་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གི་དངོས་གྲུབ་བོ། །དང་པོ་ལའང་ཆུང་འབྲིང་ཆེ་གསུམ་ལས། ཆུང་ངུ་ནི་ལས་ཆེན་བརྒྱད་དེ། དགྱེས་རྡོར་ལས། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་སོ། །འབྲིང་ནི་གྲུབ་པ་བརྒྱད་དེ། གུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་སོ། །ཆེན་པོ་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་དེ། ཇི་སྐད་དུ། གཟུགས་ཕྲ་རེག་པ་ཡང་བ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་སྒྱུར། །ཞེས་སོ། །འདི་དག་ལ་ཐུན་མོང་གི་དངོས་གྲུབ་ཅེས་བྱ་སྟེ། འདུས་པ་ལས། མིག་སྨན་ལ་སོགས་དངོས་གྲུབ་རྣམས། །ཐ་མལ་པ་ཞེས་བཤད་པ་ཡིན། །ཞེས་པས་ཕྱི་རོལ་པ་ལའང་ཡོད་ཅིང་། བསྐྱེད་རིམ་ཁོ་ནས་ཀྱང་འཇིག་རྟེན་པའི་དངོས་གྲུབ་མཆོག་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བར་ཐོབ་ནུས་པའི་ཕྱིར་རོ། །དེ་ཡང་སྔགས་སམ་ཏིང་ངེ་འཛིན་ཙམ་གྱི་མཐུས་ཆང་གི་རོ་སྒྱུར་བ་དང་དུག་ཞི་བ་ལ་སོགས་པའི་དྲོད་མ་ཐོབ་པ་དེ་སྲིད་དུ་ལས་དང་པོ་པ་ཞེས་བྱ་སྟེ། ལས་ཕྲན་ཚེགས་ཀྱི་སྒོ་ནས་ཇི་ལྟར་རིགས་པའི་གཞན་དོན་བྱེད་པ་ནི་ཡོད་དོ། །བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་ཐོབ་ནས་སྔགས་ཀྱིས་རྫས་བྱིན་གྱིས་བརླབ་པར་ནུས་པའི་དྲོད་ཚད་རྙེད་པ་དེས་རལ་གྲི་སོགས་རྫས་ཀྱི་རིག་འཛིན་བསྒྲུབས་པས་གྲུབ་པ་ན། ལུས་དེ་ཉིད་ཀྱིས་ལྷ་དང་མིའི་གནས་རྣམས་སུ་ལུས་མངོན་དུ་སྣང་བས་རྒྱུ་ཞིང་རིག་སྔགས་ཀྱིས་དོན་བྱེད་པ་དང་། བསྐྱེད་རིམ་བརྟན་པས་སྤྱོད་པའི་ཉེ་རྒྱུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འདོད་པའི་ལྷ་དང་སྐལ་བ་མཉམ་པ་ཕྲ་ཡང་གི་ཡོན་ཏན་བརྒྱད་ལྡན་ཐོབ་པ་འདོད་པའི་རིག་པ་འཛིན་པ་དང་། ཡེ་རྒྱ་ལ་བརྟེན་ནས་དབང་པོ་རྣོ་རྟུལ་གྱིས་མིའི་རྟེན་རགས་པའམ་འདོད་པའི་རིག་འཛིན་གྱི་རྟེན་ལས་གཟུགས་ཀྱི་རིག་འཛིན་དུ་གནས་སྒྱུར་བར་བྱེད་ཅིང་། འདོད་པའི་རིག་འཛིན་ནི་མི་རྣམས་ཀྱི་ནང་དུ་འོང་ཡང་མི་མཐོང་ལ། གཟུགས་ཀྱི་རིག་འཛིན་ནི་འོང་བའང་མེད་མོད། འོན་ཀྱང་སྤྲུལ་པ་དུ་མས་སེམས་ཅན་གྱི་དོན་བྱེད་ཅིང་། རང་ཉིད་ཀྱང་རྟེན་དེས་རྫོགས་རིམ་ལ་ཞུགས་ནས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་དོ། །དེས་ན་རྫོགས་རིམ་གྱི་རྟོགས་པ་སྐྱེས་རུང་མ་སྐྱེས་རུང་བསྐྱེད་རིམ་བརྟན་ན་ཚོགས་ལམ་བགྲོད་ཅིང་། བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་གྱིས་ཚོགས་ལམ་དང་དྲོད་འབྲིང་ཙམ་བགྲོད་ནའང་། དྲོད་ཆེན་པོ་ཐོབ་པ་ལ་རིམ་གཉིས་ཟུང་འཇུག་ཏུ་སྒོམ་པ་གཅེས་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ནི། ཡིད་བཞིན་མཛོད་ལས། འཁོར་ལོ་བཞི་པོའི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་གྱིས་འཆར་བ་སྟེ། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་ཏེ་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་བ་ལས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞིའི་ཡོན་ཏན་འཆར་ཞིང་། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་བ་ན་ས་བཅུ་པོ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་སངས་རྒྱས་ཀྱི་ས་འགྲུབ་པར་བཞེད། དུས་འཁོར་དུ་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་རེ་འགགས་པ་ལས་མི་འགྱུར་བའི་སྐད་ཅིག་མ་དེ་སྙེད་རེ་མངོན་དུ་བྱེད་ལ། གང་གི་ཚེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་རྩ་ཐམས་ཅད་གྲོལ་ནས་ཐིག་ལེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནམ་མཁའ་དང་མཉམ་པ་ན་ས་བཅུ་གཉིས་པའི་དབང་ཕྱུག་ཆེན་པོ་འགྱུར་བར་གསུངས། དེ་ལྟར་བཤད་པའི་ས་བཅུའི་རྣམ་གཞག་དེ་དག་མཁས་པ་ཕལ་ཆེར་འཕགས་པའི་ས་མཚན་ཉིད་པར་བཞེད་པ་དང་། ཡང་མཁས་མཆོ་འགའ་ཞིག །དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ། དེའི་སྔ་ལོགས་སུ་དུས་སྦྱོར་བཅུ་གཉིས་འགགས་ཟིན་པ་ཞིག་དགོས་པས་འཕགས་ལམ་གྱི་ས་བཅུ་མ་ཡིན་མོད། །འོ་ན་གང་ཞེ་ན། མི་འགྱུར་བའི་ཡེ་ཤེས་ཀྱི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་རིམ་ལྔའི་རིམ་པ་བཞི་པའི་འོད་གསལ་དང་། སྦྱོར་དྲུག་གི་ཏིང་ངེ་འཛིན་གྱི་ས་ཞེས་བཤད་པ་དེ་ཉིད་ཡིན་ལ། དེ་ལས་འཕགས་ལམ་མངོན་དུ་བརྙེས་པ་ནི་ཟུང་འཇུག་གམ་ཡེ་ཤེས་ཀྱི་སྐུ་སྟེ། དེ་ལ་སངས་རྒྱས་ཞེས་བཏགས་པའོ་ཞེས་གསུང་ངོ་། །གང་ལྟར་ཡང་ལམ་རིམ་པར་བགྲོད་ཚུལ་ནི། ཡེ་ཤེས་ཕེབས་པ་དང་། ཡེ་ཤེས་ལ་ཆེས་དབང་བ་དང་། དེ་ཉིད་སྤྱོད་པས་མཐར་ཕྱིན་ནས་ལྟ་སྟངས་རྣམས་ཐོགས་མེད་དུ་གྲུབ་ཅིང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་སྤྲུལ་པའི་སྐུ་ལས་མངོན་དུ་གདམས་ངག་ཉན་པ་རྙེད་དེ། དེ་དག་རིམ་པར་དྲན་པ་ཉེར་བཞག །ཡང་དག་སྤོང་བ། རྫུ་འཕྲུལ་རྐང་པ་ཅན་བཞིས་བསྡུས་པའི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ཡིན་ལ། དེ་ནས་རྫོགས་རིམ་དངོས་ཀྱི་ཞུ་བདེ་མཐར་ཐུག་པ་དབང་པོ་ལྔའི་རང་བཞིན་དྲོད་རྩེ་དང་། སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་སྟེ་སྦྱོར་ལམ་བཞི་ལས། ཕྱི་མ་གསུམ་དུ་དག་པའི་ཡེ་ཤེས་ཀྱི་སྐུ་མ་ཐོབ་ཀྱང་། ཉིན་མཚན་གྱི་སྣང་བ་དང་མཉམ་རྗེས་ཀུན་ཏུ་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་སྐུ་ཁོར་ཡུག་ཏུ་འབྱུང་བས་སྒྱུ་ལུས་རླུང་སེམས་ཙམ་གྱི་སྐུ་མངོན་དུ་མཛད་པ་ཡིན་ཏེ། དེ་དག་ནི་མོས་པས་སྤྱོད་པའི་སའོ། །དེ་ནས་སྒྱུ་ལུས་རླུང་སེམས་ཀྱི་སྐུ་ཡང་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐོང་ལམ་གྱི་མངོན་བྱང་ལྔས་འོད་གསལ་དུ་བཅུག་སྟེ། དོན་དམ་སོ་སོ་རང་རིག་བདེ་སྟོང་གི་འོད་གསལ་མངོན་སུམ་དུ་མཐོང་བ་ནི་དང་པོར་བྱང་ཆུབ་ཡན་ལག་མཐོང་བའི་ལམ་རབ་ཏུ་དགའ་བའི་ས་སྟེ། རྣམ་པ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་གོ། །འདི་ལ་སྒྱུ་འཕྲུལ་ཟུར་ལུགས་ཀྱི་བླ་མ་རྣམས་ཀྱི་བཤད་བགྲོས་ལ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་འོད་གསལ་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་བཤད་པའི་ཕྱིར་ཞེས་གསུང་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནི། ལུས་ཐ་མལ་དང་སེམས་ལྷར་སྨིན་པ་རྣམ་སྨིན་རིག་འཛིན་ཚོགས་སྦྱོར་ལ་གནས་པ་སྟེ། དེ་ཆེ་མཆོག་མ་ཐོབ་པར་འདས་ན་བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། ལུས་དོར་བ་དང་སེམས་ལྷ་སྐུར་སྨིན་ཟིན་པའི་ཕྱིར། གལ་ཏེ་རྟེན་དེས་ཆོས་མཆོག་ཐོབ་ན་ཚེ་དབང་ལ་དངོས་སུ་སྦྱོར་ཏེ། ལུས་ཆོས་མཆོག་གི་རྟེན་གང་ཡིན་པའི་རྣམ་པ་དེ་ཉིད་དྭངས་མའི་ལུས་རྡོ་རྗེའི་སྐུར་གྱུར་ཅིང་སེམས་མཐོང་ལམ་སྐྱེས་པའོ་ཞེས་གསུང་ངོ་། །དེ་ལ་རང་གི་ཡེ་གེ་སྔ་མ་རྣམས་སུ་ལམ་རིམ་ཆེ་ཆུང་གི་དངོས་བསྟན་དང་སྦྱོར་ནས་ཟུར་ལུགས་ལྟར་བཀོད་པ་ཡིན་ཏེ། དེའི་བཀའ་སྲོལ་འཆད་པའི་ཚེ་དེའི་ལུགས་སུ་འཆད་དགོས་པའི་ཕྱིར་རོ། །འོན་ཀྱང་མདོ་སྔགས་སྤྱི་གཞུང་གི་བཤད་བགྲོས་དང་བསྟུན་ན་ལུགས་ཕྱི་མ་འདི་ཉིད་འཆད་བདེ་བར་སྣང་ངོ་། །དེ་ནས་མཐོང་ལམ་འོད་གསལ་དེ་ལས་ལངས་པའི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་གྱིས་བསྡུས་པ་སློབ་པའི་ཟུང་འཇུག་རྣམ་པ་དགུ་ནི་དྲི་མ་མེད་པ་སོགས་ས་ལྷག་མ་དགུ་སྟེ་སྒོམ་པའི་ལམ་མོ། །དེ་ལྟར་ཡང་ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་པས་ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམས་པའི་ཕྱིར་རོ། །ས་དྲུག་པར་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་མཁས་པ་འཁོར་ལོ་ལྟར་གྱུར་པས་ས་དེ་གཉིས་སུ་འཁོར་ལོའི་རིག་འཛིན་ཞེས་བྱའོ། །བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རལ་གྲིའི་རིག་འཛིན་ནོ། །དེ་ཡང་ས་བཅུ་ཙམ་སྒོམ་ལམ་ཕྱག་རྒྱའི་རིག་འཛིན་དུ་བསྡུས་ནས། རྒྱུན་མཐའི་ཡེ་ཤེས་དག་ལས་རྣམ་གྲོལ་ལམ་དང་། ཁྱད་པར་ལམ་ནི་མཐར་ལམ་ལྷུན་གྲུབ་རིག་འཛིན་ཏེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །དེ་ལྟར་སྒོམ་ལམ་རྒྱུན་མཐའ་དང་བཅས་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཡིན་ལ། ས་བཅུ་པོ་དེ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་ནི་མདོ་སྡེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ས་བཅུ་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུའང་བེམ་ཆོས་ལས་འདས་པའི་དཀར་དམར་རླུང་གསུམ་དང་། དེ་གསུམ་ལ་ཆ་མཉམ་དུ་འདྲེས་པའི་ཡིད་དང་བཅས་ཤེས་པ་ཙམ་དུ་རིག་པ་ཡོད་པའི་ཕྱིར་ན་གཉིས་སྣང་མ་འགགས་པས། དེ་སྦྱོང་བྱེད་ས་བཅུ་རྒྱུན་མཐར་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་ཏེ། དབང་གསུམ་པ་དང་བཞི་པའི་རྗེས་ཆགས་ལས་མཐར་ཐུག་འབྲས་བུའི་མངོན་བྱང་ལྔས་ཁུ་རྡུལ་རླུང་གསུམ་འགགས་པ་ན་འགྱུར་བདེ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་མངོན་དུ་བརྙེས་པའོ། །དེ་ལྟར་ཟུང་འཇུག་གི་སྐུ་ཉིད་ལ་ལྡོག་ཆས་ཕྱེ་ན་ཁ་སྦྱོར་ཡན་ལག་བདུན་ལྡན་ཏེ། ཟུང་འཇུག་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་གསུང་རྣམ་པ་ཐམས་ཅད་པ་ནི་ལོངས་སྤྱོད་རྫོགས་པ་དང་། སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བ་ནི་ཁ་སྦྱོར་དང་། བདེ་ཆེན་ནི་གཟུང་འཛིན་གྱི་རྟོག་པ་མེད་པའི་ཟག་མེད་མི་འགྱུར་བའི་བདེ་ཆེན་ལ་རོལ་པ་དང་། རང་བཞིན་མེད་པ་ནི་མེད་དགག་གི་མཚན་ཉིད་ཅན་གྱི་དཔྱད་མཐའ་ལས་རྣམ་པར་གྲོལ་བའི་རང་བཞིན་ལྷན་ཅིག་སྐྱེས་པ་སོ་སོ་རང་རིག་པའི་མཚན་ཉིད་ཅན་དང་། སྙིང་རྗེས་ཡོངས་གང་ནི་ཡིད་བཞིན་གྱི་ནོར་བུ་ལྟར་གཞན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དམིགས་པ་མེད་པའི་ཐུགས་རྗེ་དང་། རྒྱུན་མི་ཆད་པ་ནི་ཐུགས་རྗེ་ཆེན་པོ་དེ་ཉིད་ནམ་དུའང་རྒྱུན་ཆད་པ་མེད་པར་འཇུག་པས་རྟག་པ་དང་། འགོག་པ་མེད་པ་ནི་སེམས་ཅན་སོ་སོའི་མོས་པ་དང་དབང་པོ་ཇི་ལྟ་བ་བཞིན་དུ་གཟུངས་སྐུའི་སྣང་བརྙན་དང་ཆོས་ཀྱི་སྒོ་མཐའ་ཡས་པ་འགོག་པ་མེད་པར་འཆར་བའོ། །དེ་ཡང་དང་པོ་བཞིས་རང་དོན་ཕུན་ཚོགས་དང་། ཕྱི་མ་གསུམ་གྱིས་གཞན་དོན་ཕུན་ཚོགས་རྫོགས་པར་བསྟན་པས་ན་དོན་གཉིས་མ་བཙལ་བར་ལྷུན་གྱིས་གྲུབ་པའི་ཕྱིར། བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཕྱིན་པར་གྱུར་པ་སྟེ། སྙིང་པོའི་ཁོག་གཞུང་གསལ་སྒྲོན་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་རྣམ་གཞག་རྒྱས་པར་བཤད་དུ་ཡོད་ཀྱང་། མདོ་ཙམ་ལེའུ་དང་པོར་བཤད་ཟིན་པས་འདིར་ཟློས་ཏེ་མ་བརྗོད་དོ། །དེ་ལྟར་བཤད་ནས་ལེའུའི་སྐབས་བསྡུ་བ་ནི། གསང་སྔགས་རིག་འཛིན་སྡོམ་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་གསང་སྔགས་རིག་པ་འཛིན་པའི་སྡོམ་པའི་དོན་རྣམ་པར་གཞག་པ་བསླབ་བྱ་དང་བཅས་པ་བཤད་པའི་རིམ་པར་ཕྱེ་བ་སྟེ་ལེའུ་བཞི་པའི་འགྲེལ་པའོ། །འདིར་སྨྲས་པ། ལེགས་གསུང་རྒྱུད་སྡེའི་དགོངས་དོན་ཇི་ལྟ་བར། །ལེགས་ལམ་གསང་བར་སྟོན་པའི་གཞུང་བཟང་གང་། །ལེགས་པར་ཕྱེ་བའི་རྣམ་འགྲེལ་ཆུ་འཛིན་ལས། །ལེགས་བཤད་བདུད་རྩིའི་ཆར་རྒྱུན་ཅི་ཡང་འབབ། །རྒྱུད་ལུང་མན་ངག་ཆུ་གཏེར་སྲུབས་ལས་འཐོན། །དབང་བཞིའི་དཀྱིལ་འཁོར་རིམ་གཉིས་འོད་སྟོང་ཅན། །ཆོས་དབྱིངས་ཡངས་པའི་མཁའ་ལ་རྟག་འཆར་བས། །ལྷན་སྐྱེས་བདེ་ཆེན་སྣང་བའི་དཔལ་འབར་ཤོག། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། རྣམ་དག་ལེགས་པའི་ལམ་སྟོན་རྫོགས་སངས་རྒྱས། །དེ་བསྟན་བཤད་སྒྲུབ་ཀྱིས་འཛིན་བཤེས་གཉེན་ཚོགས། །ཁྱད་པར་བདག་བརྒྱུད་སྡོམ་གསུམ་བཀའ་དྲིན་གྱིས། །སྨིན་མཛད་རྩ་བའི་བླ་མར་ཕྱག་བགྱིའོ། །སྦྱང་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་ཤེས། །སྦྱངས་འབྲས་རྫོགས་པའི་སངས་རྒྱས་གོ་འཕང་འདོད། །སྦྱང་བྱའི་དྲི་མ་འདོར་ལས་གཞན་མེད་ན། །སྦྱང་ཐབས་སྡོམ་གསུམ་ལམ་འདིར་ཅིས་མི་འཇུག །གསུམ་པ་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱིས་མཐའ་དཔྱད་པས་དོན་བསྡུ་བ་ལ་གསུམ་སྟེ། བརྗོད་བྱའི་ལུས་ངོས་བཟུང་བའི་སྒོ་ནས་མདོར་བསྟན། ཡན་ལག་རྒྱས་པར་བཤད་པའི་སྒོ་ནས་མཐའ་དཔྱད། སྡོམ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཅེས་པ་སྟེ། དེ་ལྟར་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་དེ་རིམ་པར་ནོད་པའི་གང་ཟག་གི་རྒྱུད་ལ་ཇི་ལྟར་ལྡན་ཞེ་ན། དེ་གཏན་ལ་འབེབས་པར་བྱེད་པ་ལ་འདིར་དོན་དྲུག་ཏུ་བསྡུས་ནས་གསུངས་པས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་དང་ཡང་དགོངས་པ་གཅིག་ཏུ་འབབ་སྟེ། བསམ་གཏན་ངལ་བསོ་ལས། ཉན་ཐོས་བྱང་ཆུབ་སེམས་དང་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མ་འགལ་བར། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅིར་སྣང་དག་པའི་ལམ་དུ་བསྒྱུར་བར་བྱ། །ཞེས་པའི་དོན་འགྲེལ་པ་ཤིང་རྟ་རྣམ་དག་ཏུ་འཆད་པ་ན། ཇི་སྐད་དུ། འོ་ན་གང་ཞེ་ན། གང་ཟག་གཅིག་གི་རྒྱུད་ལ་གསུམ་ལྡན་དུ་བསྲུང་བ་ལ། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ། དུས་སྐབས་ཀྱིས་གཙོ་བོར་གང་འགྱུར་བྱ་བ་དང་དྲུག་གོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་དོན་དྲུག་ལས། དང་པོ་རང་ལྡོག་མ་འདྲེས་པ་ནི། དེ་ཡང་བླང་ཡུལ་བསམ་པ་ཆོ་ག་རྣམས། །སོ་སོར་ངེས་ཕྱིར་རང་ལྡོག་མ་འདྲེས་ཡིན། །ཞེས་པ་སྟེ། དེ་ཡང་སྡོམ་པ་གསུམ་པོ་དེ་རང་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག་ཐ་དད་པའི་སྒོ་ནས། ཇི་སྲིད་བླངས་པའི་དུས་ཀྱང་སོ་སོར་ངེས་པའི་ཕྱིར། ངོ་བོ་གནས་གྱུར་ཀྱང་ལྡོག་པ་ལ་གཞི་མཐུན་མི་སྲིད་པས་རང་རང་གི་ལྡོག་ཆ་མ་འདྲེས་པར་ཡོད་དེ། ཐོབ་ལ་མ་ཉམས་པར་སོ་སོར་གནས་པའི་ཕྱིར། དེ་ཡང་ཡིན་ཏེ། སོ་ཐར་ནི་ཇི་སྲིད་འཚོའི་བར་དང་། བྱང་སྡོམ་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཁས་བླངས་ཀྱི། སྔགས་སྡོམ་ཐོབ་དུས་དེ་དང་དེ་ཉམས་རྐྱེན་དང་གཏོང་རྒྱུར་མ་བཤད་པའི་ཕྱིར། དཔེར་ན་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པས་ཆོ་ག་ཉན་ཐོས་ཀྱི་ལུགས་ལྟར་བླངས་པའི་ཐེག་ཆེན་སོ་ཐར་རམ། ཉན་ཐོས་ཀྱི་དགེ་སློང་གི་སྡོམ་པ་ཉིད་སླར་སེམས་བསྐྱེད་བླངས་པས་དེར་གནས་གྱུར་པའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་གང་ཡིན་ཀྱང་རུང་སྟེ། དེ་ལ་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱི་ལྡོག་པ་དང་། སྡོམ་པའི་ལྡོག་པ་གཉིས་ཡོད་པ་ལས། སྔ་མ་ཚེ་འཕོས་པའི་དུས་སུ་མི་གཏོང་སྟེ། དེ་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། ཕྱི་མ་སྡོམ་པ་ཁས་བླངས་པའི་དུས་ཀྱི་ལྡོག་ཆ་ནི་ཚེ་འཕོས་པའི་དབང་གིས་གཏོང་སྟེ། དགེ་སློང་གི་སྡོམ་པ་དེ་ཇི་སྲིད་འཚོའི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར། དེ་ལྟར་ཡང་རབ་དབྱེ་ལས། ཐེག་ཆེན་སོ་སོ་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་དགོས་པ་མི་འཆིང་བར། །རང་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས། །སྤོང་བསྒྱུར་ལམ་དུ་བྱེད་པ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤོང་བར་མཁས་རྣམས་མཐུན། །ཞེས་པ་སྟེ། སྡོམ་པ་གསུམ་ཀས་རང་རྒྱུད་ཀྱི་མི་དགེ་བ་སྡོམ་པར་གཅིག་སྟེ། འདུལ་བ་ལུང་ལས། ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་ནི། ཀུན་ཏུ་འདོད་ཆགས་དང་བྲལ་བར་མི་འགྱུར་བ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ཤིག །ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་དང་བྲལ་བའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར་བ་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་པར་ཤེས་པར་བྱོས་ཤིག །ཅེས་ཞེ་སྡང་ལ་སོགས་པའི་བར་དུ་རྒྱས་པར་གསུངས་སོ། །དེ་ཡང་མི་ཚངས་སྤྱོད་ལྟ་བུ་ཉན་ཐོས་པས་སྤྱོད་པའི་ནུས་པ་ཡོད་བཞིན་དུ་མི་སྤྱོད་པ་དང་། སྡོམ་པ་གོང་མ་གཉིས་ཀྱི་ཐབས་ཀྱིས་ཟིན་པས་སྤྱད་པ་གཉིས་དགག་བྱ་ཉོན་མོངས་པ་སྤོང་བ་དང་། དགོས་པ་ཉོན་མོངས་པ་དེས་མི་འཆིང་བར་གནད་གཅིག་སྟེ། དེ་གཉིས་ཀ་ལ་འདོད་པའི་དྲི་མས་མ་གོས་པར་མཚུངས་པའི་ཕྱིར་རོ། །དེས་ན་རང་རང་གི་ལམ་རྣམ་པ་མི་འདྲ་བ་ལྟར་སྣང་ཡང་དོན་གནད་གཅིག་པའི་ངོས་ནས་དགག་དགོས་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟར་ཉན་ཐོས་པ་བདེན་པ་གཉིས་ཀ་རྫས་ཡོད་དུ་བལྟ་བས་སོ་ཐར་གྱིས་ཉོན་མོངས་པ་སྤོང་བ་དང་། བྱང་ཆུབ་སེམས་དཔས་ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་ཉོན་མོངས་པ་ཆོས་ཉིད་དུ་བསྒྱུར་བ་དང་། གསང་སྔགས་པས་ཉོན་མོངས་པ་ལྔའི་རང་བཞིན་ཡེ་ཤེས་ལྔར་བལྟས་ཏེ་ལམ་དུ་བྱེད་པས་ན། དེ་གསུམ་གཉེན་པོའི་རྣམ་པ་སོ་སོ་བ་ལྟར་སྣང་ཡང་། དོན་ཉོན་མོངས་པ་རང་མཚན་པ་སྤོང་བར་གཅིག་པ་ཡིན་ནོ། །དཔེར་ན། དུག་སྤོང་བ་དང་། སྨན་གྱིས་སྦྱོང་བ་དང་། སྔགས་ཀྱིས་བཏབ་སྟེ་ཟ་བ་གསུམ་ཀས་ཀྱང་དུག་གིས་མི་འཆི་བའི་དགོས་པ་སྒྲུབ་པར་གཅིག་པ་བཞིན་ནོ། །གསུམ་པ་ངོ་བོ་གནས་འགྱུར་ནི། སོ་ཐར་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཉེས་སྤྱོད་སྡོམ་པ་ཞེས་བྱའི་ཚུལ་ཁྲིམས་ཡིན། །དབང་ཐོབ་རྡོ་རྗེ་འཛིན་པའི་སྡོམ་པར་འགྱུར། །དེ་ཕྱིར་ངོ་བོ་གནས་འགྱུར་ཡིན་ནོ་ཞེས། །འབུམ་ཕྲག་ལྔ་པའི་ལུང་གིས་གསལ་བར་གྲུབ། །ཅེས་པ་སྟེ། དེ་ལ་སྤྱིར་སྔ་ཕྱིར་བྱོན་པའི་ཆེན་པོ་དག །སྡོམ་པ་གསུམ་ངོ་བོ་ཐ་དད་དུ་འདོད་པ་དང་། གནས་གྱུར་ངོ་བོ་གཅིག་ཏུ་འདོད་པའི་ལུགས་གཉིས། ཐ་དད་དུ་འདོད་པ་ལའང་། གོང་མས་འོག་མ་ཟིལ་གནོན་དུ་འདོད་པ་དང་། འོག་མ་གོང་མའི་རྟེན་དུ་བྱས་ཏེ་རྟེན་བརྟེན་པར་འདོད་པའི་ལུགས་གཉིས། དང་པོ་ནི། སྐར་ཟླ་ཉི་གསུམ་གྱི་དཔེས་གོང་མས་འོག་མ་ཟིལ་གྱིས་མནན་ནས་ཀུན་གཞི་ལ་བག་ལ་ཉལ་གྱི་ཚུལ་དུ་གནས་ཀྱི། འོག་མ་མངོན་གྱུར་དུ་མི་གནས་པར་བཞེད་པ་ཡིན་ནོ། །དེ་མི་འཐད་དེ། བྱང་སེམས་སྡོམ་ལྡན་གྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་མངོན་གྱུར་མེད་ཀྱང་ཀུན་གཞི་ལ་དེའི་བག་ལ་ཉལ་ཡོད་པ་ཙམ་གྱིས་དགེ་སློང་གི་གོ་ཆོད་དམ་མི་ཆོད། ཆོད་ན་སེམས་ཅན་ཐམས་ཅད་ཆོས་ཅན། དགེ་སློང་དུ་ཐལ། ཀུན་གཞི་ལ་དགེ་སློང་གི་བག་ཆགས་ཡོད་དགོས་པའི་ཕྱིར། དེར་མ་ཟད་དགེ་སློང་གི་སྡོམ་པ་ཕུལ་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་པར་ཐལ། དེའི་ཤེས་རྒྱུད་ལ་སྡོམ་པའི་བག་ཆགས་འབྲང་བ་ཡོད་པའི་ཕྱིར། དཔེ་ཡང་མི་འཐད་དེ། ཉི་མའི་འོད་ཟེར་གྱི་འོག་ཏུ་ཟླ་བ་དང་སྐར་མའི་འོད་སྒྲིབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་མུན་པ་སྲིད་པར་ཐལ། སྡོམ་པ་གསུམ་ནང་མ་འདོམ་པའི་ཚེ་གོང་མའི་བཅས་པ་ལས་གཞན་པའི་འོག་མའི་བཅས་འགལ་གྱི་ལྟུང་བ་ཐུན་མོང་མ་ཡིན་པ་དུ་མ་ཞིག་སྲིད་པའི་ཕྱིར་རོ། །གཉིས་པ་ནི། སྣོད་དྭངས་པར་ཆུ་རྙོག་མེད་བླུགས་པའི་ནང་དུ་མརྒད་ལྟ་བུ་བཅུག་པ་ན་སྣོད་དང་ཆུ་གཉིས་ཀ་རིན་པོ་ཆེའི་ཁ་དོག་ཏུ་འགྱུར་བས་རིན་པོ་ཆེའི་ཡན་ལག་ཏུ་གྱུར་ཀྱང་། དེ་གསུམ་རྟེན་བརྟེན་པའི་ཚུལ་དུ་རྫས་ཐ་དད་པ་བཞིན་དུ་གོང་མས་ཟིན་པ་ན་འོག་མ་ཡན་ལག་ཏུ་འགྱུར་བ་ལས་རྫས་ཐ་དད་པའོ་ཞེས་བཞེད། དེ་ཡང་མི་འཐད་དེ། སྣོད་དེ་ཆུ་དང་ནོར་བུ་གཉིས་ཀའི་རྟེན་དུ་མེད་མི་རུང་བ་བཞིན་དུ་སྡོམ་པ་གོང་མ་གཉིས་ཀྱི་རྟེན་དུ་སོ་ཐར་ངེས་པར་དགོས་པར་འགྱུར་ལ། དེ་ལྟར་ན་གོང་མ་གཉིས་ཀྱང་རྟེན་གླིང་གསུམ་གྱི་སྐྱེད་པ་བུད་མེད་ཁོ་ན་ལས་གཞན་ལ་སྐྱེ་བ་མེད་པར་ཐལ་ཞིང་། དེར་མ་ཟད། དགེ་སློང་རྡོ་རྗེ་འཛིན་པས་གཞན་དོན་དུ་འགྱུར་ངེས་པར་མཐོང་ནས་དགེ་སློང་གི་བསླབ་པ་ཕུལ་བའི་ཚེ། དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། ཁྱོད་ཕུལ་བས་སྡོམ་པ་གོང་མ་གཉིས་ཀྱང་གཏོང་བར་ཐལ། ཁྱོད་སྡོམ་པ་གོང་མ་གཉིས་ཀྱི་སྐྱེ་བ་དང་གནས་པའི་རྟེན་ཡིན་པ་གང་ཞིག །རྟེན་བཏང་ན་བརྟེན་པ་གཏོང་བའི་ཕྱིར་ཏེ། རྟེན་སྣོད་མེད་ན་དེ་ལ་བརྟེན་པའི་ཆུ་དང་ནོར་བུའང་མེད་དགོས་པའི་ཕྱིར་རོ། །ཟིལ་གནོན་དང་རྟེན་བརྟེན་པར་འདོད་པ་གཉིས་ཀའི་སྐྱོན་ཐུན་མོང་བ་ནི། སྡོམ་པ་གསུམ་ངོ་བོ་རྫས་ཐ་དད་དུ་འདོད་པ་དེ་ལྟར་ན། གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ་རིགས་མཐུན་ངོ་བོ་ཐ་དད་པ་གསུམ་ཅིག་ཅར་ཡོད་པར་ཐལ་བའི་ཕྱིར་མི་འཐད་དོ། །དེས་ན་རང་ལུགས་གཞུང་འདིའི་དགོངས་པ་ནི། སྡོམ་པ་གསུམ་གནས་གྱུར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པ་ཡིན་ཅིང་། ལུགས་འདི་ནི་སྔ་འགྱུར་གྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ནས་གསལ་བར་བསྟན་པ་ལྟར། ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོ། ཟུར་ལུགས་ཀྱི་བླ་མ་ཕལ་ཆེ་བ་དང་། དེའི་བཤད་བགྲོས་རྩལ་འདོན་གྱིས་འཆད་པ་པོ་སྣར་སྟོན་སེང་གེ་འོད། ཁྱད་པར་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར། བདག་ཅག་གི་རྩ་བའི་བླ་མ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་སྔ་འགྱུར་གྱི་མཁན་གྲུབ་རྣམས་དང་། གསར་མའི་ལོ་ཆེན་རིན་ཆེན་བཟང་པོ། འཇམ་པའི་དབྱངས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་རྗེས་འབྲངས་དང་བཅས་པ་རྣམས་ཏེ། གསར་རྙིང་གི་མཁས་གྲུབ་འགྲན་ཟླ་བྲལ་བ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་པས་མཁས་པའི་སྐྱེས་བུས་བསྔགས་པར་འོས་པའོ། །དེ་ལ་གནས་འགྱུར་ཚུལ་ནི། སྔ་མ་སྔ་མ་ཕྱི་མ་ཕྱི་མར་གནས་གྱུར་པའི་ཚུལ་གྱིས་སོ། །ཇི་ལྟར་ཞེ་ན། ཉོན་མོངས་པ་རང་ག་མས་སྤྱད་པའི་སྒོ་གསུམ་གྱི་ལས་ཀྱིས་འཁོར་བར་འཆིང་མོད། དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྤོང་བའི་སྡོམ་པ་ལ་ཞུགས་པ་ན་ངན་འགྲོ་ལས་ཐར་ནས་མཐོ་རིས་དང་ཐར་པའི་རྒྱུར་འགྱུར་བ་ནི་ཉན་ཐོས་ཀྱི་སོ་ཐར། དེ་ཉིད་ཐབས་དང་ཤེས་རབ་ཆེ་པོའི་བསམ་པས་ཟིན་ནས་གཞན་དོན་གྱི་བྱ་བ་ལ་ཞུ གས་པ་ན་བྱང་ཆུབ་ཆེན་པོར་གྲོལ་བའི་རྒྱུར་འགྱུར་བ་ནི་བྱང་སྡོམ། དེ་ཉིད་ཀྱང་ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཡོངས་སུ་ཟིན་པར་སྤྱད་པ་ན་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་རྒྱུར་འགྱུར་བ་ནི་སྔགས་སྡོམ་མོ། །དེ་བས་ན། རྒྱུད་འབུམ་པ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཅིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །ཞེས་སོགས་སྔར་དྲངས་པ་ལྟར་རིགས་ཅན་གསུམ་གྱི་སྡོམ་པ་སྔགས་སྡོམ་དུ་འགྱུར་ཚུལ་གསུངས་པ་ལྟར་རམ། ཡང་ན་གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ལ། །གསེར་དུ་གྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་ལོ་ཆེན་རིན་བཟང་གི་སྤྱི་རྣམ་དང་། ཀུན་མཁྱེན་ཆེན་པོས་ཤིང་རྟ་རྣམ་དག་ཏུ་དྲངས་པ་ལྟར་འཆད་དེ། དཔེར་ན་ཟངས་རྡོ་བཞུ་བས་ཟངས་སུ་འགྱུར་ལ། དེ་ལ་གསེར་འགྱུར་གྱི་རྩིས་བཏབ་པས་གསེར་དུ་འགྱུར་བ་བཞིན་དུ། ཉན་ཐོས་ལྟར་དམན་སེམས་ཀྱིས་བླངས་པའི་སོ་ཐར་གྱི་སྡོམ་པ་དེའང་། བྱང་ཆུབ་སེམས་དཔའི་སྡོམ་པས་ཟིན་པ་ན་དམན་སེམས་བཏང་ཡང་རང་གི་ངོ་བོ་གཞན་གནོད་གཞི་བཅས་སྤོང་བའི་ལྡོག་ཆ་དེ་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གནས་གྱུར་ལ། དེ་གཉིས་ཀས་དབང་ཐོབ་པ་ན་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་བཏང་ནས། སོ་ཐར་གྱི་གཞན་གནོད་གཞི་བཅས་སྤོང་བ་དང་བྱང་སྡོམ་གྱི་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་མཉམ་པ་ཆེན་པོའི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་ཉེས་སྤྱོད་སྡོམ་པ་དང་རིགས་ལྔ་སྤྱིའམ་རྣམ་སྣང་གི་དམ་ཚིག་ཏུ་གནས་གྱུར་པ་ཡིན་ནོ། །དེས་ན་སྒོ་གསུམ་གྱི་བྱ་བ་གཞི་གཅིག་ལའང་ཐབས་ཆེ་ཆུང་གིས་གོང་མ་གོང་མར་གནས་གྱུར་ཏེ། རིག་འཛིན་སྔགས་ཀྱི་རང་དུས་ན་སོ་བྱང་ཞེས་རྫས་གཞན་ཐ་དད་པ་མེད་དེ། སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་གྱུར་དུ་ཡོད་པའི་ཕྱིར། དེ་ཡང་གཞི་གཅིག་ལ་དཔེར་མཚོན་ན། སོ་བྱང་སྔགས་ཀྱི་དུས་སུ་ཐོབ་པའི་སྲོག་གཅོད་སྤོང་བའི་སེམས་པ་གསུམ་པོ་དེ་སྔ་མ་ཕྱི་མར་གནས་གྱུར་ཏེ་ངོ་བོ་གཅིག་པ་བཞིན་དང་། གཞན་དོན་དུ་བསྐལ་པ་གྲངས་མེད་གསུམ་ན་རྫོགས་བྱང་ཙམ་ཐོབ་འདོད་ཀྱི་སེམ ས་པ་དང་། སྔགས་ཀྱི་རྫོགས་བྱང་ཚེ་གཅིག་གིས་ཐོབ་པར་འདོད་པའི་སེམས་པ་གཉིས་སྔ་མ་ཕྱི་མར་གནས་གྱུར་ཏེ་ངོ་བོ་གཅིག་པ་བཞིན་ནོ། །དེ་ལྟ་ནའང་སྡོམ་པ་གསུམ་གྱི་སེམས་པ་ལྡོག་པ་ཐ་དད་པ་གསུམ་པོ་དེ་རྣམས་སྐྱེ་འཇིག་གནས་གསུམ་དུས་གཅིག་པ་མ་ཡིན་ཏེ། དང་པོ་ཇི་ལྟར་བླངས་པ་ལྟར་གནས་འཇིག་བྱེད་པའི་རང་ལྡོག་མ་འདྲེས་པའི་ཕྱིར་དང་། གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་སྔ་མ་རྣམས་ཕྱི་མ་དང་ངོ་བོ་གཅིག་ཀྱང་། ཕྱི་མ་སྔ་མ་དང་གནས་གྱུར་ངོ་བོ་གཅིག་པ་མ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྒྱ་ཆེ་བའི་ཕྱིར་དང་། ཕྱི་མ་བླངས་ཚེ་སྔར་གྱི་སྡོམ་པའི་རྫས་རྒྱུན་མ་ཡིན་པའི་སྡོམ་རྫས་གསར་པ་དུ་མ་ཞིག་སྐྱེ་བ་ཡོད་དགོས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ། གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེའི་རྒྱུད་ཀྱི་བྱང་སྡོམ་དང་སྔགས་སྡོམ་དུ་ཐལ། དེ་དང་དེར་གནས་གྱུར་པའི་ཕྱིར་ཟེར་ན། དེའི་ལན་ལ་ཁྱབ་པ་མ་ངེས་པ་དང་། འགལ་བའི་ལན་གཉིས། དང་པོ་ནི། ཁྱོད་ཀྱི་དེ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། སྔ་མ་ཕྱི་མར་གནས་གྱུར་ཀྱང་དེ་དེ་ཡིན་མི་དགོས་པའི་ཕྱིར། ཀུན་གཞི་དང་ཉོན་ཡིད་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་གྱུར་ཀྱང་དེ་དེ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། དངོས་པོ་གཞིར་བྱས་ཀྱི་སྟེང་དུ་ཁྱོད་ཀྱི་ཁྱབ་པ་དེ་འགལ་བ་ཡིན་ཏེ། གཞོན་ནུ་རྒན་པོར་གནས་གྱུར་ཀྱང་དེ་དང་དེ་འགལ་བ་བཞིན་ནོ། །གཞན་ཡང་གནས་གྱུར་པའི་ཚེ་དེ་དེར་སྟོན་པ་ཡིན་ན། རིགས་ཅན་གསུམ་གྱི་སྡོམ་པ་སྔགས་སྡོམ་དུ་གནས་གྱུར་པའི་ཚེ། ཉན་རང་གཉིས་ཀྱི་སྡོམ་པ་ཆོས་ཅན། ཐེག་ཆེན་གྱི་སྡོམ་པར་ཐལ། རིག་པ་འཛིན་པའི་སྡོམ་པ་ཡིན་པའི་ཕྱིར། ཞེས་པ་ལ་ལན་མེད་དོ། །དཔེས་ཀྱང་དེ་གསུམ་གཞི་མཐུན་པ་མི་སྲིད་པར་སྟོན་ཏེ། ལྕགས་ཟངས་དངུལ་གསུམ་འགྱུར་རྩིས་གསེར་དུ་གྱུར་པའི་ཚེ་དེ་གསུམ་དེར་གནས་གྱུར་ཀྱང་། དེ་གསུམ་དེ་ཡིན་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་གསུམ་ལྡན་གྱི་རྒྱུད་ཀྱི་སོ་བྱང་གཉིས་དེའི་རྒྱུད་ལ་ཡོད་ཅིང་དེར་གནས་གྱུར་པས་སྔགས་སྡོམ་ཡིན་ནོ་སྙན་ན། དགེ་སློང་གི་རྒྱུད་ཀྱི་དགེ་བསྙེན་དང་དགེ་ཚུལ། སྔགས་པའི་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་སྡོམ་པ་རྣམས་ཀྱང་དེ་དེར་འདོད་དགོས་པར་ཐལ་བ་བཟློག་ཏུ་མེད་དོ། །དེ་ལྟར་བཤད་པའི་གྲུབ་དོན་ལ་གཉིས་ཏེ། གནས་གྱུར་ཚུལ་དང་། ངོ་བོ་གཅིག་པའོ། །དང་པོ་ནི། སྔ་མ་སྔ་མ་ཕྱི་མ་ཕྱི་མར་གནས་གྱུར་པ་སྟེ། ཉེས་སྤྱོད་སྡོམ་པའི་སྤོང་སེམས་སྔ་མ་རྣམས་ཕྱི་མར་དང་། དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སྔར་བྱང་སེམས་ཀྱི་ཐེག་པ་ཐོབ་པ་དེ་དག །ཕྱིས་སྔགས་ཀྱི་ཐེག་པར་ཐོབ་པ་དེ་དང་དེར་གནས་གྱུར་པ་ཡིན་ནོ། །གཉིས་པ་ནི། གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་དང་། གཞན་དོན་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་སེམས་པ་དང་། རིག་པ་འཛིན་པའི་དམ་ཚིག་མཐའ་དག་ལ་སློབ་པའི་སེམས་པ་གསུམ་པོ་དེ་ངོ་བོ་གཅིག་པ་ཡིན་ཏེ། དེའི་རྒྱུད་ཀྱི་གཞན་ལ་ཕན་པ་སྒྲུབ་པའི་སེམས་པ་དེ་ཀ་གནོད་པ་སྤོང་བའི་སེམས་པ་དང་སྔགས་ཀྱི་དམ་ཚིག་ལ་སློབ་པའི་སེམས་པ་ཡང་ཡིན་པའི་ཕྱིར་དང་། དེ་བཞིན་དུ་ཅིག་ཤོས་གཉིས་ཀྱང་ཕན་ཚུན་དུ་གཅིག་ལ་གཅིག་ཡིན་པས། དེ་གསུམ་གྱི་ལྡོག་པ་ལ་གཞི་མཐུན་མི་སྲིད་ཀྱང་། ངོ་བོ་ལ་གཞི་མཐུན་སྲིད་པ་ཡིན་ནོ། །བཞི་པ་ཡོན་ཏན་ཡར་ལྡན་ནི། འཇིག་རྟེན་རྣལ་འབྱོར་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཕྱིར་འོག་མ་ཡི། །ཡོན་ཏན་ཡར་ལྡན་འོག་མ་ཟིལ་གྱིས་གནོན། །ཞེས་པ་སྟེ། ཇི་སྐད་དུ། རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་དང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར་རྟེན་གྱི་གང་ཟག་བློ་ན་འཕར་བའི་སྟོབས་ཀྱིས་འོག་མའི་ཡོན་ཏན་རྣམས་གོང་མར་འདུས་ཤིང་རྣམ་པར་དག་པས་ན། སྔགས་ཀྱི་དམ་ཚིག་མ་ཉམས་པར་ཐུབ་ན་སོ་བྱང་གི་བསྲུང་བྱ་རྣམས་ཞར་ལ་ཐུབ་པས་ལོགས་སུ་བསྲུང་མི་དགོས་ཏེ། ཅིའི་ཕྱིར་ན། སོ་བྱང་གི་བསླབ་བྱ་མཐའ་དག་སྔགས་ཀྱི་སྤྱིའི་དམ་ཚིག་དང་། ཁྱད་པར་རིགས་ལྔའི་དམ་ཚིག་ལས་རྣམ་སྣང་དང་དོན་གྲུབ་ཀྱི་དམ་ཚིག་ཏུ་འདུས་པ་གང་ཞིག །རྩ་ལྟུང་གཉིས་པའི་ནང་དུའང་འདུ་བའི་ཕྱིར་ཏེ། བྲེ་གསུམ་གྱི་ནང་དུ་བྲེ་དོ་འདུ་བ་བཞིན་ནོ། །དེ་ལྟར་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །དེ་ཡང་སོ་ཐར་གྱིས་གཞན་གནོད་གཞི་བཅས་སྤོང་བ་དེ་ཉིད་བྱང་སྡོམ་གྱིས་གཞན་ལ་ཕན་འདོགས་པའི་ནང་དུ་ཚང་ཞིང་། དེ་གཉིས་ཀའང་སྔགས་ཀྱིས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཡོན་ཏན་ཡར་ལྡན་གྱི་སྒོ་ནས་ཚང་ཞིང་འདུས་ལ་རྣམ་པར་དག་པ་ཡིན་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་སོ། །མདོར་ན་སྔགས་ཀྱི་སྡོམ་པ་གཙོ་བོར་ཉམས་སུ་བླངས་པས་འོག་མ་གཉིས་ཀྱི་དགག་བྱ་དང་དགོས་པའང་ཡར་ལྡན་གྱི་ཚུལ་དུ་རྫོགས་པ་ཡིན་ཏེ། དཔེར་ན་སྔགས་ཀྱི་དབང་གསུམ་པའི་ཉམས་ལེན་སྦྱོར་བའི་དམ་ཚིག་ལྟ་བུ་ལའང་རང་རྒྱུད་ཀྱི་ཆགས་པ་དང་མ་བྲལ་ན་སྔགས་ཀྱི་ལམ་དུ་མི་འགྲོ་མོད། རྟོགས་གོམས་ཀྱི་གདེངས་ཀྱིས་ཐ་མལ་གྱི་འཛིན་པ་དང་བྲལ་ཞིང་ཐིག་ལེ་འཛག་མེད་དུ་བརྟན་ན་མི་ཚངས་སྤྱོད་ཀྱི་ཕམ་པས་གོས་པར་མི་འགྱུར་ཏེ། དགག་བྱ་ཉོན་མོངས་པ་ཟིལ་གྱིས་ནོན་པས་འདོད་ཆགས་རང་མཚན་པ་ལས་ལོག་པ་གང་ཞིག །དགོས་པ་ཉོན་མོངས་པའི་བག་ཆགས་མི་གསོག་གི་སྟེང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཕྱིར་དང་། སོ་བྱང་གི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཕུན་སུམ་ཚོགས་པས་ཡོན་ཏན་ཡར་ལྡན་དུ་འགྱུར་བའི་ཕྱིར་ཏེ། དེ་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ་ནི། འདུ་ཤེས་གསུམ་གྱིས་འཁྲིག་ན་རྣལ་འབྱོར་དེ། །ཡུལ་བསམ་སྦྱོར་བ་མཐར་ཐུག་མ་ཚང་བས། །རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །ཅེས་པ་སྟེ། དེ་ཡང་འདི་སྙམ་དུ། སྡོམ་པ་འོག་མ་གཉིས་གོང་མར་འདུས་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སོ་ཐར་གྱི་ཕམ་པ་བཞི་ཆ་བཅས་སྤོང་བ་དང་། བྱང་སྡོམ་གྱིས་སེམས་ཅན་ལ་འཚེ་བ་ཆ་བཅས་ལས་ལྡོག་ནས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ། འདིར་སྔགས་སྡོམ་གྱི་སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་དངོས་སུ་འགལ་བར་སྣང་བའི་ཕྱིར་སྙམ་ན། དེ་ལྟར་འོག་མ་དང་རྣམ་པ་འགལ་བ་ལྟར་སྣང་ཡང་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པ་དང་ཐབས་མཁས་ཀྱི་སྤྱོད་པས་ཟིན་པའི་གནད་ཀྱིས་མི་འགལ་བར་འོག་མའི་སྡོམ་པ་ཡར་ལྡན་དུ་རྫོགས་པ་ཡིན་ཏེ། རྒྱུ་མཚན་ཉན་ཐོས་ཀྱི་དགེ་སློང་ལ་ཕམ་པ་བཞི་འཆབ་བཅས་བྱུང་ན་སོ་ཐར་གྱི་སྡོམ་པ་ཞིག་པར་གསུངས་པ་ལས། འདིར་མི་ཚངས་སྤྱོད་ལ། བདག་དང་ཡུལ་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས་དང་། མཁའ་གསང་རྡོ་རྗེ་དང་པདྨར་ཤེས་པ་སྔགས་ཀྱི་འདུ་ཤེས་ཀྱིས་གཞིའི་ཡན་ལག་མ་ཚང་། ཐབས་འདིས་བདེ་བ་ཆེན་པོའི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཀྱིས་བསམ་པའི་ཡན་ལག་མ་ཚང་། བྱེད་པ་སྡོམ་པའི་ཐབས་མཁས་ཀྱི་སྤྱོད་པས་ཟིན་ཅིང་ཆགས་པའི་རོ་ཡེ་ཤེས་སུ་གསལ་བས་སྦྱོར་བ་དང་མཐར་ཐུག་གི་ཡན་ལག་མ་ཚང་བའི་ཕྱིར་དང་། ཆོས་ཐམས་ཅད་སེམས་ཉིད་ཀྱི་རང་སྣང་དུ་ཤེས་པས་རྨི་ལམ་དུ་སྤྱད་པ་ལྟར་ཉེས་པས་མི་གོས་ཤིང་འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་ཀྱི་དོན་དུ་འགྱུར་བས་དགག་དགོས་གནད་གཅིག་པའི་ཕྱིར་མི་འགལ་ཏེ། དེ་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། སྤྱིར་དེ་ལྟར་ཡིན་ཀྱང་། མི་ཚངས་སྤྱོད་ལ་ནི་དངོས་པོ་གཙོ་བས་ལྤགས་རིམ་ལས་འདས་པའི་ཕྱིར་ཕམ་པ་བྱུང་ངོ་ཞེ་ན། དེ་ནི་ཐབས་ལ་མི་མཁས་ཤིང་ཤེས་རབ་མེད་པའི་དབང་དུ་བྱས་པ་སྟེ། ཡང་དག་པར་ན་སྔགས་མེད་པའི་དུག་གིས་འཆི་ཡང་སྔགས་དང་ལྡན་པ་ལ་ཉེས་པ་མེད་པ་བཞིན་དུ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ལ་ཉེས་པ་མེད་དེ། འདི་མཁའ་གསང་སྔགས་ཀྱི་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་པས་འདའ་བྱའི་དངོས་པོ་མ་གྲུབ་པའི་ཕྱིར་དང་། སྒྱུ་མའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་བུད་མེད་ལ་སྦྱོར་བ་བརྩམས་པ་བཞིན་བདག་གཞན་ཡང་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་དེ་ཉིད་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པའི་མདོ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་སོ། །དེར་མ་ཟད་དགེ་སློང་མ་སེར་སྐྱ་བཟང་མོ་ལ་རྒྱལ་པོ་མ་སྐྱེས་དགྲས་འདོད་པ་ལན་མང་དུ་སྤྱད་ཀྱང་དགེ་སློང་མ་ལ་འདོད་ཆགས་ཀྱི་སེམས་མེད་པའི་ཕྱིར། ལས་དེས་ཕམ་པ་བསྐྱེད་མི་ནུས་པར་ཉན་ཐོས་ཀྱི་ཐེག་པར་ཡང་གསུངས་ན་ཐེག་ཆེན་དུ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་བཞིན་དུ་སྲོག་གཅོད་ལའང་། བསྒྲལ་བྱ་མིག་ཡོར་ལྟ་བུར་ཤེས་པས་གཞི་མ་ཚང་། དེའི་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་བསླངས་པས་བསམ་པ་མ་ཚང་། གསོད་པར་བྱེད་པ་པོ་བདག་སྒྱུ་མའི་སྐྱེས་བུ་ལྟ་བུས་བསད་བྱ་མིག་ཡོར་ལྟར་སྲོག་དང་སྐྱེས་བུར་འཛིན་པ་མེད་པས་དེ་བཅད་པའང་མེད་པའི་ཕྱིར་སྦྱོར་བ་མ་ཚང་། རྗེས་མནར་སེམས་ཀྱི་ཡི་རང་མེད་པས་མཐར་ཐུག་མ་ཚང་བའི་ཕྱིར། ཉེས་པས་མི་གོས་ཤིང་བསྒྲལ་བྱའི་ལས་ངན་རྒྱུན་གཅོད་པའི་ཐབས་མཁས་ཀྱིས་ཚོགས་རྫོགས་པར་འགྱུར་བས་དགག་དགོས་གནད་གཅིག་པ་སྟེ། གསང་སྙིང་ལས། ཡོད་མེད་དབུ་མ་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་སོ། །མ་བྱིན་པར་ལེན་པ་ལའང་། བདག་གཞན་གཉིས་མེད་དུ་རྟོགས་ཏེ་རང་སྣང་གི་རྫས་འཕྲུལ་དགའི་ལོངས་སྤྱོད་ལྟར་ལེན་པས་དོན་ལ་བླངས་པ་མེད་པའི་ཕྱིར་གཞི་བསམ་སྦྱོར་བ་མ་ཚང་ལ། ཐོབ་བྱ་ཐོབ་བྱེད་ཀྱི་ཞེན་པ་ལས་གྲོལ་བས་མཐར་ཐུག་ཐོབ་བློ་ཡང་མ་གྲུབ་པའི་ཕྱིར་དགག་དགོས་གནད་གཅིག་པ་སྟེ། དེ་ལས། བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་སོ། །རྫུན་སྨྲ་བའི་ཚེ་ཡང་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས། དེ་ལ་ལྟོས་པའི་རྫུན་པའང་མ་གྲུབ་པའི་ཕྱིར་ན་གཞི་ཕ་རོལ་པོ་ལ་རྫུན་པའི་འདུ་ཤེས་ཀྱིས་སྨྲས་ཤིང་དེས་གོ་བའང་མ་དམིགས་པའི་ཕྱིར། སྨྲས་ཀྱང་ཉེས་པས་མི་གོས་ཤིང་ཇི་ལྟར་ཕན་པ་ལྟར་སྨྲས་པས་དགག་དགོས་གནད་གཅིག་པ་སྟེ། དེ་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་སོ། །མདོར་ན། དེ་ཐམས་ཅད་ཀྱི་སྐབས་སུ། བདག་ཉིད་སྡོམ་ལྡན་ཡིན་པ། ཡུལ་དེ་ཡིན་ལ་ཡིན་པར་མ་འཁྲུལ་བ། སྦྱོར་བ་བརྩམས་ཤིང་མཐར་ཐུག་གྲུབ་པ་ཞིག་དགོས་པ་ལས། འདིར་རྟོགས་གོམས་ཀྱི་ཐབས་ཀྱིས་ཐམས་ཅད་ལྷར་ཤེས་པའི་ཕྱིར་ཉན་ཐོས་ཀྱི་སྡོམ་པ་དང་འགལ་བ་མེད་དོ། །དེ་བཞིན་དུ་གཞན་ལ་ཕན་འདོད་ཀྱི་སྙིང་རྗེ་དང་ཐབས་ཁྱད་པར་ཅན་གྱིས་ཟིན་པས་བྱང་སྡོམ་དང་ཡང་འགལ་བ་མེད་དེ། དེ་གཉིས་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལའང་གནང་བའི་ཕྱིར། ཉེས་པས་མི་གོས་ཀྱི་སྟེང་དུ་ཕན་ཡོན་ཚད་མེད་པ་ཐོབ་པས་དགག་དགོས་གནད་གཅིག་པ་ཡིན་ཏེ། ཕལ་པོ་ཆེ་ལས། གང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་བབས་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་གསུངས་པའི་ཕྱིར། མདོར་ན་སྡོམ་པ་གསུམ་ཀ་ལ་སྐྱོན་དང་ཉེས་པ་བསྐྱེད་ན་འགོག་ཅིང་། ཡོན་ཏན་དང་དགེ་བ་བསྐྱེད་ན་བྱ་བར་གནང་བའི་ཕྱིར། དོན་གཅིག་པས་གནད་ཀྱིས་མི་འགལ་བ་ཡིན་ནོ། །དྲུག་པ་དུས་སྐབས་ཀྱིས་གཙོ་བོར་གང་འགྱུར་སྤྱད་པ་ནི། སྡིག་ཏོ་མི་དགེའི་ཕྱོགས་དང་ཚོགས་པའི་གསེབ། །འོག་མ་གཙོར་བྱེད་འདོད་པས་དབེན་པ་དང་། །སྤྱོད་པའི་དུས་དང་དབེན་པར་གསང་སྔགས་སྤྱད། །ནང་མ་འདོམ་ན་མ་འདྲེས་ཡོངས་རྫོགས་བསྲུང་། །འདོམ་ན་དགག་དགོས་བརྩི་ཞེས་མཁས་རྣམས་བཞེད། །ལས་དང་པོ་དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐམས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་བར་དགོས་ཞེས་དུས་འཁོར་བཤད། །ཅེས་པ་སྟེ། སྡིག་ཏོ་མི་དགེ་བའི་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་དང་། ཚོགས་པའི་གསེབ་ཏུ་སྡོམ་པ་འོག་མ་ཉན་ཐོས་ཀྱི་ལུགས་བཞིན་དུ་གཙོ་བོར་བསྲུང་དགོས་ཏེ། གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ཅེས་དང་། བྱང་སའི་ཚུལ་ཁྲིམས་ལེའུར་ཡང་། འདུལ་བའི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། །ཡང་ཐེག་པ་ཆེན་པོར་གཞན་དོན་དུ་འབྱུང་ངེས་ན་གནང་བ་རང་འདོད་ཀྱིས་དབེན་པའི་ལྟུང་བ་ལུས་ངག་གི་བཅས་པ་རྣམས་དང་། གསང་སྤྱོད་ཀྱི་དུས་དང་དབེན་པའི་གནས་སུ་གསང་སྔགས་གཙོ་བོར་བསྲུང་སྟེ། དེའི་ཚེ་འོག་མ་ཉམས་པ་སྙམ་བྱེད་ཀྱང་དེ་ནི་ལྟུང་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། སེམས་ཀྱི་སྒྲིབ་སྦྱོང་ལས། རྣམ་ཤེས་ངན་པས་བརྟེན་བྱས་ན། །འདོད་པས་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བརྟེན་བྱས་ན། །འདོད་པས་ཐར་པ་རབ་ཏུ་སྒྲུབ། །ཅེས་དང་། རང་ལྷར་སྦྱོང་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་བྱེད་བརྩོན་ལྡན་པས། །རྣལ་འབྱོར་འདོད་ཡོན་ལོངས་སྤྱོད་ཀྱང་། །གྲོལ་འགྱུར་གོས་པར་མི་འགྱུར་རོ། །ཞེས་དང་། སློབ་དཔོན་ཆེན་པོས། ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བར་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་པའི་ཕྱིར། གཞན་ཡང་སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པའི་ཆ། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པས་གཞན་མ་དད་པར་འགྱུར་བའི་ཆ་སྡོམ་པ་གསུམ་ཀ་མཐུན་པ་རྣམས་འབད་པས་བསྲུང་ཞིང་། གལ་ཏེ་གཞན་འཇུག་པའི་རྒྱུར་འགྱུར་ན་ཐེག་པ་ཆེན་པོ་ལས་གནང་བས་དགག་དགོས་ཤེས་པར་བྱའོ། །དེ་དག་ཀྱང་རབ་དབྱེའི་ཐེག་ཆེན་སོ་ཐར་གྱི་སྐབས་སུ། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང་། །འཇིག་རྟེན་འཇུག་པའི་རྒྱུར་གྱུར་ན། །ཐེག་ཆེན་སོ་སོར་ཐར་ལ་གནང་། །ཞེས་གསུངས་པ་ལྟར་རོ། །ཚོགས་དབེན་གང་ཡིན་ཀྱང་རུང་སྟེ། སྡོམ་པ་གསུམ་གྱི་ལྟུང་བ་ནང་མ་འདོམ་པའི་དུས་སུ་ནི་རང་རང་སོ་སོའི་ལུགས་ལྟར་མ་འདྲེས་ཡོངས་རྫོགས་སུ་བསྲུང་བར་བྱ་ཞིང་། གལ་ཏེ་འདོམ་ན་དགག་དགོས་བརྩི་སྟེ། གང་གི་ལུགས་ལའང་ཉེས་པ་བསྐྱེད་པའི་ཆ་ཐམས་ཅད་དགག་བྱ་ཡིན་པས་དགོག་ཅིང་། ཡོན་ཏན་ནམ་དགེ་བའི་ཆ་བསྐྱེད་ན་བསླབས་པའི་དགོས་པ་ཡིན་པས་སྤྱད་པར་བྱ་སྟེ། གནང་བཀག་དང་སྤྱིར་བཏང་དམིགས་བསལ་གྱི་གནད་རྣམས་མ་འདྲེས་པར་ཤེས་པ་གལ་ཆེའོ། །དེ་ཡང་གསུམ་ལྡན་རྡོ་རྗེ་འཛིན་པས་སྤྱོད་པ་ཁ་ན་མ་ཐོ་བ་མེད་ཅིང་དུས་ཚོད་དང་འབྲེལ་བར་སྦྱོང་དགོས་པས་གནས་སྐབས་སོ་སོའི་བླང་དོར་ཀྱང་ཤེས་པར་བྱ་སྟེ། ལས་དང་པོ་པས་སོ་ཐར་གྱི་དགག་བྱ་གཙོ་བོར་བསྲུང་ཞིང་། བརྟན་པ་ཐོབ་ནས་བཟུང་བློ་ན་འཕར་བའི་རིམ་པ་ལྟར་གོང་མ་གོང་མའི་དགོས་པ་གཙོ་བོར་སྒྲུབ་སྟེ། འདི་ལྟར་རྣལ་འབྱོར་པ་དང་། གྲུབ་པ་ཐོབ་པ་དང་། ཐམས་ཅད་མཁྱེེན་པའི་གནས་སྐབས་ཀྱི་སྤྱོད་པ་རྣམས་མ་འདྲེས་པར་བླང་དོར་བྱའོ། །དེ་ལྟར་ཡང་དུས་འཁོར་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་སོ། །གསུམ་པ་སྡོམ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་འཇུག་བསྡུ་བ་ནི། ཡོན་ཏན་གཞི་རྟེན་སོ་ཐར་གང་ནུས་སྟེང་། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་ཡན་ལག་ཡིན། །སྨིན་བྱེད་དབང་ཐོབ་སྡོམ་གསུམ་མིག་ལྟར་བསྲུང་། །གདན་གསུམ་ལྷ་རུ་ཤེས་པའི་བསྐྱེད་རིམ་དང་། །མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་སྒོམ། །ཉེ་རྒྱུའི་སྤྱོད་པས་རིམ་བཞིན་མཚམས་སྦྱར་ན། །འདིའམ་འཆི་ཁ་དང་ནི་བར་དོ་དུ། །རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫོགས་འཚང་རྒྱ། །ཞེས་པ་སྟེ། རྒྱལ་བའི་གསུང་རབ་ཀྱི་དོན་ཐམས་ཅད་སྡོམ་པ་གསུམ་གྱི་ཉམས་ལེན་དུ་འདུ་སྟེ། འདི་ལྟར་ཉན་ཐོས་དང་ཐུན་མོང་བའི་ལམ་འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། སྤོང་བ་བཞིའམ་བདུན་ལྡན་གྱི་སོ་སོ་ཐར་པ་རིགས་བརྒྱད་གང་ནུས་བླངས་ལ་ལུས་ངག་གི་ཉེས་སྤྱོད་ལས་ལྡོག་པར་བྱ། དེའི་སྟེང་དུ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གདོད་ནས་རྣམ་པར་དག་ཀྱང་། དེ་ལྟར་མ་རྟོགས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་སྤྱོད་པ་རྣམས་ལ་བཅོས་མིན་གྱི་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། གཞན་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚུལ་ཁྲིམས་གསུམ་ལ་བསླབ་པར་བྱ། དེ་ལྟར་སོ་བྱང་གཉིས་ཀྱིས་རྒྱུད་སྦྱངས་རྗེས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞིན་ཞུགས་ནས་སྐུ་བཞིའི་རྟེན་འབྲེལ་བསྒྲིག་ཕྱིར་དབང་བཞི་བསྐུར་བས་སྡོམ་པ་གསུམ་ལྡན་དུ་བྱས་ཏེ། སྡོམ་པ་རང་རང་གི་བསླབ་བྱ་རྣམས་དགག་དགོས་ཀྱི་གནད་ཤེས་པའི་སྒོ་ནས་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུང་བར་བྱ་ཞིང་། སྨིན་ཟིན་གྲོལ་བར་བྱ་བའི་ཕྱིར་ལམ་རིམ་པ་གཉིས་ལ་འཇུག་སྟེ། དེ་ཡང་རྟེན་གྱི་དཀྱིལ་འཁོར་བཞི་ཀ་ལ་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བར་ཤེས་པས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྒོ་ནས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་བསྐྱེད་རིམ་དང་། རྫོགས་རིམ་མཚན་བཅས་རང་བྱིན་གྱིས་བརླབ་པའི་རིམ་པ་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་དང་། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་མཚན་མེད་རང་བྱུང་གི་ཡེ་ཤེས་སེམས་ཉིད་འོད་གསལ་དུ་ངོ་སྤྲོད་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་རྣམས་ལེགས་པར་བསྒོམ་ཞིང་། ཉེ་རྒྱུའི་སྤྱོད་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་སྤྱད་པས་དབང་པོ་རབ་ཚེ་འདིར་ཟུང་འཇུག་གི་སྐུ་འགྲུབ། འབྲིང་འཆི་ཁའི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་། ཐ་མ་བར་དོ་ནས་བདེན་པའི་བྱིན་རླབས་ཀྱིས་མངོན་པར་དགའ་བ་ལ་སོགས་པ་རང་བཞིན་སྤྲུལ་སྐུའི་ཞིང་བགྲོད་དེ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རང་རིགས་ཀྱི་འཁོར་དང་བཅས་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཞལ་མཐོང་བ་དང་། དབང་བསྐུར་བ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་དང་། དབུགས་དབྱུང་བ་ཐོབ་ནས་གདོད་མའི་དབྱིངས་སུ་རྫོགས་སངས་རྒྱས་ཏེ། དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དག་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་སོ། །དེ་ལྟར་བཤད་ནས་ལེའུའི་སྐབས་བསྡུ་བ་ནི། སྡོམ་གསུམ་སྤྱིར་བཤད་པའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། འདིས་སྡོམ་པ་གསུམ་པོ་སྤྱིར་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱི་མཐའ་དཔྱད་ནས་བཤད་པའི་རིམ་པར་ཕྱེ་བ་སྟེ་ལེའུ་ལྔ་པའི་འགྲེལ་པའོ། །འདིར་སྨྲས་པ། གཞན་གནོད་སྤོང་དང་གཞན་ཕན་སྒྲུབ་པའི་ཐབས། །སོ་བྱང་རྣམ་གཉིས་སྔགས་ཀྱི་སྡོམ་རྫས་སུ། །གནས་གྱུར་རང་ལྡོག་མ་འདྲེས་ངོ་བོ་གཅིག །གནང་བཀག་འགལ་མེད་ཉམས་སུ་ལེན་པའི་ཚུལ། །ལེགས་པར་བཀྲ་བའི་ངག་ཚིག་ལེགས་བཤད་ལས། །ཐོབ་པའི་དགེ་ཚོགས་དབང་ཐོབ་བྱང་སེམས་དང་། །ལྷན་ཅིག་ཆོས་ལ་སྤྱོད་པས་ལྷན་སྐྱེས་ཀྱི། །བདེ་ཆེན་དཔལ་མངའ་བདེ་ལྡན་མགོན་གྱུར་ཅིག། ༈ །།གསུམ་པ་བཤད་པ་རྫོགས་པའི་བྱ་བ་ལ་བཞི་སྟེ། རྩོམ་པའི་རྒྱུ་བརྩེ་བའི་སྙིང་རྗེ། རྩོམ་དགོས་པའི་རྒྱུ་མཚན། ཇི་ལྟར་བརྩམས་པའི་ཚུལ། དེས་ཐོབ་དགེ་བ་བསྔོ་བའོ། །དང་པོ་ནི། དིང་སང་མ་སྦྱངས་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོའི་ཆོ་གས་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་བསམ་ཀྱིན་སྙིང་ནས་མཆི་མ་བཀུ། །ཞེས་པ་སྟེ། སྔོན་གྱི་མཁས་གྲུབ་རྣམས་ནི་གཤེགས། དེ་དག་གི་གཞུང་ལུགས་རྣམས་ཀྱང་རིམ་གྱིས་ནུབ་པས་སྙིགས་མ་ལས་ཀྱང་སྙིགས་མར་གྱུར་པ་དིང་སང་གི་དུས་བསྟན་པ་ཉམས་སྨད་པར་གྱུར་པ་ལ་ཐུགས་སྐྱོ་བའི་ཤུགས་ཀྱིས་གདུལ་བྱ་ལ་སྙིང་རྗེའི་ཀུན་སློང་གཡོས་པ་སྟེ། ཇི་ལྟར་ན། ད་ལྟའི་དུས་འདིར་རང་གིས་གཞུང་ལུགས་རྣམས་ལ་ཐོས་བསམ་གྱི་སྒོ་ནས་ལེགས་པར་མ་སྦྱངས་ཤིང་། སྒོམ་པ་ཉམས་ལེན་གྱི་སྒོ་ནས་རང་གི་ཡེ་ཤེས་འདིར་བསྟན་གྱི་ཆ་ཙམ་ཡང་མ་རྟོགས་པར་བླུན་པོ་མཁས་རློམ་གྱི་མངོན་པའི་ང་རྒྱལ་ཅན་དག་གཞན་ལ་མུ་ཅོར་གྱི་ཁ་ཟེར་བ་དང་། ཟོག་པོ་གྲུབ་རློམ་ཅན་མང་པོས་རང་བཟོའི་ངན་རྟོག་གིས་བསླད་པའི་ཆོ་གས་རྨོངས་པ་རྣམས་མགོ་བསྐོར་བ་ལ་སྐྱབས་སུ་བརྟེན་པའི་དུས་འདི་འདྲ་བའང་སྣང་སྟེ། བསམ་ཀྱིན་སྙིང་ནས་མྱ་ངན་གྱི་མཆི་མ་བཀུ་བའི་གནས་སུ་གྱུར་པ་ཡིན་ནོ། །གཉིས་པ་ནི། མདོ་སྔགས་ལམ་རྣམས་མུ་མེད་འགྲོ་བའི་ཕྱིར། །ཚངས་ལ་མ་ནོར་ལམ་འདི་རྒྱལ་བས་གསུངས། །གངས་ཅན་འདི་ན་དེ་དག་ཕྱོགས་རེར་འཛིན། །གཅིག་ཏུ་སེམས་ཀྱང་སྡོམ་གསུམ་མིང་ཙམ་ལུས། །ཞེས་པ་སྟེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མཐའ་ཡས་མུ་མེད་པའི་གདུལ་བྱའི་འགྲོ་བ་རྣམས་འདུལ་བའི་ཕྱིར། སོ་སོའི་བློའི་རིམ་པ་ལྟར་མདོ་སྔགས་ཀྱི་གཞུང་ལམ་དཔག་ཏུ་མེད་པ་ཞིག་གསུངས་པ་ཐམས་ཅད་ཀྱང་། གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བའི་རྣམ་དག་ལེགས་པའི་ལམ་འདིར་འདུ་མོད། འོན་ཀྱང་མདོ་སྔགས་ཀྱི་གཞུང་ལུགས་སོ་སོའི་དགོངས་དོན་ཟབ་ཅིང་བརླིང་བས་གཅིག་ཏུ་སྡུད་མ་ཤེས་ཏེ། དེའི་ཕྱིར་གངས་ཅན་འདི་ན་འདུལ་བ་དང་གསང་སྔགས་དག་འགལ་ལོ་ཞེས་གཡག་ཞར་གྱི་རྩྭ་ལྟར་ཕྱོགས་རེར་འཛིན་ལ། གལ་ཏེ་གཅིག་ཏུ་བསྡུ་བར་སེམས་པ་རྣམས་ཀྱིས་ཀྱང་སྡོམ་པ་གསུམ་སོ་སོའི་འབོགས་ཆོག་གི་ལག་ལེན་ལྟར་སྣང་ཙམ་ལས་གནང་བཀག་གི་བསླབ་བྱ་སྤྱིར་བཏང་དམིགས་བསལ་གྱི་གནས་རྣམས་ལུང་རིགས་མན་ངག་དང་མི་འགལ་བར་འཆད་མི་ཤེས་པས་མིང་ཙམ་དུ་ལུས་པར་ཟད་དོ། །གསུམ་པ་ནི། འདི་ནི་མཁས་གྲུབ་དུ་མའི་ལེགས་བཤད་ལས། །སྒྲིམས་པོའི་བློ་ཡིས་ཕྱོགས་གཅིག་དག་ཏུ་བཀོད། །དེ་ཕྱིར་ནོངས་པའི་དྲི་མ་མེད་སྙམ་རློམ། །ཞེས་པ་སྟེ། ཚུལ་དེ་དག་མཐོང་ནས་བསྟན་བཅོས་འདི་ནི་ཕྱོགས་འཛིན་གྱི་བློ་དང་རང་བཟོ་སྤངས་ཏེ་མདོ་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་འབེབས་པར་བྱེད་པ་མཁས་གྲུབ་དུ་མའི་ལེགས་བཤད་ལས་ཇི་སྐད་བསྟན་པ་རྣམས་ལ་སྒྲིམས་པོའི་བློས་བརྟགས་ཤིང་དཔྱད་ནས། མདོ་རྒྱུད་ཀྱི་དགོངས་དོན་རྣམས་ལུང་རིགས་མན་ངག་དང་མི་འགལ་བར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་པ་ཡིན་ལ། དེ་ཡང་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཤད་པའི་ཕྱིར་མ་རྟོགས་པ་དང་ལོག་རྟོག་གིས་ནོངས་པའི་དྲི་མ་མེད་སྙམ་དུ་རློམ་མོ་ཞེས་གསུང་གསང་མཐོན་པོས་འདོམས་ཤིང་བཟོད་པར་གསོལ་བ་མ་མཛད་དོ། །བཞི་པ་ནི། དགེ་དེས་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་སྟེ། བསྟན་བཅོས་འདི་བརྩམས་པ་ལས་བྱུང་བའི་དགེ་བ་མཆོག་ཏུ་གྱུར་པ་དེས། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་འབད་རྩོལ་མེད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅིག་པའོ། །གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་མཛད་བྱང་ནི། ཅེས་སྡོམ་གསུམ་རྣམ་ངེས་ཚིག་གིས་རིམ་པར་ཕྱེ་བ་འདི་གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ངེས་པར་འབྱུང་བའི་བསམ་པ་ཅན་མངའ་རིས་ཀྱི་པཎྜི་ཏ་པདྨ་དབང་གི་རྒྱལ་པོས་བཀོད་པ། ཕྱོགས་དུས་ཐམས་ཅད་དུ་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག །ཅེས་པ་སྟེ། སྡོམ་པ་གསུམ་གྱི་དོན་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པས་ན་རྣམ་པར་ངེས་པ་སྟེ་བསྟན་བཅོས་ཀྱི་མཚན་ནོ། །དེ་ཡང་ཚིག་ནི་མཁན་པོ་ཐུ་མིས། ཡི་གེའི་ཁོངས་ནས་མིང་བྱུང་སྟེ། །མིང་གི་ཁོངས་ནས་ཚིག་བྱུང་ལ། །ཚིག་གིས་དོན་རྣམས་སྟོན་བྱེད་པ། །ཞེས་པ་ལྟར་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལ་ཚིག །དེ་འདུས་པ་ལས་ཚིགས་སུ་བཅད་པ་འདུས་པའི་གཞུང་ཚོགས་ལེའུ་རིམ་པར་ཕྱེ་བ་ལྔའི་བདག་ཉིད་ཅན་འདི་ཉིད་གྲུབ་བོ། །དེ་མཛད་པ་པོ་སུ་ཞིག་ཅེ་ན། གངས་རིའི་ཕྲེང་བས་བསྐོར་བ་བོད་ཀྱི་ཡུལ་ལས་བྱེ་བྲག་ལྷོ་ཕྱོགས་ཀྱི་རྒྱུད་མངའ་རིས་གློ་བོ་མ་ཐང་དུ་སྐུ་འཁྲུངས་པ། ཡོན་ཏན་གྱི་ཁྱད་པར་ཤེས་རབ་དང་སྙིང་རྗེས་སྲིད་ཞིའི་མཐའ་གཉིས་ལས་ངེས་པར་འབྱུང་བ་བླ་ན་མེད་པའི་བྱང་ཆུབ་དོན་གཉེར་གྱི་བསམ་པས་ཀུན་ནས་བསླངས་ཏེ་སྦྱོར་བ་གཞན་དོན་སྒྲུབ་པའི་ཐབས་ལ་མཁས་པ་ཅན་རིག་པའི་གནས་ལྔ་ཐུགས་སུ་ཆུད་པའི་པཎྜི་ཏ། མཚན་བརྗོད་པར་དཀའ་བ་པདྨ་དབང་རྒྱལ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་རྩོམ་པར་མཛད་པས་ན་ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱི་སྤྱི་བོས་བླང་བར་འོས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་བཅོས་བཀོད་པའི་དགེ་བ་ཅི་ཡོད་པ་དེས་ཕྱོགས་བཅུ་དང་དུས་གསུམ་གྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐེག་པ་ཀུན་གྱི་རྩེ་མོར་སོན་པ་རང་བཞིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བསྟན་པ་ལ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེ་བྱེད་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་དུ་མཛད་པ་ནི་བསྔོ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྔོས་ན་འདུ་བར་གསུངས་པའི་ཕྱིར། བཟང་སྤྱོད་ལས། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཅེས་གསུངས་པ་དང་ཚུལ་མཐུན་པ་ཡིན་ནོ། །དེ་ལྟར་ལེགས་བཤད་འདུལ་བའི་རྩ་བ་བརྟན། །གཞན་ཕན་བྱང་སེམས་ངོ་མཚར་ལོ་འདབ་རྒྱས། །གསང་ཆེན་སྨིན་གྲོལ་འབྲས་བུས་ཡོངས་གང་བའི། །རྣམ་འགྲེལ་དཔག་བསམ་སྙེ་མ་འདི་ལོང་ཞིག །མཚུངས་མེད་རྣམ་དཔྱོད་སྟོབས་རྒྱས་རྟ་བདུན་གྱིས། །དྲངས་པའི་ལུང་རིག་ཤིང་རྟ་ལ་ཆིབས་ནས། །ལེགས་བཤད་འོད་སྟོང་སྤྲོ་བཞིན་འདིར་ཤར་གྱིས། །རྒྱལ་བསྟན་པདྨོའི་གེ་སར་རྒོད་མིན་ནམ། །དེང་བདག་འབྱུང་ལུས་རྒ་བས་དམ་བཅིངས་ཀྱང་། །སེམས་ཀྱི་ཁྱེའུ་ཆུང་ལང་ཚོ་མ་ཉམས་པས། །རྣམ་དཔྱོད་མེ་ལོང་ངོས་ལ་ཚིག་དོན་གཟུགས། །འཕོས་པས་ཟ་འོག་ཐགས་ལ་ངལ་བསོ་སྦྱིན། །སྐྱེ་བར་གོམས་པའི་ཤེས་རབ་མཐུ་ཆུང་ཞིང་། །དད་བརྩོན་སྙིང་སྟོབས་གོམས་ཤུགས་དམན་གྱུར་ཀྱང་། །ཡོངས་འཛིན་དམ་པའི་ཐུགས་རྗེའི་ཕྱག་བཟང་གིས། །དྲངས་པས་ལེགས་བཤད་སྨྲ་བའི་སྤོབས་པ་ཐོབ། །གང་བཤད་འདི་ནི་མདོ་རྒྱུད་སྙིང་པོའི་དོན། །ཐར་འདོད་སྐལ་ལྡན་སྐྱེ་བོ་འཇུག་པའི་སྒོ། །བླང་དོར་གསལ་བར་བྱེད་པའི་སྒྲོན་མེ་སྟེ། །འདོད་སྟེར་དཔག་བསམ་སྙེ་མ་འདི་ཡིན་ནོ། །ཇི་ལྟར་གཏིང་མཐའ་གཞལ་དཀའི་ཆུ་གཏེར་ཆེ། །ཉམ་ཆུང་རི་བོང་རྐྱལ་གྱིས་ཆོད་མིན་ལྟར། །གཞུང་དོན་རྟོགས་དཀའ་བདག་བློ་མཐུ་ཞན་ཕྱིར། །ནོངས་པར་གྱུར་གང་དམ་པ་རྣམས་ལ་བཤགས། །དེ་ལྟར་བཤད་ལས་དགེ་བ་གང་ཐོབ་དེས། །བདག་གཞན་སྲིད་ཞིའི་ཆུ་གཏེར་ལས་སྒྲོལ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི། །ཐར་མཆོག་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ལུང་རིག་མན་ངག་རྗེས་འགྲོའི་རྣམ་བཤད་འདི། །དབང་ཕྱུག་རལ་པའི་རྒྱན་གྱུར་དཀྱིལ་འཁོར་ལྟར། །ཆོས་སྒྲའི་སྣང་བས་ཕྱོགས་ཀུན་ཡོངས་ཁྱབ་སྟེ། །འགྲོ་ཀུན་གདུང་སེལ་ཕན་བདེའི་དཔལ་འབར་ཤོག །གནས་སྐབས་སུ་ཡང་འཇིག་རྟེན་ཁམས་མ་ལུས། །ལྷ་ཡུལ་ཇི་བཞིན་དགའ་སྐྱིད་བདེ་བས་འཚོ། །ཁྱད་པར་བསྟན་འཛིན་སྐྱེས་བུས་ཡོངས་གང་ནས། །བསྟན་པ་དྲི་མེད་དར་ཞིང་རྒྱས་པ་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་སྔ་འགྱུར་གྱི། །བཤད་སྒྲུབ་ཉི་ཟླའི་སྣང་བ་རབ་བཟུང་ནས། །ཐུབ་བསྟན་གླིང་བཞིའི་ཁྱོན་འདིར་རྟག་འཆར་བས། །ཕན་བདེའི་པདྨོ་འདབ་བརྒྱ་འབྱེད་པར་ཤོག །ཅེས་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ཞེ་བྱ་བ་འདི་ནི། སྔར་མིང་དོན་མཐུན་པའི་གྲོགས་མཆོག་ཧོར་བླ་མ་དགེ་སློང་བསྟན་འཛིན་འགྱུར་མེད་ཀྱིས་བསྐུལ་ནས་རང་ལོ་ཉི་ཤུ་རྩ་བདུན་པ་ལྕགས་ཕོ་སྤྲེའུའི་ལོ་ལེའུ་གཉིས་པ་སོ་ཐར་གྱི་སྐབས་ལས་དགེ་སློང་ཕའི་སྡེ་ལྔ་ཡན་ཆད་འབྲུ་འགྲེལ་དུ་བརྩམས་པ་ཞིག་ཡོད་ནའང་། དེ་དུས་བློ་གྲོས་མ་སྨིན་པས་དམར་ནག་སྤེལ་བ་ཙམ་གྱི་ཡི་གེ་ལ་དོན་མེད་པར་མཐོང་ནས་སླར་འཕྲོའི་རྩོམ་འདུན་བསྐྱུངས་པ་ལས། ཕྱིས་མདོ་སྔགས་ཀྱི་གཞུང་ལུགས་སྨྲ་བ་རབ་འབྱམས་པ་ཕྲིན་ལས་རབ་འཕེལ་གྱིས་སྡོམ་གསུམ་ལ་བསྟན་བཅོས་རབ་རང་གཞུང་ངམ་གཞན་འགྲེལ་གང་རིགས་སུ་བྱས་པ་དང་ཐ་ནའང་གནས་འགྱུར་ཙམ་ལ་རང་ལུགས་ཀྱི་གྲུབ་མཐའི་གནད་འཁྲོལ་བ་ཞིག་ཅིས་ཀྱང་བརྩམ་དགོས་ཞེས་རིང་མོ་ནས་ཡང་ཡང་བསྐུལ་བ་དང་། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཀའ་དྲིན་མཉམ་མེད་རྗེ་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་ལྕི་བས་སྡོམ་གསུམ་རྣམ་ངེས་ཀྱི་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཞབས་ཏོག་ལ་དམིགས་ཤིང་རང་གི་བློ་གྲོས་ཀྱང་གོམས་པར་བྱ་བའི་ཕྱིར་འགྲེལ་པ་མཐའ་ཆོད་པ་ཞིག་འཕྲལ་དུ་རྩོམ་པར་གྱིས་ཞེས་སྩལ་བ་གུས་པའི་གཙུག་གིས་མཆོད་དེ་རྩོམ་པ་ལ་ཞུགས་པ་ན། སྔ་འགྱུར་བསྟན་པའི་མངའ་བདག་མཁྱེན་བརྩེ་ནུས་པའི་དབང་ཕྱུག་ཆེན་པོ་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུའི་ཞལ་སྔ་ནས་ཀྱང་སྡོམ་གསུམ་ལ་འགྲེལ་པ་བྱས་པ་ནི་སྔ་འགྱུར་བསྟན་པའི་གསོ་སྨན་དུ་འགྱུར་རོ་ཞེས་དབུགས་དབྱུང་བའི་བཀའ་སྩལ་ཐོབ་པས་ཀྱང་ཡིད་སྤྲོ་བར་གྱུར་ཅིང་། སྒྲ་སྙན་སྡེབ་སྦྱོར་རྩིས་སྐར་ནག་ལ་བློ་བྱང་བའི་རིག་བྱེད་པ་དགེ་སློང་ཨོ་ཊྱཱན་དཔལ་འབྱོར་གྱིས་ཀྱང་རྩོམ་གདན་གྱི་བྲི་གཞིའི་རྐྱེན་སྦྱར་བ་སོགས་ལ་བརྟེན་ཏེ། གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ལྔ་བཅུ་ང་ལྔ་པའི་ཐོག་ཏུ་སོན་པ་ཀུན་འཛིན་གྱི་ལོ་དབོ་ཟླ་བའི་ཚེས་དགུ་རེས་གཟའ་པ་ཝ་སངས་རྒྱུ་སྐར་ནབས་སོ་དང་རྩེ་བའི་ཕྱི་དྲོ་སེང་གེའི་དུས་སྦྱོར་ལ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཨོ་ཊྱཱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་རྒྱུན་མི་ཆད་པ་འབྱུང་བའི་གཞིར་གྱུར་ཅིག། ༈ །།སྭསྟི། ཟླ་མེད་སྟོན་པ་རྫོགས་སངས་རྒྱས་དེ་ཡིས། །རང་གིས་བརྙེས་པའི་ཆོས་ཀྱི་རྒྱལ་ཐབས་ལ། །འགོད་ཕྱིར་གདུལ་བྱའི་སྐལ་བ་དང་འཚམས་པར། །ཐེག་གསུམ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན། །སྲིད་མཚོ་ཉམ་ངའི་གྲོང་ལས་རིང་བརྒལ་ནས། །རྣམ་གྲོལ་རིན་ཆེན་ལེན་པ་གྲུ་ཡི་རྟེན། །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་ཡི། །མཐུན་པའི་རླུང་གིས་བསྐུལ་བ་ཉིད་ལ་རག །དང་པོ་བླང་ཡུལ་མཁན་སློབ་དགེ་འདུན་ལས། །སྲོག་འཚོའི་བར་དུ་གཞན་གནོད་ལས་ལྡོག་པ། །བདག་དོན་ཉིད་དུ་དགྲ་བཅོམ་རྗེས་སློབ་ཚུལ། །འབྲས་བུ་མྱང་འདས་རྣམ་གཉིས་ཐོབ་ཕྱིར་རོ། །གཉིས་པ་སློབ་དཔོན་ཉིད་དམ་རྟེན་ལས་ཀྱང་། །བྱང་ཆུབ་བར་དུ་ཚུལ་ཁྲིམས་རྣམ་པ་གསུམ། །གཞན་དོན་ཉིད་དུ་བྱང་སེམས་རྗེས་སློབ་ཚུལ། །འབྲས་བུ་ས་བཅུའི་གོ་འཕང་ཐོབ་ཕྱིར་རོ། །གསུམ་པ་བླ་མ་དཀྱིལ་འཁོར་འཁོར་ལོ་ལས། །ནམ་མཁའ་ཇི་སྲིད་གཉིས་དོན་ཡེ་ཤེས་ཀྱི། །འཁོར་ལོར་རྒྱས་འདེབས་སངས་རྒྱས་རྗེས་སློབ་ཚུལ། །འབྲས་བུ་རྡོ་རྗེ་འཆང་གི་ས་ཐོབ་ཕྱིར། །གང་ཡང་སྲིད་པའི་འདོད་ཆགས་དུག་ཆེན་ཁམས། །སྤོང་སྦྱོང་ལམ་དུ་བྱེད་པའི་ཁྱད་པར་གྱི། །ཐབས་ལས་ཉོན་མོངས་རང་མཚན་ཉིད་སྤོང་བར། །རྣམ་དབྱེར་མེད་ཕྱིར་དོན་གྱི་དགོངས་པ་མཐུན། །དེ་ཡང་རྒྱུད་གཅིག་ཉིད་ལ་སྡོམ་པ་གསུམ། །མཚན་ཉིད་དྲུག་ལྡན་ངོ་བོ་གཅིག་ཏུ་གནས། །ལེན་ཅིང་རྟེན་དང་ཕྱིར་འཆོས་འཁྲུལ་མེད་དུ། །སྤྱོད་པ་སྡེ་སྣོད་གསུང་རབ་ཤེས་ལ་རག །གང་ཡང་གཞུང་མང་གིས་དུབ་ངལ་བསོའི་སྐྱེས། །ཚིག་ཉུང་དོན་རྒྱས་སྡོམ་གསུམ་རྣམ་ངེས་ཀྱི། །ལེགས་བཤད་རིན་ཆེན་ཤེས་བྱའི་ཆུ་ཀླུང་ཀུན། །འཁྱིལ་བ་པཎ་ཆེན་མཁྱེན་པའི་མཚོ་ལས་བྱུང་། །དེ་ཡི་ཚིག་དོན་མ་འདྲེས་མཚར་པོའི་གཟུགས། །ཇི་བཞིན་གསལ་བྱེད་འགྲེལ་པ་ནོར་བུ་ཡི། །མེ་ལོང་ཉིད་དམ་ལེགས་བཤད་འདོད་འཇོའི་ཕྱིར། །ངོ་མཚར་དཔག་བསམ་སྙེ་མར་ལྷུན་གྱིས་གྲུབ། །གང་དེ་མཁས་བཙུན་བཟང་པོས་མངོན་མཐོའི་བཤེས། །ཆོས་དཔལ་རྒྱ་མཚོའི་རྣམ་དཔྱོད་ནོར་བུའི་ཏོག །མཆོད་ལས་ཆོས་ཆར་འབེབས་བྱེད་རིགས་ཀྱི་གཅུང་། །ཀུན་དགའ་ཚུལ་ཁྲིམས་བློ་གསལ་འདོད་འཇོའི་དཔྱིད། །བྲི་བརྐོས་བྱེད་པོ་ཨོ་རྒྱན་དཔལ་འབྱོར་དང་། །ཨོ་རྒྱན་ཚོགས་གཉིས་རྡོ་རྗེ་ཆོས་བཟང་རྣམས། །སོར་འཕྲུལ་གཅིག་ལས་འབད་མེད་དུ་མ་རུ། །འཆར་བའི་ངོ་མཚར་པར་གྱིས་མཚོན་པ་གང་། །སྒྲུབ་བྱེད་དོ་དམ་དགེ་སློང་རབ་འཕེལ་དང་། །རིག་བྱེད་འཚོ་རྐྱེན་འདོད་སྟེར་གཉེར་གྱི་ལས། །འཛིན་པ་ངག་དབང་རབ་བརྟན་གྱིས་མཚོན་ཏེ། །ལས་བྱེད་ཀུན་གྱིས་བསམ་སྦྱོར་མཐུན་པར་ཞུགས། །འདིས་ཐོབ་དགེ་ཚོགས་ཤིང་རྟའི་བགྲོད་པ་ཡིས། །སྐུ་གསུམ་ལང་ཚོ་འབར་བའི་ཉི་མ་ནི། །ཕན་བདེའི་སྣང་བ་འགྱེད་ལ་འདྲོངས་པའི་དཔལ། །མཐའ་ཡས་འགྲོ་བ་ཀུན་ལ་གསལ་གྱུར་ཅིག །ཐར་འདོད་རྣམས་ཀྱིས་བསླབ་པར་བྱ་བའི་གནས་ནི་སྡོམ་པ་གསུམ་གྱི་བསླབ་བྱ་ལ་ནན་ཏན་སྙིང་པོར་བྱ་བ་ལས་གཞན་དུ་མེད་ལ། ཇི་བཞིན་པ་རང་རྒྱུད་ལ་འབྱོར་བ་ཡང་སྡེ་སྣོད་ཀྱི་གསུང་རབ་རྣམས་ལ་ལྟོས་ཤིང་། དེ་དག་སོ་སོར་བསླབ་པར་མི་ནུས་པ་རྣམས་ཀྱི་དོན་དུ་སྡོམ་པ་གསུམ་གྱི་བརྗོད་བྱ་གཞུང་ཚན་གཅིག་གིས་སྟོན་པའི་བསྟན་བཅོས་སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པ་འགའ་ཞིག་འདུག་མོད། སོ་བྱང་གཉིས་ལ་ཁས་ལེན་མི་འདྲ་བའི་ཁྱད་པར་རེ་གཉིས་ཙམ་ལས་བརྗོད་བྱའི་དོན་འདྲ་ཡང་། སྔགས་སྡོམ་གནས་འགྱུར་དང་བཅས་པ་ལ་སྔགས་གསར་རྙིང་གི་དབང་ལས་མི་འདྲ་བའི་ཁྱད་པར་ཆེ་བ་ལ་དགོངས་ནས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་སྡོམ་གསུམ་རྣམ་པར་ངེས་པའི་གཞུང་ལེགས་བཤད་སྙིང་པོར་དྲིལ་བ་མཛད་ཀྱང་། འགྲེལ་པས་མ་བཤད་ན་རྟོགས་དཀའ་བས་བློ་གསལ་དོན་གཉེར་རྣམས་ལ་ཕན་པའི་ཆེད་དུ་གཅུང་མཁན་ཆེན་ལོ་ཙཱ་བ་ཉིད་ལ་རྩོམ་པར་བསྐུལ་བ་བཞིན་རྡོ་རྗེ་བྲག་རིག་འཛིན་མཆོག་སྤྲུལ་དམ་པས་ཀྱང་རང་ལུགས་འཛིན་པ་རྣམས་ལ་ཤིན་ཏུ་མཁོ་བ་ཡོང་འདུག་པས་རྩོལ་བ་བསྐྱེད་པ་ལེགས་སོ་ཞེས་པའི་གསུང་གིས་རྐྱེན་བྱས་མྱུར་དུ་གྲུབ་པའི་བརྩམ་གདན་ལས་ཐོག་མར་ཕབ་པའི་གླེགས་བམ་རྩོམ་ཕུད་དུ་ཕུལ་བར་ཤིན་ཏུ་དགྱེས་པའི་དབུགས་དབྱུང་དང་། ད་ཆ་པར་ཞིག་བྱུང་ན་དོན་གཉེར་མཐའ་དག་གིས་འགྲུབ་སླ་ཞིང་ཕན་ཆེ་བ་འདུག་པས་རྩོལ་བ་བསྐྱེད་ཅིག་པར་བཀའ་ཕྲིན་སྩལ་བ་ལས་གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོས་འབད་རྩོལ་ཆེན་པོས་པར་དུ་བསྒྲུབས་པའི་སྙིང་སྟོབས་འཁུར་དུ་བཟུང་བའི་ཚེ་པར་བྱང་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ས་མོ་གླང་གི་ལོ་ལ་བཀོད་པ་བདེ་ལེགས་སུ་གྱུར་ཅིག། ༈ །།མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།


previousསྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ། ལོ་ཆེན་དྷརྨ་ཤྲཱི།no next