Nitartha Digital Library
Tibetan
 
previousཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ།next

ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ།

མ ཧཱ ཡཱ ན ཎོ གཱ བ ཏ རོ པ པ བྷེ ཏོ ཡ྄ཌ྅྅྅ ཋ ན ནཱ མཱ སཱ དྷྲ བི ཧ ར ཏི སྨ།
ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ་ཞེས་བྱ་བ་ལེགས་པར་བཞུགས་སོ། །
ཉེས་པའི་སྐྱོན་བྲལ་ཡོན་ཏན་མཐའ་དག་རྫོགས། །བདེ་ལེགས་ཇི་སྙེད་ཐམས་ཅད་འབྱུང་བའི་གནས། །མཆོག་གསུམ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐེག་ཆེན་རྣལ་འབྱོར་འཇུག་ཐབས་བརྗོད་པར་བགྱི། །གང་ཞིག་བདག་གཞན་སྡུག་བསྔལ་སྤངས་འདོད་ཅིང་། །བདེ་ཐོབ་འདོད་པས་དགོན་པར་གནས་པར་བགྱི། །དེ་ཡང་དམ་ཆོས་གཞུང་ལས་འདི་ལྟར་གདའ། །འཁོར་བར་སྡུག་བསྔལ་ཉེས་དམིགས་མང་པོའི་གཞི། །རྣམ་རྟོག་བདག་ཏུ་འཛིན་པ་འཁོར་བའི་རྒྱུ། །མྱ་ངན་འདས་པ་ཞི་བ་བདེ་བའི་མཆོག །བདག་མེད་རྟོགས་པ་མྱ་ངན་འདས་པའི་རྒྱུ། །བདེ་བས་བྱ་བྱེད་བུན་ལོང་ཐག་བསྲིངས་ལ། །དགོན་པར་བདག་འཛིན་གཉེན་པོར་སྟོང་ཉིད་བསྒོམ། །འཁོར་བ་ཇི་ལྟར་ཉེས་དམིགས་སྟོང་ཞེ་ན། །འཁོར་བའི་མཚན་ཉིད་ཆོས་ནི་བཞིར་འདུས་ཏེ། །འཁོར་བའི་མཚན་ཉིད་མི་རྟག་སྡུག་བསྔལ་དང་། །དེ་ཡི་རང་རིག་སྟོང་དང་བདག་མེད་པའོ། །དེ་ལ་མི་རྟག་མཚན་ཉིད་བཤད་པར་བྱ། །སྣོད་ཀྱི་འཇིག་རྟེན་རི་རབ་གླིང་ཁམས་ཀྱང་། །འཇིག་པའི་དུས་ཚེ་བསྐལ་པའི་མེ་བྱུང་བས། །ཐལ་པའི་ལྷག་མ་ཙམ་ཡང་མི་ལུས་སོ། །ཆུ་དང་རླུང་གིས་འཇིགས་པའང་དེ་བཞིན་ནོ། །གཞན་ཡང་དབྱར་དྲོ་སྐྱེ་ལ་དགུན་གྲང་སྐམ། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ། །དེ་ལ་སོགས་པའི་མི་རྟག་དགོངས་ནས་གདའ། །རྟག་པ་ལགས་ན་ཅི་ཕྱིར་འགྱུར་ཞིང་འགྲོ། །བཅུད་ཀྱི་འཇིག་རྟེན་སེམས་ཅན་ཚེ་འདི་ལ། །ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་བྱེད་པས། །ཉིན་ཞག་འདས་ཤིང་ཤི་དང་ཕར་ཕར་ཉེ། །མི་འཆི་སྡོད་ཀྱང་བདག་ལ་རང་དབང་མེད། །སྐྱེ་རྒ་ན་འཆི་ར་ཐག་རི་མོ་འདྲ། །འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །འཆི་བའི་རྐྱེན་ནི་བསམ་གྱི་མི་ཁྱབ་སྟེ། །འཆི་སྐྱེ་མ་སོང་དངོས་པོ་གང་ཡང་མེད། །ལུས་ནི་ཟས་ཀྱིས་གསོ་ཡང་བརྣངས་ནས་འཆི། །འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། །འཆི་བདག་དབང་དུ་མ་གྱུར་གང་ཡང་མེད། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ཞིང་བུ་དང་ནོར་བསགས་ཀྱང་། །བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། །རང་ཉིད་དགེ་སྡིག་གཉིས་དང་འགྲོགས་ཏེ་འགྲོ། །ད་ལྟ་རང་རེ་གནས་པའི་རིང་འདི་ལའང་། །ཉེ་བཤེས་གཉེན་འདུན་མཛའ་དང་མི་མཛའ་ལས། །ན་ཚོད་ཀུན་དང་རྒན་གཞོན་ཇི་སྙེད་གཅིག །ཤི་བར་མཐོང་ཞིང་ཐོས་པ་མ་ལགས་སམ། །ད་ལྟའི་ས་སྟེང་སེམས་ཅན་འདི་ཀུན་ཀྱང་། །ལོ་བརྒྱ་ཚུན་ཆད་གཅིག་ཀྱང་མི་ལུས་འཆི། །དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན། །དེང་ཤི་སང་ཤི་སུས་ཀྱང་མི་ཤེས་ཏེ། །ཚོད་འཛིན་པའང་མི་འཇིགས་སྦྱིན་མེད་པས། །སང་ཕོད་དེང་སང་བདག་ནི་ཇི་ལྟར་འགྱུར། །འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་རྣམས་ཀྱང་། །བདག་ཉིད་འཆི་བའི་ཕྱིར་ན་འོང་མེད་པས། །སྡུག་བསྔལ་སྐལ་ཆེན་འགའ་ཡང་མ་མཆིས་ཏེ། །བདག་ཉིད་དགེ་སྡིག་གཉིས་དང་ཆས་ཏེ་འགྲོ། །དེ་ནས་སྐྱེས་ཀྱང་བདག་ཉིད་གཅིག་པུ་སྐྱེས། །ཐ་མར་འཆི་ཡང་བདག་ཉིད་གཅིག་པུ་འཆི། །སྐད་ཅིག་ཚེ་འདིར་ལས་མཐུན་ཉེ་གཞི་རྣམས། །མགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །འོ་ན་བུ་ཚ་གཉེན་གཞིས་ཅི་ཞིག་ཕན། །སྐད་ཅིག་ཙམ་ཡང་མི་དབྱེ་མི་ཕོད་པའི། །བུ་དང་ཆུང་མ་ཉེ་གཞི་རྩ་ལགས་དང་། །ཡུལ་མཁར་ནོར་ཕྱུག་ལོངས་སྤྱོད་ཀུན་བོར་ནས། །དེ་རིང་སོང་ནི་བདག་ཉིད་གཅིག་པུར་འགྲོ། །ཇི་ཙམ་སྡིག་དང་བརྡོས་ཤིང་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་གིས་ཁུར། །བསགས་པའི་ནོར་ནི་ཁོང་ཅག་བུ་ཚས་ཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། །བདག་ལ་ཤིན་ཏུ་ཕངས་པའི་ལུས་འདི་ཡང་། །དེ་རིང་སོང་ནི་རྫ་ཆག་བཞིན་དུ་བོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ། །དབང་མེད་བདག་ནི་གཅིག་པུར་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེ་འགྱུར་ཡང་། །དེ་བས་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ། །ལུས་འདི་ས་གཏིང་འདྲ་སྟེ་ཆོག་མི་ཤེས། །མི་གཙང་ལས་བྱུང་མི་གཙང་ཕུན་པོ་ཡིན། །ན་རྒས་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། །ཤི་ནས་བོར་ན་ས་ཡི་ཕྱོགས་ཙམ་ཟློག །བྱ་དང་ཁྱི་སྤྱང་ལ་སོགས་རྣམས་ཀྱི་ཟས། །བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག། །མཁས་པས་སྨོད་ཅིང་བླུན་པོའི་ཆགས་པའི་གནས། །དེ་བས་ལུས་ལ་མཁས་པ་སུ་ཞིག་ཆགས། །ལུས་ཀྱི་ཕྱིར་ནི་ཡལ་ངར་འཇུག་མི་བྱ། །འདི་ལ་གླ་བརྔན་སོ་ཟས་བྱིན་ནས་སུ། །ཡུན་གྱི་ཕན་ཕྱིར་དགེ་རྩ་བྱེད་དུ་གཞུག །བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད། །དེ་ཡང་དགེ་བ་མཐོ་རིས་ཐར་པའི་རྒྱུ། །སྡིག་པ་ངན་སོང་གསུམ་འཚོགས་སྡུག་བསྔལ་རྒྱུ། །མ་ཤི་བར་དུའང་ལུས་འདི་མི་རྟག་སྟེ། །ཁུལ་ཞོ་བྱིས་སྦ་གཞོན་ནུ་ཉིད་དུ་འགྱུར། །དེ་ནས་དར་ལ་བབ་དང་དར་ཡོལ་བ། །རྒས་པར་གྱུར་ཏེ་ལུས་འདི་རྟག་ན་ནི། །གནས་སྐབས་དེ་སྙེད་ཅིག་ཏུ་ཅི་སྟེ་འགྱུར། །ལོངས་སྤྱོད་བདེ་སྡུག་རྣམས་ཀྱང་མི་རྟག་སྟེ། །བཙན་ཕྱུག་འཛོམ་པ་སྡུག་ཕོངས་ཅན་དུ་འགྱུར། །སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་སྣང་། །ལང་ཚོ་ལོངས་སྤྱོད་ན་རྒ་འཆི་བས་འཇོམས། །དེ་ལ་སོགས་པའི་མི་རྟག་དགོངས་ན་བརྡ། །དེ་བས་འཇིག་རྟེན་མཚན་ཉིད་མི་རྟག་གོ། ༈ །ད་ནི་སྡུག་བསྔལ་མཚན་ཉིད་བཤད་པར་བྱ། སྡུག་བསྔལ་མཚན་ཉིད་སྐྱེ་རྒ་ན་འཆི་བཞི། །སྐྱེ་བའི་སྡུག་བསྔལ་འོག་ནས་བཤད་པར་བྱ། །རྒས་པ་ཡང་ནི་འདི་ལྟར་སྡུག་བསྔལ་ཏེ། །སྐྲ་དཀར་གཉེར་འདུས་གཞན་གྱིས་མཐོང་མི་ཐོས། །ཁ་སྣའི་ཆུ་ཟག་རྐང་ལག་ཀུན་ཀྱང་འདར། །སེམས་ཀྱིས་དྲན་ཡང་ལུས་ལ་ཉམས་སྟོབས་མེད། །བུ་ཚ་ཀུན་ཀྱང་ཤི་ན་རུང་སྙམས་སེམས། །ཞལ་ལྟ་བྱས་ཀྱང་མི་ཉན་དབང་ཡང་ཤོར། །ཁ་ཅིག་སྲིན་རྒན་ཤི་མཆིས་ཤེས་ཀྱང་ཟེར། །ཁ་ཅིག་བེར་དབྱུག་ཐོགས་ནས་རྡུང་བར་བྱེད། །དེ་ལྟར་མཐོང་ཐོས་ཤི་འདོད་ཤི་མི་བཏུབ། །ན་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་ཏེ། །ལུས་ཀྱི་འབྱུང་བ་ཆ་ནི་མི་མཉམ་པས། །རླུང་མཁྲིས་བད་ཀན་འདུས་པས་ལུས་གདུངས་ཏེ། །ལོངས་སྤྱོད་མཐོང་ཡང་ཡིད་ལ་འདོད་པ་མིན། །ལུས་ཀྱི་ཉམས་སྟོབས་ཤོར་བས་ལྡང་མི་ནུས། །མཛེས་པའི་གཟི་མདངས་ཤོར་བས་ཡིད་བཏགས་འདྲ། །ཤི་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་ཏེ། །གཉེན་བཤེས་ཚོགས་ཀྱིས་ཆོ་ངེ་འདེབས་བྱེད་ཀྱང་། །དེ་ལ་ཉན་བལྟ་བསམ་པའི་ཡུལ་མེད་དེ། །གནད་གཅོད་པ་ནི་མཚོན་ཆས་གཏུབས་པ་འདྲ། །མཛའ་དང་མི་མཛའི་དོན་དུ་འདིར་བྱས་པའི། །དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་། །གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར། །བྲེད་ཤ་ཐོན་ནས་ཀུན་ཏུ་བལྟས་བྱས་ཀྱང་། །མགོན་སྐྱབས་མེད་ཅིང་སུ་ཡང་མ་མཐོང་ནས། །ཤིན་ཏུ་འཇིགས་བཞིན་ཀུན་ཏུ་ཡི་མུག་སྟེ། །བདག་ཉིད་གར་འགྲོ་གཏོལ་མེད་བར་དོར་ལྟུང་། །བར་དོ་ན་ཡང་གཡང་དུ་ལྷུང་སྙམས་འཇིགས། །དེ་ནས་གཤིན་རྗེའི་ཕོ་ཉས་ཁྲིད་ནས་ནི། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཕྱིན། །ཚེ་འདིར་དགེ་དང་མི་དགེའི་ལས་བྱས་པ། །ལྷན་ཅིག་སྐྱེས་པའི་ལྷས་ནི་དགེ་བ་ཟློ། །ལྷན་ཅིག་སྐྱེས་པའི་འདྲེས་ནི་མི་དགེ་བརྗོད། །གལ་ཏེ་མི་དགེ་ལས་ཀྱིས་ངན་སོང་དུ། །སྐྱེ་བར་མཐོང་ནས་ཆོས་རྒྱལ་འདི་སྐད་ཟེར། །ཁྱོད་ཀྱིས་མི་ཡི་ལུས་འདི་ཐོབ་པའི་ཚེ། །ཐོབ་ནས་སྡིག་པའི་རྒྱུ་ནི་མ་སྤངས་པས། །ཀྱེ་མ་འདི་འདྲའི་སྡུག་བསྔལ་མི་བཟད་མྱོང་། །རང་གིས་ལས་བྱས་རང་ལ་རྣམ་པར་སྨིན། །ངས་ནི་འདི་ལ་ཅི་ཡང་མ་ལེན་ཟེར། །དེ་བས་དམྱལ་སྲུང་ཁྲོ་གཏུམ་འཇིགས་པ་ཡིས། །རྒྱོབ་སོད་གཏོགས་ཁྲོལ་ང་རོ་ཆེར་སྒྲོགས་ཤིང་། །བརྔམ་ཞིང་མཚོན་ཆ་སྣ་ཚོགས་བརྡེག་འཚོགས་ཏེ། །ས་གཞི་ཐམས་ཅད་མེ་དཔུང་འབར་བ་ཡིས། །གྲང་བའི་དམྱལ་བའི་གནས་སུ་ཁྲིད་ནས་སོང་། །ད་ནི་སྐྱེ་བའི་སྡུག་བསྔལ་ཤེས་པར་བྱ། །དམྱལ་སྲུང་དེ་དང་དམྱལ་བའི་མེ་མཐོང་ནས། །ཤིན་ཏུ་སྐྲག་སྔངས་ཆོ་ངེས་ཆེར་འདེབས་ཤིང་། །རང་ལ་བརྔན་གྲངས་སྔོན་གྱི་སྡིག་པ་ལ། །ཤིན་ཏུ་འགྱོད་ཀྱང་ཕན་པ་ཅི་ཡང་མེད། །ལུས་ནི་ཤིན་ཏུ་ཆེ་ལ་གཞོན་ཤ་ཅན། །ཚོར་བ་ཆེ་ཞིང་དྲན་པའི་ལུས་ཐོབ་ནས། །ཁ་ཅིག་རང་ལུས་མེ་དཔུང་བཞིན་དུ་འབར། །ཁ་ཅིག་ལྕགས་འབར་ཁང་པ་སྦྲུམ་མར་འདུག །འགྲོ་ལྡོག་བྱེད་ཅིང་ཕྱོགས་ནི་ཀུན་ན་བཟློག །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱི་ཚུགས་འབྲུ་ཉུང་ཆུ་ཁོལ་བླུགས་བཞིན་འཚོད། །ཁ་ཅིག་སོག་ལེས་འདྲ་ཞིང་གཏུན་ལ་བརྡུང་། །དེ་ལ་སོགས་པ་སྡུག་བསྔལ་བསམ་མི་ཁྱབ། །འཇིག་རྟེན་འདི་ན་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་དང་མི་བྱི་ཆར་ཡང་མི་ཕོད་དོ། །མི་ཡི་ལོ་ནི་འབུམ་དང་བརྒྱད་ཁྲི་ལ། །དམྱལ་བ་ཁ་ཅིག་ཉིན་ཞག་གཅིག་ཏུ་བརྩི། །དེས་བསྒྲེས་ཁོ་བདག་ལོ་ནི་དཔག་མེད་ཐུབ། །ཁ་ཅིག་བསྐལ་པ་ཆེན་པོའི་བར་དུ་གནས། །ཤི་བར་དགའ་ཡང་ཤི་ཡང་མི་བཏུབ་བོ། །ལས་མ་ཟད་པ་ཁ་ཅིག་འཇིགས་ཆགས་ཚེ། །འཇིག་རྟེན་བརྒྱུད་ཅུང་འཇིག་ཆགས་མེད་པར་སྐྱེ། །ཡི་དྭགས་སྐྱེས་ཀྱང་བཀྲེས་དང་སྐོམ་པས་གདུངས། །མགོ་བོ་རི་རབ་ཁ་ནི་ཁབ་མིག་ཙམ། །རྐེ་རྩ་རབ་ཕྲ་གསུས་པ་ཡུལ་ལྗོངས་ཙམ། །བཟའ་བཏུང་མཐོང་ཡང་གཞན་གྱིས་བསྲུངས་པ་དང་། །རྣག་ཁྲག་ངན་སྐྱུག་ལ་སོགས་བཞིན་དུ་མཐོང་། །ཁ་ཅིག་ཟོས་ཀྱང་ཁྲོ་ཆུ་ཁོལ་མར་འགྲོ། །བྱོལ་སོང་སྐྱེས་ཀྱང་གཅིག་ལ་གཅིག་ཟ་དང་། །རང་དབང་མེད་པར་བཀོལ་སྤྱོད་བརྟེག་འཚོགས་དང་། །གཞན་གྱིས་གསོད་སོགས་གཏི་མུག་རྨོངས་པས་སྡུག །མིར་སྐྱེ་བ་ཡང་མངལ་ན་གནས་པའི་ཚེ། །མ་ནི་འགྲང་ཚེ་བྲག་བར་འཚིར་བ་འདྲ། །བཀྲེས་པའི་ཚེ་ན་དཔྱང་ལ་བཏགས་པ་འདྲ། །དྲག་ཤུལ་བྱས་ཚེ་བྲག་བར་བརྡུང་བ་འདྲ། །ཉལ་བའི་ཚེ་ན་རི་ཡིས་མནན་པ་འདྲ། །བཙས་པའི་ཚེ་ན་པགས་པ་བཤུས་ནས་ནི། །རྩིད་པའི་ངོས་ལ་བྲུད་པ་བས་ཀྱང་སྡུག །ཚང་བྲུལ་བཀྲེས་སྐོམ་རྐང་ལག་ན་སར་སྡུག །ཆེར་སྐྱེས་ན་ཡང་སོ་ནམ་བྲེལ་ཕོངས་དང་། །ཉེ་དུ་བྲལ་དང་དགྲ་ཆོམས་བུ་ལོན་དང་། །བཀྲེས་སྐོམ་ཚ་གྲང་མགྲོན་ལ་སོགས་པས་སྡུག །ཕོངས་པ་རྣམས་ནི་བཙལ་ཐབས་མེད་ནས་སྡུག །ཡོད་པ་རྣམས་ནི་འཚོ་སྐྱོང་མེལ་ཚེས་སྡུག །ཞིང་རྨོ་ཚོང་བྱེད་འདུ་བྱེད་ལས་ཀྱིས་སྡུག །དེ་ལ་སོགས་པའི་སྡུག་བསྔལ་བསམ་མི་ཁྱབ། །སྡུག་པའི་གཞི་ནི་ཕལ་ཆེར་ལྟོ་རྒྱབ་གཉིས། །ཕལ་ཆེར་འཇིག་རྟེན་འདི་ཡི་ལོངས་སྤྱོད་ཀྱང་། །ཕལ་ཆེར་ཕྱི་མའི་ངན་སོང་སྡུག་བསྔལ་རྒྱུ། །བཀྲ་ཤིས་མ་དང་སྣ་ནག་ཇི་བཞིན་ནོ། །ལྷ་མིན་སྐྱེས་ཀྱང་ང་རྒྱལ་ཕྲག་དོག་དང་། །ཁྲོ་གཏུམ་འཐབ་རྩོད་ལ་སོགས་དབང་གིས་སྡུག །ལྷར་སྐྱེས་ཀྱང་ནི་འཆི་འཕོ་ལྟུང་བ་དང་། །འཆི་ལྟས་ལྔ་དང་འདུ་བྱེད་དབང་གིས་སྡུག །དེ་ལྟར་འཁོར་བར་སྐྱེས་པའི་ཉེས་པ་ནི། །སྡུག་བསྔལ་མདོར་བསྟན་བཤད་པ་དེ་གཉིས་ཡིན། །ཞིབ་ཏུ་མདོ་ཡི་ནང་དུ་བལྟ་བར་བྱ། །མི་རྟག་སྡུག་བསྔལ་ཆོས་ནི་ཡུན་རིང་འདིས། །ཐོག་མ་མེད་ནས་ད་ལྟའི་བར་དུ་གསུངས། །འཕགས་ལམ་མ་ཐོབ་བར་དུ་ད་རུང་གདུང་། །དེ་གཉིས་གཞི་དང་རྩ་བ་རང་སེམས་ཡིན། །ལུས་ནི་སེམས་ཡིན་སེམས་ཀྱི་རང་བཞིན་ནི། །ཡེ་ནས་རྣམ་དག་ཆོས་སྐུ་ཡིན་པ་ལ། །རྣམ་རྟོག་མ་ཡིན་བདག་ཏུ་འཛིན་པ་ཡིས། །ཡུལ་འདི་སེམས་ཉིད་ཡིན་པར་མ་ཤེས་ནས། །ཕྱི་ནང་དངོས་པོ་མཚན་མ་སོ་སོར་བཟུངས། །ལུས་དང་ལོངས་སྤྱོད་ལ་སོགས་འདོད་ཅིང་ཆགས། །ལུས་ངག་ཡིད་ནི་འདོད་པའི་ཁོལ་པོ་བྱེད། །བདག་གི་ཡིད་དང་མཐུན་པ་མི་མཐུན་ལས། །ཞེ་སྡང་ལ་སོགས་ཉོན་མོངས་གཞན་ཡང་སྐྱེས། །ཉོན་མོངས་དབང་གིས་དགེ་སྡིག་ལས་སྤྱོད་པས། །འབྲས་བུ་མི་རྟག་སྡུག་བསྔལ་འབྱུང་བ་ཡིན། །དེ་བས་དགྲ་ནི་རྣམ་རྟོག་བདག་འཛིན་ཡིན། །འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ། །ཐོག་མ་མེད་ནས་བདག་ལ་རང་གནས་སུ། །བདག་ཉིད་མནར་ཡང་མ་ཚོར་ད་དངོས་ཟིན། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་ཏེ། །བཟོད་པའི་མུན་པས་དགྲ་འདིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདག །ད་རུང་འཆིང་ཞིང་འཁོར་བར་འཁྱམས་དུ་འཇུག །ཕུང་པོའི་རྒྱུན་ལ་ཐ་སྙད་བདག་ཅེས་བྱ། །འཇིག་རྟེན་དགྲས་ནི་གསོད་དམ་ནོར་རྣམས་འཕྲོག །དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། །དགྲ་འདིས་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། །དེ་སྟེང་བཟོད་བྱས་འཁོར་བར་དམ་དུ་འཆིང་། །དཔེར་ན་དངུལ་རྡོ་དངུལ་གྱི་རང་བཞིནཡང་། །བཞུ་བཏུལ་མ་བྱས་བར་དུ་དངུལ་མི་སྣང་། །དེ་བཞིན་སེམས་ཉིད་སངས་རྒྱས་ཡིན་མོད་ཀྱི། །ལོག་རྟོག་དགྲ་མ་བཅོས་པར་སངས་མི་རྒྱ། །དེ་བཞིན་ཕྱིན་ཅི་ལོག་དང་ཉོན་མོངས་དང་། །སྡུག་བསྔལ་ཉིད་ཀྱང་བྱང་ཆུབ་ཡིན་མོད་ཀྱི། །རང་གི་ཡེ་ཤེས་མ་ཐོབ་བར་དུ་ནི། །བདེ་སྡུག་རྒྱུ་འབྲས་ཀུན་ལ་མངོན་སུམ་དུ། །འཁྲུལ་རྟོག་འདུ་ཤེས་དབང་གིས་བདེ་བར་སྣང་། །རྨི་ལམ་བདེ་སྡུག་མངོན་སུམ་སྣང་བ་བཞིན། །རྣམ་རྟོག་དེ་ནི་ཤེས་བྱའི་སྒྲིབ་པའང་མིན། །བདག་འཛིན་དེ་ནི་ཉོན་མོངས་སྒྲིབ་པའི་རྒྱུ། །སྟོང་དང་བདག་མེད་འོག་ནས་བཤད་པར་བྱ། ༈ །ད་ནི་ཞི་བདེ་མྱ་ངན་འདས་པ་བཤད། །འཁོར་དང་ཞི་བ་སོ་སོ་མ་ཡིན་ཏེ། །སྲིད་པ་སྟོང་པར་རྟོགས་པ་ཞི་བ་ཡིན། །ཞི་བ་ཐོབ་པ་དེ་ཡི་ཡོན་ཏན་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་རྟོགས་པས། །རྣམ་རྟོག་བདག་ཏུ་འཛིན་དང་ཉོན་མོངས་མེད། །ངན་སོང་གསུམ་ཕོངས་བཀྲེས་སྐོམ་གྲང་དྲོ་དང་། །སྐྱེ་རྒས་ན་འཆི་ལ་སོགས་སྡུག་བསྔལ་མེད། །འཁོར་བ་མི་རྟག་སྡུག་བསྔལ་གཏན་ཟད་ནས། །ལས་སུ་གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་། །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཐོབ། །ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་ཚད་དང་ནི། །མགྱོགས་ཚད་གློག་དང་འདྲ་མ་བྱས་ན་ནི། །རི་རབ་བདུན་བདུན་གོམས་པ་རེ་རེར་བྱེད། །མཉམ་པར་གཞག་ཚེ་སྟོང་གསུམ་རང་སར་མཐོང་། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དཔེར་བྱས་ནས། །སྟོང་གསུམ་འདི་ཡང་ཡུངས་འབྲུ་གཅིག་ཏུ་ཚུད། །ཡུངས་འབྲུ་མ་འཕེལ་སྟོང་གསུམ་མ་བསྒྲིབས་སོ། །ཡུངས་འབྲུ་གཅིག་ཀྱང་སྟོང་གསུམ་ཙམ་དུ་སྤྲུལ། །ནང་གི་སེམས་ཅན་ཀུན་གྱིས་མ་ཚོར་བར། །སྟོང་གསུམ་འདི་ཡང་འཇིག་རྟེན་གཞན་དུ་འཕེན། །འདི་ནས་རང་གི་སྟན་ལས་མ་གཡོས་པར། །འཇིག་རྟེན་འབུམ་ཕྲག་མང་པོའི་ཕ་རོལ་ནས། །སངས་རྒྱས་ཞིང་ཁམས་རང་སར་ལག་པས་ལེན། །སངས་རྒྱས་མང་པོ་སོ་སོའི་སྤྱན་སྔ་ནས། །མཆོད་དང་ཆོས་ཉན་འཆད་སོགས་དུས་གཅིག་སྟོན། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དེ་འདྲ་ན། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཚད་ཅི་ཡོད། །འོན་ཀྱང་སངས་རྒྱས་སྐུ་གཅིག་བསྟན་པ་ལ། །འཇིག་རྟེན་རྡུལ་གྱི་གྲངས་ཙམ་སེམས་ཅན་གྱིས། །རེ་རེར་ཐེ་ཚོམ་མི་གཅིག་སྣ་རེ་དྲིས། །དེ་བཞིན་གཤེགས་པས་ཚིག་གཅིག་གསུངས་པ་ལ། །སོ་སོ་རང་གི་ལན་ནི་བཏབ་པར་ཐོས། །སྐུ་གཅིག་དེ་ལ་སེམས་ཅན་ཇི་སྙེད་ཀྱིས། །ལ་ལས་ཞི་བར་ལ་ལས་ཁྲོ་བོར་མཐོང་། །ལ་ལས་རབ་བྱུང་ལ་ལས་ཁྱིམ་པའི་གཟུགས། །ལ་ལས་ཉན་ཐོས་ལ་ལས་རང་སངས་གཟུགས། །ལ་ལས་སེམས་ཅན་སོ་སོའི་རྣམ་པ་དང་། །འབྱུང་བ་ཆེ་དང་རྩི་ཤིང་ནགས་ཚལ་སོགས། །རང་རང་མོས་པ་ཇི་ལྟར་བཞིན་མཐོང་བས། །སངས་རྒྱས་རྣམས་ནི་གཅིག་ཏུ་མ་ངེས་ཏེ། །སྐུ་གཅིག་བསྟན་པས་སྣ་ཚོགས་རྣམས་སུ་མཐོང་། །ཆུ་ཡི་རྐྱེན་གྱིས་ཟླ་བ་གཟུགས་མང་སྣང་། །དེ་ཕྱིར་སངས་རྒྱས་ལ་ནི་གཉིས་མེད་དོ། །སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ལ་བྱ། །དེ་ལ་རྟོག་མི་མངའ་ཡང་སྨོན་ལམ་མཐུས། །ཆོས་ཀུན་སྐུ་གསུང་ཐུགས་ཀྱི་ངོ་བོར་གནས། །སྐུ་གསུང་ཐུགས་ཀྱིས་གདུལ་བྱའི་ཞིང་ཀུན་ཁྱབ། །ལས་རྟོག་སྒྲིབ་པས་འགྲོ་བས་དེ་མི་མཐོང་། །ཉི་མ་ཟེར་གྱི་རང་བཞིན་དེ་ཟེར་གྱིས། །ཀུན་ཏུ་ཁྱབ་ཀྱང་དམུས་ལོང་དེས་མི་མཐོང་། །སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཞི་ཁྲོ་སོགས། །དེ་མཐོང་སྐལ་བ་འགྲོ་བའི་མོས་རྟོག་མིན། །དེ་ཕྱིར་གཟུགས་སྐུ་གདུལ་བྱའི་སེམས་ཉིད་སྣང་། །དེ་ལྟར་འཁོར་བའི་ཉེས་སྐྱོན་དེ་དང་ནི། །མྱ་ངན་འདས་པའི་ཡོན་ཏན་དེ་ལགས་པས། །དེ་བས་དགོན་པར་འདུ་འཛི་ཐག་བསྲིངས་ལ། །གཙོར་ནི་རྣམ་རྟོག་བདག་འཛིན་དགྲ་འདི་འཇོམས། །རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། །དད་པས་གཞི་བཏིང་ཚུལ་ཁྲིམས་མཁར་བརྩིགས་ལ། །ཆོས་སྤྱོད་བཅུ་པོ་སྒོ་ནས་འཇུག་པར་བྱ། །དགེ་བ་བཅུ་ནི་མི་དགེའི་གཉེན་པོར་སྤྱོད། །ཚད་མེད་བཞི་དང་འདུ་བ་རྣམ་བཞི་དང་། །ཕ་རོལ་ཕྱིན་རྣམས་བདག་གཞན་དོན་དུ་སྤྱད། །བདག་རྟོག་དབང་གིས་འཁོར་བའི་སེམས་ཅན་རྣམས། །སྙིང་རྗེས་སེམས་ཅན་བསྒྲལ་བར་དམ་བཅས་ཏེ། །བྱང་ཆུབ་སེམས་བསྐྱེད་སྨོན་ལམ་རྩེ་གཅིག་གདབ། །དེ་ལ་སོགས་པའི་དགེ་བའི་དཔུང་བཅས་ལ། །བརྩོན་འགྲུས་གོ་བགོས་ཐེག་ཆེན་རྟ་ཞོན་ཏེ། །དྲན་དང་ཤེས་བཞིན་གཉིས་ཀྱི་སོ་བཙུགས་ཤིང་། །ཤེས་རབ་མདའ་ཐོགས་བསམ་གཏན་གཞུ་བརྡུང་སྟེ། །བདག་མེད་རྟོགས་པའི་སྟོང་པ་མཚོན་ཆེན་གྱིས། །རྣམ་རྟོག་བདག་འཛིན་རི་བྲག་རྩེ་ནས་གཞོམས། །དེ་ཕྱིར་དད་བརྩོན་དྲན་དང་ཤེས་བཞིན་དང་། །ཞི་གནས་ལྷག་མཐོང་རྣམས་ཀྱི་སྟོང་ཉིད་བསྒོམ། །སྟོང་ཉིད་བསྒོམས་པ་ཞི་བདེ་རྒྱུ་ཡི་མཆོག །ཆུང་ངུ་དེ་དག་དགྲ་བཅོམ་འབྲས་བུ་ཐོབ། །ཕྱིན་ཅི་ལོག་དག་ཉོན་མོངས་སྡུག་བསྔལ་དང་། །མཚམས་མེད་ལ་སོགས་སྡིག་པ་འཇོམས་པའི་མཆོག །དེས་ཟིན་སྦྱིན་སོགས་སྤྱོད་པའི་མཆོག་ཏུ་འགྱུར། །དེས་མ་ཟིན་ན་སོ་སོའི་འབྲས་བུ་ཙམ། །མྱོང་ནས་ཟད་འགྱུར་རྣམ་གྲོལ་རྒྱུར་མི་འགྱུར། །བདག་ཏུ་ལྟ་ལ་གནས་པའི་བྱིས་པ་གང་། །བདག་ནི་ཁྲིམས་ལྡན་ཚུལ་ཁྲིམས་བསྲུང་འཛིན་པ། །དེ་ཡི་ཁྲིམས་སྲུང་འབྲས་བུ་མྱོང་ནས་ནི། །ཕྱིར་ཡང་ངན་སོང་གསུམ་དུ་དེ་འཁོར་འགྱུར། །བདག་འཛིན་སྒྱུ་མཁན་ཡོད་ཀྱི་བར་དུ་ནི། །རི་འདྲའི་ཞི་གནས་ཡོད་ཀྱང་མི་གྲོལ་ཏེ། །དངོས་ཀུན་དངོས་མེད་སྒྱུ་བཞིན་མ་རྟོགས་ན། །གཏོང་ཕོད་ཐོད་འཛིན་དད་བརྩོན་ཡོན་ཏན་གྱིས། །བདག་རྟོགས་བཅས་པའི་དགེ་ཚོགས་ཅི་སྤྱད་ཀྱང་། །འཁོར་བའི་རྒྱུ་ཕྱིར་བདུད་ཀྱི་ལས་ཡིན་གསུངས། །དེ་བས་སྟོང་ཉིད་རྟག་ཏུ་བསྒོམས་པར་བྱ། །ཆོས་ཀུན་རང་བཞིན་འདི་འདྲར་ཡེ་གནས་པས། །བསྒོམ་ཚེ་སྟོང་པ་ཉིད་དུ་དེ་ལྟར་བརྟག །འཁོར་དང་མྱ་ངན་འདས་པའི་ཆོས་ཉིད་ནི། །འཁྲུལ་རྟོག་ཅན་ལ་ཀུན་རྫོབ་གྱི་ན་ཙམ། །ལོག་རྟོག་འདུ་ཤེས་རྟག་པའི་དབང་གིས་ནི། །སངས་རྒྱས་སེམས་ཅན་ལམ་དང་འབྲས་བུ་དང་། །དགེ་སྡིག་བདེ་སྡུག་སྣོད་བཅུད་འཇིག་རྟེན་སོགས། །བྱ་བྱེད་ནུས་དང་རྒྱུ་འབྲས་སྣ་ཚོགས་པ། །རྨི་ལམ་ཡུལ་བཞིན་མངོན་སུམ་སྣང་མོད་ཀྱིས། །དོན་དམ་གཞིག་ན་གང་ལའང་རང་བཞིན་མེད། །དངོས་པོ་སོ་སོར་སྣང་བ་ཀུན་རྫོབ་ཡིན། །སྣང་ཡང་གང་ལའང་དངོས་མེད་དོན་དམ་མོ། །ཇི་སྲིད་བསམ་བརྗོད་ཡུལ་འགྱུར་ཀུན་རྫོབ་ཡིན། །དེ་ནི་སོ་སོར་རྟོག་པ་ཤེས་རབ་ཡུལ། །དོན་དམ་བསམ་ཤིང་བརྗོད་དུ་མེད་པའི་ཕྱིར། །དེ་ནི་སེམས་ཀྱི་ཡུལ་མིན་རང་རིག་ཡུལ། །དེ་ཚེ་ཡང་ནི་འདི་ཞེས་བསྟན་དུ་མེད། །རྨི་ལམ་ཡུལ་དངོས་གཞན་ལ་བསྟན་མེད་བཞིན། །དོན་དམ་དེ་ཡང་བདག་མེད་རྣམ་གཉིས་ཡིན། ༈ །དེ་ལ་གང་ཟག་བདག་མེད་བསྟན་པར་བྱ། །གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཡི་ཕྱིར། །རྒྱུ་ནི་ལས་དང་ཉོན་མོངས་བས་གང་ནས། །འབྲས་བུ་ཕུང་པོར་ཟག་སྟེ་དེ་བདག་ནི། །སེམས་ཅན་སོ་སོ་རང་རང་ཡུལ་འདི་ལ། །ང་དང་བདག་ཏུ་བཟུང་ནས་ཆགས་འགྱུར་ཏེ། །བདག་ནི་ན་དང་འཆི་བཀྲེས་གང་གིས་དོགས། །བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ། །དེ་ལ་དམིགས་ཏེ་མུ་སྟེགས་ལྟ་རྣམས་འཇུག །ངའམ་བདག་དེ་ཡོད་པ་མ་ཡིན་ནོ། །ཕུང་པོ་ལ་ནི་འཁྲུལ་ནས་བརྟགས་པ་ཡིན། །དཔེར་ན་ཐོ་ཡོར་མཐོང་བས་མི་འཁྲུལ་བཞིན། །ངའམ་བདག་ནི་ཡོད་པར་ཅིས་མངོན་ན། །མིང་ནི་བདག་མ་ཡིན་ཏེ་བཏགས་པའམ། །ལུས་ཀྱང་བདག་མ་ཡིན་ཏེ་ཤ་ཁྲག་རུས་པ་རྣམས། །འབྱུང་ཆེན་འདུས་པས་ཕྱི་རོལ་བརྩིགས་པ་འདྲ། །སེམས་ཀྱང་བདག་མིན་དངོས་པོ་མིན་ཕྱིར་རོ། །ཆོས་ལ་བདག་མེད་པའང་འདི་ལྟར་བརྟག །ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན། །བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་སོགས། །དེ་ཡི་བདག་པོ་ལོག་རྟོག་མཚན་མར་བཅས་པ་དག །ལྷ་མི་མཐུན་པ་ཡིན་ཏེ་དེ་མེད་དོ། །ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ། །དངོས་ནི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། །སྣང་བ་ཉིད་ན་སྟོང་པ་ཉིད་ཀྱི་ཕྱིར། །གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མི་བཏགས། །སྟོང་པ་ཉིད་ནའང་གང་ལའང་རང་བཞིན་མེད། །སྨིགས་སྒྱུ་སྣང་བ་ཉིད་ན་མེད་པ་བཞིན། །སྣང་ཡང་ངོ་བོ་ཉིད་ཀྱིས་མེད་པས་ན། །ཡོད་མེད་གང་དུའང་བསམ་ཞིང་བརྗོད་དུ་མེད། །སྣང་ཡང་རང་བཞིན་མེད་པར་ཅི་མངོན་ན། །ཡོད་མེད་དབུས་ན་གསུམ་དུ་མི་དམིགས་ཏེ། །ཡོད་པར་གྲགས་པས་འཁོར་དང་ཞི་བའི་ཆོས། །འཁོར་བའི་རང་བཞིན་ཡུལ་དང་སེམས་ཉིད་ཡིན། །ཡུལ་ནི་སྟོང་པ་ཉིད་དུ་འདི་ལྟར་བརྟག །ཕྱི་ནང་སྣོད་བཅུད་འཇིག་རྟེན་རང་བཞིན་ནི། །འདི་བཞིན་ཡེ་ནས་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་བཞིན་ཡེ་ནས་ཡོང་བདེན་ན། །ཉོན་མོངས་སྤང་ཞིང་བྱང་ཆུབ་སྒྲུབ་ཏུ་མེད། །ཀུན་གྱིས་བདེན་མཐོང་ཟིན་པས་འབྲས་ཐོབ་སྟེ། །སྐྱེ་རྒས་ན་འཆི་ལ་སོགས་མེད་པའི་རིགས། །འདི་བཞིན་ཡེ་ནས་མེད་པར་ཅིས་མངོན་ན། །རེག་སྣང་རྡུལ་བཤིག་རྡུལ་ཡང་ཆས་བཤིག་མེད། །དེ་བས་དངོས་ནི་སེམས་ཡིན་རྨི་ལམ་བཞིན། །དངོས་འདི་སེམས་ཉིད་ཡིན་པར་ཅིས་མངོན་ན། །གལ་ཏེ་སེམས་མིན་ལོགས་སུ་དངོས་ཡོད་ན། །ཆུ་ལ་ལྷ་དང་ཡི་དྭགས་ཉ་སོགས་ཀྱིས། །རིན་ཆེན་རྣག་ཁྲག་ཁྱིམ་སོགས་མཐོང་མི་རིགས། །དངོས་པོ་འདི་ལ་རྣལ་འབྱོར་པ་རྣམས་ཀྱིས། །ཟད་པར་བརྒྱད་དང་ཀེང་རུས་སོགས་བསྒོམས་ཚེ། །ཏིང་འཛིན་གོམས་ཀྱང་དེ་བཞིན་མཐོང་མི་རིགས། །སེམས་ཉིད་ཡུལ་འདིར་ཇི་ལྟར་སྣང་ཞེ་ན། །སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ལ། །དེ་ཡི་མཚན་ཉིད་རྣམ་རྟོག་སྤྲིན་བཞིན་སྣང་། །རང་བཞིན་མི་འགྱུར་ཙམ་ཉིད་ཅིར་ཡང་རྟོག །རང་གིས་རང་སྒྲིབ་རྒྱ་མཚོའི་ལྦུ་སོགས་བཞིན། །སེམས་ཀྱི་རྣམ་རྟོག་བག་ཆགས་མཐུ་བརྟས་ཚེ། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མིན། །རྣམ་རྟོག་བག་ཆགས་སྣོད་བཅུད་གཉིས་སུ་སྣང་། །དཔེར་ན་མིག་གི་རབ་རིབ་རྐྱེན་ཉིད་ནི། །སྐྲ་ཤད་འཇིངས་དང་ཟླ་བ་གཉིས་སྣང་ཞིང་། །དེ་བས་ལུས་འདི་གཞན་དབང་སེམས་ཉིད་ཡིན། །དེ་ལས་དམིགས་ཏེ་རྣམ་ཤེས་འབྱུང་བའི་ཕྱིར། །ཡུལ་སེམས་གཉིས་ཀྱང་རྟེན་འབྲེལ་སྒྱུ་མ་བཞིན། །དེ་ལྟར་ཡུལ་འདི་སེམས་ཉིད་ཡིན་པ་ལ། །དེ་ལས་འཁྲུལ་ནས་གཞན་དུ་མཚན་མར་བཟུང་། །ཐག་བུ་སྦྲུལ་དུ་མཐོང་ནས་སྦྲུལ་ལྟ་བཞིན། །མཚན་མ་དེ་ཡང་དངོས་སུ་གང་ཞེ་ན། །དངོས་པོ་སོ་སོར་མངོན་སུམ་ཡོན་སྣང་བའི། །སངས་རྒྱས་སེམས་ཅན་བདག་གཞན་བཟང་ངན་དང་། །རྩི་ཤིང་ནགས་ཚལ་ཡུལ་མཁར་ཁང་ཁྱིམ་སོགས། །མདོར་ན་སེམས་ཅན་ཀུན་ལ་མངོན་སུམ་པའི། །རྣམ་ཤེས་དྲུག་གི་ཡུལ་འདི་ཐམས་ཅད་ཡིན། །དེ་ནི་བཏགས་པ་ཙམ་ཡིན་གཏན་མེད་དོ། །མེད་ཀྱང་རང་ཉིད་དེ་ལ་སྤྱོད་བྱེད་དེ། །དེ་བས་བྱིས་པ་མཚན་མར་འཛིན་པ་རྣམས། །འཇིག་རྟེན་འདི་ན་མེད་པའི་ཆོས་ལ་སྤྱོད། །དཔེར་ན་སྨིག་སྒྱུ་སྣང་བ་ཆུར་འཛིན་དང་། །མིག་སྐྱོན་སྣང་ལ་སྐྲ་ཟླ་དངོས་འཛིན་དང་། །རྨི་ལམ་ཡུལ་ལ་ཡོང་བཟུང་རང་སྤྱོད་བཞིན། །དེ་ནས་ཀུན་བརྟགས་སོ་སོ་སྐྱེ་བོའི་ཡུལ། །སེམས་ཉིད་ཡུལ་སྣང་དག་པ་འཇིག་རྟེན་ཡུལ། །གཉིད་སད་པ་ན་རྨི་ལམ་ཡུལ་མེད་བཞིན། །ཕྱི་ནང་དངོས་པོར་སྣང་བའི་ཡུལ་འདི་ཡང་། །མ་རིག་གཉིད་སད་མེད་པ་མཐོང་ན་མེད། །དེ་བས་ཡུལ་སེམས་རང་གི་རྟོག་པ་ཡིན། །ཡང་ན་མི་རྟོག་ལྷུན་གྲུབ་སངས་རྒྱས་ཀྱིས། །དངོས་གཅིག་མ་གཟིགས་ཕྱིར་ཡང་ཡུལ་མེད་དོ། །རྣམ་རྟོག་བདག་ཏུ་འཛིན་དང་བཅས་པ་ཡི། །རྟོག་པའི་སེམས་ཀྱང་ཁ་དོག་དབྱིབས་དང་ནི། །ཕོ་མོ་ལ་སོགས་དངོས་པོར་མ་གྲུབ་མེད། །ཡང་ན་སྐད་ཅིག་མ་སྟེ་རང་བཞིན་མེད། །ཡང་ན་ཡུལ་མེད་པས་ན་སེམས་མེད་དོ། །ཡང་ན་རྟེན་འབྲེལ་ཡིན་ཕྱིར་སྐྱེ་བ་མེད། །དེ་བས་འཁོར་བ་སྟོང་ཞིང་བདག་མེད་པའོ། །འཁོར་བ་མེད་པས་མྱ་ངན་འདས་པའང་མེད། །མྱ་ངན་འདས་པའི་མཐར་ཐུག་སངས་རྒྱས་ཡིན། །དེ་ཡི་ཆོས་སྐུ་དབྱིངས་དང་ཡེ་ཤེས་ཡིན། །དེ་གཉིས་ལ་ཡང་དངོས་མེད་ཐ་སྙད་ཙམ། །གཟུགས་སྐུ་རྣམ་གཉིས་ཡེ་ཤེས་གཟུགས་བརྙན་ཡིན། །ཡེ་ཤེས་མེད་པས་གཟུགས་བརྙན་ག་ལ་ཡོད། །ཡང་ན་གཟུགས་བརྙན་ཡིན་ཕྱིན་དངོས་མེད་པས། །སངས་རྒྱས་མེད་དེ་མིང་ཙམ་མིང་ཡང་མེད། །མདོར་ན་འཁོར་དང་མྱ་ངན་འདས་པའི་ཆོས། །རང་བཞིན་སྒྱུ་མ་ཙམ་དུའང་མེད་པའི་ཕྱིར། །ཅི་སྣང་ཅི་སྲིད་ཆོས་ཉིད་སྟོང་པ་ཡིན། །ཆོས་ཉིད་དེ་ལ་བྱང་ཆུབ་ཅེས་བྱ་བས། །བྱང་ཆུབ་བྱ་དང་བྱེད་པ་མི་དམིགས་ཕྱིར། །སངས་རྒྱས་བྱང་ཆུབ་ཐ་སྙད་ཙམ་སྟེ་མེད། །ཡོད་མེད་གཉིས་ནི་ལྟོས་པའི་ཆོས་ཡིན་པས། །ཡོད་པར་མ་གྲུབ་པས་ན་མེད་པའང་མེད། །ཆོས་ཅན་མེད་ཕྱིར་ཆོས་ཉིད་སྟོང་པའང་མེད། །མཐའ་གཉིས་མེད་ཕྱིར་དབུས་ཀྱང་མི་འགྲུབ་སྟེ། །ཆོས་ཉིད་བསམ་ཞིང་བརྗོད་དུ་མེད་པ་ལ། །དབུས་སུ་བཏགས་ན་མཐའ་བཞི་སྐྱོན་དུ་འགྱུར། །དེ་ཕྱིར་ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ལྷོ་སྤྲིན་སྣང་ཞིང་ཅི་ཡང་མེད་པ་བཞིན། །ཆོས་ཀུན་སྣང་ཞིང་གང་ལའང་དངོས་མེད་པར། །སྣང་བ་ཉིད་ན་དངོས་པོ་སྣང་མེད་དེ། །ཡོད་མེད་དབུས་དང་གསུམ་དུ་མ་གྲུབ་ཕྱིར། །ཅི་ཡང་མེད་པས་ཅི་ཡང་བསམ་དུ་མེད། །མཐོང་ཐོས་ལ་སོགས་ཐ་སྙད་རྣམས་དང་བྲལ། །སེམས་དང་སེམས་བྱུང་ཤེས་པའི་ཡུལ་ལས་འདས། །མངོན་སུམ་ལ་སོགས་ཚད་མས་གཞལ་དུ་མེད། །དེ་བས་རྒྱལ་བས་ཆོས་གཅིག་མ་གཟིགས་ཕྱིར། །ཚིག་གཅིག་ཙམ་གྱི་ཆོས་ཀྱང་བཤད་པ་མེད། །གདུལ་བྱའི་རྟོག་པས་སྡེ་སྣོད་བཤད་པར་སྣང་། །སོ་སོར་ཡོད་ན་ཅི་ཡང་ཡིན་པའི་ཕྱིར། །བསམ་པའི་ཡུལ་དུ་གྱུར་ནའང་དེ་མིན་པས། །བསམ་བརྗོད་ཡུལ་འདི་བརྟགས་ཙམ་འཁྲུལ་པ་ཡིན། །དེ་བས་ཆོས་ཀུན་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་མིང་ཙམ་མཚན་ཉིད་ཅི་ཡང་མེད། །དེ་བས་ཐམས་ཅད་ཡེ་ནས་སྟོང་ཉིད་ཕྱིར། །ཉོན་མོངས་སྤངས་མེད་བྱང་ཆུབ་སྒྲུབ་མེད་དེ། །བྱང་ཆུབ་ཐོབ་དང་རེ་དོགས་སྤངས་བླངས་དང་། །རྣམ་ཐར་གསུམ་དང་ལམ་དང་གཉེན་པོའང་མེད། །དོན་དམ་བདེན་པ་ཉིད་ཀྱང་དངོས་མེད་པས། །དོན་དམ་རྣམ་གྲངས་སྐྱེ་འགགས་མེད་སོགས་དང་། །སྟོང་ཉིད་བསྒོམ་པའང་ཐ་སྙད་ཙམ་ཡིན་ཕྱིར། །བསྒོམ་པའི་ཡུལ་མེད་སྒོམ་མེད་སེམས་ཀྱང་མེད། །བསྒོམ་རྒྱུ་མེད་ཕྱིར་མི་སྒོམ་བཞག་མེད་དེ། །ལུས་སེམས་ཆོས་སོགས་སྐྱོན་ཡོན་མི་དམིགས་ཕྱིར། །དམིགས་བྱ་དམིགས་བྱེད་མི་དམིགས་ནམ་མཁའ་བཞིན། །དོན་འདི་རྟོགས་པར་འདོད་པའི་རྣལ་འབྱོར་པས། །མཉན་བསམ་གསུམ་གྱི་སྒོ་ནས་རྟོགས་ནས་བྱ། །དེ་གསུམ་ཡུལ་ཡང་མིང་དང་གཉིས་ཀ་དང་། །དོན་ཉིད་ཡིན་པས་བསམ་སྒོམ་རྣམ་གཉིས་ཀྱིས། །ལུང་དང་མན་ངག་བསྟེན་ནས་རིགས་པས་ཀྱང་། །ཆོས་ཀུན་བདག་མེད་ཡིན་པའི་གཏན་ཚིགས་ནི། །གོང་དུ་སོ་སོར་ཕྱེ་ཞིང་བསྟན་པ་བཞིན། །དངོས་ཀུན་གཞིག་ཅིང་ཡང་དང་ཡང་དཔྱད་ན། །ཚིག་ཙམ་མ་ཡིན་བློ་རྟིང་གོ་བར་འགྱུར། །གོ་བའི་ཚེ་ན་རིག་པ་འདི་ལྟར་སྐྱེ། །ཅི་ཡང་མིན་པས་བརྟགས་པ་བཞིན་སྣང་ཞིང་། །སེམས་ཅན་རྣམས་ཀྱི་མངོན་སུམ་གྱུར་པ་ཡིན། །སངས་རྒྱས་སེམས་ཅན་ལ་སོགས་མཚན་མ་རྣམས། །རྨི་ལམ་ཡུལ་བཞིན་རྟོག་པ་ཙམ་ཡིན་པས། །སྒྱུ་མ་ཤེས་པས་ཅི་ཡང་མཐོང་མེད་བཞིན། །སྣང་ཡང་ཅི་ཡང་མི་མཐོང་རིག་པ་སྐྱེ། །རིག་པ་དེ་ཡང་རང་གི་ཙམ་དུ་ཟད། །དེ་ཚེ་དངོས་ཀུན་ཅི་ཡང་མིན་པར་མཐོང་། །ཅི་ཡང་མིན་ལའང་བསམ་པའི་ཡུལ་མེད་པས། །དེ་བས་བསམ་བརྗོད་མི་འཇུག་མཐོང་སྣང་མེད། །བརྗོད་མེད་ངང་ཙམ་དུ་ཡང་མི་མཐོང་བས། །སེམས་ལ་མྱོང་རེག་དགའ་སྡུག་མེད་པར་འགྱུར། །སེམས་ཀྱང་དངོས་མེད་ནམ་མཁའ་བཞིན་མཐོང་བས། །ནམ་མཁའ་བཞིན་དུ་ཅི་ལའང་མི་གནས་སོ། །དེ་ཚེ་བླང་དོར་མི་མཐོང་རྟོག་སྐྱེ་སྟེ། །འཕགས་དང་སེམས་ཅན་བདག་གཞན་བཟང་ངན་དང་། །དགེ་སྡིག་བདེ་སྡུག་གཙང་དམེ་སྤངས་བླང་སོགས། །གཉིས་པར་སྣང་ཀུན་གཉིས་སུ་མེད་རྟོགས་པས། །སོ་སོར་མཐོང་དམིགས་འདུ་ཤེས་མི་འཇུག་གོ། །དེ་ཕྱིར་ཐམས་ཅད་གཉིས་མེད་མཉམ་པར་མཐོང་། །དེ་ལྟར་རྟོགས་ན་ཆོས་སྐུ་མཐོང་བ་ཡིན། །བདེ་གཤེགས་རྣམས་དང་ཡུལ་གཅིག་སྤྱོད་ཕྱིར་རོ། །འཕགས་དང་རྣལ་འབྱོར་རྟོགས་པའི་ཁྱད་པར་ནི། །རྣལ་འབྱོར་པ་ལ་ཇི་སྲིད་མཉམ་བཞག་ཙམ། །བྱང་ཆུབ་སེམས་དཔའི་རྟོགས་པ་མངོན་དུ་གྱུར། །སངས་རྒྱས་པ་ལ་རྟོགས་པ་ལྷུན་གྱིས་གྲུབ། །སངས་རྒྱས་སེམས་ཅན་རང་བཞིན་གཅིག་མོད་ཀྱི། །རྣམ་རྟོག་ཡོད་མེད་དབང་གིས་ཁྱད་ཞུགས་པས། །ཐ་ན་ཆོས་ཉིད་ངང་ལ་དམིགས་ཀྱང་རུང་། །རྣམ་རྟོག་ཐམས་ཅད་འཁོར་བའི་ཆིངས་མ་སྟེ། །མི་རྟོག་བསམ་འདས་རང་རིག་ཆོས་སྐུ་བས། །རྣམ་རྟོག་སྤང་ཞིང་རང་རིག་ཐོབ་བྱའི་ཕྱིར། །བསྒོམ་ཚེ་འདི་ལྟར་བསམ་ཞིང་བཞག་པར་བྱ། །སྲིད་དང་ཞི་བར་སྣང་བའི་ཆོས་འདི་ནི། །ཡོད་མེད་ལ་སོགས་གང་དུའང་མ་གྲུབ་ཕྱིར། །ཅི་ཡང་མིན་པས་ཅིར་ཡང་བསམ་དུ་མེད། །བསམ་དུ་མེད་པས་ཅི་ཡང་མི་བསམ་ཞིང་། །འབད་རྩོལ་བསྟོད་འཛིན་དམིགས་པ་ཀུན་སྤངས་ནས། །མི་གསལ་མི་རྟོག་ཙམ་ལ་མི་གསན་པར། །ལུས་སེམས་མི་སྡོམ་ཁོང་ལྷོད་གྱི་ན་ཙམ། །མི་གཡོ་གསལ་བའི་ངང་ལ་རང་བཞིན་ཏེ། །རྟོག་མེད་བཏང་སྙོམས་གནས་ལ་བརྩོན་འགྲུས་བྱ། །འཕྲལ་བྱུང་ཡུལ་རྟོག་རང་བྱུང་རང་ཞིར་བཞག །དེ་ཚེ་རྟོགས་པ་ཀུན་བྱུང་འོང་ཞེས་བྱ། །བར་བར་སེམས་ཀྱིས་སེམས་ཀྱང་ཅི་བྱེད་བརྟག །བྱིང་རྒོད་བྱུང་ན་སྤྲོ་དང་སྐྱོ་བ་སྐྱེད། །སྣང་བ་མི་འགོགས་པ་ནི་ཐབས་ཡིན་ཏེ། །སྣང་བ་མི་འཛིན་མི་གནས་ཤེས་རབ་ཡིན། །མ་གོམས་བར་དུ་མཚན་མ་སེམས་ཀྱང་སྦྱང་། །ཆོས་ཉིད་དོན་ལ་བསམ་ཞིང་གཏོང་འཛིན་བྱ། །ཡང་ན་སེམས་ཀྱིས་སེམས་ལ་བལྟ་བར་བྱ། །ཡང་ན་སྣང་ལ་རང་བཞིན་མེད་པར་ནི། །བསམ་ཞིང་གསལ་ལ་རྟོག་པ་མེད་པར་བཞག །དྲན་དང་ཤེས་བཞིན་བསྲུང་ཞིང་སྐྱོན་བྱུང་ན། །བརྩོལ་བས་ཡང་དང་ཡང་དུ་མཉམ་པར་བཞག །གློ་བུར་ཡུལ་རྟོག་བྱུང་བ་ཞིག་ཅིང་གཏང་། །དེ་ལྟར་བསྒོམས་ན་སེམས་ཉམས་རྣམ་གསུམ་བྱུང་། །དང་པོར་རི་གཟར་ཆུ་དྲག་མགྱོགས་པ་འདྲ། །གཉིས་པ་ཤིན་ཏུ་དལ་བབ་ཆུ་ཀླུང་བཞིན། །གསུམ་པ་མི་གཡོ་གསལ་བས་མཚོ་གཏིང་འདྲ། །དེ་ནི་ཞི་གནས་ལྷག་མཐོང་ཟུང་འབྲེལ་ཡིན། །བཏང་སྙོམས་གསུམ་ཡང་དེ་ཚེ་རིམ་བཞིན་འབྱུང་། །དེ་ཚེ་ལུས་སེམས་ཤིན་ཏུ་སྦྱངས་པའང་ཐོབ། །སྟོང་ཉིད་གོམས་ཚེ་རྟགས་ཀྱང་འདི་ལྟར་འབྱུང་། །དངོས་ཀུན་མཚན་མར་འཛིན་ཅིང་འབྱེད་བྱེད་དེ། །ལོག་རྟོག་འདུ་ཤེས་ཇེ་ཉུང་ཇེ་ཞིར་འགྱུར། །ཆགས་སྡང་ལ་སོགས་ཉོན་མོངས་ཇེ་ཆུང་འགྱུར། །དགེ་སྡིག་ལ་སོགས་སྤང་བླང་ཇེ་གསལ་རྟོགས། །སྙིང་རྗེ་ཕན་སེམས་ཇེ་འཕེལ་ཇེ་འཕེལ་འགྱུར། །མཐོང་སྣང་ཡུལ་ནི་སེམས་རྟོགས་བག་ཆགས་པས། །སེམས་རྟོག་ཇེ་ཕྲ་མཐོང་སྣང་མེད་པར་འགྱུར། །མངོན་ཤེས་ལ་སོགས་ཡོན་ཏན་རིམ་གྱིས་འབྱུང་། །མ་བྱུང་བར་དུའང་བརྟགས་དང་ཅི་མཐུན་བྱ། །མཉམ་པར་བཞག་ལ་ལྡང་ཚེའང་འདི་ལྟར་དཔྱད། །ཆོས་སྐུ་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །རྨི་ལམ་གཉིས་ན་རྒྱུ་འབྲས་མི་བསླུ་བཞིན། །འཁྲུལ་རྟོག་མ་ཟད་བར་དུ་ལས་ཡོད་པས། །དགེ་སྡིག་ལས་ལ་རྟག་ཏུ་སྤང་བླང་བྱ། །སྡིག་བྱས་བཤགས་དང་མི་དགེ་སེམས་ཀྱིས་སྦྱངས། །མཉམ་པ་གདེང་དུ་གྱུར་ན་རྟོགས་དང་སྦྱར། །དངོས་ཀུན་དངོས་མེད་སྒྱུ་མ་བཞིན་དུ་ལྟ། །དགེ་སྤྱོད་ཐམས་ཅད་མི་དམིགས་བཞིན་དུ་སྤྱད། །དྲན་དང་ཤེས་བཞིན་བསྒོམ་ཞིང་ཅི་ཟིན་བྱ། །འདུས་བྱས་དགེ་རྩ་མི་འགལ་ནུས་ཚད་བྱ། །ཉོན་མོངས་སྐྱེས་ན་གཉེན་པོར་སྟོང་ཉིད་བསྒོམ། །དགོན་པས་སྐྱོ་ན་མི་རྟག་སྡུག་བསྔལ་བསམ། །དུས་གསུམ་འཕགས་པ་མངོན་སུམ་བཞུགས་པས་ན། །ཡན་ལག་བདུན་པ་རྩེ་གཅིག་སེམས་ཀྱིས་བྱ། །དགེ་རྩ་ཅི་བྱས་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་རྣམས་ལ་སྙིང་རྗེའི་ཕན་སེམས་བསྐྱེད། །ཁྲོ་གཉེར་ངོ་གནག་སྤངས་ལ་འཛུམ་བཞིན་བྱ། །ཞི་དེས་གསོང་པོར་བྱ་ཞིང་འབྲེལ་པ་བསྐྱུང་། །བདག་ལ་མི་བསྟོད་རང་སྐྱོན་བལྟ་བར་བྱ། །སྙན་གྲགས་བདུད་ཀྱི་ལས་ཡིན་སེམས་གཡེང་བས། །མངོན་ཤེས་ཐོབ་ཀྱང་ཡོན་ཏན་མི་སྦྲག་ན། །གཟུགས་མཐོང་སྒྲ་ཐོབ་ལ་སོགས་སྨོས་ཅི་དགོས། །གྲགས་དང་གྲགས་བསྟོད་བསྟོད་སྨོད་བདེ་སྡུག་དང་། །བརྙེད་དང་མ་བརྙེད་འཇིག་རྟེན་ཆོས་བརྒྱད་པོ། །བྲག་ཆ་རྨི་ལམ་འདྲ་བར་གོ་མཉམ་བྱ། །སེམས་ཅན་རང་བཞིན་སྐྱོན་གྱིས་རང་བཞིན་པས། །བྱེད་མིན་བྱས་པས་གཞན་སྐྱོན་མི་རྟོག་གོ། །དེ་ལྟར་སྟོང་ཉིད་ཡུན་རིང་གོམས་བྱས་ལ། །ཚོགས་ཆེན་གཉིས་ཀྱང་རང་བཞིན་རྫོགས་པར་འགྱུར། །སྒྲིབ་པ་གཉིས་ཀྱང་རིམ་གྱིས་འབྱང་གྱུར་ཏེ། །རྣམ་རྟོག་བདག་འཛིན་སོས་ཁའི་ཆབ་དྲོན་འདྲ། །ཇེ་ཞི་ཇེ་ཕྲ་མི་རྟོག་དབྱིངས་སུ་འགྱུར། །མི་རྟོག་ལྷུན་གྱིས་གྲུབ་པ་ཆོས་སྐུ་ཡིན། །དེ་ཚེའང་མཐོང་བའི་ཡུལ་དང་སེམས་བྲལ་ནས། །ཡེ་ཤེས་ཆོས་ཉིད་རང་རིག་རང་ལ་གནས། །རྟོག་འཛིན་མེད་པར་ཤེས་བྱ་ངང་གིས་མཁྱེན། །མཐུ་དང་རྫུ་འཕྲུལ་ཡོན་ཏན་བསམ་མི་ཁྱབ། །དེ་ཐོབ་ནས་ནི་སྨོན་ལམ་ཐུགས་རྗེ་ཡིས། །འགྲོ་བའི་དོན་དུ་གཟུགས་སྐུ་རང་བཞིན་འབྱུང་། །དེ་ནས་སེམས་ཅན་སོ་སོའི་མོས་པ་བཞིན། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་སྟོན་བྱེད་ཅིང་། །འཁོར་བ་མ་སྟོངས་བར་དུ་གཞན་དོན་སྤྱད། །དེ་ཕྱིར་བདག་ཀྱང་དགོན་པར་འཆི་བ་ལགས། །ཡས་བདག་ཀྱང་ནི་དེ་བཞིན་དགོངས་མཛོད་ལ། །དམ་ཆོས་བསྒྲུབ་ལ་བརྩོན་འགྲུས་འབད་པར་རིགས། །འཁོར་བ་མི་རྟག་སྡུག་བསྔལ་དེ་དང་ནི། །བྱང་ཆུབ་འོ་སྐོལ་ཀུན་གྱི་ཐུན་མོང་ལགས། །སྟོན་པའི་བསྟན་པའི་གདུགས་བཞིན་ཀུན་སྙོམས་ཀྱང་། །བྱང་བལྟས་ཕུག་འདྲ་སྐྱེ་བོས་མི་རྟོགས་པས། །དེ་ཕྱིར་ཆོས་མཛད་རྣམས་ལ་ཞུ་བ་ནི། །དོ་གཅིག་མཆིས་པས་སང་ཕོད་མཆིས་པ་བཞིན། །ཚེ་འདི་མཆིས་པས་སླད་མ་མཆིས་པར་ངེས། །སང་ཕོད་ལོ་དང་སྐུ་ཚེ་སླད་མ་གཉིས། །གང་སྔར་འོང་བ་སུ་ལའང་བརྟོལ་མེད་ན། །སང་ཕོད་དོན་དུ་སོང་འམ་འབོད་པ་བཞིན། །སླད་མའི་དོན་དུ་ཅི་ཕྱིར་འབད་མི་མཛད། །མི་རྟག་སྲིན་པོས་གཟུངས་བ་མ་ཚོར་རམ། །འཆི་བར་ངེས་པས་བསོད་ནམས་མྱུར་དུ་མཛོད། །ངེས་པར་འཆི་བསམ་ལས་ཀྱིས་བསགས་པ་འགྲངས། །ཚེ་འདི་ཟིལ་པ་འདྲ་སྟེ་མེད་ལ་ཁད། །དབུགས་འདི་ན་བུན་འདྲ་སྟེ་ཡལ་ལ་ཁད། །ལུས་འདི་སྒྱུ་མ་འདྲ་སྟེ་སྣང་ལ་མེད། །སེམས་འདི་གློག་དང་འདྲ་སྟེ་སྐད་ཅིག་མ། །བུ་སྨད་ཉེ་བཞི་ལུས་དང་ལོངས་སྤྱོད་ནི། །སྡུག་ཅིང་ཕོངས་དང་མི་རྟག་འཇའ་ཚོན་འདྲ། །ཕུང་པོ་གཡར་པོ་འདྲ་བར་དགོངས་མཛོད་ལ། །དམ་ཆོས་བསྒྲུབ་ལ་ཚེ་འདིར་མ་འབད་ན། །དལ་འབྱོར་མི་ལུས་ཐོབ་པ་ཆུད་པ་ཟོས། །སླད་མར་མི་ཡི་ལུས་ཀྱང་མི་ཐོབ་ན། །བླ་མེད་བྱང་ཆུབ་འབྲས་བུ་ག་ལ་ཐོབ། །ངན་སོང་སྐྱེས་ནས་སྡུག་བསྔལ་སྐྱེས་པའི་ཚེ། །ཚེ་འདིའི་བཙན་ཕྱུག་སྙན་གྲགས་དེས་ཅི་ཕན། །སྔར་འགྲང་ད་ལྟ་བཀྲེས་ལ་མི་ཕན་བཞིན། །དམྱལ་བའི་སྡུག་བསྔལ་ཤེས་ཀྱང་མི་འཇིགས་པ། །མི་རྟག་ལུས་ལ་ཆགས་པས་སྡིག་སྤྱོད་པ། །རང་གིས་རང་བརླག་ཀྱེ་མའོ་སྙིང་རེ་རྗེ། །འཁོར་བའི་གཅོང་རོང་སྡུག་བསྔལ་གནས་འདི་ནི། །རྨོངས་པ་བདག་གིས་བརྟགས་ཀྱང་འདི་ལྟར་གདའ། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་ཉམ་རེ་ཐག །ངན་སོང་གསུམ་གྱི་སྡུག་བསྔལ་སྐྱི་རེ་གཡའ། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ཆ། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་རྒྱུན་རེ་རིང་། །དེ་ཕྱིར་བདག་དང་བདག་ལ་སྙིང་རྗེ་ན། །ཆོས་མཛད་རྣམས་ཀྱིས་དེ་ལྟར་མ་གཟིགས་སམ། །གཟིགས་ན་ཅི་ཕྱིར་ཁྱེད་སེམས་བདེ་བར་འདུག །དེ་བས་རྣམ་རྟོག་བདག་འཛིན་ཁ་མ་འཛིན། །བུ་དང་ཆུང་མ་གཉེན་བཤེས་ལ་སོགས་དང་། །ལུས་དང་ལོངས་སྤྱོད་ཀུན་ལ་ཡིད་མ་ཆགས། །མི་རྟག་སྡུག་བསྔལ་བསམ་ཞིང་འཇིགས་པ་བསྐྱེད། །མི་དགེ་སྤང་ཞིང་དགེ་སྤྱོད་ཆོས་བཞིན་མཛོད། །ཆོས་བཞིན་མེད་ན་ཆོས་པའི་མིང་ཅི་ཡོད། །ཚུལ་ཁྲིམས་མེད་ན་དགེ་སློང་ཅི་ལ་ཟེར། །དམ་ཚིག་མེད་ན་སྔགས་པ་ཅི་ལ་ཟེར། །སྡིག་ནི་ཆུང་ཡང་མི་བརྙས་སྤང་ཞིང་བཤགས། །ཆུ་ཐིག་ཉུང་བསགས་སྣོད་ཆེན་གང་བ་བཞིན། །དགེ་བ་ཆུང་ཡང་དང་དུ་བླང་ཞིང་སྤྱད། །རྡུལ་ཕྲན་བསགས་པས་སྣོད་ཀྱི་འཇིག་རྟེན་བཞིན། །ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་ཏེ། །གྲོགས་བགྱིར་མཆིས་ན་ཐུགས་རྗེ་ཆེ་མངའ་བའི། །འཕགས་པས་འགྲོ་ཀུན་དུས་གཅིག་གྲོལ་བར་རིགས། །དེ་ཕྱིར་འགྲོ་ལ་སྙིང་རྗེ་ཕན་སེམས་བསྐྱེད། །རྣམ་རྟོག་དགྲ་ཡི་གཉེན་པོར་སྟོང་ཉིད་བསྒོམ། །དགེ་བ་ཅི་མཛད་བྱང་ཆུབ་ཆེན་པོར་བསྔོས། །དེ་ལྟར་སྤྱད་ན་ཡུན་དུ་བདེ་བར་འགྱུར། །ཡུན་དུ་བདེ་བའི་ཆོས་དོན་མ་རྟོགས་ན། །སྐྲ་དཀར་སྐྱེས་ཤིང་གཉེར་མའི་ཚོགས་འདུས་ཀྱང་། །བྱིས་པ་ཤེད་མ་བྱེད་དང་འདྲ་བས་ན། །དོན་ལ་མཁས་པས་བརྟག་ན་སྙིང་རེ་རྗེ། །དེ་བས་དམ་ཆོས་གཞུང་བཞིན་སྤྱད་པར་རིགས། །སླད་མ་ཉན་བཤད་མཛད་ལ་ཞུ་བ་ནི། །ཆོས་ཀྱིས་བདག་བཤད་བདག་གིས་ཆོས་མ་བཤད། །དོན་རྟོགས་བྱ་ཕྱིར་དང་པོར་ཉན་ཀྱང་དགོས། །ངེས་པ་སྙེད་ནས་ཚིག་མང་བསླབ་མི་དགོས། །ཚིག་མི་ཟད་ཕྱིར་ཉན་པས་མཐར་ཕྱིན་མེད། །ཆོས་ཀྱང་ཤེས་པས་མི་ཆོག་སྒྲུབ་པ་གཅེས། །ལམ་རྒྱུད་ཤེས་ཀྱང་མི་འགྲོ་ཤེས་ཅི་ཕན། །ཉན་བཤད་དགོས་པས་སྒྲུབ་ཐབས་བཙལ་ཕྱིར་ཡིན། །མི་སྒྲུབ་མཉན་བཤད་དོན་ཆུང་ཡི་རེ་ཆད། །བྲོ་མཁན་བསྒྲུང་མཁན་བྲོ་བསྲུང་འཆད་པ་བཞིན། །དེ་ནི་མི་ནག་ཆོས་ཀྱི་ལོ་རྒྱུས་མཁན། །བསྒྲུབ་ཐབས་མཆོག་ནི་སྟོང་ཉིད་བསྒོམ་པ་ཡིན། །སྟོང་ཉིད་བསྒོམས་པས་གོ་འཕང་གཅོད་མཐོང་ན། །ཐོས་མང་ཚིག་ལ་མཁས་པ་དེ་ཚོ་འདྲ། །བསྒྲུབ་པའི་ལམ་བསྟན་ལྟ་བུའི་འབྲས་བུ་ཐོབ། །མ་སྒྲུབས་ཀུན་དགའ་བོས་ཀྱང་མ་ཐོབ་བཞིན། །ཤེས་ཙམ་ཕན་མེད་གཞུང་ལས་འདི་སྐད་འབྱུང་། །གལ་ཏེ་མང་དུ་ཐོས་པས་དེ་རྒྱགས་ཤིང་། །ཐོས་པས་རྒྱགས་ནས་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །ཐོས་པ་མང་པོས་དེ་ལ་སྐྱོབ་མི་ནུས། །གཞན་ཡང་ཆོས་ཤེས་ང་རྒྱལ་གྲགས་པ་ཡིས། །དམྱལ་བར་སྐྱེས་ནས་བྱ་ངང་དགགས་བརྒྱད་སྐྱེ། །གཞན་ཡང་ཤེས་རབ་མ་སྒྲུབ་འདི་འདྲ་གསུང་། །རྒྱ་མཚོའི་ནང་དུ་སྐམ་ནས་འཆི་བ་དང་། །གཞན་ཡང་སྦྱིན་གཏོང་བདག་ཉིད་ལྟོག་ཤི་དང་། མི་བཀྲེན་ཁ་གཡོས་མཁན་དང་ནད་པ་རྣམས། །སྨན་གཏོང་མི་ནུས་ཕན་ཚུན་སྨན་སློབ་དང་། །གླ་མིས་གཞན་གྱི་ནོར་བགྲངས་འདྲ་ཞེས་གསུངས། །གཞན་ཡང་ཁེ་ཕྱིར་གཞན་ལ་ཆོས་འཆད་པ། །རིན་ཆེན་སྙེད་ཀྱང་སྤང་བ་འདྲ་ཞེས་གསུངས། །དེ་ཕྱིར་དོན་ལ་དཔྱོད་སེམས་ཚིག་ཕྱིར་མིན། །ཚིག་འདི་དོན་མིན་དོན་ནི་དངོས་འདི་ཡིན། །དོན་ནི་གསེར་འདྲ་ཚིག་ནི་སྒྲོན་མ་བཞིན། །གསེར་སྙེད་ནས་ནི་སྒྲོན་མས་ཅི་ཞིག་བྱ། །དོན་ལ་དཔྱད་ཅིང་བསམ་ན་རང་རིག་སྐྱེ། །ཚིག་གི་ཉན་བཤད་བསྐལ་པར་བྱས་ཀྱང་ནི། །རང་རིག་མེད་དེ་ཉོན་མོངས་འཕེལ་བའི་རྒྱུ། །དེ་ཕྱིར་དོན་ལ་མཁས་པས་མཁས་པ་ཡིན། །ཚིག་ལ་མཁས་པས་མཁས་པ་མ་ཡིན་ཏེ། །དེ་ཕྱིར་ཕྱི་ནང་དངོས་འདི་བཤིག་ཅིང་དཔྱོད། །འོན་ཀྱང་ཚིག་མིན་བློ་རྟིང་རང་རིག་འབྱུང་། །ཁ་ཅིག་དེང་སང་སྒྲུབ་པའི་དུས་ཀྱང་མིན། །གང་ཟག་གིས་ཀྱང་དེ་མི་རྟོགས་ཟེར་བ། །རང་ལ་སྤགས་ནས་བཀའ་ལ་སྐུར་འདེབས་ཡིན། །སྐལ་ལྡན་བཟང་ངན་མེད་པར་རྟོགས་པར་སྣང་། །སྡེ་སྣོད་གསུམ་པོ་འཆད་ཀྱང་སྐལ་མེད་ན། །ཐ་སྙད་འཆད་ཀྱིས་སྟོང་ཉིད་དོན་མི་རྟོགས། །ཐེག་པ་དགུ་ཡང་གང་ཟག་མོས་དབང་དང་། །སྙིང་རྗེ་ཤེས་རབ་ཆེ་ཆུང་དབང་གསུངས་པས། །བསྒྲུབ་པ་པོས་ཀྱང་རང་གི་ཉམས་སྦྱར་ལ། །གང་ལྕོགས་པ་ཡི་སྒོ་ནས་འཇུག་པར་བྱ། །རང་གིས་མི་ལྕོགས་བཞིན་དུ་གོང་གི་ཆེ་ལ་རེ་ནས་གོང་མ་ཁས་ལེན་པ། །ཐང་སྟོང་སྡིག་པ་རང་གིས་ཁས་ལེན་པས་དམྱལ་བར་སྐྱེ་ཞེས་གཞུང་ལས་འབྱུང་། །ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། །བདག་དང་སངས་རྒྱས་དབྱེར་མེད་རྟོགས་པ་ཤེས་རབ་ཡིན། །སེམས་ཅན་ཀུན་ལ་བུ་བཞིན་བྱམས་པ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། །གང་ཞིག་དེ་གཉིས་མི་ལྡན་ཐེག་ཆེན་ཁས་འཆེས་པ། །ལོང་སྤྲང་ང་ཉིད་རྒྱལ་པོ་ཡིན་ཞེས་ཟེར་བ་བཞིན་དུ་བརྫུན། །དེ་བས་གོང་མ་ཁས་བླངས་པས་ནི་རང་གི་གཞུང་བཞིན་ཤིན་ཏུ་འབད་པར་རིགས། །ཁས་ལེན་མི་ནུས་པས་ཀྱང་མོས་དང་སྨོན་སེམས་བསྐྱེད་བྱའི་བསྐུར་མི་གདབ། །གསང་སྔགས་སྐྱེ་ས་གཉིས་ནི་རྡོ་རྗེ་དམྱལ་དང་སངས་རྒྱས་ས་ཡིན་གཞན་ནི་མེད། །ལྟ་སྤྱོད་དམ་ཚིག་ལྡན་ཞིང་བསྒྲུབ་པ་ལ་ཤིན་ཏུ་བརྩོན་པར་སངས་རྒྱས་སར་འགྲོ་གསུང་། །དེ་གསུམ་མི་ལྡན་སྒྲུབ་ལ་གཡེལ་ཞིང་སྤྱོད་པ་འདོད་ཕྱོགས་ཙམ་སྤྱོད་དམྱལ་བར་སྐྱེ། །དེ་བས་གསང་སྔགས་སྤྱོད་པས་པང་དུ་སྦྲུལ་འོག་བཞིན་དུ་ཤིན་ཏུ་འབད་པར་རིགས། །བདེ་གཤེགས་སྤྱོད་ཡུལ་བསམ་འདས་ཟབ་མོའི་དོན་ལ་སྤྱོད་པ་དང་། །རྒྱལ་སྲས་བསྐུལ་བར་བདག་འདྲ་རྨོངས་པ་བསྐུལ་བར་མ་འོས་ཀྱང་། །བདག་བས་རྨངས་པ་འགའ་ལ་ཕན་གྲང་སྙམ་ནས་ཆོས་འདི་བགྱིས། །ནོངས་གྱུར་ཅི་མཆིས་འཕགས་དང་མཁས་པ་རྣམས་ལ་བཟོད་པར་གསོལ། །དགེ་རྩ་འདིས་ནི་ཀུན་གྱིས་གཞུང་བཞིན་བསྒྲུབས་ནས་ཞི་བདེ་ཐོབ་པར་ཤོག །ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ་རྫོགས་སོ།། །།


previousཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ།next