Nitartha Digital Library
Tibetan
 
previousསྔ་འགྱུར་རྙིང་ལུགས་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་། རྒྱལ་སྲས་གཞན་ཕན་མཐའ་ཡས།no next

སྔ་འགྱུར་རྙིང་ལུགས་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་། རྒྱལ་སྲས་གཞན་ཕན་མཐའ་ཡས།

སྔ་འགྱུར་རྙིང་ལུགས་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་ངོ་བོ་དབྱེར་མ་མཆིས་པ་མཉམ་མེད་བླ་མ་མཆོག་གི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་གྱི་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཅིག་པུར་འདུ་བ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ལ་བརྟགས་པའི་ལེའུ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དང་གཞན་དཔག་ཏུ་མེད་པ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེས་ན། འདི་ལྟ་སྟེ་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་། གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཞེས་དང་། མདོ་སྡེ་བསྐལ་པ་བཟང་པོ་ལས། གང་དག་བྱང་ཆུབ་མཆོག་རབ་སེམས་ཡོད་པ། །དེ་དང་དེ་དག་མི་དམན་མཚུངས་མེད་སྤྱོད། །དེ་དག་དེ་རིང་འཇིག་རྟེན་ནོར་ཆེན་རྙེད། །དེ་དག་འཇིག་རྟེན་ལེགས་པ་འཚོ་བས་འཚོ། །བདུད་རྣམས་བཅོམ་སྟེ་བདུད་རྩི་རེག་བྱས་ནས། །ཆར་སྤྲིན་ལྷུན་སྡུག་ལྟ་བུར་ཚིམ་པར་བྱེད། །གང་དེ་བྱང་ཆུབ་ལམ་ཞུགས་འཇིག་རྟེན་སྐྱོབས། །དེ་དག་ནོར་བདུན་དག་གིས་སྡུད་པར་བྱེད། །གལ་ཏེ་སྡུག་བསྔལ་བརྒྱ་མང་བཟོད་བྱེད་པ། །དེ་བས་བྱང་ཆུབ་གང་ཞུགས་སྐྱོ་མི་འགྱུར། །དེ་ཡིས་ཡོན་ཏན་དེ་དག་མྱུར་ཐོབ་ལ། །འཇིག་རྟེན་ཀུན་གྱི་མཆོག་མ་དག་ཏུའང་འགྱུར། །ཞེས་སོགས་མདོ་སྡེ་དུ་མ་ལས་མང་དུ་གསུངས་ཏེ། དེ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཅིག་པུ་ཡོད་ན་དཀོན་མཆོག་གསུམ་གྱི་གདུངས་རྒྱུན་མི་འཆད་པར་འགྱུར་བ་ཡང་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་ཆོས་སྣང་བའི་སྒོ་སྟེ་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་འགྱུར་རོ། །ཞེས་གསུངས་ཤིང་དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བགྲོད་པ་གཅིག་པ་ཡིན་པའི་ཚུལ་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམས་གྲངས་ཀྱི་ལེའུ་ལས། གཞན་ཡང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མགོ་གཅིག་པ་སྟེ་དེ་ནི་ལམ་བགྲོད་པ་གཅིག་པའོ། །འདི་ལྟར་སྟེ་བྱང་ཆུབ་སེམས་གཅིག་པུ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྲོགས་མེད་པར་ཤིན་ཏུ་བརྩོན་པའི་སྟོབས་ཀྱི་མཐུ་ཡོངས་སུ་བཟུང་བའི་བསམ་པས་གོ་ཆ་བགོས་པ་སྟེ། གཞན་གྱི་མ་བསྟན་པ་གཞན་གྱི་དྲིང་མི་འཇོག་པ། བདག་ཉིད་བྱེད་པ་བདག་གི་སྟོབས་ཀྱིས་ཡང་དག་པར་འཕགས་པ་སྟེ། དེ་ལྟར་གོ་ཆ་སྲ་བ་བགོས་ནས་སེམས་ཅན་ཐམས་ཅད་ཀྱི་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང་། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མ་ཐོབ་པ་དེ་དག་བདག་གིས་ཐོབ་པར་བྱའོ། །སྦྱིན་པ་ནི་ང་ཡི་གྲོགས་མ་ཡིན་གྱི་ང་ནི་སྦྱིན་པའི་གྲོགས་པོ། ཚུལ་ཁྲིམས་ནི་ང་ཡི་གྲོགས་མ་ཡིན་གྱི། གཟོད་པ་དང་། བརྩོན་འགྲུས་དང་། བསམ་བསྟན་དང་། ཤེས་རབ་ནི་ང་ཡི་གྲོགས་མ་ཡིན་གྱི་ང་ནི་དེ་དག་གི་གྲོགས་པོ། ང་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསླང་པར་བྱ་བ་མ་ཡིན་གྱིས། ཕ་རོལ་ཏུ་ཕྱིན་པ་རྣམས་ནས་བསླང་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱས་པར་ཤེས་པར་བྱའོ། །ང་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསླང་བྱ་བ་མ་ཡིན་གྱིས། དགེ་བའི་རྩ་བ་ཐམས་ཅད་ངས་བསླང་བར་བྱའོ། །ཞེས་དེ་ལྟ་བུའི་ཆོས་རྣམས་ལ་གྲོགས་མེད་ཅིང་ང་གཅིག་པུ་གཉིས་སུ་མེད་པར་རྡོ་རྗེའི་གདན་ལ་འདུག་ནས་བདུད་སྟོབས་དང་བཅས་པ་བཏུལ་ཏེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་ལ་ངེས་པར་རྟོག་པའི་བསམ་པའི་སྦྱོར་བ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ཞེས་བྱ་སྟེ། དེ་ལྟ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བགྲོད་པ་གཅིག་པུ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བགྲོད་པ་གཅིག་པ་ལ་མཁས་པ་སྟེ། དེ་ལྟར་ན་བྱང་ཆུབ་ཀྱི་ལམ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་རྒྱ་ཆེར་གསུངས་ཤིང་། ཚིག་འདི་དག་གིས་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་མཚན་ཉིད་གཏན་ལ་ཕབ་པ་ཡིན་ལ། གཞན་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཆོས་གཅིག །ཡང་དག་བསམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པུ་གང་ཞེ་ན། འདི་ལྟར་ཏེ་ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་སོགས་མང་དུ་གསུངས་པ་དང་མཐུན་པར་རྗོད་པ་ཆེན་པོའི་རྒྱུད་སྡེ་རྣམས་སུ་བརྗོད་བྱའི་གཙོ་བོར་བསྟན་པ་ཡིན་ནོ། །དེ་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུ་གང་ལས་སྐྱེ་ན། འདི་ལ་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། རེ་ཞིག་བདེན་བཞིའི་འཇུག་ལྡོག་ལ་དམིགས་པའི་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལས་སྐྱེས་ཏེ། དེ་ཡང་འདིར་ཚད་མེད་པ་བཞིས་རབ་ཏུ་ཕྱེ་བ་ཅན་ནོ། །དེ་སྐད་དུ་ཡང་དཀོན་མཆོག་བརྩེགས་ལས། སྙིང་རྗེ་ཆེན་པོའི་རྩ་བ་ལས་བྱུང་བའི་ཕྱིར་སེམས་ལ་ལྟ་བའོ། །ཡོངས་སུ་མི་སྐྱོ་བའི་ཕྱིར་སྙིང་རྗེ་ཆེན་པོའི་རྩ་བའོ། །ཞེས་དང་། བརྫུས་ཏེ་སྐྱེ་བ་དག་ལས་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ། །སྐྱེས་པ་དང་། རྒས་པ་དང་། ན་བ་དང་འཆི་བ་ལས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱི་འདུས་མ་བྱས་པ་ལ་དགའ་བ་དང་བཏང་སྙོམས་མ་སྒོམ་པར་བྱའོ། །འཇམ་དཔལ་དེ་ལྟ་བས་ན་རྒྱུ་ནི་ཚད་མེད་པ་བཞིན་ནོ། །དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་དེ་ལ་ནན་ཏན་དུ་ཡིད་ལ་བྱའོ། །ཞེས་ཚད་མེད་པ་བཞི་སོ་སོའི་དམིགས་པ་དང་བཅས་པ་གསལ་བར་གསུངས་སོ། །དེ་ཡང་སྐྱེ་བ་རྣམ་བཞིས་བསྡུས་པ་ཟག་པ་དང་བཅས་པའི་ཆོས་སྡུག་བསྔལ་ཀུན་འབྱུང་གི་ཕྱོགས་དག་ནི་བྱམས་པ་དང་སྙིང་རྗེ་དག་གི་དམིགས་པར་བཤད་ལ། ཟག་མེད་ཀྱི་ཆོས་སྤྱི་དང་འགོག་ལམ་གྱི་བདེན་པའི་ཕྱོགས་དག་ནི་དགའ་བ་དང་བཏང་སྙོམས་དག་གི་དམིགས་པར་འདིར་རེ་ཞིག་བཤད་དོ། །དེ་ལྟར་ན་བདེན་པ་བཞིའི་དང་པོ་སྡུག་བདེན་གྱི་མཚན་ཉིད་མི་རྟག་པ་སོགས་བཞིའི་དང་པོ་སྒོམ་པ་ལ་ཡང་། རྙིང་ལུགས་མན་ངག་ལས་ས་བཅད་བདུན་དུ་བྱས་ནས་བསྒོམས་པར་བཤད་ཀྱང་། འདིར་རེ་ཞིག་གནས་སྐབས་ཚེ་སྲོག་མི་རྟག་པའི་རང་བཞིན་ལ་བསམ་ནས་ཚེ་འདི་སྒྲུབ་པའི་བློ་སྣ་ལྡོག་ཐབས་ལ་འབད་དེ་དང་། མཐར་ཐུག་འདུས་བྱས་ཐམས་ཅད་མི་རྟག་པ་ལ་བསམ་ནས་འཁོར་བ་མཐའ་དག་ལས་ཡིད་འབྱུང་བར་བཤད་པ་སྟེ་གཉིས་སུ་འདུ་ཞིང་། དེ་ལྟ་བུའི་ཐབས་དེ་དག་ཀྱང་བླ་མ་དགེ་བའི་བཤེས་གཉེན་གྱི། གདམ་ངག་ཁོ་ན་ལས་འབྱུང་ཕྱིར་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་གལ་ཆེ་ལ། ཚུལ་དེ་ཡང་ཕལ་ཆེར་དལ་བའི་རྟེན་འབའ་ཞིག་ལས་འབྱུང་བའི་ཕྱིར་རང་ཉིད་ལེགས་སུ་འདོད་པའི་སྐྱེ་བོ་དག་གིས་དག་པོ་ཉིད་དུ་འཁོར་བ་སྤྱི་དང་བྱེ་བྲག་མི་ཁོམས་པའི་རང་བཞིན་ལ་བསམ་ནས། དེ་ལས་ཐར་པ་དལ་བའི་ངོ་བོ་དང་འབྱོར་བའི་ཁྱད་པར་དག་ཤིན་ཏུ་རྙེད་པར་དཀའ་བའི་དཔེ་དོན་ལ་བསམ་སྟེ་རང་ཉིད་ཀྱིས་ཐོབ་པའི་རྟེན་ལ་ཡིད་བཞིན་ནོར་བུ་རྙེད་པ་ལྟ་བུ་སྤྲོ་དགའ་མཆོག་ཏུ་བསྐྱེད་ནས་ད་རེས་ཀྱི་རྟེན་འདི་ལ་ཚེ་འདི་དང་གཏན་གྱི་དོན་འགྲུབ་པ་ཞིག་ཅི་ནས་ཀྱང་བྱ། དེ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པར་གདའ་བས་ན། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་བཙལ་ནས་ཅི་གསུངས་བཀའ་བཞིན་དུ་བསྒྲུབ་ཅིང་བརྟེན་པར་བྱའོ་སྙམ་པ་སྟེ་འདིའི་ཚུལ་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ས་བཅད་བརྒྱད་ཀྱིས་རྟོགས་པར་བྱའོ། །དེའི་རྗེས་སུ་བླ་མའི་གདམ་ངག་དང་པོ་ཚེ་འདི་མི་རྟག་པའི་ཚུལ་དུ་ཐབས་དུ་མས་བསྒོམ་ཞིང་རྗེས་སུ་དྲན་པ་དྲུག་ཡིད་ལ་བྱ་སྟེ། དེ་ཡང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་སྐྱབས་འགྲོ་ལ་འབད་པ་དང་། འཇིག་རྟེན་འཇིག་རྟེན་ལས་འདས་པའི་ལྷའི་བདེ་བ་རྗེས་སུ་དྲན་ཞིང་། དེའི་རྒྱུ་གཏོང་བ་དང་ཚུལ་ཁྲིམས་རྗེས་སུ་དྲན་པས་བསོད་ནམས་བྱ་བའི་དངོས་པོ་བདུན་སོགས་སྦྱིན་པ་ལ་བརྩོན་པ་དང་། ཕྱི་རོལ་པས་སྒྲོ་བཏགས་པའི་བྱེད་པོ་བདག་ལ་སོགས་པ་རྣམ་པར་གསལ་བའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ངེས་པ་དྲངས་ཏེ། མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་བསྲུང་བ་དང་བསམ་གཟུགས་བརྒྱད་ཀྱི་ཏིང་ངེ་འཛིན་དང་ཚངས་གནས་བཞི་སེམས་ཅན་ལ་དམིགས་པ་ཅན་དག་སྒོམ་པ་སྟེ་འདི་དག་གིས་ནི་ཐོག་མར་དགེ་བའི་ལམ་སྟེག་ལྷ་མིའི་ཐེག་པའི་ཁྲིད་ཀྱི་གོ་རིམ་ངེས་པ་བསྡུས་སོ། །གཞུང་གཞན་ལས་སྐྱེས་བུ་ཆུང་ངུས་ལམ་དང་ཡང་དོན་གཅིག་གོ། །དེ་ནས་བླ་མའི་གདམ་ངག་གཉིས་པ་འདུས་བྱས་མཐའ་དག་མི་རྟག་པ་དང་། སྡུག་བསྔལ་བ་སོགས་བདེན་བཞི་ལྷག་མ་རྣམས་ཀྱི་འཇུག་ལྡོག་ལ་འབད་པས་མཐོང་ལམ་གྱི་ཡེ་ཤེས་བསྐྱེད་པའི་ཉེ་རྒྱུ་མངོན་དུ་བྱེད། འདི་སྐབས་ལམ་བདེན་བསླབ་གསུམ་དུ་བསྡུ་བའི་གནད་ངེས་པར་བྱས་ནས་དེར་བསྡུས་པ་སོགས་སོ་སོའི་སྐྱེ་བོ་ཚུལ་ཁྲིམས་སོགས་བསླབ་པ་རྗེས་མཐུན་པ་རྣམས་ལ་འབད་པས་འཇུག་པར་བྱེད། དེ་དག་གི་རྣམ་བཞག་ཀྱང་ཆོས་མངོན་པའི་མཛོད་དང་། མདོ་རྒྱན་སོགས་ལས་ཁོང་དུ་ཆུད་པར་བྱའོ། །འདི་དག་གིས་ཉན་ཐོས་ཀྱི་ཐེག་པའི་ལམ་རིན་ཡང་ཞར་ལ་སོང་། དེ་ནས་ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་བསྡུས་པའི་རྟེན་འབྲེལ་དག་གིས་བདེན་བཞིའི་འཇུག་ལྡོག་གཞན་བསྟན་པ་ལ་ལེགས་པར་བསམ་ཤིང་། ཤེས་ནས་བླང་དོར་ལ་བརྩོན་པར་བྱའོ། །དེས་རང་རྒྱལ་གྱི་ཐེག་པའི་ལམ་རིམ་སོང་སྟེ། དེ་ལྟར་གཞུང་གཞན་ལས་སྐྱེས་བུ་འབྲིང་གི་ལམ་བསྐྱེད་པ་ཡང་འདི་དག་ཏུ་འདུས་སོ། །དེ་ནས་ཡུལ་བདེན་པ་བཞི་པོ་དེ་དག་ལ་དམིགས་པའི་ཚད་མེད་པ་རྣམ་པ་བཞི་ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་མཚན་ཉིད་ཅན་དག་པར་བསྒོམ་ནས་ཡིད་འཁྲུལ་བར་གྱུར་པ་ན། སྔར་སྨོས་པའི་སྐྱབས་སུ་འགྲོ་བ་དེ་ཉིད་སེམས་ཅན་གྱི་དོན་ལ་དམིགས་པ་ལ་སོགས་པས་ཁྱད་པར་བྱས་པ་དང་། ཚད་མེད་པའི་རབ་ཏུ་དབྱེ་བའི་སྙིང་རྗེ་ཆེན་པོ་དག་མངོན་དུ་བྱས་ཏེ། ཚོགས་བསགས་པའི་སྒོ་ཐམས་ཅད་ཡན་ལག་བདུན་པར་བསྡུས་ནས་སྦྱོར་བ་དེ་དག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་བསླབ་སྡོམ་གཞན་ལས་བླངས་བར་བྱའོ། །དེ་ལྟར་སྡོམ་པ་ཐོབ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ནན་ཏན་བྱ་སྟེ། འདིས་རྣམ་པར་བཞག་པ་ཡང་མདོ་སྡེ་རྒྱན་ལས་ཇི་ལྟར་བཤད་པ་བཞིན་ངེས་པར་བྱའོ། །འོན་ཏེ་དབྱེ་བསྡུའི་རྣམ་པ་ཐ་དད་པ་དག་ལས་འདིར་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བ་ནི། ལུས་རྣམ་པར་བཞག་པའོ། །དེ་ལས་དང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ཏེ། དེ་ཉིད་ཀྱི་བསླབ་པའི་གནས་མཐའ་དག་གི་བསླབ་པ་གཉིས་སུ་འདུ་བ་ལ། དང་པོ་སྨོན་པའི་བསླབ་བྱ་ནི་སྔར་བཤད་པའི་ཚད་མེད་པ་བཞི་པོ་ཉིད་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། བདག་ལས་གཞན་གཅེས་པ་གསུམ་གྱིས་གོ་རིམ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་གཉིས་པ་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ནི། རྒྱས་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་། དེ་ཡང་བསླབ་པ་གསུམ་དུ་བསྡུས་ནས་ཉམས་སུ་བླང་བར་བྱའོ། །འདི་གཞུང་གཞན་དུ་དབྱེ་ན་གཉིས་སུ་ཡོད་པ་ལས། དང་པོའི་དབང་དུ་བྱས་ཏེ། ཚུལ་ཁྲིམས་རྣམ་པ་གསུམ་དང་། སེམས་གནས་པའི་ཐབས་དགུའི་ཏིང་ངེ་འཛིན་བསྒྲུབ་པ་ལས། དེའི་མི་མཐུན་ཕྱོགས་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བརྟེན་ནས་སྒོམ་པ་དང་། གཞལ་བྱའི་ཆོས་རྣམས་ལ་འཇལ་བྱེད་ཀྱི་ཚད་མ་དག་གིས་ལེགས་པར་གཞལ་བའི་གྲུབ་དོན། ཆོས་ཐམས་ཅད་མཚན་ཉིད་གསུམ་དང་། དེ་ཡང་བདེན་པ་གཉིས་སུ་གཏན་ལ་འབེབ་པའི་གནད་གསང་ངེས་པར་བྱས་ནས། མཐར་ཐུག་བདག་གཉིས་ཀྱིས་སྟོང་པའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་གཉིས་སྣང་གི་བློའི་ཡུལ་ལས་འདས་པ་འཇིག་རྟེན་ཀུན་རྫོབ་ཀྱི་མཚན་ཉིད་རྣམ་པར་ཞིག་པ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་བདེན་པ་དབྱེར་མེད་པའི་དོན་ལ་འཇུག་པ་སྟེ། ཚུལ་འདིས་ནི་བྱང་སེམས་ཀྱི་ཐེག་པ་ཐུན་མོང་བའི་རྣམ་པར་བཞག་པ་སོང་སྟེ། དེ་ལྟར་ན་དངོས་གཞི་ངེས་འབྱུང་གི་ཐེག་པའི་ཁྲིད་ཀྱི་ས་བཅད་བཤད་ཟིན་ཏེ། སྐྱེས་བུ་ཆེན་པོའི་ལམ་གྱིས་ཕྱོགས་གཅིག་ཐལ་ལོ། །དེ་ནས་གཞུང་དེ་ཉིད་ཀྱི་མན་ངག་བླ་ན་མེད་པ་འབྲས་བུའི་ཐེག་པ་ལ་བརྟེན་ནས་ཚེ་འདིར་མགོན་པོ་རྡོ་རྗེའི་འཆང་གི་གོ་འཕང་མངོན་དུ་བྱས་ནས་རང་གཞན་གྱི་དོན་གཉིས་རྒྱ་ཆེན་པོ་མྱུར་དུ་སྒྲུབ་པའི་འདུན་པ་བསྐྱེད་དེ་ཟབ་མོའི་ལམ་རྗེས་སུ་སྒྲུབ་པ་ལ་འཇུག་པར་བྱའོ། །འདིར་ཡང་ཕྱིན་དྲུག་བསླབ་གསུམ་གྱིས་བསྡུས་པའི་ལམ་གནད་ངེས་པར་བྱེད་པ་ནི་གཞིར་བཞག་པའོ། །དེ་ལྟར་ན་ཟབ་མོའི་ལམ་དེ་ལྟར་ལྟ་སྤྱོད་ཀྱི་སྒོ་ནས་དབྱེ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་སྤྱོད་པ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་འགྱུར་རོ། །སྔ་མ་ལའང་བྱ་རྒྱུད་དངོས་དང་། ཆ་མཐུན་གྱི་རྒྱུད་དམ་སྤྱོད་རྒྱུད་གཉིས་ཡོད། ཕྱི་མ་ལའང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་རྒྱུད་དེ་གཉིས་སུ་དབྱེ་བ་ལས་རྒྱུད་སྡེ་བཞིར་འགྱུར་རོ། །འདི་དག་ཏུ་ཡང་རྒྱུད་སྡེ་རང་རང་གི་དབང་དང་འབྲེལ་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། མཚན་བཅས་དང་མཚན་མ་མེད་པའི་རྣལ་འབྱོར་སྒོམ་པའི་ཏིང་ངེ འ་ཛིན་དང་། དེ་བཞིན་ཉིད་རྣམ་པར་དག་པའི་ལྷར་འདོད་པའི་དབང་གིས་དེའི་སྟོང་གཞི་ཆོས་ཅན་ཀྱང་ལྷར་འདོད་དོ་བདེན་པ་དབྱེར་མེད་པའི་ཕྱིར་དང་། ཆོས་སྐུའི་རྟེན་གཟུགས་སྐུ་ཡིན་དགོས་པའི་ཕྱིར་ཏེ། དེས་ན་བདེན་པ་དབྱེར་མེད་སྒྲུབ་བྱེད་དུས་བྱས་པའི་ཀུན་རྫོབ་ལྷ་སྣང་སྒྱུ་མར་བལྟ་བ་དང་། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དག་གིས་རབ་ཏུ་དབྱེ་བའི་ཤེས་རབ་ཀྱི་བསླབ་པ་སྟེ། འདི་ལྟ་བུའི་ཐབས་ཤེས་ཁྱད་པར་ཅན་དག་གིས་མཚན་མའི་རྣམ་རྟོག་མཐའ་དག་སྡོམ་པར་བྱེད་པའི་སྒོ་ནས་ཚོགས་གཉིས་མྱུར་དུ་རྫོགས་ཤིང་སྒྲིབ་གཉིས་འཕྲལ་དུ་དག་པའི་ཚེ་འདིར་འབྲས་བུ་ལ་སྦྱོར་བར་ངེས་སོ། །བྱེ་བྲག་ཏུ་བྱ་བའི་རྒྱུད་དག་ནི། སྤྱོད་པའང་བླང་དོར་དང་བཅས་ཤིང་གཞི་འབྲས་ཀྱི་ལྷ་ལ་མཆོག་དམན་དུ་ལྟ་བའི་དབང་གི་ཏིང་ངེ་འཛིན་གྱི་ལྷར་སྣང་སྒོམ་པ་ནའང་བདག་མདུན་དམ་ཡེ་རྗེ་ཁོལ་གྱི་རྣམ་པར་བསྒོམ་ནས་དངོས་གྲུབ་ཐོབ་པར་འདོད་ཅིང་བདག་བསྐྱེད་ཀྱི་ལྷ་ཡབ་ཡུམ་ཕན་ཚུན་བལྟས་པའི་བདེ་བ་ཙམ་ལས་བྱུང་བའི་ཡེ་ཤེས་ལམ་དུ་བྱེད་པའི། འདི་སྒྲུབ་བྱའི་ལྷ་དང་འབྲས་བུའི་ཁྱད་པར་དག་ནི་གཞན་ལས་རྟོགས་པར་བྱའོ། །དེ་དག་གི་བྱ་རྒྱུད་ཀྱི་ཐེག་པའི་རྣམ་བཞག་ཐལ་ལོ། །དེ་བཞིན་དུ་སྤྱོད་པའི་རྒྱུད་དག་ལས་ནི་ལྟ་སྤྱོད་ཆ་མཉམ་དུ་སྤྱོད་ཅིང་གཞི་འབྲས་ཀྱི་རང་བཞིན་དག་མཉམ་དུ་ལྟ་བའི་དབང་གིས་ཏིང་ངེ་འཛིན་གྱི་ལྷ་ཡང་ཡུན་ནམ་གྲོགས་པོའི་ཚུལ་དུ་བསྒོམ་ནས་དངོས་གྲུབ་ལམ། བདེ་བས་ཁྱད་པར་ཡང་ལྷ་ཡབ་ཡུམ་ཕན་ཚུན་ཞལ་འཛུམ་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་པས་འབྲས་བུ་སྦྱོར་ཚུལ་སོགས་གཞན་ལས་ཤེས་པར་བྱ། ངེས་སྤྱོད་རྒྱུད་ཀྱི་ཐེག་པའི་ལམ་གནད་ཐལ་ལོ། །རྣལ་འབྱོར་རྒྱུད་ལས་ནི་ནང་གི་རྣལ་འབྱོར་གཙོ་བོར་སྟོན་ཞིང་གཞི་འབྲས་ཀྱི་ལྷ་རང་བཞིན་དབྱེར་མེད་དུ་བལྟ་བའི་དབང་གིས་ཏིང་ངེ་འཛིན་གྱིས་ལྷ་བསྒོམ་པ་ནའང་བདག་དམ་ཚིག་སེམས་དཔའ་དབྱིངས་ནས་སྤྱན་དྲངས་ཏེ་དབྱེར་མེད་དུ་བསྟིམ་ནས་ཕྱག་རྒྱ་བཞི་ལས་མི་འདའ་བར་བགྱིས་ཏེ་དངོས་གྲུབ་ཐོབ་པར་འདོད་ཅིང་ལྷ་ཡབ་ཡུམ་ཕན་ཚུན་ཕྱག་སྦྲེལ་བ་ལས་བྱུང་བའི་བདེ་སྟོང་ཡེ་ཤེས་ལམ་དུ་བྱེད་དོ། །འདི་དག་གིས་ནི་ཕྱི་རྒྱུད་སྡེ་གསུམ་དུ་སྣང་བའི་ལྷར་བལྟ་བ་མེད་པ་དང་། བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་པ་མེད་པ་བཤད་པ་དག་རྣམ་པར་གསལ་བ་ཡིན་ནོ། །འདིར་ལུང་གི་སྦྱོར་བ་ནི་མང་དུ་ཡོད་ཀྱང་འདིར་རེ་ཞིག་མ་སྤྲོས་སོ། །དེ་དག་གིས་ནི་རྣལ་འབྱོར་རྒྱུད་ཀྱི་ཐེག་པའི་ལམ་ཐལ་ལོ། །ད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་འབྲེལ་འགོད་པ་ལ་ཕ་མ་གཉིས་མེད་ཀྱི་རྒྱུད་དུ་ཡོད་པ་ལས། དང་པོ་མ་ཧཱ་ཡོ་ག་ནི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བ་རྟོགས་པའི་ཆོས་ཐམས་ཅད་ལ་བླངས་དོར་མེད་པར་མཉམ་པའི་སྤྱོད་པ་ལ་གནས་བཞིན་ལམ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གཙོ་བོར་སྟོན་ཞིང་རྫོགས་པའི་རིམ་པ་ལྔ་ལའང་ཇི་རིགས་པར་བརྩོན་པས་གནས་ཤིང་སྐབས་ཀྱི་འབྲས་བུ་རིག་འཛིན་གྱི་ས་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་སྐུ་ལྔའི་བདག་ཉིད་མངོན་དུ་བྱེད་པ་སྟེ། འདི་ཡན་གྱིས་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་ཅིང་ལམ་གྱི་རིམ་པ་དང་དབང་བཞིའི་གོ་རིམ་གྱི་ས་བགྲོད་པར་བྱེད་པའང་མཚུངས་པ་ཡིན་ནོ། །དེ་ཡང་ཚོགས་ལམ་དུ་བསྐྱེད་རིམ་རགས་པ་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་དབེན་གསུམ་དང་། སྦྱོར་ལམ་དུ་བསྐྱེད་རིམ་ཕྲ་བ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བའི་སྒྱུ་ལུས་དག་རིམ་པར་བསྒོམ་ཞིང་སྐབས་དེར་ཚོམ་བུ་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུད་ལ་བརྟེན་ནས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་དང་། དེ་ཉིད་འོད་གསལ་དུ་འཇུག་པས་མཐོང་ལམ་མངོན་དུ་བྱས་ཏེ་ཚེ་དབང་རིག་འཛིན་ཐོབ་ཅིང་། དེ་ནས་སྒོམ་ལམ་གྱི་དངོས་གཞི་མཐར་སློབ་པའི་ཟུང་འཇུག་གིས་བསྡུས་པའི་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་དག་རིམ་པར་བགྲོད་ནས་མི་སློབ་པའི་ལམ་དུ་འབྲས་བརྒྱུད་ཀྱི་ངོ་བོ་མི་སློབ་པའི་ཟུང་འཇུག་གི་སྐུ་ཁ་སྦྱོར་བདུན་ལྡན་མངོན་དུ་བྱེད་པའོ། །དེ་མ་ཧཱ་ཡོ་གའི་ཐེག་པའི་ལམ་རིམ་མདོར་བཤད་ཟིན་ཏོ། །དེ་ནས་ལུང་ཨ་ནུ་ཡོ་གར་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོའི་ངོ་བོར་མཚན་རྟོག་སྡོམ་པ་ཉིད་ཁྱད་པར་དུ་བྱས་པའི་གསང་དབང་དང་ཤེར་དབང་གི་ལམ་གྱི་ཉམས་ལེན་དེ་བརྗོད་བྱའི་གཙོ་བོར་བྱས་ནས་བསྐྱེད་རིམ་ཇི་རིགས་པ་དང་འབྲེལ་བའི་རྫོགས་རིམ་མཚན་བཅས་དང་། མཚན་མ་མེད་པ་དག་ལ་གནད་དུ་བསྣུན་པ་སྟེ། འདིར་འོད་གསལ་གྱི་བྱེ་བྲག་དགའ་བཞིས་དྲངས་པའི་ལྷན་སྐྱེས་དཔེ་ཡི་འོད་གསལ་རེ་བསྒྲུབ་བྱའི་གཙོ་བོར་བྱས་སྣང་ཞིང་། ལམ་གྱི་བགྲོད་ཚུལ་ཀྱང་སོ་སོའི་སྐྱེ་བོའི་ས་ལྔ་དང་། འཕགས་པ་ལྔ་བཅས་རང་ལུགས་ཀྱི་ས་བཅུའི་རྣམ་བཞག་ཐ་དད་པ་དག་ཡོད་པ་གཞན་ལས་རྟོགས་པར་བྱའོ། །དེས་ཨ་ནུ་ཡོ་གའི་ཐེག་པའི་ས་བཅད་གྲུབ་བོ། །དེ་དག་གི་རྗེས་སུ་གཙོ་བོར་འཕགས་པའི་ཉམས་ལེན་གྱིས་བསྡུས་པའི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་སྒོམ་རིམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལམ་ཉམས་སུ་བླངས་བར་བྱའོ། །འདིར་ནི་ཆོས་ཐམས་ཅད་མཉམ་པར་རིས་མེད་ཆེན་པོར་རྟོགས་པས་རྫོགས་རིམ་ལས་ཀྱང་ཁྱད་པར་མཚན་མ་མེད་པའི་རྫོགས་རིམ་སྣང་སྟོང་གི་འོད་གསལ་དག་དང་དེ་དག་གིས་ཟུང་འཇུག་པའི་ལམ་གཙོ་བོར་སྟོན་པ་ཡིན་ཏེ། ཁྲེག་ཆོད་སྟོང་པའི་འོད་གསལ་དང་ཐོད་རྒལ་སྣང་བའི་འོད་གསལ་དང་ཟུང་དུ་འཇུག་པའི་སྣང་བཞིའི་རིམ་པར་བགྲོད་པའི་མཐར་ནང་གཞོན་ནུ་བུམ་སྐུར་གྲགས་པ་ངོ་བོ་ཉིད་ཀྱི་སྐུར་གཏན་སྲིད་ཟིན་པའི་ཡེ་ཤེས་ཆོས་སྐུ་མི་སློབ་པའི་ཟུང་འཇུག་གིས་བསྡུས་པ་མང་དུ་འཕོ་བ་ཆེན་པོ་གྲུབ་པ་ཡིན་ནོ། །འདི་སྐབས་སྣང་བཞི་ཐུན་མོང་གི་ས་ལམ་དང་སྦྱར་བ་ན། ཆོས་ཉིད་མངོན་སུམ་ཚོགས་ལམ་དང་། ཉམས་སྣང་གོང་འཕེལ་སྦྱོར་ལམ་དང་། རིག་པ་ཚད་ཕེབས་མཐོང་ལམ་དང་། ཆོས་ཉིད་མངོན་སུམ་སྒོམ་ལམ་དུ་སྦྱོར་བ་ཡོད་ཀྱང་། དེ་ནི་དམན་ལམ་སྔོན་སོང་གི་ཐེག་ཆེན་ཚོགས་ལམ་པ་སོགས་བཞིན་དུ་འཕགས་པའི་སྤྱོར་ལམ་དངོས་རྗེས་གསུམ་གྱི་ཆ་ལགས་བཞག་པའི་རང་ལམ་ཐུན་མོང་མ་ཡིན་པ་ཉིད་ཡིན་པར་བྱ་སྟེ། གཞན་དུ་ན་སོ་སོའི་སྐྱེ་བོས་སར་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མཚན་ཉིད་མངོན་སུམ་པར་བསྒོམ་དུ་ཐལ་བ་དང་། དེ་ལྟར་གྱུར་ན་དེ་འཕགས་པའི་སེམས་བསྐྱེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པར་ཐལ་བའི་སྐྱོན་དག་ཏུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཨ་ཏི་ཡོ་གའི་རྒྱུད་འདིར་སོ་སོའི་སྐྱེས་བོའི་གནས་སྐབས་སུའང་ཇི་རིགས་པར་ཉམས་སུ་བླང་རུང་བའི་ཆོས་འགའ་ཞིག་ནི་ཡོད་དེ་དེ་ཡང་གང་ཞེ་ན། འདི་ཉིད་ཀྱི་ཐུན་མོང་གི་སྔོན་འགྲོ་བཤད་པའི་སེམས་སྦྱོང་བདུན་ལ་སོགས་པ་རྣམས་དང་། ལྷ་མི་སེམས་འཛིན་སོགས་ཞི་གནས་སྒྲུབ་པའི་ཐབས་དག་དང་། སྒྲ་བཞིའི་རྣལ་འབྱོར་དང་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣམས་དང་བཅས་གཙོ་བོར་ཚོགས་ལམ་དུ་ཉམས་སུ་བླང་རུང་དང་། དེ་རྗེས་སྦྱོར་ལམ་དུ་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པས་མཚམས་སྦྱོར་ནས་རྫོགས་ཆེན་གྱི་རང་ལམ་དངོས་གཞིར་འཇུག་པ་ཡིན་ནོ། །དེ་ལྟར་ན་འདིར་ཐུན་མོང་གི་སྔོན་འགྲོའི་ལམ་གནད་རྣམས་ནི་ལྷ་མི་ཉན་རང་དང་བཅས་པའི་ཐེག་པར་བཤད་ཟིན་པ་རྣམས་དང་དོན་གཅིག་པ་ཡིན་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་མན་ངག་དང་བཅས་པ་ཇི་ལྟར་བཤད་པ་རྣམས་དང་ཐ་དད་དུ་མ་གྱུར་པའི་ལམ་གནད་ངེས་པར་བྱས་ནས་བསྒོམ་དགོས་ཏེ། དེ་ལྟར་ཤེས་ན་ཐེག་པ་རིམ་པ་དགུའམ་ལྔས་བསྡུས་པ་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་དུ་འགྲེལ་ཤེས་ཤིང་། དེ་ཡང་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་རིམ་པ་ལས་གཞན་ལ་ཡིན་པ་ཡང་རྟོགས་པར་འགྱུར་བ་ཡིན་ནོ། །དེ་དག་གིས་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཁྲིད་ཀྱི་ས་བཅད་ཐལ་ཏེ། སྐྱེས་བུ་ཆེན་པོ་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ཐལ་ལོ། །དེ་ལྟར་ན་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་ཐ་མར་དགེ་བ་མན་ངག་བླ་ན་མེད་པའི་ཁྲིད་ཀྱི་རིམ་པ་རྣམས་རྫོགས་སོ། །འདི་ལྟར་ཐེག་པ་རིམ་དགུའི་ལམ་རིམ་གྱིས་བསྡུས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་མཐའ་དག་སྒོམ། དགེ་བ་གསུམ་གྱི་ས་བཅད་ཀྱི་འཆིང་བའི་ལུགས་འདི་སྔ་འགྱུར་གྱི་མདོ་རྒྱུད་དང་མན་ངག་དག་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་སྟེ། དེའི་རྒྱུ་མཚན་ཡང་འཕགས་པ་ཆོས་རྗེས་སུ་དྲན་པ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་སོགས་གསུང་པའི་དོན། དཀོན་མཆོག་གི་ཟ་མ་ཏོག་བཀོད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཐོག་མར་དགེ་བ་དང་། བར་དུ་དགེ་བ། ཐ་མར་དགེ་བ་གང་ཞེ་ན། དེ་ལ་ཐོག་མར་དགེ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །བར་དུ་དགེ་བ་ནི་ཐེག་པ་དམན་པ་མི་འདོད་པའོ། །ཐ་མར་དགེ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ཆེན་པོའོ། །བར་དུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་སྙོམ་པའི་སྙིང་རྗེ་ཆེན་པོའོ། །ཐ་མར་དགེ་བ་ནི། དགའ་བ་དང་། བཏང་སྙོམས་མཉམ་པའི་སེམས་ཀྱིས་ངེས་པར་སེམས་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེར་སྣས་སེམས་ཚར་གཅོད་པ་དང་། འཆར་བའི་ཚུལ་ཁྲིམས་སྤོང་བ་དང་། གནོད་སེམས་སེལ་བ་དང་། ལེ་ལོ་སྤོང་བ་དང་། རྣམ་པར་གཡེང་བ་ཀུན་ཏུ་མི་སྤྱོད་པ་དང་། འཆལ་བའི་ཤེས་རབ་སྤོང་བའོ་བར་དུ་དགེ་བ་ནི། སྦྱིན་པ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ཐ་མར་དགེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་བསྡུ་བའི་དངོས་པོ་བཞིའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བར་དུ་དགེ་བ་ནི་ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཐ་མར་དགེ་བ་ནི་སྐྱོན་མེད་པར་ལྟུང་བའི་འཇིགས་པ་ལས་སྐྱོབ་པའོ། །ཐ་མར་དགེ་བ་ནི་དབང་ཐོབ་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང་། བར་དུ་དགེ་བ་དང་། ཐ་མར་དགེ་བའོ། །ཞེས་གསུངས་པའི་དོན་ཕྱོགས་སྡེབ་བྱས་ནས་ཁྲིད་རིམ་དུ་འགོད་པའི་ལུགས་སོ། །འདི་ལྟ་བུའི་ལམ་ཇི་ལྟ་བ་བཞིན་ལག་ལེན་དུ་འགེལ་བ་ལ་ཐོག་མར་དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱིས་བླ་མ་བསྟེན་ནས་གདམས་ངག་ཐོབ་ཟིན་པའི་རྗེས་ཐོག་དེར་མི་རྟག་པ་དང་ཚད་མེད་པའི་བློ་སྦྱོང་དག་གཞུང་ནས་བཤད་པ་བཞིན་རྒྱུད་ལ་ཁེལ་བ་ན་ཚོགས་ལམ་དུ་འདུན་པ་སེམས་བསྐྱེད་ལ་སོགས་པ་དང་འབྲེལ་བར་སྔགས་ལམ་སྤྱི་དང་ཁྱད་པར་དབང་སྔ་མ་གཉིས་ཀྱི་ལམ་བསྐྱེད་རིམ་རགས་པ་རྫོགས་རིམ་དབེན་གསུམ་དང་བཅས་པ་ལ་ནན་ཏན་བྱ་ཞིང་། དེ་དག་མཐར་ཕྱིན་པ་ན་བསྐྱེད་རིམ་ཕྲ་བ་དང་དབང་གསུམ་པའི་ཉམས་ལེན་རྫོགས་རིམ་གཏུམ་མོ་དང་སྒྱུ་ལུས་ཉེ་རྒྱུའི་སྤྱོད་པ་དང་བཅས་པ་ལ་བརྟེན་ནས་འོད་གསལ་དང་ཟུང་འཇུག་གིས་བསྡུས་པ་ཚིག་དབང་གི་ལམ་རྫོགས་པ་ཆེན་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པ་ལ་འཇུག་པར་བྱའོ། །དེ་དག་ཀྱང་སྙིང་ཐིག་གི་འདས་རྗེས་ལ་མི་རྟག་སྙིང་རྗེ་བྱང་སེམས་སྦྱོངས། ཞེས་གསུངས་པ་དང་། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་རྩ་བའི་རྒྱུད་ལས། འདུལ་བའི་དབང་གི་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་འདུལ་བས། ཞེས་དང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུ་གནས། ཞེས་དང་། དེ་ལས་ཀྱང་ལྷ་མིའི་ཐེག་པ་ལམ་སྟེགས་སུ་འཇོག་པའི་རྒྱུ་མཚན་སློབ་དཔོན་ཀླུ་སྒྲུབ་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱོད་ན། །ལྷ་ཡུལ་བསྒྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་བ་གོམ་ན་འདུག །ཅེས་དང་། འཇམ་དཔལ་སྒྱུ་དྲ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པ་དག་གི་ཕྱིར་ཡིན་ལ། ལམ་གྱི་རིམ་པ་འདི་ནི་མངོན་རྟོག་རྒྱན་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། ཞེས་པ་ལ་སོགས་པའི་ས་མཚམས་དང་གོ་རིམ་སློབ་དཔོན་སེང་གེ་བཟང་པོའི་རྒྱན་འགྲེལ་དོན་གསལ་དུ་གཏན་ལ་བབ་པ་དང་མཐུན་ཞིང་མདོ་རྒྱན་སོགས་ལས་བྱང་སེམས་སྒོམ་པའི་གོ་རིམ་བཤད་པ་དག་དང་ཡང་མི་འགལ་བར་བགྱིས་ཏེ་བཤད་ཤིང་། སྔགས་ལམ་བསླབ་གསུམ་གྱི་མན་ངག་ཡིན་པ་དང་། ཁྱད་པར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སོགས་རྫོགས་ཆེན་གྱི་རྒྱུད་སེམས་སྨད་བཅོ་བརྒྱད་ཀྱིས་མཚོན་པའི་སེམས་ཀློང་མན་ངག་གི་རྒྱུད་མཐའ་དག་གི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཡིན་པའང་དེངས་དུས་ཀྱི་སྐྱེ་བོ་རྣམས་ཀྱིས་མི་ཤེས་པར་འདུག་པའི་ཕྱིར། དེ་དག་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཚུལ་འདི་དག་མདོ་སྡེ་པདྨ་དཀར་པོ་སོགས་ལས་གསུང་པ་དང་མཐུན་པར་དཀོན་རྩེགས་ཀྱིས་ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་ལེའུ་སྟེ་འདུས་པ་བཞི་བཅུ་རྩ་བརྒྱད་ལས། བཅོམ་ལྡན་འདས་དགྲ་བཅོམ་པ་རང་སངས་རྒྱས་འཁོར་བའི་འཇིག་པ་ལས་བརྒལ་བ་དེ་མ་ཐག་ཏུ་རྣམ་པར་གྲོལ་བ་དག་གིས་བདེ་བ་ཉམས་བླང་བ་རྣམ་ནི་འདི་ལྟར་བདག་ནི་འཁོར་བའི་འཇིག་པ་རྣམས་ལས་ཡོངས་སུ་གྲོལ་གྱི་བདག་གིས་ནི་ཕྱིན་ཆད་འཁོར་བའི་འཇིག་པ་མྱོང་བར་མི་འགྱུར་རོ། །སྙམ་དུ་ཡང་དག་པར་མཐོང་སྟེ། བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ནི་འདི་ལྟ་བུ་ཉིད་ལས་གཞན་མི་ཤེས་སོ་ཞེས་བགྱི་བར་རྟོགས་ནས་དབུགས་ཕྱིན་པའི་མཆོག་མྱ་ངན་ལས་འདས་པའི་སར་སོ་སོར་རྟོག་གོ། །བཅོམ་ལྡན་འདས་དེ་དག་གིས་རྟོགས་ནས་ཀྱང་ས་དེ་ལ་རྨོངས་པ་མ་མཆིས་པའི་ཆོས་ཅན་དུ་འགྱུར་ཏེ། བཅོམ་ལྡན་འདས་དེ་དག་གིས་ཀྱང་གཞན་གྱི་དྲིང་མི་འཇོག་པར་བདག་གིས་ནི་འདི་ལྟར་ལྷག་མ་དང་བཅས་པའི་ས་ཐོབ་སྟེ། བདག་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་སྙམ་དུ་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ནི་ཐེག་པ་ཆེན་པོ་ལ་མུ་ནག་གི་སར་འདུ་བའི་སླད་དུ་སྟེ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་དེ་ནི་སངས་རྒྱས་ཀྱི་ཐེག་པའི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་ཐེག་པ་གསུམ་པོ་འདི་དག་ནི་ཐེག་པ་གཅིག་ཁོ་ནས་གྲང་དུ་མཆིའོ། །བཅོམ་ལྡན་འདས་ཐེག་པ་གཅིག་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་སྐུ་རྟོགས་པའི་མཐའ་ནི་ཐེག་པ་གཅིག་པ་ལག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་མ་ལགས་ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུ་ལགས་སོ། །བཅོམ་ལྡན་འདས་ཀྱི་སྐུ་རྟོགས་པའི་མཐའ་ནི་ཐེག་པ་གཅིག་གི་མཐའ་ལགས་སོ། །བཅོམ་ལྡན་འདས་ཐེག་པ་གཅིག་གི་མཐའ་ཞེས་བགྱི་བ་དེ་ནི་ཐེག་པ་གཅིག་གི་མཐར་སྦྱང་བའི་ཚིག་བླ་དྭགས་ལགས་སོ། །ཞེས་གསུང་བ་ལྟར་གཏན་ལ་ཕབ་པ་ཡིན་ནོ། །འདི་ལྟར་བཀྲི་བའི་གོ་རིམ་ངེས་པར་ཡང་། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་ལས་དང་པོ་ནི། ཐོག་མ་ཉིད་དུ་ཁ་དོན་ལ་ཡོངས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་དབེན་པ་གནས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་དབེན་པར་གྱུར་ནས་དགེ་བའི་བཤེས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་ང་ལོ་བདེ་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ང་ལོ་བདེ་བར་གྱུར་ནས་དུས་ཤེས་པ་ལ་ཡོངས་སུ་བསྐུལ་བྱའོ། །དུས་ཤེས་ནས་མི་འཇིག་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བར་གྱུར་ནས་རྨོང་པ་མེད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་དེ་ལ་དེ་བས་ཀྱང་ཤས་ཆེར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་གཞོག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་ཉིད་གཞན་གྱི་དྲང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་དག་ལས་དང་པོ་པའི་བྱང་ཆུབ་སེམས་རྣམས་རྣམ་པར་དགོད་པའོ། །ཞེས་གསུང་པ་ལྟར་ཏེ། འདིའི་གོ་རིམ་ནི་ཁྲིད་རྐང་རྣམས་དང་རིམ་པ་བཞིན་སྦྱར་དུ་ཡོད་དོ། །དེ་ལྟར་ན་ཁྲིད་ཀྱི་ས་བཅད་རྣམས་མདོར་བསྡུས་ཏེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། དལ་བའི་རྟེན་ལ་སྙིང་རྗེ་ལེན་འདོད་པའི། །བཤེས་གཉེན་དམ་པ་བརྟེན་ནས་དེའི་གདམས་ངག །མི་རྟག་ལ་སོགས་བདེན་བཞིའི་འཇུག་ལྡོག་ལ། །དམིགས་པའི་ཚད་མེད་བཞི་ཡི་བློ་སྦྱོངས་མཐར། །ཚོགས་བསགས་པ་དང་ཐུན་མོང་མ་ཡིན་པའི། །སྐྱབས་འགྲོའི་སྦྱོར་བ་ལས་སྐྱེས་བྱང་ཆུབ་སེམས། །ཀུན་རྫོབ་པ་དང་དེ་ཡི་བསླབ་བྱའི་གནས། །ཐུན་མོང་དང་ནི་ཐུན་མིན་མན་ངག་བཅས། །ལེགས་པར་རྒྱུད་ལ་བརྟེན་མཐར་དོན་དམ་པའི། །བྱང་ཆུབ་སེམས་མཆོག་བསྒོམ་པའི་ལམ་གྱི་རིམ། །རྫོགས་པ་ཆེན་པོའི་མན་ངག་ལ་བརྟེན་ནས། །མི་སློབ་མཆོག་གི་ཟུང་འཇུག་མངོན་བྱེད་མཛོད། །ཅེས་སྔ་འགྱུར་རྙིང་མའི་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་མདོར་བསྡུས་པ་འདི་ཡང་། རང་ཉིད་ཀྱི་སློབ་བུ་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྒྱལ་སྲས་ཞི་བ་བཟང་པོ་ནས་ཇི་ལྟར་བསྐུལ་བཞིན་ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་༧གཞན་ཕན་མཐའ་ཡས་འོད་ཟེར་འབོད་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ། དགེའོ།། །


previousསྔ་འགྱུར་རྙིང་ལུགས་ཐེག་དགུའི་ལམ་ཁྲིད་ཀྱི་ས་བཅད་ཉུང་ངུ་དམ་པའི་ཞལ་ལུང་། རྒྱལ་སྲས་གཞན་ཕན་མཐའ་ཡས།no next