Nitartha Digital Library
Tibetan
 
previousསྡོམ་པ་གསུམ་གྱི་དྲིས་ལན་ཉི་འོད་སྣང་བ། རྨེ་བ་མཁན་ཆེན་བསོད་ནམས་ཆོས་འགྲུབ།no next

སྡོམ་པ་གསུམ་གྱི་དྲིས་ལན་ཉི་འོད་སྣང་བ། རྨེ་བ་མཁན་ཆེན་བསོད་ནམས་ཆོས་འགྲུབ།

སྡོམ་པ་གསུམ་གྱི་དྲིས་ལན་ཉི་འོད་སྣང་བ་ཞེས་བྱ་བ་བཞུགས། ལགས། དགོངས་དོན་དང་པོ་ལྟར་ན་སྤྱིར་རྒྱལ་བའི་བསྟན་པ་ནི་རྗོད་བྱེད་ལུང་དང་བརྗོད་བྱ་རྟོགས་པ་གཉིས་དང་། དེ་ལའང་རྒྱུ་ལམ་དུ་བྱེད་པ་མདོ་དང་འབྲས་བུ་ལམ་དུ་བྱེད་པ་སྔགས་ཀྱི་ཐེག་པ་གཉིས། དེའང་གནས་སྐབས་དྲང་དོན་དང་མཐར་ཐུག་ངེས་དོན་གཉིས་དང་། དེའང་ཟབ་མོ་ལྟ་བའི་ཆ་དང་རྒྱ་ཆེན་སྤྱོད་པའི་ཆ་གཉིས་རེ་དབྱེར་ཡོད་ཅིང་འཇིག་རྟེན་མཐུན་འཇུག་གི་ཚུལ་གྱི་ལྷ་མིའི་ཐེག་པ་རྣམས་དང་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་ལ་དྲང་དོན་དགོངས་པ་ཅན་སོགས་ཀུན་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་མཐར་ཐུག་སངས་རྒྱས་འཐོབ་པའི་རྒྱུར་མི་འགྲོ་བ་མེད་པས་གནས་སྐབས་སོ་སོའི་གདུལ་བྱ་རང་རང་གི་ངོར་བདེན་ཞིང་གཙོ་ཆེ་ལ། ཁྱད་པར་དུ་བརྗོད་བྱ་རྟོགས་པའི་ཆོས་རྣམས་སྡོམ་པ་གསུམ་དུ་བསྡུས་ནས་ཉམས་སུ་ལེན་པས་བསྟན་པ་ཀུན་གྱི་གནད་བསླབ་པ་གསུམ་ལ་ཚང་དགོས་པས་སྡོམ་པ་གསུམ་པོའང་གཙོ་ཆེ་ཆུང་འདྲ་སྟེ། རྗོད་བྱེད་ཀྱི་ཐེག་པ་ལ་རྒྱུ་འབྲས་གཉིས་སུ་ངེས་པ་ལྟར་བརྗོད་བྱ་སྡོམ་པ་གསུམ་ལའང་སྔ་མ་སྔ་མ་རྒྱུད་དང་ཕྱི་མ་ཕྱི་མ་འབྲས་བུ་སྔ་མ་ཡན་ལག་དང་ཕྱི་མ་ཉིང་ལག་གམ་རྟེན་དང་བརྟེན་པ་སོགས་ཀྱི་འབྲེལ་བའི་ཕྱིར་རོ། །བསྟན་པ་གོ་རིམ་དང་བསྟུན་ནའང་འདུལ་བ་ནི་འཁོར་ལོ་དང་པོའི་བརྗོད་བྱ་བདེན་པ་བཞི་དང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་དེ་རྩ་བར་གཟུང་དགོས་ཏེ། འདུལ་བསྟོད་ལས། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །གཞི་དང་རྩ་བ་འདུལ་བ་ཡིན་པར་བཤད། །ཅེས་བསྟན་པ་ཀུན་གྱི་རྩ་བར་གསུངས་ཤིང་། ཨུཏྤ་ལས་ཞུས་པར། གང་ན་ལས་ཡོད་ཅིང་དེ་ལ་ནན་ཏན་བྱེད་པ་དེ་ན་བསྟན་པ་ཡོད་ཅིང་གང་ན་ལས་མེད་ཅིང་དེ་ལ་ནན་ཏན་མི་བྱེད་པ་དེ་ན་བསྟན་པ་མེད་ཅེས་གསུངས་པའི་ཕྱིར་རོ། །བསྟན་པ་འཛིན་པའི་རྟེན་གྱི་དབང་དུ་བྱེད་ནའང་སྤྱོད་འཇུག་ལས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་པ་དོན་དམ་པའི་དགེ་སློང་ཡང་ཡིན་མོད་སོ་སོར་ཐར་པའི་དགེ་སློང་ཡང་ཡིན་ཏེ། ཇི་སྐད་དུ། ཐུབ་བསྟན་རིན་ཆེན་སྒྲོན་མེ་མཆོག །འབར་བའི་སྣོད་དུ་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་དང་། གང་ན་འདུལ་བ་འཛིན་པ་ཡོད་པ་དེ་ན་དེ་བཞིན་གཤེགས་པའི་ཕྲིན་ལས་ཆུང་བ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། གང་ཟག་གི་བློ་རིགས་ཀྱི་བསྟན་པ་ལ་འཇུག་རིམ་གྱི་དབང་དུ་བྱེད་ན། ལམ་མས་སྦྱངས་དང་ལས་དང་པོ་པ་རྣམས་ལ་ནི་འཁོར་ལོ་དང་པོའི་དགོངས་དོན་སྤྱོད་པ་སྤོང་བདུན་གྱི་ཚུལ་ཁྲིམས་དང་སྒོམ་པ་བདེན་བཞིའི་བླང་དོར་དང་ལྟ་བ་གང་ཟག་གི་བདག་མེད་པ་ཙམ་དེ་གཙོ་ཆེ་སྟེ་བློ་དམན་འཇུག་བདེ་ཞིང་ལམ་གོང་མའི་སྒོའམ་དྲང་བྱེད་ཡིན་པའི་ཕྱིར། འདུལ་བ་ལས་ཀྱང་། སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟིར་རྣོན་བརྒྱ་བ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་གང་ཟག་གི་རྒྱུད་འདུལ་བའི་ཐབས་དང་པོ་ཡིན་པར་གསུངས་སོ། །དེ་ལྟར་ན་སོ་ཐར་དང་དེའི་སྡོམ་པ་ནི་རྩ་བའམ་གཞི་ཡིན་ལ་བྱང་སེམས་དང་དེའི་སྡོམ་པ་ནི་གྲོགས་སམ་ཐབས་ཡིན་ལ། རྡོ་རྗེའི་ཐེག་པ་དང་དེའི་སྡོམ་པ་ནི་སྙིང་པོའམ་འབྲས་བུ་ཡིན་པས་མཐར་ཐུག་ཐེག་པ་གཅིག་པུ་རྡོ་རྗེའི་ཐེག་པའི་ལམ་འབྲས་མཐར་ཐུག་འགྲུབ་པ་ལ་ནི་དོན་གྱི་གནད་ཐམས་ཅད་དངོས་དང་བརྒྱུད་ནས་ཚང་དགོས་ལ། གནས་སྐབས་ཀྱི་ཐེག་པ་རང་རང་ལ་ལྟོས་ནས་ཉན་རང་ལྟ་བུའི་གང་ཟག་གི་རང་ལམ་གྱི་འབྲས་བུ་ཉི་ཚེ་བ་འཐོབ་པ་ལ་ནི་ལམ་གོང་མ་གཉིས་ཀྱི་བསླབ་བྱ་ཐུན་མོང་མ་ཡིན་པ་རྣམས་མི་དགོས་པར་རང་ལམ་ནོར་འཁྲུལ་མེད་པ་དེས་ཆོག །བྱང་ཆུབ་སེམས་དཔའི་འབྲས་བུ་འབྲིང་འཐོབ་པ་ལ་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་ཐུན་མིན་དེ་མི་དགོས་པར་སེམས་བསྐྱེད་སོགས་རང་ལམ་གནད་མ་འཆུག་པ་དེ་ཉིད་ཀྱིས་ཆོག་མོད། འོག་མ་ཉན་ཐོས་ཀྱི་སྤྱོད་པ་འདུལ་བའི་བསླབ་བྱ་རྣམས་ཀྱང་དངོས་སམ་བརྒྱུད་ནས་ཉམས་སུ་བླང་དགོས། རིག་པ་འཛིན་པའི་ལམ་འབྲས་མཐར་ཐུག་འཐོབ་པ་ལ་ནི་འོག་མ་གཉིས་ཀྱང་ཞར་ལ་ཐོབ་པའམ་སྡོམ་གསུམ་རིམ་གྱིས་ནོད་དེ་དངོས་སུ་ཚང་བར་བསྒྲུབ་དགོས་སོ། །འོན་ཀྱང་སྦྱངས་པ་སྔོན་སོང་དང་ལམ་ཐོད་རྒལ་བའི་གང་ཟག་དབང་རྣོན་ཡིན་ན་སྨིན་གྲོལ་ཟབ་མོའི་ལམ་གོང་མ་ལ་བསྙེགས་ཏེ་དེ་ཚུལ་བཞིན་ཤེས་པས་གཙོ་བོར་གཟུང་ན་འོག་མའི་སྤང་བླང་གིས་གནད་ཐམས་ཅད་ཞོར་ལ་རྫོགས་པ་ཡིན་པས་ལམ་འོག་མ་སྔོན་དུ་འགྲོ་དགོས་པར་མ་ངེས་ཏེ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སྔོན་དུ་མ་སོང་བར་ཐལ་བྱུང་དུ་བསྙེན་རྫོགས་བླངས་ན་ཐོབ་པར་བཤད་པ་བཞིན་ནོ། །གཞན་དྲངས་པ་སོགས་ཀྱི་དགོས་པ་ཡོད་ན་འོག་མའང་བླངས་ཏེ་ཕྱིའི་ཀུན་སྤྱོད་སོ་ཐར་ལྟར་བྱེད་དགོས་པ་སོགས་ནི་དམིགས་བསལ་ཡིན་ནོ། །མདོར་ན་ལས་དང་པོ་པ་བློ་དམན་རྣམས་ལ་སོར་སྡོམ་གཙོ་ཆེ་སྟེ་རང་རྒྱུད་སྦྱངས་པ་འདི་དང་པོ་ཆོས་ལ་འཇུག་པའི་གཞི་ཡིན་པའི་ཕྱིར། དཔེར་ན་བྱང་སེམས་ལས་དང་པོ་པས་ཀྱང་དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གཙོ་བོར་སྲུང་བ་དང་། རིག་པ་འཛིན་པ་དང་པོའི་ལས་ཅན་རྣམས་ཀྱང་དང་པོ་སྤྱིའི་དམ་ཚིག་བརྟུལ་ཞུགས་ཉེར་ལྔ་སོགས་ཉེས་སྤྱོད་སྡོམ་པ་གཙོ་བོར་སྲུང་བར་བྱེད་དགོས་པ་བཞིན་ཏེ་འདུལ་སྡོམ་ཇི་བཞིན་ཐུབ་ན་བྱང་སྡོམ་སླ་ཞིང་། བྱང་སྡོམ་བསླབ་གསུམ་བསྲུངས་ན་སྔགས་ལ་འཇུག་སླ་ཞིང་དམ་ཚིག་ཐུབ་ཅིང་ཚེགས་ཆུང་ངུས་ཚོགས་རྫོགས་པར་འགྱུར་རོ། །བློ་ན་འཕར་བའི་དབང་འབྲིང་གཞན་དོན་ནུས་པའི་ཐེག་ཆེན་རིགས་ཅན་རྣམས་ལ་བྱང་སྡོམ་གཙོ་ཞིང་། མདོ་ལམ་ཡུན་རིང་པའི་སྒྲུབ་མི་ནུས་པའམ་སྔགས་ལ་མོས་པ་ཆེ་ཞིང་སྒྲུབ་ནུས་པའི་གང་ཟག་ཤིན་ཏུ་བློ་ཆེན་ལས་འཕྲོ་ཅན་རྣམས་ལ་སྔགས་སྡོམ་གཙོ་ཆེ་སྟེ། དབང་རྣོན་གྱིས་ཚེ་འདིར་འགྲུབ་པའི་ཉེ་ལམ་དང་དོན་གཉིས་རླབས་ཆེན་འགྲུབ་པའི་ཐབས་ཤེས་ཁྱད་པར་ཅན་གྱི་ཆོས་ཡིན་པའི་ཕྱིར་དཔེར་ན་ཨིནྡྲ་བྷུ་ཏི་བཞིན་ནོ། །རྒྱུད་ལས། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་བ། །ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་དང་། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་སྟེ། །ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་དང་། རྟོགས་བྱ་དེ་ཁོ་ན་ཉིད་དང་ཐོབ་བྱ་སངས་རྒྱས། འཐོབ་བྱེད་བྱང་ཆུབ་ཀྱི་སེམས་སོགས་མདོ་སྔགས་གཉིས་དོན་གཅིག་ཀྱང་། དེ་དག་རྒྱུད་ལ་མྱུར་དུ་སྐྱེ་བའི་ཐབས་མ་རྨོངས་པ་དང་ཐབས་མང་བ་དང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འཕགས་ཆོས་བཞི་ཚུལ་གསུམ་པའི་སྒྲོན་མེ་སོགས་ལས་མང་དུ་གསུངས་སོ། །རང་ཉིད་ལ་མཆོག་གི་ཉེ་ལམ་སྒྲུབ་པའི་ནུས་པ་ཡོད་བཞིན་དེ་དོར་ནས་དམན་ལམ་སྒྲུབ་པ་དོན་མེད་དེ་རྩ་ལྟུང་ཆེན་པོ་འབྱུང་བ་དང་རིགས་ཉམས་་པ དང་ཟབ་མོའི་སྐལ་བ་འཆད་པའི་ཕྱིར། ནུས་པ་མེད་ཅིང་མོས་པ་ཞན་ན་འོག་མ་ནས་སློབ་དགོས་པ་སོགས་སོ། །དེས་ན་བཀའ་ཐམས་ཅད་ཀྱང་གང་ཟག་གི་བློའི་བྱེ་བྲག་ལས་རིས་ཐ་དད་པ་དུ་མར་གྱུར་པ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་པུ། །གདུལ་བྱ་སོ་སོའི་དབང་གིས་ནི། །བྱེ་བྲག་མང་པོར་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་འཁོར་ལོ་གསུམ་པོའི་སྤྱོད་པའི་ཆ་རྣམས་ཀྱི་འཇུག་རིམ་དང་གཙོ་ཕལ་རྣམས་གདུལ་བྱའི་བློ་དང་བསྟུན་དགོས་པ་བཞིན་ལྟ་བའི་ཆ་རྣམས་ཀྱང་ལས་དང་པོ་པའི་གང་ཟག་རྣམས་ལ་འཁོར་ལོ་དང་པོའི་བསྟན་དོན་འདུས་བྱས་མི་རྟག་པ་དང་། གང་ཟག་གི་བདག་མེད་པ་དང་བདག་དེས་ཕུང་པོ་སྟོང་པ་ཙམ་གཙོ་ཆེ་ཞིང་། དེ་ནས་བློ་ཅུང་ཟད་སྨིན་པ་ལ་ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པ་ཉིད་འཁོར་ལོ་བར་པའི་བསྟན་དོན་མཐའ་བཞི་བྲལ་བའི་ལྟ་བ་དང་། དེ་ནས་བློ་ཤིན་ཏུ་སྨིན་པའི་གང་ཟག་ལ་ཐ་མའི་བསྟན་དོན་རིག་སྟོང་བདེ་བར་གཤེགས་པའི་སྙིང་པོ་དང་སྔགས་ཀྱི་དབང་བཞི་པའི་ལྟ་བ་འོད་གསལ་བའི་ཡེ་ཤེས་བདེ་སྟོང་ལྷན་ཅིག་སྐྱེས་པའི་དོན་དམ་གཙོ་ཆེ་སྟེ་ངེས་དོན་མཐར་ཐུག་ཡིན་པའི་ཕྱིར། དེ་ཡང་སྨིན་བྱེད་ཀྱི་དབང་དང་དམ་ཚིག་དང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ཀྱི་ཐབས་ལ་མཁས་ན་འདིའི་ལྟ་བ་སྟོང་པ་ཉིད་དང་རང་བྱུང་གི་ཡེ་ཤེས་ཟུང་དུ་འཇུག་པ་དེ་ཉིད་ཚེ་འདིར་འགྲུབ་ནུས་ལ། སྤྲོས་པ་ཐམས་ཅད་འགོག་པ་དབུ་མའི་ལྟ་བ་ཟབ་ཅིང་བཟང་མོད་མདོ་ལམ་ཡིན་པས་ཇི་ལྟར་མྱུར་ཀྱང་གྲངས་མེད་གསུམ་དུ་ཚོགས་གཉིས་མ་བསགས་པར་ལྟ་བ་དེ་མཐར་ཕྱིན་པར་རྟོགས་མི་ནུས་ཏེ། ཇི་སྐད་དུ། ཇི་སྲིད་དགེ་བའི་རྩ་བ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་གསུངས་པའི་ཕྱིར། འཁོར་ལོ་དང་པོ་གཉིས་ཀྱི་བདག་མེད་དང་སྟོང་ཉིད་བཅུ་དྲུག་སོགས་ཀྱང་ཕྱི་མར་འདུ་ཞིང་རྣམ་གྲངས་པའི་དོན་དམ་དེ་དག་ཀྱང་རྣམ་གྲངས་མིན་པའི་དོན་དམ་ཐ་མའི་བརྗོད་བྱ་མཐར་ཐུག་ཁས་ལེན་ཀུན་བྲལ་འོད་གསལ་བའི་ཡེ་ཤེས་ཉིད་དུ་རོ་གཅིག་པར་འགྱུར་རོ། །དེས་ན་འཁོར་ལོ་བར་ཐའི་སྟོང་རྐྱང་དང་སྙིང་པོ་བསྟན་པ་གཉིས་ཀྱང་གདུལ་བྱའི་བློའི་རྟག་ཆད་བཟློག་ཅིང་དགོས་དབང་ཙམ་ལས་གཉིས་ཀ་གནད་གཅིག་ཏུ་འབབ་སྟེ། བར་བའི་དུས་སུ་ཕྱི་མའི་སྙིང་པོ་དང་ཡེ་ཤེས་སོགས་ཀྱང་གབ་ཅིང་སྟོང་པ་ཉིད་གཙོ་བོར་བསྟན། ཕྱི་མའི་དུས་སྙིང་པོ་འོད་གསལ་རྩལ་དུ་བཏོན་ནས་གསུངས་པས་བར་བའི་དུས་སུའང་ཡེ་ཤེས་ཀྱི་སྣང་ཆ་ཐ་སྙད་དུའང་མེད་པ་མ་ཡིན་ཞིང་། ཕྱི་མ་སྙིང་པོ་སྟོན་པ་ནའང་གཞི་སྟོང་པ་ཆེན་པོ་ལས་མ་འདས་པར་རིག་པའི་ཡེ་ཤེས་བདེན་སྟོང་ཉིད་རྩལ་དུ་བཏོན་ནས་བསྟན་པ་ཤེས་དགོས་པ་སོགས་བཀའ་དང་དགོངས་འགྲེལ་ཐམས་ཅད་དྲང་ངེས་སོགས་ཞིབ་པར་མ་ཕྱེས་ན་རྟག་ཆད་དུ་ལྷུང་བ་དང་སྤང་བླང་གི་ཉེས་པར་འགྱུར་བ་ཡིན་ནོ། ༈ །ཡང་སྡོམ་པ་གསུམ་པོ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་གནས་ཞེས་གསུངས་པ་ལ། སོ་སོའི་དབང་དུ་ནི་བཤད་མ་ཐག་པ་ལྟར་དང་། སྡོམ་པ་གསུམ་རིམ་གྱིས་ནོད་པའི་གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་གཅིག་ལ་གསུམ་པོ་ཐོབ་ལ་མ་ཉམས་པར་ལྡན་ཚུལ་ལ་བཞེད་ཚུལ་མང་པོ་རྒྱ་བོད་གཉིས་ཀར་བྱུང་ཡང་རྙིང་མ་སོགས་ཕལ་ཆེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གནས་པར་འདོད་པ་འདི་ཤེས་ན་བདེའམ་སྙམ་པས། འབུམ་ལྔའི་ལུང་ལས་རྡོ་ཡི་རིགས་ཀྱི་སོགས་ལྕགས་ཟངས་དངུལ་གསུམ་ལ་འགྱུར་རྩིས་བཏབ་པས་ཐམས་ཅད་གསེར་གྱི་ངོ་བོ་གཅིག་ཏུ་གནས་འགྱུར་ཡང་གསུམ་པོའི་རིན་ཐང་སོགས་ཀྱི་ལྡོག་པ་ཙམ་ཐ་དད་དུ་མིང་གི་དབྱེར་མེད་པ་ལྟར་སྡོམ་པ་གསུམ་ཀྱང་ངོ་བོ་ཤེས་པར་འདོད་དགོས་པས་དོན་གསུམ་པོ་དེའི་ངོ་བོ་འཛིན་པ་ནི་གཙོ་སེམས་ཡིད་ཤེས་ཁོ་ན་ཡིན་པས་ངོ་བོ་ལ་གཞི་མཐུན་ཡོད་པ་མི་འགལ་ལ། ལྡོག་པ་ལ་གཞི་མཐུན་མི་སྲིད་པས་གསུམ་པོའི་སྐབས་སོ་སོར་ལེན་ཡུལ་ཆོ་ག་དུས་ཚོད་ཕན་ཡོན་ཉམས་ན་གསོར་ཡོད་མེད་སོགས་ཀྱི་ལྡོག་པ་ཐ་དད་དུ་ཡོད་པས་གསུམ་ལྡན་ཤི་བའི་ཚེ་དང་གཏོང་རྒྱུ་བྱུང་བའི་ཚེ་ཡང་སོར་སྡོམ་གྱི་ལྡོག་པ་དེ་གཏོང་ལ། གསུམ་ལྡན་གྱིས་མི་བསད་པ་ལ་ཡན་ལག་བཞི་ཚང་ན་ཉམས་པའི་ཆ་ནས་གསུམ་ཀ་ཉམས་ཀྱང་གཏོང་བའི་ཆ་ནས་སྲོག་གཅོད་སྤོང་བའི་སྡོམ་པ་དེ་གཏོང་ཡང་ཐམས་ཅད་གཏོང་བ་མིན་ཏེ། ཡན་ལག་གཞན་ལ་གཏོང་རྒྱུ་མ་བྱུང་ཞིང་ལྟུང་བ་གཅིག་བྱུང་བས་ཐམས་ཅད་ཅིག་ཅར་གཏོང་ན་སྡོམ་པ་གཅིག་བླངས་པས་ཐམས་ཅད་ཅིག་ཅར་ཐོབ་པར་འགྱུར་བའི་ཕྱིར་རོ། །དེས་ན་གཙོ་སེམས་ཡིད་ཤེས་གཅིག་གི་འཁོར་དུ་དོན་གསུམ་པོའི་ཁྱད་པར་འཛིན་པའི་སེམས་བྱུང་རིགས་མི་གཅིག་པའི་ལྡོག་པ་གསུམ་རིམ་ཅན་དུ་འབྱུང་བའང་མི་འགལ་ཏེ། ངེས་འབྱུང་གི་བསམ་པས་ཟིན་པའི་གཞན་གནོད་གཞི་བཅས་སྤོང་བའི་སོར་སྡོམ་གྱི་རིགས་ཅན་གྱི་སེམས་བྱུང་གཅིག་དང་། གཞན་ཕན་དོན་དུ་གཉེར་བ་བྱང་སྡོམ་གྱི་རིགས་ཅན་སེམས་བྱུང་གཅིག་དང་། སྣང་སྲིད་དག་མཉམ་ཆེན་པོ་ཐབས་ཤེས་ཁྱད་པར་ཅན་སྔགས་སྡོམ་གྱི་རིགས་ཅན་སེམས་བྱུང་གཅིག་སྟེ་གསུམ་གྱི་ལྡོག་པ་དབྱེར་རུང་བའི་ཕྱིར། དཔེར་ན་བུམ་པའི་ལྟོ་ལྡིར་བ་དང་འདུས་བྱས་ཡིན་པ་དང་། མི་རྟག་པ་ཡིན་པ་གསུམ་པོ་བུམ་པ་ཙམ་དུ་ངོ་བོར་གཅིག་ཀྱང་ལྡོག་པ་ཐ་དད་དུ་དབྱེར་ཡོད་ཅིང་། གཙོ་སེམས་ཀྱིས་བུམ་པའི་ངོ་བོ་ཙམ་འཛིན་སེམས་བྱུང་གིས་དོན་གྱི་ཁྱད་པར་རྣམས་འཛིན་པ་བཞིན་ཏེ། རྣམ་ངེས་ལས། དེ་ལ་དོན་མཐོང་རྣམ་པར་ཞེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པ་ལྟར་རོ། །སྤྱིར་ཡང་སྡོམ་པ་གསུམ་གྱི་ངོ་བོ་ལ་ལྟོས་ནས་སྡོམ་པ་ཐོབ་པ་དང་སྐྱེ་ཚུལ་སོགས་འདི་ལྟར་ལགས་ཏེ། དཔེར་ན་དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་བ་ཡིན། ངན་སོང་གསུམ་ལ་སྐྲག་པས་ཡིད་འབྱུང་སྟེ་བསླབ་པ་སྲུང་ཚེ་སྡོམ་པ་གནས་པ་དང་ཆགས་པ་ཡིན། སྤྱིར་འཁོར་བ་དང་སྒོས་གྲུ་དེ་ཇི་འདྲ་ཁྱིམ་དེ་འདྲ། ཞེས་པའི་ཁྱིམ་ལ་དུར་ཁྲོད་ཙམ་དུ་འཇིགས་ཚེ་དགེ་ཚུལ་གྱི་སྡོམ་པ་སྐྱེ་ནུས་ཡིན། ཁྱིམ་ནས་སྦྲུལ་ཤུབས་འདོན་ལྟར་བྱས་ནས་འདོད་ཡོན་ལ་ཞེན་པ་ཆུང་བ་དང་བསླབ་པ་མིག་འབྲས་བཞིན་སྲུང་ཚེ་སྡོམ་པ་གནས་ཤིང་ཆགས་པ་ཡིན་ཏེ། དེ་ལྟར་དགེ་ཚུལ་གྱུར་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། །ཕྱག་འཚལ་སྨོན་པར་འགྱུར་བ་སྟེ། །གང་ཕྱིར་ཁྱིམ་གྱི་འཆིང་གྲོལ་ཕྱིར། །ཞེས་གསུངས། འཁོར་བ་མཐའ་དག་ལ་སྙིང་པོ་མེད་ཅིང་མེའི་འོབས་ལྟ་བུར་འཇིགས་ཤིང་། དགེ་ཚུལ་ལས་ཀྱང་ལྷག་པར་ཕྱི་འདོད་ཡོན་དང་ནང་སེམས་ཅན་ལ་མི་རྟག་སྡུག་བསྔལ་སོགས་ཤེས་ནས་སྐྱུག་བྲོ་བ་བྱུང་ཚེ་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན། འདོད་པ་དང་བྲལ་ཞིང་ཐར་ལམ་ལ་འདུན་ནས་གཡག་རྔའི་རྩེ་མོ་བཞིན་དུ་བསླབ་པ་སྲུང་ཚེ་སྡོམ་པ་གནས་ཤིང་ཆགས་པ་ཡིན་ཏེ། འདུལ་བ་ལས། དགེ་བ་སློང་དང་ཟས་སློང་དང་། །ཉེ་བར་ཞི་དང་ཆགས་བཅོམ་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཞེས་གསུངས། གཞན་ལ་སྙིང་རྗེ་ལྷག་པར་སྐྱེས་ན་བྱང་སྡོམ་སྐྱེ། །གཞན་དོན་དུ་རྫོགས་བྱང་དོན་དུ་གཉེར་ནས་སྨོན་འཇུག་གི་བསླབ་པ་སྲུང་ཚེ་སྡོམ་པ་གནས་པ་དང་ཆགས་པ་ཡིན། དེའང་དབང་བསྐུར་ཐོབ་ནས་ཚེ་འདིར་རྫོགས་བྱང་ཐོབ་པར་འདོད་ཚེ་སྔགས་སྡོམ་སྐྱེ། སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་མོས་པ་བརྟན་ནས་དམ་ཚིག་སྲོག་ལྟར་སྲུང་ཚེ་སྔགས་སྡོམ་གནས་ཤིང་ཆགས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་རང་རང་གི་ཆོ་གས་རྟགས་ལེན་པ་དང་བསྲུང་བྱ་ཁས་བླངས་ནས་ཅི་མི་སྙམ་དུ་འདུག་པ་ལ་སྡོམ་པ་མཚན་ཉིད་པ་ཡོད་པར་མ་གསུངས་སོ། །སོ་ཐར་གྱི་སྡོམ་པ་བྱེ་བྲག་སྨྲ་བ་ལྟར་རྣམ་རིག་མིན་པའི་གཟུགས་ཅན་བེམ་པོར་འདོད་ན་ནི་སྡོམ་པའི་ངོ་བོ་གནས་འགྱུར་མི་རུང་སྟེ་བེམ་པོ་ཤེས་པ་རུ་འགྱུར་མི་སྲིད་པའི་ཕྱིར་དང་། འདིའི་སྡོམ་པ་ལུས་ངག་ལས་སྐྱེ་ཞིང་འབྱུང་གྱུར་གྱི་རྡུལ་དྭངས་མ་ཞིག་རྟེན་དུ་འདོད་པས་ཤི་འཕོས་ཚེ་འབྱུང་བཞིའི་ཕུང་པོ་འདོར་བས་ཀྱང་གཏོང་བའི་རྒྱུ་མཚན་ནོ། །གནས་འགྱུར་འདོད་དགོས་ཏེ་གསུམ་པོ་བླངས་པ་བཞིན་སོ་སོར་ངོ་བོ་ཐ་དད་དུ་འདོད་ན་རྡོ་རྗེ་འཛིན་པ་ཡིན་ན་ཉན་ཐོས་ཀྱི་དགེ་སློང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་ཡིན་ན་ཉན་ཐོས་ཡང་ཡིན་དགོས་པ་སོགས་ཀྱི་སྐྱོན་དུ་འགྱུར་ཞིང་བྱང་སེམས་རྒྱུད་ལྡན་གྱི་གང་ཟག་ལ་རང་དོན་དོན་གཉེར་གྱི་བློ་ཡོད་པར་ཐར་བར་འགྱུར་དགོས་པའི་ཕྱིར། དཔེར་ན་ལྕགས་ཟངས་དངུལ་གསུམ་ལ་འགྱུར་རྩིས་བཏབ་པས་གསེར་དུ་བསྒྱུར་ཡང་གསུམ་པོ་གནས་མ་གྱུར་པར་ངོ་བོ་ཐ་དད་དུ་ཡོད་ན་གསེར་ཡིན་ན་ལྕགས་ཀྱང་ཡིན་དགོས་པ་སོགས་ཀྱི་སྐྱོན་འབབ་པ་བཞིན་ནོ། །ཡང་ཚིགས་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་གི་རྒྱུད་ལ་དགེ་བསྙེན་དགེ་ཚུལ་གྱི་བསླང་བའི་ལྡོག་ཆ་རྣམས་ཐོབ་ལ་མ་ཉམས་པར་ཡོད་ཀྱང་ཐམས་ཅད་སྤོང་སེམས་གཅིག་གི་ངོ་བོར་གནས་གྱུར་ཅིང་ཡོན་ཏན་ཡར་ལྡན་དུ་གྱུར་ཟིན་པའི་ཕྱིར་དགེ་སློང་ཡིན་ན་དགེ་བསྙེན་ཀྱང་ཡིན་དགོས་པ་དང་ལྟུང་བ་གཅིག་བྱུང་ན་ཉེས་པ་གསུམ་ཅིག་ཆར་དུ་སྐྱེད་དགོས་པ་སོགས་ཀྱི་སྐྱོན་མེད་པ་བཞིན་ནོ། ༈ །སྤང་བླང་ནང་མི་འགལ་བར་ཉམས་སུ་ལེན་ཚུལ་གསུངས་པ་ལ། སྡོམ་པ་གསུམ་གའི་སྐབས་སུའང་རང་གཞན་ལ་ཕན་པར་མི་འགྱུར་ཞིང་གནོད་པའི་ཆ་རྣམས་སྤང་དགོས་པ་ནི་གནད་གཅིག་པ་ཡིན་པས། ལས་དང་པོ་པའི་རབ་བྱུང་ཞིག་གིས་དབང་ཐོབ་པ་ཙམ་གྱིས་འོག་མ་ལྟོས་མེད་དུ་བཏང་ནས་སྔགས་སྤྱོད་གཙོ་བོར་བྱེད་པ་སོགས་ཀྱི་རྩ་ལྟུང་འབྱུང་བའི་རྒྱུ་ཡིན་པས་མི་རུང་སྟེ་བསྲུང་བྱ་རྣམས་གོང་མར་འདུ་ཞིང་ཀུན་སློང་དམན་པ་སོགས་ཀྱི་ལྡོག་པ་རེ་བཏང་ཡོན་ཏན་གྱི་ཆ་གསར་བ་རེ་ཐོབ་པ་ལ་སྤྱི་དབང་ཐོབ་པ་ཙམ་གྱིས་གནས་འགྱུར་བཏགས་པ་བ་ཐོབ་ཅེས་བརྗོད་ཀྱང་། གནས་འགྱུར་མཚན་ཉིད་པ་ནི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་རིམ་གཉིས་བསྒོམ་པ་ལས་བྱུང་བའི་གོང་མའི་ལྟ་བ་མཉམ་པ་ཆེན་པོའི་དོན་མཐོང་བ་ལ་བྱ་དགོས་པའི་ཕྱིར། དེས་ན་གང་ཟག་རང་གི་རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་དགོས་པ་ཡིན་པས་ཚོགས་འཁོར་གྱི་དུས་ལྟ་བུར་ཆང་དང་ཕྱི་དྲོའི་ཁ་ཟས་སྤྱོད་དགོས་པ་སོགས་བྱ་བ་མི་འདྲ་བ་གཉིས་ཐོ་ཐུག་པ་བྱུང་ཚེ་བརྟགས་ནས། རྟོགས་གོམས་བརྟན་ཅིང་དོན་ཆེན་པོར་འགྱུར་བར་ཤེས་ན་སྔགས་གཙོ་བོར་བྱས་ན་འོག་མར་འགལ་བ་ལྟར་སྣང་ཡང་དོན་ལ་མི་འགལ་ཏེ། ལྟུང་བ་དངོས་གཞི་སྐྱེད་པ་ནི་བདག་འཛིན་མ་རིག་པ་ལ་རག་ལས་པའི་ཕྱིར། ཆོས་རྣམས་རྨི་ལམ་ལྟ་བུ་མཉམ་པ་ཉིད་རྟོགས་པ་ལ་བཅས་ལྟུང་དངོས་གཞི་མི་བསྐྱེད་པ་མདོ་ལས་ཀྱང་། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཅིང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་དང་། རྨི་ལམ་ནི་མེད་པ་དང་འདྲའོ། །ལས་ནི་མ་བྱས་པ་ཉིད་དོ། །ཞེས་དང་། ཤེས་གཙོ་བོ་ཞེས་དང་། རྒྱུད་སྡེ་རྣམས་ལས་ཀྱང་མང་དུ་གསུངས། དཔེར་ན་བཅས་འགལ་བྱུང་བའི་དགྲ་བཅོམ་པ་ལ་ལྟུང་བའི་དངོས་གཞི་མི་འཇོག་པ་བཞིན་ནོ། །ཐོ་ཐུག་ཀྱང་སྲེད་པ་རང་མཚན་པ་དང་རང་རྒྱུད་ལ་སྐྱོན་གྱིས་གོས་པར་དོགས་པ་དང་བཅས་ཤིང་དོན་གཞན་མེད་པར་ཤེས་ན་ནི་འོག་མ་གཙོ་བོར་བྱ་དགོས་ཏེ་ཆོས་སྔགས་ཡིན་ཀྱང་གང་ཟག་སྔགས་སུ་མ་སོང་བའི་ཕྱིར། སྔགས་ནུས་རྒྱུད་ལྡན་ཅན་ནི་སྔགས་ཀྱི་ཐབས་ཤེས་གཉིས་ཀ་ཁྱད་པར་ཅན་ཡིན་པས། རྨ་བྱས་དུག་རྗེན་པར་ཟ་བ་ལྟ་བུའི་གནད་ལ་རྟོགས་གོམས་ཡོད་ན་འོག་མའི་སྤང་བྱ་ཐམས་ཅད་གོང་མའི་ལམ་དུ་ཤར་བས་མི་འཆིང་བར་མ་ཟད་ཡོན་ཏན་སྐྱེད་བྱེད་དུའང་འགྲོ་སྟེ་རྨ་བྱའི་མདངས་དུག་གིས་འཕེལ་བ་བཞིན་ནོ། །དཔེར་ན་འོ་མ་ཉིད་མི་ལ་སྨན་དང་སྦྲུལ་ལ་དུག་ཏུ་འགྱུར་བ་ལྟར། རྣམ་རྟོག་གི་རྐྱེན་གྱིས་འཆིང་བའི་རྒྱུར་འགྱུར་གྱི་ཡུལ་ལ་འཆིང་བའི་དངོས་པོ་མ་གྲུབ་བོ། །བརྟག་གཉིས་ལས། དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩིར་འགྱུར་བ་ཡིན། །ཞེས་དང་། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་སོགས་གསུངས་སོ། །དེ་ལྟར་མིན་ན་དུག་རྒྱུས་ཡོད་པའི་ཕལ་པ་སོགས་ཀྱིས་དུག་མི་སྤྱོད་པའི་ཐབས་སོགས་ཀྱིས་རང་ལ་མི་གནོད་པར་བྱེད་པ་ལྟར་ཉན་ཐོས་པས་སྤང་བྱའི་གཙོ་བོ་ཉོན་མོངས་པ་ལ་དགྲ་བཞིན་བལྟས་ཏེ་ཐབས་ཤེས་ཉི་ཚེ་བས་སྤང་བྱར་བྱས་ནའང་རང་རྒྱུད་མི་འཆིང་ཞིང་ཡོན་ཏན་ཉི་ཚེ་བ་སྐྱེད་པ་བཞིན་ཤེས་དགོས་སོ། །གཅིག་ལ་བཀག་པ་ཀུན་ལ་བཀག་པ་དང་གཅིག་ཞུགས་པའི་ལམ་ལ་དང་པོ་ནས་ཀུན་འཇུག་དགོས་པ་མིན་པས་རང་རྒྱུད་ཀྱི་ཁམས་དང་ནུས་པ་དང་གཞན་དོན་འགྱུར་མི་འགྱུར་སོགས་ཀྱི་གནད་དང་བསྟུན་དགོས་པའི་དབྱེ་བསལ་ཤེས་དགོས་སོ། །ནང་ཐུག་པ་ལྟ་བུའི་རྐྱེན་མེད་ཅིང་གཞན་དོན་མི་འགྱུར་བ་དང་རང་རྒྱུད་མ་སྨིན་པར་ཤེས་ན་སོ་སོར་རང་ལམ་ལྟར་སྲུང་སྡོམ་དང་གུ་དོགས་བྱ་དགོས། རང་རྒྱུད་སྨིན་ཅིང་གཞན་དོན་འགྱུར་བའི་དགོས་པ་སོགས་མཐོང་ན་གོང་མའི་སྦྱོར་སྒྲོལ་གྱི་སྤྱོད་པ་བརླང་པོ་རྣམས་ཀྱང་སྒྲ་ཇི་བཞིན་སྤྱད་ན་འདོད་ཆེན་པ་ལའང་འགལ་བ་མེད་དེ། མདོ་ལམ་ནའང་། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་ལ། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་དང་རྡོ་རྗེ་གུར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་སོགས་དང་། བྱང་སེམས་ཀྱི་སྤང་བྱའི་གཙོ་བོ་བདེན་འཛིན་གྱི་རྣམ་རྟོག་ཡིན་པས་ལྷག་བསམ་དག་པར་ཆུད་པའི་བྱང་ཆུབ་སེམས་དཔའ་ལ་ལུས་ངག་གི་ལས་ལམ་བདུན་ཡང་གནང་བ་བཞིན་ནོ། །ཡང་ཚིགས་གསུམ་བླངས་པའི་དགེ་སློང་གི་རྒྱུད་ལ་སྲོག་གཅོད་ཀྱི་ལྟུང་བ་གཅིག་བྱུང་ན་ལྟུང་བ་རྫས་ཐ་དད་པ་གསུམ་ཅིག་ཅར་དུ་མི་སྐྱེད་པ་བཞིན་སྡོམ་པ་གསུམ་གར་སྲོག་གཅོད་པ་སོགས་བསྲུང་བྱ་གནད་གཅིག་པས་རྫས་མི་འདྲ་བ་གསུམ་ཐ་དད་དུ་སྲུང་དགོས་པ་དང་སྲོག་གཅོད་ཀྱི་ལྟུང་བ་ཐ་དད་པ་གསུམ་ཅིག་ཅར་འབྱུང་བ་མིན་ཀྱང་སྲོག་གཅོད་པ་ལྟ་བུ་ནི་སོ་ཐར་གྱི་རྟེན་དུ་རུང་བའི་མི་བསད་པ་ཉན་ཐོས་ལ་ཕམ་པ་དང་སྲོག་ཆགས་གཞན་བསད་པ་ལྟུང་བྱེད་དང་། བྱང་སེམས་ཀྱིས་ཕ་མར་ཤེས་པ་དང་སྔགས་ཀྱི་ལྷར་ཤེས་དགོས་པས་ཉེས་དམིགས་སྔ་མ་ལས་ཕྱི་མར་ཤིན་ཏུ་ཇེ་ཆེར་གྱུར་པ་དང་ལྡོག་ཆ་ནས་གསུམ་ག་ཉམས་པ་ཡིན་པས་སོ་སོ་ནས་བསྲུང་མཚམས་མ་འདྲེས་པར་བཤགས་སྡོམ་སོགས་བྱས་ན་ལེགས་ལ། གསུམ་ལྡན་ཤི་བའི་ཚེ་ཡང་ཇི་སྲིད་འཚོ་བར་ཞེས་ཀུན་སློང་གི་འཕེན་ཚད་ཀྱིས་བླངས་པའི་སོར་སྡོམ་གྱི་ལྡོག་ཆ་རྣམས་གཏོང་ཡང་བྱང་སྔགས་ཀྱི་སྡོམ་པའི་ལྡོག་ཆ་རྣམས་ནི་བྱང་ཆུབ་བར་དུ་ཞེས་འཕང་ཚད་རིང་བའི་ཕྱིར་དང་འདིའི་སྡོམ་པ་སེམས་ལས་སྐྱེ་བའི་ཕྱིར་སྲུང་སེམས་མ་ཉམས་བར་དུ་གཏོང་བ་མིན་ནོ། །དཔེར་ན་གསུམ་ལྡན་གྱིས་ཐེག་ཆེན་གསོ་སྦྱོང་གི་དུས་ཁྲིམས་གཏོང་ལེན་བཞིན་ནོ། །དེས་ན་ངོ་བོ་གནས་འགྱུར་ཐོབ་པའི་གསུམ་ལྡན་གྱི་གང་ཟག་རྟེན་བརྗེས་པའི་ཚེ་སོར་སྡོམ་མི་གཏོང་བ་དང་ཕྱི་མར་ཡང་བཅས་རྐྱང་གི་ལྟུང་བ་འབྱུང་བ་དང་། བྱིས་པའི་དགེ་སློང་ཡོད་པར་ཁས་ལེན་དགོས་པ་སོགས་ཀྱི་སྐྱོན་མི་འོང་ངོ་། །འཐོབ་གཏོང་གི་ཚུལ་མདོ་ཙམ་ནི་དེ་ལགས། འདི་དག་ད་དུང་སྤྲོ་ན་ཞིབ་རྒྱས་སུ་ཞུ་འཚལ། ༈ སོར་སྡོམ་ཉམས་པ་གསོ་རྒྱུ་ཡོད་མེད་གསུངས་པ་ལ། སྤྱིར་ཉན་ཐོས་རང་རྐང་གི་སོར་སྡོམ་ལ་ནི་རྩ་ལྟུང་འཆབ་བཅས་བྱུང་བ་ངོ་ཚ་ཁྲེལ་མེད་ཀྱིས་ཉམས་པ་ཡིན་ན་ནི་ཚེ་འདིར་གསོ་བའི་སྐལ་པ་མེད་ལ་རང་རང་གིས་འགྱོད་བཤགས་ཆེན་པོ་བྱས་ན་རྣམ་སྨིན་སྲབ་པ་དང་མ་འོངས་པར་ཕན་པ་སོགས་ནི་ལོས་ཡོད། འཆབ་སེམས་སྐད་ཅིག་ཀྱང་མ་སྐྱེས་ན་སྡོམ་པ་ཕུལ་ཏེ་བསླབ་པ་སྦྱིན་པར་བཤད་ཀྱང་ཡོན་ཏན་ཁྱད་པར་ཅན་མ་ཐོབ་བར་དུ་གནས་བརྟན་གཞན་དང་སྐལ་པ་མི་མཉམ་ཞིང་མཁན་པོ་བྱེད་པ་སོགས་མཆོག་གི་སྤྱོད་པ་རྣམས་སྤོང་དགོས་པ་ཕྱག་དར་སོགས་དམན་སྤྱོད་རྣམས་བྱེད་དགོས་སོ། །ད་ལྟར་རང་ཅག་ལྟ་བུའི་སྡོམ་པ་ནི་སྔགས་མན་ཆད་དང་འབྲེལ་ཡོད་པས་སོར་སྡོམ་རང་མཚན་པ་ཉན་རང་གི་སྡོམ་པ་ལྟ་བུ་མ་ཡིན་ཏེ། ཆོ་ག་འདུལ་བ་ཉན་ཐོས་ལུགས་ཀྱིས་བླངས་པའི་སྡོམ་པ་དེ་དང་པོ་ནས་སམ་རྗེས་གང་རུང་དུ་གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་ཚེ་སྡོམ་པ་དེ་བྱང་སེམས་ཀྱི་ཉེས་སྐྱོད་སྡོམ་པའི་ཚུལ་ཁྲིམས་སམ་ཐེག་ཆེན་སོར་སྡོམ་དུ་འགྱུར་ཏེ། ས་པཎ་གྱིས། ཆོ་ག་ཉན་ཐོས་ལུགས་ཡིན་ཀྱང་། བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན། སོ་སོར་ཐར་པ་རིགས་བརྒྱད་པོ། བྱང་སེམས་སོ་སོར་ཐར་བར་འགྱུར། །ཞེས་གསུངས་པ་དང་དབང་ཐོབ་པ་དང་སྔགས་སྡོམ་དུ་འགྱུར་བ་ཡིན་ལ། གང་ཟག་དེ་ལ་སྨོན་འཇུག་གཉིས་ཀ་ཡོད་པས་བྱང་ཆུབ་སེམས་དཔའ་དང་དབང་དོན་གྱི་ལྟ་སྤྱོད་ལ་མོས་པ་བརྟན་པོ་ཡོད་ན་རིག་པ་འཛིན་པའང་ཡིན་པས་ལྟུང་བ་ལ་འཆབ་སེམས་ཡོད་མེད་གང་ཡིན་ཡང་གསོ་རྒྱུ་ངེས་པར་ཡོད་ལ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཟེར་བ་དེ་བདེན་ན་སེམས་བསྐྱེད་ཀྱི་ཟིན་བཞིན་སྡོམ་པ་ཉན་ཐོས་སུ་ཇི་ལྟར་རུང་། དམན་སེམས་མ་བཏང་ན་བྱང་སེམས་སུའང་འགྱུར་མི་རུང་བས་གོང་མ་ཐོབ་པ་དང་ཉམས་པ་གསོར་རུང་བ་ཙམ་རེའི་ཕན་ཐོགས་གསར་དུ་འཐོབ་རྒྱུ་མེད་ན་གོང་མ་ཐོབ་པའི་དོན་ཡང་མེད་དོ། ༈ །གཞན་ཡང་ཁྱིམ་པ་སྔགས་པ་སོགས་གསུངས་པ་ལ། སྤྱིར་ན་དགོས་པ་མེད་པར་རྟེན་ཁྱིམ་པ་ཁོ་ནས་བསྟན་འགྲོའི་དོན་བྱེད་པར་འདོད་པ་ནི་རབ་ཏུ་བྱུང་བ་ལ་དགའ་བའི་གདུལ་བྱ་ཡལ་བར་འདོར་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་དང་ཤིན་ཏུ་འགལ་ཞིང་ལས་དང་པོ་པའི་བྱང་སེམས་དང་སྔགས་པ་ལ་གེགས་ཆེ་སྟེ། རབ་བྱུང་དང་ཁྱིམ་པའི་ཡོན་ཏན་དང་སྐྱོན་མང་ཉུང་བཤད་པ་རྣམས་འདིར་ཡང་མི་མཚུངས་པའི་ཕྱིར། རྒྱན་ལས་ཀྱང་། དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་ཁྱད་པར་འཕགས། །ཞེས་དང་རྒྱུད་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ཡིས། །རྒྱལ་པོའི་བླ་མ་མི་བྱའོ། །ཞེས་དང་། ས་མ་ཐོབ་བར་ཁྱིམ་གྱི་ཉེས་དམིགས་ལ་སྐྲག་སྟེ་བྱང་ཆུབ་སེམས་དཔའ་རྣམས་རྟེན་རབ་བྱུང་ཁོ་ན་ལ་སྨོན་ལམ་འདེབས་པའང་དེ་ལྟ་བུ་ལ་དགོངས་པ་ཡིན་ནོ། །སྔོན་གྱི་དུས་སུ་སངས་རྒྱས་རི་རབ་ལྟ་བུའི་གསུང་རབ་ལ་དགེ་སློང་སྨྲ་བ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་བྱུང་། ཡང་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བ་ལ་བུ་སྟོང་ཡོད་པ་རྣམས་དགེ་སློང་དེའི་མདུན་ནས་རབ་ཏུ་བྱུང་། རྒྱལ་བུ་ཐ་ཆུང་སྙིང་རྗེ་ཆེར་སེམས་ཞེས་བྱ་བ་རབ་ཏུ་མ་བྱུང་ཞིང་སྙིང་རྗེའི་དབང་གིས་རྒྱལ་སྲིད་ཀྱང་བཟུང་། གསོ་སྦྱོང་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་བསྲུང་བར་ཁས་བླངས་པ་ལ་དགེ་སློང་གིས་ལེགས་སོ་ཞེས་གནང་། རྟེན་ཁྱིམ་པ་ཡིན་ཡང་ཡོན་ཏན་རབ་ཏུ་བྱུང་བ་དང་འདྲ་བར་གསུངས། རབ་བྱུང་གིས་རྒྱལ་སྲིད་གཟུང་བར་མི་འོས་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་བསྐྱང་ན་དོན་ཆེ་ཡང་ཁྱིམ་གྱི་ཉེས་པ་བསྲུང་ཕྱིར་གསོ་སྦྱོང་བླངས་པ་ཡིན་ནོ། །དེའི་ཚེ་དགེ་སློང་དེ་ནི་འཇམ་དཔལ་ཡིན་ལ། རྒྱལ་བུ་དེ་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའོ། །བུ་གཞན་རྣམས་ནི་བསྐལ་བཟང་འདིའི་སངས་རྒྱས་སྟོང་ཡིན་ནོ། །དེས་ན་ཡོན་ཏན་ཀུན་གྱི་གཞི་རྟེན་ངེས་འབྱུང་གིས་ཟིན་པའི་སོ་ཐར་རིས་བདུན་ལས་གང་ཐུབ་ཙམ་བླངས་ཏེ་རང་འདོད་ཙམ་མ་ཡིན་པར་སེམས་བསྐྱེད་ཀྱིས་ཟིན་ན་སྔགས་སྡོམ་གྱི་རྩ་བར་འགྲོ་བ་ཡིན་ལ་དབང་ཐོབ་པ་དང་ཐུན་མོང་གི་ལམ་གྱི་རྒྱུད་སྦྱངས་པ་སྔོན་སོང་ཡིན་པས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་དང་འབྲས་བུ་རྣམས་ཀྱང་རྒྱུད་ལ་སྨིན་སླ་བ་ཡིན་ཏེ་སྔགས་ཀྱིས་བཏབ་པའི་ལོ་ཏོག་ཉིན་གཅིག་ལ་འབྱུང་བ་བཞིན་ནོ། །དེས་ན་ཕྱི་སོ་ཐར་ནང་བྱང་སེམས་གསང་བ་སྔགས་སྡོམ་སྟེ་ཕྱི་ནང་གསང་གསུམ་གྱི་ཉེས་པ་དག་ཅིང་ཡོན་ཏན་གྱི་སྨིན་བྱེད་དང་རྟེན་བརྟེན་པའི་དོན་ཤིན་ཏུ་གལ་ཆེ་བ་ཡིན། དེ་ལ་དགོངས་ནས་མཁས་པ་ཁ་ཅིག་སྡོམ་པ་གསུམ་རྟེན་དང་བརྟེན་པར་བཞེད་པ་ཡིན་གྱི། རྣམ་པ་ཀུན་ཏུ་མ་ཡིན་པར་ཤེས་དགོས་སོ། །རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་པས་སྐྱོངས། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་ཨོ་རྒྱན་རིན་པོ་ཆེས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་དང་ཙོང་ཁ་བ་ཆེན་པོས། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེངས་དང་ལྡན། །མདོ་སྔགས་ལམ་རྣམས་འགལ་མེད་གྲོགས་སུ་འགྱུར། །ཞེས་སོགས་གསུངས་སོ། །འོན་ཀྱང་ཁྱིམ་པ་ཞིག་གིས་ཐལ་བྱུང་དུ་སྔགས་སྡོམ་བླངས་ཤིང་དེ་རྒྱུད་ལྡན་ཞིག་ཡིན་ན་འོག་མ་གཉིས་རང་ཆོག་གི་སྒོ་ནས་མ་བླངས་པ་ཙམ་ལས་སྡོམ་པའི་གནད་རྣམས་ནི་ཞར་ལ་འཐོབ་སྟེ། སྲོག་གཅོད་སྤོང་བ་སོགས་ནི་སྔགས་ལའང་ཡོད་ཅིང་འཁོར་བ་རང་མཚན་པ་ལས་ངེས་པར་འབྱུང་དགོས་པ་དང་། ཉོན་སྒྲིབ་རང་མཚན་པ་སྤོང་དགོས་པ་སོགས་དང་སྔགས་རྒྱུད་ལྡན་ཡིན་ན་བྱང་ཆུབ་སེམས་དཔའ་འང་ཡིན་པས་ཁྱབ་པའི་ཕྱིར་ཏེ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པ་གཉིས་ཀ་ཐེག་པ་ཆེན་པོ་ཡིན་པའི་ཕྱིར་རོ། །སོ་ཐར་གྱི་དགེ་སློང་གི་ཐ་སྙད་མ་ཚང་བ་ཙམ་ལས་དོན་གྱིས་གསུམ་ལྡན་ཡིན་ལ། སྔགས་ཀྱི་རྟོགས་པ་ཀློང་དུ་གྱུར་པ་ན་དོན་དམ་པའི་དགེ་སློང་མཚན་ཉིད་པར་འགྱུར་བའང་ཡིན་ནོ། །འོན་ཀྱང་རབ་བྱུང་གི་རྟགས་ཆ་ལུགས་འཆང་མི་དགོས་པ་དང་འདུལ་བའི་ལས་ཆོག་རྣམས་སུ་འདུ་མི་དགོས་པ་སོགས་དམིགས་བསལ་ཕྲན་བུ་རེ་མ་གཏོགས་ཆོས་འདུལ་བ་ནས་བཤད་པའི་ཕྱི་དྲོའི་ཁ་ཟས་ཚུན་ཆད་ཀྱང་ནུས་རྙེད་དང་དགོས་པ་མེད་ན་ལས་དང་པོ་པའི་སྔགས་པ་ཁྱིམ་པས་ཀྱང་བླང་དོར་བྱ་དགོས་ལ། རྒྱུད་ལས་ཀྱང་། རྒྱལ་བ་ངས་གསུངས་སོ་སོར་ཐར་བ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་ལེན་པར་བཤད། །ཅེས་གསུངས། གང་ལྟར་ཡང་རྟག་ཏུ་དྲན་ཤེས་དང་ལྡན་པས་རུང་མཐུན་བརྩིས་ནས་རང་རྒྱུད་ལ་ཉེས་པ་སྐྱེད་ཅིང་གཞན་ལའང་ཕན་པར་མི་འགྱུར་བའི་ཆ་རྣམས་ནི་མ་སྤངས་ན་བདེ་བར་གཤེགས་པའི་བཀའ་ལས་འདས་པའི་རྩ་ལྟུང་ངམ་སྦོམ་པོ་འབྱུང་བས་ཚུལ་འཆལ་དུ་འགྱུར་བ་ཡིན་ལ། ཞེན་པ་ཆེ་བ་ལྟ་བའི་བར་ཆད་དང་ཡེངས་བ་ཆེ་བ་སྒོམ་པའི་བར་ཆད་དང་ཚུལ་ཁྲིམས་འཆལ་བ་ནི་སྤྱོད་པའི་བར་ཆད་ཡིན་པར་གསུངས་པས་ལྟ་སྒོམ་ཀྱང་ཉམས་ཤིང་དངོས་གྲུབ་འགྲུབ་པའི་གེགས་སུ་གསུངས་ཏེ། རྩ་རྒྱུད་ལས། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་ཐམས་ཅད་མེད། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པ་ནི་མ་གསུངས་སོ། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །སྐྱེ་བོ་ཕལ་པ་བརྒྱ་ཡིས་དོ་ཟླ་མིན། །ཞེས་པའི་གང་ཟག་གི་མཚན་གཞི་སྔགས་པ་ཁྱིམ་པ་སོགས་ལ་མི་གོ་བར་ཚུལ་ཁྲིམས་ཉམས་པའི་གང་ཟག་ལ་གཙོ་བོར་གོ་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་འདི་ནི་འབྲེལ་ཚད་དོན་ལྡན་ཡིན་པས་འདི་ལ་དད་པ་ཙམ་སྐྱེས་པའམ་ཐེ་ཚོམ་ཟོས་སམ་ངེས་ཤེས་ཐོབ་བམ་འབྲེལ་བ་ཅི་བཞག་ཚད་དངོས་སམ་བརྒྱུད་ནས་ཐར་བའི་རྒྱུར་མི་འགྲོ་མི་སྲིད་པའི་ཕྱིར་ཏེ། ཕལ་པ་སྡོམ་པ་མ་ཞུས་པ་རྣམས་ནི་རང་བཞིན་གྱི་སྡིག་པ་ཁོ་ནས་དམྱལ་བར་འགྲོ་བ་ལས་ཐར་པའི་ས་བོན་སོར་བྱང་སྔགས་དང་འབྲེལ་བ་མེད་ན་ཁྱི་ཤི་བའི་རོ་དང་འདྲ་ཞིང་། བསྟན་པ་ལ་ཞུགས་ནས་བཅས་པའི་སྡིག་པ་ཅན་ཚུལ་ཁྲིམས་འཆལ་བ་རྣམས་རེ་ཞིག་དམྱལ་བར་འགྲོ་ཡང་འཁོར་བ་མཐའ་ཅན་དུ་བྱེད་པའི་བག་ཆགས་ཡོད་ཅིང་དེ་དག་ལ་དད་པ་རྣམས་ལྷ་ཡུལ་དུ་སྐྱེ་བར་བཤད་པས་ན་ཚུལ་ཁྲིམས་འཆལ་བ་རྣམས་ནི་གླ་བ་ཤི་བའི་རོ་བཞིན་གཞན་ལ་ཕན་པའི་རྒྱུ་ཡང་ཡོད་པའི་ཕྱིར་རོ། །ད་ལྟར་སྙིགས་མའི་དུས་ཀྱི་རབ་ཏུ་བྱུང་བ་རྣམས་རྟགས་ཙམ་དུ་གྱུར་ཀྱང་མུ་སྟེགས་པའི་དྲང་སྲོང་གི་རྒྱལ་མཚན་འཛིན་པ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཙམ་པ་ཀ་ཡི་མེ་ཏོག་རྒས་གྱུར་ཀྱང་། །མེ་ཏོག་གཞན་པ་རྣམས་ལས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་བས་མཆོག །ཅེས་གསུངས་པའི་ཕྱིར། འདི་ལ་ཆོ་གའི་ཚུལ་ཁྲིམས་དང་ལྡན་ཡང་སྡོམ་པའི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་དང་། བསྟན་པའི་ཆོམ་རྐུན་པར་བཤད་ཀྱང་མིང་ཙམ་དེས་ཀྱང་གཞན་ཟིལ་གྱིས་གནོན་ནུས་པ་སོགས་དཔེར་ན་སེང་གེའི་པགས་པ་དང་དྲི་ཙམ་གྱིས་ཀྱང་རི་དྭགས་རྣམས་སྐྲག་པ་བཞིན་ནོ། །དེས་ན་རྟགས་ཙམ་བཟུང་བ་ལའང་ཕན་བཏགས་ན་བདེ་བ་ཆེན་པོ་འཐོབ་པ་དང་གནོད་པ་བྱས་ན་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ལ་གནོད་པར་བྱས་པ་དང་ཕྱོགས་འདྲ་བར་འགྱུར་བ་དང་། སེམས་བསྐྱེད་བླངས་པའི་གང་ཟག་གིས་ཚུལ་ཁྲིམས་འཆལ་བའི་དགེ་ཚུལ་སློང་ལ་བརྡུང་བཅོམ་སོགས་བྱས་ན་རྩ་ལྟུང་འབྱུང་བར་གསུངས་པ་སོགས་ལུང་མང་བའི་ཕྱིར་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན་གྱིས་ཚུལ་ཁྲིམས་ཉམས་པའི་གང་ཟག་ཞིག་ལ་རྟགས་འཆང་བའི་གེགས་ཙམ་བྱས་པས་ཡི་དམ་གྱི་ཞལ་མཐོང་བའི་སྒྲིབ་པར་བཤད་པའི་ཕྱིར་རོ། དེར་མ་ཟད་སྡོམ་པ་མེད་ཀྱང་སྔར་རབ་བྱུང་གི་རྟགས་བླངས་པ་དང་རྟགས་ངུར་སྨྲིག་གི་ཚལ་བུ་དེ་ལ་གུས་པ་ཙམ་ལའང་ཕན་ཡོན་ཆེ་སྟེ། སྔོན་དགེ་སློང་ཞིག་ཉལ་ཡོད་པ་གླང་ཆེན་སྨྱོས་པས་མཐོང་ནས་སྣས་བླངས་ནས་འཕེན་པར་བརྩམས་པ་ན། དེའི་མགུལ་ན་ཆོས་གོས་ཀྱི་ཚལ་བུ་ཐོགས་པ་མཐོང་བས་དད་པ་སྐྱེས་ཏེ་ཞེ་ས་དང་བཅས་དལ་བུས་བཞག་སོགས་གཏམ་ལུང་དེ་འདྲ་མང་ངོ་། །ས་སྙིང་ལས། དྲང་སྲོང་ཆེན་པོའི་རྒྱལ་མཚན་ན་བཟའ་འདིར། །མཁས་པ་ཐམས་ཅད་ཤིན་ཏུ་བསྟོད་ཅིང་བསྔགས། །གང་ཞིག་འདི་ལ་མཆོད་པ་བྱེད་པ་རྣམས། །སྲིད་པའི་འཆིང་བ་ཀུན་ལས་ངེས་པར་གྲོལ། །ཞེས་སོགས་གསུངས་པའི་ཕྱིར། རབ་བྱུང་གི་རྟགས་ཆ་ལུགས་ལ་མི་གུས་པར་བརྙས་བཅོས་བྱས་ན་དམྱལ་བ་ཡང་སོས་སུ་སྐྱེས་ཏེ་མེ་འབར་བའི་ཡོ་བྱད་ལ་སྤྱོད་དགོས་པར་གསུངས་པའི་ཕྱིར། སྤྱིར་སྡོམ་པ་མེད་པའི་ཆ་ལུགས་འཆང་བ་མདོ་ལས་བཀག་ཅིང་། ཞི་བ་ལྷས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པའི། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་དང་། ཕག་མོ་མངོན་འབྱུང་གི་རྒྱུད་ལས། དེ་ཉིད་སེམས་ཀྱི་ཁྱད་པར་མཐོང་གྱུར་ན། །བརྟུལ་ཞུགས་མེད་ཀྱང་སངས་རྒྱས་ས་ལ་འགྲོ། །སེམས་ཉིད་གཉིས་ཀྱི་གནད་དང་མ་བྲལ་ན། །བརྟུལ་ཞུགས་སྤྱད་ཀྱང་སྡུག་བསྔལ་སྣ་ཚོགས་སྐྱེད། །ཅེས་གསུངས་མོད་ཀྱི་རྩོད་དུས་སྙིགས་མ་ལ་བབ་པ་ན་རབ་བྱུང་རྣམས་བུ་སྨད་དང་བཅས་ཤིང་ཆང་ལ་སྤྱོད་པ་སེར་ཁྱིམ་པར་གྱུར་ཀྱང་དེ་དག་སངས་རྒྱས་མོས་པའི་དུས་སུ་ཐར་བ་འཐོབ་པ་སྙིང་རྗེ་པད་དཀར་གྱི་མདོ་ལས་གསུངས་པས་ད་ལྟར་རྟགས་ཙམ་ལེན་པ་ལའང་རྗེས་སུ་ཡི་རངས་བྱ་དགོས། སྔགས་དང་བྱང་སེམས་ལ་འབྲེལ་བའང་དེ་ལས་ལྷག་པར་ཤེས་པར་བྱའོ། །དཔེར་ན་ཆོས་ལྡན་གྱི་རྒྱལ་རིགས་ཤིག་ཇི་ལྟར་དམན་སར་ལྷུང་ཡང་གཞན་དང་མི་འདྲ་ཞིང་གུས་བཀུར་བྱ་དགོས་པ་བཞིན་རྗེས་འཇུག་དམན་པ་དང་ཕལ་པ་དམན་པ་གཉིས་གཏན་ནས་མི་འདྲ་ཞིང་ཚུལ་ཁྲིམས་ཉམས་པ་དང་མ་ཉམས་པའི་ཁྱད་པར་ཙམ་ཡོད་པ་ཡིན་ནོ། ༈ །ཡང་ཉམས་སུ་མ་བླངས་པའི་ཆོས་བཤད་རུང་མི་རུང་སོགས་གསུངས་པ་ལ། སྤྱིར་ན་ཆོས་བཤད་དབང་བསྐུར་སོགས་ཀྱིས་གཞན་དོན་བྱེད་པ་ལ་རང་ལ་རང་འདོད་མེད་པ་དང་གདུལ་བྱ་ལ་མོས་པ་ཡོད་པ་ཞིག་གལ་ཆེ་བས་དེ་ལྟར་བྱུང་ཚེ་མདོ་སྡེ་རྣམས་ལྟ་བུ་དང་ལས་འབྲས་ཀྱི་ཆོས་ཐུན་མོང་བ་རྣམས་ནི་འཆད་སྤེལ་གྱི་ནུས་པ་ཡོད་པས་འཆད་ཅི་ཐུབ་བྱས་ན་དགག་བྱ་མེད་ཅིང་ཕན་ཡོན་ཤིན་ཏུ་ཆེ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྟེན་བཞེངས་པ་དང་དེ་ལ་མཆོད་པའི་ལས་བརྩོན་པ་ནི་ཆོས་མི་ཤེས་པ་དང་ཁྱིམ་པ་རྣམས་ལ་གསུངས་ལ། རབ་ཏུ་བྱུང་བ་རྣམས་ནི་ཀློག་སྤོང་ལ་བརྩོན་པར་དཀོན་བརྩེགས་ལས་བཤད་ཅིང་། མདོ་གཞན་ཡང་། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་པ་ཡིན། །ཞེས་དང་། བྱམས་པ་སེང་གེ་སྒྲ་ལས། གང་གཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡིས་ཕན་འདོགས་ཇི་འདྲ་དེ་ལ་མེད། །ཅེས་སོགས་བཤད་སྒྲུབ་ཀྱི་ཕན་ཡོན་མཐའ་ཡས་པ་ཡོད་པའི་ཕྱིར། སྔགས་ཡིན་ཡང་དབང་ངམ་རྗེས་གནང་ཐོབ་པ་ལ་སྤྱི་བཤད་ཙམ་རེ་འཆད་ན་ཉེས་པ་མེད་ཅིང་གསུང་པདྨའི་རིགས་ཀྱི་དམ་ཚིག་ཡིན་པས་སེར་སྣས་མི་སྟོན་པ་སོགས་མི་རུང་ངོ་། །ཡང་ཇི་སྐད་དུ། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་གྱིས། །ཚོགས་པ་ལ་ནི་བཤད་པར་བརྗོད། །ཅེས་མཐའ་དྲུག་ལས་སྒྲ་ཇི་བཞིན་པ་དང་དགོངས་པ་ཅན་མིན་པ་སྟེ་དྲང་པོར་དགོངས་པ་དང་། དྲང་དོན་ཏེ་གསུམ་དང་། ཚུལ་བཞི་ལས་ཡིག་དོན་དང་སྤྱི་དོན་ཏེ་གཉིས་ཚོགས་བཤད་རུང་བར་གསུངས་པའང་འདི་ཙམ་ཉན་པའི་སྣོད་རུང་མང་བ་ལ་དགོངས་པ་ཡིན་གྱི། སྣོད་མིན་ལོག་ལྟ་ཅན་ཡིན་ན་འདི་ཡང་འཆད་མི་རུང་ངོ་། །ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་རྣམ་པ་ཡིས། །སློབ་མ་ལ་ནི་བཤད་པར་བརྗོད། །ཅེས་མཐའ་དྲུག་ལས་དང་པོ་གསུམ་དང་ཚུལ་བཞི་ལས་ཕྱི་མ་གཉིས་ནི་སྣོད་ལྡན་གྱི་སློབ་མ་ཤ་སྟག་ལ་བཤད་དགོས་པར་གསུངས་སོ། །དེ་ཡང་སྣོད་ལྡན་ཤ་སྟག་ཡིན་ན་ཇི་ཙམ་མང་ཡང་མི་འགལ་ལོ། །མཐའ་དྲུག་ལ་ཚུལ་བཞིར་ཞུགས་པ་རྡོ་རྗེའི་ཐེག་པ་ཁོ་ན་ལ་ཡོད་ཅིང་། མ་ཞུགས་པ་ཅི་རིགས་ནི་ཐུན་མོང་གི་ཐེག་པ་ཡན་ཆད་ལའང་ཡོད་པ་ཡིན་པས་སྤྱིར་རྒྱུད་འཆད་པ་ལྟ་བུ་དེ་འདྲའི་དབྱེ་བ་དགོས་སོ། །གསང་སྔགས་བོན་དུ་གྱེར་བ་ཞེས་གསང་རྫས་གསང་སྤྱོད་སོགས་ཐ་མལ་གྱི་ཁྲོམ་དུ་སྟོན་པ་དང་འདོན་གྱེར་བྱེད་པ་ལ་བྱ། རུ་ཏྲར་སྐྱེ་བའི་རྒྱུ་ཡིན། སྔགས་ཁྲོམ་ཆོས་སུ་བཙོང་པ་ནི་གསེར་བྱེ་ཐལ་བ་དང་བརྗེ་བ་ལྟར་གསུངས། སྐལ་མིན་གསང་སྒྲོགས་ཀྱིས་ལྕེ་ལ་ཞིང་རྨོ་བའི་དམྱལ་བར་སྐྱེ་བར་བཤ་དོ། །འོན་ཀྱང་ཆོས་དཀོན་པའི་ཡུལ་དང་དུས་སྙིགས་མ་བསྟན་པ་ནུབ་པ་ལ་ཉེ་བའི་དུས་སུ་ནི་བློ་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བའི་མཐའ་ལ་བསམས་ནས་དབང་བསྐུར་རྒྱུད་བཤད་སོགས་གཞན་དོན་ཅི་ཐུབ་བྱེད་པ་ཡིན་ཞིང་སློབ་མ་ཡང་གྲངས་ངེས་མེད་པར་མཛད་པ་ཡོད་དེ། དཔེར་ན་ཐབས་ལ་མཁས་པའི་རྒྱལ་པོས་མཐར་རྒྱལ་ཁམས་མང་པོ་མངའ་འོག་ཏུ་སྡུད་ཕྱིར་གནས་སྐབས་སུ་སྡེ་ཉུང་ཤས་རེ་དང་བྱ་བ་གཞན་ཉམས་ཤིང་ཤོར་བ་ལ་མི་ལྟ་བ་བཞིན་ནོ། །ཨོ་རྒྱན་ཆེན་པོ་པདྨ་སཾ་བྷ་ཝས། ལམ་གྱི་ལམ་མཆོག་གཞན་དོན་ཡིན། །འདི་ལ་སྒྱིད་ལུགས་སུས་བྱེད་པ། །དེ་ཡི་བྱང་ཆུབ་རྒྱང་ཐག་རིང་། །ཞེས་གསུངས་སོ། །ཡང་མན་ངག་གི་བྱིན་རླབས་ཀྱི་བརྒྱུད་པ་ཅན་ལྟ་བུ་ནི་རང་ལ་ཉམས་མྱོང་གི་རྒྱུན་མ་སྐྱེས་པར་འཆད་ན་སྒྲོན་མེ་ལག་བརྒྱུད་དང་བུམ་པ་གང་བྱོའི་དཔེ་ལྟར། གཞན་ལ་ཅུང་ཟད་ཕན་ཡང་རང་རྒྱུད་སྟོང་པར་བཤད་པ་དང་། ཕལ་པོ་ཆེ་ལས་ཀྱང་། ཇི་ལྟར་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་གསུངས་སོ། །སྤྱིར་ན་གང་ཟག་ལ་མི་རྟོན་ཅིང་ཆོས་བདེན་བཞིའི་བླང་དོར་ལ་རྟོན་པས་སྟོན་པ་སོ་སོ་སྐྱེ་བོ་ཡིན་ཀྱང་གདུལ་བྱ་སྐལ་ལྡན་རྣམ་གྲོལ་ལ་འགོད་ནུས་པའི་ལོ་རྒྱུས་མང་པོ་ཡོད་དོ། །རང་ལ་ཞལ་ནས་སྙན་དུ་བརྒྱུད་པ་དང་ཉམས་མྱོང་གི་རྟོགས་པའི་ཉེ་བརྒྱུད་དང་བཅས་པ་ཡོད་ན་ནི་གདུལ་བྱ་མང་པོ་སྨིན་གྲོལ་ལ་འགོད་ནུས་པ་དང་རང་ལའང་མི་གནོད་པ་ཙན་དན་གྱི་སྡོང་པོ་དང་འདྲའོ། །རང་ལ་ཉམས་མྱོང་ཡོད་བཞིན་གཞན་ལ་མི་སྟོན་པ་ནི་ཐེག་ཆེན་དང་འགལ་བའི་ལྟུང་བ་ཡིན། དེད་དཔོན་མཁས་པས་གཞན་མི་ཁྲིད་པ་བཞིན་ནོ། །རང་སྨིན་ནས་གཞན་སྨིན་པ་ནི་བྱང་ཆུབ་སེམས་དཔའི་ས་ལམ་སྦྱོང་བ་ཡིན། ཉན་རང་ལ་དེ་མེད་དོ། །དེས་ན་ཉེ་འབྲེལ་རྣམས་ཐོག་མར་འདུལ་བ་ནས་བཟུང་གཞན་རྒྱུད་འདུལ་བ་ཁོ་ན་གཙོ་ཆེའོ། །ཉམས་མྱོང་དང་བརྒྱུད་པའི་བྱིན་རླབས་མེད་ན་ལུང་ཁྲིད་ཙམ་ནི་གང་ཟག་མཆོག་དམན་སུ་ལས་ཐོབ་ཀྱང་དོན་འདྲ། དཔེར་ན་གསེར་བུམ་དང་ས་བུམ་གྱི་ཆུ་བཞིན་ནོ། །ཆོས་འཆད་ཉན་འདི་ཡང་རྒྱུ་འབྲས་ཡིན་པས་ཡན་ལག་བཞི་ཚང་དགོས་ཏེ། གཞི་ཆོས་སྦྱིན། བསམ་པ་བསྟན་པ་དང་གདུལ་བྱ་ལ་ཕན་སེམས་སྤྲོ་བ་དང་བཅས། སྦྱོར་བ་ཡི་གེ་རེ་རེ་ནས་མ་ཆད་པར་བགྲང་བ། མཐར་ཐུག་ཐོབ་བློ་བཅས་བཞི་ཚང་དགོས། དེའི་གཅིག་མ་ཚང་ན་ཡན་ལག་ཉམས་པའི་ལུང་དེ་གཅིག་ཏུ་དཀར་བའི་ལས་དང་ཐར་བའི་རྒྱུར་མི་འགྲོ་གསུངས། བརྒྱད་སྟོང་པ་ལས། ཀུན་དགའ་བོ་ཤེར་ཕྱིན་འདིའི་ཡི་གེ་གཅིག་ཀྱང་མི་ནུབ་པར་ཁྱོད་ལ་གཏད་དོ། །ཞེས་དང་། བྱང་ས་ལས། ཚིག་དང་ཡི་གེ་གོ་རིམ་བཞིན་སྟོན་ཅིང་། །ཞེས་དང་། ཉན་ས་ལས། དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་རྣམས་ལས་ཇི་ལྟར་མནོས་པ་དེ་བཞིན་དུ་ཆད་ལྷག་མེད་པར་བྱས་ཤིང་གཞན་ལ་འདོམས་པར་བྱེད་པ་སྟེ། ཞེས་དང་། རྣམ་བཤད་རིག་པ་ལས་ཀྱང་གསུངས། མདོ་རྩ་བ་ལས། ལུང་འབོགས་པ་མནོས་པ་ན། ཤིན་ཏུ་ལེགས་པར་བཀླག་པ་དང་ལེགས་པར་བྱང་བ་དང་ཐེ་ཚོམ་མེད་པར་བྱས་ཏེའོ། །ཞེས་གསུངས། དེ་ལྟར་མིན་ན་སྡོམ་པ་ཉི་ཤུ་པར། དམ་ཆོས་འདྲ་སྣང་སྟོན་པའོ། །ཞེས་རྩ་ལྟུང་དང་བསྟན་པ་འཇིགས་པར་བྱེད་པ་ཡིན་ནོ། །རང་ལ་ཉམས་རྟོགས་མེད་པར་ཀུན་སློང་དམན་པས་ཆོས་ཟབ་མོ་སྟོན་ན་ལོག་ཆོས་སུ་སོང་བས་འཁོར་བའི་རྒྱུར་འགྲོ་སྟེ། དེད་དཔོན་བླུན་པོས་བསུ་སྐྱེལ་བཞིན་ནོ། །གཞན་ཡང་བརྒྱུད་པའང་མེད་ཇི་བཞིན་འཆད་ཀྱང་མི་ཤེས་པར་ཟང་ཟིང་གི་ཕྱིར་དུ་བསྟན་པའི་ཆོས་ནི་གང་ཟག་མཆོག་ཏུ་བརྩི་བ་ཞིག་ལས་ཐོབ་ཀྱང་ཕན་པ་མེད་ཅིང་གནོད་པའང་ཡིན་ཏེ་རིན་པོ་ཆེའི་བུམ་པའི་ཆུ་དུག་ཏུ་འགྱུར་བ་བཞིན་དང་། རྙེད་པའི་ཕྱིར་ཆོས་འཚོང་བ་དེའི་རྙེད་པ་དེ་ལོག་འཚོ་ཡིན་པས་ཡི་དྭགས་སུ་སྐྱེ་བར་བཤད་དོ། །མདོ་ལས། བླུན་པོ་གང་ཞིག་ཆོས་སྟོན་པ། །དགེ་བའི་རྩ་བ་འཇིག་བྱེད་པས། །སྐྱེ་དགུ་དག་ནི་མང་པོ་རྙེད། །སེམས་ཅན་དམྱལ་བར་འཚེད་པར་འགྱུར། །ཞེས་སོགས་དང་། འཇམ་དཔལ་ཞིང་བཀོད་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ལ་བཀོད་པ་དེ་དག་བསད་པ་བས་ཚིགས་སུ་བཅད་པ་གཅིག་མ་དག་པར་སྟོན་ན་ཉེས་པ་དེ་བས་ཆེ་བར་གསུངས་པ་དང་། ཆོས་ཀྱི་ངོས་ནས་དུ་མ་དང་གནོད་པ་མི་སྲིད་ཀྱང་གང་ཟག་གི་ཁམས་ཀྱི་ཆོས་ལ་སྐྱོན་ཡོན་མཆོག་དམན་དུ་མའི་རྣམ་པར་སྣང་བའི་ཕྱིར་རོ། །བརྒྱུད་ལྡན་གྱི་ཆོས་ཚུལ་བཞིན་སྟོན་པ་ནི་གང་ཟག་ཕལ་པ་ཅི་འདྲ་ཞིག་ལས་ཐོབ་ཀྱང་གང་ཟག་དེ་ཡང་རང་ལ་ཕན་པ་ཆེ་བས་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ལྷག་པ་དང་། ལུང་ནི་སངས་རྒྱས་ཀྱི་གསུང་གི་ཕྲིན་ལས་དང་། རྟོགས་པ་ནི་ཐུགས་ཀྱི་ཕྲིན་ལས་ཡིན་པས་ལུང་རྟོགས་ཀྱི་ཆོས་སྣང་བའི་གང་ཟག་དེ་ཡང་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་རྟེན་གཟུགས་སྐུར་བལྟ་དགོས་སོ། །འདིའང་མདོའི་ཐུན་མོང་གི་ལམ་སྟོན་པའི་བླ་མ་ཉིད་ཀྱིས་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་མཆོག་གི་འབྲས་བུ་རིམ་གྱིས་འགྲུབ་པའི་རྒྱུ་ཙམ་སྟོན་པ་ལ་བླ་མ་སངས་རྒྱས་སུ་བལྟ་དགོས་པ་ལས་དངོས་ཡིན་པར་མ་བཤད་ལ། གསང་སྔགས་ཀྱི་དབང་བསྐུར་རྒྱུད་འཆད་པའི་བླ་མ་ནི་སངས་རྒྱས་དངོས་ཡིན་པར་གསུངས་པས་དེ་ལྟར་བལྟ་དགོས་ཏེ། ཚེ་འདིའམ་འཆི་ཁ་བར་དོར་འཚང་རྒྱ་བའི་གདམས་ངག་རང་རྒྱུད་ལ་འཇོག་པའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས། ཆོས་སྨྲ་བ་ནི་མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་བཤད་བྱའི་ཆོས་ཀྱི་ཡན་ལག་ལ་བརྒྱུད་པའི་སྲོལ། གདམས་ངག་གི་ལག་ལེན། ཉམས་མྱོང་གི་བྱིན་རླབས། མཁས་པའི་ཁྲིད་ཚུལ་རྣམས་ཚང་བ་གཙོ་བོར་གཟུང་དགོས། འཆད་པ་པོ་གང་ཟག་གི་གོ་ས་མཐོ་དམན་ལ་ནི་ཅི་ཡང་རྟོན་པ་མིན་ཏེ་བཤད་མ་ཐག་པ་ལྟར་ཡིན་པའི་ཕྱིར། དོན་དེའི་ཞར་ལ་འདི་ལྟར་འོང་སྟེ་ཕལ་སྐད་ཀྱི་དཔེ། རྒྱན་དྲུག་རྟ་ལ་བཏགས་ན་ཆེ་བ་མི་ལ་ཐོབ་ཅེས་པ་ལྟར། ཆེ་བ་ཆོས་ལ་ཐོབ་དགོས་ན་རྒྱན་ལྟ་བུའི་བསྟོད་བཀུར་དང་གོས་དེ་འཆད་པ་པོ་ལ་ཐོབ་དགོས་པ་ཡིན་པའི་ཕྱིར་ན་ཆོས་ཉན་པ་པོ་དེ་འཇིག་རྟེན་འདིར་སྣང་གི་གོ་ས་མཐོན་པོར་སླེབས་པ་ཞིག་ཡིན་ཕྱིན་དེ་གཙོ་བོར་བཟུང་ནས། ཆོས་འཆད་པ་པོ་དེ་འཇིག་རྟེན་འདིར་ལུགས་ཀྱི་ཐོབ་ཙམ་དམའ་བ་ཡིན་ན་དེ་ལ་གོང་དུ་བཀུར་བ་དང་གོ་ས་བརྗེ་བ་སོགས་མི་བྱེད་པ་དང་བཞུགས་གདན་མཐོ་དམན་ཙམ་ཡང་མི་བརྗེ་བའི་གང་ཟག་དེས་ནི་བླ་མའི་དམ་ཚིག་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་ཅིང་། ལུང་རིགས་གཉིས་ཀར་ཡང་མི་མཐུན་ཏེ། ཇི་སྐད་དུ། གང་གིས་ཚིགས་བཅད་གཅིག་མཉན་པ། །དེ་ཡང་བླ་མར་མ་བཟུང་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་དང་། རབ་ཏུ་དམན་པའི་ས་ལ་འདུག །ཅེས་སོགས་དང་། མ་གུས་པ་ལ་ཆོས་མི་འཆད། །ཅེས་དང་ལུས་ངག་གི་གུས་པ་མེད་པ་ལ་སྡོམ་པ་མི་སྐྱེ་བར་བཤད་པ་དང་། མཐོན་པོར་འདུག་པ་ལ་དམའ་བར་འདུག་སྟེ་ཆོས་འཆད་པར་མི་བྱའོ། །ཞེས་དང་། རྒྱ་གར་པའི་རྒྱལ་རིགས་སམ་ཁྱིམ་བདག་ཕྱུག་པོ་ཇི་འདྲ་ཡིན་ཡང་ཆོས་ཉན་པའི་ཚེ་སྟན་ཆེས་དམའ་བ་ཞིག་བཏང་ནས་སོགས་མང་དུ་གསུངས་པའི་ཕྱིར། འཆད་པོ་ཉན་པོ་ཐམས་ཅད་སྡོམ་ལྡན་ཡིན་ན་བཅས་འགལ་གྱི་ལྟུང་བ་འབྱུང་བའི་ཕྱིར་རོ་ཞེས་ལུང་མང་ངོ་། །རིགས་པ་དང་ཡང་མི་མཐུན་ཏེ། འདིར་ལུགས་ཀྱི་གོ་ས་ཙམ་མཐོ་ཡང་དེ་སྔོན་གྱི་དགེ་འབྲས་དཀོན་མཆོག་གི་དྲིན་ལས་བྱུང་བ་ཞིག་ངེས་པར་ཡིན་པས་ཆོས་ཞུ་ཚེ་ཆོས་ལ་ཐོབ་དགོས། ཆོས་གང་ཟག་ལས་འབྱུང་ཕྱིར་གང་ཟག་དེ་ཡང་འདིར་སྣང་གི་གོ་ས་ཙམ་དམན་ཡང་སྐབས་དེར་རང་ལས་གོ་ས་མཐོན་པོར་འཇོག་དགོས་པའི་ཕྱིར་དང་། ལུགས་གཉིས་ནས་ཐམས་ཅད་ཀྱི་འོག་ཏུ་མ་གྱུར་པ་ཞིག་ཡིན་ན་ཆོས་ཞུ་དགོས་པའང་མིན་ཏེ་རྫོགས་པའི་སངས་རྒྱས་བཞིན་ནོ། །ཆོས་ཉན་པ་པོ་དེ་འཕགས་པ་དང་འཆད་པ་པོ་སོ་སོ་སྐྱེ་བོ་ཞིག་ཡིན་ན་མ་ངེས་སྙམ་ན་གང་ཟག་དེ་འཕགས་པར་བྱེད་པ་ནི་ཆོས་ཁོ་ན་ཡིན་ཅིང་ཆོས་དེ་གང་ཟག་ལ་རག་ལས་པ་ཡིན་ན་དེའི་ཕྱིར་ཡང་གོང་ལྟར་བྱ་དགོས། དཔེར་ན་འབྲས་བུ་དང་ལྗོན་ཤིང་བཞིན་ནོ། །དེར་མ་ཟད་རྟེན་ཁྱིམ་པ་རབ་བྱུང་གི་ཁྱད་པར་ཡང་མང་ཞིང་ཡེ་ཤེས་དང་ལྡན་པ་གཙོ་བོར་འཛིན་དགོས་པར་གསུངས་པ་ནི་དོན་གཞན་དུ་མ་ལས་དགོངས་སོ། །སྤྱིར་ཡང་བསྟན་པའི་གོ་རིམ་དང་ཆོས་ཀྱི་ཆེ་བ་མི་ཉམས་པ་གཙོ་བོར་འཛིན་དགོས་སོ། །དེས་ཉམས་མྱོང་ཡོད་མེད་ཀྱིས་ཆོས་འཆད་རུང་མི་རུང་གང་ཟག་མཆོག་དམན་ལས་ཆོས་མཆོག་དམན་དུ་འགྱུར་མི་འགྱུར་སོགས་ཀྱི་གོ་དོན་རགས་རིམ་ཙམ་དེ་ལགས་པས་ཐུགས་ཆུབ་ཞུ། ༈ ཡང་སྙིགས་དུས་བསླབ་པ་ཕྲ་མོ་བསྲུངས་པའི་ཕན་ཡོན་ཆེས་ཆེ་ཚུལ་སོགས་གསུངས་པ་ལ། སྙིགས་མས་མ་སྦགས་པའི་ཞིང་གཞན་དང་བསྟན་པ་དར་བའི་དུས་སུ་ཚེ་ཧྲིལ་པོ་དང་བསླབ་པ་རྫོགས་པར་བསྲུངས་བ་བས་ཞིང་འདི་ལྟ་བུ་དང་བསྟན་པ་ནུབ་ཉེ་བའི་དུས་ད་ལྟར་ལྟ་བུ་ལ་ནི་ཉིན་ཞག་གཅིག་གམ་ཐུན་ཚོད་གཅིག་ལ་བསླབ་པ་སྣ་རེ་ལ་སྲུང་སེམས་ཙམ་རེ་སྐྱེས་པའི་ཕན་ཡོན་ཡང་ཆེས་ཆེ་བའི་ལུང་ནི་བྱང་ཤར་མཚམས་ཀྱི་སངས་རྒྱས་དབང་ཕྱུག་རྒྱལ་པོའི་ཞིང་དུ་བསྐལ་པའི་བར་ཚུལ་ཁྲིམས་བསྲུངས་པ་བས་ཞིང་འདིར་ཚུལ་ཁྲིམས་སྣ་རེ་ལོ་ཟླ་ཞག་དུས་བསྲུངས་བ་ཕན་ཡོན་ཆེ་བར་མདོ་ལས་གསུངས་པ་དང་། མ་སྐྱེས་དགྲའི་འགྱོད་བསལ་གྱི་མདོ་ལས། འོག་གི་ཕྱོགས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་ཞེས་བྱ་བ་ན་སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་བཞུགས་པའི་ཞིང་དེར་བསྐལ་པ་བཅུར་བསམ་གཏན་ལ་གནས་ཤིང་སྤྱོད་པ་བས། མི་མཇེད་ཀྱི་ཞིང་འདིར་སྔ་དྲོ་གཅིག་བྱམས་པ་བསྒོམ་པ་བསོད་ནམས་ཆེས་མང་དུ་འཕེལ་བ་དང་། ཞིང་འདིར་དམ་ཆོས་སྲུང་བའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལས་དང་ཉོན་མོངས་ཐམས་ཅད་མྱུར་དུ་བྱང་བར་གསུངས་པ་དང་གཞན་ཡང་ཟླ་བ་སྒྲོན་མེ་སོགས་མང་པོར་འདུག་པ་བྲི་མི་དགོས་ལ། རིགས་པ་ནི་བསྟན་པ་རྫོགས་པར་དར་བ་ན་གང་ཟག་རྣམས་ཀྱང་ཆོས་ཀྱིས་ཚིམས་ཡོད་པ་ཡིན་པས་བརྒྱགས་པའི་དུས་སུ་ཟས་ཟོས་པ་བཞིན་ཕན་ནུས་ཆེར་མི་སྣང་བ་ལྟ་བུ་ཡིན་ལ། སྙིགས་དུས་སུ་ཆོས་ཀྱིས་ཕོངས་བ་རྣམས་ལ་ཆོས་སྣ་རེས་ཀྱང་ཕན་པ་ཆེ་བར་སྣང་བ་ནི་ལྟོགས་པའི་དུས་སུ་ཟས་ཟོས་པ་བཞིན་ནོ། །དེའང་དཔེར་ན་མེ་ཆུང་ངུ་འབར་བ་ལ་གཉེན་པོ་ཆེན་པོ་བསྟེན་མི་དགོས་ཤིང་མེ་ཆེར་འབར་བ་ལ་གཉེན་པོ་ཆེན་པོ་དང་མང་པོ་བསྟེན་དགོས་པ་ལྟ་སྤང་བྱ་ཆེ་ཆུང་དང་མང་ཉུང་ལས་གཉེན་པོ་ཡང་དེ་ལྟར་འགྱུར་དགོས་པར་དགོངས་པ་དང་། སྤང་བྱ་ཉན་མོངས་པ་དར་གྲག་པའི་ཚེ་གཉེན་པོ་བསྲུང་བྱ་སྣ་རེ་ཡང་དཀོན་པའི་དུས་ཀྱི་ནོར་བཞིན་ཕན་པ་ཆེ་བ་དང་ལས་ཀ་ཆེ་ཆུང་དང་མང་ཉུང་ལས་ལས་བྱེད་མི་མང་ཉུང་གིས་ཕན་འདོགས་ཆེ་ཆུང་ལྟར། སྔར་བསྟན་པ་དར་བའི་ཚེ་སྒྲུབ་མཁན་མང་བས་བསྒྲུབ་བྱའི་བསླབ་པ་སྣ་རེས་ཕན་ཐོགས་ཧ་ཅང་མི་ཆེ་བ་ལྟར་ཡང་། ད་ལྟར་བསྟན་པའི་བྱ་བ་ནི་རྒྱ་ཆེ་དགོས་ཀྱང་བསྟན་པའི་ལས་བྱེད་མི་ནི་ཤིན་ཏུ་རྒྱ་ཆུང་བའི་ཚེ་བསླབ་པ་སྣ་རེ་བསྲུངས་པ་དང་ཆོས་ཚིག་རེས་ཀྱང་བསྟན་པ་ལ་ཕན་ཐོགས་ཆེ་བར་དགོངས་པ་དང་། ལུང་རྟོགས་ཀྱི་བསྟན་པ་མྱུར་དུ་ནུབ་འགྲོ་བས་དེ་ལ་བག་ཆགས་འཇོག་པ་སོགས་ལ་དགོངས་ནས་གསུངས་པ་ཡིན་པས། སྔོན་བསྟན་པ་ལ་དངོས་སུ་ཞུགས་ནས་བསྒྲུབ་པ་བས་ད་ལྟར་མོས་པ་ཙམ་སྐྱེས་པའི་ཕན་ཡོན་ཆེ་བར་ཤེས་དགོས་སོ། །སྤྱིར་བསྟན་པའི་གནས་ཚད་ཀྱང་དུ་མར་གསུངས་པ་རྣམས་ཕལ་ཆེར་གདུལ་བྱར་སྐྱོ་བ་སྐྱེད་ཕྱིར་དྲང་དོན་ཡིན་ཡང་སྟོང་ཕྲག་ལྔར་གནས་པར་གསུངས་པ་དེ་ཡང་སྤྱིར་ཐུགས་བསྐྱེད་ཀྱིས་འཕངས་ཚད་རྫོགས་པ་དང་དེ་ཕན་ཆད་ཉམས་སུ་ལེན་པའི་སེམས་ཅན་སྙིགས་མར་གྱུར་པས་བསྟན་པ་གནས་ཀྱང་སྒྲོ་སྐུར་དང་འགྱུར་བ་ལས་དོན་མེད་པ་དང་། བསྟན་པ་འབྱུང་དཀའ་ཞིང་ནུབ་སླ་བར་ཤེས་ན་ངེས་འབྱུང་དང་ཆོས་ལ་དོན་གཉེར་སྐྱེ་བར་དགོངས་ཏེ་ཚུལ་བསྟན་ཡིན་ལ་ངེས་པའི་དོན་དུ་ནི་བསྟན་པ་ནུབ་པ་མེད་དེ། མདོ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཅེས་དང་། བསྐལ་པ་མུན་པར་གྱུར་པ་ནའང་ཐེག་ཆེན་འཕགས་པའི་འཇུག་པོ་རྒྱུན་ཆད་པ་མི་སྲིད་ཅིང་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་ཆོས་དཀོན་མཆོག་ལས་ལྷག་པའི་བསྟན་པ་མེད་པའི་ཕྱིར། འོན་ཀྱང་འགྲོ་བ་སྤྱིའི་ལས་ཀྱི་དབང་ལས་ནི་ནུབ་པར་འཐད་པ་ཡིན་ནོ། །དེས་ན་ལྔ་བརྒྱ་པ་ཕྲག་བཅུའི་དབང་དུ་བྱས་ན་འབྲས་བུའི་བསྟན་པ་རྫོགས་ལ་ཚུལ་ཁྲིམས་ཀྱི་ལེའུ་ཡང་རྫོགས་ཟིན་པར་བཤད་ནའང་བསླབ་པ་འདུལ་བའི་ཚུལ་ཁྲིམས་ཀྱིས་མི་ཕན་ཟེར་མི་རུང་སྟེ། ད་དུང་ལུང་གི་བསྟན་པ་ལ་འདུལ་བའི་ལས་ཆོག་དངོས་སུ་བཞུགས་ཤིང་དེའི་ལག་ལེན་ཤེས་པའི་མཁན་སློབ་དངོས་སུ་བཞུགས་པའི་དུས་སུ་བསྟན་པ་ལ་ལས་འཕྲོ་འཇོག་པ་དང་སྡོམ་པ་སྣ་རེའི་ཕན་ཡོན་གོང་བཤད་ལྟར་དང་། གང་ཟག་རེ་རེའི་ངོས་ནས་བཞག་ན་ད་དུང་འདུལ་བའི་ཚུལ་ལྡན་གྱི་དགེ་སློང་སོགས་ཡོད་དེ། ལུང་ལས་ཀྱང་། མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཤེས་རབ་དང་ལྡན་པ་དག་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། ཡང་གང་ཟག་ཆོས་ལ་གཏན་མི་མོས་ཤིང་ལས་མཐའ་ལོག་པ་རེའི་ངོར་ནི་ད་ལྟར་མ་ཟད་སྔ་ནས་ཀྱང་བསྟན་པ་ནུབ་ཚར་བ་དཔེར་ན་མིག་མེད་པ་ཉི་མའི་ངོགས་ལ་བསྡད་པ་ལྟ་བུ་དུ་མ་ཡོད་ལ། བསམ་པ་དག་པས་སྨོན་ལམ་བཏབ་པ་རྣམས་ནི་གང་དུ་སྐྱེས་ཀྱང་ཆོས་ཀྱི་སྒྲ་ཐོས་པ་མི་ནུབ་སྟེ། འཐབ་བྲལ་གྱི་ལྷ་ཡུལ་ན་ངང་པའི་རྒྱལ་པོ་དུས་བཟང་ཞེས་པས་རྟག་ཏུ་ལྷ་རྣམས་ལ་ཆོས་སྟོན་པ་ཡོད་པ་སོགས་དཔེ་ལུང་མང་པོ་ཡོད་དོ། །ནམ་ཞིག་ལུང་གི་བསྟན་པ་ལས་ཆོག་སོགས་ཀྱི་སྒྲ་མི་སྣང་བར་གྱུར་ཀྱང་སྡིག་པ་མི་བྱེད་སྙམ་པ་རེ་ཡིད་ལ་འཆར་བའི་གང་ཟག་རེ་ཡོད་ན་དེའི་ཕྱོགས་དེ་ན་ད་དུང་བསྟན་པ་ཡོད་ཅེས་སྨྲ་དགོས་གསུངས་པས་སེམས་ཅན་གྱི་རྒྱུད་ན་དགེ་སེམས་ཕྲན་བུའང་མེད་པའི་དུས་སུ་བསྟན་པ་མཐའ་དག་ནུབ་པར་འདོད་དགོས་སོ། །དེ་ལྟར་ན་བསྟན་པའི་ལྷག་ཞབས་འདི་ལ་ཆེ་ཟིན་ཆུང་ཟིན་བྱེད་དགོས་པ་ནི། དཔེར་ན་ཉི་མ་ནུབ་ཁར་སླེབ་པ་དང་ལས་བྱེད་པ་རྣམས་བྲེལ་ཞིང་རྩོལ་བ་ཆེས་ཆེར་སྐྱེད་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མར་མེ་འཆི་བའི་འོད་བཞིན་དུ། །ང་ཡི་བསྟན་པ་ནུབ་ཁར་གསལ། །ཞེས་དང་། མདོ་བསྐལ་བཟང་ལས། ཆོས་ནུབ་མཐའ་དང་ངན་སོང་འཕེལ་བ་ན། །མཁས་པ་ཤིན་ཏུ་ཡིད་དབྱུང་བསྐྱེད་བྱས་ནས། །ཞེས་སོགས་དང་། འདུལ་བ་ལས། དགེ་སློང་དག་ཤེས་པ་ནི་འགྲིབ། །སྲོག་གི་འཆད། ཚེ་ཡི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོ་སྒྲུབ་པར་མི་བྱེད། ཅེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །ད་ལྟ་འབྲས་བུ་མཐར་ཐུག་རྡོ་རྗེའི་ཐེག་པ་དང་ཡང་གསང་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་བ་འདི་ལྟ་བུ་ལས་ལམ་གཞན་གྱིས་ཉོན་མོངས་པ་གདུལ་དཀའ་བར་གསུངས་པའང་གང་ཟག་གི་ངོས་ནས་འཇོག་དགོས་ཏེ། གང་ཟག་ཤེས་རབ་ཅན་ནི་ཐུན་མོང་མ་ཡིན་པའི་ལམ་སྒྲུབ་པའི་སྐལ་བ་ཅན་ཡིན་པས་ཟབ་ལམ་ལ་ཞུགས་པས་ཆོ ག་ཅིང་དེའི་རྒྱུད་ན་ཉོན་མོངས་པ་རགས་ཤིང་མང་བ་བཞིན་དུ་ཐབས་ཤེས་ཁྱད་པར་ཅན་སྔགས་ཀྱི་ལམ་ཡང་ཇེ་མྱུར་ཇེ་ཟབ་ཏུ་འགྲོ་བ་ཡིན་པའི་ཕྱིར་ཏེ་སྤང་བྱ་བུད་ཤིང་མང་ན་གཉེན་པོ་མེ་ཆེར་འབར་བའི་གྲོགས་སུ་འགྱུར་བ་བཞིན་ནོ། །ཉན་ཐོས་པ་ལ་ཐར་བའི་གེགས་སུ་གྱུར་པའི་འདོད་ཡོན་ལ་བག་མེད་དུ་སྤྱོད་པའི་སྡིག་པ་ཆེན་པོ་ཡང་བྱང་ཆུབ་ཀྱི་སེམས་དང་ཐབས་མཁས་ཟབ་མོའི་ལམ་གྱིས་ནི་སྤང་བྱ་འདོད་པའི་ཡོན་ཏན་ལྔར་སྤྱོད་ཀྱང་དགེ་བ་ཆེན་པོར་གྱུར་བས་གཉེན་པོའི་གྲོགས་སུ་འགྱུར་བའི་ཕྱིར་རོ། །གང་ཞིག་སྤང་བྱ་ཉོན་མོངས་ཆེ་ལ་མང་ཡང་སྤང་བར་མི་སྤྲོ་ལམ་དུ་བྱེད་པའི་གཉེན་པོ་བསྟེེན་ནུས་ཤིང་བྱང་ཆུབ་འདོད་པའི་དབང་རྣོན་ལ་དགོངས་ནས་རྡོ་རྗེའི་ཐེག་པ་གསུངས་ཏེ། གསང་འདུས་ལས། སྒོ་གསུམ་དང་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་རྡོ་རྗེ་ཡི་རང་བཞིན་ཡིན་པ་ལ་དགའ་ཞིང་རྣམ་པར་རྣལ་འབྱོར་དེ་ལ་གནས། དེས་ན་སངས་རྒྱས་རྣམས་ཀྱི་ཐབས་རྡོ་རྗེའི་ཐེག་པ་ཞེས་བྱའོ། །ཞེས་གསུངས་སོ། །སྤང་བྱ་མེད་ན་གཉེན་པོ་ལ་ཟབ་པའི་ཁྱད་ཆོས་འདོན་རྒྱུ་མེད་པ་ནི་འདུལ་བ་ལས་ཀྱང་འདོད་པ་མེད་པའི་མ་ནིང་སོགས་ལ་སྡོམ་པའི་ཁྱད་པར་བཞག་ཏུ་མེད་པར་བཤད་པ་ལྟར་རོ། །ལམ་གང་ཡིན་ཡང་སྤང་བྱའི་གཉེན་པོར་སོང་ན་ཟབ་ཅེས་བྱ་ལ་གཞན་དུ་ན་ཟབ་པའི་དོན་མེད་དོ། །སྤྱིར་ཡང་སྔགས་ཀྱི་ཐེག་པ་ན་སྤང་བྱ་ཤིན་ཏུ་ཟབ་ཅིང་ཕྲ་བ་དུག་གསུམ་ཆ་མཉམ་མམ་སྣང་གསུམ་འཕོ་བའི་བག་ཆགས་སྤྱོད་བྱེད་ཡིན་ཏེ། སྤང་བྱ་ཕྲ་བ་མཐར་ཐུག་སྤོང་བ་ལ་ལམ་མཐར་ཐུག་བརྟེན་དགོས་པ་ལུང་རིགས་གཉིས་ཀས་གྲུབ་པས་སངས་རྒྱས་ཐམས་ཅད་མཐར་ཐུག་སྔགས་ཀྱི་ཐེག་པར་མ་བརྟེན་པ་མེད་པར་གསུངས་པས། སྔགས་ཀྱི་ལམ་ཟབ་པ་ཡིན་མོད་སྒྲུབ་པ་པོ་གང་ཟག་མ་ཟབ་ན་བསྒྲུབ་བྱའི་ཆོས་ཟབ་པས་མི་འོང་སྟེ། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཅེས་པའང་དེ་ཡིན་པའི་ཡིར། དཔེར་ན་གསེར་འགྱུར་ལྕགས་ལ་བཏབ་སྟེ་གསེར་དུ་འགྱུར་པའང་ལྕགས་ལ་གསེར་ལེན་པའི་ནུས་པ་ཡོད་པས་ཡིན་གྱི། གཞན་ཤིང་སོགས་ལ་བཏབ་པས་གསེར་མི་འབྱུང་བ་བཞིན་ནོ། །སྡིག་པོ་ཆེ་བཙན་ཐབས་ཀྱིས་གྲོལ་བར་བཤད་པ་སོགས་ཀྱང་སྦྱངས་འཕྲོའི་བག་ཆགས་ཡོད་པ་དང་དབང་རབ་དད་ལྡན་ཞིག་ངེས་པར་དགོས་པ་ཡིན་ནོ། །གང་ཟག་དབང་རྟུལ་ཡིན་ན་ནི་འདུལ་བའི་རྟགས་ཙམ་ཡིན་ལ་རིམ་སློབ་བྱེད་དགོས་མ་གཏོགས་སྡོང་པོ་བཞག་སྟེ་ཡལ་གར་བསྙེགས་པས་ལྟུང་བ་བཞིན་ཐམས་ཅད་མེད་པར་འགྱུར་བས་སྔར་བཤད་པ་ལྟར་བྱའོ། །ཤེས་རབ་མེད་ན་ཐབས་ལམ་འབའ་ཞིག་གིས་མི་གྲོལ་བ་ནི་མདོ་ལམ་ནའང་ཡོད་ཅིང་ཐབས་མང་བ་དང་ཐབས་ལ་མཁས་པའང་ཤེས་རབ་ཆེ་བས་ཡིན་ནོ། །དེས་ན་ཚེ་འདིར་མཆོག་གི་དངོས་གྲུབ་མ་འགྲུབ་ཀྱང་དབང་ཐོབ་པའི་དམ་ཚིག་དང་ཡི་དམ་གྱི་ལྷ་སྒྲུབ་པ་དང་དེའི་བསྙེན་པའང་ལྷག་པོར་བཟླས་ན་ཕན་ཡོན་ཆེས་ཆེ་བ་དང་། ཆོས་གཞན་པས་ཀྱང་ཉེ་ལམ་ཟབ་མོ་སྔགས་ལ་ཞུགས་པའི་བག་ཆགས་ཁྱད་པར་ཅན་ཐོབ་པ་དང་། ཕར་ཕྱིན་ཐེག་པ་བས་བསྐལ་པ་གྲངས་མེད་བརྩོན་ཀྱང་ཐོབ་དཀའ་བའང་དབང་པོ་ཤིན་ཏུ་ཐ་མས་ཀྱང་དཀྱིལ་འཁོར་མཐོང་ཞིང་། དམ་ཚིག་དག་པ་སྔགས་བཟླ་བ་ཙམ་ལས་རིམ་གཉིས་ལ་འབད་པ་མེད་ཀྱང་སྐྱེ་བ་བཅུ་དྲུག་ན་མཆོག་གི་དངོས་གྲུབ་འགྲུབ་སྟེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སོགས་གསུངས་པ་ནི་ངེས་པ་ཡིན་ལ། དེ་མིན་པར་འདུལ་བས་མི་ཕན་ཞེས་རྟགས་ཙམ་དེ་ཡང་དོར་ནས་སྔགས་ཁོ་ན་ལ་འབད་པ་མང་ཡང་ཚེ་འདིར་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པ་འགའ་ལ་རུང་མོད་ཐམས་ཅད་ལ་མ་ངེས་ཏེ། སྔོན་ཉན་ཐོས་ཀྱི་ལམ་ལ་བརྟེན་ནས་ཚེ་དེར་འབྲས་བུ་ཐོབ་པ་དེ་འདྲ་ད་ལྟ་སྔགས་ལ་ཞུགས་པ་དག་ལའང་དངོས་སུ་མཐོང་ཆོས་སུ་སྣང་བ་དཀོན་འདུག་པ་འདི་ལ་བལྟས་ན་འོག་མ་སྤངས་ཏེ་སྔགས་ཟབ་ཅེས་དེ་གཙོ་བོར་འཛིན་པའང་དཀའ་འོ། །ཡང་བློ་ཆུང་གང་དག་རང་བློས་མ་ལྕོག་པའི་ལན་གྱིས་སྔགས་ཀྱིས་ཚེ་གཅིག་ལ་འཚང་རྒྱ་བ་དང་། ལུས་ངག་ཡིད་གསུམ་མ་སྤངས་པར་སྐུ་གསུང་ཐུགས་འགྲུབ་པའི་ཉེ་ལམ་ལ་ཐེ་ཚོམ་ཟ་ཞིང་ཁས་མི་ལེན་ཅིང་། ཐུན་མོང་གི་ལམ་ཁོ་ནས་སངས་རྒྱས་འགྲུབ་ཅིང་དེ་ཡང་གྲངས་མེད་གསུམ་སོགས་ཀྱིས་སྦྱང་དགོས་ཞེས་འདོད་པ་དེས་ལམ་ལྔ་ས་བཅུ་གྲངས་མེད་གསུམ་སོགས་བགྲོད་ཀྱི་བར་ཙམ་དུ་སྡུག་བསྔལ་མྱོང་དགོས་པ་འཕགས་པ་སྲོང་བཙན་སྒམ་པོས་གསུངས་སོ། །ལར་སྡོམ་པ་གསུམ་པོ་གཅིག་འགྲོ་གཅིག་འདུག་དགོས་རྒྱུ་རྭ་ཅན་དང་ལོང་ཅན་ལྟ་བུ་ཞིག་ནི་གཏན་ནས་མིན་པས་སྔར་བཤད་པ་བཞིན་མདོ་སྔགས་ཐམས་ཅད་རང་རྒྱུད་དང་སྦྱར་ནས་ཉམས་སུ་ལེན་པ་ལ་མཁས་པ་འདི་ནི་ཤིན་ཏུ་གནད་འགག་དམ་པ་ཞིག་ཡིན་ནོ། །དེ་དག་གི་གནད་མདོར་བསྡུ་ན་འདི་ལྟར་ལགས་ཏེ། སྦྱང་གཞི་འོད་གསལ་བའི་སྙིང་པོ་ལ་སྦྱང་བྱ་སྒྲིིབ་པ་གསུམ་རྟེན་སྒོ་གསུམ་ཀུན་སློང་ཉོན་མོངས་གསུམ་འབྲས་བུ་ཁམས་གསུམ་རྒྱུ་ལས་གསུམ་སྟེ་དེ་རྣམས་སྦྱོང་བྱེད་སྡོམ་པ་གསུམ་སྦྱངས་འབྲས་སྐུ་གསུམ་སོགས་སུ་འདུས་ལ། སྡོམ་པ་གསུམ་པོའི་སྐབས་ཀྱི་ཉེས་སྤྱོད་སྡོམ་པ་དང་དགེ་ཆོས་སྡུད་པ་ལ། སོ་ཐར་གྱི་གཞན་ལ་གནོད་པ་སྤོང་བ་གཙོ་བོར་བྱེད། བྱང་སེམས་ཀྱི་གཞན་གནོད་སྤོང་བའི་སྟེང་ཕན་པ་སྒྲུབ་པ་གཙོ་བོར་བྱེད་པ་སྟེ་ལྕགས་ཟངས་དངུལ་དུ་གྱུར་པ་བཞིན་ནོ། །གསང་སྔགས་ཀྱི་གཞན་གནོད་སྤོང་བ་དང་ཕན་བདེ་སྒྲུབ་པ་ལ་སོགས་པ་དངུལ་གསེར་དུ་གྱུར་པ་བཞིན་འོག་མ་ལས་ཟབ་ཅིང་རྒྱ་ཆེ་ལ། དེ་མིན་གསུམ་པོ་གནད་གཅིག་པ་ལས་མི་འགལ་ཞིང་། སྡིག་སྤོང་དགེ་སྒྲུབ་རྣམས་གསུམ་པོ་ལ་དོན་གྱིས་ཚང་དགོས་པ་དེ་དག་གཅིག་ཏུ་སོང་ན་ངོ་བོ་གནས་གྱུར་ཡིན། སོ་ཐར་ངེས་འབྱུང་གིས་ཟིན་པའི་སྡོམ་པ་ལུས་ངག་གཙོ་བས་ཕྱི་དང་། བྱང་སེམས་གཞན་ཕན་སྙིང་རྗེས་ཟིན་པའི་སྡོམ་པ་སེམས་གཙོ་བས་ནང་དང་། སྔགས་སུ་སེམས་ཅན་རང་བཞིན་གྱིས་དག་པའི་སངས་རྒྱས་སུ་བལྟས་ཏེ་གློ་བུར་གྱི་དྲི་མ་སྦྱོང་བའི་སེམས་བསྐྱེད་པ་སོགས་ཐབས་ཤེས་ཁྱད་པར་ཅན་དག་སྣང་གིས་ཟིན་པའི་རྡོ་རྗེ་གསུམ་གྱི་དམ་ཚིག་སོགས་འོག་མར་མ་གྲགས་པས་གསང་བ་ཞེས་དབྱེ་བ་ཙམ་མོ། །མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་གསུངས་པ། སོ་ཐར་བས་བསླབ་པ་གསུམ་ལ་སྦྱར། བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་ལ་སྦྱར་ཏེ་བྱང་སེམས་ཀྱི་རང་སེམས་འདུལ་བ་ནི་སེམས་ཅན་དོན་བྱེད་ཀྱི་མི་མཐུན་སོགས་རང་དོན་ཡིད་བྱེད་དེ་འདུལ་ཞིང་གཞན་སེམས་འདུལ་བའང་གཙོ་བོར་བྱེད། སྔགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་གསུམ་ལ་སྦྱར་ཏེ། སྔགས་ཀྱི་སྡིག་པའི་རྩ་བ་མ་དག་མཚན་འཛིན་སོགས་ཡིན་ཞིང་དམན་ལམ་སྐབས་འཁོར་བ་སྡུག་བསྔལ་དང་མ་དག་སྣང་ཞེན་རང་དོན་ཡིད་བྱེད་སོགས་སྔགས་ཀྱི་སྦྱང་བྱ་སྟེ། དེ་ལྟར་བལྟ་བ་རྩ་ལྟུང་ཡིན་དེ་དག་གནས་འགྱུར་དགོས་སོ། །འཇམ་དཔལ་གྱིས་དམན་ལམ་སྐབས་དགེ་བ་རང་མཚན་ཅན་དུ་བལྟས་ནས་བསྒྲུབ་པ་སོགས་བཤགས་བྱར་གསུངས་པ་ལྟར་རོ། ༈ །ཡང་སངས་རྒྱས་ཀྱི་མཚན་བཟུང་བ་སོགས་གསུངས་པ་ལ། སྤྱིར་སྔགས་བཟླ་བའང་སངས་རྒྱས་བྱང་སེམས་ཀྱི་མཚན་བཟུང་བ་དང་ལྷ་སྒོམ་པའང་སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་ཅི་མང་བཟླས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་ཚེ་འདིར་སངས་རྒྱས་པར་བྱེད་པའི་ཐབས་སྒོ་དབང་གིས་ཕྱེས། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། བོགས་སྒོམ་པས་དབྱུང་། ལ་སྤྱོད་པས་དོར་བ་སྟེ། སྔགས་མཚན་ཉིད་པའི་ཡན་ལག་ཚང་བས་ལྷ་སྒོམ་སྔགས་བཟླས་སོགས་ནི་ཚེ་འདིའམ་འཆི་ཁ་བར་དོའམ་རིང་པོར་མི་ཐོགས་པར་འཚང་རྒྱ་བའི་ལམ་ཡིན་པས་སྒྲ་ཇི་བཞིན་པར་གཟུང་དགོས། གཞན་ཡང་ལུང་དང་བསྟུན་ན། སྙིགས་དུས་སུ་ཐུན་མོང་གི་ཐེག་པ་བས་འབྲས་བུ་མི་འགྲུབ་སྟེ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་གསུངས་པའི་ཕྱིར། སྔགས་ཀྱི་ཐེག་པས་ནི་དུས་མཐའི་ཚེ་དེར་དངོས་གྲུབ་ཐོབ་སྟེ། ཁྲག་འཐུང་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་བཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་ད་ལྟའི་དུས་སུ་སྔགས་ལ་འཇུག་པ་ཁོ་ན་གལ་ཆེའོ། །བསྐལ་པ་རྫོགས་ལྡན་དུས་ལས་རིམ་པར་བཟླས་པའི་གྲངས་གཉིས་འགྱུར་སོགས་བཟླ་བར་གསུངས་པ་ནི་སངས་རྒྱས་ཀྱི་གསུང་དང་སྔགས་ཀྱི་བྱིན་རླབ་ཉམས་པ་མི་སྲིད་ཀྱང་གདུལ་བྱའི་བློ་ཉམས་ཤིང་ཐེ་ཚོམ་དང་ལས་སྒྲིབ་ཆེ་ཞིང་ཏིང་ངེ་འཛིན་བརྟན་པོ་མེད་པ་ལ་དགོངས་སོ། །སངས་རྒྱས་རེའི་མཚན་བསྒྲགས་པས་འཚང་རྒྱ་བར་གསུངས་པ་དེ་འདྲ་དུས་གཞན་ལ་དགོངས་ནས་བཤད་པ་སྟེ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་རྒྱུར་འགྲོ་བའི་ཕྱིར་དྲང་དོན་ཡང་ཡོད། མཚན་བཟུང་བ་དང་ཐོས་པ་ཙམ་གྱི་གནས་སྐབས་ཀྱི་ཕན་ཡོན་བཤད་པ་རྣམས་ནི་ངེས་པ་སྟེ་སངས་རྒྱས་ཀྱི་མཚན་ཐོས་པས་དུད་འགྲོའི་སྐྱེ་བ་བཟློག་པ་སོགས་ལོ་རྒྱུས་མང་དུ་ཡོད་པའི་ཕྱིར་རོ། ༈ །ཡང་སངས་རྒྱས་བདུད་བཞི་བཅོམ་པ་ལ་བདུད་ཀྱིས་གླགས་ལྟ་བ་ཞེས་སོགས་གསུངས་པ་ལ། བྱམས་པའི་སྟོབས་དང་རྒྱལ་བའི་ཆེ་བ་སྟོན་པའི་ཕྱིར་དང་འཇིག་རྟེན་གྱི་ཆེ་རྒུ་དྲེགས་པ་ཅན་རྣམས་ཐོག་མར་འདུལ་བའི་ཕྱིར། བདུད་བསྐུལ་བ་དང་བཅོམ་པ་སོགས་ཚུལ་བསྟན་གྱི་མཛད་པ་སོགས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་ལ། སངས་རྒྱས་ཉིད་ལ་ཆོས་དབྱིངས་མངོན་དུ་གྱུར་པའི་ཕྱིར་བདུད་ཀྱི་མིང་ཙམ་ཡང་མི་རྒྱུ་ཞིང་གློ་བུར་གྱི་བདུད་ནི་སྤངས་ཟིན་པའི་ཕྱིར་སླར་ལྡང་བ་མི་སྲིད་དེ། དཔེར་ན་དགོས་པའི་དབང་གིས་ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པ་སོགས་ལས་ཀྱི་རྣམ་སྨིན་མྱོང་བའི་ཚུལ་སྟོན་པ་བཞིན་ནོ། །འདུལ་མངོན་ལས་སངས་རྒྱས་གང་ཟག་རང་རྒྱུད་པ་ལམ་མས་སྦྱང་གི་སངས་རྒྱས་སུ་སྟོན་པ་ནི་གདུལ་བྱའི་ངོར་དང་དོན་ཡིན་ལ། ཐེག་པ་ཆེན་པོ་རྣམས་སུ་བསྐལ་པ་གྲངས་མེད་སྔོན་ནས་སངས་རྒྱས་པར་བཤད་ཅིང་ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པས་དེ་ལ་བདུད་དང་ལས་ཀྱི་རྣམ་སྨིན་མྱོང་བ་སོགས་མི་སྲིད་དོ། །བསྟན་པ་དང་རྗེས་འཇུག་ལ་བདུད་ཀྱི་གླགས་ལྟ་བའང་བསྟན་པ་དངོས་ནི་ཆོས་ཀྱི་སྐུ་ཡིན་པས་གླགས་ལྟ་བ་སྲིད་ཀྱང་གླགས་རྙེད་པར་མི་སྲིད་དེ་བསྟན་པ་རིན་པོ་ཆེ་ཉིད་སེང་གེ་ཤི་བའི་རོ་བཞིན་གཞན་གྱིས་འཇིག་མི་ནུས་པར་བཤད་ལ། རྗེས་འཇུག་གི་ཉམས་སུ་ལེན་པའི་ཚེ་བདུད་དང་བདུད་ལས་འབྱུང་བ་ནི། རིན་ཆེན་ཆོས་ཀྱང་དཀོན་ལ་འཚེ་བའང་མང་ཞེས་པས་ཟབ་མོའི་ཆོས་དང་འཕྲད་པ་ལ་བར་ཆད་མང་བ་དེ་ཡང་སེམས་ཅན་རང་རང་གི་བདག་འཛིན་ལས་ཉོན་གྱིས་བསྐྱེད་པ་ཡིན་གྱི་ཕྱིའི་ཡུལ་ན་བདུད་ཅེས་པ་མེད་དེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་པ་རྣམས། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་སོགས་མང་དུ་གསུངས་པའི་ཕྱིར། བདུད་ལ་སོགས་པ་རྣམས་ཕྱི་ན་ཡོད་ན་ནི་སེམས་ཅན་སུ་ལའང་བདུད་ཀྱི་གླགས་ལྟ་བ་མི་སྲིད་དེ། སངས་རྒྱས་རེ་རེས་ཀྱང་ཁམས་གསུམ་གྱི་བདུད་མ་ལུས་པ་སྤངས་ཟིན་པའི་ཕྱིར། དེས་ན་སེམས་ཅན་རང་རང་གི་བདག་འཛིན་ལས་ཉོན་མ་ཟད་པར་བདུད་ཀྱང་མི་མཛད་དོ། །སེམས་ཅན་སྤྱི་མཐུན་གྱི་འཁྲུལ་གཞི་བདུད་དགའ་རབ་དབང་ཕྱུག་ལྟ་བུའང་རང་རང་གི་ལས་སྣང་ཡུལ་ལ་ཤར་བ་ཡིན་ནོ། །སེམས་ཅན་རྣམས་ཀྱིས་རང་སེམས་ཐུལ་ན་བདུད་ཀྱང་ཐུལ་བ་ཡིན་ཏེ། རྒྱུད་ལས། གང་གིས་རང་གི་སེམས་འདུལ་ན། །གང་ལས་བདུད་ནི་འབྱུང་བར་འགྱུར། །བདུད་མེད་བདུད་ཀྱི་ལས་ཀྱང་མེད། །རང་གིས་སེམས་ཀྱིས་བཅིངས་པ་བཞིན། །ཞེས་གསུངས་པའི་ཕྱིར། ཡང་བཅས་འགལ་དང་སྲུང་སྡོམ་གྱི་ཉེས་ཕན་ཆེ་ཆུང་སོགས་གསུངས་པ་ལ། སྤྱིར་བཅས་པ་དང་འབྲེལ་ཚུན་ཆད་སྡོམ་པ་སྣ་རེ་བསྲུངས་པའི་ཕན་ཡོན་སྔར་བཤད་པ་ལྟར་ལ་ཉམས་པའི་བཅས་སྡིག་གི་ཉེས་དམིགས་ལོས་ཡོད། དཔེར་ན་ཞིང་ས་བཟང་པོ་ཡོད་པའི་སོ་ནམ་ལ་བརྩོན་དགོས་སད་སེར་གྱི་གནོད་པའང་བསྲུང་དགོས་ཀྱང་འབྲས་བུ་ལོངས་སྤྱོད་རྒྱུན་མི་འཆད་པའི་བདེ་བ་མྱོང་རྒྱུ་ཡོད་ལ། ཞིང་མེད་པའི་སྤྲང་པོ་ལྟ་བུ་ལ་དེ་དག་མེད་དོ། །དེ་བཞིན་དུ་བཅས་ལྡན་གྱི་རབ་ཏུ་བྱུང་བ་རྣམས་བསླབ་པ་ལ་འབད་ཅིང་ལྟུང་བ་ལས་བསྲུང་དགོས་ཀྱང་རྒྱུ་སྡོམ་པའི་དགེ་བ་དང་འབྲས་བུ་འཕྲལ་ཕུགས་ཀྱི་བདེ་བ་རྒྱུན་མི་འཆད་པ་ཡོད་ལ། བཅས་ཁྲིམས་དང་མི་ལྡན་པའི་ཁྱིམ་པ་ལྟ་བུ་ལ་བསླབ་པ་བསྲུང་བ་དང་འགལ་ཟླ་སྤོང་བའི་བརྩོན་པ་མི་དགོས་ཤིང་། ཉམས་པ་དང་བསྲུངས་པའི་ཉེས་ཕན་ཡང་མེད་དོ། །དེས་ན་སྡོམ་པའི་རྩ་བ་ནས་བསྲུང་དགོས་ཏེ། སོར་སྡོམ་གྱི་རྩ་བའི་ཕམ་པ་གཅིག་བྱུང་ན་ཉིས་བརྒྱ་ལྔ་བཅུ་པོ་ཉམས་ཤིང་སྲུང་ནུས་མེད་པར་བྱེད་པས་ཡན་ལག་གཞན་རྣམས་ཀྱང་ནུས་པ་ཆུང་བ་དང་འགལ་ནའང་ཉམས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་རེ་ལས་མི་སྐྱེད་པ་ཡིན་ཅིང་ལྟུང་བ་དེ་ལས་ཡན་ལག་ལྷག་མ་ཙམ་དེ་དག་བསྲུངས་པས་སྐྱོབ་མི་ནུས་པས་དམྱལ་བར་ངེས་པར་ལྟུང་སྟེ། ཨེ་ལའི་འདབ་ཀྱི་ལོ་རྒྱུས་དང་སྣ་རེ་ཉམས་སྣ་རེ་བསྲུངས་པའི་ཉེས་ཕན་ལས་བདེ་སྡུག་འདྲེས་མ་མྱོང་ཚུལ་གྲོ་བཞིན་སྐྱེས་ཀྱི་གཏམ་རྒྱུད་སོགས་མང་དུ་ཡོད་པའི་ཕྱིར་རོ། །བྱང་སྡོམ་ཉམས་ནའང་དམྱལ་བར་སྐྱེ་སྟེ་བྱང་སེམས་ལ་ཕྲག་དོག་གམ་ཁྲོ་བ་ལྟ་བུ་ཤིན་ཏུ་ལྟུང་བ་ཆེན་པོ་བྱུང་ན་གཉེན་པོ་སེམས་བསྐྱེད་དང་བཅས་པ་མཐུ་མེད་པར་བྱེད་པས་ན་སྨོན་སེམས་ཙམ་རེ་ཡོད་པས་རེ་ཞིག་མི་སྐྱོབ་ཅིང་འཇུག་སེམས་བསྲུངས་པའི་དགེ་བའི་ས་བོན་ཙམ་རེ་ཡོད་ཀྱང་ལན་གྲངས་གཞན་ལ་སྨིན་པའི་ལས་སུ་འགྲུབ་པའི་ཕྱིར། བྱང་ཆུབ་ཀྱི་སེམས་བསྲུང་བས་བྱང་སེམས་གཞན་ལ་སྐུར་འདེབས་ཀྱི་རྒྱུ་མཐུན་མྱོང་ལ་རྣམ་སྨིན་དམྱལ་བ་སོགས་མི་མྱོང་བའི་ལུང་ཡང་ཡོད་དོ། །སེམས་བསྐྱེད་ཀྱིས་མཚམས་མེད་པའི་སྡིག་པ་སོགས་ཟིལ་གྱིས་གནོན་པར་གསུངས་པ་རྣམས་ནི་རང་བཞིན་གྱི་སྡིག་པ་སྔར་ཡོད་རྣམས་རེ་ཞིག་རྣམ་སྨིན་མི་འབྱིན་ཅིང་ཉེས་པ་རིམ་གྱིས་སྲབ་པ་ལ་དགོངས་པ་ཡིན། འདི་ནི་བཅས་ལྟུང་ཡིན་ལ་བསྒོམ་པའི་སྟོབས་ལས་བྱུང་བའི་བཟོད་པ་དང་དོན་དམ་སེམས་བསྐྱེད་དང་ཟག་མེད་ཀྱི་སྡོམ་པ་མ་སྐྱེས་བར་དུ་ལས་ཀྱི་དབང་གིས་ངན་སོང་དུ་མི་སྐྱེ་བའི་ངེས་པའང་མེད་དེ། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །ཞེས་དང་སངས་རྒྱས་ཀྱི་སྐྱེས་རབས་རྣམས་ལས་འབྱུང་བ་ལྟར་ཡིན་ནོ། །འོན་ཀྱང་སེམས་བསྐྱེད་བཏང་བའི་རྩ་ལྟུང་མ་བྱུང་ན་ལྟུང་བ་གཞན་གྱིས་ལན་རེར་དམྱལ་བར་འཕེན་བྱེད་ཀྱིས་རྣམ་སྨིན་གཅིག་འཕངས་པ་དེ་ལ་རྫོགས་བྱེད་ཀྱིས་ཚེ་ཚད་དང་སྡུག་བསྔལ་གྱི་ཁྱད་པར་རྣམས་ཡུད་ཙམ་གྱིས་རྫོགས་ཏེ་མྱོང་ནས་སེམས་བསྐྱེད་ཀྱི་སྟོབས་ལས་མྱུར་དུ་ཐར་བར་འགྱུར་བའང་ཡོད་དོ། །སྔགས་ཀྱི་དབང་བསྐུར་ཐོབ་པའི་དམ་སྡོམ་ཚུལ་བཞིན་མ་བྱུང་བར་ཉམས་ན་ལྷ་བསྒོམ་སྔགས་བཟླས་ཀྱི་ཕན་ཡོན་མང་པོ་བཤད་པས་མི་སྐྱོབ་པར་ངེས་པར་རྡོ་རྗེའི་དམྱལ་བར་འགྲོ་སྟེ་བསྲུངས་བའི་ཕན་ཡོན་ལ་ཟབ་མྱུར་གྱིས་ཁྱད་པར་ཡོད་པ་བཞིན་ཉམས་པའི་ཉེས་དམིགས་ལའང་ཁྱད་པར་ཆེས་ཡོད་པའི་ཕྱིར། ཁྱད་པར་དུ་བླ་མ་སྨོད་པའི་རྩ་ལྟུང་དང་བཀའ་འདས་ཀྱི་རྩ་ལྟུང་བྱུང་ན་ནི་དེ་མ་བཅོས་ཀྱི་བར་དུ་ལམ་བསྒྲུབས་པ་ལ་འབྲས་བུ་མེད་ཅིང་ཡན་ལག་གཞན་བསྲུངས་པས་ཀྱང་ཕན་པ་མེད་དེ། དེས་ན་སྡོམ་པ་སྣ་རེ་ཙམ་ཡོད་པ་དང་བསྟན་པ་ལ་ཞུགས་པ་ཙམ་བྱས་པའི་འབྲས་བུ་ནི་འཁོར་བའི་མཐའ་ལ་འབྱུང་གི། ཉམས་པའི་འབྲས་བུ་ནི་འཕྲལ་དུ་འབྱུང་བས་གནས་སྐབས་སུ་ནི་ཕན་ཡོན་ལས་ཉེས་དམིགས་ཆེའོ། །ཡང་ཆོས་ལ་འབྲེལ་བའི་བག་ཆགས་ཡོད་པའི་ངན་སོང་གི་སེམས་ཅན་རྣམས་ནི་ངན་འགྲོ་གཞན་དང་ཡང་མི་འདྲ་སྟེ། ཨོ་རྒྱན་ཆེན་པོས་ལོ་རེ་བཞིན་དུ་དབང་བསྐུར་བྱིན་བརླབས་ཞུས། ལོ་བརྒྱ་ལོན་ན་དབང་བརྒྱ་ཐོབ་པ་ཡིན། །ཕྱི་མར་དུད་འགྲོ་སྐྱེས་ཀྱང་དབང་ཆེར་སྐྱེ། །ཞེས་གསུངས་པའི་ཕྱིར་དགེ་སྡིག་གི་རྒྱུ་འབྲས་བསླུ་མེད་འདི་ཡང་ཤིན་ཏུ་ཡིད་ཆེས་པའི་གནས་སུ་བལྟ་དགོས་སོ། །ཇོ་བོ་རྗེ་ལྷ་གཅིག་གིས། གཞན་ལས་འབྲས་ལ་ཅུང་ཟད་གཡེལ་བ་གཟིགས་ནས་ལས་འབྲས་ལ་གཟོབ། ལས་འབྲས་འདི་ཕྲ། སྙིང་ཁམས་མ་ཆེ། ཚེ་ཕྱི་མ་ལ་ཇི་ལྟར་འགྱུར་ཞེས་སྤྱན་ཆབ་འབྲུལ་ལོ། །དེའི་ཕྱིར་སྡོམ་པ་གསུམ་པོའི་བཅས་འགལ་ཐམས་ཅད་ཇི་མི་སྙམ་དུ་མི་འཇོག་པར་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་སྡོམ་སེམས་ཀྱིས་བཤགས་སྦྱངས་ལ་འབད་ན་ནི་རྣམ་སྨིན་མྱོང་མི་དགོས་ཀྱང་ལམ་སྟེགས་ཀྱི་ཡོན་ཏན་ཐོབ་པ་ལ་ནི་ཤིན་ཏུ་འགོར་བས་དང་པོ་ནས་མི་ཉམས་པ་ལ་འབད་དགོས། བཤགས་པ་ལ་ཁག་འགེལ་ཏེ་ལྟུང་བ་ལ་བག་མེད་དུ་སྤྱོད་པ་ནི་སྨན་ལ་ཁག་འགེལ་ཏེ་དུག་ལ་འཛེམ་མེད་དུ་སྤྱོད་པ་བཞིན་ནོ། །མདོར་ན་བདག་ནི་འདི་ལྟར་བསྙམས་ཏེ། རང་བཞིན་གྱི་དགེ་བ་བར་མ་ཙམ་རེས་མཐོ་རིས་སུ་ནས་མཐོ་རིས་སྐྱེས་པ་བས། སྡོམ་པ་གསུམ་ཞུས་ཏེ་ཉམས་པས་ངན་སོང་ནས་ངན་སོང་དུ་འགྲོ་བར་གདམས་པ་ཡིན་ལགས། དེར་མ་ཟད་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པས་འདི་རིགས་ཀྱི་རྣམ་བཞག་མཐར་ཐུག་པ་ནི་རྣམ་མཁྱེན་མ་ཐོབ་བར་ཇི་བཞིན་དཔོག་མི་ནུས་ལ། ཕྱོགས་ཙམ་རེ་ལ་ལུང་དང་རིགས་པས་ད་དུང་ཡང་འཆད་པར་སྤྲོ། དེ་ལྟར་དམ་པ་ཁྱོད་ཀྱིས་དྲི་བ་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་ཅིང་མི་ལུས་དོན་ཅན་དུ་བྱེད་པ་རྣམས་ལ་གནད་འགག་ཆེན་པོ་གཅིག་ཡོད་པར་ཤེས་ཏེ། འཕྲལ་དུ་བློ་ལ་གང་དྲན་ཙམ་བྲིས་པ་དེ་ག་ལགས། སྒྲའི་ཡི་གེའི་དོན་གསུངས་པ་འདི་ཟུར་གསལ་ཞུ། ཞེས་གངས་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དྲུང་ཡིག་མཁས་པ་ཚེ་རིང་བཀྲ་ཤིས་ཀྱིས་དགོངས་བཞེད་དྲིས་ལན་དུ་མང་དུ་ཐོས་ཀྱང་དོན་ལ་བླུན་པོའི་མཚན་གཞི་ཅན་མཁས་པའི་སྒྲོ་བཏགས་པ་རྨེ་རི་དགེ་སློང་བསོད་ནམས་ཆོས་འགྲུབ་ཀྱིས་དཔལ་སྤུངས་ཡང་ཁྲོད་ནས་བྲིས་པ་འདི་ཀུན་གྱི་ཐུགས་ཉམས་སུ་འཐད་པར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།


previousསྡོམ་པ་གསུམ་གྱི་དྲིས་ལན་ཉི་འོད་སྣང་བ། རྨེ་བ་མཁན་ཆེན་བསོད་ནམས་ཆོས་འགྲུབ།no next