Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སུམ་བཅུ་པ།


   
   
   
གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ།
   
   


 
previousགསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ། next

གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ།

གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ་བཞུགས། ན་མོ་གུ་རུ་པདྨ་སམྦྷ་ཝ་ཡ། དམིགས་མེད་ཟབ་ཅིང་རྒྱ་ཆེའི་སྐུ་མངའ་ཞིང་། །བརྗོད་མེད་དབྱིངས་ནས་ཟབ་ཡངས་ཆོས་སྒྲ་སྒྲོག །ཀུན་བཟང་འོད་ཀྱི་སྣང་བ་འཁྱིལ་བའི་ཐུགས། །ཟག་མེད་ཡོན་ཏན་ཕུང་པོ་དེར་ཕྱག་བགྱི། །མགོན་དེའི་སྲས་དང་འཁོར་དང་དེ་རྗེས་འཇུག །རྒྱ་བོད་པཎ་གྲུ་བརྒྱ་མཚོས་བཤད་པའི་ཆོས། །ཉོན་མོངས་ནད་ཆེན་འཇོམས་པའི་བདུད་རྩི་མཆོག །མཐའ་ཡས་ཕྱིར་ན་སུ་ཞིག་ལོག་པར་ལྟ། །དེ་ལྟའང་མཁྲིས་ནད་ཅན་ལ་གངས་དང་དུང་། །སེར་པོར་སྣང་བ་ཇི་བཞིན་ཟབ་མོའི་ཆོས། །ལོག་པར་མཐོང་བའི་སྐྱེ་བོ་ཆེས་མང་བ། །འབྱུང་བར་བཅོན་ལྡན་འདས་ཀྱིས་མདོ་ལས་གསུངས། །དེ་ཕྱིར་བསགས་པ་ཅན་གྱི་གང་ཟག་དང་། །མཁས་ཤིང་སྐལ་ལྡན་བློ་མིག་ལྡན་པ་རྣམས། །དོན་ལ་རྟེན་ཕྱིར་ཡང་དག་ཆོས་རྣམས་ཀུན། །ཡང་དག་ཉིད་དུ་སླར་ཡང་བསྒྲུབ་མི་དགོས། །མོས་པ་དམན་ཞིང་དགེ་བའི་རྩ་བ་ཆུང་། །ཐ་སྙད་ལམ་ལ་གོམས་པའི་རྟོག་གེ་བ། །མུ་སྟེགས་བག་ཆགས་འཐས་པ་བཟློག་ཕྱིར་དུ། །དོན་བཟང་ལེགས་བཤད་གཏམ་གྱི་སྒོ་དབྱེའོ། །དེ་ལ་ཁྱེད་ཀྱི་བསྟན་བཅོས་འདིའི་ཐོག་མར། རྒྱ་གར་སྐད་དུ། དྷརྨ་ན་དྷརྨ་བི་བྱཀྟ་ཀཱ་རི་ཀ་ནཱ་མ། བོད་སྐད་དུ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་བྱ་བ། ཞེས་བཀོད་པ་ལ། སྐད་དོད་གཞན་རྣམས་མ་ནོར་མོད་ཀྱི། རབ་ཏུ་བྱེད་པའི་སྐད་དོད་པྲ་ཀ་ར་ཎ་ཞེས་ཐོབ་པ་ལ། ཀཱ་རི་ཀ་ཞེས་པ་ཚིག་ལེའུར་བྱས་པ་ཞེས་པའི་སྐད་དོད་ཡིན་པས་ཚིག་སྐྱོན་བྱུང་། གཞུང་འདིར་ལེའུའི་རྣམ་བཞག་ཀྱང་བྱས་པ་མི་འདུག་པས་དོན་སྐྱོན་བྱུང་བས་བཅོས་པར་རིགས་ལ། དེ་ལྟར་མ་གྱུར་ན་དེའི་གཏན་ཚིགས་སྨྲ་བར་རིགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཆར་སྤྲིན་བསྟན་པའི་འབྲུག་སྒྲ་སྙན། །བདུད་རིགས་སྙིང་འགེམས་རིག་པའི་གློག་ཕྲེང་འབར། །སྔོན་མེད་ཀླུ་དབང་ཐུབ་དབང་རྡོ་རྗེ་འཆང་། །ཀུན་ཏུ་བཟང་པོའི་ཞབས་ལ་མགོས་ཕྱག་འཚལ། །སྲིད་དང་ཐར་པའི་བདེ་བ་ཇི་སྙེད་པ། །དེ་ཀུན་རྒྱལ་བའི་བསྟན་ལ་རག་ལས་ཤིང་། །བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་སྟེ། །དེ་ཡི་མཆོག་རབ་རྣལ་འབྱོར་བླ་མེད་ཡིན། །འགྲོ་བ་ཕར་ཆེར་གྲུབ་པའི་མཐའ་ལ་རྨོངས། །ཤས་ཆེར་མུ་སྟེགས་ཀླ་ཀློའི་གཞུང་ལུགས་འཛིན། །བོད་འདིར་སངས་རྒྱས་པ་ཡང་ཆོས་མིན་སྨྲ། །དེ་ཕྱིར་རྣམ་པར་དབྱེ་བ་ངས་འདིར་བཤད། །རྣལ་འབྱོར་བླ་ན་མེད་པའི་གཞུང་། །འདུས་པ་སྡོམ་པ་དགྱེས་རྡོར་སོགས། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱི། །རྒྱུད་སྡེ་དྲི་མ་མེད་པ་རྣམས། །ཤས་ཆེར་ཨུ་རྒྱན་ལས་བྱུང་ནས། །རྒྱ་གར་ཡུལ་དུ་དར་བར་བཞེད། །རྒྱུད་སྡེ་ཀུན་གྱི་མཆོག་གྱུར་པ། །དུས་ཀྱི་འཁོར་ལོ་རྗེས་འབྲང་བཅས། །ཤམྦྷ་ལ་ཡི་ཡུལ་ནས་བྱུང་། །རྒྱ་བོད་མཁས་གྲུབ་ཀུན་གྱིས་བཀུར། །རྒྱུད་དོན་རྣམ་པར་གསལ་བྱའི་ཕྱིར། །རྡོ་རྗེ་སྙིང་པོ་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་ས་ར་ཧ། །ཨིནྡྲ་བྷཱུ་ཏི་ལྕམ་དཔལ་མོ། །ཀླུ་སྒྲུབ་ཟླ་གྲགས་འཕགས་པའི་ལྷ། །རི་ཁྲོད་དབང་ཕྱུག་ཀུ་ཀུ་རི། །དྲིལ་བུ་པ་དང་ལོ་ཧི་པ། །ཡེ་ཤེས་ཞབས་དང་དཔལ་འཛིན་སོགས། །མཁས་ཤིང་གྲུབ་པ་བརྒྱ་སྟོང་གིས། །དགོངས་འགྲེལ་དཀའ་འགྲེལ་རྒྱས་འགྲེལ་དང་། །འགྲེལ་བཤད་དབང་སྐུར་སྒྲུབ་པའི་ཐབས། །ཡན་ལག་དང་བཅས་དཔག་མེད་མཛད། །འཛམ་བུ་གླིང་གི་ཡུལ་དང་ཡུལ། །གྲོང་དང་གྲོང་ཁྱེར་ཀུན་ཏུ་དར། །བོད་ཀྱི་ཡུལ་འདིར་སྔོན་གྱི་ཚེ། །ཆོས་རྒྱལ་དམ་པའི་སྐུ་རིང་ལ། །ཐུབ་དབང་རྒྱལ་བའི་ཆོས་ཀྱི་མཛོད། །ལོ་པཎ་མཁས་གྲུབ་དུ་མས་བསྒྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཡང་། །གསང་འདུས་སངས་རྒྱས་མཉམ་སྦྱོར་དང་། །གསང་བ་ཟླ་བའི་ཐིག་ལེ་དང་། །རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། །རྩ་བའི་རྒྱུད་ཀྱི་དུམ་བུ་ནི། །ཕུར་བུའི་སྐབས་ཏེ་རྣམ་ལྔ་འགྱུར། །ཚིག་དང་དོན་ལ་སྐྱོན་མེད་ཅིང་། །མཁས་རྣམས་ཡིད་ཆོས་གནས་སུ་གྲགས། །སློབ་དཔོན་པདྨ་སམྦྷ་ཝས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །བཻ་རོ་ཙ་ན་མཁའ་སྙིང་པོ། །ཉང་བན་ཏིང་འཛིན་ལ་སོགས་ཏེ། །རྗེ་བློན་ཉི་ཤུ་རྩ་ལྔ་ལ། །གསང་བ་འདུས་པའི་རིམ་པ་མཛད། །རྒྱུད་རྒྱལ་འདུས་པའི་ཉམས་ལེན་དུ། །མན་ངག་ལྟ་བའི་ཕྲེང་བ་བཤད། །གཞན་ལ་གསང་བར་འཆད་ན་ཡང་། །གསང་ཞིང་ལྐོག་ཏུ་བསྟན་པའི་རྒྱུས། །མཁའ་སྙིང་བཻ་རོ་ཙ་ན་གཉིས། །ལྷོ་བྲག་རྒྱལ་མོ་རོང་དུ་སྤྱུགས། །ཟབ་མོའི་རྒྱུད་དོན་མ་ཤེས་པར། །ལོག་པར་སྤྱོད་པ་འབྱུང་འགྱུར་ཞེས། །ཕྱིན་ཆད་རྒྱུད་སྡེ་འདི་བསྒྱུར་བ། །བཀག་པར་བཀས་བཅད་འབྲིང་པོར་བཤད། །ཕྱི་ནས་ཉང་བན་ཏིང་འཛིན་གྱིས། །མཁས་པ་དྲི་མེད་བཤེས་གཉེན་ལ། །སླར་ཡང་འདུས་པའི་མན་ངག་ནི། །ཅུང་ཟད་ཙམ་ཞིག་གསན་ཅེས་གྲགས། །སློབ་དཔོན་པདྨའི་ཐུགས་དམ་དངོས། །གཤིན་རྗེ་གཤེད་རྒྱུད་པྲ་ཁོག་སྣང་། །འདི་ནི་ནམ་མཁའི་སྙིང་པོས་བསྒྱུར། །འདི་ལ་རྨ་བན་རིན་མཆོག་དང་། །བྲང་ཏི་ཛ་ཡ་རཀྵི་ཏས། །བིདྱ་ཨཱ་ཀ་ར་པྲ་བྷཱ། །ཞེས་བྱའི་པཎ་ཆེན་ལ་ཞུས་ནས། །བསྒྱུར་བའི་ལུགས་ཀྱང་ཡོད་ཅེས་གྲགས། །ཞེས་པ་ལ་ལན་དུ། བརྗོད་བྱ་དེ་དག་ཀྱང་ཕལ་ཆེ་བ་ནི་དོན་ལ་གནས་པ་མ་ཡིན་ཏེ། གསང་བ་འདུས་པའི་རིམ་ལྔ་ནི་ཉམས་སུ་ལེན་པའི་ལམ་གྱི་མཆོག་ཡིན་པས་གསང་སྔགས་རྙིང་མ་བཀའ་གཏེར་གཉིས་ཀ་ལ་གྲགས་ཏེ། བཀའ་མ་ནི། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་གཉིས་ལ་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་གཏུགས་ནས། གསང་བ་འདུས་པའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ་བསྒྱུར། མན་ངག་རིམ་ལྔ་ཡང་གསན། དེ་ནས་སློབ་དཔོན་སངས་རྒྱས་གསང་བ་ཏི་སེར་ཕེབས། མངའ་བདག་གིས་བསམ་ཡས་སུ་སྤྱན་དྲངས་པས། སློབ་དཔོན་གྱིས་ངའི་ཚེ་ལ་གནོད་གསུངས་ནས་འབྱོན་དུ་མ་བཞེད་པ་ལ། རྒྱལ་པོས་ལོ་ཙཱ་བ་འདི་བཏང་ནས། དེའི་ཚེ་ཡང་རིམ་ལྔ་ཞུས། སློབ་དཔོན་དེས་སྒྱུ་འཕྲུལ་གྱི་སྐོར་ཆ་ལག་དང་བཅས་པས་གཙོ་བྱས། ཆོས་ཀྱི་སྐྱེས་མང་པོ་རྒྱལ་པོ་ལ་བསྐུར་བ་ཡིན་ཏེ། ཇི་སྐད་དུ། ཕྱི་ནང་གཉིས་ཀྱི་ལག་ལེན་མང་པོ་རྣམས། །གཅིག་ཀྱང་མ་ལུས་ལག་ལེན་ཐམས་ཅད་བརྫངས། །གཟིགས་རྟོག་མཛོད་ལ་གཞན་ལ་ཤོར་ཏ་རེ། །བོད་ཀྱི་མི་ནི་སྒྲིན་ལ་ཚོར་སྐྱེན་ཏེ། །མཐོང་བ་ཐམས་ཅད་ལ་འུར་བྱེད་པར་འགྱུར། །ཉེས་དམིགས་ཆ་མེད་དམ་ཚིག་སྟོང་པར་འགྱུར། །དམྱལ་རྒྱུ་མང་ཞིང་འབྲས་བུ་བརླག་པར་མཆི། །ཕྱི་ནང་གཉིས་ཀྱི་ལག་ལེན་སྤ་བར་མཛོད། །ཅེས་འབྱུང་། གཏེར་མ་ནི། མངའ་བདག་ཉང་གི་རྫོགས་རིམ་བླ་མའི་དམར་ཁྲིད་དང་། ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས་དང་། པདྨ་གླིང་པའི་ནོར་བུ་རྒྱ་མཚོ་ལ་སོགས་པར་ཡོད་ལ། མན་ངག་ལྟ་ཕྲེང་ནི་རྫོགས་ཆེན་སེམས་ཕྱོགས་ཡིན་ཅིང་། འདིར་རིམ་པ་ལྔའི་ཐ་སྙད་མཐུན་པ་ཡང་མེད་དོ། །དེའི་ཕྱིར་ཁྱེད་རང་གིས་ཀྱང་། གསང་བ་འདུས་པའི་རིམ་པ་མཛད། །ཟེར་བ་ལས་སྨྲ་རྒྱུ་མ་རྙེད་པ་འདྲ། བཻ་རོ་རྒྱལ་མོ་རོང་དུ་སྤྱུགས་ཟེར་བའང་ལོ་རྒྱུས་མ་དག་པ་ཡིན་ཏེ། སྦ་བཞེད་དུ་རྒྱའི་སྙན་ཕྲས་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས། ཞེས་བཤད། བཀས་བཅད་འབྲིང་པོར་བཤད་པ་དེ་ཡང་རྒྱལ་མོ་ཚ་བ་རོང་ཡིན། རྒྱལ་མོ་རོང་དང་ཚ་བ་རོང་གཉིས་ཡུལ་ཐག་རིང་སོ་སོ་བ་ཡིན་པའང་དགོངས་པར་མཛོད་ཅིག །ཕྱིན་ཆད་རྒྱུད་འདི་བསྒྱུར་བ་བཀག་ཅེས་པའང་རྒྱ་ཆུང་བ་ཡིན་ཏེ། དེ་དུས་སྙིང་མ་ཁོ་ནར་མ་ཟད་གསང་སྔགས་བླ་མེད་ཐམས་ཅད་རེ་ཞིག་བསྒྱུར་བ་བཀག་པས་སོ། །འོན་ཀྱང་བྱ་བའི་རྒྱུད་ཡིན་པས། །ཞེས་པའང་མ་ངེས་ཏེ། པྲ་ཁོག་སྣང་སྤྱོད་པའི་རྒྱུད་ཡིན་པར་སློབ་དཔོན་ཤནྟི་པས་བཤད་པ་ཡང་གཟིགས་འཚལ། ཡང་། སློབ་དཔོན་པད་མ་འབྱུང་གནས་དེས། །བོད་ཀྱི་འདྲེ་སྲིན་འདུལ་བའི་ཕྱིར། །རྒྱ་ཆེན་སྡེ་བཞིའི་བྲ་ཕབ་ཅིང་། །སྦྱིན་སྲེག་ལན་གསུམ་མཛད་བཞེད་ཀྱང་། །གཉིས་ལས་མཛད་པའི་ལོང་མེད་པར། །བློན་པོ་ངན་པའི་གླེན་སྤྱུགས་ཀྱིས། །རྒྱལ་བའི་སྲས་འདི་སླར་གཤེགས་ནས། །མང་ཡུལ་སྟོད་ཀྱི་ལ་ཁ་ནས། །མཁའ་ལ་འཕུར་ཏེ་ལྷོ་ནུབ་ཀྱི། །སྲིན་པོ་འདུལ་དུ་བྱོན་ནོ་ཞེས། །བླ་བཞེད་སྦ་བཞེད་གཉིས་ཀར་འབྱུང་། །ཞེས་པ་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། རྒྱལ་ཆེན་བཞི་ཡི་པྲ་ཕབ་པས། །ཤམ་པོས་འཕང་ཐང་ཆུ་ལ་བསྐུར། །ཐང་ལྷས་ཐོག་དང་ཡམས་ནད་བཏང་། །དེ་སོགས་བསྟན་པ་འཛུག་པ་ལ། །བར་ཆད་བྱེད་པའི་ལྷ་སྲིན་ཀུན། །བྱིས་པ་དེ་ཡིས་པྲ་ལ་མཐོང་། །དེ་ལ་རྒྱལ་བློན་ཀུན་ཡིད་ཆེས། །དེ་ནས་ཧས་པོ་རི་ཡི་རྩེར། །མཐེབ་ཀྱུ་ཞིག་གི་གཏོར་མ་ལ། །བོད་ཀྱི་ལྷ་སྲིན་ཐམས་ཅད་བཀུག །ལྷ་ཁང་བརྩི་གཅིག་བཀའ་བསྒོས་པས། །བསམ་ཡས་མི་ཡིས་བརྩིགས་པ་བས། །མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ། །ཀླུ་རྒྱལ་མལ་གྲོ་གཟི་ཅན་གྱི། །ཡིད་ཙམ་མ་གཏོགས་ལྷ་འདྲེའི་ཚོགས། །ལུས་ངག་ཡིད་གསུམ་དམ་ལ་ཐོགས། །དེས་ན་སྦྱིན་སྲེག་བྱ་ཅི་དགོས། །གལ་ཏེ་སྦྱིན་སྲེག་དགོས་སྲིད་ཀྱང་། །སློབ་དཔོན་ཟླ་བ་གསུམ་བཞུགས་པར། །བླ་བཞེད་སྦ་བཞེད་གཉིས་ཀ་མཐུན། །ཟླ་བ་གསུམ་གྱི་ཁོངས་དེར་ནི། །སྦྱིན་སྲེག་ལན་གསུམ་མི་གྲུབ་པའི། །གཏམ་འདི་ཧ་ཅང་མ་ཐལ་ལམ། །མཁའ་ལ་འཕུར་བའི་རྫུ་འཕྲུལ་དང་། །སྲིན་པོ་འདུལ་བའི་མཐུ་ཡོད་བཞིན། །བོད་ཀྱི་བློན་པོ་འགའ་ཞིག་ལ། །སྐྲག་ནས་སློབ་དཔོན་བཞུད་པ་འང་མཚར། །འོན་ཀྱང་སྡིག་བློན་ངན་པ་རྣམས། །སློབ་དཔོན་མཆོག་དེའི་རྫུ་འཕྲུལ་དང་། །མཐུ་སྟོབས་ཆེན་པོ་དེས་སྐྲག་ནས། །མངའ་བདག་ཆོས་རྒྱལ་ཕྲ་མས་དཔྱོས། །དུས་དེར་རྒྱལ་པོའང་ཐེ་ཚོམ་ནས། །སློབ་དཔོན་གཤེགས་པར་ཞུ་བ་ཕུལ། །གཤེགས་པར་ཆས་ཚེ་རྒྱལ་པོ་འགྱོད། །ནན་གྱིས་བཞུགས་པའི་ཞུ་བ་ཕུལ། །དེ་ལ་སློབ་དཔོན་ཆེན་པོ་དེས། །བསམ་ཡས་བཞུགས་པར་མ་གནང་ལ། །ད་དུང་གདུལ་བྱ་མ་རྫོགས་པས། །སྒྲུབ་གནས་རྣམས་སུ་རིམ་གྱིས་བཞུགས། །རྒྱལ་པོའི་བར་ཆད་བསལ་ཆེད་དུ། །སྐབས་སུ་འབྱོན་པར་ཞལ་གྱིས་བཞེས། །མི་ལོ་ལྔ་བཅུ་རྩ་དྲུག་ཏུ། །བོད་ཀྱི་གདུལ་བྱ་རྫོགས་མཛད་ནས། །སྲིན་པོ་འདུལ་བར་གཤེགས་པ་ཡིན། །རྙིང་མའི་ལོ་རྒྱུས་འདི་ཉིད་དང་། །བླ་བཞེད་སྦ་བཞེད་དོན་དུ་མཐུན། །ཞེས་སྨོས་ཏེ། དེ་ཡང་ཇི་ལྟར་མཐུན་ན་ཕུར་པ་བདག་གི་ལོ་རྒྱུས་ལས། སྡིག་བློན་རྣམས་ཀྱིས་རྒྱལ་པོ་ལ་སྙན་ཕྲ་གསོལ། །དེར་རྒྱལ་པོ་ཡང་ཐེ་ཚོམ་སྟེ་སློབ་དཔོན་གཤེགས་པར་ཞུ་བ་ཕུལ་བས། ང་རྒྱ་གར་དུ་འགྲོ་བ་རུང་སྟེ་གསང་སྔགས་ཀྱི་བསྟན་པ་ཡོངས་རྫོགས་བསྒྱུར་མ་ཐུབ་པས་གློ་བ་མ་དགའ། བོད་ཀྱི་རི་ཐམས་ཅད་ནགས་ཀྱིས་ཁྱབ་པ། གཙང་པོ་སྦུགས་སུ་འཇུག་པ། བྱེ་མ་ཐམས་ཅད་ནེའུ་སིང་དུ་བསྒྱུར་བ། འབྲོག་དགོན་པ་དང་བྱང་ཐང་ཐམས་ཅད་ཞིང་དུ་བསྒྱུར་བ་སོགས་བྱ་བ་མང་པོ་ཡོད་པ་ལ། སེམས་ཅན་གྱི་བསོད་ནམས་ལ་མ་ཤོངས། ཀྱེ་མ་བོད་འབངས་སྙིང་རེ་རྗེ་གསུངས། བསམ་ཡས་ཀྱི་མཐའ་སྐོར་གྱི་བྱེ་མ་ལ་བསྙེན་ཕུར་བསྒྲིལ་བས་སིང་མར་སྔོ་ཞུར་གྱི་སོང་། རྒྱལ་པོ་ལ་བསྟན་པ་བསྲུང་བའི་དྲག་སྔགས་བརྒྱ་རྩ་བརྒྱད་དང་། ཕན་བྱ་བརྒྱ་ཉི་ཤུ་ལ་སོགས་པ་གནང་། བདག་ནི་སྲིན་པོའི་ཁ་གནོན་ལ་འགྲོ་བས་ངའི་ཆོས་འཕྲོ་ལུས་པ་རྣམས་རྒྱ་གར་ནས་པཎ་ཆེན་བི་མ་ལ་མི་ཏྲ་སྤྱན་དྲོངས་ལ་སྒྱུར་ཅིག །རྒྱལ་པོ་ཉིད་ཀྱང་སྐུ་ཚེ་ཉི་ཟླ་དང་མཉམ་པར་བཞུགས། དགོངས་པས་ཚེ་ཆུ་འདི་གསོལ་གསུངས་པས། མངའ་བདག་གི་ཐུགས་ལ། སློབ་དཔོན་གཤེགས་པ་འདིས་མ་དགྱེས་ནས་ལྷོ་བལ་གྱི་ཞེད་ཀྱིས་དུག་བཏང་བ་འདྲ་ཡང་སྲིད་སྙམ་ནས་སྤྱང་ཐུལ་གྱི་འདབས་ན་མར་ཕོ་བས། དེ་མ་ཐག་ཏུ་ས་ལ་ཆུ་མིག་རྡོལ། ཆུ་དེ་ལ་དེང་སང་དུའང་ཆུ་རྗེ་ནེའུ་སིང་དུ་གྲགས། དེ་ནས་སློབ་དཔོན་གཤེགས་པ་མངའ་བདག་གིས་མ་བཟོད་དེ། རྒྱལ་ཁྲིམས་ཞིག་ནའང་ཞིག་བདག་མ་གུམ་བར་དུ་བཞུགས་པར་ཞུ་ཞུས་པས། ད་དུང་བོད་ཀྱི་གདུལ་བྱ་མ་རྫོགས་པར་དགོངས་ནས་བསམ་ཡས་སུ། བཞུགས་པ་ནི་མ་གནང་། སྒྲུབ་གནས་རྣམས་སུ་བྱོན་ནས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པ་མཛད་དེ་བྱིན་གྱིས་རློབ་པ་དང་། བོད་ཡུལ་གྱི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་པར་མཛད། སྒྲུབ་གནས་རྣམས་སུ་གཏེར་ཁ་མང་པོ་སྦས། བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག །ཁྱད་པར་དུ་མཚོ་ཆེན་པོ་བཞི་ལ་ཕྱག་རྗེས་བཞག་པ་ནི་ཆུ་མ་སྐམས་ཀྱི་བར་དུ་གནས་པར་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་དེང་སང་ཡང་གསལ། སྐབས་སུ་རྒྱལ་པོ་རྗེ་འབངས་ལ་ཆོས་གསུང་པ་དང་། བསམ་ཡས་ཀྱི་དཀོར་སྲུང་ལ་རྒྱལ་པོ་པེ་ཧར་བསྐོ་བའི་དུས་ཀྱི་ཚེ་དང་། བཙུན་མོ་དམར་རྒྱན་བཟའི་མཛེ་ནད་བསལ་བ་ལ་སོགས་པ་སྐབས་སྐབས་སུ་བྱོན། མངའ་བདག་གཤེགས་ནས་སྲས་མུ་ནེ་བཙན་པོ་ཡུམ་གྱི་དུག་གིས་གྲོངས། མུ་ཁྲི་བཙན་པོ་ན་གཞོན། མཐའི་དམག་ཧོར་དང་། གེ་སར་ཁྲོམ་དང་། རྒྱ་ལ་སོགས་པས་བོད་ཕུང་དུ་ཆ་བ་ན། མུ་ཁྲི་བཙན་པོའི་ཕ་དོད་མཛད་དེ་རྒྱལ་སྲིད་ལོ་གསུམ་བསྐྱངས། དེ་ནས་རྒྱལ་བུ་ལ་རྒྱལ་སྲིད་གཏད་དེ་སུ་ཡིས་བཤོལ་བཏབ་ཀྱང་མ་གསན་པར་སྲིན་པའི་ཁ་གནོན་ལ་གཤེགས། དེ་ལྟར་བསམ་ཡས་ཀྱི་ས་འདུལ་བ་ལ་སོགས་པ་ཟླ་བ་གསུམ་བཞུགས། དེ་ནས་སྡིག་བློན་རྣམས་ཀྱི་སྣང་ངོར་གཤེགས་པ་ལྟར་ཡོན་མཆོད་བཀའ་བསྒྲོས་ཏེ་མཛད་ནས། བོད་ཀྱི་དབེན་རྩ་རྣམས་སུ་བཞུགས་ཞེས་བཤད། དེ་ལྟར་དུས་དེར་སློབ་དཔོན་གཤེགས་སུ་བཅུག་པ་དང་ཆོས་བསྣུབ་པར་སྡིག་བློན་རྣམས་ཀྱི་མ་ནུས་ལ་མུ་ཁྲི་བཙན་པོའི་ཕ་ཚབ་མཛད་ནས་རྒྱལ་སྲིད་ལོ་གསུམ་བསྐྱངས། ཞེས་པ་ནི་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་དཀོར་མཛོད་ནས་རྙེད་པའི་ཡིག་ཚང་ལས་ཀྱང་འབྱུང་ངོ་། །གཞན་ཡང་རྙིང་མ་བ་དག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་དྲུག་ཅུ་རྩ་གཅིག་བཞུགས་པར་འདོད། གཞན་དག་དྲུག་ཅུ་རྩ་བརྒྱད་བཞུགས་ཟེར། གང་ལྟར་ཡང་ཆོས་རྒྱལ་གཤེགས་རྗེས་ལོ་གསུམ་བཞུགས། འདི་ལ་བཀའ་གདམས་གླེགས་བམ་གྱི་བུ་ཆོས་སུ་ཇོ་བོ་རྗེས། དེའི་དུས་ཀྱི་སློབ་དཔོན་པདྨ་ནི་ཁོ་བོ་ཡིན་ལ། དེའི་ཆོས་ནི་ད་ལྟ་བོད་ཀྱི་སྔགས་པ་རྣམས་ལ་གྲགས་པ་འདི་ཡིན་ནོ་གསུང་། བླ་བཞེད་སྦ་བཞེད་གཉིས་ཀྱི་ལོ་རྒྱུས་དེའང་བླ་བཞེད་ནི། བླ་ཆེན་པོས་སྦ་བཞེད་ལྟར་དུ་བྲིས་པ་ཡིན་ལ། སྦ་བཞེད་རིམ་པ་གསུམ་བྱས་ནས། གཅིག་རྗེའི་ཕྱག་སྦལ་དུ་བཞག་གཅིག་དབོན་སྲས་ལ་བཞག །གཅིག་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ལ་བཞག་གོ། །ཞེས་པའི་ཚུལ་འདི་སྡིག་བློན་རྣམས་ཀྱི་ངོར་བྱས་པ་ཡིན་ཅིང་། འདི་ལ་རྙིང་མ་པ་རྒྱུས་མེད་ཁ་ཅིག །སྦ་ཡེ་ཤེས་དབང་པོ་སློབ་དཔོན་པདྨ་ལ་མི་དད་པས་དེ་ལྟར་བཅོས་པ་ཡིན། ཕྱིས་སློབ་དཔོན་གྱིས་རྗེས་སུ་བཟུང་པས་དེ་ལྟ་མ་ཡིན་ཞེས་ཟེར་ཏེ་མ་གོ་བ་ཡིན་ཅིང་། སྦ་བཞེད་ནི་སྡིག་བློན་རྣམས་ཀྱི་ངོར་རྒྱལ་བློན་རྣམས་ཀྱིས་བསྒྲིགས་པ་ཡིན་ལ། ཡེ་ཤེས་དབང་པོས་བྱས་པ་མ་ཡིན་ནོ། །དེ་ལ་སོགས་པ་གོ་བ་ལོངས་ན་རྙིང་མའི་ལོ་རྒྱུས་དང་སྦ་བཞེད་མི་མཐུན་པ་མི་འབྱུང་ངོ་། །ཡང་། སློབ་དཔོན་པདྨ་གཤེགས་རྗེས་སུ། །དཔལ་གྱི་བསམ་ཡས་རྨོངས་ནས་བརྩིགས། །རབ་གནས་ལན་གྲངས་བརྒྱད་དུ་མཛད། །མཛད་མཁན་པོ་དྷི་ས་ཏྭ་ཡིན། །དེ་ལ་བསྟན་བཅོས་དེ་གཉིས་མཐུན། །ཞེས་པ་ལ། མཁན་པོ་བོ་དྷི་ས་ཏྭ་ཡིས། །རབ་གནས་ལན་གྲངས་བརྒྱད་མཛད་པས། །སློབ་དཔོན་བཞུད་པ་མི་འགྲུབ་སྟེ། །དུས་དེར་པཎ་ཆེན་བརྒྱ་རྩ་གཅིག །སོ་སོས་རབ་གནས་མཛད་པའི་ཕྱིར། །བོ་དྷི་ས་ཏྭའང་བཞུད་ཟེར་རམ། །སློབ་དཔོན་བཞུགས་པའི་གཏན་ཚིགས་ཀྱང་། །བསམ་ཡས་ཀྱི་ནི་ལྷ་རྣམས་ཀུན། །བོད་ཀྱི་མི་ལ་དཔེ་བྱས་ཏེ། །རྟ་མགྲིན་གླིང་གི་དབང་ཆེན་སྐུ། །བློན་པོ་ཁུ་ཡི་སྟག་སྣ་ལ། །དཔེ་གྱིས་ལ་སོགས་ཞལ་བཀོད་ཀྱང་། །སློབ་དཔོན་པདྨ་མཛད་པར་བཤད། །སྤྱིར་ན་བསམ་ཡས་རབ་གནས་ནི། །དུས་དེར་པཎ་ཆེན་སོ་སོས་མཛད། །ཁྱད་པར་སློབ་དཔོན་པདྨ་ཡིས། །ནམ་མཁའི་དབྱིངས་སུ་བཞུགས་ནས་ཀྱང་། །རྡོར་དབྱིངས་དཀྱིལ་འཁོར་མཁའ་ལ་སྤྲུལ། །བུ་སྟོན་ཆོས་འབྱུང་དུ། བསམ་ཡས་མེ་མོ་ཡོས་ལ་རྨངས་བཏིང་། ས་མོ་ཡོས་ལ་ཚར། ཨཱ་ཙ་རྱ་བོ་དྷི་སཏྭ་དང་། པདྨ་སམྦྷ་ཝས་རབ་གནས་མཛད། ལོ་བཅུ་གསུམ་དུ་དགའ་སྟོན་བྱས་ཏེ། ཞེས་འབྱུང་ངོ་། །མེ་ཏོག་ལེན་པར་ལྷ་རྣམས་ཀྱིས། །ལྷ་ཁང་ནང་ནས་ཕྱི་ལ་བྱོན། །སླར་ཡང་ནང་དུ་ལོག་པར་བཤད། །དུས་དེར་བསྒྲིགས་པའི་བསམ་ཡས་ཀྱི། །དཀར་ཆག་བདེན་ན་དཔལ་འཛིན་འཁྲུལ། །དཔལ་འཛིན་བདེན་ན་ཐམས་ཅད་སྦ་བཞེད་སོགས་ཀྱང་གོ་བ་ལོང་ན་རྙིང་མ་དང་མཐུན་པས། འཁྲུལ། །ཡང་། དེ་ཡི་བཀའ་སྲུང་པེ་ཧ་ར། །མལ་གྲོའི་ས་བདག་རྒྱུ་འདལ་གྱིས། །སྔར་ལུང་བསྟན་ནས་རྒྱལ་པོ་དེས། །རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི། །ཡུལ་འཁོར་བཅོམ་པའི་རྗེས་སུ་འབྲངས། །སྨན་བླའི་ལོ་རྒྱུས་ལས་འདི་གསལ། །ཞེས་པ་ལ། ཟ་ཧོར་ཞེས་པའི་ཚིག་འདི་ཉིད། །སྨན་བླའི་ལོ་རྒྱུས་ལ་ཡོད་ཀྱང་། །རྒྱ་གར་རྒྱ་ནག་མ་ཕྱེད་པར། །རྒྱ་གར་ཤར་ཕྱོགས་སུ་བསམས་པ། །བོ་དྷི་སཏྭའི་དགོངས་པ་མིན། །འདི་ནི་འབའ་ཏ་ཧོར་གྱི་ཡུལ། །བྱེ་བྲག་ཟ་ཧོར་ཞེས་བྱ་བ། །རྒྱལ་པོ་གནས་པའི་སྒོམ་གྲྭ་ཡིན། །སྔོན་ཚེ་བློན་པོ་མགར་གྱི་དུས། །ཡུལ་དེའི་གྱད་གཉིས་རྒྱ་ནག་གིས། །ཕྱིར་སྙེགས་བཏང་བ་བློན་པོ་དེས། །ཐབས་ཀྱིས་བྲིད་ནས་བོད་དུ་སླེབས། །དེ་གཉིས་བརྒྱུད་པ་འཕྱོང་རྒྱས་ཀྱི། །སྟག་རྩེའི་ཟ་ཧོར་བརྒྱུད་འདི་ཡིན། །ས་ཧོ་ར་ཞེས་བྱ་བའི་ཡུལ། །རྒྱ་གར་ཤར་ཏེ་མཁན་པོ་དང་། །ཇོ་བོ་གཉིས་ཀའི་འཁྲུངས་ཡུལ་ཡིན། །སྒྲ་དེ་བོད་ཀྱིས་ཟུར་ཆག་པས། །ཟ་ཧོར་ཟེར་ཏེ་དག་པ་མིན། །པེ་ཧར་འདི་ཡང་ཧོར་གྱི་ལྷ། །དེང་སང་དུ་ཡང་ཧོར་རྣམས་བརྟེན། །བོད་འདིར་ཇི་ལྟར་སླེབས་པའི་ཚུལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་དམག་གི་དགྲ་ལྷ་རུ། །རྒྱལ་མོ་ཆེན་པོ་རྣམ་སྲས་བསྐོས། །དེ་ནས་བོད་ཀྱི་དམག་ཆས་ཏེ། །འབའ་ཏའི་སྒམ་གྲྭ་བཅོམ་པའི་ཚེ། །པེ་ཧར་འཁོར་བཅས་ནམ་མཁར་བྲོས། །གནོད་སྦྱིན་ཕོ་ཉས་མདའ་འཕངས་པ། །ཕོག་ནས་པེ་ཧར་ས་ལ་ལྷུང་། །དེ་ནས་ལྷ་ཆའི་ཕྱི་ལ་འབྲངས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཆོས་འཁོར་བསམ་ཡས་ལ་སོགས་པ། །གཙུག་ལག་ཁང་ཀུན་བསྲུང་བར་བསྐོས། །ལོ་རྒྱུས་རྣམ་སྲས་ལྗངས་ཡུལ་མ། །སྤྲིན་གསེབ་མ་དང་གཉིས་ལས་བཤད། །དེང་སང་ལྷ་ཁང་ཕལ་མོ་ཆེའི། །སྲུང་མར་རྒྱལ་པོ་ཡོད་པ་ཡང་། །རྒྱུ་མཚན་འདི་ཡིས་གྲུབ་པ་ཡིན། །དེ་དུས་བོད་ཀྱི་དམག་རྣམས་ལ། །སློབ་དཔོན་པདྨས་བསྐུར་བ་ཡིན། །རྣམ་ཐོས་སྲས་ཀྱི་ཕྱག་དར་ནི། །མཐའ་མི་མགོན་བརྩོན་གྱིས་བྲིས་པ། །བསམ་ཡས་དཀོན་མཛོད་ནས་བྱུང་སྟེ། །ད་ལྟ་ཆོས་ལུང་ཚོགས་པ་ལ། །ཀོ་ཤུབས་མ་རུང་གྲགས་པ འང་སྣང་། །ལྟར་སྣང་ཙམ་གྱི་ལོ་རྒྱུས་ལ། །རི་བང་ཅལ་ལྟར་མི་རྒྱུག་པར། །གཏན་ཚིགས་འབྲེལ་པའི་ལོ་རྒྱུས་ལ། །ད་དུང་ཐོས་པར་སྐྱེད་པར་རིགས། །ཡང་། དེ་དུས་བོད་ན་རྡོ་རྗེ་དབྱིངས། །ཀུན་རིག་རྣམ་སྣང་མངོན་བྱང་སོགས། །རྣལ་འབྱོར་རྒྱུད་སྡེ་མན་ཆད་ཀྱི། །བསྐྱེད་པའི་རིམ་པའི་ཉམས་ལེན་དར། །གྲུབ་པ་ཐོབ་པའང་འགའ་ཞིག་བྱུང་། །ཡེར་པའི་བྲག་ལ་ཀྲྀ་ཡོག་གི། །བསྐྱེད་རིམ་གྲུབ་ནས་འཕུར་བའི་ཚུལ། །ཡེར་པའི་དཀར་ཆག་ཉིད་ན་ཡོད། །ཅེས་པ་ལ། རྙིང་མ་མེད་པར་འདིས་མི་འགྲུབ། །འདི་ནི་གོང་དུ་ཁྱེད་རང་གིས། །ཕྱིན་ཆད་རྒྱུད་སྡེ་འདི་བསྒྱུར་བ། །བཀག་ཅེས་བཀས་བཅད་ཁོངས་སུ་དྲངས། །ཀྲི་ཡོག་གྲུབ་ཐོབ་བྱོན་ཚུལ་གྱིས། །རྙིང་མ་ཆོས་མིན་བསྒྲུབས་བསྒྲུབས་ནས། །ཞར་ལ་གསར་མའི་བླ་མེད་ཀྱང་། །མེད་ཅིང་སྨད་པར་མ་བྱས་སམ། །ཡང་། རྨ་བན་རིན་ཆེན་མཆོག་ཅེས་བྱས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་གསན་ནས་བཙལ་བའི་ཚེ། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲགས། །ཞེས་པ་ལ། རྒྱུད་རྒྱལ་གསང་བ་སྙིང་པོ་ནི། །སློབ་དཔོན་པདྨས་རང་འགྱུར་མཛད། །དེ་རྗེས་པཎ་ཆེན་བི་མ་ལ། །གཉགས་ལོ་ཛྙཱ་ན་ཀུ་མཱ་རས། །བསྒྱུར་ཞིང་ཁྲོ་ཕུ་ལོ་ཙཱ་བས། །རྒྱ་དཔེ་དེ་ཉིད་གསལ་བར་གཟིགས། །མཁན་ཆེན་ཐར་པ་ལོ་ཙཱ་བས། །ཕྱི་མའི་རྒྱུད་ལ་གསར་འགྱུར་མཛད། །བསམ་ཡས་ནས་བཤུས་རྒྱ་དཔེ་ལས། །བཅོམ་ལྡན་རལ་གྲིས་བསྒྱུར་ཞིང་ཞུས། །སློབ་དཔོན་བརྒྱ་བྱིན་སྡོང་པོ་ཡིས། །སངས་རྒྱས་མཉམ་སྦྱོར་འགྲེལ་པ་དང་། །སློབ་དཔོན་བི་ཤྭ་མི་ཏྲ་ཡི། །འདུས་པ་ཕྱི་མའི་འགྲེལ་པ་དང་། །ཇོ་བོའི་བཀའ་གདམས་ཕ་ཆོས་སུ། །རྒྱུད་འདི་ལུང་ཡང་མང་པོ་དྲངས། །སངས་རྒྱས་གསང་བའི་ལམ་རྣམ་བཀོད། །རྒྱུད་འདི་ཉིད་ལ་བརྟེན་ནས་མཛད། །སློབ་དཔོན་སྒེག་པའི་རྡོ་རྗེ་ཡིས། །མཛད་པའི་འགྲེལ་པ་སྤར་ཁབ་དང་། །ཉི་འོད་སེང་གེས་མཛད་པ་སོགས། །ཁུངས་ཐུབ་རྒྱ་འགྲེལ་དག་ཀྱང་ཡོད། །འདི་དག་ཆོས་ཀྱི་སྤྱན་མངའ་བའི། །ཐམས་ཅད་མཁྱེན་པ་བུ་སྟོན་སོགས། །སྔོན་གྱི་མཁས་པས་དཔང་དུ་མཛད། །གཞན་ཡང་བཻ་རོས་འདི་བརྩམས་པས། །ཚ་བ་རོང་དུ་སྤྱུགས་སོ་ཟེར། །སྦ་བཞེད་ཚད་མར་འཛིན་ན་ནི། །རྒྱ་ཡི་སྙན་ཕྲའི་དབང་སོང་ནས། །བཻ་རོ་སྤྱུགས་པར་དེ་ལས་བཤད། །ཡང་། དེ་རྗེས་རྒྱལ་པོ་ཁྲི་དར་མས། །སངས་རྒྱས་བསྟན་པ་བསྣུབས་ནས་ཤི། །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་བཤིག །ལོ་པཎ་ཐམས་ཅད་ས་མཐར་བྲོས། །དཔང་པོ་མེད་ཅིང་འཇིགས་མེད་པས། །བོད་ཀྱི་སྔགས་པ་ངན་པ་རྣམས། །ལས་སུ་རྫུན་རྒྱུད་འབའ་ཞིག་བརྩམས། །སྦྱོར་སྒྲོལ་ལོག་སྤྱོད་མེ་ལྟར་མཆེད། །ཅེས་པ་ལ། དར་མས་བསྟན་པ་བསྣུབས་པ་ནས། །བསྟན་པ་ཕྱིས་དར་མ་ཚུགས་བར། །རབ་ཏུ་བྱུང་བ་མེད་མོད་ཀྱི། །སྔགས་འཆང་གྲུབ་པ་བརྙེས་པ་རྣམས། །ཁྱིམ་པའི་ཚུལ་གྱིས་སྦས་ཡུལ་བཟུང་། །རང་གིས་སྒྲུབ་པ་སྙིང་པོར་བྱས། །མདོ་སྔགས་གསུང་རབ་འགྱུར་རོ་ཅོག །གླེགས་བམ་ཐམས་ཅད་ཕྱག་ཏུ་བཟུང་། །དེ་ནས་འོད་སྲུང་ཡུམ་བཙན་དུས། །ཁྱིམ་པ་སྐྱེ་བོ་རྣམས་ཀྱིས་ཀྱང་། །དཀོན་མཆོག་གསུམ་ལ་དད་བྱས་པས། །ལྷ་ས་བསམ་ཡས་ལ་སོགས་པ། །གཙུག་ལག་ཁང་རྣམས་མ་ཉམས་ཤིང་། །དབུས་གཙང་མི་དྲུག་ཀླུ་མེས་སོགས། །བསྟན་པ་ཕྱི་དར་མགོ་འཛུག་དུས། །སྔོན་ཚེ་བསྒྱུར་བའི་གསུང་རབ་ལ། །ཅི་དགར་ལོངས་སྤྱད་ཆོག་པ་བྱུང་། །ཞེས་པ་དེབ་ཐེར་སྔོན་པོར་གསལ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དུས། །ཇི་ལྟར་བསྒྱུར་བའི་རྒྱ་དཔེ་རྣམས། །དེང་སང་བར་དུ་བསམ་ཡས་བཞུགས། །འདི་དག་ཇོ་བོ་ཨ་ཏི་ཤས། །ཞིབ་ཏུ་གཟིགས་པས་ཤིན་ཏུ་དགྱེས། །དེ་དུས་བསྟན་པ་དར་བ་ཙམ། །རྒྱ་གར་དུ་ཡང་མ་བྱུང་གསུངས། །སློབ་དཔོན་པདྨས་ཤཱི་ལེནྡྲ། །སྡེ་བརྒྱད་མཁའ་འགྲོའི་མཛོད་སོགས་ནས། །བླངས་པས་རྒྱུད་སྡེ་རྒྱ་གར་ལས། །བོད་ན་མང་བ་དེ་ཡིན་གསུངས། །འགའ་ཞིག་ཞལ་བཤུས་རྒྱ་གར་བསྐུར། །ལོ་རྒྱུས་ལམ་ཡིག་ཆེན་མོར་ལྟོས། །བོད་ཀྱི་སྔགས་པས་བརྩམས་ཞེས་པའི། །གཏམ་ཡང་རང་བཟོ་ཁོ་ན་ཡིན། །འདི་ལ་གཏན་ཚིགས་རྣམ་དག་མེད། །བོད་ཀྱི་ལོ་རྒྱུས་ཁུངས་མ་རུ། །སྔགས་པས་བརྩམས་ཞེས་ཅང་མི་སྣང་། །དེ་ཕྱིར་ཕོ་བྲང་ཞི་བ་འོད། །འགོས་དང་ཙ་མི་ལོ་ཙཱ་བའི། །སྤྲིངས་ཡིག་ཆེ་ཆུང་དག་ལས་ཀྱང་། །སྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས། །བྱས་སོ་ཙམ་ལས་མ་བྱུང་ངོ་། །འདི་ནི་ཧྭ་ཤང་སུན་ཕྱུངས་དུས། །མངའ་བདག་ཆེ་དེས་བཀས་བཅད་དེ། །བསྟན་པའི་གཞི་མ་འདུལ་བ་ལ། །དགོངས་ནས་སྤྱོད་པ་འདུལ་བ་དང་། །རྒྱུད་སྡེ་འོག་མ་གསུམ་པོ་གནང་། །བླ་མེད་རྒྱུད་རྣམས་རེ་ཞིག་ལ། །བཀག་པའི་ཟོལ་གྱིས་གུད་དུ་སྦས། །དེ་ཕྱིར་དཀར་ཆག་ལྷན་དཀར་དང་། །འཕང་ཐང་མ་ལ་སོགས་པ་རུ། །གསང་སྔགས་རྙིང་མ་ལྟ་ཅི་སྨོས། །གསར་མའི་བླ་མེད་དག་ཀྱང་མེད། །སྦྱོར་སྒྲོལ་ལོག་སྤྱོད་མེ་ལྟར་མཆེད། །ཞེས་པའི་གཏམ་ཡང་དཔྱད་དགོས་ཏེ། །སྦྱོར་སྒྲོལ་གསར་མ་ནས་ཀྱང་གསུངས། ། ལམ་དུ་ལོངས་པར་མ་གྱུར་ན། །གཉིས་ཀ་ལོག་སྤྱོད་ཡིན་པར་མཚུངས། །གསང་སྔགས་རྙིང་མ་ཁོ་ན་བ། །ལོག་པར་སྤྱོད་པ་ཡིན་ནམ་ཅི། །གཟུ་བོར་གནས་པའི་བློ་ཡིས་སོམས། །ཡང་། མངའ་བདག་དཔལ་འཁོར་བཙན་གྱིས་དུས། །གནུབས་བན་སངས་རྒྱས་ཡེ་ཤེས་བྱུང་། །ཁ་ཐུན་ལ་སོགས་གཤིན་རྗེའི་གཤེད། །རྟ་མགྲིན་པདྨ་དབང་ཆེན་དང་། །མ་མོ་སྲིད་པ་རྒྱུད་ལུང་དང་། །ཀཱི་ལ་ཡ་ནི་བཅུ་གཉིས་པ། །དེ་སོགས་སྒྲུབ་ལུགས་རྒྱུད་བརྒྱད་དང་། །ཁ་སྐོང་གི་ནི་རྒྱུད་དྲུག་དང་། །དེ་བཞིན་རྒྱུད་ཀྱི་རྒྱལ་པོ་དྲུག །སྒྲུབ་པའི་མན་ངག་མཐའ་ཡས་བྱས། །ཁྱད་པར་ཧ་ཤང་གྲུབ་མཐའ་དང་། །མན་ངག་ལྟ་བའི་ཕྲེང་བ་བསྲེས། །རྫོགས་པ་ཆེན་པོའི་ཆོས་སྐོར་ནི། །རྨད་བྱུང་ལ་སོགས་བཅུ་གསུམ་བྱས། །ཞེས་པ་ལ། གནུབས་བན་སངས་རྒྱས་ཡེ་ཤེས་ནི། །སློབ་དཔོན་པདྨ་དངོས་ལ་ཐུག །དཔལ་འཁོར་བཙན་དང་དུས་མི་མཚུངས། །ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ། །གྲུབ་བརྙེས་ཉི་ཟླ་གདན་དུ་བཏིང་། །སྒྲགས་ཀྱི་གྲོང་ཁྱེར་བཅུ་བདུན་པོ། །དྲག་སྔགས་མཐུ་ཡིས་ཐལ་བར་བྱས། །རྒྱལ་སྲས་མུ་ཁྲི་བཙན་པོ་ལ། །པེ་ཧར་གནམ་ཐེའི་གནོད་པ་བསལ། །རྒྱ་གར་བལ་པོར་ལན་བདུན་བྱོན། །མི་ལོ་བརྒྱ་དང་བཅུ་བཞི་བཞུགས། །མཁས་པ་དེ་ཡིས་བསྒྱུར་བའི་ཆོས། །དེ་ཡིས་བྱས་ཞེས་སྐུར་འདེབས་ན། །བྱས་ཀྱང་བྱས་པ་ཁོ་ནས་ལེགས། །རྒྱུད་རྣམས་སངས་རྒྱས་གསུང་མིན་ཅིང་། །རང་བཟོས་བསྒྲིགས་པའི་རྟོག་ཆོས་ལ། །གྲུབ་བརྙེས་བྱིའུ་ཁྱུ་འཕུར་བ་ཙམ། །གནུབས་པའི་ཆོས་ལས་བྱུང་འདི་མཚར། །གཤིན་རྗེ་ཁ་ཐུན་ཆོས་སྐོར་འདི། །འགོས་ལོ་ལ་ཡང་ཡོད་པ་ཡིན། །གཞན་ཡང་འགོས་ལོ་ལྷས་བཙས་ཀྱི། །རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ། །ཞུས་པའི་གཤིན་རྗེ་འགའ་ཞིག་དང་། །འཆར་ཀ་འགོས་ལུགས་ཞེས་ཀྱང་བྱ། །སྤྲིན་ཤུགས་མ་ཞེས་བྱ་བ་ལ། །རྒྱུད་དྲུག་འགྲེལ་པ་མན་ངག་བཅས། །ག་ཡ་དྷ་རིའི་ཞལ་ཁྲིགས་དང་། །སློབ་དཔོན་སངས་རྒྱས་གཉིས་པ་ནས། །བརྒྱུད་པའི་གཤིན་རྗེ་ཚེ་བདག་དང་། །ཇོ་བོ་རྗེ་ཡི་རྟ་མགྲིན་དང་། །ས་སྐྱ་པ་ཡི་ཡང་ཕུར་དང་། །རས་ཆུང་ལུགས་ཀྱི་ཕྱག་རྡོར་དང་། །ཟངས་ལོའི་རྣམ་སྲས་འབྲོམ་སྡེ་ལུགས། །སྣར་ཐང་པ་ཡི་ལྷ་མོ་དཔལ། །བྷ་ཧ་ར་ཡི་སྟག་ཞེན་སོགས། །རྒྱུད་དང་སྒྲུབ་ཐབས་རྒྱ་ཆེན་པོ། །དེ་རྣམས་ཇོ་བོ་རྗེ་ལ་སོགས། །མ་བྱོན་གོང་དུ་གནུབས་པ་ལ། །ཡོད་ཕྱིར་བརྩམས་ཞེས་མི་སྨྲ་སྟེ། །ཁྱད་པར་མེད་ཅིང་མཐུན་པ་ནི། །དེ་ཡི་ཆོས་དང་བསྡུར་བས་ཤེས། །དེ་ལྟ་ན་ཡང་འགོག་བྱེད་ན། །བདེ་བར་གཤེགས་པའི་བསྟན་པ་ལས། །ལྐོག་ཏུ་གྱུར་པའི་གྲུབ་མཐའ་ཞིག །འཛིན་པ་ཉིད་དུ་ཁྱེད་ཅག་ངེས། །ཁྱད་པར་ཧྭ་ཤང་གྲུབ་མཐའ་དང་། །མན་ངག་ལྟ་ཕྲེང་བསྲེས་སོ་ཞེས། །འདི་ཡང་འཐད་པ་མ་ཡིན་ཏེ། །མན་ངག་ལྟ་བའི་ཕྲེང་བ་ནི། །ཚད་ལྡན་གཞུང་དུ་ཁྱེར་རང་གིས། །ཁས་བླངས་འདིར་ནི་ཧྭ་ཤང་ལུགས། །ཡས་བབས་ལ་སོགས་གྲུབ་པའི་མཐའ། །ཚིག་འབྲུ་གཅིག་ཀྱང་ཡོད་མ་ཡིན། །དེ་ཕྱིར་བསྙོན་དུ་མ་ཤེས་ཏེ། །རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡི། །ཐུགས་དམ་མན་ངག་ལྟ་ཕྲེང་ཡང་། །ཕྱིས་ནས་དེ་ཡི་བརྒྱུད་འཛིན་གྱིས། །རྫོགས་པ་ཆེན་པོའི་ཆོས་སུ་བསྒྱུར། །སྦས་ཡུལ་ཀཿཐོག་པ་ལ་སྦྱར། །དེ་སྐད་ཟེར་དགོས་བྱུང་བའི་ཕྱིར། །ཀཿཐོག་ཞེས་བྱའི་དགོན་པ་ཡང་། །རྒ་མི་དམ་པ་བདེ་གཤེགས་ཞེས། །ཕག་མོ་གྲུ་པའི་ཡུམ་མཆེད་དེས། །བདག་མེད་ཡུལ་དུ་དགོན་པ་བཏབ། །སུས་ཀྱང་སྦྱར་བའི་ལོ་རྒྱུས་མེད། །ཡང་། དར་རྗེ་དཔལ་གྱི་གྲགས་པ་ཡིས། །ཀུན་འདུས་རིག་པའི་མདོ་དང་ནི། །དགོངས་འདུས་ཡེ་ཤེས་རྔམས་པ་གློག །དུར་ཁྲོད་ཁུ་བྱུག་རོལ་པ་དང་། །སེམས་ལུང་ཆེན་མོ་ལྔ་རུ་བྱས། །ཉང་སྟོན་སྨྲ་བའི་སེང་གེ་ཡིས། །ཀུན་བྱེད་རྒྱལ་པོ་ལ་སོགས་པ། །སེམས་སྡེ་མ་བུ་བཅོ་བརྒྱད་བྱས། །ལྕེ་བཙུན་སེང་གེ་དབང་ཕྱུག་གིས། །བི་མ་ལ་ཡི་སྙིང་ཐིག་དང་། །དེ་ཡི་རྒྱུད་ཆེན་བཅུ་བདུན་བྱས། །རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡི། །ཐུགས་དམ་མན་ངག་ལྟ་ཕྲེང་ཡང་། །ཕྱིས་ནས་དེ་ཡི་བརྒྱུད་འཛིན་གྱིས། །རྫོགས་པ་ཆེན་པོའི་ཆོས་སུ་བསྒྱུར། །སྦས་ཡུལ་ཀཿཐོག་པ་ལ་སྦྱར། །ཞེས་པ་ལ། ཀུན་འདུས་ལ་སོགས་མདོ་ལྔ་པོའི། །ལུང་འདྲེན་རྒྱ་འགྲེལ་ཁུངས་མར་མང་། །མཚན་བརྗོད་འགྲེལ་པར་བི་མ་ལས། །ཀུན་འདུས་རིག་པའི་ལུང་མང་དྲངས། །ཀུན་བྱེད་སེམས་ཕྱོགས་ཡིན་མོད་ཀྱི། །སེམས་སྡེ་བཅོ་བརྒྱད་ནང་ཚན་མིན། །དགོངས་པ་འདུས་པའི་མདོ་ཞེས་པ། །མདོ་སྡེ་གདམས་ངག་འབོགས་པའི་རྒྱལ། །ཡིན་པར་སྒྲ་ཡིས་སྒྲུབ་པ་ཡིས། །འགོས་ལོ་ཡིད་བཟང་རྩེ་བས་བསྒྲུབས། །བི་མ་ལ་ཡི་སྙིང་ཐིག་ལ། །མན་ངག་བརྒྱ་དང་བཅུ་དགུ་ཡོད། །དེ་ལ་རྒྱུད་ཆེན་བཅུ་བདུན་དང་། །ཁ་སྐང་གི་ནི་རྒྱུད་བཞི་དང་། །བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད། །འདི་ཀན་ལྡང་མ་ལྷུན་རྒྱལ་གྱིས། །དབུ་རུ་ཞྭ་ཡི་ལྷ་ཁང་ནས། །གཏེར་བཏོན་ཁམས་པ་སྒོམ་ཆེན་དང་། །གནས་བརྟན་རྩེ་མོ་གྲགས་ལ་སོགས། །སློབ་མ་འགའ་ལ་སྤེལ་བ་ཡོད། །ལྡང་མ་འདའ་ཁར་ལྕེ་བཙུན་སླེབས། །གཏེར་ཆོས་ཀུན་བྱིན་མ་ཕྱི་གཡར། །ད་གཟོད་སྐྱེལ་བའི་ཆད་མདོ་བྱས། །ད་གཟོད་དུས་ཐོག་སྐྱེལ་དུ་ཕྱིན། །སྙེ་ཐང་འོར་དུ་སླེབས་པ་དང་། །ལྡང་མ་འདས་པའི་གཏམ་ཐོས་པས། །སྐྱོ་ནས་སླར་ལོག་གཙང་ལ་འོངས། །དེས་ན་རྒྱུད་ཆེན་བཅུ་བདུན་དང་། །བི་མ་ལ་ཡི་སྙིང་ཐིག་རྣམས། །ལྕེ་བཙུན་ཉིད་དང་མ་འཕྲད་གོང་། །གཞན་ལ་གྲགས་ཕྱིར་ལྕེ་བཙུན་གྱིས། །བརྩམས་ཆོས་ཡིན་ཅེས་མ་སྨྲ་ཞིག །འདི་ནི་དེ་རྗེས་ལྕེ་བཙུན་གྱིས། །བསམ་ཡས་མཆིམས་ཕུ་ནས་བཏོན་པའི། །གཏེར་ཆོས་ཟབ་པ་པོད་བཞི་དེ། །བི་མ་ལ་ནས་བརྒྱུད་པ་དང་། །བི་མ་ལ་ཡི་སྙིང་ཐིག་གཉིས། །འཁྲུལ་ནས་བརྩམས་ཞེས་སྨྲ་བར་ཟད། །ཚུལ་འདི་ཁོང་དུ་མ་ཆུད་པས། །རྒྱུས་མེད་ལན་ཅིག་ཁུང་ནས་བདེ། །ཡང་། མངའ་བདག་ཉང་བན་རལ་པ་ཅན། །གུ་རུ་ཆོས་དབང་ཆོས་ལོ་དང་། །ཆོས་རྒྱལ་རིན་ཆེན་གླིང་པ་དང་། །སྤྲུལ་སྐུ་ཨོ་རྒྱན་གླིང་པ་དང་། །ཚེ་བསྟན་རྒྱལ་མཚན་ལ་སོགས་པ། །རྫུན་གྱི་གཏེར་སྟོན་མང་པོ་བྱུང་། །ཞེས་པ་ལ། དེ་དག་བརྫུན་པའི་རྫུན་ལུགས་ཅི། །ཤེས་བྱེད་གཏན་ཚིགས་གང་ཞིག་ཡོད། །སྐྱེ་འཆིའི་དབང་ཐོབ་འཕགས་པ་རྣམས། །བསམ་བཞིན་སྐྱེ་བ་སྤྲུལ་པའི་སྐུ། །འགྲོ་བའི་དཔུང་གཉེན་མཆོག་རྣམས་ལ། །མཁས་པ་སུ་ཞིག་ལོག་པར་ལྟ། །དང་པོ་ཉིད་དུ་བྱང་ཆུབ་ཀྱང་། །གདུལ་བྱའི་དབང་པོ་བསམ་པ་ལྟར། །རླབས་ཆེན་གཞན་དོན་སྤྱོད་པ་ཡི། །འཕགས་པ་ས་ཆེན་བཞུགས་རྣམས་ལ། །གཡུལ་དུ་ཞུགས་པའི་དགྲ་བོ་བཞིན། །སྡང་སེམས་ངན་སྨྲ་ཁོ་ན་ཡིས། །སྡིག་འདི་སུ་ཡིས་འབྱང་བར་ནུས། །ཡང་། བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། །རྟ་མགྲིན་བདེ་གཤེགས་འདུས་པ་དང་། །ཚེ་བདག་ཨུར་མོ་ལ་སོགས་པ། །ཆོས་གཏེར་རྫུན་མ་བསམ་མི་ཁྱབ། །པདྨ་ལས་འབྲེལ་རྩལ་གྱིས་ཀྱང་། །མཁའ་འགྲོ་སྙིང་ཐིག་ཆོས་སྐོར་བྱས། །གཏེར་སྟོན་རྡོ་རྗེ་གླིང་པ་ཡིས། །རྡོ་རྗེ་སེམས་དཔའི་སྙིང་ཐིག་བྱས། །ཞེས་པ་ལ། རྫུན་ནི་མི་བདེན་པ་ཡི་མིང་། །ཡིན་ནམ་མ་ཡིན་ཁྱེད་ལ་འདྲི། །ཡིན་ན་གཏེར་ཆོས་འདི་དག་ལ། །སྨིན་བྱེད་དབང་དང་གྲོལ་བྱེད་ལམ། །ལྟ་བ་སྒོམ་པ་སྤྱོད་པ་འབྲས། །ནོར་དང་འཁྲུལ་པ་མ་མཆིས་ལ། །ཡར་མཐའ་སངས་རྒྱས་སྒྲུབ་པ་ནས། །མར་མཐའ་དགྲ་བགེགས་སྒྲོལ་བ་ཡན། །སངས་རྒྱས་ཕྲིན་ལས་རབ་འབྱམས་ཀུན། །ཐོགས་པ་མེད་པར་འགྲུབ་བཞིན་དུ། །རྫུན་ཅེས་མངོན་སུམ་མ་བསྙོན་ཞིག །རང་གི་ལུགས་ལ་མ་གྲགས་པས། །ཆོས་མ་ཡིན་ཞེས་མི་བསམ་སྟེ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལས། །གསང་སྔགས་བླ་མེད་མང་ངོ་ཞེས། །ཇོ་བོ་རྗེ་ཡིས་གསུངས་པ་དང་། །བྱེ་བྲག་སྨྲ་སོགས་ཉན་ཐོས་ཀྱིས། །རང་ལ་མ་གྲགས་དབང་བྱས་ནས། །ཐེག་པ་ཆེན་པོའི་ཆོས་སྤངས་པས། །དེ་ལ་བྱམས་མགོན་ཀླུ་སྒྲུབ་ཀྱིས། །ཐེག་ཆེན་བཀའ་རུ་སྒྲུབ་པ་ཡང་། །དུས་འདི་ཉིད་དུ་དྲན་པར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཆོས་ཚུལ་བསམ་གྱིས་མི་ཁྱབ་པའི། །དོན་ཡང་དུས་འདིར་དྲན་མཛོད་ལ། །རྒྱ་མཚོ་ཆེན་པོའི་རུས་སྦལ་དང་། །ཁྲོན་པར་གནས་པའི་སྦལ་པ་བཞིན། །ཇི་ལྟར་ཐུགས་སུ་མི་ཤོང་བ། །མཐོང་བ་ཆུང་འདི་བཤོལ་བར་རིགས། །ཡང་། ད་ལྟའང་གུ་རུའི་མིང་ཅན་གྱི། །གཏེར་སྟོན་འགའ་ཞིག་ཡོད་ཅེས་ཐོས། །སྙིགས་དུས་བདུད་སྡེ་ཤུགས་ཆེས་པས། །ད་དུང་རྫུན་གཏེར་མང་དུ་འབྱུང་། །གཙུག་ལག་མཁས་པའི་གཏམ་སྤངས་ནས། །རིགས་མཐུན་བླུན་པོ་ཡིད་མགུ་བའི། །ཆོས་དེ་ནགས་ལ་མེ་ལྟར་མཆེད། །བོད་ཡུལ་རྫུན་གྱི་དབང་དུ་སོང་། །ཞེས་པ་ལ། གཏེར་སྟོན་རིམ་གྱིས་འབྱོན་པ་ལས། །འགྲོ་དོན་མཛད་པའི་སྤྲུལ་སྐུ་དང་། །བདུད་རིགས་ཟོག་གཏེར་འོང་བ་ཡང་། །རིག་འཛིན་རྒྱལ་བས་ལུང་དུ་བསྟན། །དབྱེ་བ་ལྟ་སྤྱོད་མ་འཁྲུལ་ཞིང་། །དུས་ཚོད་ས་རྟགས་རུས་དང་མིང་། །ལུས་ཀྱི་ཤ་མཚན་ཡན་ཆད་དུ། །ངེས་པ་ཉིད་དུ་ལུང་བསྟན་པའི། །གང་ཟག་དེ་ནི་ཚད་མ་ཡིན། །དེ་ཚུལ་འདྲ་ལ་མ་ཡིན་པ། །འདྲ་མིན་བདུད་ཀྱི་རིས་གྱུར་པ། །རྙིང་མ་ལས་ཀྱང་གསར་མ་པའི། །ཁྲོད་ན་མང་བ་འབྱུང་ངོ་ཞེས། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། །ལྔ་བརྒྱའི་ཐ་མའི་དུས་ཀྱི་ཚེ། །བདུད་ནི་མཁན་པོ་སློབ་དཔོན་གྱི། །གཟུགས་ཅན་འོང་ཞེས་ལུང་བསྟན་ཏོ། །ད་དུང་རྫུན་གཏེར་མང་འབྱུང་ལོ། །ངེད་ཀྱི་གཞུང་ལུགས་ཁུང་མ་ལས། །གྲོལ་ཞིག་གླིང་པས་གཏེར་འཇུག་སྡུད། །དེ་ནས་འོང་བར་མ་གསུངས་སོ། །རིགས་མཐུན་བླུན་པོ་ཡིད་མགུ་བའི། །ཆོས་དེ་ནགས་ལ་མེ་ལྟར་མཆེད། །ཅེས་པའང་བརྟགས་ན་མི་རིགས་ཏེ། །རྫོགས་ཆེན་དབང་པོ་རབ་ཀྱི་ཆོས། །སངས་རྒྱས་རྣམས་ཀྱི་དབྱངས་གཅིག་པ། །ལྟ་དགོངས་བླ་ན་མེད་པ་འདི། །མཁས་རློམས་རྣམས་ཀྱང་སྤོང་བྱེད་ན། །བླུན་པོ་ཤེས་རབ་ཆུང་བ་རྣམས། །མ་གོ་བཞིན་དུ་ཅི་ཕྱིར་མགུ། །ཡང་། འདུས་པ་སྡོམ་པ་ཀྱེ་རྡོ་རྗེ། །དུས་འཁོར་རྡོ་རྗེ་གདན་བཞི་དང་། །སངས་རྒྱས་ཐོད་པ་སྒྱུ་མ་ཆེ། །རྡོ་རྗེ་བདུད་རྩི་གཤིན་རྗེ་གཤེད། །རྗེ་བཙུན་ནག་པོ་ཆེ་ལ་སོགས། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་དང་། །ཟབ་དོན་ཕྱག་རྒྱ་ཆེན་པོ་རྣམས། །ཐེག་པ་དམན་ཞེས་ཁྱད་དུ་གསོད། །བཀའ་མ་གཏེར་མ་བགྲང་མི་ལང་། །ཐེག་པ་རིམ་དགུའི་ཡང་རྩེ་སྟེ། །ཟབ་མོ་རྫོགས་པ་ཆེན་པོའི་ཆོས། །ཐོས་པ་ཙམ་གྱིས་གྲོལ་འགྱུར་ལོ། །ཞེས་པ་ལ། རྒྱལ་བས་གསུང་པ་སྡེ་སྣོད་གསུམ། །ཁྱད་པར་སྔགས་ཀྱི་རྒྱུད་སྡེ་བཞིར། །གོང་འོག་མཐོ་དམན་ཡོད་པ་འདི། །སངས་རྒྱས་བསྟན་པ་སྤྱི་ལུགས་ཡིན། །ཐེག་པ་ཆུང་ལས་ཐེག་ཆེན་འཕགས། །དེ་ལས་རྡོ་རྗེ་ཐེག་པ་མཆོག །དེ་ལའང་རིམ་གྱིས་མཐོ་དམན་ཡོད། །རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང་། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་ཆེ། །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་བླ་མེད་ནང་ཆེན་ལའང་། །ཕ་ཡི་རྒྱུད་ལས་མ་རྒྱུད་མཐོ། །དེ་ལས་གཉིས་མེད་རྒྱུད་མཐོ་ཞེས། །ཤིང་རྟ་ཆེ་རྣམས་ཐམས་ཅད་བཞེད། །རྒྱུད་དོན་ཕྱག་རྒྱ་ཆེན་པོ་དང་། །ཟབ་མོ་རྫོགས་པ་ཆེན་པོ་ཡི། །ལྟ་བ་འདྲ་ཡང་བགྲོད་པའི་ལམ། །མྱུར་ཁྱད་གནད་ཀྱིས་ཤིན་ཏུ་ཆེ། །གསར་མའི་སྔགས་དང་ཕ་རོལ་ཕྱིན། །ལྟ་བའི་དགོངས་པ་གཅིག་མོད་ཀྱི། །ལམ་ལ་ཉེ་རིང་ཁྱད་པར་ཆེ། །དེ་ཕྱིར་འདི་ཡང་དེ་དང་མཚུངས། །རྒྱལ་བའི་གསུང་རབ་ཐམས་ཅད་ལས། །ཐེག་ཆེན་གསང་སྔགས་མང་པའི་ཕྱིར། །བཀའ་མ་གཏེར་མ་བགྲང་མི་ལང་། །དེ་ཡང་ཐོས་པས་མི་གྲོལ་ན། །མ་ཐོས་པ་ལ་ག་ལ་གྲོལ། །དབང་རབ་སྔོན་ནས་སྦྱངས་པ་ཅན། །ཐོས་པ་ཙམ་གྱིས་གྲོལ་བ་ནི། །མེ་དང་སྤྲ་བ་ཕྲད་པ་ལྟར། །རྟོགས་དང་གྲོལ་བ་དུས་མཉམ་པ། །རྒྱལ་པོ་ས་ཧ་ཀ་ར་དང་། །བྲམ་ཟེ་ཆེན་པོ་ས་ར་ཧ། །བོད་ཀྱི་གྲུབ་ཐོབ་གླིང་རས་བཞིན། །དབང་འབྲིང་རང་སྣང་ལོངས་སྐུར་གྲོལ། །ཐ་མ་རང་བཞིན་སྤྲུལ་སྐུར་གྲོལ། །ཡང་ཐ་སྐྱེ་བ་བརྒྱུད་ནས་ནི། །གྲོལ་བ་རྙིང་མའི་རང་ལུགས་དང་། །མཐུན་པར་དུས་ཀྱི་འཁོར་ལོ་ལས། །ཚེ་འདིར་རྣལ་འབྱོར་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་གྲོལ་ཞེས་གསུངས། །དེ་བཞིན་གསང་བའི་མཛོད་དང་ནི། །རྡོ་རྗེ་རྩེ་མའི་རྒྱུད་ལས་ཀྱང་། །དབང་ཐོབ་དམ་ཚིག་མ་ཉམས་ན། །སྐྱེ་བ་བདུན་ནམ་བཅུ་དྲུག་ན། །གྲོལ་ཞེས་གསུངས་ཤིང་དུས་འཁོར་ལས། །མ་བསྒོམས་ན་ཡང་ངེས་པའོ། །ཞེས་པ་དམིགས་ཀྱིས་གསལ་བར་གསུངས། །ཐོས་པས་གྲོལ་བ་མ་ཡིན་ན། །འདི་ནི་བསྒོམས་པས་གྲོལ་བ་མིན། །ད་དུང་ཐོས་པ་རྒྱ་བསྐྱེད་རིགས། །ཡང་། སྟོན་པ་ཀུན་ཏུ་བཟང་པོས་གསུངས། །འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ། །ཀླུ་སྒྲུབ་སྙིང་པོ་བི་མ་ལ། །པདྨ་སམྦྷ་ཝ་ལ་སོགས། །ཨོ་རྒྱན་ཡུལ་དང་རྒྱ་གར་གྱི། །མཁས་ཤིང་གྲུབ་པ་དེ་ཐམས་ཅད། །དམ་ཆོས་འདི་ཡིས་གྲོལ་ལོ་ཞེས། །རྫུན་ཁུངས་རྒྱ་གར་ཡུལ་ནས་བཙལ། །ཞེས་པ་ལ། འདི་ནི་གོང་དུ་རང་ཉིད་ཀྱིས། །ཨོ་རྒྱན་སློབ་དཔོན་པདྨ་ཡིས། །མན་ངག་ལྟ་ཕྲེང་བཤད་པའི་རྗེས། །ཆོས་གཞན་གསུང་བའི་ལོང་མེད་པར། །སློབ་དཔོན་གཤེགས་པའི་གཏམ་བརྒྱུད་ཀྱིས། །རྫོགས་ཆེན་མེད་པར་སྒྲུབ་པ་དང་། །སློབ་དཔོན་འདི་ཉིད་རྫོགས་ཆེན་གྱི། །པན་ཆེན་མིན་པར་སྨྲ་བ་འགལ། །ཡང་། རྒྱལ་པོ་བཀའ་ཡི་ཐང་ཡིག་དང་། །བཻ་རོ་ཙ་ནའི་འདྲ་འབག་དང་། །བཀའ་མ་གཏེར་མ་སོ་སོ་ཡིན། །རྫུན་གྱི་ལོ་རྒྱུས་བསམ་མི་ཁྱད། །ཅེས་པ་ལ། ཐང་ཡིག་རྣམས་དང་འདྲ་འབག་གི། །ལོ་རྒྱུས་རྣམས་ལ་འཁྲུལ་པ་མེད། །གཞན་དུ་གྲགས་དང་མ་མཐུན་པ། །དེ་ཉིད་རྫུན་མར་འདོད་ན་ནི། །སངས་རྒྱས་བྱང་སེམས་མཛད་པ་དང་། །གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ཡང་། །གདུལ་བྱ་སོ་སོའི་སྣང་བ་དང་། །བསྟུན་ཕྱིར་གཅིག་ཏུ་མི་གནས་པས། །དེ་དག་ཀུན་ཀྱང་རྫུན་མར་འགྱུར། །ཡང་། ཁ་ཅིག་སྣོད་ལྡན་མ་རྙེད་པས། །ས་དང་བྲག་ལ་གཏེར་དུ་སྦས། །ཕྱི་དུས་སྨོན་ལམ་བཏབ་པའི་ཕྱིར། །སྐལ་ལྡན་ང་ཡིས་བཏོན་ནོ་ལོ། །ཞེས་པ་ལ། འདི་ནི་མཐའ་གཅིག་ཏུ་མ་ངེས། །སྣོད་མ་རྙེད་ནས་སྦས་པའང་ཡོད། །ལ་ལ་དུས་དེར་སློབ་དཔོན་གཞན། །དེ་ཡི་གདུལ་བྱར་གྱུར་པ་དེས། །རང་གི་ཆོས་རྣམས་མ་འོངས་པའི། །དོན་དུ་གཏེར་དུ་སྦས་པ་སྟེ། །འབྲུག་པའི་རོ་སྙམས་སྐོར་དྲུག་བཞིན། །རས་ཆུང་བ་ལ་ཏི་པུ་ཕས། །གདམས་ངག་བཤད་ལ་དུས་ཚོད་དགོས། །ཕྱི་དུས་དོན་ཆེན་སྦོས་ཤིག་གསུངས། །གསུངས་བཞིན་མཁར་ཆུར་གཏེར་དུ་སྦས། །དེ་ཉིད་འགྲོ་མགོན་གཙང་པས་བཏོན། །འགྲོ་དོན་ནམ་མཁའི་མཐའ་དང་མཉམ། །ཁ་ཅིག་བདུད་རྒྱལ་གླང་དར་མས། །བསྟན་པ་བསྣུབས་པ་དེ་གཟིགས་ནས། །མི་ནུབ་ཕྱིར་དུ་སྦས་པའང་ཡོད། །ཁ་ཅིག་དུས་ཀྱི་འགྱུར་བ་དང་། །ནག་ཕྱོགས་གནོན་ཕྱིར་སྦས་པའང་ཡོད། །ས་ཡི་བཅུད་རྣམས་སྤེལ་བ་དང་། །འཇིག་རྟེན་བདེ་ཕྱིར་སྦས་པ་སོགས། །འདོན་དུ་མི་རུང་གཏེར་ཡང་ཡོད། །ཐབས་ལ་མཁས་པའི་ཐུགས་རྗེ་ཡིས། །གཟིགས་པ་བསམ་གྱིས་མི་ཁྱབ་པས། །རྣམ་གྲངས་བརྗོད་ཀྱིས་ག་ལ་ལང་། །ཡང་། གཏེར་མ་སྨོན་ལམ་གཙོ་ཆེ་བས། །དབང་སྐུར་ལུང་དང་མན་ངག་ཀུན། །གང་དང་ཕྲད་པ་དེས་ཐོབ་ཕྱིར། །བླ་མའི་བཀའ་ལུང་མི་དགོས་ལོ། །ཞེས་པ་ལ། འདི་ནི་རྒྱལ་བའི་བཀའ་ལ་ཡང་། །རྗེས་སུ་གནང་དང་བྱིན་བརླབས་པས། །གཞན་གྱི་ངག་ཀྱང་བཀའ་རུ་གྲུབ། །དེ་ཕྱིར་འདིར་ཡང་རྗེས་སུ་གནང་། །ལས་ཅན་ཅིག་དང་འཕྲད་པར་ཤོག །ཕྲད་ནས་འགྲོ་དོན་བྱེད་པར་ཤོག །ཅེས་གསུངས་དངོས་སམ་ཉམས་ཀྱི་ངོར། །དག་པའི་སྣང་བར་བྱིན་བརླབས་པས། །བླ་མའི་བཀའ་ལུང་མེད་པ་མིན། །པདྨ་འབྱུང་གནས་བི་མ་ལ། །སངས་རྒྱས་ཡེ་ཤེས་ལ་སོགས་པ། །སངས་རྒྱས་ལྟ་བུའི་འཕགས་པ་ཡིན། །དེ་ཡིས་བླ་གོ་མི་ཆོད་ཅིང་། །འཕགས་པའི་སྨོན་ལམ་མི་གཙོ་ཞེས། །སྨྲ་བ་འདི་ནི་བདུད་ཚིག་ཡིན། །ཡང་། གསང་སྔགས་གསར་མའི་ཁྲོད་ན་ཡང་། །གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །རྡོ་རྗེ་འཇིགས་བྱེད་སམ་ལུགས་དང་། །བདེ་མཆོག་ར་ལྀ་སུམ་ཅུ་གཉིས། །དུས་འཁོར་ལྕེ་སྤྱང་གླུ་གར་དང་། །ཀྱེ་རྡོར་སྐུ་གསུང་ཐུགས་གསང་མཛོད། །ཕྱག་ན་རྡོ་རྗེ་མི་གཡོ་བ། །རྡོ་རྗེ་ཕག་མོ་སེང་གདོང་མ། །ཕྱག་རྒྱ་ཆེན་པོའི་རྒྱུད་འགའ་དང་། །མགོན་པོ་དང་ནི་ལྷ་མོའི་རྒྱུད། །བརྒྱ་དང་ལྔ་བཅུ་ལྷག་ལ་སོགས། །རང་བཟོའི་རྫུན་རྒྱུད་དུ་མ་སྣང་། །རྡོ་རྗེ་སྙིང་པོའི་སྨད་འགྲེལ་དང་། །ལྷོ་པ་ཐམས་ཅད་མཁྱེན་པ་ཡིས། །ནལ་རོ་འགྲེལ་ཆེན་ཞེས་པའང་བྱས། །ཞེས་པ་ལ། གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །དང་པོར་སྨྲྀ་ཏིས་རང་འགྱུར་མཛད། །བར་དུ་དགེ་སློང་ཆོས་བློས་བསྒྱུར། །ཐ་མར་ཉང་སྟོད་རྒྱལ་མཁར་རྩེར། །སྒྲ་པ་ཐུགས་རྗེ་སེང་གེ་ཡིས། །རྒྱ་དཔེ་རྙེད་ནས་སླར་ཡང་བསྒྱུར། །དེ་ཕྱིར་རྒོལ་བའི་གནས་མེད་དོ། །བདེ་མཆོག་ར་ལྀ་སུམ་ཅུ་གཉིས། །གསང་བ་རྡོ་རྗེ་གསང་བ་གཅོད། །གསང་བ་བསམ་གྱིས་མི་ཁྱབ་པ། །ནམ་མཁའ་མཉམ་དང་ནམ་མཁའ་ཆེ། །སྐུ་གསུང་ཐུགས་རྒྱུད་རིན་ཆེན་ཕྲེང་། །དམ་ཚིག་ཆེ་སྟེ་ཐུགས་རྒྱུད་བརྒྱད། །སྟོབས་པོ་ཆེ་དང་ཡེ་ཤེས་གསང་། །ཡེ་ཤེས་ཕྲེང་བ་ཡེ་ཤེས་འབར། །ཟླ་ཕྲེང་རིན་འབར་ཉི་འཁོར་ལོ། །ཡེ་ཤེས་རྒྱལ་པོ་གསུང་རྒྱུད་བརྒྱད། །མཁའ་འགྲོ་གསང་རྒྱུད་གསང་མེ་འབར། །གསང་བ་བདུད་རྩི་དུར་ཁྲོད་རྒྱན། །རྡོ་རྗེ་རྒྱལ་པོ་ཡེ་ཤེས་བསམ། །ཆགས་པའི་རྒྱུད་དང་མཁའ་འགྲོ་སྡོམ། །སྐུ་རྒྱུད་བརྒྱད་དེ་ཉི་ཤུ་བཞིན། །དེ་དག་རྣལ་འབྱོར་ཉེར་བཞི་ལ། །བསྡུ་སོགས་ཡི་གེའི་བརྡ་ཡིས་གཏད། །དེ་དག་ལས་ནི་འཕྲོས་པའི་རྒྱུད། །མེ་ཕྲེང་རྡོ་རྗེ་མཁའ་འགྲོ་གསང་། །འཇིགས་བྱེད་རྣམ་འཇོམས་ཡེ་ཤེས་རྒྱལ། །རྡོ་རྗེ་གྲུབ་པ་དྲྭ་བ་སྡོམ། །དེ་བཞིན་གཤེགས་པ་ཐུགས་ཀྱི་སྙིང་། །དུར་ཁྲོད་རྒྱན་གྱི་རྨད་བྱུང་དང་། །རྙོག་པ་མེད་དང་ཨ་ར་ལི། །གཅིག་ཏུ་བགྲང་སྟེ་བསྣན་པས་བརྒྱད། །དེ་ལྟར་ར་ལི་སུམ་ཅུ་གཉིས། །པཎ་ཆེན་ག་ཡ་དྷ་ར་ཡིས། །མཁས་པ་མྱོས་དང་འབྲོག་མི་ལ། །བཤད་པའི་གསེར་ཆོས་རྒྱ་དཔེ་ཅན། །ཡིན་ཕྱིར་བོད་མར་མ་སྒྲུབས་ཤིག །དང་པོ་འབྲོག་མི་ལོ་ཙཱ་བ་ལ་བབས་ཏེ་འགྱུར་ཡོན་ལ་གསེར་ཞོ་སུམ་བརྒྱ་འབུལ་བ། ལོ་གསུམ་ལ་འགྱུར་ཚར་བ་བྱེད་པ་བྱས་པ་ལ། ལོ་གཅིག་ལ་འགྱུར་རྫོགས། པཎྜི་ཏ་རྒྱ་གར་ལ་རིངས་ནས་གསེར་མ་འགྲུབ་པ་ལ། ཟུར་པོ་ཆེ་ལ་སྤྲིན་པས་གསེར་ཞོ་སུམ་བརྒྱ་བྱུང་བ་ཕུལ་བས་དགྱེས་ཏེ། མ་ཧཱ་ལོ་ཙཱ་བ་འབྲོག་མི་ཡིན། ག་ཡ་དྷ་ར་པཎྜི་ཏ་ཡིན་གསུངས། དེ་ནས་ཕྱིས་བོད་དུ་བྱོན་ཙ་ན་ཁ་རག་ཏུ་མྱོས་ལོ་ཙཱ་བས་ཞབས་ཏོག་བྱས་ཏེ་གནང་། རྒྱ་དཔེ་ལ་ལ་མང་མཁར་མྱུ་གུ་ལུང་ན་ཡོད་པ་དེ་ལ་སྟོད་ལྷོ་པ་ལ་བྱུང་། དེ་ནས་དཔེ་འཐོར་བ་དེང་སང་ཡང་འདུག་གོ། །མཁའ་འགྲོ་སེང་གེའི་གདོང་ཅན་མ། །བླ་མ་བ་རི་ལོ་ཙཱ་བས། །རྒྱ་གར་ཡུལ་ནས་སྤྱན་དྲངས་པའི། །རྒྱ་གཞུང་རྩོད་པ་མེད་པ་ཉིད། །ཡིན་པ་ས་སྐྱ་པ་ལ་སོགས། །དེ་ཡི་བརྒྱུད་འཛིན་ཐམས་ཅད་བཞེད། །རྡོ་རྗེ་ཕག་མོ་རྒྱལ་བའི་ཡུམ། །ཕྱི་རོལ་པ་ཡི་ལྷར་འདོད་དང་། །དེ་ཡི་རྒྱུད་གཞུང་མང་པོ་རྣམས། །མུ་སྟེགས་པ་དང་འདྲེས་སོ་ཞེས། །བདུད་ཆེན་སྙིང་ལ་ཞུགས་རྣམས་སྨྲ། །བིར་ཝ་པ་དང་ནཱ་རོ་སོགས། །འཕགས་པའི་ཡུལ་གྱི་པཎ་གྲུབ་དང་། །འཇམ་པའི་དབྱངས་དངོས་ས་སྐྱ་པ། །འབྲི་སྟག་ཀརྨ་པ་ལ་སོགས། །བོད་ཀྱི་བསྟན་འཛིན་ཆེ་རྣམས་ཀྱི། །ཐུགས་དམ་སྙིང་པོ་མནོག་ཆོས་ཡིན། །དེ་བཞིན་འཇིགས་བྱེད་སམ་ལུགས་ནས། །རྒྱུད་སྡེ་ཕྱེད་དང་ཉིས་བརྒྱ་སོགས། །རྫུན་ཅེས་དམ་ཆོས་སྤོང་བ་ལས། །རང་བཟོ་ཡིན་པའི་ཤེས་བྱེད་མེད། །ཤེས་བྱེད་མེད་བཞིན་ཆོས་སྤང་བ། །དམྱལ་བའི་རྒྱུ་ལས་གཞན་དུ་མིན། །ནཱ་རོ་འགྲེལ་ཆེན་ཞེས་པ་འདི། །དང་པོ་དཔྱལ་ལོ་ཆོས་བཟང་གིས། །བསྒྱུར་བས་སྟོད་སྨད་ཀུན་ན་དར། །དུས་ཕྱིས་པཎ་ཆེན་ནགས་རིན་གྱིས། །ཡར་ཀླུང་མཐིལ་དུ་བསྒྱུར་ཞིང་གསུངས། །རྒྱ་དཔེ་དེང་སང་དུ་ཡང་སྣང་། །བརྟག་པ་གསུམ་དང་རྟོན་པ་བཞིས། །ལེགས་པར་བརྟགས་ཤིང་མི་དཔྱོད་པར། །མཁས་མཁས་འདྲ་བའི་མུ་ཅོར་གྱིས། །ཆོས་སོང་འདི་ལ་དགོས་པ་ཅི། །ཡང་། བོད་ཡུལ་རྨངས་པའི་དོ་ར་འདིར། །མི་རྣམས་སྦྱངས་པ་ཤེས་རབ་ཆུང་། །ཡིན་མིན་དཔྱོད་པའི་བློ་མེད་པར། །མ་བརྟགས་བླུན་པོའི་དད་པས་འཇུག །ཅེས་པ་ལ། ངེས་པ་དོན་གྱི་ཆོས་རྣམས་ནི། །རྟོག་གེའི་ཡུལ་ལས་འདས་པའི་ཕྱིར། །བརྟགས་ཤིང་དཔྱད་པས་མི་མཐོང་བས། །རྒྱལ་བས་སྒྲུབ་པ་སྙིང་པོར་གསུངས། །རྒྱ་བོད་རིག་འཛིན་གཤེགས་པའི་ཤུལ། །བསླུ་བ་མེད་པའི་ལམ་མཆོག་ལ། །རྟོག་དཔྱོད་བཏང་བས་ཡིད་མ་ཆེས། །བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན། །གསང་སྔགས་གསར་མའི་རྒྱུད་ལས་ཀྱང་། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་མེད། །ཅེས་སོགས་གསུངས་པ་མ་མཐོང་ངམ། ཡང་། གཡོ་སྒྱུ་ཅན་གྱི་བླ་མ་དང་། །བླུན་དད་ཅན་གྱི་སློབ་མ་འདུས། །ཆོས་སུ་བཅོས་པའི་མིང་གིས་འཁྲུལ། །ཆོས་མིན་སྟོང་གི་འཆད་ཉན་དར། །ཇི་ལྟར་ཆོས་ལོག་དར་གྱུར་པ། །དེ་ལྟར་ཡང་དག་དམ་ཆོས་ནུབ། །དེ་ཕྱིར་བསྟན་པའི་བྱ་ར་བ། །ཡོད་ན་ཆོས་ལ་བརྟག་པར་བྱ། །ཞེས་པ་ལ། སྔོན་ཆད་མ་བྱུང་པ་ཡི་ཆོས། །བླ་མ་དེ་ཡིས་གསར་དུ་བཅོས། །སློབ་མ་བླུན་པོ་དེས་ཉན་ན། །མིང་གིས་འཁྲུལ་པ་བདེན་མོད་ཀྱི། །རྒྱལ་བ་ཀུན་ཏུ་བཟང་པོའི་བཀའ། །རིག་འཛིན་གོང་མའི་འགྲེལ་བཤད་བཅས། །ཆོས་ལྟར་བཅོས་པ་གང་གིས་འགབ། །ཆོས་ལ་ཆོས་ལྟར་བཅོས་ཞེ་ན། །བོན་ཡང་བོན་ལྟར་བཅོས་ཟེར་རམ། །ལྟ་བ་ལོག་ཅིང་སྒོམ་པ་ནོར། །ཕྱིན་ཅི་ལོག་གི་སྤྱོད་པ་བསྟན། །ཆོས་མིན་ཆོས་ལྟར་བྱས་པ་ནི། །དེ་ལ་ཆོས་ལྟ་བཅོས་ཞེས་བྱ། །འདིར་ནི་སྐྱོན་དེ་གང་ཡང་མེད། །གལ་ཏེ་རྙིང་མ་ཆོས་མིན་ན། །སྔོན་དུས་རྙིང་མ་ཤིན་ཏུ་དར། །དེ་དུས་གསར་མ་འང་ཤིན་ཏུ་དར། །དེ་ལྟར་རྙིང་མ་དར་བ་ཡིས། །གསར་མ་ནུབ་པའི་རྣམ་གྲངས་མེད། །ཇི་ལྟར་ཆོས་ལོག་དར་གྱུར་པས། །དེ་ལྟར་ཡང་དག་ཆོས་ནུབ་ན། །ཆོས་ལ་བརྟག་པའི་བྱ་ར་བ། །ཡོད་ཀྱང་ཆོས་ལ་བརྟག་རྒྱུ་ཅི། །ཆོས་ནུབ་རྗེས་སུ་ཆོས་ལ་ནི། །བརྟག་པ་དེ་འདྲ་ཤིན་ཏུ་མཚར། །རང་ཉིད་ཆོས་ལ་སྡང་བའི་གཏམ། །ཡིན་ཡིན་འདྲ་པར་བསྒྲིགས་ན་ཡང་། །མཁས་པ་རྣམ་དཔྱོད་མིག་ཅན་དང་། །ཕྲད་ཚེ་རང་མདོག་འདི་འདྲ་སྟོན། །ཡང་། མདོ་སྡེ་འཇིག་རྟེན་གདགས་པ་ལས། །གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྡང་། །མེད་པར་ལྟ་བ་མནར་མེད་ལྟུང་། །ཞེས་གསུངས། དྲན་པ་ཉེར་བཞག་ལས། ཆོས་ལ་ཆོས་མིན་ཞེས་སྨྲ་དང་། །ཆོས་མིན་ཆོས་སུ་སྨྲ་བ་གཉིས། །དམྱལ་བ་ཝ་སྐད་ཅན་རྣམས་སུ། །ལྟུང་འགྱུར་ཞེས་པའང་དྲན་པར་བྱ། །ཞེས་པ་ལ། འདི་ནི་ཁྱེད་ཀྱང་དྲན་པར་བྱ། །རྒྱུད་རྒྱལ་རྣམ་སྣང་མངོན་བྱང་ལས། །རང་སེམས་གཏན་ལ་མ་ཕེབས་པས། །ཆོས་ལ་ཆོས་མིན་ཞེས་སྨྲ་བ། །དམྱལ་པ་དང་ནི་དུད་འགྲོ་ཡི། །འགྲོ་བ་གཉིས་སུ་འགྲོ་ཞེས་གསུངས། །ཡང་། ཆོས་ཟབ་ཁྱད་དུ་གསོད་པ་ཡི། །ཆོས་ལོག་འདི་ལ་བརྟག་པར་འོས། །མྱ་ངན་འདས་པའི་མདོ་ལས་ཀྱང་། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བདུན་བརྒྱ་ལོན་རྗེས་སུ། །སྡིག་ཅན་བདུད་ཀྱི་ཆོས་འབྱུང་ཞེས། །རྒྱལ་བ་དེ་ཡིས་ཞལ་ཆེམས་བཞག །ཅེས་པ་ལ། སྟོན་པ་འདས་ནས་ལོ་བདུན་བརྒྱ། །འདས་རྗེས་བྱུང་བའི་ཆོས་ལོག་དེ། །རྫོགས་ཆེན་ཡིན་པར་སྨྲ་བ་དང་། །དར་མས་བསྟན་པ་མ་བསྣུབས་གོང་། །རྫོགས་ཆེན་མིང་ཡང་མེད་དོ་ཞེས། །གང་དུ་ནན་གྱིས་སྒྲུབ་པ་སོགས། །འགལ་བ་དུ་མ་ཁྱོད་སྨྲ་མོད། །འདི་ནི་ཀླ་ཀློའི་ཆོས་ལུང་བསྟན། །རྒྱུ་མཚན་དུས་ཀྱི་འཁོར་ལོ་ལས། །སངས་རྒྱས་འདས་ནས་ཤམྦྷ་ལར། །ཆོས་རྒྱལ་བདུན་གྱིས་ལོ་བརྒྱ་བརྒྱ། །འདས་ནས་འཇམ་དཔལ་གྲགས་པའི་དུས། །ཤམྦྷ་ལ་དང་འཕགས་ཡུལ་དུ། །ཀླ་ཀློ་འཇུག་པར་གསུངས་དེ་ཡིན། །ཡང་། འཕགས་པ་བ་ལང་བདག་གིས་ཀྱང་། །ཆོས་ལ་ཆོས་འདྲར་བཅོས་པ་ཡི། །གཞུང་དང་ལྟ་བ་འབྱུང་བར་བཤད། །ཅེས་པ་ལ། འདི་ནི་སྔགས་ཀྱི་ལུང་བསྟན་མིན། །རྒྱལ་བ་མཆོག་དེའི་ཉན་ཐོས་རྣམས། །སྡེ་པ་བཅོ་བརྒྱད་གྱེས་པའི་རྗེས། །ཡང་པ་ཅན་གྱི་དགེ་སློང་གིས། །མི་རུང་བ་ནི་གཞི་བཅུ་བྱས། །དགྲ་བཅོམ་བདུན་བརྒྱས་དེ་སུན་ཕྱུངས། །བཀའ་བསྡུ་མཛད་པ་དེ་ལ་དགོངས། །ཡང་། དམ་ཆོས་འདུལ་བ་ཕྲན་ཚེགས་ལས། །བཅོམ་ལྡན་འདས་ཀྱི་ཞལ་ཆེམས་སུ། །གང་ཟག་ལ་ནི་དག་སྣང་སྦྱངས། །ཆོས་ལ་རྟོག་དཔྱད་གྱིས་ཤིག་གསུངས། །ཞེས་པ་ལ། རྒྱལ་བའི་བཀའ་འདིའི་དགོངས་དོན་ནི། །མུ་སྟེགས་ཁ་ཅིག་འདི་སྐད་དུ། །དགེ་བ་སྒྲུབ་ཅིང་སྡིག་སྤང་ན། །མུ་སྟེགས་ཡིན་ཀྱང་ཅི་ཞིག་སྐྱོན། །གལ་ཏེ་དེ་ལྟར་མི་བྱེད་ན། །ནང་པ་ཡིན་ཀྱང་ཅི་ཞིག་ཕན། །ཞེས་སོགས་སྤྱོད་པ་ཕྱོགས་འདྲ་དང་། །ཉ་དང་རུ་སྦལ་ཕག་དང་ནི། །ར་མ་གཉིས་དང་ནག་པ་དང་། །མི་ཡི་སེང་གེ་མིའུ་ཐུང་། །སངས་རྒྱས་ངང་པ་ཅན་དེ་བཅུ། །ཞེས་པའི་ཁྱབ་འཇུག་འཇུག་པ་བཅུར། །སངས་རྒྱས་ཆོས་འདྲ་ཆེས་མང་ལ། །ཁྱད་པར་ཉན་ཐོས་རང་རྒྱལ་གྱི། །ཆོས་དང་གང་ཟག་བདག་མེད་ལ། །ཕྱི་རོལ་པ་ལའང་ཕྱོགས་འདྲ་ཡི། །ལྟ་བ་ཡོད་ཕྱིར་དེ་འདྲེས་ན། །རྟག་ཆད་ལམ་དུ་འགྱུར་བ་ལ། །དགོངས་ནས་བརྟག་པར་ཐུབ་པས་གསུངས། །ཐེག་དམན་འཛིན་པའི་ཉན་ཐོས་ཀྱི། །སྔགས་ལ་བརྟག་ཅེས་གསུངས་པ་མིན། །གོང་གི་ཚིག་འབྲུ་ལ་རྟེན་ནས། །སྔོན་གྱི་ཉན་ཐོས་སེན་དྷ་པས། །ཐེག་པ་ཆེན་པོ་ཆོས་མིན་དུ། །སྒྲུབས་ཀྱང་མཁས་རྣམས་དེ་མི་བཞེད། །ཡང་། རྡོ་རྗེ་ཐེག་པར་འཇུག་པ་ལ། །ཆོས་དང་བླ་མ་སྡོམ་པ་གསུམ། །བརྟགས་ཤིང་དཔྱད་ནས་ཡིད་ཆེས་གསུམ། །ཚང་ན་ཉན་དུ་རུང་བར་བཤད། །ཅེས་པ་ལ། རྡོ་རྗེ་ཐེག་པ་འཇུག་པ་པོས། །བྱ་བའི་རྒྱུད་ནི་འགའ་ཞིག་དང་། །འཇམ་དཔལ་རྩ་བའི་རྒྱུད་དུ་ནི། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །གསང་སྔགས་འགྲུབ་པར་མ་གསུངས་ཏེ། །ཞེས་པས་སོ་ཐར་དགོས་པའང་བཤད། །རྣལ་འབྱོར་དང་ནི་བླ་མེད་རྒྱུད། །ཁྱིམ་པ་རྣམས་དང་ཐུན་མོང་ཡིན། །སོ་ཐར་མདོ་ཀྱང་ཉན་དུ་རུང་། །གསང་སྔགས་ནང་པའི་སྡོམ་པ་ལ། །དམ་ཚིག་ཞེས་སུ་གྲགས་པ་ཡིན། །སོ་སོ་ཐར་དང་ཅུང་མི་མཚུངས། །བརྟགས་ནས་ཡིད་ཆེས་གསུམ་ཚང་བ། །ངེས་པ་ཉིད་དུ་མི་དགོས་ཏེ། །གསང་སྔགས་སྒྲ་ཡང་མ་ཐོས་ལ། །ཆ་དང་རྒྱུས་ཀྱང་མ་འཚལ་བའི། །ལྷ་ཀླུ་གནོད་སྦྱིན་མིའམ་ཅི། །གྲུལ་བུམ་སྲིན་པོ་དྲི་ཟ་དང་། །དེ་ལ་སོགས་པའི་འཁོར་མང་ལ། །སྔོན་ཚེ་རྒྱལ་བས་གསང་སྔགས་བསྟན། །དེ་ལའང་ཁྱོད་ནི་གཤེའམ་ཅི། །ཡང་། མ་བརྟག་བླུན་པའི་དང་པ་ཡིས། །ཆོས་རྐྱང་ཕྱིན་ཅི་ལོག་དང་འཕྲད། །ཉམས་ལེན་ལོག་པར་རྒྱུར་བའི་མཐུས། །སེམས་ཅན་དམྱལ་བར་ལྟུང་བར་གསུངས། །ཞེས་པ་ལ། དེ་ལ་འདི་ལྟར་བརྟག་བྱ་སྟེ། །ཀླ་ཀློའམ་མུ་སྟེགས་ཆོས་ལུགས་ལ། །མ་བརྟགས་དད་པས་ཞུགས་པ་ན། །དམྱལ་ལ་སོགས་པར་ལྟུང་སྲིད་ཀྱི། །འདིར་ནི་བླུན་ཀྱང་སངས་རྒྱས་ཀྱི། །ཆོས་སོ་སྙམ་ནས་དད་པ་ཡིས། །ཞུགས་དེ་སེམས་ཅན་དམྱལ་བ་རུ། །སྐྱེ་བ་ཉིད་དུ་མི་འགྱུར་ཏེ། །ཕལ་པོ་ཆེ་ཡི་མདོ་ལས་ཀྱང་། །དད་པ་ལན་ཅིག་ཙམ་སྐྱེས་ཀྱང་། །བསོད་ནམས་མཆོག་ཏུ་འགྱུར་རོ་གསུང་། །དད་པ་མེད་པའི་མི་རྣམས་ལ། །དཀར་པའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་མེད་པའི་དཔེ་ཡིས་གསུངས། །དད་པས་དམྱལ་བར་འགྲོ་བ་ཡི། །གཏམ་འདི་སངས་རྒྱས་བསྟན་དང་འགལ། །ཡང་། སྡུག་བསྔལ་རྒྱ་མཚོ་བརྒལ་མི་བརྒལ། །ལྷ་མིའི་བདེ་བ་མྱོང་མི་མྱོང་། །འཁོར་བའི་རྒྱ་མཚོ་བརྒལ་མི་བརྒལ། །འཕགས་པའི་ས་ལམ་བགྲོད་མི་བགྲོད། །རྫོགས་པའི་སངས་རྒྱས་འཐོབ་མི་འཐོབ། །དད་ལྡན་སེམས་ཅན་བསླུ་མི་བསླུ། །དམ་པའི་ཆོས་ལ་རག་ལས་པས། །འདི་ལ་གཟབ་ནས་བརྟག་དཔྱད་དགོས། །དོན་ཆུང་ནོར་གྱི་ཉོ་ཚོང་ལ། །བསམ་གཞིག་བགྲོས་ཏེ་བརྟགས་ནས་བྱེད། །ཅེས་པ་ལ། དེ་ལྟར་ཇི་སྐད་སྨྲ་བ་བཞིན། །དེ་ཀུན་ཆོས་ལ་རག་ལུས་པས། །ཆོས་ཀྱང་ཐེག་པ་ཆེན་པོ་ལས། །བླ་མེད་གསང་སྔགས་རྡོ་རྗེའི་ཐེག །གྲངས་མེད་གསུམ་ལ་མ་ལྟོས་པར། །ཚེ་གཅིག་སངས་རྒྱས་འགྲུབ་པའི་ཆོས། །དེ་ལས་ཆེས་མཆོག་ཐེག་པའི་རྩེ། །ལོ་ཟླས་སངས་རྒྱས་འགྲུབ་པའི་ཆོས། །གསང་ཆེན་རྫོགས་པ་ཆེན་པོ་ལ། །མི་དད་སྡང་བའི་སེམས་སྤོང་ལ། །ཚེ་འདིར་སྤྱོད་པའི་སྐལ་མེད་ཀྱང་། །ཕྱི་མའི་དུས་སུ་སྨོན་ལམ་ཐོབ། །ཡང་། གཏན་གྱི་སོ་ནམ་དམ་ཆོས་ལ། །མ་བརྟགས་ཅི་དགར་འཛུག་འདི་མཚར། །ཅེས་པ་ལ། ཇོ་བོ་ཆེན་པོ་ཨ་ཏི་ཤས། །ཆོས་ལ་ཕྱོགས་རིས་མི་བྱ་ཞིང་། །གང་མོས་དེ་ལ་འཇུག་པར་བྱ། །ཇི་སྐད་གསུངས་པ་གོ་བར་མཛད། །ཡང་། རྒྱུ་འབྲས་རྟེན་འབྲེལ་མ་ལོག་ན། །བླུན་དང་འགྲུབ་པའི་གྲོགས་ཡིན་ཀྱང་། །རྒྱུ་འབྲས་རྟེན་འབྲེལ་འཆོལ་བ་ན། །བླུན་དད་ཙམ་གྱིས་འགྲུབ་རེ་ཀན། །ས་བོན་སོ་ནམ་གོ་ལོག་ན། །བླུན་དང་བྱས་ཀྱང་འབྲས་མི་འཐོབ། །སྡིག་ལ་དད་པས་འབད་གྱུར་ཀྱང་། །མི་ལུས་ཙམ་ཡང་འགྲུབ་མི་སྲིད། །ཅེས་པ་ལ། རྒྱུ་འབྲས་རྟེན་འབྲེལ་མ་ལོག་ན། །བླུན་དད་ཉིད་དུ་ག་ལ་འགྱུར། །རྒྱུ་འབྲས་རྟེན་འབྲེལ་བསྒྲིག་ཤེས་པའི། །མི་དེ་བླུན་པོ་ག་ལ་ཡིན། །རྒྱུ་ནི་མི་ཤེས་རྨོང་ན་ཡང་། །གནས་སྐབས་རྐྱེན་གྱི་དད་པ་ཡིས། །དགེ་བའི་ས་བོན་བཏབ་པས་ན། །འབྲས་བུ་མངོན་མཐོ་འཐོབ་པའི་ཕྱིར། །འདི་ལ་རྒྱུ་འབྲས་ལོག་མི་སྲིད། །སོ་ནམ་ལོག་དང་འདི་མི་མཚུངས། །རླན་གྱིས་འཇིག་པ་སྐྱོབ་པའི་ཕྱིར། །ཐུབ་པའི་དབུ་སྟེང་ལྷམ་བཞག་པས། །དེ་ཡི་དགེ་བས་རྒྱལ་སྲིད་ཐོབ། །དེ་སོགས་ལུང་ཁུངས་རྒྱ་ཆེར་ཡོད། །སྡིག་ལ་དད་པས་མི་ལུས་ཙམ། །འགྲུབ་མི་སྲིད་པ་ཧ་ཅང་ཐལ། །ཐེག་པ་ཆེན་པོའི་ཆོས་ཚུལ་འདིར། །སྤྱོད་པ་ལས་ནི་བསམ་པ་གཙོ། །ཕན་པའི་བསམ་པས་སྲོག་གཅོད་སོགས། །སྡིག་ལས་བྱང་ཆུབ་ལམ་ཡིན་ཏེ། །ལས་ནག་རྣམ་སྨིན་དཀར་བ་དང་། །མང་པོ་བསྐྱབས་ཕྱིར་གཅིག་གསོད་སོགས། །མཁས་པ་རྣམ་ལ་གྲགས་པ་ཡི། །རྒྱུ་འབྲས་ཚུལ་ལ་སློབ་པར་རིགས། །ཡང་། སོ་ནམ་ཙམ་གྱི་རྒྱུ་འབྲས་ལྟ། །སོ་སོ་སྐྱེ་བོས་ཤེས་མོད་ཀྱི། །ཐར་པ་ཐོབ་པའི་རྒྱུ་འབྲས་དེ། །ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཡིན། །ཞེས་པ་ལ། འོ་ན་ཐར་པ་ཐོབ་པ་ཡི། །རྒྱུ་འབྲས་སངས་རྒྱས་ཡུལ་ཡིན་ན། །ཆོས་སྒོར་ཞུགས་པ་ཕལ་མོ་ཆེ། །སོ་སོ་སྐྱེ་བ་ཡིན་པས་ན། །རྒྱུ་འབྲས་སྤྱོད་པའི་ཡུལ་མིན་ནམ། །སངས་རྒྱས་བསྟན་པའི་སྒོར་ཞུགས་པས། །རྒྱུ་འབྲས་སྤྱོད་པའི་ཡུལ་མིན་ཞེས། །སྨྲ་བ་འདི་འདྲ་སུ་ཡི་ལུགས། །ཡང་། དྲག་པོ་ཁྱབ་འཇུག་ཚངས་པས་ཀྱང་། །རྒྱལ་བའི་ཆོས་འཁོར་བསྐོར་མི་ནུས། །སྟོན་པ་བོད་བླུན་འཆལ་པ་ལ། །ཆོས་འཁོར་འདི་ལ་མཁས་རྣམས་འཇིགས། །ཆོས་ཡིན་སྙམ་དུ་འབད་འབད་ནས། །མི་ཚེ་རིལ་པོར་སྦྱངས་ནས་ཀྱང་། །ཡང་དག་ཆོས་དང་མ་འཕྲད་ན། །ལམ་ལོག་ངལ་བ་དོན་རེ་ཆུང་། །ལྷ་སའི་ཇོ་བོ་བལྟའོ་ཞེས། །ཀོང་པའི་མཐིལ་དུ་འཁྱམས་འཁྱམས་ནས། །ཆོམས་རྐུན་ཆེན་པོས་བཅོམ་པ་བཞིན། །འདི་དང་ཕྱི་མའི་དོན་ལས་ཉམས། །ཞེས་པ་ལ། རྒྱལ་བའི་ཆོས་འཁོར་ཚངས་པས་ཀྱང་བསྐོར་མི་ནུས་པ་ལ། བོད་བླུན་པོས་བསྐོར་ནུས་ན་དེ་ཆེས་ཡ་མཚན་གྱི་གནས་སུ་གྱུར་པ་ཡིན་པས་ལན་གདབ་མ་དགོས་ཀྱང་། བཞད་གད་དུ་བརྗོད་ན་མཁྱེན་རབ་མཆོག་གྱུར་འཇམ་དཔལ་དང་། བཀའ་བསྡུ་མཛད་པའི་རྒྱལ་སྲས་དང་། །རྒྱ་བོད་ལོ་པཎ་འདི་ཙམ་གྱིས། །ཐུབ་པའི་གསང་སྔགས་དགག་མ་ནུས། །དེ་སང་བོད་སྟོན་ཕྱོགས་རེ་བས། །ཆོས་སྤང་འདི་ལ་མཁས་རྣམས་འཇིགས། །ཆོས་མིན་སྙམ་དུ་སེམས་སེམས་ནས། །ཡང་དག་ཆོས་ལ་རྒྱབ་ཀྱིས་ཕྱོགས། །རྫོགས་པའི་སངས་རྒྱས་སྒྲུབ་བོ་ཞེས། །ཐོས་བསམ་སྒོམ་ལ་འབད་འབད་ནས། །ལོག་པར་ལྟ་བའི་ལམ་དུ་འཁྱམས། །འདི་དང་ཕྱི་མའི་དོན་ལས་ཉམས། །གསང་སྔགས་ཟབ་མོར་ལོག་པར་བལྟས། །རྡོ་རྗེའི་དམྱལ་བ་ཨ་ལ་ལ། །ཁྲག་གི་ཡི་གེར་བྲིས་པ་ཡི། །རྡོ་ཡི་ཆར་པ་ཤིན་ཏུ་འཇིགས། །འཕན་ཡུལ་ཡངས་པའི་ཐང་ཆེན་པོ། །གས་ནས་སྐུ་ལུས་མ་སྤངས་པར། །དམྱལ་བའི་ཁབ་ཏུ་གཤེགས་པ་ནི། །སྔོན་གྱི་གནས་བརྟན་ལྷས་བྱིན་དང་། །ལེགས་པའི་སྐར་མ་ཇི་བཞིན་ནོ། །ཞེས་པའི་གཏམ་འདི་མི་བདེན་ནམ། །ལོ་རྒྱུས་འདི་ལྟར་གྲགས་པ་ཕྱིས་སྟག་ལུང་ངག་དབང་གྲགས་པས་རྩད་གཅོད་ཞིབ་ཏུ་མཛད་པས། ཁུངས་ཐུབ་པ་མང་པོས་བདེན་པ་ཁོ་ནར་གླིང་གི་འདུག་གསུང་། ཡང་། གལ་ཏེ་རང་བཟོ་མི་བྱེད་ན། །ཐུབ་པའི་རྒྱུད་སྡེ་ཉིད་ཀྱིས་ཆོག །དེར་མ་འདུས་པ་བྲིས་ཞེ་ན། །དེ་འདྲ་ཁྱོད་ཀྱིས་གང་ནས་མཐོང་། །བདག་གིས་གསར་དུ་དྲན་ཅེ་ན། །དེ་ཕྱིར་བདུད་ཀྱིས་བྱིན་གྱིས་བརླབས། །རྫུན་རྒྱུད་གསར་དུ་བརྩམས་པ་ལ། །རང་བཟོ་མེད་པ་འབྱུང་མི་སྲིད། །རྒྱུད་སྡེའི་དགོངས་པ་བཀྲོལ་ཞེ་ན། །འོ་ན་རྒྱུད་དུ་འཆོས་མི་དགོས། །དེ་ཉིད་གཞན་ཕན་ཆེ་སྙམ་ན། །དེ་ཡིས་ཐུབ་པའི་བསྟན་པ་དཀྲུགས། །ཞེས་པ་ལ། ཐུབ་པའི་རྒྱུད་དུ་མ་འདུས་པའི། །གསར་དུ་བཟོས་པའི་རང་བཟོ་ནི། །རྫོགས་ཆེན་ཆོས་ལ་ཅི་ཞིག་འདུག །བླ་མེད་རྒྱུད་སྡེ་ཐམས་ཅད་དང་། །ཞེ་ཕུགས་སྐྱེལ་སོ་གཅིག་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཡིན། །འདིར་ནི་སངས་རྒྱས་མྱུར་སྒྲུབ་པས། །དེ་ལ་སྡང་བའི་ཡིད་འཆང་བ། །བདུད་དང་འདྲ་བར་མ་གྱུར་ཏམ། །ཡང་། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཞིང་། །མ་ལུས་ཤེས་བྱའི་དེ་ཉིད་མཆོག་ནི་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་པ་དྲངས་པ་ལ། འདི་ནི་མགོན་པོ་བྱམས་པའི་བཀའ། །རྟག་ཏུ་ཕྱག་དང་མཆོད་པའི་གནས། །ཀུན་མཁྱེན་རྒྱལ་བ་ལས་མཁས་པ། །མི་སྲིད་དེ་ཕྱིར་རྗེས་འཇུག་གིས། །ཚུལ་བཞིན་སྟོན་ལ་མ་དཀྲུག་ཅེས། །དམ་ཆོས་སྨྲ་བ་ཐམས་ཅད་ལ། །ལེགས་པར་འདོམས་པའི་བཀའ་ཡིན་པས། །ཁྱེད་ཀྱང་ཀུན་ཏུ་བཟང་པོ་དང་། །རྡོ་རྗེ་འཆང་ལས་མི་མཁས་པས། །གསང་ཆེན་རྫོགས་པ་ཆེན་པོའི་ཆོས། །གསར་མའི་རྒྱུད་དང་མ་མཐུན་ཅེས། །བསྟན་པ་སྐྱོན་མེད་མ་དཀྲུགས་ཅིག །ཡང་། ཐུབ་པའི་རྒྱུད་སྡེ་རྒྱ་མཚོ་ལ། །རང་བཟོའི་དུག་ཆུ་ཆེས་མོང་བསྲེས། །འདི་ཡིས་བསྟན་པ་མ་དཀྲུགས་ན། །འོ་ན་བསྟན་ལ་གང་གིས་དཀྲུགས། །ཐུབ་ཚུལ་ཟབ་མོ་ཕྱིར་བཤིག་པས། །ཆོས་ལ་གནོད་པ་ཆེར་བྱེད་པ། །འདི་འདྲ་ཆོས་སྤོང་ལས་མིན་ཅེས། །བླུན་པོ་འགའ་ཞིག་མུ་ཅོར་སྨྲ། །ཞེས་པ་ལ། སྤྱིར་ན་གསར་རྙིང་གཉིས་ཀ་ལ། །རྫུན་རྒྱུད་ཡོད་པར་གྲགས་མོད་ཀྱི། །སྔོན་ནས་ད་ལྟའི་རྙིང་མ་བ། །སུ་ཡིས་ཐུབ་པའི་རྒྱུད་སྡེ་ལ། །རང་བཟོ་གང་ཞིག་བསྲེས་པ་མཐོང་། །གལ་ཏེ་བསྲེས་ན་གསར་མའི་རྒྱུད། །ཀུན་ཀྱང་གྲུལ་མ་བཏུབ་ཏུ་འགྱུར། །རང་བཟོའི་དུག་ཆུ་བསྲེས་པས་སོ། །དེས་ན་མེད་བཞིན་སྨྲ་བ་པོ། །རླུང་ཚད་འཐའ་པའི་ནད་པ་ལྟར། །རྣམ་ཤེས་འཁྲུལ་པར་མ་གྱུར་གྲངས། །ཡང་། ཐེག་མཆོག་སྙིང་པོའི་ཟབ་ལམ་གྱིས། །ངེས་པར་ཀུན་མཁྱེན་སྒྲུབ་པ་ལ། །བླ་མ་བརྒྱུད་པ་མ་ཉམས་དང་། །བརྒྱུད་པའི་བྱིན་རླབས་མ་ཡལ་དང་། །དབང་གི་ཆུ་བོ་མ་བསྐམ་དང་། །སྙན་བརྒྱུད་ཟམ་ཤིང་མ་ཆག་དང་། །ཚིག་གི་བཤད་སྲོལ་མ་ནུབ་དང་། །ལམ་གྱི་གོ་རིམ་མ་ལོག་དང་། །ཉམས་ལེན་དོན་བརྒྱུད་མ་ཆད་དང་། །རང་བཟོའི་དུག་ཆུས་མ་སྤགས་དང་། །དམ་ཚིག་ཉམས་པའི་སེལ་མ་ཞུགས། །འདི་དགུ་ཚང་བ་ངེས་པར་དགོས། །གསུང་རབ་དྲི་མེད་མ་གཏོགས་པ། །རང་བཟོའི་རྫུན་ལ་དེ་མི་འབྱུང་། །ཞེས་པ་ལ། བླ་མ་བརྒྱུད་པ་མ་ཉམས་ཤིང་། །དམ་ཚིག་ཉམས་པའི་སེལ་མེད་ན། །བརྒྱུད་པའི་བྱིན་རླབས་ཉམས་དོགས་མེད། །དབང་གི་ཆུ་བོ་ག་ལ་ནུབ། །སྙན་བརྒྱུད་ཚིག་གི་བཤད་སྲོལ་གཉིས། །དགོས་དང་མི་དགོས་སྐབས་ཐོབ་གཙོ། །ཚིག་གི་བཤད་སྲོལ་ཞེས་པ་དེ། །ཚོགས་ལ་བཤད་པའི་ཆོས་ཡིན་ལ། །སྙན་བརྒྱུད་ཞེས་པ་སློབ་བཤད་དེ། །དེ་ཡང་ཚོགས་ལ་དྲང་དོན་དང་། །སློབ་མར་ངེས་དོན་འཆད་པར་གསུངས། །རྫོགས་པ་ཆེན་པོའི་ཆོས་ཚུལ་འདིར། །གདམ་ངག་ལྷུག་པར་སྟོན་པས་ན། །སྙན་བརྒྱུད་ཟམ་ཤིང་ག་ལ་ཆག །ཚིག་གི་བཤད་སྲོལ་ཅི་ལ་ནུབ། །དེ་བཞིན་ལམ་གྱི་གོ་རིམ་དང་། །ཉམས་ལེན་དོན་བརྒྱུད་ག་ལ་ཉམས། །དེས་ན་འདི་ཀུན་གཉིས་སུ་འདུས། །འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས། །རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབོད་ཅེས་གསུངས། །དགུ་རུ་ཕྱེ་བས་ཅི་ཞིག་བྱ། །ཚིག་གི་ན་ཡམ་འཆད་འཆད་ནས། །དོན་གྱི་སྙིང་པོ་སྟོར་བ་ཡིན། །ཡང་། ཕལ་ཆེར་དེ་དང་འགལ་བའི་ཕྱིར། །འདི་ལ་རེ་ཞིག་བརྟག་པར་བྱ། །རྩོམ་པའི་ཉམས་ནི་ཞན་པ་དང་། །སྒྲ་དང་བརྡ་དང་ཚིག་ནོར་དང་། །དོན་ནོར་ཆོ་ག་ཕྱིན་ཅི་ལོག །ལམ་གྱི་གོ་རིམ་འཁྲུལ་པ་དང་། །ཡིད་ཆེས་གཞུང་ལ་མ་གྲགས་དང་། །དམ་པ་རྣམས་ཀྱིས་སྨད་པ་དང་། །བསྟན་པའི་ནང་ནས་བསྐྲད་པ་དང་། །ཡིད་ཆེས་རྒྱུད་གཞུང་གཏན་མེད་པས། །གཏན་ཚིགས་བརྒྱད་པོ་འདི་མཐོང་ནས། །བསྙོན་མེད་རྫུན་གྱི་གཞུང་དུ་ཤེས། །འགལ་དང་མ་འདྲེལ་མ་ཚང་ཟློས། །བྱིས་པ་སྨྱོན་པ་བ་ལང་རྫིའི། །ཚིག་ལྟར་རང་བཞིན་སྐལ་བ་ངན། །དེ་ཕྱིར་རྩོམ་པའི་ཉམས་ཞན་པའོ། །མདོ་སྡེ་རྒྱུད་སྡེའི་ཚིག་རིས་ལ། །གོ་བདེ་མི་བདེ་སྣ་ཚོགས་ཡོད། །འོན་ཀྱང་མཁས་པས་མཐོང་བའི་ཚེ། །ཁུངས་མ་ཡིན་པའི་ངེས་ཤེས་ཐོབ། །སྦྱངས་དང་ཤེས་རབ་མིག་ལྡན་པས། །ཁྱེད་ཀྱི་གཞུང་བརྒྱ་མཐོང་བའི་ཚེ། །རྒན་པོས་བྱིས་པའི་གཏམ་ཐོས་བཞིན། །ཚིག་རིས་ཙམ་ལའང་ཡིད་ཆེས་མེད། །ཅེས་པ་ལ། རྩོམ་པའི་ཉམས་ནི་བཟང་བ་དང་། །ཚིག་དང་སྡེབ་སྦྱོར་ལེགས་པ་ཡིས། །ཡང་དག་ཆོས་སུ་ཁས་ལེན་ན། །མུ་སྟེགས་གཞུང་ཀུན་ཆོས་སུ་འགྱུར། །དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། །དོན་ལ་རྟེན་པ་ལ་དགོངས་ནས། །སྒྲ་བཟང་ཞེན་པ་འགོག་ཕྱིར་དུ། །ཚིགས་བཅད་སྒྲ་ཉམས་གཅོད་མཚམས་ཉམས། །རྣམ་དབྱེ་མེད་དང་དབྱངས་གསལ་ཕྱིས། །རིང་ལ་ཐུང་དང་ཐུང་ངུ་རིང་། །སྒྲ་ཡི་རྐྱེན་ཉམས་འཆོལ་བ་དང་། །བདག་གི་ཚིག་ལ་གཞན་གྱི་ཚིག །གཅིག་ལ་མང་ཚིག་སྦྱར་བ་སོགས། །དུས་ཀྱི་འཁོར་ལོའི་རྒྱུད་ལ་ཡོད། །རྣལ་འབྱོར་ལྡན་པས་དོན་བཟུང་ཞེས། །ཆུ་དང་འོ་མ་འདྲེན་པ་ནི། །ངང་པས་འོ་མ་ལེན་ལྟར་གསུང་། །ཕྱག་ན་རྡོ་རྗེའི་སྟོད་འགྲེལ་ལས། །སྟོད་པ་བཞི་ཡི་དབང་བྱས་ནས། །ཚིག་ལ་རྟེན་པ་གཞུང་དེར་བཀག །པཎ་ཆེན་དྲི་མེད་བཤེས་གཉེན་གྱིས། །བོད་ཀྱི་མི་རྣམས་གོ་བདེའི་ཕྱིར། །ཆོས་སྐད་དབྱིངས་ལ་མ་བརྟེན་པས། །མཁས་པས་ཚིག་སྐྱོན་གདགས་མི་རིགས། །འོན་ཀྱང་རྒྱལ་བའི་ལུང་སྨོད་ན། །བདག་གཞུང་ཅི་ཕྱིར་མི་སྨད་ཅེས། །མཚན་བརྗོད་འགྲེལ་པ་ཉིད་ལས་བཤད། །དེས་ན་རྩོམ་པའི་ཉམས་ཞན་ཀྱང་། །དོན་གྱི་ཉམས་ནི་བཟང་བས་ཆོག །ཡང་། ཁྱེད་ཀྱིས་ཐོག་མའི་མཚན་ཙམ་ལས། །སྐད་དོད་ནོར་བས་རང་མཚང་བསྟན། །ཕལ་ཆེར་སྔགས་བཏུའི་སྐབས་ན་ནོར། །སྔགས་དང་སྒྲ་བཤད་ཕལ་ཆེར་ནོར། །དང་པོར་འབུས་པས་བུདྡྷ་ཡ། །བར་དུ་དར་བས་དརྨ་ཡ། །ཐ་མར་སངས་པས་སངྒྷ་ཡ། །འདི་འདྲའི་སྒྲ་བཤད་རྒྱུད་དུ་བྲིས། །ཅ་ཆ་ཇ་དང་ཞ་ཟ་འ། །འདི་དྲུག་རྒྱ་གར་སྐད་དུ་བསྲེས། །གསལ་བྱེད་བརྩེགས་པ་རེ་རེ་ལ། །དབྱངས་ཡིག་གཉིས་གསུམ་བཞི་ཡིས་བརྒྱན། །ཞེས་པ་ལ། དང་པོར་འབུས་པ་སོགས་ཀྱི་ཚིག །བླུན་པོས་བ་བཅོལ་བྲིས་པ་དེ། །རྙིང་མའི་རྒྱུད་དུ་མིང་བརྟགས་པས། །ཤེས་ལྡན་སུ་ཞིག་ཚད་མར་འཛིན། །ཅ་ཆ་ཇ་དང་ཞ་ཟ་འ། །སཾ་སྐྲྀ་ཏ་ལ་མ་གྲགས་ཀྱང་། །འགྲོ་བ་གཞན་གྱི་སྐད་ལ་ཡོད། །རྒྱལ་བ་ཀུན་ཏུ་བཟང་པོ་ངེས། །ཆོས་ནི་མཐའ་ཡས་སྐད་དུ་བསྟན། །ཕལ་པོ་ཆེ་ཡི་མདོ་ལས་ཀྱང་། །འགྲོ་བ་ཀུན་གྱི་སྒྲ་ཇི་ཙམ། །ཐམས་ཅད་སྐད་དུ་ཆོས་བསྟན་ཞེས། །ཐུབ་པས་གསུངས་པའང་དྲན་པར་བྱ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། །ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །ཞེས་གསུངས་བདེ་མཆོག་སྡམ་འབྱུང་རྒྱུད། །ཀླ་ཀློའི་སྐད་དུ་གསུངས་པ་དང་། །གཞན་ཡང་ཉན་ཐོས་སྡེ་པ་བཞིའི། །མདོ་སྡེ་ལེགས་སྦྱར་རང་བཞིན་དང་། །ཟུར་ཆག་ཤ་ཟའི་སྐད་དང་བཞི། །དེ་སོགས་རྣམ་གྲངས་དུ་མ་ཡོད། །དེ་བཞི་གཤེགས་གསུངས་དམ་ཆོས་རྣམས། །ལེགས་སྦྱར་ཁོ་ནའི་སྐད་ཡིན་ཅེས། །སྨྲ་བ་ཐོས་པ་ཆུང་བ་ཡིན། །གསལ་བྱེད་བརྩེགས་པ་རེ་རེ་ལ། །དབྱངས་ཡིག་གསུམ་བཞིས་བརྒྱན་པ་ཡང་། །སྐྱེ་བ་མེད་པའི་ཆོས་དབྱིངས་ལས། །འགགས་མེད་ཡེ་ཤེས་རང་སྣང་བའི། །རྟགས་ཉིད་ཡིན་གྱི་རྗོད་བྱེད་སྒྲའི། །ཡི་གེ་ཡིན་པའི་ངེས་པ་མེད། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །བརྗོད་དུ་མེད་པའི་ཡི་གེ་ནི། །གྲི་གུག་ཐོང་གཤོལ་ཚེག་དྲག་གི། །རྣམ་པ་ཅན་སོགས་གསལ་བར་གསུངས། །གལ་ཏེ་བརྗོད་པ་དག་གི་ནི། །ཡི་གེ་མིན་པར་གྱུར་ན་ཡང་། །བཀླག་ཏུ་མི་བཏུབ་མ་ཡིན་ཏེ། །གསལ་བྱེད་བརྩེགས་པ་གཅིག་ཀློག་གམ། །ཕྲལ་ནས་ཀློག་པ་གང་ཡིན་ཀྱང་། །ཇི་ཙམ་བརྩེགས་པ་དེ་ཀློག་ན། །྅྅྅ཀུ། ྅྅྅སྐུ། དཔེར་ན་ཀེ་ཨི་ཀོ་ཨུ་དང་། །སེ་ཀི་སོ་ཀུར་བཀླག་པ་བཞིན། །རྒྱས་པར་གསང་བ་སྒྲ་ཡི་རྒྱུད། །རྒྱུད་ཆེན་རིག་པ་རང་ཤར་གྱི། །འགྲེལ་པ་ཉིད་དུ་བལྟས་པས་ཤེས། །གཞན་ཡང་སྒྲ་ཡིས་སྒྲུབ་པ་དང་། །གསང་སྔགས་ཡི་གེ་གཅིག་ཤེས་ཀྱང་། །དོན་ནི་མང་པོར་འགྱུར་བས་ན། །མཐའ་གཅིག་ཁོ་ནར་འཛིན་པ་འཁྲུལ། །ཡང་། རྦད་རྦུད་ཁཾ་ཤག་རོ་མྱགས་ཆུམས། །ཐོད་ཕྲེང་རྩལ་དང་གྲོ་བོ་ལོད། །ཨེ་མྱགས་ཡ་རྡུམས་མུགས་ཤག་དུན། །བཾ་རིལ་དུན་ཐིབས་ཏྲིག་ཏྲིག་ཁྲམ། །ཧེར་ཤོག་ནིར་ཤོག་རྒྱུག་བྲེང་བྲེང་། །རྣལ་མ་རྣལ་ཏེ་སོད་ལ་རྔམས། །བཛྲ་ཞང་ཞུང་མ་ལ་སོགས། །སྔགས་ལ་འཆལ་གཏམ་བརྒྱ་སྟོང་བསྲེས། །ཞེས་པ་ལ། རྦད་རྦུད་ཁཾ་ཤག་ལ་སོགས་པ། །ཕྱག་རྡོར་གསང་བ་མངོན་བསྟན་གྱི། །རྒྱུད་ཀྱི་སྔགས་ལའང་འདི་ལྟར་ཡོད། །མུན་དུ་རཀྴ་ཧྲིལ་དིམ་དིམ། །ཕོབ་ཕོབ་ཤག་ཤག་རྦད་རྦད་དང་། །ཁ་ཐཾ་ཐུཾ་དང་ཧ་ཀྲྀ་ཁུག །ཚལ་པ་རྦད་ལིང་སྲོག་ཚིག་ནན། །རཀྟ་རྔུབ་རྔུབ་ཆོམས་ཆོམས་དང་། །གཏུབ་གཏུབ་སོད་སོད་ཁོས་ཁོས་བྱིངས། །རྨུགས་རྨུགས་ཧལ་ཧལ་མྱོས་མྱོས་རྦད། །ཞི་ཞི་རྡུལ་བུན་རྦད་སོགས་མང་། །གཏུམ་པོ་ཕྱི་མའི་རྒྱུད་ལས་ཀྱང་། །ནཱ་ག་ཤིག་ཟློག་ནཱ་ག་བྱེར། །སརྦ་ཙིཏྟ་གཟེར་ཐུཾ་དང་། །ཚུབ་ཚུབ་རྦུད་དང་གུ་ནི་ཞི། །ཉི་མ་ས་ལ་ནན་དང་ནི། །ཕྱི་མ་ཕྱི་མའི་རྒྱུད་དུ་ཡང་། །ཁ་རག་ནག་པེ་ཁྲ་མ་ཡ། །དེ་ལ་སོགས་པ་དུ་མ་དང་། །ཇོ་བོ་རྗེ་ཡི་རྟ་མགྲིན་གྱི། །སྔགས་རིང་ལ་ཡང་འདི་སྐད་དུ། །རྒྱལ་འགོང་རྒྱ་མཚོའི་ཤ་ལ་དོམ། །རོ་ལ་ཁྲག་འཐུང་ལ་སོགས་དང་། །གྲུབ་ཐོབ་ཟླ་བ་རྒྱལ་མཚན་གྱིས། །ཞལ་གཟིགས་རྟ་མགྲིན་ལྕགས་རལ་ཅན། །དེ་ཡི་སྔགས་ལའང་འདི་སྐད་དུ། །ཤ་ཁྲག་རུས་ལ་རྦད་སོགས་དང་། །ཤངས་པའི་རྟ་མགྲིན་གསང་སྒྲུབ་ལ། །ཁཾ་རཀྴ་ས་མ་ཡ་བྱེར། །དེ་ལ་སོགས་པའི་བོད་སྐད་འདྲེས། །ལོ་ཆེན་རིན་བཟང་ས་སྐྱ་པའི། །བསྟན་སྲུང་པཱུ་ཏྲ་མིང་སྲིང་སྔགས། །ཛ་ཛ་ཤམ་ཤམ་ལི་ཤིག་ཏེ། །རྨུགས་རྨུགས་སྤུ་གྲི་ཨ་ལི་མ། །དེ་ལ་སོགས་པ་དུ་མ་དང་། །རྡོ་རྗེ་ལྕེ་འབེབས་རྒྱུད་ལས་ཀྱང་། །ས་གདོན་ནག་པོ་སོད་སོད་དང་། །ཕྱུགས་རྫི་ཕཊ་དང་ནཱ་ག་འབར། །རྡོ་རྗེ་བདེ་འཕྲོས་རྒྱུད་ལས་ཀྱང་། །མཱ་ར་མྱོས་བྱིང་ཐུཾ་རིལ་ཛཿ། །དེ་བཞིན་འཕགས་པ་ལྕགས་མཆུ་ལས། །ཤར་ཤར་ཕོབ་དང་རཀྴ་ཕོབ། །སྟོབས་པོ་ཆེ་ཡི་གཟུངས་ལས་ནི། །ཨཱཿརྡོ་རྗེ་ལ་སྭཱ་ཧཱ། །འབར་བའི་འོད་ཅན་ལ་སྭཱ་ཧཱ། །རོ་དང་འདྲ་བ་མ་བྱ་ཆེ། །སྲུང་བ་ལྔ་ལ་སོགས་པར་ཡོད། །གསར་རྙིང་གཉིས་ཀ་ཁྱད་པར་མེད། །ཡང་། ༀ་ཉིད་གཞི་མུ་ཁ་ལེ་ཀྲོ་དྷི་ཤྭ་རི་བྷ་ག་པདྨ་ར་ཡ་བདེ་ཀློང་འདུས་འདུས་སྙིང་ཤ་ཡུ་ཏི་ནི་ཧཱུྃ་ཛཿཛཿ། འདི་ལྟར་ཁྱེད་ཀྱི་སྔགས་འགའ་ཞིག །རྒྱ་སྐད་བོད་སྐད་ཕྱེད་བསྲེས་ལ། །ཆོས་སྐད་བོན་སྐད་འདྲེས་པའི་གཟུངས། །གཞན་གང་གནས་གྱུར་ཤིན་ཏུ་མང་། །ཞེས་པ་ལ། འདི་ནི་ཀུན་བཟང་ཧེ་རུ་ཀས། །དངོས་བསྟན་ཉིད་དུ་གསུངས་པ་ཡིན། །དེ་ལ་ཁྱེད་ཡིད་མི་ཆེས་ཀྱང་། །པཎ་ཆེན་ཤཱཀྱ་མཆོག་ལྡན་པས། །འཕགས་པའི་ཡུལ་ནས་ཕྱིས་འགྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་ལ། །མི་བསླུ་ངེས་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་དང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་ཡིན། །རྡོ་རྗེ་སེམས་དཔའི་གནང་ཐོབ་པ། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པས་ཆོག་པར་གསུངས་པ་ཡིན། །དེ་སྐད་གསུངས་པ་དགོངས་འཚལ་ལོ། །ཡང་། ཨ་ཏི་ལ་ནི་བརྟེན་ནས་ཀྱང་། །ཡང་ཏི་སྤྱི་ཏི་ཟེར་བ་དང་། །ཤ་རི་རཾ་ལ་བརྟེན་ནས་ཀྱང་། །ཉ་རི་རཾ་དང་ཆུ་རི་རཾ། །ཞེས་པ་ལ། ཡང་ཏི་སྤྱི་ཏི་ལ་སོགས་པ། །ཐེག་པ་མང་པོ་ཤིན་ཏུ་འཐད། །ལང་ཀར་གཤེགས་པའི་མདོ་སྡེ་ལས། །ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཞེས་དང་འཁོར་ལོ་སྡོམ་པའི་རྒྱུད། །གསང་བ་བསམ་གྱིས་མི་ཁྱབ་པར། །ཐེག་པ་གསུམ་དང་བཅོ་བརྒྱད་དེ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ལྟ་བའི་དབྱེ་བས་བྱས་པའོ། །ཞེས་གསུངས་པ་འདི་གོ་བར་གྱིས། །ཤ་རི་རཾ་སོགས་ལྔར་ཕྱེ་བ། །འདི་ནི་གསང་སྔགས་གསར་མར་ཡང་། །ཆོས་སྐུའི་རིང་བསྲེལ་སྐུ་གདུང་དང་། །སྐུ་བལ་ཆོས་ཀྱི་རིང་བསྲེལ་དང་། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ལྔར། །སློབ་དཔོན་བྱང་ཆུབ་བཟང་པོས་བཤད། །འདིར་ཡང་སྐུ་གདུང་རིང་བསྲེལ་ནི། །གཞོམ་དུ་མེད་པར་ངོས་བཟུང་ནས། །འབྱུང་ལྔའི་སྟོབས་ཀྱིས་ལྔར་བྱུང་ལ། །འབྲས་བུ་ཡེ་ཤེས་ལྔའི་དབང་གིས། །ཁ་དོག་རྣམ་པ་ལྔར་བྱུང་བ། །འདི་ལ་སྐྱོན་དུ་ཅི་ཞིག་ཡོད། །མ་གོ་བཞིན་དུ་མ་བསྙོན་ཅིག །ཡང་། དེ་བ་ཡཀྵ་རཀྴ་ལས། །དེ་མ་མ་མོ་རག་མོ་དང་། །མ་མོའི་སྐད་དོད་མ་མ་དང་། །བདུད་ཀྱི་སྐད་དོད་རུ་དྲ་དང་། །མ་ཧཱ་སནྟི་རྫོགས་ཆེན་དང་། །སནྟི་མ་ཧཱ་ཟེར་ལ་སོགས། །རྒྱ་བོད་སྡེབ་སྦྱོར་མ་ཕྱེས་པའི། །ཐ་སྙད་གོ་རིམ་ནོར་བ་མང་། །ཞེས་པ་ལ། དེ་མ་མ་མོ་རག་མོ་སོགས། །གསར་མའི་ཁྲོད་ནའང་མགོན་པོའི་རྒྱུད། །གསང་བ་དངོས་གྲུབ་འབྱུང་བ་རུ། །རག་མོ་ཙིཏྟ་ཁ་རག་མ། །ཧཱུྃ་བྷྱོ་ཞེས་པ་འདི་གསུངས་མོད། །ལས་རྣམས་མྱུར་དུ་འགྲུབ་ཕྱིར་དུ། །གསང་སྔགས་དཀྲུག་བསྡེབས་བྱས་པ་ཡིན། །ཐུགས་རྒྱུས་མེད་པ་བདེན་མོད་ཀྱི། །འདི་དོན་དམར་ནག་འཇིགས་གསུམ་དང་། །གཤེད་པོ་གདོང་པ་དྲུག་པ་སོགས། །གསར་མ་རང་ལུགས་ལས་ཀྱང་གྲགས། །མ་མོའི་མིང་ལ་མ་མ་ནི། །བཏགས་སྲོག་དང་པོར་དྲངས་པ་ཡིན། །འབྲེལ་བའི་དོན་ཡིན་སྐྱོན་ཅི་ཡོད། །རུ་དྲ་ཞེས་པ་དྲག་པོ་སྟེ། །བདུད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། །བཤད་ཀྱང་འགལ་བ་ཡོད་མིན་ལ། །འོན་ཀྱང་མཆོད་བསྟོད་དཀྱིལ་ཆོག་ལས། །བདུད་དང་རུ་དྲ་སོ་སོར་ཕྱེ། །མ་ཧཱ་སནྟི་རྫོགས་ཆེན་གྱི། །སྐད་དོད་མིན་ན་འཇམ་དཔལ་གྱི། །ཞལ་ལུང་ཉིད་དུ་གང་གསུངས་པའི། །རྫོགས་ཆེན་སྐད་དོད་དེ་སྟོན་ཅིག །ཡང་། ཤད་ཀྱི་དོན་དུ་ཚེག་དྲག་འདི། །རྒྱ་བོད་གཉིས་ཀའི་ལུགས་དང་འགལ། །ཞེས་པ་ལ། ཚིག་མཐར་ཚེག་དྲག་འ་ཚག་སོགས། །གཏེར་ཡིག་ངེས་པའི་རྟགས་ཡིན་གྱི། །རྒྱ་གར་བ་ཡི་རྣམ་བཅད་དང་། །བོད་ཀྱི་ཤད་ཀྱི་དོད་མ་ཡིན། །ཡང་། དམ་པ་དང་པོའི་སངས་རྒྱས་ལས། །སྒྲ་ཡི་གནག་ལུགས་ཁོངས་ཆུད་ནས། །སྒྲ་ལ་ཞེན་པ་སྤོང་བའི་ཕྱིར། །ཆེད་དུ་སྒྲ་ཉམས་གསུངས་པའང་ཡོད། །ཅེས་པ་ལ། སྒྲ་ལ་ཞེན་པ་སྤོང་བ་དེ། །ཚིག་ལ་མི་རྟེན་པ་ཡི་དོན། །ཡིན་པ་མ་གོ་ཅི་ཞིག་ནོངས། །སྒྲ་ཡི་གནས་ལུགས་ཁོང་ཆུད་ནས། །སྒྲ་ཞེན་སྤངས་ཞེས་གསུངས་པ་མེད། །རྫུན་ཚིག་འདི་ལ་དགོས་པ་ཅི། །ཡང་། གཙུག་ཏོར་གདུགས་དཀར་ལ་སོགས་སྔགས། །བོད་ཀྱི་སྐད་དུ་བསྒྱུར་བའང་ཡོད། །ཁྱེད་དང་དེ་དག་མི་མཐུན་ཏེ། །སཾ་སྐྲྀ་ཏ་ཡང་མ་དག་ལ། །པྲ་ཀྲྀ་ཏ་ཡི་ལུས་མ་ཐོབ། །ཨ་བ་བྷྲཾ་ཤ་དང་ཡང་འགལ། །ཀ་ལ་ཨི་རི་ཊི་ལྟ་བུ། །མཁའ་འགྲོའི་བརྡ་ཡང་འདིས་མི་རུང་། །རྒྱ་གར་ཡུལ་སྐད་རྣམས་ཀྱང་མིན། །པི་ཤ་ཙིར་ཡང་ག་ལ་འགྲིག །གང་ཕྱིར་སྐད་རིས་དེ་དག་ལ། །བོད་ཀྱི་སྐད་དང་བསྲེས་པ་མེད། །རྒྱ་བོད་ཤན་བསྲེས་སྒྲོས་མ་ཚང་། །འཕྲལ་ལ་རང་བཟོར་བྱས་པར་ཤེས། །ཞེས་པ་ལ། གདུགས་དཀར་གཟུངས་སྔགས་བོད་སྐད་དུ། །གཙང་མར་བསྒྱུར་བས་དོན་སྟོན་ན། །རྒྱ་སྐད་བོད་སྐད་བསྲེས་པ་ཡིས། །དོན་མི་སྟོན་པའི་རྒྱུ་མཚན་ཅི། །རྒྱ་བོད་ཞང་ཞུང་སྐད་བསྲེས་པའི། །སྤུ་གྲི་ཨ་ལི་མ་ལ་སོགས། །པུ་ཏྲ་མིང་སྲིང་སྔགས་འདི་ཡང་། །སྔོན་ཚེ་ལེགས་སྦྱར་སྐད་དུ་ཡོད། །ལོ་ཆེན་རིན་བཟང་བོན་པོ་དང་། །འགྲས་དུས་པུ་ཏྲ་མ་སོང་བས། །སྔགས་དེ་ཞང་ཞུང་སྐད་དང་བསྲེས། །དེ་ཡིས་བན་བོ་བརླག་པ་ཡིན། །གཏམ་བརྒྱུད་པྲ་ཏྲའི་ཡིག་ཆར་ལྟོས། །སཾ་སྐྲྀ་ཏ་ཡང་མ་དག་ན། །སྐད་རིགས་གཞན་དང་ག་ལ་འགྲིག །ཀ་ལ་ཨི་རྀ་ཊི་ལ་སོགས། །རེ་རེ་ཙམ་ཞིག་མ་གཏོགས་པ། །འདི་ནི་མཁའ་འགྲོའི་བརྡ་མ་ཡིན། །ཡུལ་སྐད་རྡོ་རྗེའི་གླུ་རུ་བླངས། །སྔགས་ཀྱི་ནུས་པ་འབྱུང་བའི་ཕྱིར། །ཡོད་པ་འབྱིན་དང་མེད་པ་འཇུག །མགོ་བོ་བཅད་དང་གདགས་པ་དང་། །ཕཊ་ནི་རྦད་དུ་བསྒྱུར་བ་སོགས། །རྟོག་གེ་པ་ལ་མ་གྲགས་པས། །སྨྲ་བ་ཙམ་ཞིག་བདེན་རུང་ཡང་། །མ་མཐོང་ཕྱིར་ན་མེད་པ་མིན། །བོད་ཀྱི་སྐད་དང་མ་བསྲེས་པས། །སྐད་རིགས་བཞིའི་ལུས་ཐོབ་ན། །ཀླུ་དང་དྲི་ཟ་ལ་སོགས་པའི། །སྐད་ཀྱང་སྐད་རིགས་བཞིར་འགྱུར་ཏེ། །བོད་ཀྱི་སྐད་དང་མ་བསྲེས་ཕྱིར། །རང་སེམས་གཏན་ལ་མ་ཕེབས་པར། །ལོག་ལམ་འཆོལ་བའི་གླག་ཅོལ་གྱིས། །བསྐལ་པ་བརྒྱ་རུ་སྨྲས་གྱུར་ཀྱང་། །ཚིག་གཅིག་དོན་དང་མི་ལྡན་པ། །ཀྱེ་མ་ཁྱོད་ནི་ཅི་ཞིག་ནངས། །ཡང་། གདོད་ནས་དག་པའི་རྣམ་གྲངས་སུ། །ཀ་དག་མཁས་པའི་སྡེབ་སྦྱོར་མིན། །ཅེས་པ་ལ། འདི་ནི་དབྱིངས་ནས་དག་པའི་དོན། །མཁའ་ནས་དག་པ་ཞེས་བྱ་སྟེ། །སྐད་དོད་ཁ་བུདྡྷ་ཞེས་འབྱུང་། །བརྡ་རྙིང་པ་རྣམས་ཀ་དག་ཟེར། །དོན་ཆེན་ཚིག་གིས་མཚོན་པ་ལ། །སྐྱོན་གྱི་རྣམ་པ་གང་ཡང་མེད། །ཡང་། ཚིག་ཀྱང་སྦྱོར་ལེགས་མི་ཤེས་ན། །ཐུབ་པའི་དགོངས་དོན་ཇི་ལྟར་ཤེས། །ཞེས་པ་ལ། རྒྱལ་བའི་དགོངས་དོན་དཔག་དཀའ་བ། །རྟོགས་པ་ཚོགས་གཉིས་མཐུ་ལས་ཡིན། །ཚིག་གི་སྡེབ་སྦྱོར་མཁས་ཤེས་པས། །རྒྱལ་བའི་དགོངས་དོན་རྟོགས་འགྱུར་ན། །མུ་སྟེགས་པ་ཡི་པཎྜི་ཏས། །ཐུབ་པའི་དགོངས་དོན་རྟོགས་པར་འགྱུར། །ཡང་། གིང་ཕོ་གིང་མོ་ཞེས་བྱ་བ། །མོན་ཡུལ་ལ་ལར་བཙུན་པའི་མིང་། །ལྷ་ལ་གིང་ཆེན་ཞེས་བྱ་བ། །ལོ་པཎ་མཁས་ལ་འདི་མ་གྲགས། །ཨ་ཏྲི་སེམས་པ་ཉིད་སང་སད། །གཡའ་སྤང་སྐྱེས་གཅིག་གནམ་ཐེའུ་དཀར། །ཨ་ཕྱི་ཆེན་མོ་ཤམ་ཤམ་མོ། །བསྐོས་རྗེ་བྲང་དཀར་ཤན་ཤན་སྣེའུ། །དཀྱིལ་འཁོར་ལྷ་ཡི་མིང་འདི་འདྲ། །ཆོས་མིན་བན་ཡང་འདྲ་ལ་མིན། །དམུ་བཙན་ཐེའུ་རང་འགོང་པོ་གཉན། །འཕགས་པའི་ཡུལ་ན་གྲགས་པ་མིན། །སྒྲ་གཅན་ལ་ནི་ཁྱབ་འཇུག་སོགས། །མིང་གི་མངོན་བརྗོད་བརྒྱ་སྟོང་ནོར། །འདི་དག་ཚིག་གི་ནོར་བ་སྟེ། །གཞན་ཡང་མཐའ་ལས་འདས་པ་ནོར། །ཞེས་པ་ལ། ལྷ་ལ་གིང་ཆེན་ཞེས་བྱ་བ། །ལོ་པཎ་མཁས་ལ་མ་གྲགས་ན། །སྔོན་གྱི་ལྷ་ཁང་ཕལ་ཆེ་བར། །ཁྲོ་བོ་ཀང་ཀིང་ཞེས་པ་འདི། །རྒྱ་ནག་པ་ཡི་སྐད་ཡིན་པས། །སྒྲ་ཟུར་ཉམས་པས་གིང་དུ་གྲགས། །ཨ་ཕྱི་ཤམ་ཤམ་ལ་སོགས་པ། །དཀྱིལ་འཁོར་ཡོད་ལ་སྐྱོན་འདོགས་ན། །དཔལ་མཆོག་ཆོས་དབྱིངས་གསུང་དབང་དང་། །རྡོ་རྗེ་གཙུག་ཏོར་གཙུག་དགུ་དང་། །གནོད་སྦྱིན་ཤིང་ཏ་ལ་སོགས་སུ། །སྲིད་པ་གསུམ་ན་གནས་པ་ཡི། །ལྷ་འདྲེ་མང་པོ་དཀྱིལ་འཁོར་བཅུག །ངན་སོང་སྦྱོང་བའི་རྒྱུད་དུ་ཡང་། །ལྟོ་འཕྱེ་སྲིན་པོ་འབྱུང་པོ་དང་། །གནོད་སྦྱིན་ཡི་དྭགས་འདྲེ་རྣམས་དང་། །ཀླུ་དང་ཀླུ་ཡི་རིགས་རྣམས་དང་། །རྒྱལ་པོ་བཞི་པོ་བྲི་བར་བྱ། །གཟའ་དང་སྐར་མ་རྒྱུ་སྐར་དང་། །ཁྲོ་བོ་མ་རུང་འཚེ་བ་ཡི། །བགེགས་དང་བྱི་ན་ཡ་ག་དང་། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་སྐལ་བ་ཆེན་པོ་རྣམས། །མཁའ་འགྲོ་མ་དང་རོ་ལངས་བྲི། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་དང་། །ཤིང་དང་ཀུན་དགའ་ནགས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །མིང་ངམ་བརྡའམ་ཡང་ན་ནི། །ཐེག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་པའི་འགྲེལ་པར་ལྟོ་འཕྱེ་ནི། །ས་བདག་སྔོན་པོ་དག་ལ་བཤད། །ཡི་དྭགས་ཕྱི་ནང་སྒོས་ཁུར་ཅན། །འདྲེ་ནི་ལོག་འདྲེན་ནག་པོ་དང་། །ཆུ་ལྟར་གཡོས་དང་ཉེ་འཐུང་དང་། །གནས་གནོན་སྤྱིའུ་ཚུགས་ཐུར་ལྟ་དྲུག །འབྱུང་པོ་གདོན་ཆེན་བཅོ་ལྔ་དང་། །ཁྲོ་བོ་མ་རུངས་འཚེ་བ་ནི། །དམྱལ་བའི་སྲུང་མ་དག་ལ་བཤད། །བུད་མེད་ཅེས་པ་རྒན་མོ་དང་། །མཁའ་རག་མ་སོགས་བོད་ཡུལ་ན། །གནས་པ་བདུན་པོ་བཀོད་པ་དང་། །འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་དུ། །དེ་ཡི་ཕྱི་རོལ་དམྱལ་ཀུན་དང་། །འདོད་ཆགས་ལ་སོགས་བྱོལ་སོང་བྲི། །ཞེས་གསུངས་ངན་སོང་གསུམ་པོ་དང་། །འདོད་ཆགས་བྱ་དང་ཞེ་སྡང་སྦྲུལ། །ང་རྒྱལ་རྩང་བ་གཏི་མུག་ཕག །ཕྲག་དོག་རུས་སྦལ་དག་ཀྱང་བཀོད། །མཁའ་འགྲོ་རྒྱ་མཚོར་འབྱུང་པོ་དང་། །དམྱལ་སྲུང་དཀྱིལ་འཁོར་དག་ཏུ་བཀོད། །དེ་བཞིན་རྀ་གི་ཨ་ར་ལིར། །དཀྱིལ་འཁོར་དུ་ནི་དམྱལ་བ་བཀོད། །དུས་འཁོར་སྐུ་དཀྱིལ་གསུང་དཀྱིལ་དུ། །འདབ་མར་གནས་པའི་ལྷ་རྣམས་ནི། །ཕལ་ཆེར་འབྱུང་པོ་ཁོ་ནར་སྣང་། །སྦྱོང་རྒྱུད་འཇིག་རྟེན་དཀྱིལ་འཁོར་དྲུག །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །ཀླུ་ལ་སོགས་པས་བསྐོར་བ་ཡི། །འཇིག་རྟེན་པ་ཡི་དཀྱིལ་འཁོར་མང་། །བཀའ་གདམས་པ་ཡི་བསྟན་མ་ལྟར། །སྲིད་པ་ཀུན་ལ་ཁྱབ་པ་ཡི། །ལྷ་འདྲེ་རྒྱ་བོད་ཁྱད་པར་མེད། །ཡོད་ཀྱང་རྒྱ་འདྲེ་དཀྱིལ་འཁོར་ལ། །བསྒྲིག་ཏུ་རུང་བའི་ཤེས་བྱེད་དང་། །བོད་འདྲེ་བསྒྲིག་ཏུ་མི་རུང་བའི། །རྒྱུ་མཚན་ཡོད་ན་སྨྲ་བར་རིགས། །དམུ་བཙན་ཐེའུ་རང་འགོང་པ་གཉན། །མིང་གི་འདོགས་ལུགས་མ་གཏོགས་པ། །འཕགས་པའི་ཡུལ་ན་མེད་པ་མིན། །འདི་ནི་འཚེར་ཁུངས་ལོ་ཙཱ་བའི། །ལས་ཚོགས་གཞུང་ན་ཡོད་མོད་ཀྱང་། །འདིར་ནི་ཡི་གེ་མང་དོགས་བཞག །རྭ་ལོའི་འཇིགས་བྱེད་ཕྱག་མཚན་གྱི། །ལས་ཚོགས་མདུང་ལ་བརྟེན་པ་ལ། །གནམ་ཐེའུ་དཀར་པོ་ཞེས་བྱ་བ། །རྒྱལ་འགོང་ཀུན་གྱི་སྣ་འདྲེན་པ། །ཞེས་དང་ཕྱག་མཚན་བཅུ་གསུམ་པ། །ཐོད་ཚལ་ལ་ནི་བརྟེན་པ་ལ། །མ་མོའི་མ་དང་བདུད་ལ་དུ། །བཙན་ལ་ཙ་དང་རྒྱལ་པོར་ར། །ཀླུ་ལ་ནཱ་དང་དམ་སྲིར་ཏྲི། །གཤིན་རྗེར་ཡ་དང་ས་བདག་ས། །དེ་སོགས་རང་རང་ས་བོན་ནི། །ར་ཁྲག་དག་གིས་བྲི་བར་བཤད། །གཞན་ཡང་གནོད་སྦྱིན་འགྲོག་གནས་ནི། །གྲོང་དཔོན་བཙན་དུ་སྐྱེས་པ་ཡིན། །དེ་ཡི་ཁ་དོག་ནག་པོ་ཡང་། །བདུད་བཙན་རིགས་སུ་གཏོགས་པ་ཡིན། །མདུང་དམར་ཅན་གྱི་བསྟོད་པ་རུ། །པཎ་ཆེན་ཤུ་རང་ཝ་རྨ་དང་། །ཟངས་དཀར་ལོ་ཙཱ་གཉིས་ཀ་ཡིས། །མགོན་པོ་དམག་ལ་ཆས་ཙ་ན། །བཙན་གྱི་རྟ་པ་ཆས་པ་འདྲ། །དེ་སྐད་གསུངས་པ་མ་ཡིན་ནམ། །དམུ་ནི་གྲིབ་གནོན་གདོན་ཡིན་ལ། །འགོང་པོ་རྒྱལ་པོ་བྱེ་བྲག་སྟེ། །དབྱེ་ན་སྡེ་བརྒྱད་སོ་སོར་ཡོད། །ལྟོ་འཕྱེ་ཆེན་པོ་གཉན་ཡིན་ཏེ། །རྣམ་སྲས་གཞུང་ལས་བཤད་པ་ཡི། །བསེ་རག་སྲིས་རྐུན་ཐེའུ་རང་ཡིན། །སྤྱིར་ན་ལྷ་སྲིན་སྡེ་བརྒྱད་པོ། །རྣམ་ཤེས་ཚོགས་བརྒྱད་རང་མདངས་ཡིན། །རྒྱ་བོད་གཉིས་སུ་མ་ཟད་པའི། །ཡུལ་ཁམས་ཀུན་ཏུ་ཁྱད་པར་མེད། །སྒྲ་གཅན་ལ་ནི་ཁྱབ་འཇུག་ཅེས། །མིང་གི་རྣམ་གྲངས་ཡིན་ཡོད་ཀྱི། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཅེས། །གྲགས་པའི་ཡ་གྱལ་དེ་མ་ཡིན། །ཡང་། རྒྱལ་བ་གསུམ་ནི་དགོངས་པའི་བརྒྱུད། །རིག་འཛིན་གསུམ་ནི་བརྡ་ཡི་བརྒྱུད། །གང་ཟག་ག སུམ་ནི་སྙན་ཁུང་བརྒྱུད། །བརྒྱུད་པའི་བབས་ཚུལ་དེ་ལྟར་སྨྲ། །ལོ་རྒྱུས་ཁུངས་མ་རྣམས་སུ་ནི། །རྒྱལ་བ་ཉིད་ཀྱིས་གསུངས་པ་དེ། །སྡུད་པ་པོ་ཡིས་ཉན་ཅིང་བསྡུས། །གླེགས་བམ་ལ་ཡང་བཀོད་པར་བཤད། །ཅེས་པ་ལ། རྒྱལ་བས་གསུངས་ཤིང་བསྡུས་པ་ཡི། །གླེགས་བམ་གསར་རྙིང་ཀུན་ལ་ཡོད། །གསུམ་ཚན་བསྡེབས་པའི་བརྒྱུད་པའི་བབས། །རྙིང་མའི་གཞུང་ན་བཤད་པ་མེད། །འདི་ཙམ་ཞིག་ཀྱང་མི་གོ་བ། །གཉིད་ཀྱིས་འཐིབས་སམ་ཅི་ཞིག་ནོངས། །རྒྱལ་བ་གསུམ་ཡང་ཅི་ལ་ཟེར། །སྐུ་གསུམ་ཡིན་ན་སྐུ་བཞི་དང་། །སྐུ་ལྔ་སོགས་ཀྱིས་དེར་མ་ངེས། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ། སྤྲུལ་སྐུ་རྡོར་སེམས་སམ་རྡོ་རྗེ་འཆང་ཡིན་ཞེ་ན། ངོ་བོ་ཉིད་སྐུ་དང་། མངོན་བྱང་གི་སྐུ་ལ་སོགས་པའི་སྐུ་ལྔ་ནི་སངས་རྒྱས་གཅིག་ལའང་ཚང་། ཆོས་སྐུས་ལོངས་སྐུ་ལ་བཤད། ལོངས་སྐུ་སྤྲུལ་སྐུ་ལ་བཤད་ཟེར་བ་ནི་རྙིང་མའི་གཞུང་ན་མེད། ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་། །དེ་ལ་ཟེར་ན་བདུན་དུ་འགྱུར། །རྒྱ་བལ་ཁ་ཆེ་ལ་སོགས་སུ། །བྱོན་པའི་རིག་འཛིན་མཐའ་ལས་འདས། །དེས་ན་རིག་འཛིན་གསུམ་དེ་སུ། །སྙན་བརྒྱུད་གང་ཟག་གསུམ་ཡང་ཅི། །གང་ཟག་སྔ་ཕྱི་བསམ་ལས་འདས། །གསུམ་ཞེས་འཛིན་པ་ཨེ་མ་མཚར། །འདི་ནི་སྟོན་པ་ཆོས་ཀྱི་སྐུ། །ཉིད་ལས་མི་གཞན་སངས་རྒྱས་འཁོར། །བསྟན་པ་ཚིག་དང་ཡི་གེ་ལས། །འདས་ཕྱིར་རྒྱལ་བ་དགོངས་བརྒྱུད་ཟེར། །རྒྱལ་བའི་ཞལ་ལས་མ་གསུངས་ཀྱང་། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང་། །ཞེས་པ་གསང་ཆེན་རྒྱུད་ལས་གསུངས། །འདི་ནི་སངས་རྒྱས་ཀུན་ལ་ཡོད། །དབང་རྣོན་སྔོན་ནས་གོམས་སྟོབས་ཅན། །བརྡ་ཙམ་གྱིས་ནི་གྲོལ་བའི་ཕྱིར། །རིག་འཛིན་བརྡའམ་རིག་པའི་བརྒྱུད། །གང་ཟག་དབང་པོ་འབྲིང་མན་ཆད། །བླ་མའི་ཞལ་ལས་རྟོགས་དགོས་པས། །གང་ཟག་སྙན་ཁུང་བརྒྱུད་པར་བཞག །དེ་ལྟར་ཕྱོགས་ཙམ་མ་གོ་ཡང་། །གདོན་གྱིས་བཏབ་པ་ཇི་བཞིན་དུ། །འཆལ་བའི་མུ་ཅོར་སྨྲ་འདི་བཤོལ། །ཡང་ཁྱེད་ཀྱི་ཐེག་པ་རིམ་དགུ་ལ། །རྒྱུད་རྒྱལ་གསང་འདུས་འཁོར་ལོ་སྡོམ། །ཀྱེ་ཡི་རྡོ་རྗེ་ཐེག་པ་དམན། །རྫོགས་པ་ཆེན་པོ་མཐོའོ་ལོ། །མན་ངག་ལྟ་བའི་ཕྲེང་བ་ལས། །ཐེག་པ་རིམ་དགུ་གསུངས་པ་ཡང་། །དཔལ་ལྡན་འདུས་པ་ལ་བརྟེན་ཅིང་། །དེ་ལས་མཐོ་བའང་བཤད་པ་མེད། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །འདུས་པའི་བསྐྱེད་རྫོགས་ཉམས་ལེན་གྱི། །རིམ་པ་ཙམ་གྱིས་སོ་སོར་ཕྱེ། །རྒྱུད་སྡེ་སོ་སོར་ཕྱེ་བ་མིན། །ཞེས་པ་ལ། གསང་སྔགས་གསར་མ་པ་རྣམས་ལ། །བླ་མེད་གོང་ན་གཞན་མེད་པས། །མ་ཧཱ་ཨ་ནུ་ཨ་ཏི་ཡང་། །བསྐྱེད་རྫོགས་ཉམས་ལེན་མཐོ་དམན་གྱི། །རིམ་པས་ཕྱེ་བ་ཤིན་ཏུ་བདེན། །དེ་ལྟར་བཤད་ལ་རྗེས་ཡི་རང་། །འོན་ཀྱང་མན་ངག་ལྟ་ཕྲེང་དུ། །ཐེག་པ་རིམ་དགུ་གསུངས་པ་དང་། །དེ་ཡང་གསང་འདུས་ལ་བརྟེན་ཅིང་། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །དེ་ཡི་བསྐྱེད་རྫོགས་མཐོ་དམན་གྱིས། །ཕྱེ་བ་ཡིན་ན་གསང་འདུས་ནི། །ཨ་ཏི་ཡོ་གར་གྲུབ་པས་ན། །ཐེག་པ་རིམ་དགུ་གསུངས་ཟེར་ཞིང་། །རྒྱུད་སྡེ་སོ་སོར་མ་ཕྱེ་ཞེས། །འགལ་བ་ལྟག་སྤྲོད་འདི་སྤངས་ལ། །འཇམ་དབྱངས་ས་སྐྱ་པཎྜི་ཏས། །ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཤེས་བྱ། །དེས་ན་ཐོས་པའི་ལྟ་བ་ནི། །དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛད། །དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །ཞེས་པའི་ལེགས་བཤད་འདི་ལོངས་ཤིག །སྤྱིར་གྱི་ཡོ་ག་གསུམ་པོ་དེ། །བསྐྱེད་རྫོགས་རིམ་པས་ཕྱེ་བ་ནི། །རྙིང་མའི་གྲུབ་མཐའ་རྩོད་མེད་ཡིན། །རྙིང་མའི་གྲུབ་མཐའ་རྙིང་མའི་ལུགས། །འཇིག་པར་འདོད་པ་ཤིན་ཏུ་མཚར། །རྒྱུད་རྒྱལ་གསང་འདུས་སྡོམ་སོགས་ལས། །མཐོ་བའི་རྒྱུད་སྡེ་མ་བཤད་ན། །ཕ་རྒྱུད་མ་རྒྱུད་གཉིས་པོ་ལས། །གཉིས་མེད་རྒྱུད་སྡེ་མཐོ་བ་རུ། །རྒྱུད་དང་འགྲེལ་པ་མཁན་པོ་བཞེད། །གསར་མ་རང་གིས་ཉན་བཞིན་དུ། །དེ་ཙམ་ཞིག་ཀྱང་མ་གོའམ། །དེ་བས་རྫོགས་པ་ཆེན་པོ་མཐོ། །རྩོལ་བ་ཅན་དང་རྩོལ་མེད་ཀྱི། །རིམ་པས་གོང་འོག་མཐོ་དམན་བྱུང་། །སློབ་དཔོན་ཞི་བ་ལྷ་ཡིས་ཀྱང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་དེ་དགོངས་པར་མཛོད། །ཡང་། སྲས་དང་བཅས་པའི་སངས་རྒྱས་ཀྱིས། །གསུང་རབ་སྙིང་པོ་ཐེག་པའི་མཆོག །རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བཤད། །དེ་ལས་མཐོ་བ་མེད་པར་གསུངས། །ཞེས་པ་ལ། འོ་ན་ཐེག་པ་ཆུང་ངུ་ཡི། །མདོ་སྡེ་རྣམས་སུ་དེ་དག་ལས། །མཐོ་བའི་ཐེག་པ་མ་གསུངས་པས། །ཐེག་པ་ཆེན་པོ་སྤོང་ངམ་ཅི། །ཆོས་འཁོར་ཐོག་མ་བར་པ་ལ། །ཆོས་འཁོར་ཐ་མ་མ་གྲགས་པས། །དེ་ཡང་ཚད་མ་མིན་ཟེར་རམ། །རྣལ་འབྱོར་རྒྱུད་སྡེ་མན་ཆད་དུ། །དེ་བས་མཐོ་བའི་བླ་མེད་ཀྱང་། །ཡོད་པ་ཉིད་དུ་མ་གསུངས་པས། །རྣལ་འབྱོར་བླ་མེད་འདོར་རམ་ཅི། །འོན་ཏེ་ཁྱེད་ལས་ཆེས་འཕགས་པའི། །སློབ་དཔོན་ཀུན་དགའ་སྙིང་པོ་ཡང་། །རྣལ་འབྱོར་རྒྱུད་ལས་མཐོ་བ་ཡི། །རྒྱུད་སྡེ་མེད་ཅེས་བཞེད་པས་ན། །དེས་ན་ཁྱེད་ཀྱང་བདེན་མོད་ཀྱི། །འཛམ་བུའི་གླིང་དུ་མ་གྲགས་པའི། །རྒྱུད་སྡེ་འོག་མིན་སྟུག་པོ་བཀོད། །མཁའ་འགྲོའི་གླིང་ན་བསམ་འདས་བཞུགས། །སྤྱིར་ན་སངས་རྒྱས་ཆོས་ཀྱི་ཚུལ། །བསམ་གྱིས་མི་ཁྱབ་མཐའ་ལས་འདས། །ནམ་མཁའ་འདོམ་གྱིས་འཇལ་བ་ལྟར། །ཆུང་ངུའི་བློ་ཡིས་མི་གཞལ་འཚལ། །ཡང་། འདི་ཡི་མན་ངག་ཇི་ལྟར་བར། །གལ་ཏེ་ཉམས་སུ་ལོངས་པ་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཁྱོད་ལ་ཁྱད་ཆོས་ཅི་ཞིག་ཡོད། །ཅེས་པ་ལ། སྐྱེ་བ་འདི་ལས་ཆེས་མྱུར་བ། །ལོ་བདུན་ཟླ་བ་བཅུ་གཅིག་གིས། །ཕུང་པོ་ལྷག་མེད་སངས་རྒྱས་པ། །དགའ་རབ་འཇམ་དཔལ་ཤྲཱི་སིང་ཧ། །ཉང་བན་ལྕེ་བཙུན་མེ་ལོང་པ། །དེ་སོགས་བོད་དང་རྒྱ་གར་གྱི། །འཇའ་ལུས་གྲུབ་པ་དེ་རྣམས་ལྟོས། །སྤྱིར་ན་འབྲས་བུ་ལམ་བྱེད་པ། །ཕ་རྒྱུད་མ་རྒྱུད་དག་ལས་བྱུང་། །འོན་ཀྱང་གང་ཟག་རིམ་གྱིས་པས། །ལམ་དེ་ཉམས་སུ་ལོངས་དཀའ་བར། །དགོངས་ནས་དེ་ཐོབ་བྱ་བ་ལ། །བསྐྱེད་རྫོགས་ལམ་གྱིས་རྒྱུད་སྤྱངས་ཏེ། །ད་གཟོད་དེ་ལ་སྦྱོར་བར་གསུངས། །འདི་དང་དཔལ་ལྡན་དུས་འཁོར་ལས། །རྟོགས་པའི་འོད་གསལ་རྟོགས་པ་ཡི། །བསྒོམ་པའི་ཐབས་ཀྱིས་མི་མཐོང་བས། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོའི་མི་འགྱུར་བདེ། །ཞེས་གསུངས་པ་དེ་ཁྱད་ཆོས་ཡིན། །འདི་དོན་ཁོ་བོས་བྱས་པ་ཡི། །ལམ་རིམ་ཐར་པའི་སྒོ་གཅིག་ལྟོས། །ཡང་། གལ་ཏེ་ཐོས་པས་གྲོལ་ཞེ་ན། །འོ་ན་སངས་རྒྱས་ལྟ་ཅི་སྨོས། །གྲུབ་པའི་སྤྱོད་པའང་མི་ནུས་པ། །ཁྱོད་ལ་ཉེས་པ་ཅི་ཞིག་བྱུང་། །ཞེས་པ་ལ། མ་ཐོས་པ་ལ་ག་ལ་གྲོལ། །ཐོས་པ་ཉམས་སུ་བླངས་པས་གྲོལ། །དེ་ལའང་ཕ་རོལ་ཕྱིན་པ་དང་། །སྔགས་ཀྱི་ལམ་གྱི་ཉེ་རིང་བཞིན། །འདི་ལ་ཡང་ནི་ཡོད་པ་ཡིན། །ཡང་། ཡི་གེ་འཁོར་ལོ་བཏགས་ཙམ་གྱིས། །སྐྱེ་འདི་ཉིད་ལ་གྲོལ་ཞེ་ན། །འོ་ན་ཁྱིམ་ཕག་བོང་བུ་དང་། །ཁྱོད་ལ་ཐོགས་ཤིག་དེ་ནས་བལྟ། །གལ་ཏེ་རིང་ནས་གྲོལ་ཞེ་ན། །དེ་འདྲ་མཚན་ཉིད་ཐེག་པར་ཡོད། །སྔགས་ཀྱི་ཁྱད་ཆོས་ཙམ་ཡང་མིན། །དེ་ཕྱིར་ཁྱོད་ཀྱི་སྒྲུབ་བྱེད་མིན། །ཞེས་པ་ལ། འོ་ན་གསང་སྔགས་གསར་མ་ལས། །སོ་སོར་འབྲང་མའི་འཁོར་ལོ་དང་། །ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་སོགས། །བཏགས་པས་གྲོལ་བར་གསུངས་པ་ཡི། །འཁོར་ལོ་ཁྱི་ཕག་བོང་བུ་དང་། །ཁྱོད་ལ་ཐོགས་ཤིག་བལྟ་ཟེར་རམ། །རྒྱལ་བའི་གསུང་རབ་དྲི་མེད་ལ། །སྨྱོན་པའི་ཚིག་ལྟར་མི་བརྩི་བའི། །ཐབས་མཁས་དམྱལ་བ་སྒྲུབ་པའི་ཚིག །འདི་འདྲ་ཐོས་ན་རྣ་བ་དགབ། །བཏགས་པས་གྲོལ་བ་ཞེས་བྱ་བ། །སངས་རྒྱས་ད་ལྟ་འགྲུབ་པ་མིན། །རིག་པ་དངོས་ཀྱི་རྟགས་ཡོད་ན། །འཆི་ཁར་ཕྲད་པས་འགྲུབ་པའི་ཕྱིར། །ཞེས་གསུངས་གཞན་གྱི་དོན་བྱེད་ན། ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་བཏགས་ཏེ་བསྲེགས་པར་བྱ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ཞེས་གསུངས་འབྲས་བུ་ཕྱི་མ་འབྱུང་། །སོ་སོར་འབྲང་མ་ནས་གསུངས་པའི། །ཕན་ཡོན་ཀྱང་ནི་དེ་དང་མཚུངས། །ཡང་། བཏགས་པས་གྲོལ་བ་མི་མཁྱེན་ན། །ཐམས་ཅད་མཁྱེན་པར་མི་འགྱུར་ལོ། །འོ་ན་མི་གཙང་ཟོས་པའི་རྒྱུས། །གྲོལ་བ་ཞིག་ཀྱང་མཁྱེན་དགོས་སོ། །མིན་ན་ཀུན་མཁྱེན་མིན་པར་འགྱུར། །འདོད་ན་ཁྱི་ཕག་བོང་བུ་དང་། །མི་གཙང་ཁྲོད་ཀྱི་སྲིན་བུ་རྣམས། །རྒྱུ་གཞན་མེད་ཀྱང་གྲོལ་བར་འགྱུར། །ཞེས་པ་ལ། རྒྱལ་བ་ཐམས་ཅད་མཁྱེན་པ་དེས། །རྒྱུད་ཀྱི་རྒྱལ་པོ་གསང་འདུས་སུ། །ཟས་སུ་བཤང་གཅི་ཟོས་ནས་ནི། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཡང་དག་སྐྱོན་མེད་ཐོབ་པར་འགྱུར། །ཞེས་དང་བཤང་གཅིའི་དམ་ཚིག་གིས། །རིག་འཛིན་གཙོ་བོར་འགྱུར་ཞེས་གསུངས། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །ཞེས་གསུངས་ཤ་ལྔ་བདུད་རྩི་ལྔ། །བླ་མེད་རྒྱུད་སྡེ་ཀུན་ལས་བསྔགས། །དེ་ཕྱིར་ཐམས་ཅད་མཁྱེན་པ་དེས། །མི་གཙང་ཐོས་པས་གྲོལ་བའང་མཁྱེན། །ཁྱི་ཕག་སྲིན་བུ་ལ་སོགས་ལ། །ཐབས་ཀྱིས་ཟིན་པ་མེད་པས་ན། །གྲོལ་བ་ཉིད་དུ་ག་ལ་འགྱུར། །དེ་དག་མཚུངས་པའི་གོ་སྐབས་མེད། །སྤྱིར་ན་མི་གཙང་ཕྱི་ས་དང་། །རྒྱལ་བའི་སྙིང་པོ་གཟུངས་དང་སྔགས། །མཉམ་པར་བལྟ་བའི་ལོག་ལྟ་ཅན། །བདུད་ཀྱི་སྒྱུ་མས་བསླུས་ལ་ལྟོས། །ཡང་། བྲིས་སམ་བཅང་ངམ་ཀློག་པས་ཀྱང་། །ཐར་པའི་རིང་རྒྱུར་གྱུར་པ་ཡོད། །བཏགས་པས་ཚེ་འདིར་གྲོལ་ལོ་ཞེས། །གླེན་པ་མིན་པ་སུ་ཞིག་སྨྲ། །ཞེས་པ་ལ། འོ་ན་སོ་སོར་འབྲང་མ་ནི། །ཆོ་ག་བཞིན་དུ་ལེགས་བྲིས་ལ། །ལག་པའམ་མགུལ་དུ་བཏགས་པ་ན། །སངས་རྒྱས་ཀུན་གྱིས་བྱིན་རློབ་ཅིང་། །དེ་བཞིན་གཤེགས་པའི་སྐུར་རིག་བྱ། །དེ་སྐད་གཟུངས་ལས་གསལ་བར་གསུངས། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །གླེན་པ་ཞེས་ནི་མ་བརྗོད་ཅིག །ཡང་། ལྟ་བ་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོ་མཆོག་གོ་ལོ། །སྔགས་ཀྱི་ཁྱད་ཆོས་ལྟ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །ཅེས་པ་ལ། སྔགས་ཀྱི་ཁྱད་ཆོས་ལྟར་ཡིན་པའི་ལུགས་ཀྱང་ཡོད་དེ། ཨིནྡྲ་བྷུ་ཏིས། བླ་མའི་ཁྱད་པར་དང་། སྣོད་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་། ལས་ཀྱི་ཁྱད་པར་དང་། དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་དང་། བདུན་གྱིས་འཕགས་སོ། །ཞེས་ཕར་ཕྱིན་ཐེག་པ་ལས་གསང་སྔགས་ཁྱད་པར་བདུན་གྱིས་འཕགས་པར་གསུངས་སོ། །འོ་ན་བྲམ་ཟེ་ས་ར་ཧས། །དབུ་མ་ཁས་ལེན་མེད་པ་ཡིས། །གོལ་ཞེས་གསུངས་པ་མ་ཡིན་ནམ། །དམ་པའི་ཆོས་ནི་མངོན་པར་ཡང་། །ཁས་མི་ལེན་པའི་ལྟ་བ་ཞེས། །ལྟ་བ་དེ་ལ་ཅུང་ཟད་སྐྱོན། །འདིར་ནི་གཅིག་དང་དུ་བྲལ་སོགས། །བློ་ཡིས་བཏགས་པའི་ཆོས་ལས་འདས། །བཟང་ངན་གཉིས་སུ་མ་གྲུབ་པས། །སྤང་བྱ་ཐམས་ཅད་ལམ་དུ་བྱེད། །དེ་ལྟར་ལྟ་བ་རྟོགས་པའི་ཐབས། །ལྟ་བ་ཉིད་ཀྱིས་བྱེད་པ་འདི། །ལྟ་བ་ཁྱད་པར་འཕགས་པར་གསུངས། །དེ་བས་ལྷག་པའི་ལྟ་བ་ཞིག །ཡོད་པ་ཉིད་དུ་འདིར་མི་བཞེད། །ཡང་། སྐྱེ་འདིར་སངས་རྒྱས་འགྲུབ་བྱེད་པ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། །ཐབས་ཀྱིས་ཁྱད་པར་འཕགས་སོ་ཞེས། །ཟབ་མོ་རྒྱུད་འགྲེལ་ཀུན་ལས་བྱུང་། །ཞེས་པ་ལ། ཕྱག་རྒྱ་ཆེ་ལ་རྣམ་པ་མང་། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་ནི། །ཐབས་སུ་འདོད་པ་བདེན་མོད་ཀྱི། །སྐབས་འདིའི་ཕྱག་རྒྱ་ཆེན་པོ་ནི། །ཟབ་མོ་སྟོང་ཉིད་ཤེས་རབ་ཡིན། །རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང་། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལ་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོགས་རྣམས་དང་། །བདག་ཏུ་ལྟ་བ་འཛིན་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱི་སྟོང་ཉིད་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱིས་སྡོམ་པ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །དེ་སྐད་གསུངས་པ་ཇི་ལྟར་འགོག །ཡང་། གཞན་ཡང་ལོངས་སྐུ་སྤྲུལ་སྐུའི་བསྟན། །རྫོགས་ཆེན་ཆོས་སྐུས་གསུངས་སོ་ལོ། །ཞེས་པ་ལ། ལོངས་སྤྲུལ་བསྟན་པ་མི་འཐད་ན། །ཁྱབ་བདག་རྣམ་པར་སྣང་མཛད་དང་། །བདེ་དགྱེས་ཤཱཀ་ཐུབ་ལ་སོགས་ཀྱིས། །གསུངས་པའི་རྒྱུད་རྣམས་དེ་དང་དེའི། །བསྟན་པ་མིན་ན་ཅི་ཞིག་ཡིན། །དེ་དག་གསུང་བའི་སྟོན་པ་ཡང་། །ལོངས་སྤྲུལ་མིན་ན་སུ་ཞིག་ཡིན། །དག་པ་ཆོས་དབྱིངས་ཞིང་ཁམས་སུ། །ཟབ་ཅིང་རྒྱ་ཆེ་སངས་རྒྱས་ཆོས། །རྟག་པ་རྒྱུན་གྱི་ཁོར་མོར་གནས། །འདི་ལ་ཆོས་སྐུའི་བསྟན་པ་ཟེར། །སྐྱོན་དུ་གདགས་རྒྱུ་ཅི་ཞིག་འདུག །ཡང་། ངེས་པའི་དོན་དུ་རྒྱུད་ཐམས་ཅད། །བརྗོད་དུ་མེད་ཕྱིར་ཆོས་སྐུའི་གསུང་། །དྲངས་བའི་དོན་དུ་རྫོགས་ཆེན་ཡང་། །ཆོས་སྐུ་ནམ་མཁའི་དཀྱིལ་ལྟ་བུ། །སྤྲོས་པ་ཀུན་ལས་གྲོལ་བའི་ཕྱིར། །དེ་ཡིས་སུ་ལ་ཇི་ལྟར་སྨྲ། །ཞེས་པ་ལ། བརྗོད་དུ་མེད་པ་ཙམ་ཞིག་ན། །གལ་ཏེ་ཆོས་སྐུའི་གསུང་ཡིན་ན། །ལྐུགས་པ་རྣམས་དང་ས་རྡོ་སོགས། །དེ་དག་ཀུན་ཀྱང་ཆོས་སྐུའི་གསུང་། །ཡིན་ཏེ་བརྗོད་དུ་མེད་པའི་ཕྱིར། །དེ་ཡིས་སུ་ལ་ཇི་ལྟར་སྨྲ། །དྲང་བའི་དོན་དུ་རྒྱུད་འབྱུང་བ། །ངོ་བོའི་གསུང་ནི་བརྗོད་འདས་ཀྱང་། །རང་བཞིན་གསུང་ནི་གྲགས་ལ་སྟོང་། །ཐུགས་རྗེའི་གསུང་ནི་ཡིག་འབྲུར་གསལ། །དེ་ཕྱིར་རང་བཞིན་ཐུགས་རྗེ་ཡི། །གསུང་གི་དབང་ལས་རྒྱུད་རྣམས་བྱུང་། །ལུགས་འདི་ཁྱེད་ཅག་མི་འདོད་ཀྱང་། །ཆོས་སྐུ་གཅིག་ཏུ་མ་ཟད་དེ། །ཤཱཀྱ་ཐུབ་པ་སངས་རྒྱས་ནས། །ཇི་སྲིད་མྱ་ངན་འདས་ཀྱི་བར། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །མགོན་དེ་རྟག་ཏུ་མཉམ་འཇོག་པས། །དོན་དུ་ཚིག་གཅིག་མ་གསུངས་ཀྱང་། །གདུལ་བྱའི་སྔོན་སྦྱངས་ལས་སྣང་དང་། །རྒྱལ་བའི་ཐུགས་རྗེ་ཚོགས་པ་ལས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བྱུང་། །ལྷ་ཡི་རྔ་བོ་ཆེ་བཞིན་དུ། །མི་འབད་མི་བསམ་རྟོག་བྲལ་ཡང་། །གང་ལ་གང་གིས་འདུལ་བའི་ཆོས། །ཡོན་ཏན་མཐུ་ལས་འབྱུང་བ་ནི། །སངས་རྒྱས་རྣམས་ཀྱི་སྤྱི་ལུགས་ཡིན། །ཡང་། སྣང་གྲགས་འདི་ཀུན་ཆོས་ཀྱི་དབྱིངས། །དོན་དམ་བདེན་པ་ཉིད་ཡིན་ལ། །དོན་དམ་བདེན་པ་ཆོས་དབྱིངས་ཉིད། །ཀུན་རྫོབ་འདི་རུ་སྣང་ངོ་ལོ། །དེ་ལྟར་མ་ཤེས་འཁྲུལ་པ་ལ། །འདི་ཉིད་ཤེས་ན་གྲོལ་འགྱུར་རོ། །ཞེས་པ་ལ། སྣང་གྲགས་ཆོས་རྣམས་ཐམས་ཅད་ཀུན། །རྟོགས་ན་ཆོས་ཀྱི་དབྱིངས་ཡིན་ལ། །ཆོས་དབྱིངས་ཡོད་པ་མ་ཡིན་ཀྱང་། །མེད་བཞིན་སྣང་བའི་འཁོར་བ་འདི། །ཀུན་རྫོབ་ཡིན་པར་མཁས་རྣམས་བཞེད། །སྣང་སྟོང་གཉིས་མེད་འདི་ཤེས་ཤེས། །གོམས་ན་ཅི་ཕྱིར་གྲོལ་མི་འགྱུར། །ཡང་། འོ་ན་སོ་སྐྱེ་ཐམས་ཅད་ཀྱིས། །ཆོས་དབྱིངས་མངོན་སུམ་མཐོང་བར་འགྱུར། །ཀུན་རྫོབ་དང་ནི་དོན་དམ་གྱི། །བདེན་པ་གཉིས་པོ་གཅིག་ཏུ་འགྱུར། །ཞེས་པ་ལ། ཀུན་རྫོབ་མཐོང་བས་གྲོ་ལོ་ཞེས། །རྙིང་མའི་གཞུང་ན་བཤད་པ་མེད། །ཀུན་རྫོབ་རང་བཞིན་མ་གྲུབ་པའི། །བདེན་པ་མཐོང་ན་གྲོལ་བར་འགྱུར། །སོ་སྐྱེས་ཀུན་རྫོབ་མཐོང་བ་ལ། །ཆོས་དབྱིངས་མཐོང་ཞེས་སུ་ཞིག་ཟེར། །ཀུན་རྫོབ་དོན་དམ་གཉིས་མེད་དུ། །ཤེས་ཚེ་བདེན་གཉིས་གཅིག་ཏུ་འགྱུར། །སྐྱོབ་པ་འཕགས་མ ཆོག་ཀླུ་སྒྲུབ་ཀྱིས། །མྱ་ངན་འདས་པ་བདེན་གཅིག་པོ། །ཞེས་གསུངས་པ་ཡང་འདི་ལ་དགོངས། །ཡང་། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་པ་དྲངས་པ་ལ། ལུང་འདིའི་དགོངས་དོན་གཅིག་ཐ་དད། །གཉིས་སུ་འཛིན་པ་བཀག་པ་ཡིན། །གཉིས་སུ་འཛིན་པ་ནུབ་པ་ལ། །དོན་དམ་བདེན་པ་ཟེར་བ་ཡིན། །འདི་ལ་མྱང་འདས་བདེན་གཅིག་ཟེར། །ཡང་། གལ་ཏེ་ཆོས་དབྱིངས་དེ་བཞིན་ཉིད། །ཀུན་རྫོབ་བདེན་པ་འདི་ཡིན་ན། །ཆོས་དབྱིངས་མི་རྟག་སྡུག་བསྔལ་ཅན། །འདུས་བྱས་ཉིད་དུ་ཐལ་བར་འགྱུར། །ཞེས་པ་ལ། རྒྱུད་རྒྱལ་བརྟག་པ་གཉིས་པ་ལས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྦངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་དང་འཕགས་པ་བརྒྱད་སྟོང་པར། །གཟུགས་ནི་ཤེར་ཕྱིན་མ་ཡིན་ཀྱང་། །གཟུགས་ལས་གུད་ནའང་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པ་མེད་ཅེས་གསུངས། །དེ་ཕྱིར་ཀུན་རྫོབ་སྣང་བ་འདི། །དངོས་སུ་ཆོས་དབྱིངས་མ་ཡིན་ཀྱང་། །འདི་ལས་གུད་ན་ཆོས་ཀྱི་དབྱིངས། །ཡོད་པ་རྒྱལ་བ་ཉིད་མི་བཞེད། །ཡང་། རྒྱལ་བས་ཆོས་ཀུན་སྟོང་ཉིད་ཅེས། །གསུངས་པ་ངོ་བོ་ཉིད་ལ་དགོངས། །ཁྱེད་ཀྱང་དེ་ལ་དགོངས་ཞེ་ན། །མིན་པར་ཁྱེད་ཀྱི་གཞུངས་ལ་གསལ། །བི་མ་ལ་ཡི་སྙིང་ཐིག་ལས། །སེམས་ནི་གློ་བའི་ནང་ན་གནས། །རིག་པ་སྙིང་དང་གློ་བའི་ནང་། །ཡུངས་འབྲུ་ཙམ་གྱི་ལྷ་སྐུ་ལོ། །འདི་འདྲ་མུ་སྟེགས་ཆོས་ལུགས་ཡིན། །ཞེས་པ་ལ། སེམས་དང་རིག་པ་རྣམ་པ་གཉིས། །གཅིག་དང་ཐ་དད་མ་ཡིན་ཀྱང་། །རླུང་སེམས་འཇུག་པ་གཅིག་པ་ལ། །དགོངས་ནས་གློ་བ་ལས་རླུང་གི། །གནས་སུ་སེམས་ཀྱང་གནས་པར་གསུངས། །རིག་པ་སྙིང་ལ་གནས་པ་དང་། །སེམས་ནི་གློ་བར་གནས་པ་འདི། །གལ་ཏེ་འཐད་པ་མ་ཡིན་ན། །མིག་གི་རྣམ་པར་ཤེས་པ་སོགས། །རྣམ་པར་ཤེས་པ་ཚོགས་བརྒྱད་པོ། །སོ་སོར་གནས་པའང་མི་རིགས་འགྱུར། །རྣམ་རྟོག་ཡེ་ཤེས་ཐ་དད་ཕྱིར། །རྣམ་རྟོག་མ་རིག་ཆེན་པོ་དེས། །འཁོར་བའི་རྒྱ་མཚོར་ལྟུང་བ་དང་། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་ལྟར་གསལ་ཞེས་རྒྱུད་ལས་གསུངས། །རིག་པ་ཡེ་ཤེས་ངོ་བོ་དེ། །སྙིང་ལ་ཡང་དག་གནས་པ་སྟེ། །རྒྱུད་ཀྱི་རྒྱལ་པོ་སམྦུ་ཊིར། །དེ་ཉིད་ཡུལ་ལས་འདས་པ་སྟེ། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་དང་བྲམ་ཟེ་ཆེན་པོ་ཡིས། །མཁས་རྣམས་བསྟན་བཅོས་འཆད་པ་ཡིས། །ལུས་ལ་ཡེ་ཤེས་གནས་པ་ནི། །མ་རྟོགས་ཞེས་ཀྱང་མ་གསུངས་སམ། །ཡུངས་འབྲུ་ཙམ་གྱི་ལྷ་སྐུ་ཡང་། །རྒྱུད་ཀྱི་རྒྱལ་པོ་ཁ་སྦྱོར་ལས། །ཡེ་ཤེས་ལྷ་ཡི་ངོ་བོ་ཉིད། །ཡུངས་ཀར་སྦོམ་པོའི་ཆ་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེ་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་གསུངས་རྒྱུད་གཞན་ཀུན་ཏུའང་གསུངས། །དེ་ཀུན་མུ་སྟེགས་ལུགས་ཟེར་རམ། །ཡང་། ཀུན་བྱེད་རྒྱལ་པོའི་ཉམས་ལེན་དུ། །རྡོ་རྗེ་ལུས་ཀྱི་བྱེད་བཅིང་དང་། །ལུས་གནད་ལྟ་སྟངས་ཐམས་ཅད་བཀག །སྤྱོད་ལམ་ཕལ་པས་ཡིད་མགུ་ཞིང་། །མ་དག་ལས་སྣང་འདི་ཐམས་ཅད། །ཆོས་དབྱིངས་ཉིད་དུ་ཤེས་བྱས་ནས། །ཆོས་དབྱིངས་ཉིད་ལ་ཆོས་དབྱིངས་སྤྱོད། །དེ་ལྟར་གོམས་པས་གོལ་ས་ཆོད། །སྐྱོན་ཀུན་ཡོན་ཏན་ཉིད་འགྱུར་ཞིང་། །འདི་འདྲའི་མན་ངག་ཐོས་མ་ཐག །སངས་རྒྱས་ཉིད་དུ་འགྱུར་རོ་ལོ། །ཞེས་པ་ལ། མ་བཅོས་སོར་གཞག་ཕྱག་རྒྱ་ཆེ། །ལུས་གནད་ལྟ་སྟངས་ལ་སོགས་པས། །འགྲུབ་པར་འགྱུར་བ་མ་ཡིན་ཏེ། །ཕྱག་རྒྱ་ཆེན་པོ་གངྒ་མར། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ། །བསྒོམ་པས་སྒོམ་མེད་དོན་མི་མཐོང་། །དེ་སྐད་ཏི་ལོ་པ་ཡིས་གསུང་། །རྣལ་འབྱོར་དབང་ཕྱུག་བིཪྺ་པའི། །དོ་ཧ་ལས་ཀྱང་འདི་སྐད་དུ། །མི་སྤང་མི་སྒྲུབ་མི་ཞེན་ལ། །མི་འགོག་རང་ལུགས་ཅི་བདེ་བར། །སྤྱོད་པ་རབ་མཆོག་དམ་པའོ་གསུངས། །བླ་མ་མཚལ་བ་ཞང་ཆེན་པོས། །ཆོས་རྗེ་དེའུ་ཤེ་རས་པ་ལ། །ཕྱག་རྒྱ་ཆེན་པོ་མདའ་གཞུ་མ། །གསུངས་པ་དེ་ཡང་དགོངས་པར་མཛོད། །མ་དག་ལས་སྣང་ཆོས་དབྱིངས་སུ། །ཤེས་ན་སྐྱོན་རྣམས་ཡོན་ཏན་དུ། །འགྱུར་ཏེ་ཀྱེ་ཡི་རྡོ་རྗེ་ལས། །དྲི་མས་དྲི་མ་འཁྲུད་པ་ལྟར། །ཉོན་མོངས་ཉིད་ཀྱིས་ཉོན་མོངས་འདག །དེ་སྐད་གསུངས་པ་དྲན་པར་བྱ། །ཡང་། བར་དོ་གསང་སྐོར་ཉམས་ལེན་དུ། །རྒྱ་མཚོ་ཨར་ལ་གཏད་པ་ཞེས། །མིག་གཉིས་བཙིར་ནས་མུན་པར་བལྟ། །དབང་པོ་བསླད་པའི་མཐོང་སྣང་བསྲུང་། །བི་མ་ལ་ཡི་སྙིང་ཐིག་ལས། །ཉི་ཟླ་མར་མེའི་འོད་ཟེར་ལ། །ཟིམ་བུར་བལྟ་བའི་རྫི་མ་ཡིས། །འཇའ་ཚོན་བསྲུང་བ་མཆོག་ཏུ་འདོད། །ཉི་མ་བལྟ་བའི་སྒོམ་པ་འདི། །མུ་སྟེགས་ཉི་མ་པ་ཡི་ལུགས། །ཞེས་པ་ལ། མིག་གཉིས་བཙིར་ནས་མུན་པ་རུ། །བལྟས་པས་འོད་གསལ་རྟགས་བཅུ་འཆར། །རྟེན་འབྲེལ་ལུས་ལ་བསྒྲིགས་པ་ཡིས། །རྟོགས་པ་སེམས་ལ་འཆར་བ་འདི། །གསང་སྔགས་ནང་པའི་ཁྱད་ཆོས་ཡིན། །དེ་ཡང་བརྟག་པ་གཉིས་པ་ལས། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་བསྲེ་འཕོའི་བཙན་ཐབས་ཀྱི། །ཉམས་ལེན་བཙན་ཐབས་སྐོར་རྣམས་ཀྱང་། །འདི་དང་མཚུངས་པ་ཁོ་ནའོ། །ནེ་ཙོས་ཉི་མ་བརྟོལ་ནས་ནི། །ཐར་པ་མཆིས་པར་བཤད་པ་དང་། །སྤྲང་བོ་ཉི་མའི་དངོས་གྲུབ་ཀྱིས། །ཉི་མ་བསྒྲུབ་ནས་ཆོས་བསྣུབས་མོད། །དེ་གཉིས་རྗེས་འཇུག་མུ་སྟེགས་པ། །ཉི་མར་བལྟ་བའི་ཚུལ་འདི་ཉིད། །སྒོམ་པ་མ་ཡིན་སྤྱོད་པ་ཡིན། །རི་ལ་མཆོངས་དང་ཉི་མར་བལྟ། །མེ་ལྔ་བརྟེན་སོགས་སྤྱོད་པར་བཤད། །ཡང་། ཉི་མ་ལ་སོགས་འོད་འཚེར་བའི། །དངོས་ལ་བལྟ་བ་ཐུབ་པས་བཀག །ཕྱག་རྒྱ་ཆེན་པོའི་གཞུང་ལུགས་ལས། །སྔ་དྲོ་ཕྱི་དྲོ་ཉི་མ་ལ། །རྒྱབ་བསྟན་ཉིན་གུང་མིག་ལ་གནོད། །དེ་ཕྱིར་ཉིན་གུང་སྤང་ཞེས་གདམས། །གང་ཞིག་གྲངས་ཅན་ལ་སོགས་བདེན་སྨྲ་དོན། །དེ་དག་ལ་ནི་ཁ་ཟས་དུག་ཏུ་འགྱུར། །རི་ལ་མཆོངས་དང་ཉི་མར་བལྟ་བྱེད་དང་། །མེ་ལྔ་བརྟེན་པ་ལ་སོགས་སྤང་ཞེས་གསུངས། །ཞེས་པ་ལ། སྦྱོར་བ་ཡན་ལག་དྲུག་པ་ལྟར། །སྔ་རྒོངས་ཉི་མར་རྒྱབ་ཕྱོགས་ཏེ། །ཉིན་ཕྱེད་སྤངས་ནས་བསྒོམ་པའི་ཚུལ། །བཏགས་གྲོལ་དོན་ཁྲིད་ཉིད་དུ་བཤད། །ཉི་ཟླ་མར་མེ་བལྟ་བ་ཡང་། །སྣང་བའི་འོད་གསལ་འཆར་སླ་བས། །ཐབས་ལ་མཁས་པའི་ཁྱད་ཆོས་ཡིན། །སོ་སོར་སྡུད་པའི་སྤོགས་ཆོག་ཏུ། །ཆུ་དང་ཉི་མ་ཁམ་ཕོར་དང་། །མུན་ཁང་བུག་པ་ཚོན་རྩི་ཅན། །དེ་དག་བལྟ་ཞིང་བསྒོམ་པའི་ཚུལ། །སྦྱོར་དྲུག་པ་ལ་གྲགས་དང་མཚུངས། །ཡང་། རང་གི་རིག་པ་གཏད་པ་ལས། །བེམ་པོ་འགུལ་བར་ནུས་པའི་ཚེ། །རང་གི་རིག་པ་གཏད་པ་ཡིས། །མི་རབས་སུམ་སྟོངས་སངས་རྒྱ་ལོ། །འོ་ན་རྫོགས་སངས་རྒྱས་རྣམས་ཀྱིས། །ད་ལྟ་ཉིད་དུ་དགོངས་ན་ཡང་། །མཁའ་མཉམ་མི་ཡི་འགྲོ་བ་ཀུན། །སངས་རྒྱས་ཉིད་དུ་ཅེས་མི་འགྱུར། །ཞེས་པ་ལ། ཆོས་ཉིད་ཟད་སར་འཁྱོལ་བའི་ཚེ། །རིག་པ་གཏད་པས་མི་སུམ་སྟོང་། །གདོན་མི་ཟ་བར་གྲོལ་བ་ཡང་། །གསང་སྔགས་རྟེན་འབྲེལ་ཆེ་བས་ཡིན། །རྒྱུ་མཚན་གསུང་ངག་ལམ་འབྲས་ལས། །གང་ཟག་གཅིག་ནི་སངས་རྒྱས་ཚེ། །ཉམས་རྟོགས་སྤོར་བའི་རིག་མ་དང་། །བར་ཆད་སེལ་བའི་ཆོས་སྐྱོང་དང་། །དངོས་གྲུབ་སྟེར་བའི་བླ་མ་དང་། །གསོལ་བ་འདེབས་པའི་སློབ་མ་བཞི། །ལྔ་ཚན་གཅིག་ནི་སངས་རྒྱ་སྟེ། །རྒྱུད་གཉིས་གཅིག་ཅར་གྲོལ་བའི་དུས། །ཡིན་ཞེས་བཤད་པས་གསལ་བ་ཡིན། །འདི་ནི་ཚོམ་བུ་གཅིག་ཡིན་ལ། །དེ་ཡང་ཚོམ་བུ་ཉུང་ཐ་ཡིན། །སྔོན་ཚེ་ཐབས་ཆེན་གསང་སྔགས་འདིས། །ལྷ་ཀླུ་མི་ཡི་འཇིག་རྟེན་དུ། །ཚོམ་བུ་འབུམ་ཕྲག་གྲོལ་བ་ཡིན། །ལྷ་དབང་བརྒྱ་བྱིན་དང་ཀླུ་རྒྱལ་འཇོག་པོའི་ཁབ་ཏུ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་གསང་སྔགས་བཤད་པས་ལྷ་ཀླུའི་ཚོམ་བུ་འབུམ་ཕྲག་བཅས་སངས་རྒྱས། མི་ཡུལ་དུ་རྒྱལ་པོ་ཛའི་གནས་སུ་གསང་སྔགས་པུསྟའི་ཆར་བབས། ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས། །ཞེས་པ་ལྟར། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཚུལ་བ་བརྒྱ་ལྔ་བཅུ་པའི་འགྲེལ་བ་ལས། དབུས་སུ་རྒྱལ་པོ་ཉིད་གཙོ་བོའི་སྐུར་སངས་རྒྱས། བཙུན་མོ་བཞི་ཡུམ་བཞིའི་སར། སྲས་དང་སྲས་མོ་བློན་འཁོར་རྣམས་སེམས་དཔའ་སེམས་མར་གྲོལ། འབངས་རྣམས་སྒོ་སྐྱོང་དང་ཁོར་ཡུག་གི་ལྷའི་ཚུལ་དུ་སངས་རྒྱས་ཏེ། དེ་ལྟར་ཚོམ་བུ་མང་ཐ་ལ་རྩ་བའི་ལྷ་སོ་བདུན་དང་། རིགས་བརྒྱ་དང་། བདུན་བརྒྱ་ཉེར་ལྔ་དང་། ཉུང་ཐ་ཡང་ལྔ་ཚོམ་དུ་བཤད་དོ། །ཡང་། ཉམས་ལེན་རྒྱུད་ལ་སྐྱེས་ནས་ནི། །རྣམ་པར་རྟོག་པ་གང་སྐྱེས་ཀྱང་། །ཉམས་དང་རོ་གཅིག་མྱོང་བའི་ཚེ། །རྣམ་རྟོག་སྤྲོས་པ་སྒོམ་ཡིན་ལོ། །ཞེས་པ་ལ། འདི་ནི་དྭགས་པོ་བཀའ་བརྒྱུད་པའི། །ཆོས་སྐད་ཡིན་ཏེ་སྒམ་པོ་པས། །རྣམ་རྟོག་སྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །སྒོམ་ཆེན་སྒོམ་གྱིས་མ་བཅིངས་ན། །གཞན་གྱིས་འཆིང་བར་མི་ནུས་གསུངས། །གྲུབ་ཆེན་མི་ཏྲ་ཛོ་ཀའི་ཀྱང་། །རྣམ་རྟོག་ཁོ་རང་སྒོམ་ཡིན་གསུང་། །སྤྱིར་ཡང་བཀའ་བརྒྱུད་འཛིན་ནོ་ཅོག །རྣམ་རྟོག་ཆོས་སྐུ་ཡིན་ཞེས་གསུངས། །དེ་དག་རྣམས་དང་གཏམ་བྱོས་ཤིག །ཡང་། ཉམས་མྱོང་དེ་ཡིས་ཟིན་ཕན་ཆད། །སྣང་གྲགས་ཆོས་ཉིད་དུ་ཤེས་པས། །ཕ་མ་བླ་མ་བསད་གྱུར་ཀྱང་། །སྡིག་པའི་ལས་ནི་མི་སྲིད་དེ། །ཐར་ལམ་ཉག་གཅིག་དེ་ཡིན་ནོ། །སྣང་གྲགས་ཆོས་ཉིད་ཡིན་སྙམ་དུ། །ངེས་ཤེས་རྒྱུད་ལ་སྐྱེས་མ་ཐག །དེ་ནས་དགེ་སྡིག་གང་བྱས་ཀྱང་། །སངས་རྒྱས་ལམ་དུ་འགྱུར་བའི་ཕྱིར། །མཚམས་མེད་ལྔ་པོ་སྤྱོད་བཞིན་དུ། །སྔགས་པས་སངས་རྒྱས་ཉིད་འགྱུར་ཏེ། །སྦྲུལ་སྒོང་ཁྱུང་དུ་མི་འགྱུར་བཞིན། །འགྱུར་ཡང་གསེར་འགྱུར་སྨན་བཞིན་ལོ། །ཞེས་པ་ལ། ཉམས་མྱོང་དེ་ཡིས་ཟིན་ཕྱིན་ཆད། །སྣང་གྲགས་ཆོས་ཉིད་དུ་ཤེས་པས། །ཕ་མ་བསད་ཀྱང་སྡིག་མེད་ཀྱང་། །སྣང་གྲགས་ཆོས་ཉིད་ཤེས་ཙ་ན། །ཕ་མ་གསོད་པ་མི་སྲིད་དེ། །འཕགས་པ་མཚམས་མེད་བྱེད་པ་ནི། །ནམ་ཡང་སྲིད་པ་མ་ཡིན་ཞེས། །དམ་པ་སངས་རྒྱས་ལ་སོགས་པ། །སྔོན་བྱོན་པཎ་གྲུབ་རྣམས་ཀྱིས་བཤད། །དེས་ན་དགོངས་ཏེ་གསུངས་པ་སོགས། །རྒྱུད་ཀྱི་མཐའ་དྲུག་ཚུལ་བཞི་ལ། །ད་དུང་ཐོས་བསམ་བྱ་བར་རིགས། །ཡང་། སངས་རྒྱས་བསྟན་པ་ཐམས་ཅད་དང་། །ཁྱད་པར་རྡོ་རྗེ་ཐེག་པ་ལ། །ཞུགས་ཀྱང་མི་དགེ་མ་སྤངས་ན། །མནར་མེད་དམྱལ་བར་དེ་འགྲོ་ཞེས། །རྫོགས་སངས་རྒྱས་ཀྱིས་དེ་གསུངས་ཕྱིར། །གལ་ཏེ་སངས་རྒྱས་ཆོས་བདེན་ན། །རྫོགས་པ་ཆེན་པོའི་སྤྱོད་པ་འདིས། །མཐོ་རིས་ཙམ་ཡང་འགྲུབ་རེ་ཀན། །ཞེས་པ་ལ། འོ་ན་ཚིག་དབང་རིན་པོ་ཆེའི། །དམ་ཚིག་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །རྫུན་དང་འདོད་ལ་ཁྱོད་ཀྱིས་སྤྱོད། །ཞེས་སོགས་དགོངས་ཏེ་གསུངས་རྣམས་དང་། །གདུག་པ་ཅན་ལ་བྱམས་པ་ཡང་། །རྩ་ལྟུང་བཅུ་པར་གསུངས་པ་དང་། །རྒྱུད་ཆེན་བརྟག་པ་གཉིས་པ་ལས། །བསྟན་ལ་གནོད་པར་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་གསད་པར་བྱ་བ་ཉིད། །ཞེས་དང་གཞན་ཡང་རྒྱུད་རྣམས་ལས། །དགུག་བསྐྲད་མནན་དང་གཟིར་བ་དང་། །རེངས་དང་གསད་པའི་ལས་ཀུན་གསུངས། །གལ་ཏེ་གཅིག་པུ་བསད་ན་ནི། །མོང་པོ་བདེ་བར་འགྱུར་བ་སྟེ། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གཞན་དུ་སྡིག་ཅན་མཆོག་ཡིན་ནོ། །ཞེས་སོགས་སྤྱོད་པ་དེ་དག་གིས། །མཐོ་རིས་འགྲུབ་རེ་མནའ་སྐྱེལ་ལམ། །རྒྱུད་རྣམས་ཀུན་ཀྱང་ཁྱད་གསོད་དམ། །སྙིང་རྗེས་སྒྲོལ་བར་གསུངས་སྙམ་ན། །སྲོག་གཅོད་གང་ན་སྡིག་གཞན་མེད། །འོན་ཀྱང་སེམས་ཉིད་སྟོང་པ་ཡི། །གཤིས་ལ་དགེ་སྡིག་མ་གྲུབ་པས། །སྐྱེ་བ་མེད་པའི་དོན་རྟོགས་ན། །དགེ་དང་སྡིག་པས་མི་གོས་པའི། །ལུགས་འདི་སངས་རྒྱས་དགོངས་པ་ཡིན། །སེམས་ཉིད་རྟོགས་པའི་གང་ཟག་དེས། །ཅིས་ཀྱང་མི་དགེ་སྤྱོད་དགོས་ཞེས། །རྙིང་མའི་རྒྱུད་གཞུང་གང་ནའང་མེད། །སྒོམ་པོ་པ་ཡི་སློབ་མ་ཞིག །ཆོས་གསེར་རིན་གྱིས་ཇ་འཐུངས་པའི། །སྡིག་སྦྱོང་སྒོམ་པོ་པ་ལ་ཞུས། །གསེར་གྱི་ཤེར་སྙིང་བཞེངས་ཤིས་གསུང། །དེ་ཡིས་དེ་ལྟར་ཁས་བླངས་ནས། །གསེར་ཤོག་ཚོལ་བའི་བར་སྐབས་དེར། །ཕྱག་ཆེན་བསྒོམས་པས་གནས་ལུགས་རྟོགས། །སེམས་ལ་ཅི་ཡང་མ་གྲུབ་པས། །སྡིག་པ་སྦྱང་བའི་ཡུལ་མ་རྙེད། །དེ་སྐད་སྒམ་པོ་པ་ལ་ཞུས། །དེ་ལ་མཉམ་མེད་སྒམ་པོ་པས། །དེ་ལྟར་ཡིན་ནོ་ལེགས་ཞེས་བསྔགས། །གཟུ་བོར་གནས་པའི་བློས་བརྟགས་ན། །ཕྱག་རྫོགས་འདི་ལྟར་དགོངས་པ་མཐུན། །ཡང་། ཉམས་མྱོང་ཇི་ལྟར་བཟང་བ་བཞིན། །སྡིག་ལས་ཉེས་པ་ཆེར་འཇིགས་པས། །གོང་མའི་དབང་བསྐུར་ཐོབ་རྣམས་ཀྱི། །ལྟུང་བ་སྦྱང་བར་དཀའ་ཞེས་གསུངས། །ཞེས་པ་ལ། འདི་འདྲ་རྒྱུད་སྡེ་གང་ནས་བཤད། །ཤེས་བཞིན་གྱི་ནི་སྒྲིབ་པ་ནི། །གཞན་ལས་ལྕི་བ་ཉིད་དུ་གསུངས། །གོང་མའི་དབང་བསྐུར་ཐོབ་པ་ཡིས། །སྡིག་པ་འདག་གྲོགས་མི་བྱེད་ལ། །ལྟུང་བ་ལྕི་བའི་གྲོགས་གྱུར་པ། །དེ་འདྲའི་དབང་ལ་དགོས་པ་ཅི། །དབང་དོན་མ་འཕྲོད་དབང་བསྐུར་བ། །ཐོབ་པར་མཁས་རྣམས་མི་བཞེད་ལ། །ངོ་འཕྲོད་དུས་ན་དགེ་སྡིག་ཀུན། །མཁའ་ལྟར་རྣམ་པར་དག་པ་ལ། །དེ་ལ་ལྟུང་བས་གོས་འདི་མཚར། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ནི། །སྡིག་པ་འདག་པར་གསུངས་པ་ལ། །དེ་ལས་མཐོ་བའི་དབང་ཐོབ་པས། །ལྟུང་བ་ལྕི་བར་འགྱུར་བ་འདི། །མཁས་པ་རྣམས་ཀྱི་བཞད་གད་གནས། །ཇོ་བོ་ཆེན་པོ་རྗེ་ཡིས་ཀྱང་། །གསང་སྔགས་ལྟུང་བའི་སྒོ་མང་ཡང་། །རོལ་བརྒྱ་ཤལ་ཡུག་ཇི་བཞིན་དུ། །ཡིག་བརྒྱ་ལན་ཅིག་བཟླས་པའམ། །ཡང་དག་འཇོག་ལ་བཞག་ཙམ་གྱིས། །དེ་དག་ཐམས་ཅད་འབྱང་བར་གསུངས། །འདི་ནི་སྔ་རབས་བཀའ་བརྒྱུད་པ། །ཁ་ཅིག་སྟོང་ཉིད་སྡིག་པའི་རྩིར། །འགྱུར་བས་སྟོང་ཉིད་མི་བསྒོམ་ལོ། །དེ་ལ་འཇམ་དབྱགས་ས་པཎ་དང་། །རིག་རལ་ལ་སོགས་མཁས་པ་ཡིས། །ཐུབ་པའི་གསུང་ལས་ཇི་སྐད་དུ། །གལ་ཏེ་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །དེ་སོགས་ལུང་དང་རིག་པས་བཀག །དེ་ཕྱིར་རྒྱས་པར་སྨོས་མ་དགོས། །ཡང་། སངས་རྒྱས་གསུང་ལ་མ་འདྲེས་པར། །རང་གི་ཉམས་མྱོང་དབང་བྱས་པས། །ལྟ་སྒོམ་སྤྱོད་པ་ལོག་གྱུར་པ། །རྫུན་རྒྱུད་རྣམས་ཀྱིས་སྡིག་འདི་ལྟོས། །འདི་འདྲའི་ལྟ་བ་མ་ལོག་ན། །རྒྱལ་བའི་མདོ་རྒྱུད་ཐམས་ཅད་ཀྱི། །ལྟ་བ་ལྟ་བ་ལོག་པར་སྣང་། །འདི་འདྲའི་སྒོམ་པ་མ་ལོག་ན། །བསམ་གཏན་ལུས་ཀྱི་ཆོས་རྣམས་དང་། །ནང་དུ་ཡང་དག་འཇོག་ལ་སོགས། །མདོ་རྒྱུད་རྒྱ་མཚོའི་ཟབ་ལམ་ཀུན། །ཐམས་ཅད་སྒོམ་པ་ལོག་པར་སྣང་། །འདི་འདྲའི་སྤྱོད་པ་མ་ལོག་ན། །གསུང་རབ་རྒྱ་མཚོར་གང་བཤད་པའི། །བླང་དོར་སྤྱོད་པའི་རྣམ་བཞག་རྣམས། །ཐམས་ཅད་སྤྱོད་པ་ལོག་པར་སྣང་། །ཞེས་པ་ལ་སྨྲས་པ། ཁྱེད་ཀྱིས་བསྟན་བཅོས་འདི་ཉིད་དུ། །རྫོགས་པ་ཆེན་པོ་ཆེས་མིན་དང་། །བཀའ་མིན་སྒྲུབ་པའི་ཤེས་བྱེད་དུ། །དེ་རིང་རྫུན་རྒྱུད་རྩོམ་ན་ཡང་། །ཆོས་ལ་བརྟེན་ཕྱིར་ཆོས་ལྟར་འབྲི། །ལྟ་སྒོམ་སྤྱོད་པ་གང་ཤེས་འགོད། །རྫུན་རྒྱུད་ཡིན་ཕྱིར་བཀར་མི་རུང་། །དེ་སྐད་ཁྱེད་ཀྱིས་མ་བཀོད་དམ། །ཆོས་ལ་བརྟེན་ཕྱིར་ཆོས་ལྟར་བྲིས། །ལྟ་སྒོམ་སྤྱོད་པ་གང་ཤེས་བཀོད། །འདི་ལ་སངས་རྒྱས་གསུང་གི་འདྲེས། །མེད་ན་ཆོས་ལ་བརྟེན་པ་འགལ། །ལྟ་སྒོམ་སྤྱོད་པ་ཇི་ལྟར་ལོག །ཆོས་ལ་བརྟེན་ནས་ཆོས་བརྩམས་པས། །ལྟ་སྒོམ་སྤྱོད་པ་ལོག་འགྱུར་ན། །རྒྱ་བོད་གཉིས་སུ་དར་བ་ཡི། །བསྟན་བཅོས་ཀུན་ཀྱང་ཆོས་ལོག་འགྱུར། །སྙིང་ནས་རྫོགས་ཆེན་སྨོད་སྨོད་ནས། །རང་ཚིག་སྔ་ཕྱིའང་མི་མཚུངས་པ། །སྐྱེ་བ་འཕོས་པའི་མི་བཞིན་དུ། །གྱུར་ན་ཡང་དག་བསམ་མནོ་ཐོངས། །ཡང་། ཁ་འཛིན་ཁ་ཅིག་འདི་སྐད་དུ། །ཆོས་དབྱིངས་རྟོགས་པའི་གང་ཟག་ལ། །དགེ་སྡིག་བླང་དོར་མ་མཆིས་པས། །སྤྱོད་པ་དེ་ལ་དགོངས་སོ་ལོ། །བླང་དོར་མེད་པ་སྤྱོད་པ་མིན། །དེ་ནི་ལྟ་བའི་རྣམ་བཞག་ཡིན། །སྤྱོད་པ་ཆོས་དབྱིངས་རྟོགས་ནས་ཀྱང་། །སྒོམ་སྤང་ཐམས་ཅད་ད་གདོད་སྤོང་། །བསྒོམ་པས་སྤང་བར་བྱ་བ་ཡི། །གཉེན་པོ་ཐམས་ཅད་ད་གདོད་སྒྲུབ། །འདི་ལ་སྔགས་དང་མཚན་ཉིད་ཀྱི། །མདོ་རྒྱུད་ཐམས་ཅད་དགོངས་པ་མཐུན། །ཞེས་པ་ལ། བསྒོམ་པས་སྤང་བར་བྱ་བ་དང་། །གཉེན་པོ་ཐམས་ཅད་སྒྲུབ་པ་ལ། །ལུས་ངག་བྱ་བ་མི་འཇུག་པས། །དེ་ནི་བསྒོམ་ཡིན་སྤྱོད་པ་མིན། །ལྟ་བ་ཞེས་བྱའི་ངོ་བོ་ཡང་། །ཅི་ཡང་དམིགས་སུ་མེད་པ་ལ། །སྤྱོད་པའི་མིང་ཙམ་ག་ལ་ཡོད། །འདི་ལ་ཇོ་བོའི་ཞལ་ནས་ཀྱང་། །སྟོང་ཉིད་རྟོགས་པས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་ལྟ་བ་བསྒོམ་པ་ཡིན། །དེ་ལ་སྤྱོད་པའི་ཐ་སྙད་མེད། །དོན་དམ་བདེན་པར་མ་གྲུབ་ཀྱང་། །ཀུན་རྫོབ་ལས་འབྲས་མི་བསླུ་བས། །དགེ་སྡིག་བླང་དོར་བྱེད་པ་དེ། །ཆོས་ཉིད་ངང་དུ་རོ་སྙམས་པ། །བླང་དོར་མེད་པའི་སྤྱོད་པ་ཟེར། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། །སྤྱོད་པ་ཉམས་སུ་ལེན་ཙ་ན། །ལྟ་སྒོམ་ཉམས་སུ་མྱོང་བ་ཡིན། །སྣང་བའི་དངོས་པོ་རྒྱས་བཏབ་ནས། །བླང་དོར་མེད་པའི་སྤྱོད་པ་མཛོད། །ཅེས་གསུངས་དམ་པ་ཕྱར་ཆེན་པོས། །ཆེད་དུ་བཅོས་པའི་སྤྱོད་པ་ལ། །ཟོག་པོ་རྣམས་ཀྱི་ཟས་ཟོང་མཛོད། །ངེད་ཀྱི་སྤྱོད་པ་དགག་སྒྲུབ་བྲལ། །ཞེས་གསུངས་དགག་སྒྲུབ་བྲལ་བ་དེ། །བླང་དོར་མེད་པ་ཉིད་ཡིན་ནོ། །ཡང་། ཁྱོད་ཀྱི་རྡོ་རྗེ་གསལ་བ ཀྲ་སོགས། །དམ་ཚིག་གཞུང་དང་མཐུན་པ་མེད། །གཞུང་ལས་སྦོམ་པོ་བརྒྱད་དང་ནི། །རྩ་ལྟུང་བཅུ་བཞི་ཡན་ལག་བཅས། །ཞེས་པ་ལ། དེ་ནི་རྒྱུད་སྡེའི་གོ་རིམ་གྱིས། །རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་དང་། །རྩ་ལྟུང་བཅུ་བཞི་མི་མཚུངས་ཤིང་། །དེ་བཞིན་རྩ་ལྟུང་བཅུ་བཞི་དང་། །སྦོབ་པོ་བརྒྱད་པ་མ་མཐུན་པས། །རྗེ་བཙུན་གྲགས་པས་འཁྲུལ་སྤོང་དུ། །སྦོམ་པོ་བརྒྱད་པའི་རྒྱ་གཞུང་བཀག །བླ་མ་སོ་སོའི་བཞེད་ཚུལ་གྱིས། །གནང་བཀག་དུ་མར་བྱུང་མོད་ཀྱང་། །རྒྱུད་སྡེ་གོང་འོག་སོ་སོ་ལ། །སོ་སོར་གྲགས་པའི་དམ་ཚིག་ཀྱང་། །རྒྱུད་ཀྱི་དངོས་བསྟན་སུ་ཡིས་ཁེགས། །སེམས་ནི་ནང་དུ་ཁུག་ལ་སྡོད། །ཡང་། གསང་སྔགས་རྡོ་རྗེ་ཐེགས་པའི་རྒྱུད་སྡེ་རྣམས། །འཇམ་དཔལ་སྐུ་དང་པདྨ་གསུང་གི་རྒྱུད། །ཡང་དག་ཐུགས་དང་ཆེ་མཆོག་ཡོན་ཏན་དང་། །ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རྒྱུད། །འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་ཏེ། །སྒྲུབ་པ་བཀའ་བརྒྱད་ཞེས་བྱར་དབྱེ་བ་དང་། །བདེ་གཤེགས་འདུས་པ་ཞེས་བྱར་བསྡུ་བའོ། །འདི་འདྲ་གར་ཡང་བཤད་པ་མེད། །ཅེས་པ་ལ། སྒྲུབ་པ་བཀའ་བརྒྱད་ཅེས་པ་ལ། །འཇིག་རྟེན་འདས་པའི་དཀྱིལ་འཁོར་བདུན། །ནང་ཚན་ཕུར་པ་ཡན་ཆད་ལྔ། །རིགས་ལྔ་ཁྲོ་བོའི་དཀྱིལ་འཁོར་ཡིན། །མ་མོ་རྦོད་གཏོང་ཞེས་བྱ་བ། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། །ཡེ་ཤེས་པ་དང་འཇིག་རྟེན་གྱི། །མ་མོ་མཁའ་འགྲོ་བསྡུས་པ་སྟེ། །དོན་དུ་བདེ་མཆོག་དང་མཚུངས་ཏེ། །གནས་ཡུལ་སོ་སོའི་མཁའ་འགྲོ་མ། །སྒོ་མཚམས་མ་སོགས་མིང་གིས་ཕྱེ། །དོན་དུ་མ་མོ་མཁའ་འགྲོར་མཚུངས། །རིག་འཛིན་དང་ནི་འཇིག་རྟེན་པའི། །དཀྱིལ་འཁོར་མཆོད་སྟོད་དྲག་སྔགས་གཉིས། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཡིན། །སྦྱོང་རྒྱུད་འཇིག་རྟེན་དཀྱིལ་འཁོར་དུ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །འཇིགས་བྱེད་ལྷ་ཀླུས་བསྐོར་བ་བཞིན། །འདི་ལ་སྐྱོན་དུ་མ་སེམས་ཤིག །བཀའ་བརྒྱད་ཅེས་བྱར་དབྱེ་བ་དང་། །བདེ་གཤེགས་འདུས་པར་བསྡུ་བ་ཞེས། །འདི་འདྲ་རྙིང་མའི་ལུགས་མིན་ཏེ། །བཀའ་བརྒྱད་དང་ནི་བདེ་འདུས་ལ། །ཁྱད་པར་ཡོད་པ་མ་ཡིན་ནོ། །འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་ལས། །གསང་སྔགས་རྒྱུད་སྡེ་མང་པོ་ལས། །བསྡུས་པ་སྒྲུབ་པ་བཀའ་བརྒྱད་བཤད། །ཅེས་སོ། །ཡང་། རྒྱལ་བས་གསུངས་པའི་རྒྱུད་རྣམས་ལ། །བརྗོད་བྱ་ལྷ་ཡི་རིགས་དབྱེ་བ། །བྱ་བའི་རྒྱུད་ལ་རིགས་གསུམ་སྟེ། །རྡོ་རྗེ་པདྨ་དེ་བཞིན་གཤེགས། །སྤྱོད་དང་རྣལ་འབྱོར་རྒྱུད་སྡེ་ལ། །ལས་དང་རིན་ཆེན་བསྣན་པས་ལྔ། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རུ། །ཁྱབ་བྱེད་རྡོ་རྗེ་འཆང་དང་དྲུག །ཐབས་ཀྱིས་མཐོ་དམན་དབྱེ་བ་ལ། །རྒྱུད་སྡེ་བདུན་དྲུག་ལྔའམ་བཞི། །བརྗོད་པའི་ཚུལ་གྱིས་དབྱེ་བ་ལ། །ཐབས་དང་ཤེས་རབ་གཉིས་སུ་འདུས། །ཞེས་པ་ལ། བྱ་བའི་རྒྱུད་ཀྱི་རིགས་གསུམ་ཡང་། །སྤྱིར་བཏང་རགས་པ་ཙམ་ཡིན་གྱི། །རྒྱས་པའི་རིགས་དང་ནོར་བུའི་རིགས། །འཁྱམས་པོའི་རིགས་དང་བཅས་པ་ཡི། །བྱ་བའི་རྒྱུད་སྡེ་སྒོ་དྲུག་ཡོད། །རིགས་གསུམ་ཁོ་ན་མ་འཛིན་པར། །ད་དུང་བལྟ་རྟོག་ཞིབ་ཏུ་འཚལ། །སྤྱིར་གྱི་བྱ་རྒྱུད་རང་རྐང་འདི། །རྒྱུད་སྡེ་གོང་མར་སྦྱར་མི་རིགས། །ཀླུ་སྒྲུབ་འཕགས་མ་དཔལ་མོ་ཡིས། །བཟང་པོ་ངན་པར་བཀྲལ་མི་རུང་། །ངན་པ་བཟང་པོར་རུང་ངོ་ཞེས། །བྱ་རྒྱུད་ནང་གི་བཅུ་གཅིག་ཞལ། །རྣལ་འབྱོར་ཆེར་བཀྲལ་སྒྲུབ་ཐབས་མཛད། །རྣལ་འབྱོར་ཆེན་པོར་རིགས་དྲུག་ཀྱང་། །མ་ངེས་རིགས་བརྒྱ་ལ་སོག་བཤད། །དེ་དག་དབྱེ་བསྡུ་ཡིན་ཞེ་ན། །འོ་ན་གཅིག་ཏུ་བསྡུས་པས་ཆོག །རྡོ་རྗེ་འཆང་ལས་བྱེ་བའི་ཕྱིར། །དེ་ལྟ་བས་ན་ཕྱོགས་རེ་བའི། །གྲུབ་མཐའ་སྨྲ་འདི་འོ་རེ་བརྒྱལ། །རྙིང་མ་རྩད་ནས་འགོག་བཞེད་ན། །སྡོམ་པ་གསུམ་གྱི་རབ་དབྱེ་ལས། །པཎ་ཆེན་ཛྙཱ་ན་ཤྲཱི་དང་ནི། །མུ་སྟེགས་རྩོད་པ་དཔེར་མཛད་ནས། །དེས་ན་རང་གི་ལུང་གིས་ནི། །དེ་ཉིད་སུམ་འབྱིན་མི་ནུས་པས། །དེ་ཚེ་དེ་ཡི་ལུང་གིས་ནི། །དེ་ཉིད་སུམ་དབྱུང་ཞེས་གསུངས་ལྟར། །རྙིང་མའི་ལུང་གིས་རྙིང་མ་ཉིད། །འཇོམས་པའི་ལུང་དེ་འདྲེན་པར་རིགས། །བླ་མ་ལྕེ་སོགས་རྫོགས་ཆེན་ཆོས། །དང་། བླ་མ་སྲོའི་རྫོགས་ཆེན་རྡེའུ་སྐོར་བདུན་རྣམས་སུ། ནག་པོ་ཁ་འབྱམས་འགྲེལ་བ་དག །ར་རོག་ཕད་རོག་ཁྱད་མེད་དང་། །ཐུགས་རྗེ་ཆེན་པོ་བསྒོམ་པ་དང་། །གངས་རི་བསྒོམ་པ་ཁྱད་མེད་དང་། །མ་ཎི་པདྨེ་བགྲང་བ་དང་། །བོད་སྐད་ཝོང་སྒྲ་འདྲེན་པ་གཉིས། །ཁྱད་པར་མེད་པར་སྨྲ་བ་སོགས། །ཆོས་ལོག་མང་པོ་རྙིང་མར་བསྲེས། །དེ་ཀུན་སུམ་འབྱིན་མཛད་རིགས་ཀྱང་། །དམ་ཆོས་སྤོང་བ་ལ་རིངས་ནས། །དེ་འདྲའི་ཆ་ཙམ་མ་ཐོས་པར། །གཞན་གྱི་ནོར་རྫས་འཕྲོག་པ་ལ། །རང་གི་ནོར་ངོམས་བྱེད་པ་ལྟར། །གསང་སྔགས་རྙིང་མ་འགོག་པ་ལ། །གསར་མའི་བཤད་ཡམ་འདིས་ཅི་ཕན། །ཇི་ལྟར་བོན་པོ་འགོག་པ་ན། །བོན་གྱི་ལུང་གིས་དེ་འགོག་མོད། །ཆོས་ཀྱི་ལུང་དང་བཤད་ཡམ་ལ། །བོན་པོས་ཚད་མར་ག་ལ་འཛིན། །འོན་ཀྱང་ཁྱེད་ཀྱིས་དོན་དེའི་ཕྱིར། །རྙིང་མའི་གཞུང་ལུགས་བལྟས་མོད་ཀྱི། །ཆོས་ཟབ་གོ་བའི་སྐལ་མེད་པས། །བཀའ་བརྒྱད་བདེ་འདུས་དབྱེ་བསྡུ་སོགས། །རྫ་ཅག་མང་པོ་བྱུང་སྣང་ངོ་། །ཡང་། ཁྱེད་ཀྱི་ཐུབ་པའི་དབྱེ་བ་ལ། །འགྲོ་དྲུག་ཐུབ་པ་དྲུག་ཡིན་ལོ། །འོ་ན་ཐུབ་པ་གཞན་ལྔ་ཡིས། །མཛད་པ་བཅུ་གཉིས་གང་དུ་སྤྱད། །ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར། །བསྟན་པ་གང་ཡིན་དེ་འཛིན་སུ། །གལ་ཏེ་དེ་དག་མེད་ན་ནི། །ཐུབ་པ་ཡིན་པའི་སྒྲུབ་བྱེད་གང་། །ཞེས་པ་ལ། ཐུབ་པ་ཞེས་བྱའི་སྒྲུབ་བྱེད་ཀྱང་། །ཉོན་མོངས་སྡིག་ཀུན་ཐུབ་པས་ནས། །ཐུབ་པ་ཞེས་སུ་མཚན་བརྗོད་ཀྱི། །འགྲེལ་པ་དག་ལས་གྲགས་པ་ཡིན། །དེ་ལྟར་ཐུབ་པ་གཞན་ལྔ་ཡིས། །འགྲོ་བ་ལྔ་ཡི་དོན་མཛད་ཚུལ། །རང་གི་རིགས་དང་བསམ་པ་ལྟར། །མཐུན་པའི་ཚུལ་གྱིས་འདུལ་བ་ཡིན། །བསོད་ནམས་ཆེན་པོའི་སྐུ་ཡིས་འདུལ། །ཐེག་པ་སྣ་ཚོགས་གསུང་གིས་འདུལ། །མངོན་ཤེས་ཆེན་པོའི་ཐུགས་ཀྱིས་འདུལ། །ཕྲིན་ལས་བསམ་མི་ཁྱབ་པས་འདུལ། །ཡོན་ཏན་ལོགས་སུ་མ་སྨོས་ཏེ། །གོང་མ་བཞི་པོ་ཀུན་ལ་ཁྱབ། །འདི་ལྟར་རྒྱུད་གསང་བ་སྙིང་པོ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཞེས་བྱ་བ། རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་སྨྲེལ་ཞི་དང་། ཡས་མས་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་དེ་དག་ཏུ་ཡང་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འགྲོ་བའི་དོན་མཛད་དོ། །ཞེས་གསུངས་ལ། མཛད་པ་བཅུ་གཉིས་ཇི་ལྟར་བསྟན། །ཞེས་པའང་མིའི་འགྲོ་བ་འདུལ་བ་ལ་ནི་མཛད་པ་བཅུ་གཉིས་བསྟན་དགོས་ཀྱང་། དུད་འགྲོ་ལ་སོགས་པའི་འགྲོ་བ་ལ་ནི་མཛད་པ་བཅུ་གཉིས་བསྟན་ཀྱང་ཇི་ལྟར་གོ། འགྲོ་བ་གཞན་བཞི་པོའང་རིགས་དང་བསམ་པ་མི་འདྲ་བས་དེས་ཐུལ་བར་མི་འགྱུར་ཏེ། འདི་ལྟར། མི་ཡི་འགྲོ་བ་འདུལ་བ་ལྟར། །བཅུ་གཉིས་མཛད་པས་མི་ཐུལ་ཕྱིར། །བསྟན་དང་བསྟན་འཛིན་འོང་དོན་མེད། །ཅེས་སྨྲས་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་ལ་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་འཁོར་དང་མིང་གིས་དེ་དང་དེའི་དོན་མཛད་དོ། །ཞེས་གསུངས་པ་འདིས་གསལ་བ་ཡིན་ནོ། །གཞན་ཡང་འདུས་པ་ཆེན་པོའི་མདོར། །གང་དག་གླང་པོ་ཆེས་འདུལ་བ། །སེམས་ཅན་དེ་དག་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་པ་གླང་པོར་མཐོང་། །དེ་བཞིན་སྟག་དང་སེང་གེ་དང་། །གྲུ་དང་ཟམ་པ་ལ་སོགས་པ། །དེ་དང་དེ་ཡིས་འདུལ་བ་ཡི། །གཟུགས་སུ་མཐོང་ཞེས་མ་གསུངས་སམ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། །གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་བརྒྱ་བྱིན་ལ་སོགས་པ། །ཐུབ་པ་མིན་ན་འགྲོ་དྲུག་ལ། །ཕན་པ་སྣ་ཚོགས་མཉམ་མཛད་པའི། །ཐུབ་པའི་སྤྲུལ་སྐུ་རྒྱུན་ཆད་འགྱུར། །རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང་། །གང་དུ་སྣང་ནས་སེམས་ཅན་དོན། །མཛད་ཅིང་ཆང་ཚོང་མ་སོགས་སུ། །སྣང་ནས་འགྲོ་དོན་མཛད་པར་གསུངས། །རྡོ་རྗེ་འཆང་ཆེན་བཅོམ་ལྡན་འདས། །ལྷ་དང་ལྷ་མིན་དབང་པོ་སོགས། །གང་ལ་གང་དུལ་དེ་དང་དེའི། །གཟུགས་ཀྱིས་འདུལ་བའི་སངས་རྒྱས་ཀྱིས། །ཐུབ་པའི་གོ་ནི་མི་ཆོད་ན། །ཧ་ཅང་ཐལ་བ་ཉིད་དུ་འགྱུར། །འགྲོ་བའི་བསམ་པ་དང་བསྟུན་པས། །རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །མཛད་པ་ལྔ་བརྒྱར་བཤད་པའང་ཡོད། །ཐུབ་དབང་དང་ནི་བྱམས་པ་ཡི། །མཛད་པ་བཅུ་གཉིས་མི་འདྲ་བ། །མདོ་ལས་གསུངས་པའང་དགོངས་པར་མཛོད། །ཡང་། སློབ་དཔོན་པདྨ་སངས་རྒྱས་ལས། །ཡོན་ཏན་གསུམ་གྱིས་ལྷག་གོ་ལོ། །རྫོགས་སངས་རྒྱས་ལས་ལྷག་པ་ཡི། །གང་ཟག་ནམ་མཁའི་ཁོངས་ན་མེད། །ཅེས་པ་ལ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་དག་པ་རྣམས་ལ་སྣང་བ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་ཞིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་གསུངས་ཤིང་གཞན་ཡང་། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་བྱ་སྟེ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟན་ནས་བྱུང་། །ཞེས་དང་སངས་རྒྱས་ཐམས་ཅད་ནི། །མཆོད་ལས་བླ་མའི་བ་སྤུ་གཅིག །མཆོད་པ་ཆེས་མཆོག་འཕགས་པ་དང་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་པས། །བླ་མའི་བ་སྤུ་ཉག་གཅིག་ལྷག །དེ་སོགས་གསང་བ་འདུས་པར་བཤད། །འོན་ཀྱང་སངས་རྒྱས་མངལ་དུ་ཞུགས། །སློབ་དཔོན་པདྨའི་ཀློང་ལས་བྱོན། །ཐུབ་དབང་དྲང་ངེས་སྣ་ཚོགས་སྟོན། །སློབ་དཔོན་གསང་སྔགས་ཁོ་ན་འཆད། །དེ་བཞིན་གཤེགས་པ་མྱ་ངན་འདས། །སློབ་དཔོན་འདས་གྲོངས་མེད་པར་བཞུགས། །དེ་ལྟར་གསུམ་གྱིས་འཕགས་པ་དེ། །འགྲོ་བ་འདུལ་ཕྱིར་བསྟན་པ་སྟེ། །དོན་ལ་བཟང་ངན་ཡོད་པ་མིན། །ཡང་། རུ་དྲ་ནག་པོ་འདུལ་བ་ལ། །སངས་རྒྱས་ཐམས་ཅད་བཀའ་འགྲོས་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་མངགས། །བདུད་ཀྱི་སྟིངས་པའི་ཚིག་ཙམ་གྱིས། །ཐུབ་དབང་ཞུམ་ཞིང་སྐྱེངས་པར་གྱུར། །མཐུ་མེད་རང་གནས་ལོག་གོ་ལོ། །གང་གིས་བདུད་སྡེ་མ་ཐུལ་བ། །དེ་དག་སངས་རྒྱས་ག་ལ་ཡིན། །སངས་རྒྱས་ཉིད་ཀྱིས་མ་ཐུལ་བའི། །བདུད་དེ་འཇིག་རྟེན་གསུམ་ན་མེད། །ཁྲོ་བོར་སྤྲུལ་ནས་བཏུལ་བ་ཀུན། །སངས་རྒྱས་ཉིད་ཀྱིས་སྤྲུལ་པ་ཡིན། །མདོ་སྡེ་རྒྱ་ཆེར་རོལ་པ་ལས། །ས་ཡི་ལྷ་མོ་དཔང་བྱས་ཤིང་། །ཐུབ་པའི་ཕྱག་ནི་བརྡབ་ཙམ་གྱིས། །བདུད་དཔུང་བྱེར་ཞིང་འཐོར་བར་བཤད། །དེ་ཉིད་བསྡུས་སོགས་རྒྱུད་སྡེ་ལས། །ཐུབ་དབང་རྒྱལ་བའི་བྱིན་རླབས་ཀྱིས། །རྡོ་རྗེ་འཛིན་པ་ཁྲོས་ནས་ནི། །བདུད་སྡེ་ཐམས་ཅད་བཅོམ་པར་གསུངས། །དུས་ཀྱི་འཁོར་ལོ་སྡོམ་པ་ཧེ། །བླ་མེད་ཁྲོ་བོའི་དཀྱིལ་འཁོར་རྣམས། །ཐུབ་དབང་ཁྲོས་ནས་བདུད་སྡེ་ཀུན། །བཅོམ་ཞིང་ཞབས་ཀྱིས་བརྫིས་པ་ཡིན། །རྒྱལ་བའི་ཆེ་བ་མི་ཤེས་པར། །ཐུབ་དབང་སྨད་ནས་ཁྲོ་བོ་མཆོག །དེ་བས་ལྷག་པ་གཞན་འདོད་པ། །རྨོངས་པ་མིན་པས་ག་ལ་ནུས། །ཞེས་པ་ལ། རུ་དྲ་བྱུང་བའི་དུས་ཚོད་ཀྱང་། །འོད་སྲུང་དང་ནི་སྟོན་པ་འདིའི། །བསྟན་པའི་བར་དུ་བྱུང་བས་ན། །ཐུབ་དབང་འཇིག་རྟེན་བྱོན་པ་མེད། །དགའ་ལྡན་གནས་ན་བཞུགས་དུས་ཀྱི། །ལྷ་སྲས་དམ་པ་ཏོག་དཀར་པོ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །སངས་རྒྱས་རྣམས་ཀྱིས་མི་ཐུལ་བའི། །བདུད་ནི་ཡོད་པ་མ་ཡིན་ཀྱང་། །ལས་དང་སོ་སོའི་སྨོན་ལམ་གྱིས། །འོན་ཏེ་བྱང་ཆུབ་སེམས་དཔའ་ཡིས། །འདུལ་བའི་སྐབས་ཀྱང་ཡོད་པ་ནི། །བསྐལ་བཟང་སངས་རྒྱས་སྟོང་གི་བདུད། །ཕྱག་ན་རྡོ་རྗེས་འདུལ་བ་བཞིན། །གདུལ་བྱ་དུས་ལ་མ་བབས་ན། །སྣང་ཚུལ་ཅིར་ཡང་འབྱུང་བ་ནི། །འོག་ན་འཆད་པ་ཉིད་ཡིན་ནོ། །ཁྱེད་ཀྱིས་རྙིང་མའི་ལོ་རྒྱུས་ཀྱང་། །མ་གོ་བཞིན་དུ་བསྙོན་པ་སྟེ། །རུ་དྲའི་དུས་དེར་བཅོམ་ལྡན་འདས། །དགའ་ལྡན་གནས་ན་བཞུགས་དུས་ཡིན། །སངས་རྒྱས་ཀུན་གྱིས་མདགས་པ་ལ། །དེ་དུས་ཐུབ་དབང་སངས་མ་རྒྱས། །ཤཱཀྱ་ཐུབ་པའི་མིང་ཡང་མེད། །དེས་ན་རྙིང་མའི་ལོ་རྒྱུས་འདིར། །རུ་དྲ་དྲེགས་པས་མྱོས་པ་ལ། །རང་གི་ཆུང་མ་དུས་མཚན་མས། །ཁྱོད་པས་ཆེ་བ་འཇིག་རྟེན་ན། །ལང་ཀ་མགྲིན་བཅུ་ལ་སོགས་པ། །མང་ངོ་སྨྲས་པས་ཁོ་ཁྲོས་ནས། །ཀུན་ཀྱང་དབང་བསྡུས་བྲན་དུ་བྱས། །ཡང་ནི་རང་གི་ཆུང་མ་དེས། །ཁྱོད་པས་ཆེ་བ་དགའ་ལྡན་ན། །དམ་པ་ཏོག་དཀར་ཡོད་ཅེས་བསྒྲགས། །རུ་དྲ་ཁྲོས་ནས་དགའ་ལྡན་ཕྱིན། །དམ་པ་ཏོག་དཀར་ཕང་པར་བླངས། །ཁྲི་ལས་ས་ལ་ཕབ་ཅེས་བཤད། །རང་གི་གདུལ་བྱ་མ་ཡིན་པས། །རྟ་ཕག་གཉིས་ཀྱིས་འདུལ་ལོ་ཞེས། །རྒྱལ་བའི་སྲས་དེས་དེར་ལུང་བསྟན། །དེ་ཕྱིར་རུ་དྲ་འདུལ་བ་ལ། །ཐུབ་དབང་མངགས་པའི་ཡུལ་མ་གྲུབ། །དགོངས་པ་འདུས་པའི་མདོ་སྡེ་ལས། །ཐུབ་དབང་མྱ་ངན་འདས་རྗེས་སུ། །རུ་དྲ་ནག་པོ་བྱུང་བར་བཤད། །དེ་ནའང་ཐུབ་དབང་འོང་དོན་མེད། །གལ་ཏེ་ཐུབ་པས་མ་ཐུལ་བའི། །ཚུལ་འདི་ཡོད་ཀྱང་མི་འགལ་ཏེ། །ལོ་ཆེན་ཁུ་སྐྱོ་མྱོས་གསུམ་གྱི། །རྡོ་རྗེ་འཇིགས་བྱེད་ལོ་རྒྱུས་སུ། །དྲག་པོ་འཇིགས་བྱེད་ཅེས་བྱ་བ། །མི་ཀུན་བསད་ནས་དེ་ཡིས་ཟོས། །དེ་རྗེས་མ་ག་དྷ་ཀོང་ཥའི། །མི་ཀུན་བསད་ནས་ཟ་བ་ལ། །ཐུབ་དབང་སེར་སྐྱར་བཞུགས་པས་གཟིགས། །གན་དུ་བྱོན་ནས་ཆོས་བསྟན་པས། །མ་ཐུལ་འཕགས་པས་ཆོས་བསྟན་པས། །དེ་ཡིས་ཀྱང་ནི་མ་ཐུལ་བས། །ཁྲོས་ཏེ་རྟ་མགྲིན་སྐུར་བསྟན་པས། །ནགས་སུ་སོང་ལ་རྩྭ་ཟོ་ལོ། །དེ་ནས་རྗེ་བཙུན་འཇམ་པའི་དབྱངས། །ནག་པོར་ཁྲོས་པས་བཏུལ་བ་ཡིན། །གུར་མགོན་བྲམ་ཟེ་མཆོག་སྲེད་དང་། །གྱི་ལྗག་ལོ་ཙཱའི་ལོ་རྒྱུས་ལས། །ནག་པོ་ཆེན་པོ་དབང་ཕྱུག་བུས། །ནང་ནུབ་རེ་བཞིན་མི་བརྒྱ་བསད། །འཇིག་རྟེན་བརླག་ཏུ་ཉེ་བ་ན། །ཏ་མགྲིན་རྒྱལ་པོས་འདུལ་བར་བྱོན། །ཁྱོད་ལ་དེ་ཡི་གཉེར་མེད་ཅེས། །ནག་པོས་ཁྱུར་མིད་བྱས་ནས་ཕྱུངས། །དེ་སོགས་ལོ་རྒྱུས་དག་དང་མཚུངས། །ཡང་། ཁྱོད་ཀྱི་འཚང་རྒྱའི་དུས་ཚོད་ལ། །བསྐལ་པ་གསུམ་དང་མི་ཚེ་བདུན། །ཟླ་དྲུག་ལོ་གཅིག་ཟླ་དྲུག་ཅུ། །རྩོལ་པ་བྱེད་པའི་ཐེག་པ་ཡིན། །བྱར་མེད་ངོ་བོ་འདི་བསྟན་པས། །མི་རྩོལ་ལྷུན་གྲུབ་བདེར་གནས་ཞེས། །སངས་རྒྱས་བསྟན་པ་ཐམས་ཅད་དང་། །ཁྱད་པར་ཕྱག་རྒྱ་ཆེན་པོ་འགོག །ཕ་རོལ་ཕྱིན་པའི་རིང་ལམ་ལ། །བསྐལ་པ་གྲངས་མེད་གསུམ་དུ་གསུངས། །ཕྱག་རྒྱ་ཆེན་པོའི་ཉེ་ལམ་ལ། །སྐྱེ་བ་འདི་འམ་མི་ཚེ་བདུན། །དེ་དག་ཐམས་ཅད་སུན་ཕྱུང་ནས། །ཁྱོད་ཀྱི་ལམ་དེ་ཅི་འདྲ་ཞིག །ཅེས་པ་ལ། སྤྱིར་ནི་གསང་སྔགས་ཉེ་ལམ་ཡིན། །བྱ་བའི་རྒྱུད་ཀྱི་སངས་རྒྱས་ལས། །སྤྱོད་པའི་རྒྱུད་ཀྱི་སངས་རྒྱས་མྱུར། །དེ་བས་རྣལ་འབྱོར་རྒྱུད་ལམ་ཉེ། །དེ་བས་རྣལ་འབྱོར་བླ་མེད་ནི། །ཆེས་མྱུར་སྐྱེ་བ་འདི་ལ་ཐོབ། །སམྤུ་ཊི་ཡི་རྒྱུད་ལས་ཀྱང་། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འཐོབ་ཅེས་གསུངས། །མི་ཚེ་བདུན་ནས་སངས་རྒྱས་བ། །ཕྱག་རྒྱ་ཆེན་པོའི་མྱུར་ལམ་མིན། །དེ་ནི་དབང་བསྐུར་ཐོབ་ཙམ་གྱིས། །དམ་ཚིག་ཉམས་པར་མ་གྱུར་ན། །སྐྱེ་བ་བདུན་ནས་སངས་རྒྱ་ཞེས། །གསང་བའི་མཛོད་ལས་འདི་སྐད་དུ། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་ན་ཡང་སངས་རྒྱས་འགྱུར། །ཞེས་གསུངས་མཁས་པ་མི་འཁྲུལ་འཚལ། །དེས་ན་རྒྱུད་སྡེའི་མཐོ་དམན་གྱིས། །ལམ་ལ་ཉེ་རིང་ཡོད་པ་ཡིས། །ཀུན་བྱེད་རྒྱལ་པོའི་ལུང་གི་དོན། །མི་རྩོལ་ལྷུན་གྲུབ་སངས་རྒྱས་པ། །རྟོགས་དང་གྲོལ་བ་དུས་མཉམ་ཡིན། །འདི་ནི་འཇམ་དཔལ་མཚན་བརྗོད་ལས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གི་རྫོགས་སངས་རྒྱ། །ཞེས་གསུངས་པ་དང་དགོངས་དོན་གཅིག །སེམས་ཀྱི་དེ་ཉིད་གང་རིག་པ། །གྲངས་མེད་གསུམ་ལ་མ་ལྟོས་པར། །སྐྱེ་བ་ཕྱི་མ་སངས་རྒྱ་བའི། །ཚུལ་འདི་ཕར་ཕྱིན་ལ་ཡང་ཡོད། །དབུ་མ་བཞི་བརྒྱ་པ་ལས་ཀྱང་། །དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་ཕྱིར་ན་ཕར་ཕྱིན་ལས། །མཐོ་བའི་ཐེག་ཆེན་གསང་སྔགས་ལ། །སྐད་ཅིག་གྲོལ་བ་ཅིས་མི་འགྲུབ། །གྲོལ་ཀྱང་གྲོལ་གོ་མི་ཆོད་ན། །ཁྱེད་ཀྱི་སངས་རྒྱས་དེ་ཅི་ཞིག །ཡང་། ཁྱོད་ཀྱི་སྟོན་པ་ཀུན་ཏུ་བཟང་། །རྡོ་རྗེ་འཆང་ལས་ལྷག་གོ་ལོ། །བླ་མེད་རྒྱུད་ལས་གསུངས་པ་ཡི། །ཀུན་ཏུ་བཟང་པོ་རྒྱལ་བ་ནི། །རྡོ་རྗེ་འཆང་ཆེན་ཉིད་ཡིན་ཞེས། །ཟླ་བ་གྲགས་པ་དེ་སྐད་གསུངས། །རྣལ་འབྱོར་རྒྱུད་དུ་བསྟན་པ་ཡི། །ཀུན་བཟང་རྣམ་པར་སྣང་མཛད་དེ། །དེ་ཕྱིར་ཁྱོད་ཀྱི་ཁུངས་མ་ཡིན། །དེ་དག་དོན་གྱི་ནོར་བ་བསྡུས། །ཞེས་པ་ལ། ཀུན་བཟང་རྡོ་རྗེ་འཆང་ཆེན་གཉིས། །གདུལ་བྱ་ཡི་ནི་སྣང་ངོ་རུ། །གཙོ་དང་འཁོར་གྱི་ཚུལ་བསྟན་ཀྱང་། །དོན་ལ་ཐུགས་རྒྱུད་གཅིག་ཏུ་ངེས། །ངེད་ཀྱི་སྟོན་པ་ཀུན་ཏུ་བཟང་། །རྣལ་འབྱོར་རྒྱུད་དུ་གསུངས་པ་ཡི། །རྣམ་སྣང་ཆེ་དང་མི་མཚུངས་ན། །མཚན་བརྗོད་ཡོ་གའི་ལུགས་བཀྲལ་བ། །སྨྲྀ་ཏིའི་ཞིབ་མོ་རྣམ་འཐག་ཏུ། །དེ་ཉིད་ཆོས་སྐུར་མ་བཤད་དམ། །འདི་ནི་ཆོས་སྐུ་མདུན་རྒྱབ་མེད། །དེ་ཕྱིར་རྣམ་སྣང་ཀུན་ཏུ་ཞལ། །སློབ་དཔོན་པདྨ་བི་མ་ལས། །རབ་ཏུ་གནས་པའི་འདྲ་འབག་ཀྱང་། །བསམ་ཡས་བཞུགས་པས་ཁུངས་འདིས་ཆོག །ཡང་། རྡོ་རྗེ་ཐེག་པའི་ཁྱད་ཆོས་ནི། །དབང་དང་རིམ་པ་གཉིས་སུ་འདུས། །སྨིན་པར་བྱེད་པ་དབང་ཡིན་ཏེ། །གྲོལ་བར་བྱེད་པ་བསྐྱེད་རྫོགས་གཉིས། །དེང་སང་གསང་སྔགས་རྙིང་མ་བ། །སོ་སོར་ཐར་པའི་སྡོམ་མེད་པར། །དབང་བསྐུར་ལེན་ཅིང་སྔགས་པར་འདོད། །སོ་ཐར་ཞུས་ན་ལྷུང་ཞེས་ཟེར། །དགེ་སློང་དགེ་ཚུལ་དགེ་བསྙེན་ཏེ། །རྡོ་རྗེ་འཛིན་པ་རྣམ་པ་གསུམ། །སྔགས་པ་གཞན་ནི་མི་སྲིད་ཅེས། །ཀུན་ཏུ་བཟང་པོ་དེ་སྐད་གསུངས། །ཞེས་པ་ལ། ཁྱེད་ཀྱིས་གོང་འོག་མ་ཕྱེད་པའི། །གཏམ་འདི་ཆེས་མང་རྒོད་རེ་བྲོ། །འདི་ཡི་དགེ་སློང་དགེ་ཚུལ་སོགས། །སོ་སོར་ཐར་པ་དང་མི་འགྲིག །དེ་ཡང་རྒྱུད་ལས་འདི་སྐད་དུ། །བུམ་པའི་དབང་ནི་གང་ཐོབ་པ། །དགེ་བསྙེན་ཞེས་བྱར་བསྟན་པ་སྟེ། །གསང་དང་ཤེས་རབ་ཡེ་ཤེས་ཆེ། །གང་ཐོབ་དེ་ནི་དགེ་ཚུལ་གྲགས། །བཞི་པ་དེ་བཞིན་དགེ་སློང་སྟེ། །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཞེས་དང་གསར་མའི་གཞུང་འགའ་ལས། །རིག་འཛིན་ནང་གི་དགེ་སློང་ལ། །སོ་ཐར་གནས་པ་མ་གསུངས་ཏེ། །ཞེས་པའི་ལུང་ཡང་མེད་དམ་ཅི། །སོ་སོར་ཐར་པའི་སྡོམ་མེད་པར། །དབང་བསྐུར་ལེན་དུ་མི་རུང་ན། །རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་། །སྲས་མོ་གོ་མ་དེ་བྱི་དང་། །ཤམྦྷ་ལ་ཡི་རིགས་ལྡན་སོགས། །ཀུན་ལ་དབང་རྒྱུན་མེད་པར་ཐལ། །ཁྱིམ་པའི་རིག་འཛིན་མི་སྲིད་འགྱུར། །འདོད་ན་སྔོན་བྱོན་གྲངས་ལས་འདས། །སོ་ཐར་ཞུས་ན་ལྟུང་ཞེས་པ། །རང་ཉིད་མཐོང་བ་ཆུང་བ་ཡིན། །རྫོགས་ཆེན་རྡོ་ལ་གསེར་ཞུན་ལས། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཏུ། །ཕྱིན་ལམ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་གསུངས་བསླབ་པ་གསུམ་ཆར་བསྟན། །སོ་ཐར་ཞུས་ན་ལྟུང་ངོ་ཞེས། །བརྗོད་ཀྱང་འགལ་བ་ཡོད་མ་ཡིན། །ཕ་རོལ་ཕྱིན་པ་སྡུད་པ་ལས། །བསྐལ་པ་བྱེ་བར་དགེ་བ་བཅུ། །སྤྱད་ཀྱང་དགྲ་བཅོམ་རང་རྒྱལ་འདོད། །ཚུལ་ཁྲིམས་སྐྱོན་བྱུང་ཉམས་པ་ཡིན། །ཕས་ཕམ་པས་ཀྱང་ལྕི་ཞེས་གསུངས། །དེ་བཞིན་གསར་མའི་རྒྱུད་འགའ་ལས། །དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །བྱང་ཆུབ་ཀྱི་ནི་གཏན་གྱི་གེགས། །དེ་སྐད་གསུངས་པ་ཇི་ལྟར་འགོག །གཞན་ཡང་འདི་ཡི་དགེ་སློང་སོགས། །སོ་སོར་ཐར་བཞིན་མིན་པའི་ཚུལ། །སློབ་དཔོན་བསོད་སྙོམས་པ་དང་ནི། །ཇོ་བོ་དཔལ་ལྡན་ཨ་ཏི་ཤས། །གསང་དབང་ཤེས་རབ་ཡེ་ཤེས་གཉིས། །ཚངས་པར་སྤྱོད་ལ་བཀག་པ་ཡིན། །རྒྱུད་རྒྱལ་སངས་རྒྱས་མཉམ་སྦྱོར་ལས། །འདི་ལ་ཁྲུས་དང་སྡོམ་མི་དགོས། །དཀའ་ཐུབ་དཀའ་བ་སྤྱོད་མི་དགོས། །དཀའ་ཐུབ་སྡོམ་པ་མེད་པ་དང་། །བདེ་བ་དང་ནི་དགའ་བས་འགྲུབ། །དེ་སྐད་གསུངས་པ་ཇི་ལྟར་ཟློག །ཡང་། ཁྱོད་ཀྱི་དབང་བསྐུར་ཆོ་ག་ལ། །འཇིག་རྟེན་པ་ཡི་དབང་རྣམས་དང་། །རང་བཟོའི་དཀྱིལ་འཁོར་སྣ་ཚོགས་དང་། །དྲན་རྒུའི་ཆོ་ག་སྣ་ཚོགས་སྣང་། །བོད་ཀྱི་ཡུལ་འདྲེའི་དབང་བསྐུར་ལ། །རྒྱ་གར་ཆོ་ག་གཞུང་མར་འདོད། །ཅེས་པ་ལ། འཇིག་རྟེན་པ་ཡི་དབང་ཞེས་པ། །གསང་སྔགས་གསར་མའི་རྒྱུད་གཞུང་དུ། །གསང་བ་སྤྱི་ཡི་རྒྱུད་ལས་ཀྱང་། །ཕྱག་ན་རྡོ་རྗེ་གཟི་བྱིན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེའི་རིགས་གཅིག་གི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །མ་མོ་གནོད་སྦྱིན་དྲག་པོ་ཡི། །དཀྱིལ་འཁོར་གང་དང་ཅི་བཤད་པ། །ཐམས་ཅད་དེ་དག་ཀུན་ཀྱང་ནི། །དགོངས་པ་མེད་པར་བྲི་བར་བྱ། །ཞེས་དང་དཔལ་མཆོག་དང་པོ་ལས། །ཞི་བ་མདུང་དང་སྲིང་མོ་བཞི། །མ་མོ་བརྒྱད་དང་མིང་པོ་གསུམ། །མཚམས་བཞིར་གནས་པའི་དཀྱིལ་འཁོར་བཞི། །ཀུན་ཀྱང་འཇིག་རྟེན་ལྷ་ཡིན་པས། །དེ་ཕྱིར་འཇིག་རྟེན་པ་ཡི་དབང་། །གསང་སྔགས་གསར་མར་ཤིན་ཏུ་མང་། །རྙིང་མའི་འཇིག་རྟེན་པ་ཡི་དབང་། །རྒྱ་གཞུང་ཡིན་མིན་མཛད་པ་པོ། །སློབ་དཔོན་ཉིད་ཀྱིས་ཕྱི་བ་ཡིན། །ཡུལ་དང་གནས་ཀྱིས་ཕྱེ་བ་མིན། །ཇོ་བོའི་བྱང་ཆུབ་ལམ་སྒྲོན་ཡང་། །བོད་དུ་མཛད་ཀྱང་རྒྱ་གཞུང་ཡིན། །དེ་ཕྱིར་སློབ་དཔོན་པདྨ་ཡིས། །མཛད་ཕྱིར་རྒྱ་གཞུང་མིན་པ་འགལ། །ཡང་། གཏོར་མའི་དབང་བསྐུར་ཞེས་བྱ་དང་། །དེ་ལས་དབང་བཞི་རྫོགས་པར་འདོད། །འཇིག་རྟེན་འདས་པའི་དབང་རྣམས་ལ། །སྤྲོས་བཅས་ལ་སོགས་མིང་ཡང་གཞན། །རྡུལ་ཚོན་བུམ་པ་བསྣོལ་མ་སོགས། །རྒྱུ་མཚན་མེད་པའི་དཀྱིལ་འཁོར་འབྲི། །མདའ་དར་མེ་ལོང་རྨ་བྱ་ཤེལ། །ལྷ་སྐུ་བུམ་སོགས་སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད། དབང་རྫས་བཤམས། །སྲུང་སྐུད་མེ་ཏོག་མིག་འབྱེད་དང་། །མཐོང་བ་བླ་མ། དཀྱིལ་འཁོར། དབང་རྫས། མཆེད་ལྕམ་རྣམ་བཞི་སྟོན་པར་བྱེད། །མཆོག་དབང་བཞི་པ་བསྐུར་བ་ལ། །གདོན་གྱིས་ཟིན་འདྲའི་འོ་དོད་བྱེད། །ཀྱེ་སྐལ་བ་དང་ལྡན་པའི་སློབ་མ་རྣམས་ཉོན་ཅིག །ནམ་མཁའི་དབྱིངས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར་ནས་འདུག་པ་དེ་མཐོང་ངམ། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞག་པས་བཏབ་ནས་འདུག་པ་དེ་མཐོང་ངམ། འབྱུང་བ་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་གིས་བཅོམ་ནས་རི་རབ་ཀྱི་སྟེང་དུ་སོང་བའི་མི་དང་། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མོ་ཕོ་བཙན་དུ་བཟུང་བ་དེས་ཁམས་གསུམ་སྐད་ཅིག་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བ་དེ་མཐོང་ངམ། ཞེས་སོགས། སྤྲོས་བཅས་ལ་སོགས་དབང་བཞི་ལ། །བུམ་གསང་ཤེས་རབ་བཅུ་དྲུག་འབྱེད། །བདེ་ཆེན་སྤྱི་བླུགས་དབང་བསྐུར་དང་། །རྒྱས་གདབ་ཚངས་པའི་དབང་བསྐུར་དང་། །ཆོས་གོས་དབང་བཞི་བཅུ་དྲུག་ཏུ་འབྱེད་པར་མ་ཟད། རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་དབང་བཞི་ཉི་ཤུར་ཕྱེ་བའང་ཡོད་ལ། དེ་དག་མི་འཐད་ན་དུས་འཁོར་བས་སྤྲོས་བཅས་བྱིས་པ་འཇུག་པའི་དབང་བདུན། འཇིག་རྟེན་པའི་དབང་གོང་མ་བཞི། འཇིག་རྟེན་ལས་འདས་པ་གོང་མའི་དབང་། བདག་པའི་དབང་སོགས་མང་དུ་གསུངས་པའང་དེར་འགྱུར་རོ། །ལྷུང་བཟེད་མཁར་གསིལ་དབང་བསྐུར་སོགས། །ཁུངས་མེད་བབ་ཅོལ་སྣ་ཚོགས་བྱེད། །དེ་བཞིན་གཤེགས་གསུངས་རྒྱུད་སྡེ་བཞིར། །བོད་ཀྱི་ཡུལ་འདྲའི་དབང་བསྐུར་མེད། །གཏོར་མའི་དབང་བསྐུར་བཤད་པ་མེད། །འཇིག་རྟེན་འདས་པའི་དབང་བཞིར་ངེས། །མིང་ཡང་བུམ་དབང་གསང་དབང་དང་། །ཤེས་རབ་ཡེ་ཤེས་བཞི་པ་སྟེ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ། །ཁྱད་ཆོས་དབང་བཞིའི་མིང་དོན་མཐུན། །གསུམ་ལ་རྡུལ་ཚོན་དཀྱིལ་འཁོར་མེད། །ཕྱི་རོལ་དབང་རྫས་གང་ཡང་མེད། །སྲུང་སྐུད་མེ་ཏོག་ལ་སོགས་མེད། །དབང་བཞི་བཅུ་དྲུག་བསྐུར་བའང་མེད། །ལྷུང་བཟེད་མཁར་གསིལ་དབང་བསྐུར་སོགས། །སོ་ཐར་ནང་གི་དབང་རྫས་མེད། །ཅེས་པ་ལ། གསར་མའི་རྒྱུད་སྡེ་བཞི་པོ་ལ། །བོད་ཀྱི་ཡུལ་འདྲེའི་དབང་བསྐུར་བ། །མེད་ཀྱང་རྒྱ་འདྲེའི་དབང་བསྐུར་མང་། །རྡོ་རྗེ་འཇིགས་བྱེད་ལས་གཤིན་དང་། །ལོ་ཆེན་རིན་ཆེན་བཟང་པོ་ཡི། །བསྟན་སྲུང་པུ་ཏྲ་མིང་སྲིང་དང་། །བླ་མ་བ་རི་ལོ་ཙཱ་བའི། །དབྱུ་གུ་མ་ནིང་སྤུན་གསུམ་དང་། །སྤང་ལོའི་ཆོས་བདག་འོད་འབར་དང་། །དེ་བཞིན་བོད་ཀྱི་ལྷ་འདྲེ་ཡང་། །རྗེ་བཙུན་མི་ལའི་ཚེ་རིང་མ། །འབྲི་གུང་པ་ཡི་ཨ་ཕྱི་དང་། །འབྲུག་པའི་རྡོ་རྗེ་གཡུ་སྒྲོན་མ། །ཀུན་ལ་རྗེས་གནང་བཀའ་གཏད་མཛད། །ཅི་ཕྱིར་དབང་དུ་འགྲོ་སྙམ་ན། །ལྷ་དེ་སྒྲུབ་ལ་དབང་བའི་ཕྱིར། །རྒྱལ་རིགས་སྤྱི་དབང་བསྐུར་བ་ཡིས། །རྒྱལ་རིགས་དེ་ལ་དབང་བ་བཞིན། །འདི་ལ་བོད་རྣམས་འདི་སྐད་དུ། །དབང་གི་མིང་དུ་བྱུང་ཙམ་གྱིས། །དབང་མིན་མདོ་ལས་དབང་ཐོབ་པའི། །བྱང་ཆུབ་སེམས་དཔའ་ཞེས་གསུངས་ལ། །རྒྱལ་རིགས་སྤྱི་དབང་བསྐུར་བ་བཞིན། །རྙིང་མའི་དབང་བསྐུར་ཕལ་ཆེ་བ། །བྱིན་རླབས་ཙམ་ལས་དབང་བསྐུར་མིན། །ཅི་ཕྱིར་དབང་བཞི་མ་རྫོགས་ལོ། །དབང་གི་མིང་དུ་བཏགས་པ་ཡིས། །དེ་ལ་དབང་ཞེས་མི་རུང་ན། །དབང་གི་མིང་དུ་མ་ཐོགས་པ། །དེ་ནི་དབང་ཞེས་བརྗོད་མི་རུང་། །དབང་བཞི་ཡོངས་སུ་མ་རྫོགས་པས། །དབང་བསྐུར་ཐོབ་པར་མི་འགྱུར་ན། །བྱ་བའི་རྒྱུད་ཀྱི་དབང་བསྐུར་ལ། །ཆུ་དང་ཅོད་པན་གཉིས་ལས་མེད། །སྤྱོད་པའི་རྒྱུད་ལས་རྡོ་དྲིལ་མིང་། །རྣལ་འབྱོར་རྒྱུད་དུ་སློབ་དཔོན་བསྣན། །ཀུན་ལ་དབང་བཞི་མ་ཚང་བས། །དེ་ཀུན་དབང་མིན་ཞེས་ཟེར་རམ། །དབང་གི་ངོ་བོ་འཁྲུད་པ་དང་། །བྱིན་གྱིས་རློབ་པ་སོགས་སུ་བཤད། །གསར་མའི་གཤིན་རྗེ་གཤེད་དམར་པོའི། །འོད་གསལ་འཆལ་བའི་བྱིན་རླབས་ཀྱང་། །དབང་བཞིའི་ཆོ་ག་ཇི་བཞིན་སྣང་། །རྙིང་མའི་རིག་འཛིན་གོང་མ་འགལ། །དཀྱིལ་ཆོག་དག་ལ་མ་ལྟོས་བར། །བླ་མའི་ཕྱག་གིས་རེག་ཙམ་དང་། །མཛུབ་མོའི་བརྡ་ཙམ་རིག་པ་ལས། །དབང་ཐོབ་བྱིན་གྱིས་བརླབས་པས་གྲོལ། །བུམ་གསང་ལ་སོགས་བཞིར་ངེས་པ། །གསང་སྔགས་གསར་མའི་རང་ལུགས་ཡིན། །འདིར་ནི་རིག་པ་རྩལ་གྱི་དབང་། །མཁས་པ་པཎྜི་ཏ་ཡི་དབང་། །པུསྟི་གླེགས་བམ་བཀའ་ཡི་དབང་། །ཡེ་ཤེས་ལྷ་ཡི་དབང་བཞིར་ངེས། །ཐེག་པ་གོང་མའི་སྐབས་ཐོབ་ཀྱིས། །རིག་པའི་རྩལ་དབང་བཅོ་བརྒྱད་སོགས། །གསར་མར་མེད་པའི་དབང་བསྐུར་མང་། །འདི་ཀུན་ཁྱེད་ཀྱི་སྤྱོད་ཡུལ་མིན། །དེ་ཕྱིར་བདེ་བར་གཉིད་བྱོས་ཤིག །གཏོར་མའི་དབང་བསྐུར་མེད་ཅེས་པ། །ཏི་པུ་རས་ཆུང་ནས་བརྒྱུད་པའི། །ཚེ་དབང་ལྷ་གཅིག་བུམ་གཅིག་དེ། །འོད་ཟེར་བརྒྱ་པ་ལ་སོགས་པ། །ཚེ་དཔག་མེད་ཀྱི་རྒྱུད་ནས་ཕྱུང་། །འདི་ནི་གཏོར་མའི་དབང་ཡིན་པས། །ཚེ་དབང་དེ་ཡང་ཁྱེད་འགོག་གམ། །འདི་ལས་དབང་བཞི་མི་རྫོགས་ཟེར། །དབང་བཞི་རྫོགས་ལ་སྐབས་ཐོབ་གཙོ། །མ་བསྐུར་བ་ལ་རྫོགས་པ་དང་། །བསྐུར་ཀྱང་མི་རྫོགས་པ་ཡང་ཡོད། །འདི་ནི་བླ་མའི་དུས་ཐབས་དང་། །སློབ་མའི་བསོད་ནམས་དབང་ལས་ཡིན། །སྐྱོ་སྟོན་བསོད་ནམས་བླ་མ་ཡིས། །མ་གཅིག་ཇོ་མོ་ལབ་སྒྲོན་ལ། །དབང་བསྐུར་ཡེ་ཤེས་ཕེབས་པ་ཡིས། །མ་གཅིག་དབང་གྲལ་དེ་ནས་ལངས། །གྱང་དང་རྩིག་པ་ཕུག་ནས་བཞུད། །དབང་བཞི་ཚར་རྗེས་མི་རྣམས་ཀྱིས། །མ་གཅིག་དབང་ཟབ་འདི་མ་ཐོབ། །སྐལ་བ་བསོད་ནམས་དམན་ནོ་ཟེར། །བླ་མས་ཐ་སྙད་ཚིག་གི་དབང་། །དེ་ནི་ཁྱེད་ཅག་རྣམས་ཀྱིས་ཐོབ། །ཡང་དག་དོན་གྱི་དབང་མཆོག་དེ། །མ་གཅིག་གིས་ནི་ཐོབ་ཅེས་གསུངས། །དེ་སོགས་གནས་སྐབས་དུ་མ་ཡོད། །དབང་བཞི་བཅུ་དྲུག་བསྐུར་བ་སོགས། །རྒྱུད་སྡེ་སོ་སོའི་དགོངས་པ་ཡིན། །བུམ་དབང་བཞི་རུ་མི་རུང་ན། །དུས་ཀྱི་འཁོར་ལོར་བདུན་དུ་ཕྱེ། །དེ་བཞིན་གསང་དབང་བཞིར་ཕྱེ་སྟེ། །དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །ཞེས་སོགས་རྒྱས་པར་རྒྱུད་དེར་གསུངས། །འཇིག་རྟེན་འདས་པའི་དབང་རྣམས་ལ། །རྣམ་པར་དབྱེ་བ་མི་རུང་ན། །ཚིག་དབང་རིན་པོ་ཆེ་ཉིད་དང་། །བདག་པོ་སློབ་དཔོན་ཆེའི་དབང་བཤད། །གསང་བ་ཤེས་རབ་ཡེ་ཤེས་སོགས། །སྤྲོས་ཅན་མིན་ན་ཇི་སྐད་དུ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལས་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། རྡུལ་ཚན་བུམ་པ་བསྣོལ་མ་ནི། །རྒྱུ་མཚན་མེད་པ་མ་ཡིན་ཏེ། །བུམ་པས་བྱང་ཆུབ་སེམས་མཚོན་ལ། །བསྣོལ་བས་ཐབས་ཤེས་ཟུང་འཇུག་མཚན། །བཤད་ཚུལ་གཞན་ཡང་དུ་མ་ཡོད། །མདའ་གཞུ་གསར་མའི་དབང་ལའང་འབྱུང་། །མདའ་དར་བཏགས་ལ་སྐྱོན་ཅི་ཡོད། །མཁར་གསིལ་ལ་སོགས་དབང་རྫས་ལ། །སྐྱོན་དུ་འདོགས་ན་གསར་མ་པས། །ཁ་ཊྭཱཾ་ག་དང་ཐོད་པ་དང་། །ཕོག་མ་ཁམ་ཕོར་དབྱུག་པ་དང་། །རྣལ་འབྱོར་པ་ལ་མཁོ་བ་ཡི། །དབང་རྫས་དུ་མ་མ་བཤད་དམ། །དབྱུག་པས་དབང་གི་རྫས་རུང་ལ། །མཁར་གསིལ་སོགས་ཀྱིས་མི་རུང་བའི། །ཤེས་བྱེད་རྒྱུད་ན་གསུངས་པ་མེད། །ཤིང་རྟ་དུང་དང་མེ་ལོང་སོགས། །ཕྱི་རོལ་དབང་རྫས་མིན་ནམ་ཅི། །སྲུང་སྐུད་མེ་ཏོག་ལ་སོགས་ཀྱང་། །དཀྱིལ་ཆོག་ཀུན་ལ་མ་གྲགས་སམ། །གསུམ་ལ་རྡུལ་ཚན་མེད་ཅེས་པ། །ཀླུ་སྒྲུབ་སློབ་མ་མ་ཏིང་ཀི། །ཏི་ལོ་པ་དང་ནཱ་རོ་ནས། །བརྒྱུད་པའི་རིམ་ལྔ་གདན་རྫོགས་ཀྱི། །གོང་མ་ཡི་ནི་དབང་གསུམ་ལ། །སིནྡྷུ་ར་ཡི་དཀྱིལ་འཁོར་རེ། །ཐོད་པ་ཆང་གིས་བཀང་བ་རེ། །རྡུལ་ཚོན་ཆོས་འབྱུང་རེ་རེ་དང་། །ཡེ་ཤེས་དབབ་དང་མེ་ཏོག་དོར། །འདི་ཡི་ཕྱག་ལེན་ད་ལྟའི་བར། །མར་པའི་བརྒྱུད་འཛིན་ཡོངས་ལ་ཡོད། །མཐོང་བ་རྣམ་བཞི་སྟོན་པ་ཡང་། །དབང་པོའི་རིམ་པ་བརྟག་ཕྱིར་ཡིན། །དེ་ལ་སྐྱོན་དུ་ཅི་ཞིག་ཡོད། །ཆོས་ཉིད་རང་སྒྲའི་ངོ་སྤྲོད་ལ། །འོ་དོད་རོལ་མོ་ལ་སོགས་བྱེད། །དབང་མཆོག་བཞི་པ་བསྐུར་བའི་ཚེ། །སུ་ཞིག་འོ་དོད་འབོད་པ་ཐོས། །རྒྱས་གདབ་ཚངས་པའི་དབང་ལ་སོགས། །དེ་ལས་གཞན་པའི་རྣམ་གྲངས་མང་། །བློ་ཆུང་རྣམས་ཀྱི་ཡུལ་མ་ཡིན། །གཞན་ཡང་ལྷུང་བཟེད་ཆོས་གོས་ཀྱི། །དབང་རྫས་འགེགས་པ་འདི་མང་བས། །དེ་དག་ལ་ནི་འདི་སྐད་འདྲི། །རིགས་ལྔའི་སྡོམ་པ་བཟུང་བའི་སྐབས། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་སོགས་སྡོམ་བཟུང་ཡིན་ནམ་མིན། །མིན་ན་དེ་དག་ཇི་ལྟར་ཡིན། །ཡིན་ན་སྡོམ་པ་བཟུང་བའི་རྗེས། །ཆོས་གོས་ལྷུང་བཟེད་མཁར་གསིལ་སོགས། །གཏད་པ་འདི་ལ་སྐྱོན་ཅི་ཡོད། །འོན་ཏེ་སྡོམ་པ་མི་ཐོབ་ན། །སྡོམ་པ་བཟུང་བ་དོན་མེད་འགྱུར། །ཡང་། ཤིང་བྲག་ས་ལ་ཁུངས་ཕྱུང་བས། །དབང་བསྐུར་ཐོབ་པར་མ་བཤད་དེ། །སངས་རྒྱས་ཐོད་པའི་རྒྱུད་ལས། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་པ་ལ། གཏེར་ཆོས་དབང་རྒྱུན་མེད་འདོད་པ། །ཏི་པུ་རས་ཆུང་འབྲུག་པ་ཡི། །རོ་སྙོམས་སྐོར་དྲུག་ལས་གྲགས་པའི། །བདེ་མཆོག་ཡབ་བཀའ་ཡུམ་བཀའ་སོགས། །ལྷོ་བྲག་མཁར་ཆུའི་གཏེར་ཡིན་པས། །དབང་དེ་བསྐུར་ཡང་མི་ཐོབ་ལ། །འགྲོ་མགོན་གཙང་པ་རྒྱ་རས་ནས། །མཉམ་མེད་སེང་གེ་དགུ་ཚར་སོགས། །དབང་དེ་བསྐུར་ཞིང་ཞུ་བ་པོ། །ཀུན་ཀྱང་དམྱལ་བར་ཡོད་ཟེར་རམ། །ཆོས་དང་གྲུབ་ཐོབ་གོང་མ་ལ། །ཐབས་ཀྱིས་སྐུར་པ་མི་གདབ་འཚལ། །ཡང་། མ་ཐོབ་ཐོབ་ཅེས་ཟེར་བ་དང་། །རང་བཟོའི་རྫུན་གྱི་དབང་བསྐུར་ལ། །དཔོན་སློབ་བསམ་པ་དགེ་མོད་ཀྱང་། །ཕན་མེད་ངེས་པར་དམྱལ་བར་ལྟུང་། །ཞེས་པ་ལ། ཡང་དག་པ་ཡི་དབང་བསྐུར་རྣམས། །མ་ཐོབ་ཐོབ་ཅེས་བསྐུར་བ་ན། །དམྱལ་བར་འགྲོ་བ་གསུངས་མོད་ཀྱི། །རང་བཟོས་བསྒྲིག་པའི་རྫུན་དབང་དེ། །སྒྲིག་པ་པོས་ཀྱང་མ་ཐོབ་ན། །ཞུ་བ་པོ་ཡིས་ག་ལ་ཐོབ། །བསྐུར་ཐོབ་མེད་པའི་དབང་བསྐུར་དེས། །དམྱལ་བར་འགྲོ་བ་གང་ནས་བཤད། །རང་བཟོ་རང་གིས་བྱེད་བཞིན་དུ། །རང་བཟོ་མེད་པའི་ཆོས་ལ་སྨོད། །ཀླད་མདའ་འཕེན་པ་ཇི་ལྟ་བའི། །འབྲེལ་མེད་འཆལ་པའི་གཏམ་འདི་བཤོལ། །ཡང་། དེང་སང་བཟང་པོར་རློམས་པ་འགའ། །རང་གིས་མ་ཐོབ་རྫུན་དབང་བསྐུར། །རྫུན་གྱི་དབང་ལུང་ཁོ་ར་ཡུག །ཆོས་དེ་བཞན་ལ་མ་འཆད་ཅིག །རྫུན་གྱི་དབང་ལུང་བྱེད་པ་དེས། །རྫུན་མེད་རྣམས་ལའང་ཡིད་མི་ཆེས། །རྫུན་དང་རྫུན་མིན་དབྱེ་དཀའ་བས། །དེ་ཡི་ཆོས་བརྒྱུད་མ་འཛིན་ཅིག །རྫོགས་ཆེན་ལ་སོགས་རང་བཟོའི་དབང་། །སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་། །སྔོན་ནས་བརྒྱུད་པ་མེད་ངེས་པས། །འདི་དག་དམྱལ་བའི་དབང་བསྐུར་ཡིན། །ཞེས་པ་ལ། རྫུན་གྱི་དབང་ལུང་ཁོར་ཡུག་ན། །དེ་ལ་རྫུན་མེད་ག་ལ་ཡོད། །རྫུན་ལ་རྫུན་དུ་མི་ཤེས་པའི། །ཁྱེད་ལ་ནོངས་པ་ཅི་ཞིག་བྱུང་། །རྫུན་དང་རྫུན་མིན་མི་ཕྱེད་པར། །ཆོས་དང་ཆོས་མིན་འབྱེད་པ་མཚར། །རྫོགས་ཆེན་ལ་སོགས་རྙིང་མ་བའི། །དབང་ལ་བརྒྱུད་པ་མེད་ངེས་ན། །བསྟན་པའི་བདག་པོ་ས་སྐྱ་པའི། །གདུང་རབས་རིམ་པ་ཇི་ཙམ་ཞིག །རྙིང་མའི་གྲུབ་ཐོབ་ཁོ་ན་བྱོན། །གདུང་རབས་རྣམ་ཐར་ལྟོས་དང་གསལ། །གཞན་ཡང་རྒྱལ་བ་ཀརྨ་པ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །མཚུངས་མེད་གཡག་སྡེ་པཎ་ཆེན་གཉིས། །ཁྱེད་ཀྱི་བླ་མ་མ་ཡིན་ནམ། །སློབ་དཔོན་པདྨ་འབྱུང་གནས་དང་། །པཎ་ཆེན་བི་མ་ལ་ནས་བཟུང་། །བླ་མ་དེ་གཉིས་བར་དག་ཏུ། །རྫོགས་ཆེན་སྙིང་ཐིག་ལ་སོགས་པའི། །དབང་ལུང་བརྒྱུད་པ་བར་མ་ཆད། ། གྲུབ་པ་ཐོབ་པ་ཤ་སྟག་བྱོན། །རྣ་བ་བལ་གྱིས་བཀགས་སམ་ཅི། །ཡང་། ཁྱོད་ཀྱིས་བསྐྱེད་པའི་རིམ་པ་ལ། །དག་བྱ་དག་བྱེད་མ་ཤེས་པས། །ཆོ་གའི་གོ་རིམ་མ་ཚང་ཕྱིར། །སངས་རྒྱས་དགྱེས་པའི་སྒྲུབ་ཐབས་མེད། །མངོན་པར་བྱང་ཆུབ་རྣམ་ལྔ་དང་། །རྒྱུ་ཡི་རྡོ་རྗེ་འཛིན་པ་དང་། །བྱང་ཆུབ་སེམས་སུ་ཞུ་བ་དང་། །འབྲས་བུའི་སྐུ་རུ་བཞེངས་པ་དང་། །ལྷུམས་སུ་བསྐྱེད་དང་སྤྲོ་བ་དང་། །སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། །ཕྲ་དང་ཐིག་ལེའི་རྣལ་འབྱོར་དང་། །རིལ་པོར་འཛིན་པའི་རིམ་པ་སོགས། །མོས་པ་ལམ་དུ་བྱེད་པ་ཡི། །རྫོགས་པའི་རིམ་པ་དག་ཀྱང་མེད། །དཀྱིལ་འཁོར་དང་ནི་ལྷ་རྣམས་ཀྱི། །དག་པ་བསྒོམ་པའང་ཕལ་ཆེར་མེད། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །རྡོ་རྗེ་འཆང་གིས་གསུངས་པ་ནི། །སྲིད་པར་སྐྱེ་བ་སྦྱོང་བའི་ཕྱིར། །བསྐྱེད་པའི་རིམ་པ་མཐའ་ཡས་ཀྱང་། །སེམས་ཅན་སྲིད་པར་སྐྱེ་འདྲ་བའི། །ཆ་མཐུན་རྟེན་འབྲེལ་ཟབ་མོ་ཡི། །ཆོ་གའི་རིམ་པ་མ་འཁྲུལ་བས། །དགོངས་པ་ཡོངས་སུ་རྫོགས་པར་བསྟན། །ཕྱི་རོལ་པ་ཡང་བསྐྱེད་རིམ་བྱེད། །དག་པ་བསྒོམ་པ་སངས་རྒྱས་ཆོས། །སྒྲིབ་ཀུན་སྤོང་ཞིང་ཡོན་ཏན་ཀུན། །རྫོགས་པའི་རྟེན་འབྲེལ་དག་པས་འགྲིག །ཁྱེད་ཀྱི་སྒྲུབ་ཐབས་ཕལ་ཆེ་བ། །རང་བཟོའི་ལྷ་དང་སྔགས་སུ་སྣང་། །དཀྱིལ་འཁོར་སྦྱིན་སྲེག་རང་བཟོ་མང་། །མངོན་པར་རྟོགས་པ་དབྱངས་སུ་གྱེར། །ཞེས་པ་ལ། བསྐྱེད་རིམ་མངོན་བྱང་ལྔས་བསྐྱེད་དང་། །ཆོ་ག་གསུམ་གྱིས་བསྐྱེད་པ་སོགས། །འདི་ནི་མ་ཧཱ་ཡོ་ག་རུ། །གཏོགས་པ་འགའ་ན་གསུངས་པའང་ཡོད། །གཞན་དག་རྒྱུ་འབྲས་ལྷུན་གྲུབ་ཏུ། །སྤྱོད་ཕྱིར་རྒྱུ་འབྲས་རྡོར་འཛིན་སོགས། །ཀུན་དང་མཐུན་པ་ག་ལ་དགོས། །རང་རང་ལུགས་བཞིན་བྱས་ན་འགྲུབ། །ཐེག་པ་གོང་མར་ཁས་བླངས་ནས། །འོག་མ་རྣམས་དང་མཐུན་དགོས་ན། །དེ་ཡི་གང་འོག་གང་གིས་འབྱེད། །ཡོ་གའི་གྲུབ་མཐའ་ཁར་བཏོན་ནས། །རྣལ་འབྱོར་བླ་མེད་རྒྱུད་སྡེ་ལ། །དེ་འདྲ་མེད་ཅེས་རྒལ་པ་ན། །དེ་ཡིས་བླ་མེད་ཅི་ལ་ཉམས། །སྣོད་བཅུད་ཡེ་ནས་དག་པའི་ཕྱིར། །དག་པ་བསྒོམ་པ་འདིར་མི་བཞེད ། །སྐྱེ་སྲིད་སྦྱོང་ཕྱིར་སྐྱེ་བ་དང་། །མཐུན་པའི་བསྐྱེད་རིམ་ཟབ་ཡོད་ཀྱི། །གདོད་ནས་ལྷུན་གྱིས་གྲུབ་པ་ལ། །གྲུབ་པར་ཤེས་པའི་བསྐྱེད་རིམ་དེ། །བསྐྱེད་ཆོག་ཀུན་གྱི་ཡང་རྩེ་ཡིན། །གསང་འདུས་འགྲེལ་བ་སྒྲོན་གསལ་དུ་སྔགས་པ་མཐའ་དྲུག་གི་བཤད་པ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་སྒྲ་ཇི་བཞིན་པར་བསྟན་པའི་འདོན་པ་ལ་བརྟེན་ནས། རང་གི་སློབ་དཔོན་གྱི་མན་ངག་གིས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་དང་། ཟླ་བ་དང་རྡོ་རྗེའི་རིམ་པ་དང་། སྲིད་པ་འབྱུང་བའི་རིམ་གྱིས་བརྟགས་པའི་ལྷའི་རྣལ་འབྱོར་ལ་གོམས་པར་བྱེད་མོད་ཀྱི། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ནི་རྟོག་པ་ཐམས་ཅད་ལས་འདས་པ། སོ་སོར་རང་གིས་རིག་པ། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་ལ། ཕུང་པོ་རིན་ཆེན་ཟ་མ་ཏོག་གི་ནང་དུ་ཆུད་པ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ཡི་གེའི་རྗེས་སུ་འབྲང་བ་དང་རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ། བླ་མའི་མན་ངག་འབའ་ཞིག་ལས་ཁོང་དུ་ཆུད་པར་བྱ་བ་ཞིག་སྟེ། ཞེས་གསུངས་སོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པས། །སེམས་ཅན་བརྫུས་ཏེ་སྐྱེ་བ་ལྟར། །ས་བོན་མེད་པར་བསྐྱེད་པར་བཤད། །སྐྱེ་མཆེད་ཡེ་ནས་ལྷར་གནས་པ། །སླར་ཡང་བྱིན་བརླབ་འདིར་མི་དགོས། །འོན་ཀྱང་དབང་འབྲིང་མན་ཆད་ལ། །དགོངས་ནས་ཕྲ་ཐིག་ལྷ་ཁྲིད་སོགས། །ཟབ་ལ་རྒྱ་ཆེ་འདིར་བཤད་ཀྱང་། །དེ་ཙམ་ཞིག་གིས་མཚོན་ཕྱིར་བཞག །མངོན་རྟོགས་དབྱངས་སུ་གྱེར་པ་ཡང་། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲས། །རྒྱལ་ཀུན་ཡོན་ཏན་རབ་བརྗོད་ཅིང་། །བདེ་གཤེགས་ཐམས་ཅད་བསྟོད་དོ་ཞེས། །ཕར་ཕྱིན་མདོ་སྡེ་རྣམས་སུའང་གསུངས། །ཅི་ཕྱིར་སྔགས་ལ་འདི་མི་རུང་། །སྔགས་པ་རབ་ལ་ཤར་བ་ལྔ། །འབྲིང་ལ་གསལ་པ་རྣམ་པ་ལྔ། །ཐ་མས་བཟུང་བ་ལྔར་བཤད་པའི། །ཕྲིན་ལས་གྱེར་ལ་བསྒོམ་མེད་བཟུང་། །སྔགས་པ་རབ་ལ་ཤར་བ་རྣམ་པ་ལྔ། །སེམས་ཅན་ཐམས་ཅད་སངས་རྒྱས་ཤར་བ་ཡིས། །ལམ་གྱི་ཡེ་ཤེས་བགྲོད་དུ་མེད་པར་ཤེས། །སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷར་ཤར་བས། །འབྲས་བུ་ཡེ་ཤེས་ལྷུན་གྲུབ་རྫོགས་པར་ཤེས། །སྡུག་བསྔལ་ཐམས་ཅད་བདེ་བར་ཤར་བ་ཡིས། །སྣང་བ་སྣ་ཚོགས་ལམ་དུ་ཁྱེར་བ་ཤེས། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཤར་བ་ཡིས། །རང་བྱུང་ཡེ་ཤེས་རང་ལ་གནས་པ་ཤེས། །རྣམ་པར་རྟོག་པ་ཡེ་ཤེས་ཤར་བ་ཡིས། །འབྲས་བུ་སངས་རྒྱས་རང་ལས་བརྙེས་པ་ཤེས། །སྔགས་པ་འབྲིང་ལ་གསར་བ་རྣམ་པ་ལྔ། །སྟོང་གསུམ་ལྷ་ཡི་གཞལ་ཡས་ཁང་དུ་གསལ། །གཞལ་ཡས་ཁང་ལ་ཡང་དོག་མེད་པའི་གནད། །རང་ལུས་ཕུང་ཁམས་ལྷ་རུ་གསལ་བ་ཡིས། །བར་ཆད་གདོན་བགེགས་ཀུན་གྱིས་མི་ཚུགས་གནད། །ཕྱི་སྣོད་འཇིག་རྟེན་གཏོར་སྣོད་གསལ་བ་ཡིས། །གཏོར་མའི་སྣོད་ལ་བཟང་ངན་མེད་པའི་གནད། །སྣང་སྲིད་སྣོད་བཅུད་དམ་རྫས་གསལ་བ་ཡིས། །དན་ཅན་རྣམས་ཀྱིས་འཁུ་ལྡོག་མི་ཡོང་གནད། །གནས་ལུགས་སྟོང་པ་ཉིད་དུ་གསལ་བ་ཡིས། །སངས་རྒྱས་གཞན་ནས་མི་འཚོལ་བ་ཡི་གནད། །སྔགས་པ་ཐ་མས་བཟུང་བ་རྣམ་པ་ལྔ། །ལྷ་ལ་རྟག་བརྟན་ཐེར་ཟུག་བཟུང་། །ཕྲིན་ལས་གྱེར་ལ་སྒོམ་མེད་བཟུང་། །སྔགས་དང་སྙིང་པོ་རང་རྒྱུད་བཟུང་། །རྫས་དང་གཏོར་ཆུང་བཤོས་བུར་བཟུང་། །འབྲས་བུ་འཇིག་རྟེན་རུ་དྲར་བཟུང་། །ཞེས་འབྱུང་ངོ་། །འདི་ནི་རིག་འཛིན་གོང་མས་སྨད། །དེ་ཕྱིར་གྱེར་བསྒོམ་དབྱངས་ལྡན་པ། །སྔགས་པ་རབ་འབྲིང་སྤྱོད་ཡུལ་ཡིན། །དེ་ལས་གཞན་དུ་བསྟན་པ་མེད། །འདི་དོན་རྒྱས་པར་འཆད་རིགས་ཀྱང་། །ཁྱེད་ཀྱིས་གསང་སྔགས་རྙིང་མ་འདིར། །ཚིག་མཐའ་ཙམ་ཡང་མ་ཆོད་ན། །དོན་གྱི་གཏིང་མཐའ་ག་ལ་དཔོག །དེ་ཙམ་གྱིས་ནི་ཆོག་ཕྱིར་བཞག །ཡང་། རྟ་མགྲིན་པདྨ་དབང་ཆེན་གྱིས། །ཡེ་ཤེས་ཁྲོ་བོ་བརྒྱད་པོ་ཡི། །ཁོག་པ་དམར་པོར་ཕྲལ་ནས་ཀྱང་། །སྒལ་ཚིག་འཇོམས་ཤིང་བརྫིས་པ་བྱས། །རྒྱུད་ཆེན་དངོས་གྲུབ་བརྟན་གཟིགས་ཀྱི། །ལེའུ་སུམ་ཅུ་རྩ་གཉིས་པར། །དཔལ་ལྡན་ལྷ་མོ་ནག་མོ་ཡིས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་མནན། །ཁྲམ་ཁ་སྟོང་གི་དབང་མོ་ཆེས། །སངས་རྒྱས་རྣམ་པར་སྣང་མཛད་བརྫིས། །རི་རབ་གླིང་བཞིའི་དབང་མོ་ཆོས། །རྒྱལ་བ་རིན་ཆེན་འབྱུང་ལྡན་བསྒྱེལ། །རྒྱ་མཚོའི་གླིང་གི་དབང་མོ་ཆེས། །སྣང་བ་མཐའ་ཡས་གདན་དུ་བྱས། །ས་གཞི་འདེབས་པའི་དབང་མོ་ཆེས། །དོན་གྲུབ་ཞོན་པ་སྒོམས་ཤིག་ལོ། །ཞེས་པ་ལ། འདི་ཡི་རྒྱུད་ནི་མ་མཐོང་ཡང་། །རྒྱུད་ནི་མཐའ་དྲུག་ཚུལ་བཞི་ཡིས། །བཅིངས་ཕྱིར་ཚིག་ལ་བརྟོན་ན་འཁྲུལ། །སྦྱོར་སྒྲོལ་ལ་སོགས་སྒྲ་ཇི་བཞིན། །མིན་པ་ཉིད་དུ་ཁས་ལེན་ན། །འདི་དག་སྒྲ་ནི་ཇི་བཞིན་པར། །མཁས་པ་སུ་ཞིག་ཁས་ལེན་བྱེད། །དེས་ན་ལྷ་མོ་དེ་ལྔ་པོས། །འཇིག་རྟེན་འདས་ཚུལ་མ་བསྟན་པས། །སངས་རྒྱས་བརྫི་བར་ག་ལ་ནུས། །དོན་གྱི་སངས་རྒྱས་ཡིན་པའི་ཕྱིར། །ཁམས་ལྔ་དག་པའི་ལྷ་མོ་ལྔས། །གཟུགས་སོགས་ཕུང་པོ་ལྔར་འཛིན་པ། །འཇོམས་པ་ཉིད་ལ་དགོངས་པ་འདྲ། །གུར་ལས་ཀྱང་ནི་འདི་སྐད་དུ། །སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱིས་སངས་རྒྱས་ཕུར་བུས་གདབ། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་བསད་པར་བྱ། །ཐུབ་པ་རྣམ་པར་སྣང་མཛད་རྨོངས། །རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །འདོད་ལ་ཞེན་པ་འཇིག་རྟེན་བདག །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་གསུངས་འདི་དང་བཤད་ཚུལ་འབྱོར། །དེ་སོགས་གསར་མའི་མདོ་རྒྱུད་དུ། །འདི་དང་འདྲ་བ་དུ་མ་སྣང་། །བརྟགས་པ་གཉིས་པའི་རྒྱུད་ལས་ཀྱང་། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་དུས་འཁོར་རྩ་རྒྱུད་དུ། །སངས་རྒྱས་ལྷ་མོ་བཅུ་བསད་ནས། །ཞེས་དང་གསང་བ་འདུས་པ་ལས། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མེ་སྟག་འབར་བ་དང་། །འོད་ཟེར་སྣ་ལྔས་རབ་ཏུ་གང་། །དུས་གསུམ་པ་ཡི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེས་ཕྱེ་མར་བརླག །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ཚོགས། །རྡོ་རྗེས་ཕྱེ་མར་བརླག་འགྱུར་བའི། །བསམ་གཏན་མཆོག་དེ་བསྒོམ་ན་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ལྟ་བུ། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་གསུངས་མདོ་སྡེ་དག་ལས་ཀྱང་། །ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་བ་ཡིན། །ཞེས་སོགས་དགོངས་པའི་སྐད་མཐའ་ཡས། །ཡང་། གུ་རུའི་ཐུགས་སྒྲུབ་གསང་འདུས་སུ། །བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །དེ་ལ་སྐྱོན་ཡོད་མ་ཡིན་ཀྱང་། །སྒྲུབ་དུས་བླ་མར་རང་བསྒོམ་ནས། །རང་གི་འོག་ཏུ་བཅོམ་ལྡན་འདས། །ཁྲོ་བོའི་དབང་ཕྱུག་རྟ་མགྲིན་བསྒོམས། །ཞེས་པ་ལ། འདིར་ནི་ཐུགས་སྒྲུབ་གསང་འདུས་སུ། །སྒྲུབ་དུས་བླ་མར་རང་བསྒོམས་ཀྱང་། །རང་གི་འོག་ཏུ་བཅོམ་ལྡན་འདས། །རྟ་མགྲིན་བསྒོམ་པར་བཤད་པ་མེད། །གླེགས་བམ་ཆུང་ངུ་འདི་ཙམ་གྱི། །ལེའུ་གཅིག་ཀྱང་མ་ངེས་བཞིན། །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ལ། །རྒོལ་བར་བྱེད་པའི་བློ་སྟོབས་ཅན། །རླུང་དང་ཆུ་སེལ་འཁྲུག་པ་ཡིས། །སྲོག་རྩ་བུས་པར་མ་གྱུར་ཏམ། །ཡང་། རྫོགས་པ་ཆེན་པོའི་རང་བཞིན་གྱིས། །རྡོ་རྗེ་ཕག་མོའི་ཞབས་འོག་ཏུ། །ཐེག་བརྒྱད་ཟིལ་གྱིས་མནན་པའི་ཕྱིར། །ཤཱཀ་ཐུབ་གདན་ཁྲིར་སྒོམས་ཤིག་ལོ། །ཀྱེ་མ་བླུན་པོ་སྙིང་ཁམ་ཅན། །ཐུབ་པའི་བསྟན་པ་འདི་ལྟར་དཀྲུག །ཅེས་པ་ལ། རྡོ་རྗེ་ཕག་མོའི་གདན་ཁྲི་ལ། །ཐུབ་པའི་དབང་པོ་བཞག་པའི་གཞུང་། །རྙིང་མའི་ཆོས་འདིར་མ་མཐོང་ཡང་། །ཡོད་ཀྱང་སྐྱོན་ཡོད་མ་ཡིན་ཏེ། །སངས་རྒྱས་རྣམས་ཀྱི་གདན་ཁྲི་དག །འདེགས་པའི་སེང་གེ་རྟ་གླང་སོགས། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན། །དག་སྣང་ཡེ་ཤེས་དཀྱིལ་འཁོར་དུ། །དེ་དག་རྣམས་དང་སངས་རྒྱས་མཉམ། །འོན་ཏེ་མཐོ་དམན་འཛིན་པའམ། །དུད་འགྲོ་རང་རྒྱུད་པར་འཛིན་ན། །དག་སྣང་ཡེ་ཤེས་དཀྱིལ་འཁོར་ཉམས། །གཞན་ཡང་ཁྱེད་ལ་འདི་སྐད་འདྲི། །རིགས་བདག་དབུ་ལ་འཇོག་པ་དང་། །འདི་དག་བསྒོམ་པའི་ཚུལ་འདི་ཡང་། །དོན་དུ་འདྲ་བ་མ་ཡིན་ནམ། །དེ་སྐད་བརྗོད་ན་ཇི་ལྟར་སྨྲ། །ཡང་། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཁྱེད་ལ་ཅི་ཞིག་བྱུང་ནས་གནོན། །གྲུ་ཆེན་གཉན་པ་དེ་སྤངས་ནས། །འཁོར་བའི་རྒྱ་མཚོ་ཇི་ལྟར་བརྒལ། །མིག་གཅིག་ཉི་མ་དེ་བོར་ནས། །ཐར་པའི་ལམ་བཟང་ཇི་ལྟར་བགྲོད། །བསྟན་ལ་སྡང་བ་བདུད་ཀྱི་བུ། །མུ་སྟེགས་ངན་པ་ཆོས་ལྟར་བཅོས། །མི་ཟད་ལྟ་བ་ངན་པར་ལྷུང་། །འགྲོ་བ་བསླུ་བའི་གཡོ་སྒྱུ་ཅན། །སྡིག་ཅན་ཁྱོད་ཀྱི་རྐང་འོག་ཏུ། །སངས་རྒྱས་བརྫིས་པའི་ལོག་ལྟ་འདིས། །ནམ་མཁའ་མེད་པར་གྱུར་ན་ཡང་། །རྡོ་རྗེའི་དམྱལ་ལས་ཐར་པར་དཀའ། །ཞེས་པ་ལ། འོ་ན་རྭ་ལོའི་འཇིགས་བྱེད་ཀྱི། །ཤོག་དྲིལ་ཧ་ལ་སྐོར་གསུམ་དུ། །བདག་ཉིད་གནོད་མཛེས་བསྒོམས་ནས་ནི། །རྡོ་རྗེ་འཇིགས་བྱེད་དགུག་ཅིང་བསྟིམ། །དྲག་པོའི་ཤུགས་ཀྱིས་གཟུགས་དེ་ཉིད། །གཏུབ་ཅིང་བསྒྲལ་བའི་ལས་བྱས་པས། །འཁོར་ཚོགས་ལས་ཀྱི་གཤིན་རྗེ་རྣམས། །སྐྲག་ནས་ལས་མྱུར་བྱེད་པར་བཤད། །དུས་ཀྱི་འཁོར་ལོའི་མངོན་རྟོགས་ལས། །རྡོ་རྗེའི་ཤུགས་ཀྱིས་དུས་འཁོར་ལོའི། །སྙིང་གར་ལྕགས་ཀྱུས་བཏབ་ནས་ནི། །ཞགས་པས་བཅིངས་ཏེ་སྒྲོག་གིས་བསྡམས། །དྲིལ་བུས་གཟུགས་ལ་དབབས་ནས་ནི། །དམ་ཚིག་ཡེ་ཤེས་བསྲེ་བར་བྱས། །དེ་ཀུན་སྡིག་ལས་ཡིན་ནམ་ཅི། །ཀྲྀ་ཡ་ས་མུཙྪ་ཡི་ནི། །གཟའ་ཡུམ་གྱི་ནི་དཀྱིལ་འཁོར་དུ། །གཟའ་ཆེན་ཉི་མས་གཙོ་བོ་བྱས། །འདབ་མར་གཟའ་དང་གཟའ་ཡུམ་བཀོད། །ཐུབ་པའི་དབང་པོ་ལ་སོགས་པ། །སངས་རྒྱས་བཞི་པོ་སྒོ་བར་བྱས། །འདི་ཡང་གོ་རིམ་འཆོལ་བ་ཡི། །སྐྱོན་དང་ལྡན་པ་ཡིན་ཟེར་རམ། །དག་སྣང་མི་ཟད་རྒྱན་འཁོར་ལོ། །མངའ་བའི་རྫོགས་པའི་སངས་རྒྱས་རྣམས། །གཉིས་འཛིན་རྟོག་པ་མི་མངའ་བས། །འདི་འདྲའི་རིགས་ལ་སྐྱོན་ཡོད་མིན། །ཐབས་ལ་མཁས་པའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་ཅིར་ཡང་འཕྲུལ། །དེ་ལ་སྐྱོན་གྱི་གོ་སྐབས་མེད། །ཡང་། རྡོ་རྗེ་འཆང་གི་གསུང་རབས་སུ། །དཀྱིལ་འཁོར་ཆེན་པོའི་ནང་དག་ཏུ། །མ་གསུངས་ལྷ་འམ་མཚན་མ་བཀོད། །དེ་དག་བདུད་ཀྱི་ཡིན་པར་གསུངས། །གསང་སྔགས་གསང་བས་འགྲུབ་པའི་ཕྱིར། །མངོན་པར་རྟོགས་པ་གསང་བར་བཤད། །བསྐལ་པ་བཟང་པོའི་ཐོག་མ་ལ། །རྡོ་རྗེ་རི་དབང་ཟོམ་གྱི་རྩེར། །རྡོ་རྗེ་འཆང་དབང་ཁྲོ་བོར་སྤྲུལ། །དྲག་པོ་ཚངས་དབང་ཁྱབ་འཇུག་བདུད། །གཤིན་རྗེ་ལྷ་མིན་འབྱུང་པོ་སོགས། །འཇིག་རྟེན་གསུམ་གྱི་བདག་པོ་རྣམས། །ཆེ་བའི་ང་རྒྱལ་གྱིས་དྲེགས་ནས། །ཐུབ་པའི་དམ་ཚིག་མ་འཛིན་པ། །སྤྲུལ་པ་མང་པོས་བཀུག་ནས་ཀྱང་། །རང་དབང་མེད་པར་གདན་དུ་བརྫིས། །འཁོས་བཅས་དམ་ཚིག་གསུམ་ལ་བཀོད། །དེ་འདྲའི་སྒྲུབ་ཐབས་རྒྱུད་ལས་བཤད། །ཐུབ་དབང་གཅིག་པུར་མ་ཟད་དེ། །དུས་གསུམ་བྱུང་བའི་རྫོགས་སངས་རྒྱས། །ཀུན་གྱིས་རྡོ་རྗེ་ཐེག་མཆོག་གི། །དཀྱིལ་འཁོར་འདི་འདྲ་བསྟན་པ་ཡིན། །ད་ལྟའང་དེ་འདྲ་སུས་བསྒོམ་ལ། །འཇིག་རྟེན་གསུམ་ལས་འདས་པའི་ལམ། །རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་འགྲིག །བདུད་རྣམས་བཅོམ་ནས་སངས་རྒྱས་འགྱུར། །གནས་སྐབས་སུ་ཡང་བདུད་ཀྱི་རིས། །འཇིག་རྟེན་གསུམ་འདི་དབང་དུ་འགྱུར། །ལོག་པར་ལྟ་བ་འཛིན་པ་རྣམས། །རྒྱལ་བའི་ཆོས་ཀྱིས་འདུལ་བར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རང་གི་རྐང་པས་བརྫིས་པ་ཡི། །ཏིང་འཛིན་དེ་ཡིས་ཅི་ཞིག་འགྲུབ། །དེ་ལ་དགོས་པ་ཅི་འདྲ་ཡོད། །སྤྱི་བོར་བླ་མ་སངས་རྒྱས་བསྒོམ། །དེ་ཡིས་བསོད་ནམས་མཐའ་ལས་འདས། །དེ་དག་རྐང་འོག་གནོན་ཅིང་སྨོད། །སྡིག་འདི་སུ་ཡིས་འབྱང་བར་ནུས། །དེ་བཞིན་གཤེགས་ལ་གུས་ཙམ་གྱི། །བསོད་ནམས་སྲིད་མཐར་མི་ཟད་གསུངས། །སངས་རྒྱས་བརྙས་པའི་སྡིག་ལས་འདི། །འཁོར་བའི་མཐར་ཡང་ཟད་འགྱུར་རམ། །བླ་མེད་བླ་མའི་བླ་མ་ནི། །སངས་རྒྱས་སྲས་བཅས་དེ་དག་ཡིན། །ཁྲོ་བོའི་དབང་པོ་རྣམས་ཀྱང་ནི། །རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་དབང་སངས་རྒྱས་ཁྲོས་པ་ནི། །ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་ཏེ། །འཇམ་དབྱངས་ཁྲོས་པ་གཤིན་རྗེའི་གཤེད། །སྤྱན་རས་གཟིགས་དབང་རྟ་མགྲིན་ཡིན། །ལག་ན་རྡོ་རྗེ་གསང་བའི་བདག །ཁྲོ་བོ་བདུད་རྩི་འཁྱིལ་པར་གྱུར། །དེ་ལྟ་དེ་ལྟར་གཞན་རྣམས་ཀྱང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །དེ་ཡང་སྤྲུལ་དང་ཡང་སྤྲུལ་གྱི། །འཁོར་བའི་ཆ་ལུགས་འཛིན་པ་མིན། །ས་བཅུའི་དབང་ཕྱུག་འགྲོ་བ་ཡི། །སྐྱབས་གནས་ཆེན་པོར་བཞུགས་པ་ཡིན། །དེ་དག་མནན་པའི་རྟེན་འབྲེལ་གྱིས། །འཁོར་བའི་མཐར་ཡང་ཁས་ཉེན་ཅིང་། །དབང་ཆུང་གཞན་གྱི་བྲན་གཡོག་དང་། །ངན་སོང་གསུམ་གྱི་གནས་རྟེན་འགྱུར། །སྐྱབས་གནས་བརྙས་པའི་རྟེན་འབྲེལ་གྱིས། །ཐར་པའི་རྒྱུ་འབྲས་སླར་ལོག་པས། །མི་ལུས་ཙམ་ཡང་མི་ཐོབ་ན། །སྲིད་ཞིའི་བདེ་བ་འགྲུབ་རེ་ཀན། །ཞེས་པ་ལ། དེ་དོན་གོང་དུ་སྨོས་པ་ལྟར། །དགོངས་ཏེ་གསུངས་པ་གསར་རྙིང་གི། །རྒྱུད་དུ་ཁྱད་པར་མེད་པ་སྣང་། །ཉམས་སུ་ལེན་པའི་སྒྲུབ་ཐབས་གཞུང་། །གསར་རྙིང་གཉིས་ཀའི་ཁྲོད་ན་ཡང་། །སངས་རྒྱས་མནན་པའི་སྒྲུབ་ཐབས་མེད། །ཡོད་ན་ཁྱེད་ཀྱི་སྐྱོན་དེ་འབབ། །མེད་ཕྱིར་སུ་ལ་སྨྲ་བ་ཡིན། །གལ་ཏེ་རྒྱུད་ལ་སྨོད་པ་ན། །གུར་བརྟག་གསུང་འདུས་དུས་འཁོར་ལོ། །དེ་ལ་སོགས་པ་ཀུན་ཀྱང་སྨད། །གསར་རྙིང་གཉིས་ཀའི་ཆོས་སྤངས་པས། །ཐར་པའི་གོ་སྐབས་ཁྱེད་ལ་མེད། །གཞན་ཡང་ཁྱེད་ཀྱི་ཚིག་འདི་བརྟག །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རང་གི་རྐང་པས་བརྫིས་པ་ཡི། །ཏིང་འཛིན་དེ་ཡིས་ཅི་འགྲུབ་ལོ། །འོ་ན་གསར་མའི་ཆོ་ག་འགར། །རང་ཉིད་དཀྱིལ་འཁོར་གཙོ་བོར་བསྒོམ། །འཁོར་ལ་གཙོ་བོས་དབུ་བརྒྱན་པ། །འདི་དང་དོན་དུ་མི་མཚུངས་སམ། །འོན་ཀྱང་རང་ཉིད་ཐ་མལ་པ། །མ་ཡིན་སངས་རྒྱས་ཉིད་བསྒོམ་པའི། །འོག་ཡིན་དེ་ཕྱིར་ཉེས་པ་མེད། །མིན་ན་བདེ་མཆོག་ཞབས་ཀྱི་འོག །ལྷ་ཆེན་མནན་པའང་སྡིག་ཏུ་འགྱུར། །ལྷ་ཆེན་དབང་ཕྱུག་ཆེན་པོ་དེ། །ཐལ་བས་ཁེབས་པའི་འཇིག་རྟེན་དུ། །ཐལ་བའི་དབང་པོའི་དབྱངས་ཞེས་པའི། །དེ་བཞིན་གཤེགས་པར་སངས་རྒྱས་ཞེས། །རྡོ་རྗེ་རྩེ་མོའི་རྒྱུད་ལས་གསུངས། །གཞན་དུ་སྤྱན་རས་གཟིགས་དབང་གི། །སྤྲུལ་པ་ཡིན་པར་བཤད་པ་འདིས། །བདེ་མཆོག་བསྒོམ་པའང་སྡིག་ཡིན་ནམ། །སངས་རྒྱས་བརྙས་པའི་སྡིག་ལས་འདི། །འཁོར་བའི་མཐར་ཡང་མི་ཟད་ལོ། །འོ་ན་བྱང་ཆུབ་སེམས་དཔའ་ལ། །གནད་བྱེད་བདེ་བར་འབྲེལ་བ་དང་། །དེ་བས་ལྷག་པའི་རྫོགས་སངས་རྒྱས། །འབྲེལ་ཚད་དོན་དང་ལྡན་པ་ཉམས། །ལེགས་སྐར་དང་ནི་ལྷས་སྦྱིན་ཡང་། །དམྱལ་བ་ལས་ནི་ཐོན་མི་སྲིད། །འདོད་ན་བསྐལ་ཆེན་ཚེ་རྫོགས་ནས། །དེ་གཉིས་ཐར་བར་ལུངས་ལས་གསུངས། །དེ་ལས་བརྙས་པ་ཆེས་ཆེ་བ། །བྱེད་པའི་སྡིག་ཏོ་ཅན་གྱི་བདུད། །དེ་ཡང་བྱང་ཆུབ་ལུང་བསྟན་མོད། །དེས་ན་ཁྱེད་ཀྱི་ཚིག་འདི་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །སྐུར་པ་མི་བཟད་བཏབ་པ་ཡིན། །སྡིག་པ་ཆེ་ན་འདི་ཆེ་མོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །དེ་ཡང་སྤྲུལ་དང་ཡང་སྤྲུལ་གྱི། །འཁོར་བའི་ཆ་ལུགས་འཛིན་པ་མིན། །ས་བཅུའི་དབང་ཕྱུག་འགྲོ་བ་ཡི། །སྐྱབས་སུ་བཞུགས་ཞེས་ཚིག་འདི་ཡིས། །སངས་རྒྱས་སྤྲུལ་པ་ཡང་སྤྲུལ་རྣམས། །འགྲོ་བའི་སྐྱབས་སུ་མ་བྱས་པས། །སྐྱབས་གནས་བརྙས་པ་ཆེན་པོ་ཡིན། །སྲིད་ཞིའི་བདེ་དང་མི་ལུས་ཙམ། །འགྲུབ་རི་མནའ་ཡིས་གང་གཅུས་པ། །ཁྱེད་རང་ཉིད་ལ་ལོག་ནས་སྣང་། །ཡང་། ཁྱོད་ཀྱི་དཀྱིལ་འཁོར་ལྷ་རྣམས་ལ། །ཉང་སྟོད་ཁུ་ལེ་ན་ཐོག་གི། །འགོང་པོ་ཁུ་ལེ་ལག་དགུ་དང་། །ཡམ་ཤུད་ཡུལ་གྱི་བཙན་འགོང་དམར། །འོ་ཡུག་རྡོ་རྗེ་ལེགས་པ་དང་། །ནགས་ཤོད་སྐུ་ལྷ་གསང་བ་དང་། །གླགས་མདའི་བ་ལམ་དྲིའུ་སྣམ། །ཚ་བ་སྒང་གི་གཡུ་སྒྲོན་མ། །གཙང་གི་ཇོ་མོ་ཁ་རག་མ། །མོན་གྱི་དུན་ཏིང་ནག་མོ་སོགས། །བོད་ཀྱི་ཡུལ་འདྲེ་སྣ་ཚོགས་སྣང་། །ཁུངས་མའི་རྒྱུད་ལས་དེ་མི་འབྱུང་། །རྒྱལ་བའི་མདོ་དང་རྒྱུད་རྣམས་སུ། །མཐའ་འཁོབ་རེ་རེའི་ཡུལ་འདྲེ་རྣམས། །བསྟན་ན་དེ་ལ་མཐའ་ཅི་ཡོད། །གཞན་དུ་འབྱུང་པོ་ཟད་དམ་ཅི། །འཇམ་དཔལ་རྩ་རྒྱུད་རིག་པ་མཆོག །འབྱུང་པོ་འདུལ་བྱེད་ཟ་མ་ཏོག །གར་མཁན་མཆོག་དང་མི་གཡོ་བ། །དུས་ཀྱི་འཁོར་ལོ་ལ་སོགས་ལྟོས། །ཞེས་པ་ལ། ཁུ་ལེ་ལག་དགུ་ཡམ་ཤུད་དང་། །སྤུན་ཡིན་ཡམ་ཤུད་ཡུལ་གྱི་ལྟར། །མ་ཤེས་ཉང་སྟོད་དུ་བསམ་པ། །ཁུ་ལེ་ཞེས་པ་ཡར་འབྲོག་ནའང་། །ཡོང་མོད་དེ་རིམ་པར་ཕྱེ་བ་ཉེར་ལྔ་པ། དག་གཉིས་ཀ་ན། །ཁུ་ལེ་ལག་དགུའི་མིང་ཡང་མེད། །མོན་གྱི་དུན་ཏིང་ནག་མོ་སོགས། །བོད་ཀྱི་ཡུལ་འདྲེ་ཚོགས་སྣང་ལོ། །འདི་འདྲའི་བརྡ་ཆད་མ་ཆགས་པ། །མོན་བོད་མ་ཕྱེད་ཅི་ཞིག་ནོངས། །མཐའ་འཁོབ་རེ་རེར་མ་ཟད་པའི། །ལྷ་ཀླུ་སྲིན་པོ་ལྟོ་འཕྱེ་གྲུལ། །གནོད་སྦྱིན་མཁའ་ལྡིང་ལུས་ཧྲུལ་སྲུལ། །སྲིད་པར་གཏོགས་པའི་ལྷ་འདྲེ་ཀུན། །རྒྱལ་བའི་སྤྱན་སྔར་ལྷགས་ནས་ནི། །ཀུན་གྱི་མིང་སོགས་སྟོན་བཞིན་དུ། །བོད་ཀྱི་ཡུལ་འདིའི་ལྷ་འདྲེ་ཙམ། །ཐུབ་པས་བསྟན་པར་མི་ནུས་པ། །མཚུངས་པ་མེད་པའི་བཅོམ་ལྡན་འདས། །ཐོགས་མེད་གཟིགས་པའི་སྤྱན་དང་ལྡན། །གསུང་གི་གསང་བ་བསམ་མི་ཁྱབ། །ཟད་པ་མེད་པའི་སྤོབས་པ་མངའ། །ཤེས་བྱ་ཐམས་ཅད་སྟོན་ནུས་བཞིན། །མཐའ་འཁོབ་རེ་རེའི་ཡུལ་འདྲེ་རྣམས། །སྟོན་པར་མ་ནུས་ཅི་ཞིག་ནོངས། །སངས་རྒྱས་སྤོབས་པ་ཟད་དམ་ཅི། །རྙིང་མའི་ཆོས་རྣམས་སྨོད་སྨོད་ནས། །སངས་རྒྱས་ཉིད་ཀྱང་མ་སྨད་ཅིག །ཡང་། རྙིང་མའི་ལོ་པཎ་འཕགས་པ་ཡིན། །དེ་ཕྱིར་དོན་འགྱུར་མཛད་དོ་ལོ། །འོ་ན་ཟ་མ་ཏོག་ལ་སོགས། །འགྱུར་རྙིང་གཞན་ལའང་ཅི་མ་མཛད། །ཅེས་པ་ལ། རྙིང་མའི་ལོ་པཎ་དེ་དག་ཀུན། །འཕགས་པ་ཡིན་པར་ཡོངས་ལ་གྲགས། །འགྱུར་བྱང་སོ་སོའི་སྐབས་ཐོབ་གཙོ། །ཀུན་ལ་དོན་འགྱུར་ག་ལ་དགོས། །སྨྲ་རྒྱུ་མེད་བཞིན་སྨྲ་བ་ཡང་། །རང་ཉིད་ངལ་བ་ཁོ་ནར་ཟད། །ཡང་། ཁྱེད་ཀྱི་དཀྱིལ་འཁོར་མཆོད་པ་ལ། །སྨན་དང་རཀྟ་གཏོར་མ་ཞེས། །དང་པོར་བདུད་རྩི་ནང་མཆོད་འབུལ། །དེ་རྗེས་ཁྲག་གི་ཡོན་ཆབ་དང་། །དེ་ནས་གཏོར་མ་དེ་རྗེས་ལ། །ཕྱི་མཆོད་རྣམས་དང་བསྟོད་པ་བྱེད། །ཁུངས་མའི་རྒྱུད་གཞུང་ཐམས་ཅད་ནས། །ཐོག་མར་ཆུ་གཉིས་ཉེར་སྤྱོད་ལྔ། །རོལ་མོ་བ་དན་རྒྱལ་མཚན་གདུགས། །རྒྱལ་སྲིད་བདུན་དང་གྲུབ་པ་བརྒྱད། །འདོད་ལྔ་མཆོད་པའི་མཎྜལ་སོགས། །ཕྱི་ཡི་མཆོད་པ་ཀུན་རྫོགས་ནས། །བསྟོད་པའི་རྗེས་ལ་ནང་མཆོད་དང་། །ཀུན་གྱི་མཐའ་ལ་གཏོར་མ་མཛད། །ཅེས་པ་ལ། འདིར་ནི་མཆོད་པའི་ཆོ་ག་ལ། །ཐོག་མར་ཕྱི་ཡི་མཆོད་པ་མཛད། །ནང་གི་མཆོད་པ་ཉིད་ལ་ཡང་། །ཁྲག་དང་ཆང་གི་ཡོན་ཆབ་དང་། །དབང་པོའི་མེ་ཏོག་གསུར་ཆེན་སྦོས། །ཞུན་ཆེན་མར་མེ་དྲི་ཆུའི་ཆབ། །ཤ་ཆེན་དྲི་ཆེན་ཞལ་ཟས་ཞི་བ་དང་། ཁྲོ་བོའི་སྐབས་སོགས། དང་། །རྐང་གླིང་ཐོད་རྔ་གསང་བའི་ལྔ། །རོལ་མོ་ལ་སོགས་བཤད་པ་ཡིན། །གསང་མཆོད་བདེ་ཆེན་བྱང་ཆུབ་སེམས། །དེ་ནས་སྨན་རག་གཏོར་མ་འབུལ། །དེ་ནས་ཚོགས་དང་བསྟོད་པ་བཤད། །ནང་གི་མཆོད་པ་ལ་སོགས་ལ། །ཕྱི་ནང་གསང་བའི་བྱེ་བྲག་གིས། །མཆོད་པའི་རྣམ་གྲངས་བསམ་མི་ཁྱབ། །ཆང་ལ་བདུད་རྩི་རིལ་བུ་ཙམ། །བཏབ་པའི་ནང་མཆོད་ཙམ་གྱིས་མིན། །དེ་བཞིན་བདུད་རྩི་སྨན་ལ་ཡང་། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །དེ་ལའང་ཕྱི་ནང་གསང་དབྱེ་བས། །རྣམ་གྲངས་དཔག་ཏུ་མེད་པར་ཡོད། །ཁྲག་ཙམ་ཉིད་ལ་རཀྟ་ཞེས། །དེ་ཉིད་གཅིག་པུས་འགྲུབ་པ་མིན། །ཉོན་མོངས་འཁོར་བ་བསྒྲལ་བའི་ཁྲག །སྲིད་པ་སྐྱེད་པ་རྒྱུ་ཡི་ཁྲག །རྟེན་འབྲེལ་བཅུ་གཉིས་རྩ་བའི་ཁྲག །གཙང་དམེ་བྲལ་བ་བམ་གྱི་ཁྲག །གདུག་པ་བསྒྲལ་བའི་སྙིང་གི་ཁྲག །མཁའ་དབྱིངས་རྣམ་དག་པདྨའི་ཁྲག །རྩི་ཤིང་དམར་པོ་འབྱུང་བའི་ཁྲག །དུག་ལྔ་བསྒྲལ་བའི་ཡེ་ཤེས་ཁྲག །དེ་སོགས་རྣམ་པ་དུ་མ་ཡོད། །གཏོར་མའང་ཁ་ཟས་ཙམ་གྱིས་མིན། །ཕྱི་ནང་གསང་བ་དེ་ཁོ་ན། །སྣང་བ་ཚོགས་ལམ་གཏོར་མ་སོགས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གཏོར་མ་ཉིད་དུ་མ་གྱུར་མེད། །རྒྱུད་ལུང་རྒྱ་མཚོ་རྟོགས་དཀའ་བས། །ཁོ་བོས་བྱས་པའི་བསྟན་བཅོས་ན། །ཤིན་ཏུ་གསལ་བར་ཡོད་ན་ཡང་། །ཁྱེད་ཀྱིས་གོ་བའང་ཆེས་དཀའ་ལ། །གོ་ཡོར་ལོག་རྟོག་སྤེལ་བར་ཟད། །སྣང་སྲིད་བདུད་རྩིའི་རང་བཞིན་དུ། །རྟོགས་པར་གྱུར་པའི་རྣལ་འབྱོར་པས། །གོ་རིམ་ངེས་དང་མ་ངེས་པ། །ཇི་ལྟར་མཆོད་ཀྱང་མི་འགལ་ཏེ། །ཀུན་ཀྱང་ཡེ་ཤེས་རོལ་པ་ཡིན། །ཡང་། ཁྱོད་ཀྱི་སྲོག་ཆགས་བསད་པ་ཡི། །མདངས་སྐོང་རྒྱུ་སྐོང་ལ་སོགས་པ། །བསྐང་གསོ་མདོས་དང་གཏོར་མདོས་དང་། །བསྐང་མདོས་རྒྱ་གར་ཡུལ་ན་མེད། །ཅེས་པ་ལ། ཁྱེད་ཀྱི་སྲོག་ཆགས་བསད་པ་ཡི། །མདངས་སྐོང་ཞེས་ནི་མ་ཟེར་ཅིག །གསོན་པོ་ལ་ནི་མདངས་ཡོད་ཀྱི། །བསོད་ནམས་མདངས་དང་ལྡན་པ་མིན། །འདི་ནི་གསོན་པོར་འཛུགས་པ་ཡིན། །བྱ་ནག་དང་ནི་ལུག་ནག་སོགས། །རིགས་དང་མཐུན་པའི་ཁ་དོག་དང་། །དབང་པོ་ཚང་ཕྱིར་མདངས་ཞེས་བྱ། །རྒྱུ་ཡི་བསྐང་བ་ཞེས་བྱ་བ། །བམ་སོགས་སྲོག་ཆགས་ཤ་ལ་བཤད། །མདངས་སྐོང་རྒྱུ་སྐོང་རྒྱ་གར་ན། །མེད་ན་བྲམ་ཟེ་མཆོག་སྲེད་ཀྱིས། །མགོན་གཡག་མགོན་ལུག་འཛུགས་པ་དང་། །གཞན་ཡང་སྲོག་ཆགས་འཛུགས་ལུགས་མང་། །མཆོག་སྲེད་བདེ་བའི་རྡོ་རྗེ་དང་། །ཤྲདྡྷ་ཀ་ར་ལ་སོགས་པས། །མགོན་པོ་དང་ནི་ལྷ་མོ་ལ། །ནྲྀ་ཏྲིའི་ཙིཏྟ་ས་བསྐངས་ཞེས་པ། །དགྲ་དང་བགེགས་ཀྱི་སྙིང་ཡིན་ལ། །མི་ཤས་གཏོར་མ་བརྒྱན་པ་སོགས། །སྲོག་ཆགས་རྒྱུ་ཡི་སྐོང་མིན་ནམ། །མདོས་གཏོར་རྒྱ་གར་མེད་ཅེས་པ། །སློབ་དཔོན་ཙནྡྲ་གོ་མི་དང་། །པཎ་ཆེན་གྷི་རི་ཝརྨ་ཡིས། །གཙུག་གཏོར་གདུགས་དཀར་མདོས་ཆོག་དང་། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་དང་། །སློབ་དཔོན་འགྲོ་བཟང་སྙིང་པོ་ཡིས། །རྣམ་ཐོས་སྲས་ཀྱི་མདོས་ཆོག་མཛད། །འདི་གཉིས་ཟངས་དཀར་ལོ་ཙཱས་བསྒྱུར། །བྲམ་ཟེ་མཆོག་སྲེད་ནས་བཟུང་སྟེ། །མགོན་པོ་དང་ནི་ལྷ་མོའི་མདོས། །ད་ལྟའང་ས་སྐྱ་པ་རྣམས་མཛད། །དུད་སོལ་མ་དང་ཏྲག་ཤད་ལ། །མར་པ་དང་ནི་མྱོས་ལོ་ཙཱས། །བསྒྱུར་བའི་མདོས་ཀྱང་དུ་མ་སྣང་། །རྙིང་མ་འགོག་པའི་ཞོར་འབྱམས་སུ། །གསར་མའི་ཆོ་གའང་མི་དགག་འཚལ། །ཡང་། རྡུལ་ཚོན་དཀྱིལ་འཁོར་མཆོད་པ་དང་། །ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་། །ཆ་མཐུན་དཔའ་བོའི་སྟོན་མོ་དང་། །གཞོན་ནུ་མ་ཡི་སྟོན་མོ་དང་། །མེ་དང་ཆུ་ཡི་སྦྱིན་སྲེག་དང་། །ཆུ་སྦྱིན་རྣམས་དང་ཆངས་བུ་སོགས། །གཏོར་མ་འབུལ་བའི་ཁྱད་པར་རྣམས། །རྣམ་པར་དག་པའི་རྒྱུད་སྡེ་ལས། །ཕྱི་མཆོད་པ་ཡི་ཆོ་ག་ཡིན། །ཁྱོད་ཀྱི་སྦྱོར་སྒྲོལ་ལ་སོགས་པ། །ཉེས་མེད་སྲོག་ཆགས་གསོད་པ་འདི། །སངས་རྒྱས་བསྟན་ལ་ག་ལ་ཤོངས། །དེ་ལྟར་ཆོ་ག་ལོག་པ་དང་། །དོན་གྱི་ནོར་པ་དེ་དག་ལ། །ངན་སོང་གསུམ་གྱི་ལས་གསོག་ཅིང་། །ཐར་པའི་སྲོག་རྩ་གཅོད་པ་མང་། །ཀྱེ་མ་སྡིག་ཅན་བདུད་འདི་ནི། །སྙིགས་དུས་བླ་མའི་ཆ་ལུགས་ཀྱིས། །ཆོས་དང་ཆོས་མིན་བསྲེས་ནས་སྟོན། །ཤེས་ལྡན་ཡོད་ན་བྱ་ར་སྒྲིམས། །ཞེས་པ་ལ། ཁྱེད་ཀྱང་དེ་ལྟར་མ་གྱུར་གྲང་། །ཛམྦྷ་ལ་ལ་ཆུ་སྦྱིན་དང་། །ཡི་དྭགས་རྣམས་ལ་ཆུ་སྦྱིན་དང་། །འཕྲོག་མའི་ཆངས་བུ་ལ་སོགས་ཀྱང་། །མདོ་ལུགས་ཡིན་གྱི་རྒྱུད་ལས་མིན། །རྒྱུད་སྡེའི་ཕྱི་རོལ་མཆོད་པའོ་ཞེས། །གསར་མའི་ཆོ་ག་མི་བསླད་འཚལ། །དཀྱིལ་འཁོར་མཆོད་པ་ཚོགས་འཁོར་དང་། །སྟོན་མོ་གཉིས་དང་སྦྱིན་སྲེག་ཀྱང་། །ཕྱི་རོལ་མཆོད་པ་ཅུང་མ་ཡིན། །ཆོ་ག་ལོག་ན་ཁྱེད་རང་ལོག །ངེད་ཀྱི་སྒྲོལ་བ་ཞེས་བྱ་བ། །ཉེས་མེད་སེམས་ཅན་གསོད་པ་མིན། །བསྒྲལ་བའི་ཞིང་བཅུ་ཚངས་བ་དང་། །ཉམས་པ་བདུན་ལྡན་ཞེས་བྱ་བ། །དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོས་མིན་ཡོངས་ལ་གནོད། །དེ་ལྟར་བདུན་དང་ལྡན་པ་ན། །ཉེས་པ་དེ་ལས་ཆེ་བ་ཅི། །ངན་སོང་གསུམ་གྱི་འགྲོ་བ་དག །སྡུག་བསྔལ་དེ་ལས་ཐར་ཕྱིན་དུ། །བསྒྲལ་བ་ཉིད་དུ་རྒྱུད་ལས་གསུངས། །གདུག་པ་ཅན་ལ་བྱམས་པ་ནི། །རྩ་ལྟུང་བཅུ་པ་མ་ཡིན་ནམ། །དེ་ལྟར་ཁྱེད་ཀྱིས་ཟབ་མོའི་དོན། །ཕལ་ཆེར་རྣ་བས་མ་ཐོས་ཤིང་། །ཐོས་པ་དག་ཀྱང་ནོར་མོད་ཀྱི། །ཡི་གེ་མང་པོར་འགྲོ་ཕྱིར་བཞག །ཡང་། ཁྱེད་ཀྱི་རྫོགས་པའི་རིམ་པ་ལ། །ལམ་གྱི་འགྲོས་དང་བསྒོམ་པའི་ཚུལ། །ཐེག་མཆོག་སྙིང་པོའི་མན་ངག་གི། །གཞུང་དང་མཐུན་པ་གཅིག་ཀྱང་མེད། །སྐྱེ་འདིར་སངས་རྒྱས་ཉིད་འགྲུབ་པ། །མཐར་ཐུག་ཕྱག་རྒྱ་ཆེན་པོའི་ལམ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དོན། །ཡིན་ལུགས་སྙིང་པོར་དྲིལ་བ་ཡི། །འདུས་པའི་རིམ་པ་ལྔ་པ་དང་། །འཇམ་པའི་རྡོ་རྗེའི་ཞལ་གྱི་ལུང་། །འཁོར་ལོ་སྡོམ་པའི་རིམ་ལྔ་དང་། །རིམ་ལྔ་དཔྱིད་དང་ཐིག་ལེའི་གཞུང་། །ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་དང་། །གྲུབ་པ་སྡེ་བདུན་འགྲེལ་པར་བཅས། །གྲུབ་ཆེན་རྣམས་ཀྱི་རྡོ་རྗེའི་གླུ། །རྩ་འགྲེལ་ལ་སོགས་མང་དུ་བཞུགས། །ཟབ་མོའི་རྒྱུད་དང་དེའི་འགྲེལ་པ། །འགྲེལ་བཤད་དབང་སྒྲུབ་མང་པོ་ཡི། །སྙིང་པོ་ལྟ་བུ་ཡང་དང་ཡང་། །ཕྱག་རྒྱ་ཆེན་པོའི་ཉེ་ལམ་བསྟན། །ཚིག་རིས་སྣ་ཚོགས་མི་སྣ་ཚོགས། །བཤད་པའི་ཚུལ་ཡང་སྣ་ཚོགས་ཡོད། །ལམ་གྱི་ཉམས་ལེན་སྙིང་པོ་ལ། །ཐམས་ཅད་གོ་རིམ་མཚུང་པར་གནས། །སྦྱང་གཞི་སྦྱང་བྱ་སྦྱང་བྱེད་དང་། །སྦྱང་བའི་ཚུལ་དང་ལམ་གྱི་འགྲོས། །མངོན་པར་རྟོགས་པ་སྐྱེ་བའི་ཚུལ། །ཕལ་ཆེར་དོན་ལ་མཚུངས་པར་ཡོད། །སྙིང་པོའི་དོན་དེ་སངས་རྒྱས་ཀྱིས། །ཡོངས་སུ་རྫོགས་པར་ཕྱོགས་གཅིག་ཏུ། །གོ་རིམ་འཁྲུལ་མེད་ལེགས་བསྟན་པ། །རྣལ་འབྱོར་ཡན་ལག་དྲུག་པ་ཡིན། །དཔལ་ལྡན་གསང་བ་འདུས་པ་དང་། །དགྱེས་པ་རྡོ་རྗེ་འཁོར་ལོ་སྡོམ། །གཤིན་རྗེ་གཤེད་སོགས་ཐམས་ཅད་དུ། །སྣ་ཚོགས་མིང་གིས་འདི་ཉིད་གསུང་། །དེ་ཡི་རྒྱས་པར་བཤད་པ་ནི། །ཕྱག་ན་རྡོ་རྗེའི་སྟོད་འགྲེལ་དང་། །དགྱེས་པ་རྡོ་རྗེ་སྙིང་འགྲེལ་དང་། །དུས་ཀྱི་འཁོར་ལོའི་རྩ་འགྲེལ་དུ། །སངས་རྒྱས་སྲས་དང་བཅས་རྣམས་ཀྱིས། །ཤིན་ཏུ་གསལ་བར་གཏན་ལ་ཕབ། །བསྟན་པའི་ལམ་རིམ་ཀུན་ཤེས་ཕྱིར། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་དང་དབུ་མ་པའི། །སོ་སོའི་བསྒོམ་བྱ་མཐར་ཐུག་དང་། །ཁྱད་པར་ཐེག་མཆོག་སྙིང་པའི་ལམ། །ཕྱག་རྒྱ་ཆེན་པོའི་ངོས་འཛིན་དང་། །དེ་ཉིད་ཁྱད་པར་འཕགས་ཚུལ་དང་། །ལམ་གྱི་རྟགས་ཚད་ཡོན་ཏན་དང་། །གེགས་དང་གོལ་ས་ནོར་བའི་འཕྲང་། །ས་དང་ལམ་གྱི་བགྲོད་ཚུལ་དང་། །སྐྱེ་འདིར་སངས་རྒྱས་འགྲུབ་ཚུལ་དང་། །དེ་ཡི་སྒྲུབ་བྱེད་འཐད་པ་བཅས། །ཐུགས་རྗེ་མངའ་བའི་བླ་མ་དེས། །མ་འདྲེས་གསལ་བར་རྫོགས་པར་བསྟན། །སྙིང་པོའི་ལམ་དེ་སྒྲུབ་པའི་གྲོགས། །རིག་པའི་སྐྱེས་བུའི་བརྟུལ་ཞུགས་ཀྱི། །སྤྱོད་པ་གསུམ་དང་སྤྱོད་པའི་དུས། །ཕྱོགས་ལས་རྒྱལ་བའི་སྤྱོད་པའང་བསྟན། །ཁྱོད་དང་དེ་དག་མི་མཐུན་པར། །ཆ་མེད་རྒྱུས་གཏམ་འཆད་པའི་རྒྱུད། །འབྲེལ་མེད་གོ་རིམ་འཆོལ་བ་ཡི། །ལམ་གྱི་རིམ་པ་མཚར་ཅིག་སྣང་། །ཞེས་པ་ལ། དེ་ལྟར་གསར་མའི་རྫོགས་རིམ་དང་། །མཐུན་པ་གསང་སྔགས་རྙིང་མ་ལ། །གཅིག་ཀྱང་མེད་ཅེས་མ་ཟེར་ཅིག །ཅི་ཕྱིར་འདུས་པའི་རིམ་ལྔ་ཡང་། །བཀའ་གཏེར་གཉིས་ཀའི་ཁྲོད་ན་ཡོད། །འཇམ་པའི་རྡོ་རྗེའི་ཞལ་ལུང་དུ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱིས་རྒྱུད་སྦྱོར་བ། །ཡང་དག་གསལ་བ་ཞེས་བྱའོ། །ཞེས་གསུངས་པ་འདི་རྫོགས་ཆེན་གྱི། །སྙིང་པོ་མཐར་ཐུག་འོད་གསལ་ཡིན། །འདུས་པའི་སྣང་མཆེད་ཐོབ་གསུམ་ཡང་། །འདི་ཉིད་ལས་ནི་གཞན་མ་ཡིན། །དུས་འཁོར་དགྱེས་སྡོམ་གཤེད་སོགས་ལས། །ཕྱག་རྒྱ་ཆེན་པོའི་མཐར་ཐུག་པ། །སྦྱོར་བ་དྲུག་ཏུ་གསུངས་པ་ཡི། །སྙིང་པོ་སོ་སོར་སྡུད་པ་ཡང་། །འདི་ཉིད་ཡིན་ཕྱིར་སྦྱོར་རྫོགས་མཐུན། །དཔལ་ལྡན་འཁོར་ལོ་སྡོམ་པ་ལ། །ལུ་དྲིལ་གཉིས་ཀྱི་རིམ་ལྔ་དང་། །ནག་པོ་པ་ཡི་རིམ་བཞི་ཡང་། །ཕྲ་ཐིག་ལ་སོགས་རྫོགས་རིམ་གྱི། །ལྷ་དང་རྒྱུད་ཀྱི་ཁྱད་པར་ལས། །མདོ་དང་ཡང་ཕུར་མ་མོ་སོགས། །འདི་དག་ཤས་ཆེར་མཐུན་པར་སྣང་། །དཔྱིད་ཐིག་གྲུབ་པ་སྡེ་བདུན་དང་། །ལྷན་ཅིག་སྐྱེས་གྲུབ་འགྲེལ་པར་བཅས། །དེ་སོགས་ཕྱག་ཆེན་གཞུང་རྣམས་དང་། །རྫོགས་ཆེན་སེམས་ཕྱོགས་ཤིན་ཏུ་མཐུན། །རྫོགས་པ་ཆེན་པོའི་འོད་གསལ་འདི། །གྲུབ་ཆེན་རྣམས་ཀྱིས་མངོན་དུ་གཟིགས། །དེ་ལ་ནཱ་རོ་འཕགས་པ་ལྷ། །ཞི་བ་ལྷ་དང་ནག་པོ་བ། །དུས་ཞབས་ཤ་བ་རི་སོགས་ཀྱིས། །བསྔགས་བརྗོད་རྡོ་རྗེའི་གླུ་རུ་བླངས། །ཁྱད་པར་གྲུབ་མཆོག་ས་ར་ཧས། །མང་དུ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་འདི་ཡིས་ཆོག །ནམ་མཁའ་དབྱིངས་ཀྱི་དབུས་གནས་པས། །ཐིག་ལེ་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་རྡོ་རྗེའི་མགུར་རྣམས་ཀྱང་། །གོ་ན་ཕལ་ཆེར་རྫོགས་ཆེན་ཡིན། །ཁྱེད་ཀྱིས་མུ་སྟེགས་སྒོམ་ཡིན་ལོ། །མིང་དང་ཚིག་རིས་བཤད་པའི་ཚུལ། །སྣ་ཚོགས་ཡོད་པ་བདེན་མོད་ཀྱི། །ལམ་གྱི་ཉམས་ལེན་སྙིང་པོ་ལ། །ཐམས་ཅད་གོ་རིམ་མཚུངས་པ་མེད། །སོ་སོའི་གཞུང་ལ་བལྟས་པས་ཤེས། །དེ་བཞིན་མངོན་རྟོགས་སྐྱེ་ཚུལ་ཡང་། །ཕལ་ཆེར་མཚུངས་པའང་དཀའ་བར་སྣང་། །བསྟན་པའི་རིམ་པ་ཀུན་ཤེས་ཕྱིར། །བྱེ་སྨྲ། མདོ་སྡེ་པ། སེམས་ཙམ། དབུ་མ་སོ་སོར། གྲུབ་མཐའ་བཞི་ལ་མཐར་ཐུག་གི། །བསྒོམ་བྱ་སོ་སོར་ཡོད་མིན་ཏེ། །གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་ནུས་མིན་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་ཐབས་ཀྱིས་ཤན་འབྱེད་ཀྱི། །བསྒོམ་པ་གཅིག་ལས་གསུངས་པ་མེད། །ས་ལམ་རིམ་གྱིས་བགྲོད་པའང་། །འདི་ལ་མཉམ་མེད་སྒམ་པོ་པས། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བ་འཁྲུལ་ཞེས་གསུངས། །སྤྱོད་པ་བཞི་དང་མ་མཐུན་པས། །དེ་ནི་ཆོས་སུ་མི་འདོད་ན། །དམ་ཆོས་འདུལ་བའི་སྤྱོད་པ་ཡང་། །སྤྱོད་པ་བཞི་དང་མ་མཐུན་པས། །ཆོས་མ་ཡིན་པར་འདོད་དམ་ཅི། །དོན་གྱི་དགོངས་པ་གཅིག་པས་ཆོག །ཚིག་རིས་སྤྱོད་པ་མི་མཐུན་ལ། །གསར་མ་ལའང་སྐྱོན་གདགས་མང་། །མཚན་དངོས་ཉི་མ་སེང་གེ། རྡོག་སྟོན་ཝ་བ་ཅན་གྱིས་ནི། །མ་མོ་རོལ་པའི་རྒྱུད་དཀྲུགས་པས། །ག་ཡ་དྷ་རའི་གསེར་ཆོས་བྱུང་། །ཞེས་སོགས་གཞན་ལུགས་ཕལ་ཆེར་སྨད། །དཔལ་ལྡན་དགྱེས་པ་རྡོ་རྗེའི་ཆོས། །དེ་ཡིས་དྲི་མ་ཅན་དུ་བསྒྲུབས། །གཞན་ཡང་ཕ་རྒྱུད་པ་དག་གིས། །ལམ་འབྲས་གསུང་ངག་རིན་པོ་ཆེ། །སྙན་སྙན་བསྡུས་པའི་འཐོར་ཆོས་ཡིན། །རྒྱུད་ནས་འདི་འདྲ་མ་བཤད་ལོ། །ཕྱག་ཆེན་ཆོས་དྲུག་ལ་སོགས་ལ། །སྡོམ་གསུམ་རབ་དབྱེར་དགག་བྱ་དང་། །གཞན་ཡང་ས་སྐྱ་པཎ་ཆེན་གྱིས། །དྭགས་པོ་བཀའ་བརྒྱུད་ཕལ་ཆེར་བཀགས། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ལ། །མ་ཇོ་སྨྱོན་མའི་གདོལ་ཆོས་ཞེས། །སྔ་རབས་མང་པོས་བཀགས་པ་ཡོད། །དམ་པའི་སྡུག་བསྔལ་ཞི་བྱེད་ལ། །དམ་པ་འདི་འདྲ་མི་གསུང་ཞེས། །སྟོན་ཆེན་དགེ་བཤེས་སྒོམ་ཆེན་པ། །མང་པོ་ཞིག་གིས་བཀགས་ནས་སྣང་། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡང་། །བཅོམ་ལྡན་རིག་པའི་རལ་གྲི་ཡིས། །མུ་སྟེགས་གཞུང་དང་ཆོས་མཐུན་པས། །བཀག་དང་བརྟག་པའི་གནས་སུ་བྱས། །དེ་བཞིན་རྗེ་གང་རེད་མདའ་བས། །དུས་ཀྱི་འཁོར་ལོ་བཀག་པ་དང་། །རྗེ་བཙུན་ཆེན་པོ་མི་ལ་དང་། །དམ་པ་གཉིས་ཀས་བཀའ་གདམས་ལ། །བཀྱོན་དང་དགག་བྱ་མང་དུ་མཛད། །བོད་དུ་དར་བའི་ཆོས་རྣམས་ལ། །མ་སྨད་པ་ནི་མེད་ན་ཡང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དེ་བས་དག་པའི་སྣང་བ་སྦྱོངས། །ཡང་། ཁྱད་པར་ཐེག་མཆོག་སྙིང་པོ་ཡི། །ཡང་དག་ཁྱད་ཆོས་ངེས་མ་ཟིན། །ཉམས་ལེན་ཕལ་པ་སྣ་ཚོགས་ལ། །ཨ་ཏི་ཡོ་གའི་མིང་གིས་བརྗོད། །ཅེས་པ་ལ། དག་པ་བསྒོམ་པ་ལ་སོགས་དང་། །རྟོག་པས་བརྟགས་པའི་རྟོག་སྒོམ་ལ། །སྔགས་ཀྱི་ཁྱད་ཆོས་འདོད་པ་དང་། །དབང་པོ་རྒྱ་ཡན་གདམས་ངག་ལ། །ཉམས་ལེན་ཕལ་པར་འདོད་པ་ཡང་། །ཆོས་ཀྱི་དེ་ཉིད་མ་མཐོང་བས། །སྨྲ་འདི་ཁྱེད་ཅག་ཤིན་ཏུ་བདེན། །གསེར་དངུལ་འཐོར་བའི་ས་གཞི་ལ། །རློག་ཧྲུལ་དྲུད་པས་སྦར་སྦུར་དང་། །ཚེར་མ་སོགས་ལས་ཅི་ཞིག་འབྱུང་། །ཡང་། ཁྱོད་ཀྱི་སེམས་ཀློང་མན་ངག་སྡེ། །གཞུང་རྣམས་ཕན་ཚུན་མཐུན་པ་མེད། །དབང་བསྐུར་ལྟ་སྒོམ་སྤྱོད་པ་དང་། །ལམ་གྱི་རིམ་པ་ནང་འགལ་ཉིད། །རྒྱལ་ལམ་གཞུང་བཟང་ལ་སྒྲུས་ནས། །ཕྱོགས་རེ་ཕྱོགས་རེ་ཤེས་ན་ཡང་། །ཚིག་དོན་ནོར་བ་སྟོང་གིས་སྦགས། །ཞེས་པ་ལ། བྱ་རྒྱུད་ལ་སོགས་རྒྱུད་སྡེ་བཞི། །གཞུང་རྣམས་ཕན་ཚུན་ག་ལ་མཐུན། །དེ་ཕྱིར་སེམས་ཀློང་མན་ངག་སྡེ། །ཕྱི་ནང་གསང་བ་གསུམ་ཡིན་པས། །འདི་གཞུང་ཕྱོགས་གཅིག་ག་ལ་མཐུན། །དོན་གྱི་ལྟ་བ་གཅིག་ཡིན་ཀྱང་། །རྒྱུད་སྡེ་མཐོ་དམན་གོང་འོག་གིས། །དབང་དང་ཆོ་གའང་སོ་སོ་ཡིན། །གལ་ཏེ་གཅིག་པ་ཞིག་དགོས་ན། །ཀུན་རིགས་ཙམ་ཞིག་ཤེས་པ་ཡིས། །རྒྱུད་སྡེ་ཐམས་ཅད་བསྒྲེའམ་ཅི། །ལམ་གྱི་གོ་རིམ་མི་མཐུན་པ། །གདུལ་བྱའི་བློ་ཡི་རིགས་དང་བསྟུན། །དེ་ཙམ་ཞིག་ལ་སྐྱོན་འདོགས་ན། །གསང་བ་འདུས་པའི་རིམ་ལྔ་དང་། །བདེ་མཆོག་རིམ་ལྔ་མཐུན་པ་མེད། །དེ་བས་རང་སེམས་གཏན་ལ་ཕོབ། །ཡང་། འོན་ཀྱང་ཁྱོད་ལ་རྒྱུད་སྡེ་ནི། །བརྒྱ་དང་སྟོང་དང་འབུམ་ཕྲག་སྣང་། །གཞུང་དང་མན་ངག་ཡིན་ཟེར་བ། །གངས་ཅན་ཡུལ་འདི་ཁྱབ་ནས་གནས། །དེ་ཕྱིར་ནཱ་རོའི་ཆོས་དྲུག་དང་། །ནི་གུ་དང་ནི་ལམ་འབྲས་བཞིན། །རྒྱུད་སྡེའི་མན་ངག་བླ་མ་ཡིས། །ལོགས་སུ་ཕྱུངས་པ་དེ་ཡང་མིན། །ཞེས་པ་ལ། མཁའ་འགྲོའི་མཛོད་དང་འོག་མིན་ནང་། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད། །བཞུགས་པར་བཤད་ཀྱི་བོད་ཡུལ་འདིར། །འགྱུར་བའི་སེམས་ཀློང་མན་ངག་སྡེའི། །རྒྱུད་སྡེ་པུསྟི་བདུན་བརྒྱད་སྣང་། །རྙིང་མའི་རྒྱུད་ཀུན་རྫོགས་ཆེན་མིན། །ཐམས་ཅད་བསྡོམས་པའི་རྒྱུད་འབུམ་ལའང་། །གླེགས་བམ་སུམ་ཅུ་རྩ་བདུན་ཙམ། །དེ་ལ་བརྒྱ་སྟོང་འབུམ་ཕྲག་ཅེས། །སྣང་བ་འཁྲུལ་ལམ་ཅི་ཞིག་བྱུང་། །རྒྱུད་དོན་བཀྲལ་བའི་གཞུག་གདམས་ཀུན། །རྙིང་མར་རང་གི་རང་ལུགས་ཡིན། །ཆོས་དྲུག་ལམ་འབྲས་ཡིན་ཅི་དགོས། །ཡང་། འོན་ཀྱང་ཚིག་དང་དོན་གྱི་ཚུལ། །ཆོ་གའི་གོ་རིམ་གཞུང་གི་འགྲོས། །ཁྱོད་གཞུང་རིགས་མཐུན་གཅིག་ཏུ་ཆད། །ཅེས་པ་ལ། འདི་ནི་གོང་དུ་ཁྱེད་རང་གིས། །ཁྱོད་ཀྱི་སེམས་ཀློང་མན་ངག་སྡེའི། །གཞུང་རྣམས་ཕན་ཚུན་མཐུན་པ་མེད། །དབང་བསྐུར་ལྟ་སྒོམ་སྤྱོད་པ་དང་། །ལམ་གྱི་གོ་རིམ་ནང་འགལ་ཉིད། །དེ་སྐད་བཤད་མ་ཐག་དང་འགལ། །ཡང་། ཇི་ལྟར་བོན་པོས་ཆོས་བསྒྱུར་བ། །ཆོས་ལ་བརྟེན་ཕྱིར་དབྱིབས་འདྲ་ཡང་། །མི་མཐུན་རྒྱུས་ཚུགས་གཙོ་བོར་སྟོན། །འདྲ་ལ་མི་མཐུན་བོན་གྱི་ལུགས། །དེ་ལྟར་ཁྱོད་ཀྱི་ཆོས་རྣམས་ཀྱང་། །འདྲ་ལ་མི་མཐུན་རིས་སུ་ཆུད། །མིང་རྣམས་ཆོས་དང་འདྲ་བ་ལ། །ཚིག་རིས་ཆོ་ག་བོན་ལ་ཉེ། །ཞེས་པ་ལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ། །བོན་ཡང་དེ་དང་འདྲ་བ་ཡོད། །དེ་ཕྱིར་གསར་རྙིང་གཉི་ག་ལ། །ཕྱོགས་འདྲ་ཉིད་དུ་ཡོད་པ་ཡིན། །བོན་གྱི་གཞུང་ལུགས་ལྟོས་དང་ཤེས། །ཡང་། ཁྱོད་ཀྱི་གཞུང་འདི་སངས་རྒྱས་གསུང་། །ཚད་མར་གྱུར་པ་ཡིན་ངེས་ན། །ཁྱོད་ཀྱི་གཞུང་དང་འགལ་བའི་ཕྱིར། །ཡང་དག་རྒྱུད་རྣམས་ལོག་པར་སྣང་། །ཡང་དག་རྒྱུད་གཞུང་དམ་པ་རྣམས། །ཚད་མར་གྱུར་པ་ཡིན་ངེས་ན། །ཁྱོད་ཀྱི་གཞུང་རྣམས་ལོག་པར་ངེས། །དེ་ཕྱིར་བདུད་ཀྱི་ཆོས་སུ་དགོས། །ཞེས་པ་ལ། འོ་ན་དམ་ཆོས་འདུལ་བ་རྣམས། །ཚད་མར་གྱུར་པ་ཡིན་ངེས་ན། །ཐེག་པ་ཆེ་དང་འགལ་བའི་ཕྱིར། །ཕ་རོལ་ཕྱིན་འདི་ལོག་པར་སྣང་། །ཕ་རོལ་ཕྱིན་པའི་ཐེག་པ་རྣམས། །ཚད་མར་གྱུར་པ་ཡིན་ངེས་ན། །འདུལ་བའི་གཞུང་རྣམས་ལོག་ཟེར་རམ། །ཚིག་དོན་གོ་རིམ་མི་མཐུན་པ། །ཐེག་པ་གོང་འོག་ཀུན་ལ་ཡོད། །ཡང་། འདི་ལྟར་རྒྱུད་སྡེ་མཐའ་ཡས་པ། །རྫོགས་པ་ཆེན་པོའི་ཆོས་སྐོར་འདི། །རྒྱ་གར་ཡུལ་དུ་བྱུང་བ་དང་། །དབང་དུ་གྱུར་པ་བདེན་ཞེ་ན། །འོ་ན་ཨོ་རྒྱན་ཁ་ཆེ་སོགས། །འཕགས་ཡུལ་རྣམས་སུ་དར་བར་ངེས། །རྒྱུད་དང་མཁས་གྲུབ་དམ་པའི་གཞུང་། །ཀུན་ལས་དཔང་དུ་མཛད་པར་རིགས། །དེ་ལ་ཐེག་མཆོག་རྒྱུད་སྡེ་རེར། །རྒྱུད་གཞན་མང་དུ་གྲགས་པ་ཡོད། །རྫོགས་པ་ཆེན་པོའི་རྒྱུད་རྣམས་ཀྱི། །མིང་ཙམ་ཞིག་ཀྱང་མི་སྣང་ངོ་། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་འབུམ་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉེ་ཤུ། །ཞེས་དང་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགྱེས་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་དེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེ་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །ཞེས་དང་རྡོ་རྗེ་ཕྲེང་བ་ལས། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པའི་སངས་རྒྱས་ལ་སོགས་མཚན། །ཞེས་དང་གཤིན་རྗེ་གཤེད་དམར་གྱི་ལེའུ་ཉེར་གཉིས་པ་ལས། ཀྱཻ་རྡོ་རྗེ་གསུངས་པ་དང་། །ཐར་པ་དེ་བཞིན་སྡོམ་པར་ཡང་། །འདུས་པ་ལ་སོགས་རྒྱུད་དུ་ཡང་། །ཞེས་དང་གཤིན་རྗེ་གཤེད་ནག་པའི་རྒྱུད་དུ། །རྒྱུད་ཀྱི་མཐར་ཐུག་པ་ནི་འདུས་པ་སྟེ། །ཞེས་སོགས། ཞེས་པ་ལ། འདི་ལ་ཁྱེད་ཀྱི་རྒྱུད་ཀྱི་ལུང་། །མཆན་ཕུ་རྒྱབ་རྟེན་དུ་བཀོད་ཀྱང་། །རྡོ་རྗེ་སྙིང་པོ་རྒྱན་དང་གུར། །རྡོ་རྗེ་ཕྲེང་བ་གཤེད་དམར་ནག །དེ་ལྟར་རྒྱུད་སྡེ་ལྔ་པོ་དེར། །རྒྱུད་ཀྱི་བཞུགས་ཚུལ་རགས་པ་ཙམ། །གསུངས་མོད་རྒྱུད་འབུམ་དཀར་ཆག་མིན། །དེ་དག་ནང་དུ་མ་འདུས་པ། །ཆོས་མ་ཡིན་ན་གསར་མ་ཡི། །རྒྱུད་སྡེ་མང་པོ་འདོར་དགོས་འགྱུར། །ཀྱེ་མ་འདི་ལ་ངོ་མཚར་མེད། །ཡང་། རྒྱ་གར་ཁ་ཆེ་ཨོ་རྒྱན་དང་། །ཤམྦྷ་ལ་དང་བལ་པོ་ཡི། །མཁས་གྲུབ་དམ་པའི་གཞུང་བརྒྱ་ལས། །ཁྱོད་ཀྱི་གཞུང་ལུགས་མིང་ཡང་མེད། །ཅེས་པ་ལ། འཇམ་དཔལ་བཤེས་གཉེན་སྔ་ཕྱི་དང་། །རོམྦུ་གུ་ཧྱ་ཤནྟིང་གར། །དེ་སོགས་རྒྱ་གར་སློབ་དཔོན་དང་། །ཨོ་རྒྱན་མཁན་པོ་ཧ་ཏི་དང་། །ཁ་ཆེའི་སློབ་དཔོན་བི་མ་ལ། །བལ་པོ་ཤཱི་ལ་མཉྫུ་དང་། །དེ་སོགས་སོ་སོའི་སློབ་དཔོན་གྱིས། །རྒྱུད་འགྲེལ་མན་ངག་བསྟན་བཅོས་རྣམས། །སྔོན་ཚེ་བོད་འདིར་མང་དུ་བསྒྱུར། །མཁས་གྲུབ་དམ་པའི་གཞུང་དུའང་། །ལམ་སྒྲོན་མཉམ་སྦྱོར་འགྲེལ་པ་དང་། །མཚན་བརྗོད་འགྲེལ་པ་ཁ་ཆེ་ལུགས། །དེ་ལ་སོགས་པའི་བསྟན་བཅོས་སུ། །བརྒྱ་བྱིན་སྡོང་པོ་ཇོ་བོ་རྗེ། །ཉི་འོད་སེང་གེ་བི་མ་ལས། །གསང་བའི་སྙིང་པོ་རྔམས་པ་གློག །དུར་ཁྲོད་ཁུ་བྱུག་རོལ་པ་དང་། །སྒྱུ་འཕྲུལ་བརྒྱད་ཅུ་པ་སོགས་ཀྱི། །ལུང་མང་དྲངས་པ་མ་མཐོང་ངམ། །གོང་དུ་གཞུང་གདམས་ཡིན་ཟེར་བས། །གངས་ཅན་ཁྱབ་ཅེས་སྨྲ་བ་དང་། །འདིར་ནི་མིང་ཡང་མེད་དོ་ལོ། །སྨྲས་མ་ཐག་ཏུ་བརྗེད་པ་ནི། །སྙིང་ལ་ཆུ་སེར་ཞུགས་པ་འདྲ། །ཡང་། བྱ་བ་ཀུན་ལས་བཏུས་པ་དང་། །རྣལ་འབྱོར་རྫོགས་ཕྲེང་རྡོ་རྗེ་ཕྲེང་། །སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པ། །དབང་དང་སྒྲུབ་གཞུང་ཐམས་ཅད་དུ། །བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། །རྫོགས་པ་ཆེན་པོའི་ཆོས་སྐོར་སོགས། །ཁྱོད་ཀྱི་སྒྲུབ་གཞུང་ཆོ་ག་དང་། །རྒྱུད་གཞུང་དབང་ཆོག་མ་གྲགས་སོ། །ཞེས་པ་ལ། དེ་རྣམས་ཁྲོད་དུ་མ་གྲགས་པས། །བཀའ་མིན་ཆོས་མིན་དུ་འགྱུར་ན། །མི་ཡི་ཡུལ་དུ་མ་གྲགས་པའི། །རྒྱུད་རྣམས་ཐམས་ཅད་ཆོས་མིན་འགྱུར། །ཕྱོགས་དེར་རྙིང་མ་མ་གྲགས་ཀྱང་། །ཡང་དག་ཕུར་པ་ལ་སོགས་པའི། །གྲུབ་ཐོབ་མང་པོ་རྒྱ་བོད་དུ། །བྱུང་བའི་ཚུལ་འདི་སུ་ཡིས་ཁེགས། །འོན་ཏེ་རྫོགས་ཆེན་ཆོས་མིན་ཀྱང་། །འཇམ་དཔལ་ཤྲཱི་སིང་ཡེ་ཤེས་མདོ། །པདྨ་སམྦྷ་བི་མ་ལ། །དེ་སོགས་རྒྱ་གར་པཎ་ཆེན་དང་། །ཉང་བན་ཏིང་འཛིན་ལྕེ་བཙུན་དང་། །གྲུབ་ཆེན་མེ་ལོང་རྡོ་རྗེ་དང་། །གསང་བདག་བདེ་ཆེན་ལྷུན་གྲུབ་སོགས། །བོད་འདིར་འཇའ་ལུས་གྲུབ་པ་རྣམས། །རྫོགས་ཆེན་འཛིན་པ་ཤ་སྟག་ཡིན། །རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །འཁོན་དང་རྒྱུས་དང་དཔྱལ་དང་དཔགས། །འོ་བྲན་སོ་ཟུར་གནུབས་སོགས་ཀྱི། །གྲུབ་ཐོབ་རིམ་པ་བགྲང་ལས་འདས། །ཀུན་ཀྱང་རྙིང་མའི་ཆོས་བརྒྱུད་ལགས། །བོད་དུ་བསྟན་པ་ཚུགས་པ་ནས། །དེང་སང་བར་དུ་སངས་རྒྱས་ཀྱི། །བསྟན་པའང་རྙིང་མས་བསྲུངས་པ་ཡིན། །ས་སྐྱ་པ་ཡི་གུར་མགོན་དང་། །ལྕེ་དང་དཔྱལ་གྱི་སྟག་ཞོན་དང་། །ཤངས་པ་བཀའ་བརྒྱུད་པ་དག་གི། །ཕྱག་དྲུག་པ་ཡི་རྒྱན་ཅན་དང་། །སྣར་ཐང་པ་ཡི་གྲི་གུག་དང་། །དེ་བཞིན་དོ་བའི་ཏྲག་ཤད་དང་། །ཀརྨ་པ་ཡི་བེར་ནག་ཅན། །རྒྱན་གོང་རྡོ་རྗེ་རབ་བརྟན་མ། །མདོར་ན་བོད་ཀྱི་བསྟན་སྲུང་རྣམས། །རྙིང་མའི་བཀའ་གཏེར་ཁོ་ན་ཡིན། །ལྷ་སྲིན་གདུག་རྩུབ་རྙིང་མས་བཏུལ། །རྐྱེན་ངན་བར་ཆད་བཟློག་ཐབས་ཀྱང་། །ཕལ་ཆེར་རྙིང་མའི་སྒོ་ནས་བྱེད། །ཡར་མཐའ་སངས་རྒྱས་སྒྲུབ་པ་ནས། །མར་མཐའ་དགྲ་བགེགས་སྒྲོལ་བ་ཡན། །དཔེ་ལ་མ་ལུས་ལག་ཐོག་ཁེལ། །རྒྱ་བོད་མཁས་གྲུབ་ཕལ་མོ་ཆེའི། །གཤེགས་ཤུལ་བླ་ན་མེད་པ་ཡིན། །དེ་ཀུན་ནོར་ན་ནོར་ཀྱང་ཆོག །ངེས་ཤེས་རྙེད་པའི་སེམས་དཔའ་ལ། །བདུད་ཀྱིས་སངས་རྒྱས་གཟུགས་བསྟན་ཏེ། །བསྒྱུར་ཡང་འགྱུར་བར་མ་གསུངས་སོ། །མདོ་ལས། བདུད་ཀྱིས་སངས་རྒྱས་གཟུགས་སུ་བསྒྱུར་ནས་ཁྱོད་ཀྱི་དེ་ཆོས་མ་ཡིན་ནོ། །ཞེས་སོགས་སྒོ་དུ་མ་ནས་བཟློག་ཀྱང་བྱང་ཆུབ་སེམས་དཔའ་བསྒྱུར་མི་ནུས་ལ། མེ་ཆུ་དང་ཆུ་མེར་འགྱུར་བ་ལ་སོགས་པ་འབྱུང་བ་ཆེན་པོ་གཞན་དུ་འགྱུར་སྲིད་ཀྱི། ཆོས་ལ་ངེས་པ་རྙེད་པའི་བྱང་ཆུབ་སེམས་དཔའ་ནི་མི་འགྱུར་རོ། །ཞེས་སོགས་དང་བརྒྱད་སྟོང་པ་ལས། འདི་ལྟ་སྟེ་བླ་ན་མེད་པའི་བྱང་ཆུབ་ལས་བརྩམས་ནས་དེ་ཁོ་ན་ཉིད་ཀྱི་གཏམ་བྱེད་པར་འགྱུར། དེ་ཁོ་ན་ཉིད་ཀྱི་གཏམ་ལ་མངོན་པར་དགའ་བར་འགྱུར། དེ་དག་ལ་ལེགས་པར་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉམ་པར་འཇོག་པར་འགྱུར་ཏེ། བདུད་ཀྱིས་ཀྱང་དབྱེ་བར་མི་ནུས་ཤིང་། སེམས་ཅན་གཞན་དག་གིས་ནི་འདུན་བའམ་སྔགས་ཀྱི་སྒོ་ནས་དབྱེ་བར་ནུས་པ་ལྟ་ཅི་སྨོས་ཞེས་སོགས་གསུངས་སོ། །ཡང་། བོད་འདིར་སློབ་དཔོན་པདྨ་ཡི། །དབང་དང་སྒྲུབ་ཐབས་མཐའ་ཡས་སྣང་། །སློབ་དཔོན་པདྨའི་བླ་མ་དང་། །བླ་མའི་བླ་མ་ལ་སོགས་པ། །པདྨ་ལྟ་བུའི་གྲུབ་ཆེན་ནི། །འཕགས་པའི་ཡུལ་ན་དཔག་མེད་བྱུང་། །དེ་དག་སོ་སོ་གང་ལ་ཡང་། །དབང་དང་སྒྲུབ་ཐབས་ཡོད་མ་ཡིན། །ཞེས་པ་ལ། འདི་ཡང་རང་ཉིད་མཐོང་བ་ཆུང་། །གྲུབ་ཐོབ་ཆེན་པོ་ཨ་བྱི་ཤིས། །པུ་ཧྲངས་བཙད་པོ་འོད་སྡེ་དང་། །མེ་ཉག་ལོ་ཙཱ་ལ་གནང་བ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཡི། །དབང་དང་རྗེས་གནང་སྒྲུབས་ཐབས་དང་། །རྫོགས་རིམ་རྟོགས་བརྗོད་ལ་སོགས་པ། །ཆོས་ཚན་དགུ་ལ་པུ་སྟི་གཉིས། །རྒྱ་བོད་གཉིས་ན་ཤིན་ཏུ་དར། །ངོ་བོ་རྗེ་དང་འབྲོམ་སྟོན་ལ། །ཚད་མར་མི་འཛིན་སུ་ཞིག་ཡོད། །བཀའ་གདམས་ཐིག་ལེ་བཅུ་དྲུག་ཀྱང་། །བླ་མའི་དབང་ཁྲིད་ཟབ་མོ་ཡིན། །སྟོད་འབྲུག་སྨད་འབྲུག་ལ་སོགས་ལ། །བླ་མ་སྒྲུབ་ཐབས་ཤིན་ཏུ་མང་། །འཇམ་པའི་དབྱངས་དངོས་ས་སྐྱ་པའི། །ལམ་ཟབ་བླ་མའི་རྣལ་འབྱོར་ཡང་། །དོན་དུ་བླ་མ་སྒྲུབ་ཐབས་ཡིན། །རྡོ་རྗེ་ཐེག་པའི་དངོས་གྲུབ་ཀུན། །བླ་མ་ལ་ནི་རག་ལུས་ན། །དེ་ཡི་སྒྲུབ་ཐབས་ཅིས་མི་འཐད། །དཔལ་ལྡན་དབུས་ཀྱི་གནས་གྱུར་གང་། །འཁོར་ལོ་མཆོག་གི་མགོན་པོ་ནི། །བླ་མ་མཆོག་སྟེ་དུས་རྟག་ཏུ། །ཞེས་པས་གཉིས་མེད་རྣམ་རྒྱལ་དུ། །བླ་མ་དཀྱིལ་འཁོར་གཙོ་བོར་གསུངས། །ཁྲོ་ཕུ་བ་ལ་མི་ཏྲ་ཛོ་ཀིའི་དབང་དང་སྒྲུབ་ཐབས་ཀྱང་ཡོད་དོ། །ཡང་། བོད་འདིར་བསྟན་པ་སྔ་དར་ལ། །གསང་བ་འདུས་པའི་དབང་བསྐུར་དང་། །མན་ངག་ལྟ་བའི་ཕྲེང་བ་བྱུང་། །གསང་སྔགས་རྙིང་མའི་རྒྱུད་ལྔ་བསྒྱུར། །རྣལ་འབྱོར་ཆེན་པོ་གཞན་མེད་པ། །བླ་བཞེད་སྦ་བཞེད་གཉིས་ཀ་དང་། །ལྡན་དཀར་མ་དང་འཕང་ཐང་མའི། །དཀར་ཆག་གཉིས་ཀ་བལྟས་ན་ཤེས། །མཁས་པས་དབང་དུ་བྱེད་པ་ཡི། །དཀར་ཆག་ཁུངས་མ་དེ་དག་ལས། །སྔ་འགྱུར་གསང་སྔགས་རྙིང་མའི་ཚེ། །རྫོགས་ཆེན་འགྱུར་བར་མ་བཤད་དོ། །ཞེས་པ་ལ། ཡིག་ཆ་དེ་བཞིར་མ་བཤད་པས། །ཆོས་མ་ཡིན་ན་ཕྱིས་དར་བའི། །བདེ་དགྱེས་གདན་བཞི་དུས་འཁོར་སོགས། །ཀུན་ཀྱང་ཆོས་མ་ཡིན་པར་འགྱུར། །གཞན་ཡང་ཁྱེད་ཀྱིས་འདི་སྐད་དུ། །མན་ངག་ལྟ་བའི་ཕྲེང་བ་ལས། །ཐེགས་པ་རིམ་དགུ་གསུངས་པ་ཡང་། །དཔལ་ལྡན་འདུས་པ་ལ་བརྟེན་ཅིང་། །དེ་ལས་མཐོ་བའང་བཤད་པ་མེད། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །འདུས་པའི་བསྐྱེད་རྫོགས་ཉམས་ལེན་གྱི། །རིམ་པ་ཙམ་གྱིས་སོ་སོར་ཕྱེ། །རྒྱུད་སྡེ་སོ་སོར་ཕྱེ་བ་མིན། །དེ་སྐད་གོང་དུ་སྨྲས་པ་ཡི། །ཨ་ཏི་ཡོ་ག་ཞེས་པ་དེ། །རྫོགས་ཆེན་མིན་ན་ཅི་ཞིག་ཡིན། །སྔ་འགྱུར་གསང་སྔགས་རྙིང་མའི་ཚེ། །རྫོགས་ཆེན་འགྱུར་བར་མ་བཤད་དང་། །མན་ངག་ལྟ་ཕྲེང་བྱུང་བ་དང་། །ཐེག་པ་རིམ་དགུ་གསུངས་ཞེས་པའི། །འགལ་བ་འདི་ཡང་ཇི་ལྟར་སྤོང་། །ཡང་། བསྟན་པ་ཕྱིས་དར་གསར་འགྱུར་ལ། །ནཱ་རོ་མཻ་ཏྲི་ཤཱནྟི་དང་། །དམ་པ་རྒྱ་གར་ཇོ་བོ་རྗེ། །དབུས་འགྱུར་ཁ་ཆེ་བལ་པོའི་ཡུལ། །ཨུ་རྒྱན་ཡུལ་དུ་བྱོན་པ་ཡི། །པཎ་ཆེན་མཁས་ཤིང་གྲུབ་པ་བརྙེས། །སངས་རྒྱས་འདྲ་བ་མང་གིས་ཀྱང་། །རྫོགས་ཆེན་གསུང་རྒྱུ་མ་རྙེད་དོ། །ཞེས་པ་ལ། ཕ་གཅིག་དམ་པ་སངས་རྒྱས་ལ། །སངས་རྒྱས་གསང་བ་ལ་སོགས་པ། །རྫོགས་ཆེན་སྟོན་པའི་བླ་མ་དྲུག །ཡོད་ཅེས་ཞི་བྱེད་གཞུང་ལས་བཤད། །རྒྱ་གར་མཁས་པ་ཉེར་ལྔ་དང་། །པདྨ་འབྱུང་གནས་བི་མ་ལ། །སོགས་ཀྱིས་གསུང་པའི་རྙིང་མའི་ཆོས། །རང་གིས་འབད་པས་འགོག་བཞིན་དུ། །གསུང་རྒྱུ་མ་རྙེད་མ་ཟེར་ཅིག །མངའ་བདག་ཆེན་པོ་མི་ཏྲའི་པའི། །རྫོགས་ཆེན་རྒྱ་གར་བདུན་བརྒྱུད་ཀྱང་། །མེད་པ་ཉིད་དུ་མ་སྒྲུབ་ཅིག །ཡང་། རིན་ཆེན་བཟང་པོ་འབྲོག་མི་འགོས། །རྔོག་ལོ་མར་སོགས་ལོ་ཙཱ་བ། །ཀུན་གྱིས་རྫོགས་ཆེན་མ་རྙེད་དེ། །མ་བསྒྱུར་མ་བཤད་བརྒྱུད་འཛིན་མེད། །ཅེས་པ་ལ། ལོ་ཙཱ་བ་ནི་དེ་དག་ལ། །རྫོགས་པ་ཆེན་པོ་མ་གྲགས་ཀྱང་། །དབང་མོ་ཉེ་ཤུ་རྩ་བརྒྱད་ཀྱི། །ཟོར་མདོས་འབྲོག་མིས་བསྒྱུར་བ་དང་། །འགོས་ལོས་འཆར་ཀ་བསྒྱུར་བ་སོགས། །རྙིང་མའི་འགྱུར་བྱང་དུ་མ་ཡོད། །ཡང་། མཁས་པ་ཤྲཱི་སིང་ཧ་དང་། །སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར། །བལ་པོ་བཱ་སུ་དྷ་རའི་ཡུལ། །བལ་པོའི་ས་ཕྱོགས་གང་དུ་ཡང་། །རྫོགས་པ་ཆེན་པོའི་ཆོས་འདི་མེད། །རྒྱ་གར་ལམ་རིང་བསྒྲོད་དཀའ་ཡང་། །བ་པོ་ལམ་ཉེ་གྲོགས་མང་བས། །བདེན་རྫུན་ཡུལ་དེར་སོང་ལ་དྲིས། །ཞེས་པ་ལ། འོ་ན་གྲུབ་ཆེན་ཨོ་རྒྱན་པས། །བལ་པོ་ཐང་བྷི་ཧཱ་རི་ན། །རྙིང་མའི་རྒྱ་དཔེ་དཔག་མེད་སྣང་། །བོད་ཀྱི་སྔགས་པ་རྣམས་ལ་ནི། །ང་ཡིས་རྙིང་མའི་རྒྱ་དཔེ་དང་། །པཎྜི་ཏ་ནི་ཚུལ་བཀུག་གི། །ཁྱེད་རྣམས་མང་ཡུལ་འདེངས་བྱས་པས། །སྔགས་པ་རྣམས་ཀྱིས་མ་འགྲུབ་གསུངས། །མཁན་ཆེན་ཐར་པ་ལོ་ཙཱ་བས། །བལ་པོར་རྙིང་མའི་རྒྱ་དཔེ་རྣམས། །གཟིགས་ཚུལ་བུ་སྟོན་ཆོས་འབྱུང་ལྟོས། །དུས་ཕྱིས་གློ་བོ་ལོ་ཙཱ་བ། །དཔལ་ལྡན་བྱང་ཆུབ་བྱ་བ་དེས། །བལ་པོ་ཐང་བྷི་ཧཱ་རི་ནས། །རྙེད་པའི་གསང་བ་སྙིང་པོའི་རྒྱུད། །འགྱུར་གསར་མཛད་ཅིང་གཏན་ལ་ཕབ། །སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར། །རྒྱ་གར་ཤར་ཕྱོགས་པ་ཡིན་ལ། །འདི་ཡིས་རུ་ལུ་གསེར་ཕྲེང་དང་། །ལུང་ཆེན་བུམ་སྨུག་གཉིས་ཀ་རུ། །གསུངས་པའི་རྫོགས་པ་ཆེན་པོ་དེ། །རྩེས་ཐང་བསམ་གཏན་གླིང་པ་སོགས། །བཤེས་གཉེན་དམ་པ་འགའ་ལ་གྲགས། །ཆོས་མཆོག་རྫོགས་ཆེན་སྣོད་དཀོན་པས། །རྒྱ་གར་ཆོས་སྐྱོང་རྒྱལ་པོ་དང་། །ཤྲཱི་སེང་ཧ་ལ་སོགས་པ། །པཎྜི་ཏ་རྣམས་བཀའ་བགྲོས་ནས། །རྡོ་རྗེ་གདན་དུ་གཏེར་དུ་སྦོས། །རྒྱ་ན་མེད་པ་དེ་ལྟར་ཡིན། །དངོས་སུ་དམ་ཆོས་འདི་མེད་ཀྱང་། །ཕ་མ་གཉིས་མེད་རྒྱུད་རྣམས་ཀྱི། །རྫོགས་རིམ་མཐར་ཐུག་ཡན་ལག་དྲུག །གསང་བ་འདུས་པའི་རིམ་ལྔ་སོག །རྫོགས་པ་ཆེན་པོ་ཁྱད་པར་མེད། །ཡང་ཆོས་རྒྱལ་དུས་ན་སྔོན་བྱུང་བའི། །བསམ་ཡས་རྒྱ་དཔེ་རྭ་སྒྲེང་དཔེ། །རྒྱ་དཔེ་མང་པོ་གཟིགས་གཟིགས་ཀྱང་། །ཁྱོད་ཀྱི་གཞུང་རྣམས་མ་རྙེད་དོ། །ཞེས་པ་ལ། འདི་ལྟར་མངོན་སུམ་མ་སྙོན་པར། །སྤྱིར་ན་རྙིང་མའི་རྒྱ་དཔེ་རྣམས། །ཕལ་ཆེར་བསམ་ཡས་ཉིད་ན་བཞུགས། །འཇམ་དབྱངས་ས་སྐྱ་པཎྜི་ཏས། །ཕུར་པ་རྩ་དུམ་བསྒྱུར་བ་ཡི། །རྒྱ་དཔེ་དེ་ཡང་བསམ་ཡས་སུ། །སྔགས་པ་ཞིག་གིས་ཕུལ་བ་སྟེ། །སློབ་དཔོན་པདྨའི་ཕྱག་དཔེ་ཡིན། །ཁོ་བོ་གནས་མཆོག་འདི་ལྟ་བུར། །སློབ་དཔོན་སངས་རྒྱས་དངོས་དེ་ཡི། །ཕྱག་དཔེར་ཕྲད་པ་སྐལ་བ་བཟང་། །ཕྱིར་ཁྱེར་གསུངས་ནས་རོལ་མོ་དང་། །སྤོས་དང་རྒྱལ་མཚན་གདུགས་སོགས་ཀྱིས། །བསུ་བ་དཔག་མེད་མཛད་དོ་ཞེས། །ལོ་རྒྱུས་ས་པཎ་རྣམ་ཐར་ལྟོས། །བཅོམ་ལྡན་རལ་གྲིའི་གསང་སྙིང་ཡང་། །བསམ་ཡས་ཀྱི་ནི་རྒྱ་དཔེ་ལས། །ཤ་གད་ལོ་ཙཱས་བཤུས་ཏེ་ཕུལ། །ད་ལྟའང་རྙིང་མའི་རྒྱ་དཔེ་རྣམས། །བསམ་ཡས་ཉིད་ན་བཞུགས་པ་ཡིན། །ཡང་། མཁས་གྲུབ་རིན་ཆེན་བཟང་པོ་ཡིས། །རྫོགས་པ་ཆེན་པོའི་གྲུབ་མཐའ་བཀགས། །ཞེས་པ་ལ། འདི་ཡང་རྫུན་ཚིག་འབའ་ཞིག་སྟེ། །ལོ་ཆེན་སྔགས་ལོག་སུམ་འབྱིན་དུ། །གསང་སྔགས་འཆོལ་པར་སྤྱོད་པ་རྣམས། །བཀགས་པ་མ་གཏོགས་རྫོགས་ཆེན་ལ། །དགག་པ་ཅི་ཡང་མི་སྣང་ངོ་། །ཡང་། ཇོ་བོ་ཆེན་པོ་ཨ་ཏི་ཤ །བོད་ཡུལ་གདན་དྲངས་ཞུས་ནས་ནི། །ཕོ་བྲང་ཞི་བ་འོད་དང་ནི། །ལྷ་བཙུན་ཡེ་ཤེས་འོད་ཀྱིས་ཀྱང་། །ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །སེམས་ཅན་མང་པོ་ལོག་པས་བསླུས་པ་འདྲ། །ལོག་ལྟ་བྱིན་ཅི་ལོག་གི་སར་འཐོགས་པ། །རྫོགས་ཆེན་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། །ཞེས་སོགས་སུ་འབྱིན་བཀའ་ཤོག་བོད་ལ་བརྫངས། །ཞེས་པ་ལ། དེ་སོགས་བཀའ་ཤོག་རྣམས་ཀྱི་ལན། །རྒྱས་པར་འོག་ཏུ་འཆད་ཀྱི་ལྟོས། །འདི་ཡི་ལྷ་བཙུན་ཡེ་ཤེས་འོད། །ཇོ་བོ་སྤྱན་འདྲེན་མཛད་པོ་ཡིན། །འོན་ཀྱང་ཇོ་བོ་ཕེབས་པའི་དུས། །གར་ལོག་རྒྱལ་པོས་བཀྲོངས་ནས་མེད། །དེ་ཕྱིར་ཁྱོད་ཀྱི་ལོ་རྒྱུས་འཁྲུལ། །ཡང་། མཁས་གྲུབ་ཆེན་པོ་འགོས་ལོ་ཙཱས། །དང་པོ་ཟུར་ལ་རྫོགས་ཆེན་གསན། །གསང་སྙིང་རྫོགས་ཆེན་བཤད་པ་མཛད། །དེ་ནས་རྒྱ་གར་ཡུལ་རྣམས་སུ། །ལན་གྲངས་བཅུ་གཉིས་བར་དུ་བྱོན། །གྲུབ་པ་ཐོབ་པ་བདུན་བཅུ་དང་། །མཁའ་འགྲོའི་བླ་མ་གཉིས་ལ་གཏུགས། །མཁས་གྲུབ་དེ་དག་ཞལ་འཆམ་པར། །རྫོགས་པ་ཆེན་པོའི་ཆོས་སམ་དེ། །རྒྱ་གར་ཡུལ་འདིར་མིང་ཡང་མེད། །ཆོས་མིན་བསྟན་པ་ཡིན་ནོ་གསུངས། །དེ་ནས་བོད་ལ་བཀའ་ཤོག་བརྫོངས། །ཆོས་རྗེ་ས་སྐྱ་པཎ་ཆེན་གྱི། །སྡོམ་པ་གསུམ་གྱི་རབ་དབྱེ་ལས། །ལྷས་བཙས་ཞེས་བྱའི་ལོ་ཙཱ་བ། །དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་ཕྱེའོ་ཞེས། །འགོས་ཀྱི་འབྱམས་ཡིག་ཆེ་ཆུང་ལ། །རྗེས་སུ་ཡི་རང་བསྔགས་པ་མཛད། །ཅེས་པ་ལ། འགོས་ཀྱི་ལན་གསུམ་རྒྱ་གར་བྱོན། །གཏན་ལ་ཕབ་ཅེས་དེ་ཉིད་བཞེད། །ཁྱེད་ནི་ལན་གྲངས་བཅུ་གཉིས་ཞེས། །འདི་ཡང་འགོས་ཀྱི་གསུང་དང་འགལ། །བདག་ཉིད་ཆེན་པོ་དེ་ཡིས་ནི། །ཟུར་ལ་གསང་སྙིང་གསན་འདོད་ཀྱང་། །ཆོས་ཙམ་མ་གནང་མནར་བ་ཡིས། །སྐྱོ་སྟེ་རྒྱ་གར་ཡུལ་ལ་བྱོན། །གསང་སྙིང་འཆད་པའི་ཡུལ་ཡང་མེད། །གལ་ཏེ་བཤད་ན་གསང་སྙིང་དང་། །གསང་འདུས་རྣམ་བཞག་ཕལ་ཆེར་མཚུངས། །དེ་དག་དགག་པ་ཅི་ལ་མཛད། །ཟུར་ལ་གཤེ་ཕྱིར་རྙིང་མ་བཀག །ལོ་ཆེན་འདི་ཉིད་སྐུ་འདའ་ཚེ། །དབྱང་ཕྱུག་ཉེ་ཤུ་རྩ་བརྒྱད་ཀྱིས། །ཆོ་འཕྲུལ་དཔག་མེད་བྱུང་བའི་ཚུལ། །རྐྱང་རོ་བྱང་ཆུབ་འབུམ་ཞེས་པ། །སྣར་ཐང་པ་ཡི་མཁས་པས་བཤད། །འདི་ཡིས་གསང་བ་སྙིང་པོའི་རྒྱུད། །ལེགས་སོ་ལེགས་སོ་རྒྱལ་བ་རྣམས། །ཞེས་པ་ཡན་ཆད་ལྷད་མེད་དང་། །མན་ཆད་ལྷད་དང་བཅས་པའོ། །ཞེས་པའི་ཡིག་ཆ་ཞིག་ཀྱང་སྣང་། །ཡང་། རྗེ་བཙུན་དམ་པ་རྒྱ་གར་དང་། །ཇོ་བོ་ཨ་ཏི་ཤ་ལ་སོགས། །བོད་དུ་བྱོན་པའི་པཎ་ཆེན་རྣམས། །རྫོགས་པ་ཆེ་ལ་ཟུར་གྱིས་སྡང་། །ཞེས་པ་ལ། རྗེ་བཙུན་དམ་པ་རྒྱ་གར་གྱིས། །བོད་ཀྱི་ཆོས་པ་ཐམས་ཅད་ལ། །ཟུར་ཟ་བཀའ་བཀྱོན་མང་ཡོད་ཀྱང་། །རྫོགས་ཆེན་བཀགས་པ་མི་སྣང་ངོ་། །བསྟན་པའི་མངའ་བདག་ཇོ་བོ་རྗེས། །ཆོས་འཁོར་བསམ་ཡས་ཕེབས་པའི་ཚེ། །རྙིང་མའི་རྒྱ་དཔེ་མང་པོ་གཟིགས། །སློབ་དཔོན་པདྨས་ཤྲཱི་ལནྡྲ། །སྡེ་བརྒྱད་མཁའ་འགྲོའི་མཛོད་སོགས་ནས། །བླངས་པ་ཡིན་ནམ་རྒྱ་གར་ལས། །རྒྱ་དཔེ་འདི་ནི་མང་ངོ་ཞེས། །རྗེས་སུ་ཡི་རང་བསྔགས་པ་མཛད། །མུ་སྟེགས་ཉི་མ་དངོས་གྲུབ་ཀྱིས། །མ་བསྲེགས་གོང་དུ་རྒྱ་ནག་ཏུ། །བྱོན་པའི་སངས་རྒྱས་ཕལ་པོ་ཆེ། །གསེར་འོད་དམ་པ་ཆེན་པོ་དང་། །མྱང་འདས་འདུལ་བ་ལུང་ལ་སོགས། །ཧྭ་ཤང་མ་ཧཱ་ཡ་ན་དང་། །བཻ་རོ་དང་ནི་སྦ་སང་ཤིས། །བསྒྱུར་བ་གཟིགས་པས་ཤིན་ཏུ་དགྱེས། །རྒྱ་གར་ཡུལ་ན་མེད་པ་ཡི། །མདོ་རྒྱུད་མང་པོ་འདིར་འདུག་གསུངས། །བོད་རྒྱལ་རྗེ་ལ་ཐལ་སྦྱར་བསྔགས། །ལོ་རྒྱུས་ལམ་ཡིག་ཆེན་མོ་ཡོད། །དེས་ན་རྫུན་གཏམ་འདི་བཤོལ་ཅིག །ཡང་། འབྲོག་མི་ནག་ཚོ་འབྲོམ་སྟོན་པ། །སྐུ་མཆེད་གསུམ་དང་བྱ་ཡུལ་བ། །མར་པ་མི་ལ་སྒམ་པོ་པ། །ཕག་མོ་གྲུ་པ་ཞང་ཚལ་པ། །དུས་གསུམ་མཁྱེན་པ་ཀརྨ་པ། །སྟག་ལུང་ཐང་པ་འབྲི་གུང་པ། །མཁས་པ་བློ་ལྡན་ཤེས་རབ་སོགས། །གངས་ཅན་བསྟན་འཛིན་དེ་དག་གིས། །དང་པོར་རྫོགས་ཆེན་གསན་པ་ཡོད། །མཁས་པར་གྱུར་ནས་གནད་རིག་པས། །ཕྱི་ནས་རང་གི་ཆོས་བརྒྱུད་རྣམས། །རྫོགས་པ་ཆེ་ལ་བཀོད་པ་མེད། །ཐེག་མཆོག་བསྟན་པའི་མངའ་བདག་ས་སྐྱ་པ། །དང་པོ་རྫོགས་པ་ཆེན་པོའི་གཞུང་འཛིན་ཡང་། །ཕྱིས་ནས་ངན་སྐྱུག་བཞིན་དུ་ཡལ་བར་དོར། །ཟུར་གྱིས་སྡང་ཞིང་འགའ་ཡིས་སུན་ཕྱུང་ངོ་། །བཅོམ་ལྡན་རིག་པའི་རལ་གྲི་དང་། །མཚུངས་མེད་དབུས་པ་བློ་གསལ་དང་། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། །མཁྱེན་ལྡན་བུ་སྟོན་རིན་ཆེན་སོགས། །བསྟན་ལ་སྐུ་དྲིན་ཆེན་རྣམས་ཀྱིས། །རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས། །གསང་སྔགས་གསར་དང་རྙིང་མར་བཅས། །བོད་ན་བཞུགས་པ་ཐམས་ཅད་བསྡུས། །རྒྱུད་འབུམ་བཀའ་འགྱུར་བསྟན་འགྱུར་བསྒྲིགས། །ཀུན་གྱིས་རྫོགས་པ་ཆེན་པོའི་སྐོར། །སངས་རྒྱས་བསྟན་ལས་ཕྱིར་དོར་ནས། །བཏང་སྙོམས་ཁོ་ནར་བཞག་པ་ཡིན། །ཞེས་པ་ལ། བསྟན་འཛིན་དམ་པ་དེ་རྣམས་ཀྱིས། །དང་པོར་རྫོགས་ཆེན་གསན་རྗེས་སུ། །ཆོས་བརྒྱུད་དེ་ལ་མ་བཀོད་པས། །རྫོགས་ཆེན་ཆོས་མིན་དུ་འདོད་ན། །གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པས། །དང་པོར་ཙ་མིའི་སྦྱོར་དྲུག་ཞུས། །ཕྱིས་ནས་འབྲུག་པའི་ཆོས་བརྒྱུད་བསྐྱང་། །ང་ཡིས་བསྙེན་སྒྲུབ་བཞི་བསྟན་ན། །ལུང་པ་གྲུབ་ཐོབ་ཀྱིས་འགེངས་ཀྱང་། །འབྲུག་པའི་ཆོས་བརྒྱུད་འཛིན་ནོ་གསུངས། །རང་གི་ཆོས་བརྒྱུད་འབྲུག་པར་བཀོད། །དེ་ཡིས་སྦྱོར་དྲུག་ཉམས་སམ་ཅི། །སྒམ་པོ་པ་ཡི་བཀའ་འབུམ་དུ། །རྫོགས་པ་ཆེན་པོའི་ཆོས་འདི་ནི། །བླ་མ་མར་པའི་གསུང་ལས་ནི། །ཆོས་མ་ཡིན་པ་སྐད་དུ་གསུངས། །ང་ཡིས་བལྟས་ན་ས་བཞི་ལྔ། །ཐོབ་པའི་བྱང་ཆུབ་སེམས་དཔའ་ཡི། །ཆོས་སུ་འདུག་ཅེས་དེ་ཉིད་ལ། །རྗེ་བཙུན་མི་ལས་གསུངས་པ་ཡིན། །དཔལ་ལྡན་དུས་གསུམ་མཁྱེན་པ་ནས། །ཆོས་གྲགས་རྒྱ་མཚོ་ཡན་ཆད་ཀྱི། །ཀརྨ་པ་ནི་རབས་བདུན་པོ། །ཀུན་ཀྱང་རྙིད་མ་གཙོ་བོར་མཛད། །བསྟན་པའི་བདག་པོ་ས་སྐྱ་པ། །གདུང་རབས་དགུ་ཡི་བར་དག་ཏུ། །གསང་སྔགས་རྙིང་མ་འཛིན་པ་རྣམས། །ཡང་ཕུར་སོགས་ཀྱི་གྲུབ་ཐོབ་ཡིན། །སེམས་ཀློང་མན་ངག་སྡེ་སོགས་ཀྱི། །རྫོགས་ཆེན་བཟུང་བའི་རྣམ་ཐར་མེད། །ཕྱི་ནས་གསར་མ་མཛད་པ་ནི། །འཁོར་རོག་སྐུ་མཆེད་གཉིས་ཀྱི་དུས། །གཅུང་གིས་འབྲོ་ཡི་ལྟད་མོ་གཟིགས། །དབང་ཕྱུག་ཉེར་བརྒྱད་འཆམས་པ་སོགས། །གཅེན་ལ་བསྙས་པས་འདི་སྐད་དུ། །གསང་སྔགས་གསང་བས་འགྲུབ་པ་ལ། །ཁྲོམ་ལ་གསང་བ་བསྒྲགས་པ་དེས། །ད་ནི་གྲུབ་ཐོབ་མི་འབྱུང་བས། །ཁྱོད་རང་གསར་མ་སློབ་ཅེས་གསུངས། །ཆོས་ལོག་རིག་སྟེ་སྤངས་པ་མིན། །དེ་ཕྱིར་ཁྱེད་ཀྱི་རྫུན་གཏམ་འདི། །དཔལ་ལྡན་ས་སྐྱ་པ་རྣམས་ཀྱི། །གསན་ན་ཁྲེལ་བའི་གནས་མིན་ནམ། །བཅོམ་ལྡན་རིག་པའི་རལ་གྲི་ཡིས། །གསང་བ་སྙིང་པོ་བཀའ་རུ་བསྒྲུབས། །གཏེར་མ་རྙིང་མ་སྙན་བརྒྱུད་སོགས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །དོན་དང་མཐུན་ན་སྐྱོན་མེད་ཡིན། །མི་མཐུན་རང་བཟོར་ཤེས་པར་བྱ། །ཞེས་གསུངས་རྫོགས་ཆེན་བཀག་པ་མེད། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་དེས། །བཀའ་འགྱུར་བསྒྲིགས་པའི་ལོ་རྒྱུས་མེད། །གཞན་སྟོང་སྟོན་པའི་ལྟ་བ་དང་། །རྫོགས་ཆེན་མཐུན་པ་དེ་གཟིགས་ནས། །ཨ་ཏི་ཡོ་གའི་མི་མཐུན་ཕྱོགས། །ཨ་ཏིར་འདོད་པ་སྙིང་རྗེ་ཞེས། །རང་སྟོང་སྨྲ་བ་རྣམས་ལ་བརྐྱོན། །ལྟ་བ་འདི་ལ་ཐུགས་གཙིགས་མཛད། །ཇོ་ནང་སྐུ་འབུམ་ཆེན་མོ་ན། །རྙིང་མའི་ལྷ་ཁང་ཞིག་ཀྱང་མཛད། །ཐམས་ཅད་མཁྱེན་པ་བུ་སྟོན་རྗེས། །རྙིང་མ་བཀའ་གཏེར་མང་དུ་གསན། །ཉང་ལུགས་ཁྲོས་མ་ཐུགས་དམ་མཛད། །གཞན་ཡང་བླ་མ་དེ་དག་གིས། །བཏང་སྙོམས་བཞག་སྟེ་སྤངས་པ་མིན། །སྤང་ན་ཁྱེད་ལྟར་སུན་འབྱིན་མོད། །བརྣོག་ཆོས་ཐུགས་དམ་ཡིན་པར་ནི། །སོ་སོའི་རྣམ་ཐར་བལྟས་པས་ཤེས། །ཡང་། གཡུང་སྟོན་རྡོ་རྗེ་དཔལ་ཞེས་པས། །འཕངས་མེད་གསེར་གྱི་མེ་ཏོག་དང་། །གསང་བ་སྙིང་པོའི་རྒྱ་དཔེར་བཅས། །བུ་སྟོན་རིན་ཆེན་གྲུབ་ལ་ཕུལ། །འགྱུར་བཅོས་མཛད་ཅིང་རྒྱུད་འབུམ་དུ། །བཞུགས་པར་གསོལ་བ་བཏབ་པའི་ཚེ། །རྒྱ་དཔེ་རྫུན་མར་དེས་རིག་ནས། །གསོལ་བ་གསན་དུ་མ་བཞེད་དོ། །ཞེས་པ་ལ། འདི་ནི་རེ་ཞིག་བརྟག་པའི་གནས། །བཀའ་འབུམ་ནང་གི་དྲིས་ལན་འགར། །གསང་སྙིང་ལུང་འདྲེན་མང་པོ་སྣང་། །སངས་རྒྱས་མཉམ་སྦྱོར་རྒྱ་འགྲེལ་དེར། །གསང་བ་སྙིང་པོའི་ལུང་མང་དྲངས། །འགྲེལ་པ་དེ་ལ་ཐུགས་གཙིགས་ཆེ། །མཁན་ཆེན་ཐར་པ་ལོ་ཙཱ་བས། །གསང་བ་སྙིང་པོའི་རྒྱུད་ཕྱི་མ། །གསར་འགྱུར་མཛད་པ་ཐུགས་ལ་མངའ། །ཐར་བར་བྱོན་ནས་སྒྲ་གསན་དུས་སུ་བསྒྱུར་བ་ཡིན་པས། དེས་ན་གཏམ་འདི་བདེན་པ་དཀའ། །གལ་ཏེ་བུ་སྟོན་མི་བཞེད་ཀྱང་། །སློབ་དཔོན་པདྨའི་རང་འགྱུར་དང་། །དེ་རྗེས་པཎ་ཆེན་བི་མ་ལ། །གཉགས་སྟོན་ཛྙཱ་ན་ཀུ་མཱ་རས། །ལོ་ཙཱ་བྱས་ཏེ་ཡེར་པར་བསྒྱུར། །མངའ་བདག་རལ་པ་ཅན་གྱི་བར། །འདི་ཡི་བཤད་བཀའ་ཤིན་ཏུ་དར། །བར་དུ་བཅོམ་ལྡན་རལ་གྲིས་བསྒྱུར། །སླད་དུ་གློ་བོ་ལོ་ཙཱ་བ། །དཔལ་ལྡན་བྱང་ཆུབ་ཞེས་བྱས་བསྒྱུར། །དུས་ཕྱིས་འབྲི་གུང་ལོ་ཙཱ་བ། །ནོར་བུ་དཔལ་ཡེས་བསྒྱུར་བ་དང་། །འདི་ལ་འགྱུར་བྱེད་ལྔ་ཙམ་བྱུང་། །དེ་ཕྱིར་ཀླན་ཀ་རྙེད་པ་མེད། །ཡང་། དེང་སང་གངས་རིའི་ཁྲོད་འདི་ན། །བསྟན་པའི་བདག་པོ་གཅིག་གྱུར་པ། །ཐམས་ཅད་མཁྱེན་པ་ཀུན་དགས་ཀྱང་། །རྫོགས་ཆེན་ཆོས་ཀྱི་གྲལ་ནས་བོར། །ཞེས་པ་ལ། ཉ་དབོན་ཀུན་དགའ་ཞེས་བྱ་བ། །ཁྱེད་ཀྱི་བླ་མ་དེ་ཉིད་ཀྱིས། །རྙིང་མའི་རྒྱ་དཔེ་ཚད་ལྡན་ཡང་། །རྒྱ་གར་ཡུལ་གྱི་ཤིང་ཤུན་ལ། །བོད་ཀྱི་སྔགས་པས་ལཉྫ་དང་། །རྒྱ་ཡིག་བྲིས་པ་ཡིན་ནོ་ཞེས། །ཞེ་ནས་དམ་ཆོས་སྤངས་མོད་ཀྱི། །པཎ་ཆེན་ནགས་ཀྱི་རིན་ཆེན་གྱིས། །བསམ་ཡས་རྒྱ་དཔེ་ཚད་མར་མཛད། །དེ་ཕྱིར་བོད་ལས་རྒྱ་དཔེའི་ཉམས། །རྒྱ་གར་པཎ་ཆེན་མཁས་རྣམས་ཆེ། །ཡང་། ལོ་པཎ་མཁས་པ་སྟོང་ཉིད་ཀྱིས། །ལོ་གྲངས་སུམ་བརྒྱ་ལྷག་ཙམ་དུ། །རྣལ་འབྱོར་ཆེན་པོའི་རྒྱུད་བསྒྱུར་ཡང་། །བདུན་བཅུ་ཙམ་ལས་མ་འགྱུར་ན། །རྫོགས་ཆེན་བདེ་འདུས་ལ་སོགས་ཀྱི། །རྒྱུད་ནི་འབུམ་ཕྲག་ལྷག་པ་ཞིག །རྒྱལ་པོ་གཅིག་གི་སྐུ་རིང་ལ། །བསྒྱུར་བའང་བརྟགས་ན་མི་བདེན་ནོ། །ཞེས་པ་ལ། བོད་དུ་བསྟན་པ་ཚུགས་པ་ནས། །ད་ལྟའི་དུས་ནི་ཡན་ཆད་དུ། །པཎ་ཆེན་དགུ་བཅུ་རྩ་བཞི་དང་། །ལོ་ཙཱའང་ཉིས་བརྒྱ་ལྔ་བཅུ་ལས། །མཁས་པ་རྣམས་ཀྱིས་མ་རྙེད་ན། །ཁྱེད་ཀྱིས་སྟོང་ཕྲག་རྙེད་འདི་མཚར། །མཚན་རྣམས་ཡི་གེར་བྲིས་ནས་ནི། །ཀུན་ལ་སྟོན་པ་ཉིད་དུ་རིགས། །དགྱེས་པ་རྡོ་རྗེ་འབུམ་པ་བཞིན། །རྒྱུད་སྡེ་འབུམ་ཕྲག་ཡོད་པར་གསུངས། །མི་ཡི་ཡུལ་ན་དེ་ལྟ་མིན། །བོད་འདིར་རྙིང་མའི་རྒྱུད་འབུམ་ལ། །པུསྟི་སུམ་ཅུ་རྩ་བདུན་ཙམ། །བྱང་བུ་རེ་ལ་རྒྱུད་སྡེ་རེ། །བྱས་ཀྱང་འབུམ་ཕྲག་ག་ལ་འོང་། །འདི་འདྲའི་རྫུན་གྱིས་རང་མཚང་བསྟན། །རྒྱལ་པོ་གཅིག་གི་སྐུ་རིང་ལ། །དེ་དག་འགྱུར་བར་མི་སྤྱོད་པ། །འཛམ་གླིང་སུམ་གཉིས་དབང་འདུས་པའི། །རྒྱལ་པོས་ཡོན་བདག་བྱས་ནས་ཀྱང་། །ལོ་པཎ་བརྒྱ་དང་རྩ་བརྒྱད་ཀྱིས། །དེ་དག་མི་འགྱུར་ཞེས་སྨྲ་བ། །ཡོ་བྱད་ཕོངས་སམ་ཡིག་མཁན་མེད། །བརྟགས་ན་ཁྱེད་རང་མི་བདེན་ནོ། །ཡང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། །ཆོས་རྗེ་རང་བྱུང་རྡོ་རྗེ་སོགས། །རྫོགས་ཆེན་ཆོས་སུ་སྨྲ་བ་ཡང་། །ཕལ་ཆེར་གཞན་སེམས་བསྲུང་བ་ཙམ། །འཕགས་པའི་མཛད་པ་བསམ་མི་ཁྱབ། །དེ་དག་སོ་སྐྱེའི་ཡུལ་མིན་ཏེ། །བདུད་དང་ལྷ་སྦྱིན་རྣམ་ཐར་དང་། །མྱང་འདས་ཆེན་པོའི་མདོ་སྡེ་ལྟོས། །བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཀྱང་། བཅོམ་ལྡན་འདས་ཀྱི་མཛད་པའི་གྲོགས་སུ་བདུད་ཀྱི་ཚུལ་དུ་གནས་ཏེ་ཆོས་མ་ཡིན་པ་སྣ་ཚོགས་སྟོན་ཅིང་བདུད་ཀྱི་ལས་བྱེད་པར། དམ་པའི་ཆོས་པདྨ་དཀར་པོའི་ལེའུ་བཅུ་གཉིས་པ་ལས། ལྷས་སྦྱིན་མ་འོངས་པ་ན་འཇིག་རྟེན་གྱི་ཁམས་ལྷའི་ཐེམ་སྐས་སུ། སངས་རྒྱས་ལྷའི་རྒྱལ་པོ་ཞེས་བྱ་བར་ལུང་བསྟན། ལྷ་སྦྱིན་བྱང་ཆུབ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆེ་བ་དབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་དཀའ་བ་སྤྱོད་པར་གསུངས་པ་དང་། མྱ་ངན་འདས་ཆེན་གྱི་བམ་པོ་གཅིག་པ་ལས། རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་མུ་སྟེགས་གཅེར་བུ་བ་ལ་ཡིད་ཆེས་ཏེ། སྦྱིན་པ་ཡང་མེད། མཆོད་སྦྱིན་ཡང་མེད། སྦྱིན་པ་དང་མཆོད་སྦྱིན་གྱི་འབྲས་བུ་ཡང་མེད། དགེ་བ་དང་མི་དགེ་བའི་ལས་ཀྱང་མེད། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། ད་ལྟར་གྱི་དུས་དང་མ་འོངས་པའི་དུས་ཀྱང་མེད། ཚུ་རོལ་དང་ཕ་རོལ་ཡང་མེད། འཕགས་པ་ཡང་མེད། སྤྲུལ་པའི་སྐུ་ཡང་མེད། ལམ་དང་མྱ་ངན་ལས་འདས་པ་མེད་པའི་ཆོས་ལ་གནས་པར་གྱུར་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡང་དག་པར་མི་དགེ་བའི་ལས་དེ་ལྟ་བུ་མེད་མོད་ཀྱི། སེམས་ཅན་རྣམས་གྲོལ་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་ངན་པར་བལྟ་བའི་ལྟ་བ་དེ་ལ་ཞུགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང་མ་འོངས་པ་དང་ཕྱིས་མི་དགེ་བའི་ལས་མྱོང་བ་མིན་པ་ཞེས་བྱའོ། །ཞེས་སོ། །ཞེས་པ་ལ། ཀུན་སྤངས་རང་བྱུང་རྡོ་རྗེ་ཡིས། །གཞན་སེམས་བསྲུང་ཕྱིར་རྫོགས་ཆེན་ཞེས། །ཁྱེད་ཀྱིས་སྐུར་པ་མི་གདབ་འཚལ། །སྤྱིར་ན་གཞན་གྱི་སེམས་བསྲུང་བ། །གཡོ་སྒྱུ་མིན་ན་འགལ་བ་མེད། །ཁྱད་པར་ཆོས་མིན་ཆོས་ཡིན་ཞེས། །སྟོན་པ་ཆོས་སྤོང་ཡིན་པར་གསུངས། །རྒྱལ་བ་རང་བྱུང་རྡོ་རྗེ་ཡང་། །དེ་རིང་ཁྱེད་ཀྱིས་མ་སྨད་དམ། །མདོ་སྡེ་དག་གི་ལུང་དེ་ཡང་། །འཁྱོགས་པོ་ཉིད་དུ་མ་འདྲེན་ཅིག །འོ་ན་ཁྱེད་ལ་འདི་སྐད་འདྲི། །ཆོས་མིན་སྟོན་ཅིང་བདུད་ཀྱི་ལས། །སྣ་ཚོགས་བྱེད་པའི་བདུད་སྡིག་ཅན། །བྱང་ཆུབ་སེམས་དཔའ་ཆེ་ཡིན་ན། །དེ་ལས་གཞན་པའི་བདུད་དེ་སུ། །རྫོགས་ཆེན་བདུད་ཆོས་ཡིན་བཞིན་དུ། །ཆོས་དེ་སྤྱོད་པའི་གང་ཟག་ཀྱང་། །ཀུན་ཀྱང་བྱང་ཆུབ་སེམས་དཔར་འགྱུར། །དེས་ན་དེ་ལ་ཅི་ཕྱིར་སྡང་། །གཅེར་བུ་པ་ལས་ཐར་ཕྱིར་དུ། །གཅེར་བུ་པ་ལ་འཇུག་དགོས་ན། །སྡིག་པ་ལས་ནི་ཐར་ཕྱིར་དུ། །སྡིག་པའི་ལས་ལ་འཇུག་དགོས་འགྱུར། །འདོད་ན་སངས་རྒྱས་བསྟན་དང་འགལ། །དེ་ཕྱིར་ལུང་དེའི་དགོངས་པ་ནི། །གཅེར་བུ་པ་རྣམས་འདུལ་ཕྱིར་དུ། །ཐུབ་པས་གཅེར་བུ་པའི་ཚུལ་བསྟན། །དང་པོའི་སངས་རྒྱས་འཇམ་དཔལ་གྱིས། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོད་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་པུད་ལྔ་པ་མེ་ཏོག་ཐོད། །དེ་སོགས་ཚུལ་འཆང་མུ་སྟེགས་བྱེད། །འདུལ་ཕྱིར་དེ་དག་ཚུལ་སྟོན་པར། །མཚན་བརྗོད་འགྲེལ་པ་ཉིད་ལས་གསུངས། །དཀོན་མཆོག་བརྩེགས་པ་ལས། རིགས་ཀྱི་བུ། མུ་སྟེགས་ཅན་དག་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཡང་ལས་ཀྱི་སྒྲིབ་པའི་རྒྱུས་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེ་རྒྱ་ཤུག་དང་ཏིལ་དང་འབྲས་འབྲུ་གཅིག་ཙམ་ཟ་ཞིང་ཟས་གཞན་མི་ཟ་བས་རྣམ་པར་དག་པར་འགྱུར་བར་འདོད་པ་དེ་དག་ཚར་བཅད་པའི་ཕྱིར། བྱང་ཆུབ་སེམས་དཔའ་འཕགས་པའི་ལམ་ལ་མ་བརྟེན་པར་རྒྱ་ཤུག་དང་ཏིལ་དང་འབྲས་འབྲུ་གཅིག་ཙམ་གྱི་ཟས་ངན་པ་ཟ་བས་རྣམ་པར་དག་པ་མི་ནུས་པ་བསྟན་པའི་ཕྱིར། འདི་སྐད་ཅེས། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། ཅེས་སྨྲས་ཀྱང་། ཞེས་པ་ནས། རིམ་གྱིས་གྲོལ་བར་འགྱུར་བའི་རྒྱུའི་བར་དུ་རྒྱས་པར་གསུངས་སོ། །ཡང་། གལ་ཏེ་འཕགས་པ་མིན་ཟེར་ན། །འོ་ན་དེས་གསུངས་ཚད་མ་མིན། །ཞེས་པ་ལ། འོ་ན་ཁྱེད་ཀྱང་འཕགས་པ་མིན། །ཅི་སྨྲས་ཚད་མ་ཡིན་པ་དཀའ། །ཡང་། གང་གསུངས་ཚད་དམར་འཛིན་པའི་ཡུལ། །རྫོགས་པའི་སངས་རྒྱས་ཉག་གཅིག་གམ། །ས་ལ་གནས་པའི་འཕགས་པ་ཡང་། །བསྟན་པ་འཛིན་པའི་ལུས་བཟུང་ནས། །ཆོས་དང་ཆོས་མིན་ཤན་འབྱེད་ཅིང་། །ཆོས་མིན་ཚར་གཅོད་དེ་ཡིན་ནོ། །ཞེས་པ་ལ། རྒྱལ་བ་མཆོག་དེས་གདུལ་བྱའི་ངོར། །དྲང་བའི་དོན་དང་ངེས་པའི་དོན། །དགོངས་དང་དགོངས་མིན་ཇི་བཞིན་དང་། །ཇི་བཞིན་མ་ཡིན་པ་ལ་སོགས། །རྣམ་པ་སྣ་ཚོགས་བཀའ་ལ་ཡོད། །ཀུན་ཀྱང་དོན་ལྡན་ཡིན་མོད་ཀྱང་། །ངེས་པ་དོན་གྱི་མདོ་སྡེ་དེ། །དྲང་དོན་པ་ལ་ཚད་མར་མིན། །དྲང་བའི་དོན་གྱི་མདོ་སྡེ་ཡང་། །ངེས་དོན་པ་ལ་ཚད་མར་མིན། །དེ་འདྲའི་གནས་སྐབས་དུ་མ་ཡོད། །ས་ལ་གནས་པའི་འཕགས་པ་ཡང་། །བསྟན་པ་འཛིན་པའི་མཆོག་གྱུར་པ། །བྱམས་མགོན་སྤྱན་རས་གཟིགས་སོགས་ཀྱིས། །ཆོས་དང་ཆོས་མིན་ཤན་འབྱེད་པའི། །བསྟན་བཅོས་མཛད་པའང་མ་མཐོང་ལ། །ཁྱད་པར་གསང་སྔགས་བཀགས་པ་མེད། །ཡང་། ཀླུ་སྒྲུབ་ཨརྱ་དེ་བ་དང་། །ཐོགས་མེད་ཆོས་གྲགས་མ་ཁོལ་སོགས། །རྒྱལ་བ་ཉིད་ཀྱིས་བསྟན་འཛིན་དུ། །ལུང་བསྟན་དེ་དག་ཚད་མ་ཡིན། །ཞེས་པ་ལ། མཁས་མཆོག་འཛམ་གླིང་རྒྱན་དེ་དག །ཚད་མ་ཡིན་པར་ཀུན་ལ་གྲགས། །དེ་དག་རྣམས་ཀྱི་གསུང་རབས་སུ། །རྫོགས་ཆེན་བཀགས་པ་མི་གདའོ། །ཡང་། གཞན་དུ་གཏན་ཚིགས་སྣ་ཚོགས་ཀྱིས། །བརྟགས་ན་ཡིད་ཆེས་གནས་མིན་པའི། །རྫུན་གཞུང་འདི་ལ་ལོག་སྲེད་ཀྱིས། །ཁ་འཛིན་བྱེད་པའི་གང་ཟག་ཀྱང་། །བཟང་འདོད་ཚེ་འདིའི་ཆེ་ཐབས་དང་། །ལྟོ་ཕྱིར་འབྲང་བའི་གཡོ་སྒྱུ་དང་། །ཤེས་མེད་བླུན་པའི་ལོག་སྲེད་གསུམ། །གང་རུང་ཞིག་ཏུ་ངེས་པའི་ཕྱིར། །བཀག་ལ་སྐྱོན་སྤོང་ཅི་འདྲ་ཡོད། །ཅེས་པ་ལ། བརྗོད་པར་བྱ་སྟེ། འདི་ལྟར་ཁྱེད་ཀྱི་བསྟན་བཅོས་འདིར། །འཕགས་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་ཤེས་བྱེད་དུ་སངས་རྒྱས་ཀྱིས་གཅེར་བུ་པ་ལས་ཐར་ཕྱིན་དུ་གཅེར་བུ་པར་སྐྱེ་བ་བཞེས། ཞེས་མདོ་སྡེའི་དགོངས་དོན་ལོག་པར་བཀྲལ་བ་དང་། ས་གནས་ཀྱི་སེམས་དཔའ་རྣམས་ཀྱིས་ཀྱང་ཆོས་དང་ཆོས་མིན་མ་ཕྱེ་ན་བསྟན་པ་འཛིན་པའི་གྲལ་ནས་ཕུད་པ་ལྟར་གྱུར་སྣང་བ་དང་། ཐུབ་པའི་རྒྱུད་སྡེ་རྒྱ་མཚོ་ལ། རང་བཟོའི་དུག་ཆུ་ཆེས་མང་བསྲེས། །ཞེས་པ་འདིས་གསར་མའི་རྒྱུད་སྡེ་རྣམ་དག་རྣམས་ཀྱང་དྲི་མ་ཅན་དུ་བཏང་འདུག་པ་དང་། མན་ངག་ལྟ་ཕྲེང་རྙིང་མ་ཡིན་པ་དང་། དེའི་ཨ་ཏི་ཡོ་ག་རྫོགས་ཆེན་མིན་པ་དང་། དེའི་ཐེག་པ་རིམ་དགུ་བསྐྱེད་རྫོགས་ཀྱིས་ཕྱེ་བ་ཡིན། རྒྱུད་སྡེ་མ་ཕྱེ་ཞེས་བྱས་པ་འདིས། འོ་ན་རྫོགས་རིམ་ལ་ཐེག་པ་དབྱེ་བ་བྱེད་ན། ཕྲ་ཐིག་དང་། རིལ་པོ་དང་། རིམ་པ་ལྔ་ལ་སོགས་པ་ཡང་ཐེག་པ་རུ་མི་འགྱུར་རམ། དེ་ལ་སོགས་པ་མང་པོ་དང་། གཏེར་གྱི་སྐབས་སུ་བསྟན་པ་ནུབ་པ་དང་ཆོས་འབྱུང་བར་བྱས། ཇི་ལྟར་ཆོས་ལོག་དར་གྱུར་པ། །དེ་ལྟར་ཡང་དག་དམ་ཆོས་ནུབ། །དེ་ཕྱིར་བསྟན་པའི་བྱ་ར་བ། །ཡོད་ན་ཆོས་ལ་བརྟག་པར་བྱ། །ཞེས་པའང་ཆོས་ནུབ་ན་ཆོས་ལ་བརྟག་རྒྱུ་ག་ལ་འོང་། དེ་ལ་སོགས་པ་ཐ་སྙད་ཀྱི་ཚིག་རང་ཡང་ལོག་པ་ཆེས་མང་པོ་དང་། ཉམས་དང་རྟོགས་པ་ཤན་མ་ཕྱེད་པ་དང་། ཆོས་ཉིད་རྟོགས་པའི་རྣམ་རྟོག་སྤྲོས་པ་རྣམས་སྒོམ་མ་ཡིན་པ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ཐབས་སུ་འདོད་པ་ལ་སོགས་པ་དོན་གྱི་ནོར་བ་མཐའ་ཡས་པ་དང་། གོང་འོག་ཀུན་ཏུ་རང་གི་གཞུང་ཚིག་སྔ་ཕྱི་འགལ་བ་ཤིན་ཏུ་མང་བས་ན། གཞན་ཡང་གཏན་ཚིག་སྣ་ཚོགས་ཀྱིས། །བརྟགས་ན་ཡིད་ཆེས་གནས་མིན་པའི། །རྫུན་གཞུང་འདི་ལ་ཞེས་བཀོད་སྣང་བ་ཡང་ཁྱེད་རང་གི་གཞུང་འདིར་འདུག་ལ། ལོག་སྲེད་ཀྱིས། ཁ་འཛིན་བྱེད་པའི་གང་ཟག་ཀྱང་། །ཞེས་པ་ནས། ངེས་པའི་ཕྱིར་གྱི་བར། རང་ཉིད་མཁས་འདོད་དང་གྲགས་པ་ལ་སོགས་པའི་ཕྱིར་གྱུར་བ་སྟེ། ཁྱེད་ཀྱི་ལུང་དང་རིག་པ་ཐམས་ཅད་འཁྱོགས་པོའི་ལམ་དུ་དྲངས་པས་ན། ཚིགས་སུ་བཅད་པ་དེ་དག་ཁྱེད་རང་བསྟན་བཅོས་དང་བཅས་པའི་ཐོག་ཏུ་བབས་པར་སྣང་ངོ་། །བཀག་ལ་སྐྱོན་སྤོང་ཅི་འདྲ་ཡོད། །ཅེས་པ་ལ་བདག་ཅག་གི་བསྟན་བཅོས་འདིར། མདོ་རྒྱུད་ཀྱི་ལུང་རྣམས་ཀྱང་དགོངས་དོན་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་བྲིས། ཐ་སྙད་ཀྱི་རིག་པ་ཡང་རྫུན་དང་རྨོངས་ཞེན་གྱིས་མ་སྤགས། འཁྱོགས་བཤད་དུ་མ་བྱས་འདི་ཉིད་དོ། །ཞེས་པའོ། །ཡང་། རྫོགས་ཆེན་རྒྱལ་བའི་བཀར་སྒྲུབ་པའི། །གཏན་ཚིགས་ཡང་དག་ཅིག་ཡོད་ཅེས། །དེ་ཡི་ངག་ལ་བརྟག་པར་བྱ། །ཕལ་ཆེར་གཏན་ཚིགས་མེད་མོད་ཀྱང་། །ཐུབ་པའི་བསྟན་པ་ཉམས་དམའ་ཞིང་། །སྐྱེ་རྒུ་བདུད་ཀྱི་དབང་དུ་སོང་། །ལོག་པའི་ལམ་ལ་ཞེན་པར་ཟད། །ཅེས་པ་ལ། རྒྱལ་བ་ཤཱཀྱ་ཐུབ་པ་དེས། །གདམས་ངག་འབོགས་པའི་མདོ་སྡེ་ལས། །གསང་སྔགས་འབྲས་བུའི་ཐེག་པ་མཆོག །མ་འོངས་འབྱུང་བར་ལུང་བསྟན་ལྟར། །ཐུབ་མཆོག་མྱ་ངན་འདས་པ་ནས། །ལོ་ནི་ཉེར་བརྒྱད་ལོན་པ་དང་། །རྒྱལ་པོ་ཛཿཡི་ཁང་སྟེང་དུ། །པུསྟི་གླེགས་བམ་ཆར་དུ་བབས། །དེ་ནས་རིམ་གྱིས་རྒྱ་གར་དུ། །དར་ཞེས་སངས་རྒྱས་གསང་བ་དང་། །སློབ་དཔོན་བི་ཤྭ་མི་ཏྲ་དང་། །བརྒྱ་བྱིན་སྡོང་པོས་མཛད་པའི་གཞུང་། །རྒྱ་འགྲེལ་རྣམས་ན་གསལ་བར་བཤད། །དགའ་རབ་འཇམ་དཔལ་བཤེས་གཉེན་དང་། །རྒྱལ་པོ་དཱ་ན་ཏ་ལོ་དང་། །རྒྱལ་བུ་རཱ་ཛ་ཧ་ཏི་དང་། །ཝ་ར་ཎི་དང་ཀླུ་འཇོག་པོ། །གནོད་སྦྱིན་མོ་དང་བ་རི་ནི། །ཁ་ཆེའི་མཁན་པོ་རབ་སྣང་དང་། །བུ་དྷ་ཀུ་ཀུ་རཱ་ཛ་དང་། །ཨུ་རྒྱན་མཁན་པོ་མ་ཧཱ་རཱ་ཛ། །གོ་མ་དེ་བི་ཨ་ལོ་ཀཱི། །ཀུ་ཀུ་རཱ་ཛ་ཕྱི་མ་དང་། །དྲང་སྲོང་པཀྴི་ཏ་དང་ནི། །བདག་ཉིད་མ་དང་ཀླུ་སྒྲུབ་དང་། །འཇམ་དཔལ་བཤེས་གཉེན་ཕྱི་མ་དང་། །རྣམ་སྣང་བུདྡྷ་གུཔྟ་དང་། །ཤྲཱི་སེང་ཧ་དང་ཀུན་དགའ་མོ། །རྫོགས་ཆེན་སྨྲ་བ་དེ་དག་ཀྱང་། །དང་པོ་ཉིད་དུ་བྱོན་པ་ཡིན། །ཀུན་དགའ་མོ་དང་ཤྲཱི་སེང་ཧ། །གཉིས་ལ་བཻ་རོ་ཙ་ནས་ཞུས། །དེ་ཡིས་བོད་དུ་དར་བར་མཛད། །ཐུབ་པའི་བསྟན་པ་ཉམས་དམའ་བས། །སྐྱེ་རྒུ་བདུད་ཀྱི་དབང་དུ་སོང་། །ལོག་པའི་ལམ་ལ་ཞེན་པ་ཡི། །གང་ཟག་འབྱུང་བར་ཐུབ་པས་གསུངས། །བརྒྱད་སྟོང་པ་ལས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་བཅིལ་བར་འགྱུར། དེ་བཅིལ་ན་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཕྱིར་བཅིལ་བར་འགྱུར། དེ་བཅིལ་ན་དམ་པའི་ཆོས་ཕྱིར་བཅིལ་བར་འགྱུར། དེ་བཅིལ་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཕྱིར་བཅིལ་བར་འགྱུར། དེ་བཅིལ་བ་དེ་ལྟ་ན་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས། ཆེས་གཞལ་དུ་མེད་ཅིང་མི་དགེ་བའི་ལས་ཚན་ཆེན་པོ་མངོན་པར་འདུ་བྱེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅིལ་བར་ཅི་ལ་འགྱུར་ན། རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། མངོན་སུམ་འོད་གསལ། སོ་སོར་སྡུད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སངས་རྒྱས་ཀྱི་ཡུམ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དུས་འཁོར་འགྲེལ་ཆེན་ལས། གང་དོན་དམ་པའི་བདེན་པ་དེ་ནི་འཇིག་རྟེན་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་པྲ་བབ་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བ་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་ཏེ་ཞེས་པས་སོ། །དེ་བས་གཏན་ཚིགས་རྣམ་དག་གིས། །རྫོགས་ཆེན་རྒྱལ་བའི་བཀར་སྒྲུབ་པའི། །ངག་འདི་ཉིད་ལ་ལེགས་བརྟགས་ནས། །ཇི་ལྟར་ནུས་པའི་ལན་ཐོབ་དང་། །སླར་ཡང་ལོག་རྟོག་བསལ་བར་བྱ། །ཡང་། སངས་རྒྱས་འདས་ནས་མི་ལོ་སྟོང་། །བཞི་བརྒྱ་ལྔ་བཅུ་རྩ་དགུ་ན། །མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས། །མི་བཟད་ལྟ་བ་ངན་པ་བྱུང་། །རྒྱ་གར་ཕྱོགས་བཞི་ཀུན་ཏུ་ཁྱབས། །དེང་སང་འཕགས་ཡུལ་དབུས་འགྱུར་འཆང་། །ཤར་ནུབ་ཁ་ཕྱེ་ཐམས་ཅད་དུ། །ཀླ་ཀློའི་ཆོས་ལུགས་འབའ་ཞིག་དར། །ད་དུང་ལོ་གྲངས་སྟོང་ལྷག་ཏུ། །ལྟ་བ་ངན་པ་དེ་གནས་གསུངས། །གཏན་ཚིགས་བཟང་པོ་དེ་ལ་མེད། །དེ་ལྟར་སངས་རྒྱས་འདས་ནས་ནི། །ལོ་སྟོང་བརྒྱད་བརྒྱར་ཉེ་བ་ན། །བདུད་རིས་རྒྱལ་པོ་ཁྲི་དར་མས། །བོད་ཡུལ་སངས་རྒྱས་བསྟན་པ་བསྣུབས། །དེ་རྗེས་བདུད་དང་ལྷན་ཅིག་ཏུ། །ཆོས་ལོག་རྫོགས་པ་ཆེན་པོ་དང་། །མཁས་གྲུབ་དུ་མས་སུན་ཕྱུངས་ཀྱང་། །ད་དུང་སྐྱེ་རྒུ་དེ་ལ་ཞེན། །ཞེས་པ་ལ། རྒྱལ་བ་ཤཱཀྱ་ཐུབ་པ་དེས། །ང་ནི་མྱ་ངན་འདས་པ་ནས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་ན། །བོད་དུ་དམ་ཆོས་དར་འགྱུར་ཞེས། །ལྷ་མོ་དྲི་མེད་མདོ་ལས་གསུངས། །ཁྲི་སྲོང་ལྡེའུ་བཙན་བྱོན་དུས་ཡིན། །དེ་ནས་རྒྱལ་པོ་དར་མའི་བར། །གདུང་རབས་རིམ་པ་གཉིས་ཡོད་པས། །ཁྱེད་ཀྱིས་ལོ་ཡི་གྲངས་ཀྱང་འཁྲུལ། །དེ་ཚེ་བཻ་རོའི་སྔ་འགྱུར་ལྔ། །བི་མ་ལ་ཡི་ཕྱིས་འགྱུར་དང་། །ཀུན་བྱེད་ལ་སོགས་རྫོགས་ཆེན་རྒྱུད། །ལོ་ཙཱ་སོ་སོས་བྱས་པ་ལས། །བཻ་རོ་ལ་སོགས་སྤྱུགས་ཟེར་ཞིང་། །འདིར་ནི་དར་མ་འདས་པའི་རྗེས། །རྫོགས་ཆེན་བྱུང་ཞེས་སྨྲ་བ་འགལ། །ཡང་། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་དང་། །སེམས་ཅན་ཀུན་དོན་བསྔོ་བ་སོགས། །ཆོས་དང་འདྲ་བ་མང་ཡོད་ཀྱང་། །ཞེས་པ་ལ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་དང་། །དངོས་གཞི་སྟོང་ཉིད་སྙིང་རྗེ་དང་། །མཇུག་དོན་ཡོངས་སུ་བསྔོ་བ་ནི། །བྱང་ཆུབ་ལམ་གྱི་སྙིང་པོ་ཡིན། །སངས་རྒྱས་སྐྱབས་སུ་སོང་ཙམ་གྱིས། །ཡང་དག་དགེ་བསྙེན་ཡིན་ནོ་ཞེས། །རྫོགས་པའི་སངས་རྒྱས་དེ་ལ་དགྱེས། །ཁྱེད་ནི་བསྟན་པའི་ནང་ནས་འབུད། །འདི་འདྲའི་གྲུབ་མཐའ་ཀྱེ་མ་མཚར། །ཡང་། བར་དུ་གཅོད་པའི་ཆོས་ལོག་དགུ། །རྫུན་རྒྱུད་རྣམས་ལ་ཉེར་གནས་ཕྱིར། །དུག་ཅན་ཁ་ཟས་ཞིམ་པ་ལྟར། །འགྲོ་བ་བསླུ་བའི་ཆོས་སུ་སྣང་། །གསར་དུ་རང་བཟོ་བྱས་པའི་ཕྱིར། །མཁས་གྲུབ་བླ་མའི་བརྒྱུད་པ་མེད། །ཆོས་ལ་གཟུ་ལུམ་ཆེས་པའི་ཕྱིར། །བརྒྱུད་པ་གོང་མའི་བྱིན་རླབས་ཡལ། །ཡང་དག་ཆོ་ག་མེད་པའི་ཕྱིར། །ཆོས་བརྒྱུད་དབང་གི་ཆུ་བོ་སྐམ། །བླུན་པོའི་ངན་རྟོག་སྟོང་འདྲེས་པས། །སྙན་བརྒྱུད་མན་ངག་ཟམ་ཤིང་ཆབ། །རྫུན་ལུང་བརྒྱ་ཡིས་འཆད་དགོས་པས། །བཤད་པའི་ཚིག་བརྒྱུད་འདྲེ་ལ་ཤོར། །དམ་པའི་གཞུང་དང་འགལ་བའི་ཕྱིར། །ལམ་གྱི་གོ་རིམ་ཕྱིན་ཅི་ལོག །སྙིང་པོའི་ཟབ་དོན་ནོར་བའི་ཕྱིར། །ཉམས་ཉེན་དོན་བརྒྱུད་བདུད་ཀྱིས་ཟིན། །རྫུན་རྒྱུད་དཔང་པོར་འཛིན་དགོས་པས། །རང་བཟོའི་དུག་ཆུ་འབའ་ཞིག་འཐུང་། །དམ་པའི་ཆོས་ལ་དབང་ཟོས་དང་། །དད་ལྡན་སེམས་ཅན་བསླུས་པ་དང་། །དམ་ཆོས་འདྲར་སྣང་བསྟན་པའི་ཕྱིར། །རྒྱལ་བའི་སྲས་ཀྱི་ཕམ་པས་ཕོག །གསང་སྔགས་རང་བཟོར་མི་བྱ་ཞེས། །རྒྱལ་བས་གསུངས་པ་ཁྱད་བསད་པས། །བདེ་གཤེགས་བཀའ་ལས་འདས་གྱུར་ཅིང་། །དམ་ཚིག་ཉམས་པའི་རྒྱུ་གཞན་ཡང་། །ཡང་དག་རྒྱུད་གཞུང་སྨད་པ་ལས། །རྩ་བའི་ལྟུང་བ་དྲུག་པ་བྱུང་། །ཕྱག་རྒྱ་ཆེན་པོའི་ལམ་བོར་ནས། །བཅུ་གཅིག་པ་དང་དགུ་པས་ཟིན། །མ་ཐོས་ཐོས་དང་མ་མཐོང་མཐོང་། །མ་ཐོབ་ཐོབ་ཅེས་སྨྲ་བ་དང་། །སྤྲུལ་དང་སྐྱེ་པ་ང་ཡིན་ཞེས། །སོ་སོར་ཐར་པའི་སྡོམ་པའང་ཞིག །ཐེག་མཆོག་སྙིང་པོའི་ཉམས་ལེན་ལ། །ངེས་པར་བར་དུ་གཅོད་པའི་ཆོས། །འདི་དགུ་ཚང་བའི་རྫུན་གཏེར་སྟོན་རྣམས། རྒྱུད་ལ། །ཞུགས་ཀྱང་ཅིར་འགྱུར་ཞིབ་མོར་སོམས། །ཞེས་པ་ལ། འགལ་བའི་ཕུང་པོ་འདི་དག་ལ་ལན་གདབ་མ་དགོས་མོད་ཀྱི། འོན་ཀྱང་བཞད་གད་ཙམ་དུ་བརྗོད་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། །དར་མ་འདས་རྗེས་བྱུང་ཟེར་ཞིང་། །གསར་དུ་རང་བཟོ་བྱས་ཞེས་པ། །འདི་ལས་མཚར་བའི་གཏམ་ཅི་ཡོད། །རང་བཟོ་གསར་དུ་བྱས་པ་དང་། །བརྒྱུད་པ་གོང་མའི་བྱིན་རླབས་ཡལ། །ཞེས་པའི་ཚིག་ཀྱང་དཔྱད་པར་བྱ། །གོང་དུ་བརྒྱུད་པ་ཡོད་པ་དང་། །དེ་ལ་བྱིན་རླབས་ཡོད་པ་ན། །ཁྱེད་ཀྱིས་སྐུར་བ་འདེབས་ཅི་དགོས། །མཁས་གྲུབ་བླ་བརྒྱུད་མེད་པ་དང་། །བརྒྱུད་པའི་བྱིན་རླབས་ཡལ་ཅེས་པའི། །འགལ་བ་འདི་འདྲ་སུས་སྤོང་ནུས། །མཁས་གྲུབ་བླ་བརྒྱུད་མེད་བཞིན་དུ། །བྱིན་རླབས་ཡལ་རྒྱུ་ཅི་ཞིག་ཡོད། །རྫོགས་ཆེན་རང་བཟོ་ཡིན་བཞིན་དུ། །སྙན་བརྒྱུད་ཟམ་ཤིང་ཆག་རྒྱུ་ཅི། །སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་དང་། །མཇུག་དོན་ཡོངས་སུ་བསྔོ་བ་སོགས། །ཆོས་དང་འདྲ་བ་ཡོད་བཞིན་དུ། །དམ་པའི་གཞུང་དང་ག་ལ་འགལ། །ལམ་གྱི་གོ་རིམ་ཅི་ཕྱིར་ལོག །སྟོང་ཉིད་སྙིང་རྗེ་ཉམས་ལེན་ན། །སྙིང་པོའི་ཟབ་དོན་ཅི་ལ་ནོར། །དོན་བརྒྱུད་བདུད་ཀྱིས་ག་ལ་ཟིན། །རྫུན་ལུང་བརྒྱ་ཡིས་འཆད་ཅི་དགོས། །དེ་ཉིད་ཆོས་ཀྱི་སྙིང་པོ་ཡིན། །གལ་ཏེ་དེ་ནི་རྫུན་ལུང་ན། །ཁྱེད་ཀྱིས་སངས་རྒྱས་བསྟན་པ་ལ། །སྐུར་འདེབས་འདི་བས་ཐུ་བ་ཅི། །སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ། །སྟོང་ཉིད་སྙིང་རྗེ་ཉམས་སུ་ལེན། །ཡོངས་སུ་བསྔོ་བའི་བར་བྱེད་ན། །ཆོས་ལ་དབང་ཟོས་ག་ལ་ཡིན། །སངས་རྒྱས་སྒྲུབ་པའི་ཆོས་སྟོན་པས། །སེམས་ཅན་སླུ་བ་ག་ལ་ཡིན། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་སོགས། །དམ་ཆོས་འདྲར་སྣང་སྟོན་པ་རུ། །འདོད་པ་བླུན་པོ་ཁྱོད་མིན་སུ། །གསང་སྔགས་རང་བཟོར་བྱས་ཀྱང་སླ། །གསར་རྙིང་རྒྱུད་སྡེ་ཕལ་ཆེར་ལ། །ཁྱོད་ཀྱིས་སྐུར་པ་བཏབ་པའི་ཕྱིར། །རྩ་ལྟུང་དྲུག་པ་ཁྱེད་ལ་ཕོག །རྫོགས་པ་ཆེན་པོ་སུན་འབྱིན་ཕྱིར། །མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་ལུང་། །ཁྱོད་ཀྱིས་འཁྱོག་པོར་བཤད་པ་འདི། །དམ་ཆོས་འདྲར་སྣང་བསྟན་པ་ཡིན། །རྒྱལ་སྲས་ཕམ་པའང་ཁྱེད་ལ་ཕོག །ཆོས་ལ་ཆོས་སུ་མི་འཛིན་པས། །དཀོན་མཆོག་གསུམ་ལ་གསུམ་མི་འཛིན། །དེ་ཡི་ཚུལ་ཡང་ཁྱེད་ལ་ཕོག །རྒྱལ་བ་རང་བྱུང་རྡོ་རྗེ་དང་། །མཚུངས་མེད་གཡག་སྡེ་པཎ་ཆེན་གྱི། །ཐུགས་དམ་སྙིང་པོ་རྫོགས་པ་ཆེ། །རང་གི་བླ་མའི་ཆོས་སྨད་པས། །རྡོ་རྗེ་སློབ་དཔོན་བརྙས་པའི་ཕྱིར། །རྩ་ལྷུང་དང་པོ་ཁྱེད་ལ་ཕོག །སྙིང་པོའི་དོན་ལ་མ་མོས་ཀྱང་། །སྨད་པ་ཉིད་དུ་མི་བྱ་སྟེ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ཉིད་དྲན་ཞེས་རྒྱུད་ལས་གསུངས། །བདེ་གཤེགས་བཀའ་ལས་འདས་པའི་ཕྱིར། །རྩ་ལྟུང་གཉིས་པ་ཁྱེད་ལ་ཕོག །སྡང་འདོད་ངན་སྨྲ་འབའ་ཞིག་གིས། །ཆོས་ཀྱི་རྩ་བ་བྱང་སེམས་ཉམས། །རྩ་ལྷུང་ལྔ་པ་ཁྱེད་ལ་ཕོག །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་ཕྱིར་དགུ་བས་ཟིན། །མཐར་ཐུག་དོན་ལ་སྐུར་བཏབས་པས། །བཅུ་གཅིག་པ་ཡང་ཁྱེད་ལ་ཕོག །དད་ལྡན་སེམས་ཅན་བློ་བསྒྱུར་བས། །བཅུ་གཉིས་པ་ཡང་ཁྱེད་ལ་ཕོག །ཐེག་མཆོག་སྙིང་པོའི་ཉམས་ལེན་ལ། །ངེས་པར་བར་དུ་གཅོད་པའི་ཆོས། །ཁྱོད་ཀྱི་བསྟན་བཅོས་འདི་མིན་ནམ། །ཡང་། དམ་ཆོས་གཏེར་ནས་བྱུང་བ་ལ། །དབང་ལུང་དོན་བརྒྱུད་སྙན་བརྒྱུད་ཀྱི། །བརྒྱུད་པ་མ་ཆད་ཤིན་ཏུ་དཀའ། །དེ་ཕྱིར་སྔགས་ལ་འདི་མི་རུང་། །ཞེས་པ་ལ། གཏེར་མ་སྔགས་ལ་མི་རུང་ན། །རྒྱལ་བ་འདས་པའི་དབུ་ཐོད་ནས། །སངས་རྒྱས་ཐོད་པའི་གླེགས་བམ་ཕྱུངས། །མ་ཧཱ་མཱ་ཡའི་རྒྱུད་སྡེ་ཡང་། །ཀུ་ཀུ་རི་པའི་གཏེར་ཆོས་ཡིན། །དེ་ལ་སོགས་པ་དུ་མ་ཡོད། །གཉན་ལོའི་ཀུ་རུ་ཀུལླེ་དང་། །སེམས་ཁྲིད་ཡིད་བཞིན་ནོར་བུ་དང་། །རྫོགས་རིམ་རླུང་སེམས་དབྱེར་མེད་དང་། །རོ་སྙམས་དང་ནི་ཆོས་དྲུག་སོགས། །སྔགས་ཀྱི་གླེགས་བམ་གཏེར་མ་ནི། །གསང་སྔགས་གསར་མའི་ཁྲོད་ནའང་མང་། །དབང་ལུང་སྙན་བརྒྱུད་དོན་བརྒྱུད་སོགས། །ཡོད་ཀྱང་ཁྱོད་ཡིད་མི་ཆེས་མོད། །གྲུབ་ཐོབ་མང་དུ་བྱོན་པ་ལ། །དབང་ལུང་དོན་བརྒྱུད་མེད་དོ་ཞེས། །ཆོས་དང་གང་ཟག་མི་སྨད་འཚལ། །ཡང་། བསོད་ནམས་སྡུད་པའི་ཏིང་འཛིན་དང་། །སྲེད་མེད་བུ་ཡིས་ཞུས་པ་དང་། །ཀུན་ཏུ་རྒྱུ་ཡི་ལོ་རྒྱུས་ལྟར། །མདོ་སྡེ་གཏེར་ནས་འབྱུང་བ་སྲིད། །དེ་ཡང་སངས་རྒྱས་འབྱུང་བ་དང་། །དམ་ཆོས་གནས་དུས་མི་འབྱུང་སྟེ། །བསྟན་པ་ནུབ་པར་གྱུར་བའི་ཚེ། །སྐལ་བ་ཅན་ལ་སྲིད་མཐའ་ཙམ། །བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ལ་ནི་ནམ་ཡང་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་རུང་སངས་རྒྱས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་རི་སུ་ལ་དང་ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་དང་བསླབ་བཏུས་སུ་སྲེད་མེད་ཀྱི་བུའི་མདོའི་བུ་འདྲངས་པར་ཡང་དེ་བཞིན་དུ་བྱུང་ལ། མཛངས་བླུན་གྱི་ལེའུ་གསུམ་པ་ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུང་བའི་ལེའུར་ཡང་། སངས་རྒྱས་འོད་སྲུང་གི་བསྟན་པ་ནུབ་ཏུ་ཉེ་བ་ན་བྲམ་ཟེ་ཀུན་ཏུ་རྒྱུ་གཉིས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་ཞུས་ཏེ། གཅིག་ལྷར་སྐྱེ་བར་སྨོན། གཅིག་རྒྱལ་པོར་སྐྱེ་བར་སྨོན་ལམ་བཏབ། ལྷར་སྨོན་པ་དེ་ཆུང་མས་བསྡིགས་པས་དུས་མ་ཡིན་པར་ཟས་ཟོས་པས་ཀླུར་སྐྱེས། གཅིག་དེ་རྒྱལ་པོར་སྐྱེས། རྒྱལ་པོ་དེའི་བཟའ་ཤིང་གིར་པའི་སྲུང་མས་ཤིང་ཐོག་ཀུ་ཤུ་ཁ་དོག་དང་དྲི་སྲུང་ལྡན་པ་ཞིག་རྙེད། དེ་རིམ་གྱིས་རྒྱལ་པོའི་ཕྱག་ཏུ་ཕྱིན་པ་ཕྱིན་ཆད་རྟག་ཏུ་འདི་འདྲ་བ་མ་བྱུང་ན་ལུས་དུ་བུར་བྱ་ཟེར། བཟའ་ཤིང་གིར་བའི་སྲུང་མ་མྱ་ངན་གྱིས་ཀླུབས་པ་ཀླུས་ཐོས། མིར་སྤྲུལ་ཏེ་ཀུ་ཤུ་གསེར་གཞོང་བཀང་བ་རྒྱལ་པོ་ལ་བསྐུར་ཏེ་བསྙེན་གནས་ཀྱི་དཔེ་དགོས། མ་བྱུང་ན་རྒྱལ་ཁམས་མཚོར་བཏང་ཟེར། རྒྱལ་པོ་བྲེད་དེ་བླུན་པོར་ཚོལ་དུ་བཅུག་དེས་དཔེ་མ་རྙེད་དེ། སངས་རྒྱས་ཀྱི་བསྟན་པ་ནུབ་ཟིན་པས་རེ་ཐག་ཆད་མྱ་ངན་གྱིས་ངོ་ནག་པ་ཕས་རིག་སྟེ། བདག་གི་ཁྱིམ་ན་ཀཱ་བ་ཞིག་ལས་འོད་འབྱུང་བ་ཡོད་པས་དེར་ལྟོས་དང་ཟེར། བལྟས་པས་རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་བསྙེན་གནས་ཀྱི་དཔེ་བྱུང་། ཀླུ་དང་རྒྱལ་པོས་ཁྲིམས་བསྲུངས་པས་གཉིས་ཀ་ལྷར་སྐྱེས། ཕྱིས་མཉན་ཡོད་དུ་བཅོམ་ལྡན་འདས་ལ་ཆོས་ཉན་པས་རྒྱུན་ཞུགས་ཐོབ་པར་གསུངས། ལུང་སྔ་མ་གཉིས་ཀྱི་དོན་ཡང་བསྟན་པ་ནུབ་པའི་དུས་སུ་ཆོས་གཏེར་འབྱུང་བར་གསལ་ཏེ་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ལ་བསྟན་པ་ནུབ་མི་སྲིད་བར་བསྟན་པའི་ཤུགས་ཀྱིས་གཞན་ལ་ནུབ་ཟིན་པར་ཤེས་སོ། །ཁྱོད་ཀྱི་གཏེར་ཆོས་འདི་དག་ནི། །དཔང་དུ་གྱུར་པའི་ཆོས་མིན་ཏེ། །ཚིག་དོན་ཆོ་ག་ནོར་བའི་ཕྱིར། །བླུན་པོའི་ལག་རྗེས་ཡིན་པར་གསལ། །ལར་ནི་མཉན་བྱའི་དམ་ཆོས་ལ། །རྫོགས་སངས་རྒྱས་ཀྱིས་གསུངས་ངེས་དང་། །མཁས་གྲུབ་དམ་པས་བཤད་ངེས་དང་། །མཁས་རྣམས་དཔང་དུ་མཛད་ངེས་དགོས། །ཞེས་པ་ལ། དེ་དག་དགོས་པ་ཅིས་ཀྱང་འཐད། །སངས་རྒྱས་བཞུགས་དུས་ཟབ་མོའི་གཏེར། །མི་འབྱུང་བ་ཡང་མི་འཐད་དེ། །ཕུང་པོ་ལྔ་པོ་བསྟན་པའི་མདོ། །པཉྩ་སྐནྡྷའི་མཆོད་རྟེན་གྱི། །ནང་ན་གཏེར་དུ་བཞུགས་པ་ལ། །ཐུབ་དབང་འཁོར་བཅས་དེར་བྱོན་པས། །ངོ་མཚར་ལྟས་བྱུང་དེའི་རྒྱུ་ཞུས། །མདོ་འདིའི་དེའི་ནང་བཞུགས་ཞེས་གསུངས། །འཁོར་གྱིས་ཞུས་པས་མདོ་སྡེ་གསུངས། །དེ་བཞིན་གསང་བའི་རིང་བསྲེལ་གཟུངས། །བྲམ་ཟེ་དྲི་མེད་ལེགས་སྣང་གིས། །རྒྱལ་བ་སྤྱན་དྲངས་ལམ་ཁ་ན། །མཆོད་རྟེན་རྙིང་མའི་ས་ཕུང་ཞིག །དེ་ལས་སྒྲ་འོད་སྣ་ཚོགས་བྱུང་། །རྒྱལ་བས་ཕྱག་མཛད་བསྐོར་ཞིང་བཤུམས། །ཕྱག་ན་རྡོ་རྗེས་དེའི་རྒྱུ་ཞུས། །འདི་ནང་གཟུངས་ཀྱི་གཏེར་ཡོད་གསུངས། །གཟུངས་དེ་གསུང་དུ་གསོལ་ཞེས་ཞུས། །དེ་ཚེ་གཟུངས་དང་ཕན་ཡོན་གསུངས། །སངས་རྒྱས་དཔེ་ལ་མ་ལྟོས་པས། །གླེགས་བམ་དབྱུང་བར་མ་མཛད་ཀྱང་། །དོན་དུ་འདི་གཉིས་གཏེར་ཆོས་ཡིན། །བསྟན་པ་ནུབ་ཀྱང་བྱང་སེམས་ལ། །ཆོས་དང་ཆོས་ཀྱི་གཏེར་འབྱུང་ན། །དེ་ལ་གཞན་གྱིས་ཞུས་པས་ཆོག །བསྟན་པ་ནུབ་པ་ག་ལ་ཡིན། །གཞན་ཡང་བྱང་ཆུབ་སེམས་དཔའ་ལ། །དགོངས་ནས་སངས་རྒྱས་ཞལ་སྟོན་ལ། །ཆོས་ཀྱང་ཐོས་པར་མཛད་བཞིན་དུ། །ཆོས་གཏེར་དེ་ལ་དགོས་པ་ཅི། །ཡང་། ཁྱད་པར་ཧོར་བོད་རྒྱ་ནག་ཏུ། །ལོ་པཎ་མཁས་པས་བསྒྱུར་ངེས་དགོས། །དེ་འདྲ་ཆེས་མང་བཞུགས་བཞིན་དུ། །ལོག་པའི་ལམ་ལ་ཞེན་པ་མཚར། །ཞེས་པ་ལ། བོད་དུ་ཆོས་ཀྱི་དག་ཐེར་ལ། །རྒྱ་ནག་དང་ནི་ཧོར་ཡུལ་དུ། །བསྒྱུར་བ་དགོས་ན་ཧ་ཅང་ཐལ། །རྒྱ་ནག་དང་ནི་ཧོར་ཡུལ་དུ། །མེད་པའི་མདོ་རྒྱུད་ཆེས་མང་བ། །ཨོ་རྒྱན་ཀ་ཆེ་ཤམྦྷ་ལ། །རྒྱ་བལ་བོད་ན་ཤིན་ཏུ་མང་། །ཡང་། ཁྱོད་ཀྱི་རྫུན་གཞུང་འདི་དག་ལ། །ནོར་བའི་ཕུང་པོ་མཐོང་བཞིན་དུ། །རྒྱལ་དང་དེ་སྲས་དམ་པའི་གཞུང་། །ཁུང་མ་ཡིན་པར་ཇི་ལྟར་སྒྲུབ། །ཞེས་པ་ལ། རྙིང་མའི་གཞུང་གདམས་ནོར་སྲིད་ཀྱང་། །རྒྱལ་བ་སྲས་དང་བཅས་པའི་གཞུང་། །དེ་རང་མ་ནོར་བ་ཡིས་ཆོག །དེ་ལ་སླར་ཡང་སྒྲུབ་ཅི་དགོས། །ཡང་། འགའ་ལ་ལྷད་ཀྱིས་སྤགས་སྲིད་ཀྱང་། །ཚིག་དོན་ནོར་བ་མ་མཆིས་ཤིང་། །ཡིད་ཆེས་གནས་གྱུར་ཅིག་སྟོན་ཅིང་། །ཅེས་པ་ལ། ཇི་ལྟར་མཁྲིས་ནད་ཅན་གྱིས་དུང་། །དཀར་པོ་དེའང་སེར་པོར་མཐོང་། །དེ་བཞིན་ལྷད་མེད་རྙིང་མའི་གཞུང་། །བསྟན་ཡང་ཁྱེད་ཀྱིས་ལྷད་དུ་མཐོང་། །ལྷད་ཀྱིས་སྦགས་ནས་མ་ནོར་བ། །གཅིག་ཀྱང་མེད་ཅེས་མ་སྨྲ་ཞིག །མུ་སྟེགས་བྱེད་གཞུང་འགའ་ཞིག་ཏུ། །དགེ་སྡིག་ལས་འབྲས་བསྟན་པ་བཞིན། །དེ་ཡི་ཚིག་དོན་ནོར་བ་མེད། །ལས་འབྲས་ཡིད་ཆེས་གནས་ཡིན་མོད། །ཡང་། ཁྱོད་ཀྱིས་རང་ཡིད་ཆེས་ཅེ་ན། །ཀླ་ཀློ་རྣམས་དང་བོན་པོའི་ལུགས། །མ་བརྟགས་པ་ནས་ཡིད་ཆེས་པ། །འདི་ནི་བླུན་པོའི་ཆོས་ཉིད་ཡིན། །ཆོས་མིན་ཆོས་སུ་མོས་པ་ནི། །བླུན་དང་མི་དགེའི་རྣམ་སྨིན་ཏེ། །ཡོན་ཏན་མེད་ལ་གུས་པའང་། །དེ་བླུན་མི་དགེའི་ལས་ཞེས་གསུངས། །ཞེས་པ་ལ། སྤྱིར་ན་ཡིད་ཆེས་བརྟགས་ལས་འབྱུང་། །མ་བརྟགས་པ་ལ་ཡིད་ཆེས་མེད། །འཕགས་པ་སྤྱན་རས་གཟིགས་དབང་གིས། །རང་དང་ཆོས་དང་སློབ་དཔོན་ཏེ། །ཡིད་ཆེས་རྣམ་པ་གསུམ་དུ་གསུངས། །ཡིད་ཆེས་རྣམས་ཀྱི་ནང་ནས་ནི། །རང་ཡིད་ཆེས་པ་མཆོག་ཡིན་ཅེས། །རྗེ་བཙུན་མི་ལ་རས་པ་བཞེད། །ཡིད་ཆེས་ཚིག་ཀྱང་མི་བསླུ་ཞེས། །སློབ་དཔོན་ཆོས་ཀྱི་གྲགས་པས་བཤད། །ཡིད་ཆེས་ཆོས་ཀྱིས་མི་འགྲུབ་ན། །ཡིད་མ་ཆེས་པའི་ཐེ་ཚོམ་དེ། །དངོས་གྲུབ་ཀུན་གྱི་གེགས་སུ་གསུངས། །ཡང་། ཁ་ཅིག་མངོན་ཤེས་མ་ཐོབ་ན། །ཆོས་དང་ཆོས་མིན་མི་ཤེས་ལོ། །མིག་ལྡན་མེ་ལོང་བལྟ་བ་ལ། །མངོན་པར་ཤེས་པ་ག་ལ་དགོས། །ཞེས་པ་ལ། མིག་ལྡན་མེ་ལོང་བལྟ་བ་ལ། །མངོན་པར་ཤེས་པ་མི་དགོས་ཀྱང་། །ཆོས་དང་ཆོས་མིན་འབྱེད་པ་ལ། །ཆོས་མིག་རྡུལ་བྲལ་ཐོབ་པ་དགོས། །སོ་སོ་སྐྱེ་བོའི་མཁས་པས་མིན། །ཡང་། ཚིག་དང་དོན་དམ་ཆོ་ག་ལ། །གཙུག་ལག་གཉིས་དང་འགལ་བ་ཡི། །སྐྱོན་དེ་ཉེ་བར་མ་མཐོང་ན། །མངོན་ཤེས་མེད་པར་དགག་མི་རུང་། །ཞེས་པ་ལ། སྐྱོན་རྣམས་ཉེ་བར་མ་མཐོང་ན། །དེ་ལ་དགག་ཏུ་ཅི་ཞིག་ཡོད། །མཁྱོག་པོས་དྲང་པོ་ཉེས་ཟེར་རམ། །ཡང་། སྔོན་ཚེ་ཉན་ཐོས་འབའ་ཞིག་གིས། །ལྡེམ་པོར་དགོངས་པ་མ་ཤེས་ཤིང་། །སྔར་མ་ཐོས་པ་དཔང་བྱས་ནས། །སྐྱོན་མེད་བཞིན་དུ་ཐེག་ཆེན་བཀགས། །དེ་ཚེ་ཤེས་བྱེད་མེད་བཞིན་དུ། །འགོག་པ་ཆོས་མིག་ཐོབ་བམ་ཞེས། །མདོ་སྡེ་རྒྱན་དུ་བྱམས་པ་ཡིས། །གཏན་ཚིགས་འགའ་ཡིས་བཀའ་རུ་བསྒྲུབས། །གལ་ཏེ་རྫོགས་པ་ཆེན་པོ་ཡང་། །བཀའ་རུ་སྒྲུབ་པའི་ཤེས་བྱེད་བཟང་། །འགོག་ལ་གཏན་ཚིགས་མེད་མཐོང་ན། །མཁས་པ་རྣམས་ཀྱིས་བླངས་བར་འོས། །རྒྱུད་རྣམས་རྒྱུད་འབུམ་ནང་དུ་གཞུག །བསྟན་བཅོས་བསྟན་འགྱུར་ནང་དུ་གཞུག །སངས་རྒྱས་བསྟན་པའི་ནང་དུ་བཅུག །མཆོད་ཅིང་བསྔགས་པའི་འོས་ཡིན་མོད། །ཅེས་པ་ལ། རྒྱུད་རྣམས་རྒྱུད་འབུམ་བཅུག་ཙམ་གྱིས། །ཡང་དག་འགྲུབ་པ་ཆེས་དཀའ་སྟེ། །སྔགས་ཏུ་ནོར་བ་ཕལ་ཆེར་དང་། །པདྨ་དྲྭ་བའི་རྒྱུད་དང་ནི། །གཙུག་ཏོར་དགུ་པ་ལ་སོགས་པ། །ཧ་ཅང་ཚིག་སྦྱོར་ལེགས་དྲག་པས། །པཎྜི་ཏ་ཡིས་བྱས་སམ་ཞེས། །ཐེ་ཚོམ་བཏང་སྙོམས་བཞག་སོགས་མང་། །ཡང་། འོན་ཀྱང་འགོག་པའི་ཤེས་བྱེད་བཟང་། །གཏན་ཚིགས་ཟབ་ཅིང་བརླིང་ལ་མང་། །བཀའ་རུ་སྒྲུབ་པའི་ཤེས་བྱེད་མེད། །དེ་ཕྱིར་བསྟན་པའི་གྲལ་ནས་དོར། །ཚིག་དང་དོན་དང་ཆོ་ག་ལ། །ནོར་བ་མངོན་སུམ་མཐོང་བ་ན། །ལུང་དང་རིག་པས་དེ་འགོག་ཕྱིར། །མངོན་པར་ཤེས་པས་ཅི་ཞིག་བྱ། །སྔོན་ཚེ་རྒྱལ་བ་ཐུབ་དབང་ལ། །ཐམས་ཅད་མཁྱེན་ནམ་མི་མཁྱེན་ཞེས། །རྒྱལ་པོ་བྲམ་ཟེ་ཁྱིམ་བདག་རྣམས། །ཉམས་སད་བྱས་ཚུལ་འདུལ་བར་གསུངས། །ཐུབ་དབང་ཉིད་ཀྱང་བརྟགས་དགོས་ན། །དེ་ཡི་གསུང་རབས་སྨོས་ཅི་དགོས། །བརྟགས་ནས་འདོར་ལེན་བྱེད་པ་དེ། །རྣམ་པ་ཀུན་ཏུ་མཁས་པའི་ལུགས། །ཆོས་མིན་ཤེས་ནས་ཚར་གཅོད་ཅིང་། །དམ་ཆོས་ཤེས་ནས་འཛིན་པ་དེ། །སངས་རྒྱས་རྣམས་ཀྱི་བསྟན་འཛིན་ཏེ། །ཤེས་ནས་དད་པ་དད་པའི་མཆོག །རྒྱ་གར་ཡུལ་ནའང་ཕྱི་ནང་སོགས། །གྲུབ་མཐའ་རྒོལ་དང་ཕྱི་རྒོལ་རྣམས། །ལུང་དང་རིག་པས་བྱ་དགོས་ཀྱི། །མངོན་པར་ཤེས་པས་ག་ལ་ཡིན། །རྒྱལ་དང་དེ་སྲས་མཁས་གྲུབ་རྣམས། །གྲུབ་མཐའ་ངན་པ་འགོག་པ་ཡང་། །བཀའ་དང་བསྟན་བཅོས་ཐམས་ཅད་དུ། །རིག་པ་ཁོ་ནས་ལེགས་པར་བསྟན། །ཇི་སྲིད་རིག་པ་མ་བསྟན་པ། །དེ་སྲིད་ཁེངས་པ་ཅན་དེ་རྣམས། །ཀུན་མཁྱེན་གྱི་ཡང་དཔང་མིན་ཞེས། །རྫོགས་པའི་སངས་རྒྱས་དེ་སྐད་གསུངས། །གལ་ཏེ་ཆོས་མིན་ཡིན་ཤེས་ན། །སྔོན་དུ་ལེགས་པར་ཞུས་ཟིན་ཀྱང་། །ཐར་པའི་བར་དུ་གཅོད་པའི་ཕྱིར། །སྨོད་ཅིང་སྤང་བར་སངས་རྒྱས་གསུངས། །ཐུབ་པས་ལྷག་སྤྱོད་རིངས་འཕུར་ལ། །རྒྱ་ཆེར་རོལ་པར། བཅོམ་ལྡན་འདས་མངོན་པར་བྱུང་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་སྒྱུ་རྩལ་ཤེས་ཀྱི་བུ་རིངས་འཕུར་སློབ་མ་སུམ་བརྒྱ་ལ་ཆོས་སྟོན་པ་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བརྟུལ་ཞུགས་གསན། རྒྱལ་པོའི་ཁབས་ཀྱི་གྲོང་ཁྱེར་ན་རེང་ས་བྱེད་ཀྱི་བུ་ལྷག་སྤྱོད་སློབ་མ་སུམ་བརྒྱ་ལ་ཆོས་སྟོན་པ་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བརྟུལ་ཞུགས་གསན་དེ་དག་གསན་མ་ཐག་ཏུ་མངོན་དུ་བྱས་ཏེ་ལམ་འདིས་ནི་ཡིད་འབྱུང་བར་འགྱུར་བ་མ་ཡིན། མྱ་ངན་ལས་འདའ་བར་འགྱུར་བ་མ་ཡིན་ཞེས་སུན་ཕྱུངས་ནས་གཤེགས་པས་ལྷག་སྤྱོད་ཀྱི་དྲུང་ནས་ལྔ་སྡེ་བཟང་པོ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྱུངས་ཞེས་གསུངས་སོ། །སྟོན་པ་དྲུག་པོ་ཤཱ་རིའི་བུས། །མཉན་ནས་ཆོས་དང་བླ་མ་ཡང་། །སྣོད་སྟོང་བཞིན་དུ་བརྡབས་ཏེ་བཏང་། །རྒྱལ་པོ་མ་སྐྱེས་དགྲ་ཡིས་ཀྱང་། །མུ་སྟེགས་སྟོན་པ་རྣམ་དྲུག་ལ། །མཉན་ནས་ཆོས་ལ་མ་རངས་པར། །སྤངས་ནས་བཅོམ་ལྡན་འདས་ལ་ཞུས། །ཆོས་ལ་བརྟག་པའི་མན་ངག་ཀྱང་། །སྟུག་པོ་བཀོད་པའི་རྒྱན་གྱི་ལུང་། །མགོན་པོ་སྤྱན་རས་གཟིགས་དབང་གིས། །དྲི་མ་མེད་པའི་འོད་དུ་དྲངས། །བསྲེགས་ན་དམར་བཅད་ན་དཀར་བརྡར་ན་སེར་པའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མིན་ནོ་གསུངས། །ཞེས་པ་ལ། རྒྱལ་པོ་བྲམ་ཟེ་ཁྱིམ་བདག་རྣམས། །སྟོན་མཆོག་ཐུབ་པའི་དབང་པོ་ལ། །ཐམས་ཅད་མཁྱེན་ནམ་མི་མཁྱེན་ཞེས། །བརྟག་པ་ལོག་རྟོག་ཆེན་པོ་ཡིན། །དེ་ལ་མཁས་པ་སུ་ཞིག་མགུ། །སངས་རྒྱས་ཀུན་མཁྱེན་ལོས་ཡིན་མོད། །ཐོག་ཐ་བར་དུ་དགེ་བའི་ཆོས། །དེ་ཡི་གསུང་རབས་བརྟག་ཅི་དགོས། །འཕགས་པ་མིན་པས་བྱས་པ་ཡི། །བསྟན་བཅོས་དག་ནི་བརྟག་པའི་གནས། །བརྟགས་ནས་འདོར་ལེན་བྱེད་དགོས་ན། །ཕྱག་རྒྱ་གསུམ་དང་བསླབ་གསུམ་སོགས། །བརྟགས་ནས་གང་ལེན་གང་ཞིག་སྤོང་། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟག་ཚུལ་འཐད་མོད་ཀྱི། །འོན་ཏེ་མུ་སྟེགས་པ་རྣམས་དང་། །སངས་རྒྱས་བསྟན་པ་མི་མཚུངས་པས། །ཆོས་དང་བླ་མ་ལ་བརྟགས་ནས། །སྣོད་སྟོང་བཞིན་དུ་བརྡབ་བོ་ཞེས། །བདུད་ཚིག་འདི་འདྲ་མ་སྨྲ་ཞིག །ཡང་། དེ་ཡི་དགོངས་པའང་ཕྲན་ཚེགས་ལས། །འདི་ནི་ཆོས་སུ་འདུལ་བའོ། །སྟོན་པའི་བསྟན་པའོ་ཞེས་སྨྲས་ན། །ཚིག་དང་དོན་ལ་རྟོག་དཔྱོད་བྱ། །མདོ་སྡེ་རྣམས་དང་མི་མཐུན་ཞིང་། །འདུལ་བ་ལ་ཡང་མི་སྣང་ལ། །རྟེན་འབྲེལ་ཆོས་ཉིད་དང་འགལ་ན། །ཆོས་མིན་ཕྱིར་དེ་སྤོངས་ཞེས་གསུངས། །ཐེག་མཆོག་རྫོགས་ཆེན་ཆོས་སྔགས་ཀྱི་མདོ་སྡེ་རྣམས། །ཀུན་དང་ཆོས་སྐད་མི་མཐུན་ཞིང་། །གཙུག་ལག་གཉིས་དང་འགལ་བ་མང་། །དེ་ཕྱིར་མདོ་དང་མཐུན་པ་མིན། །རྡོ་རྗེ་ཐེག་པའི་འདུལ་བ་ནི། །འཕོ་བའི་བག་ཆགས་སྤོང་བ་སྟེ། །དེ་ཡི་ཁྱད་ཆོས་མ་ཚང་ཕྱིར། །རང་གི་འདུལ་ལ་འདི་མི་སྣང་། །སྐྱེ་འདིར་སངས་རྒྱས་འགྲུབ་པའི་ལམ། །འགྱུར་མེད་སྙིང་རྗེ་མི་ཤེས་ཤིང་། །ལམ་གྱི་གོ་རིམ་འཁྲུལ་པའི་ཕྱིར། །ཆོས་ཉིད་དང་ཡང་འདི་འགལ་ལོ། །ཞེས་པ་ལ། གདུལ་བྱའི་བསམ་པ་མི་འདྲ་བས། །ཆོས་རྣམ་སོ་སོར་བསྟན་པའི་ཕྱིར། །ཀུན་ཀྱང་འདི་ལ་ས་པཎ་གྱིས། དེ་ལྟར་ཐེག་པ་ཆེ་ཆུང་ལ། །ཕན་ཚུན་དུ་ནི་ལུང་འགལ་གྱིས། །སོ་སོའི་གཞུང་ལུགས་དགག་མི་ནུས། །ཞེས་གསུངས་པ་འདིས་ཆོག་གོ། །ཆོས་སྐད་མཐུན་པ་ནི། །མདོ་རྒྱུད་གོང་འོག་ཀུན་ལ་མེད། །གཙུག་ལག་མདོ་དང་སྔགས་གཉིས་ཀྱང་། །མཐར་ཐུག་སྐྱེལ་སོ་གཅིག་མོད་ཀྱི། །གནས་སྐབས་ཆོས་སྐད་མཐུན་པ་མེད། །དེ་དག་ལ་ཡང་སྐྱོན་བལྟའམ། །རྡོ་རྗེ་ཐེག་པའི་འདུལ་བ་ནི། །རིགས་ལྔ་སྤྱི་དང་ཁྱད་པར་དང་། །དབང་གི་དམ་ཚིག་ཡིན་པར་བཤད། །འཕོ་བའི་ཆགས་པ་སྤངས་བ་ནི། །ལྷག་པའི་ཏིང་ངེ་འཛིན་ཡིན་པས། །རྡོ་རྗེ་ཐེག་པའི་མདོ་སྡེ་ཡིན། །གལ་ཏེ་འདུལ་བ་ཡིན་ནའང་། །ཤེས་རབ་ཡེ་ཤེས་ཞེས་བྱ་བ། །གསུམ་པའི་ཉམས་ལེན་དགའ་བཞིའི་འགྲོས། །འཕོ་བའི་ཆགས་པ་སྤོང་བའི་ཚུལ། །འདི་ཡི་གཞུང་གདམས་ཁྲོད་ན་མང་། །གང་ཟག་རྣམས་ཀྱིས་མ་སྒྲུབ་པ། །དེས་ན་གང་ཟག་སྨད་རིགས་ཀྱི། །ཆོས་ལ་སྐུར་པར་ག་ལ་རིགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཟུང་འཇུག་བདེ་བ་ཆེན་པོའི་ལམ། །སྔགས་ཀྱི་ལམ་བཟང་འདི་འདྲ་ལ། །འགྱུར་མེད་སྙིང་རྗེ་མི་ཤེས་ལོ། །འོ་ན་ཁྱེད་ཀྱི་ལུགས་དེ་ཅི། །ཆོ་གའི་རིམ་པ་ནོར་བ་དང་། །ལམ་གྱི་གོ་རིམ་འཁྲུལ་ལོ་ཞེས། །ཁྱེད་ཀྱིས་ལན་བརྒྱར་སྨྲས་མོད་ཀྱི། །སྨིན་གྲོལ་ལམ་མཆོག་ཚང་བཞིན་དུ། །ནོར་དང་འཁྲུལ་པ་ག་ལ་ཡིན། །ཡང་། རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤངས་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །རང་གི་ཁྱད་ཆོས་མ་ཚང་བས། །དོན་དང་ལྡན་པ་འདི་མ་ཡིན། །གཙུག་ལག་གཉིས་དང་འགལ་བས་ན། །ཆོས་དང་ཉེ་བར་འབྲེལ་མ་ཡིན། །རང་གི་སྡང་བྱ་མི་སྤོང་བས། །ཉོན་མོངས་སྤོང་བར་འདི་མ་འགྱུར། །མདོ་འདུལ་ཆོས་ཉིད་བརྟག་པ་གསུམ། །ཐེག་ཆེན་རང་གཞུང་ལ་སྦྱོར་བར། །དབྱིག་གཉེན་གྱིས་ནི་མདོ་སྡེ་རྒྱན་གྱི་འགྲེལ་པར། ལེགས་གསུངས་ཕྱིར། །འདིར་ཡང་སྔགས་ལ་སྦྱར་དགོས་ཀྱི། །སངས་རྒྱས་བསྟན་པ་ཙམ་ཞིག་གིས། །འདི་ཡི་སྒྲུབ་བྱེད་ནུས་པ་མིན། །ཕྱག་རྒྱ་འབུལ་བ་འོད་ལྡན་དུ་གསུམ་དང་ཡང་དག་ལྡན། །བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་བརྗོད། །ཅེས་པ་ལ། དེ་ལྟར་སྔགས་ལ་སྦྱར་བ་ཡིས། །མདོ་འདུལ་ཆོས་ཉིད་བརྟག་པ་ཡིན། །བརྒལ་ལན་བརྩམ་དུ་ཁྱེད་དོགས་ནས། །མདོ་དང་འདུལ་བའི་ལུང་གིས་ནི། །གསང་སྔགས་བསྣུབ་པ་ལ་བརྩོན་མོད། །སྨིན་གྲོལ་ལམ་གྱིས་ཚེ་འདིར་གྲོལ། །སྔགས་ཀྱི་ཁྱད་ཆོས་དེ་ལས་ཅི། །ཆོས་ལ་བརྟེན་ཕྱིར་ཆོས་ལྟར་བྲིས། །དེ་སྐད་རང་གིས་ཟེར་བཞིན་དུ། །ཆོས་དང་མ་འབྲེལ་སུ་ཞིག་ཟེར། །ཉོན་མོངས་ལམ་དུ་བྱེད་པ་ཡི། །འདི་ཡིས་ཉོན་མོངས་མི་སྤོང་ན། །རྒྱུད་རྒྱལ་དགྱེས་པ་རྡོ་རྗེ་ལས། །དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ནི་རིན་ཆེན་ཉིད། །མ་དག་པ་ལ་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་གསུངས་རྒྱལ་སྲས་ཉོན་མོངས་ལུད། །སངས་རྒྱས་ཆོས་རྣམས་བསྐྱེད་དོ་ཞེས། །དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས། །མ་སྤངས་རང་སར་གྲོལ་བ་ལ། །ཉོན་མོངས་མི་སྤོང་སུ་ཞིག་ཟེར། །ཡང་། རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ། །ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད། །དེ་དག་བོན་པོའི་གཞུང་ལའང་ཡོད། །འོན་ཀྱང་ཚིག་དོན་ནོར་བ་མང་། །ཟོང་དུ་བོང་ཤ་འཚོང་བ་ལ། །རི་དྭགས་རྔ་མ་བསྟན་དང་མཚུངས། །སངས་རྒྱས་གསུང་རབས་མ་ཡིན་ཞེས། །བློ་དང་ལྡན་པས་འཕྲལ་དུ་ཤེས། །ཞེས་པ་ལ། འདི་ལྟར་རྫོགས་ཆེན་གཞུང་ལུགས་ལ། །ཕྱག་རྒྱ་གསུམ་དང་བསླབ་པ་གསུམ། །ཐུབ་པའི་གསུང་དང་མི་འགལ་ལ། །བོན་དང་མཚུངས་པ་མ་ཡིན་ཀྱང་། །དེ་ལྟར་རང་ཉིད་སྨྲ་བ་ཡང་། །ཤིན་ཏུ་བདེན་ཏེ་བདུད་རྣམས་ལ། །དེ་ལས་སྨྲ་རྒྱུ་ཅི་ཞིག་འབྱུང་། །དེའང་འཕགས་པ་བརྒྱད་སྟོང་བ་ལས། བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་བློ་ཆུང་བ་བློ་ཞན་པ་སྡོངས་པར་གྱུར་པ་བྱང་ཆུབ་ཏུ་ལུང་མ་བསྟན་པའི་རིགས་ཀྱི་བུ་དེ་དག་ལ་འདི་ལྟར་འགྲེལ་བར་བྱེད་དེ། གང་ཁྱོད་ཉན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཡང་ཇི་ལྟར་མདོ་སྡེའི་ནང་དུ་གཏོགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བདུད་སྡིག ཅན་གྱིས་ཐེ་ཚོམ་ཟ་བས་སྤོང་དུ་འཇུག་གོ། །ཞེས་གསུངས་པ་ལྟར་བསླབ་གསུམ་བོན་ལ་ཡང་ཡོད་དོ་ཞེས་ཐེ་ཚོམ་ཟ་བས་ཆོས་སྤོང་དུ་འཇུག་པ་ཉིད་དུ་སྣང་ངོ་། །ཡང་། དེ་རིང་རྫུན་རྒྱུད་རྩོམ་ན་ཡང་། །ཆོས་ལ་བརྟེན་ཕྱིར་ཆོས་ལྟར་འདྲི། །ལྟ་སྒོམ་སྤྱོད་སོགས་གང་ཤེས་བཀོད། །རྫུན་རྒྱུད་ཡིན་ཕྱིར་བཀར་མི་རུང་། །ཞེས་པ་ལ། ཚིགས་སུ་བཅད་པ་འདི་ཡིས་ནི། །ཆོས་དང་ཉེར་བར་མ་འབྲེལ་ཞེས། །གོང་དུ་རང་གིས་སྨྲ་བ་ཉམས། །ཚུལ་འདི་བཀའ་རུ་མི་རུང་ཡང་། །བསྟན་བཅོས་རྩོམ་པ་པོ་ཐམས་ཅད། །འདི་ཚུལ་ཁོ་ནར་མཛད་པ་ཡིན། །དེ་ཀུན་རྫུན་མར་མ་སྒྲུབ་ཅིག །ཡང་། ལོག་པའི་ཆོས་ལ་འཇུག་པ་དང་། །དོན་ནོར་ཆོ་ག་ལོག་པ་དང་། །ཐར་པའི་བར་ཆད་མང་བའི་ཕྱིར། །ཐོག་མ་བར་དང་མཐར་མི་དགེ། །ཞེས་པ་ལ། མཚན་ཉིད་དེ་དག་ཚང་བ་ནི། །ཡོད་ན་གང་ཡང་མི་དགེ་ལ། །དགེ་བ་ཡི་ནི་ཆོས་རྣམས་ལ། །མི་དགེའོ་ཞེས་ན་ང་སྨྲ་བ། །དེ་ཡང་བདུད་ཀྱི་བྱིན་གྱིས་བརླབས། །ཁྱེད་རང་ཡང་ནི་དེ་འདོད་དེ། །ཆོས་མིན་སྤྱོད་པའི་བདུད་སྡིག་ཅན། །བྱང་ཆུབ་སེམས་དཔའ་ཆེ་ཡིན་ཞེས། །གོང་དུ་སྨྲས་པ་ཉིད་ཕྱིར་རོ། །ཡང་འོ་ན་རྒྱལ་བས་ལུང་བསྟན་རིགས། །ཅི་ཕྱིར་སྔར་ལུང་མ་བསྟན་ལོ། །མཐའ་འཁོབ་ཡུལ་རེའི་ཆོས་ལོག་རྣམས། །ཐུབ་པས་ལུང་བསྟན་ག་ལ་ལང་། །བོན་དང་རྫོགས་པ་ཆེན་པོ་གཉིས། །གླེན་པ་བླུན་པོས་བྱས་པས་ན། །ཚིག་དོན་ནོར་བ་བཟུང་སླ་བས། །རྒྱལ་བ་དེ་ཕྱིར་འབད་མི་མཛད། །ཆོས་ལྟར་བཅོས་པ་འབྱུང་བ་དང་། །དམ་ཆོས་བརྟག་པའི་ཆོ་ག་དང་། །ཐབས་ལ་བསླུ་བའི་བདུད་ཡོད་ཅེས། །གསུངས་པ་འདི་དག་ལུང་བསྟན་ཡིན། །ཞེས་པ་ལ། འདས་པ་དང་ནི་མ་འོངས་པའི། །བསྐལ་པ་གྲངས་མཐའ་མུ་མེད་པའི། །ཆོས་ཀུན་མ་འདྲེས་ས་ལེར་གཟིགས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དྲི་བ་མི་འདྲ་ཤ་སྟག་ལ། །ལན་ནི་དུས་གཅིག་འདེབས་ནུས་ན། །མཐའ་འཁོབ་ཙམ་རེའི་ཆོས་ལོག་ཀུན། །ཐུབ་པས་ལུང་བསྟན་མི་ལང་བ། །སྒྲིབ་མེད་གཟིགས་པའི་སངས་རྒྱས་དེ། །སྤོབས་པ་ཟད་དམ་ཅི་ཞིག་ནོངས། །བདེན་པར་སྨྲ་བའི་མདོ་ལས། སངས་རྒྱས་ལ་སེམས་ཅན་ཐམས་ཅད་ཀྱིས་དྲི་བ་མི་འདྲ་བ་ཤ་སྟག་དྲིས་ཀྱང་དེ་དག་ཐམས་ཅད་ལ་ལན་དུས་གཅིག་ལ་འདེབས་ནུས་པར་གསུངས་པས་རྒྱས་པར་དེར་བལྟའོ། །ཡང་། ཅིས་ཀྱང་ལུང་བསྟན་མེད་པའི་ཕྱིར། །དམ་ཆོས་ཡང་དག་ཡིན་ངེས་ན། །རྫོགས་ཆེན་དགག་པ་འདི་སྙེད་ཅིག །ལུང་མ་བསྟན་ཕྱིར་ཆོས་སུ་ངེས། །ཞེས་པ་ལ། རྫོགས་ཆེན་ཤེས་ཕྱིན་ལ་སོགས་པའི། །ཆོས་ལ་ཆོས་མིན་ཞེས་སྨྲ་བ། །དེ་དག་ཕྱི་མའི་དུས་ཀྱི་ཚེ། །དགེ་སློང་གཟུགས་ཀྱི་བདུད་འབྱུང་ཞེས། །རྒྱལ་བས་མདོ་ལས་ལུང་བསྟན་པས། །ལུང་མ་བསྟན་པ་མ་ཡིན་ནོ། །བརྒྱད་སྟོང་པ་ལས། བདུད་སྡིག་ཅན་དགེ་སློང་གི་གཟུགས་སུ་འོངས་ནས་འབྱེད་པར་འགྱུར་ཏེ། ཞེས་སོགས་དང་། རབ་འབྱོར་ངག་གི་ཉེས་པ་སྨྲ་བ་དེ་ལྟ་བུའི་ངོ་བོས་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་འདི་ལྟར་སྐྱེའོ། །རབ་འབྱོར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུན་ཕྱུང་བར་སེམས་པར་འགྱུར། སྐུར་པར་སེམས་པར་འགྱུར། ཕྱིར་གཞིལ་བར་སེམས་པའི་སྐྱེས་བུ་གཏི་མུག་ཅན་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ཉིད་ཀྱི་སྒོར་ཞུགས་པ་དག་ཏུ་རབ་ཏུ་འབྱུང་བར་འགྱུར་རོ། །ཞེས་སོགས་ལུང་བསྟན་པ་དུ་མ་ཡོད་དོ། །ཡང་། ཁ་ཅིག་བོད་དུ་བྱས་ཀྱང་རུང་། །སེམས་ལ་ཕན་ན་དེས་ཆོག་སྟེ། །བོད་དུ་བྱས་པའི་ཟས་གོས་ཀྱིས། །ཆོག་པ་དེ་དང་འདྲ་འོ་ལོ། །ཀླ་ཀློ་མུ་སྟེགས་ཤན་པ་ཡི། །ཟས་གོས་བླང་ན་དེས་ཆོག་སྟེ། །དེ་དག་ཆོས་ལུགས་བླང་མི་རུང་། །ཆོས་དང་ཟས་གོས་ག་ལ་འདྲ། །སེམས་ལ་ཕན་པའང་བརྟག་དགོས་སོ། །རང་གི་ཉོན་མོངས་བྲི་བའམ། །ཉམས་རྟོག་ཅུང་ཟད་སྐྱེས་པ་ལ། །སེམས་ལ་ཕན་ནོ་སྙམ་པར་ཟད། །མུ་སྟེགས་བྱེད་ཀྱི་མཉམ་གཞག་གིས། །མངོན་ཤེས་ལྔ་ཡང་སྐྱེ་སྲིད་པས། །སེམས་ལ་ཕན་ཏེ་ཐར་ལམ་མིན། །ཉན་ཐོས་རང་སངས་རྒྱས་ལམ་གྱིས། །བསིལ་གྱུར་ཞི་བའི་འབྲས་བུ་འཐོང་། །འོན་ཀྱང་སངས་རྒྱས་འགྲུབ་མི་སྲིད། །ཕ་རོལ་ཕྱིན་པའི་རིང་ལམ་ཡང་། །རྡོ་རྗེ་ཐེག་པའི་ཉེ་ལམ་མིན། །ཕན་པར་རློམས་པ་འགའ་ཞིག་གིས། །སྤང་ལ་ངན་སོང་སྒྲུབ་པའང་སྲིད། །མདོ་རྒྱུད་བསྟན་བཅོས་ཟབ་མོ་ཡི། །ལམ་རིམ་ཡོངས་རྫོགས་མི་ཤེས་པར། །རང་གི་ཉམས་མྱོང་གཙོར་འཛིན་པ། །ཕལ་ཆེར་གོལ་སར་ལྟུང་བའི་རྒྱུ། །འོད་སྲུང་སློབ་མ་རྣམ་གཉིས་དང་། །དྲང་སྲོང་རིག་མཆོག་ལ་ཡིན་པ། །སློབ་མ་འབུམ་ཕྲག་དུ་མར་བཅས། །རང་གི་ཉམས་རྟོགས་བཟང་པོ་ལ། །ལུང་རིག་མེད་པའི་མཆོག་འཛིན་གྱིས། །དམྱལ་བར་ལྟུང་བའི་གཏམ་ཡང་ཉོན། །སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་རྣམས་ཀྱིས་བསྒོམས་པས་ཉམས་རྟོགས་ཅུང་ཟད་སྐྱེས་པ་ལ་དགྲ་བཅོམ་པ་ཐོབ་སྙམ་པ་ལས། འཆི་ཁར་གནད་གཅོད་ཀྱི་ཚོར་བས་ལོག་ལྟ་སྐྱེས་ཏེ་ངེད་ཀྱི་སྒོམ་བཟང་པོ་འདི་ལྟ་བུ་སྐྱེས་ཀྱང་དགྲ་བཅོམ་པ་མ་ཐོབ་པས་སངས་རྒྱས་ཀྱིས་དགྲ་བཅོམ་པ་ཡོད་གསུངས་པ་བདེན་རེ་ཀན་སྙམ་ནས་ཤི་བས་ངན་སོང་རྣམས་སུ་སྐྱེ། དེ་ནས་ཐར་ནས་ལོ་མང་པོར་མཐའ་འཁོབ་རྣམས་སུ་སྐྱེས་ཏེ། མཐར་ཡུལ་དེ་རེའི་ཁྱེའུ་གཉིས་སུ་སྐྱེས་པའི་བར་དུ་ལོག་ལྟ་ཅན་དུ་གྱུར། བཅོམ་ལྡན་འདས་ལ་དད་ནས་རབ་ཏུ་བྱུང་བས་གདོད་དགྲ་བཅོམ་པ་ཐོབ་བོ། །དྲང་སྲོང་རིག་མཆོག་མ་ཡིན་པ་ཞེས་བྱ་བ་སློབ་མ་འབུམ་ཕྲག་དུ་མ་དང་བཅས་པས་བསྒོམ་པས་ཉམས་རྟོགས་བཟང་པོ་སྐྱེས། དགྲ་བཅོམ་ཐོབ་སྙམ་ནས་ཤི་བས་འོད་གསལ་གྱི་ལྷར་སྐྱེས། བདག་ཅག་གི་ཉམས་རྟོགས་དེ་ལྟ་བུས་ཀྱང་སྐྱེ་བ་མ་ཆོད་པས་འཇིག་རྟེན་ན་མྱང་འདས་ཡོད་ཟེར་བ་མི་བདེན་སྙམ་པ་དང་ཚེ་འཕོས་ནས་ལོག་ལྟ་དེས་དམྱལ་བར་ལྟུང་བ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྔོན་གྱི་སྐྱེ་བ་སྟོན་པ་ཤེས་རབ་སྣ་ཚོགས་བྱ་བས་དམྱལ་བར་སོང་ནས་བྱིན་གྱིས་བརླབ་ཅིང་ཆོས་བཤད་པས། གདོད་མཐོ་རིས་སུ་སྐྱེས་ཤིང་ལམ་སྒྲུབ་པས་སོ། །བོད་དུ་བྱས་ཚད་ཆོས་མིན་ན། །ཁྱེད་ཀྱི་བསྟན་བཅོས་ཅི་རུང་ལོ། །རང་གིས་བསྟན་བཅོས་རྩོམ་པ་ན། །རྒྱ་བོད་གར་ཡང་དགག་བྱ་མིན། །བཀའ་མ་གྲུབ་པའི་གཞུང་ཡིན་ཞེས། །རྫུན་གྱི་མདོ་རྒྱུད་སོགས་བྱེད་ན། །གསར་རྙིང་སུ་ལ་སྣང་ཡང་རུང་། །བསྟན་འཛིན་རྣམས་ཀྱིས་དགག་བྱ་ཡིན། །ཞེས་པ་ལ། སྨྲ་བ་དེ་དག་ཕལ་ཆེར་ཀྱང་། །རང་བློའི་ལམ་དུ་དྲངས་པས་འཁྲུལ། །ཉམས་རྟོགས་གཉིས་པོ་ཤན་མ་ཕྱེད། །འདི་ནི་ཤིན་ཏུ་གོལ་བ་ཡིན། །བསམ་གཏན་བཞི་དང་གཟུགས་མེད་བཞི། །ཕྱི་རོལ་པ་ཡི་མཉམ་བཞག་དང་། །ཞི་གནས་རྩེ་གཅིག་པ་རྣམས་ཀྱིས། །སྤྱན་དང་མངོན་པར་ཤེས་པ་སོགས། །གནས་སྐབས་ཡོན་ཏན་དུ་མ་བསྐྱེད། །རྟོགས་པའི་ཤེས་རབ་མི་ལྡན་པས། །ཏིང་འཛིན་དེ་ལས་སད་པ་ན། །རྣམ་རྟོག་སྔར་ཤུལ་ཆུག་པ་ཡིས། །ཆོས་མ་བདེན་སྙམ་ལོག་ལྟ་སྐྱེ། །རྒྱུ་དེས་ངན་སོང་འཁོར་བར་ལྟུང་། །གསང་བའི་ཐེག་པ་ཆེན་པོ་འདིར། །ཉམས་དང་རྟོགས་པ་ཤན་ཕྱེ་སྟེ། །ལྷག་མཐོང་རྟོགས་པའི་ཤེས་རབ་ཀྱིས། །ཕྱིར་མི་ལྡོག་པར་གསུངས་པ་ཡིན། །འདི་ནི་བཀའ་བརྒྱུད་པ་ལའང་གྲགས། །ལྷ་རུ་སྐྱེ་བའི་བསམ་གཏན་ཀུན། །ཞི་གནས་ཉག་གཅིག་ཡིན་པར་གསུངས། །དེ་ལས་སྐྱེས་པའི་བདེ་གསལ་དང་། །མི་རྟོག་ཏིང་འཛིན་ཉམས་སུ་འདོད། །འདི་ལ་ལྷག་མཐོང་ཡོད་མ་ཡིན། །དེས་ན་དེ་གཉིས་ཤན་ཕྱེ་སྟེ། །སེམས་ལ་ཕན་པའི་ཉམས་ཙམ་གྱིས། །ཐར་པ་ཐོབ་པ་བགེགས་རིགས་ཀྱི། །ཉམས་རྟོགས་སྒྲེལ་ནས་སྨྲ་བ་འདིས། །ཕྱག་རྒྱ་ཆེན་པོའང་ཁྱད་དུ་བསད། །ཇི་སྲིད་ནམ་མཁའ་ཟད་ཀྱི་བར། །ཐར་པའི་གོ་སྐབས་སྤངས་པ་ཡིན། །དེ་ལྟར་ཁྱེད་ཀྱིས་རྫོགས་ཆེན་ཆོས། །མིང་ཙམ་མེད་པར་ནུབ་ན་སྙམ། །འབད་པ་ཆེན་པོས་བཀག་མོད་ཀྱི། །ཁྱེད་ལས་སྨོན་ལམ་ཤེས་རབ་སྟོབས། །མཐུ་དང་རྫུ་འཕྲུལ་ཆེས་ཆེ་བའི། །བདུད་ཚོགས་སྡེ་དང་དཔུང་བཅས་པས། །བསྣུབ་པ་ཉིད་དུ་མི་ནུས་ན། །ཁྱོད་ཀྱིས་བསྣུབ་པར་ག་ལ་ནུས། །དེ་ཕྱིར་སྙིང་ལས་ཆུང་ངུར་མཛོད། །ཡང་། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཞེས། །རྩ་བའི་ལྟུང་བར་གསུངས་པའི་ཕྱིར། །ཕྱི་རོལ་གཞུང་དང་རྫུན་རྒྱུད་ཀྱང་། །སྨད་ན་དམ་ཚིག་ཉམས་སོ་ལོ། །འོ་ན་རྒྱལ་དང་དེ་སྲས་དང་། །མཁས་གྲུབ་ཀུན་གྱི་དེ་སྨད་ཕྱིར། །དེ་དག་དམ་ཉམས་ཡིན་ནམ་ཅི། །ཞེས་པ་ལ། རྣམ་གཟིག་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་དུ་བྱོན་པ་ཡི། །འདས་པའི་སངས་རྒྱས་ཐམས་ཅད་དང་། །ད་ལྟར་བཞུགས་དང་སླད་ནས་འབྱོན། །ཐུབ་བ་སྐྱེས་མཆོག་དེ་ཀུན་གྱིས། །རྫོགས་ཆེན་རྫུན་གཞུང་ཡིན་ནོ་ཞེས། །གསུངས་པ་ཡོད་ན་སྟོན་པར་རིགས། །བཀའ་བསྡུ་མཛད་དང་དགོངས་འགྲེལ་མཁན། །འཇམ་དཔལ་ཕྱག་རྡོར་སྤྱན་རས་གཟིགས། །དེ་སོགས་རྒྱལ་སྲས་སེམས་དཔའ་ཆེ། །སུ་ཡིས་རྫོགས་ཆེན་བཀག་པ་ཡིན། །ཚི་འབྲུ་ཙམ་ཞིག་སྟོན་པར་རིགས། །རྒྱན་དྲུག་མཆོག་གཉིས་ལ་སོགས་པ། །རྒྱ་གར་པཎ་གྲུབ་དེ་རྣམས་དང་། །བོད་ཀྱི་ཡུལ་འདིར་བྱོན་པ་ཡི། །བསྟན་པ་འཛིན་པའི་བཤེས་གཉེན་ཡང་། །སྐར་ཚོགས་ཇི་བཞིན་གྲངས་ལས་འདས། །ཀུན་གྱིས་རྫོགས་ཆེན་བཀག་པ་མེད། །ཞི་བ་འོད་དང་ཙ་མི་འགོས། །དེ་ལ་སོགས་པའི་འབྱམས་ཡིག་ལའང་། །བརྟག་ན་ཞེ་ནས་བཀག་པ་མེད། །ཁྱེད་ཀྱིས་སྙིང་ནས་ཆོས་སྤངས་པས། །རྩ་ལྟུང་དྲུག་པ་མི་ཕོག་ན། །ཆོས་མ་སྤངས་ལ་ཕོག་གམ་ཅི། །སྤྱིར་ན་གསར་རྙིང་འགའ་ཞིག་ལ། །བསླད་པ་ཡོད་པར་གྲགས་མོད་ཀྱང་། །གསང་སྔགས་རྙིང་མའི་སྔ་འགྱུར་ལྔ། །མ་གཏོགས་ཆོས་མ་ཡིན་ནོ་ཞེས། །སྤངས་ཕྱིར་འདི་ལ་ཆོས་སྤོང་ཟེར། །ཡང་། རྩ་བའི་ལྟུང་བ་དྲུག་པ་ནི། །སྔགས་དང་ཕ་རོལ་ཕྱིན་པའི་གཞུང་། །དྲི་མ་མེད་ལ་སྨོད་པ་ཞེས། །སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས། །ཁ་ཅིག་རྣམ་སྣང་མངོན་བྱང་ལས། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་མི་སྨོད་ཅེས། །གསུངས་ཕྱིར་ལྟ་ངན་མི་སྨད་ལོ། །དེ་ནི་གང་ཟག་མུ་སྟེགས་ཅན། །དགོས་པ་མེད་ལ་སྨོད་པར་གསུངས། །མུ་སྟེགས་ཅན་གྱི་ལྟ་ངན་རྣམས། །རྒྱལ་བ་སྲས་དབོན་ཀུན་གྱིས་བཀགས། །ཞེས་པ་ལ། རྩ་ལྟུང་དྲུག་པ་ཞེས་པ་དེ། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དེ་སྐད་བྷ་བའི་ལྷ་ཡིས་བཤད། །འཕགས་པ་སྤྱན་རས་གཟིགས་དབང་གིས། །དྲི་མེད་སྔགས་དང་ཕ་རོལ་ཕྱིན། །སྨོད་པ་དྲུག་པར་གསུངས་པ་དེ། །རང་གི་གྲུབ་མཐའ་སྨོད་ལ་དགོངས། །དེ་བཞིན་གཞན་གྱི་གྲུབ་མཐའ་དང་། །ངན་སོང་སྦྱོང་བའི་བརྟག་པར་ཡང་། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་གསུངས་དཱ་རི་ཀ་པ་དང་། །རྗེ་བཙུན་གྲགས་པ་ལ་སོགས་པའི། །རྩ་ལྟུང་བཅུ་བཞི་འགྲེལ་མཛད་རྣམས། །ཕྱི་ནང་གྲུབ་མཐའ་གང་སྨོད་པ། །དེ་ནི་རྩ་ལྟུང་དྲུག་པར་བཞེད། །རྒྱལ་དང་རྒྱལ་སྲས་མཁས་གྲུབ་རྣམས། །ལྟ་བ་ངན་པ་འགོག་མཛད་པ། །གདུལ་བྱ་ལོག་ལམ་བཟློག་བྱའི་ཕྱིར། །ཐུགས་རྗེའི་དབང་གིས་འགོག་མཛད་ཀྱང་། །སྡང་སེམས་འཁྲུག་པས་འགོག་མི་མཛད། །ནཱ་རོ་པ་འདྲའི་སྐྱེས་མཆོག་ཀྱང་། །མུ་སྟེགས་རྩོད་པ་ཕམ་མཛད་པས། །ཚེ་གཅིག་སངས་རྒྱས་ཉམས་སོ་ཞེས། །ཏེ་ལོ་པ་ཡིས་མ་གསུངས་སམ། །དེས་ན་བྱེ་བྲག་སྨྲ་བ་ནས། །སེམས་ཙམ་བར་གྱི་ལྟ་བ་རྣམས། །དབུ་མ་པ་ཡིས་སུན་ཕྱུངས་ལྟར། །ཐེག་པ་དམའ་བ་ཙམ་ཞིག་ཏུ། །སྨྲ་བ་ཙམ་ལ་སྐྱོན་མེད་ཀྱང་། །སྙིང་ནས་གཞན་ཆོས་སྨོད་པ་འདི། །རྩ་བའི་ལྟུང་བ་དྲུག་པར་གསུངས། །ཕྱོགས་འཛིན་ཉེས་པ་ཀུན་གྱི་འབྱུང་ཁུངས་ཕྱིར། །སྡང་ཞུགས་ཚུལ་གྱིས་གཞན་སྡེའང་སྨད་མི་རུང་། །ཞེས་དང་། མུ་སྟེགས་ཀྱི་གཞུང་སྨད་པ་རྩ་ལྟུང་དྲུག་པ་ཕོག་པའི་རྒྱུ་མཚན། བཤགས་པའི་གནས་ཡིན་པར་རྒྱ་བོད་ཀྱི་བླ་མ་རྣམས་མཐུན་ལ་ལྟུང་བ་མ་ཕོག་ན་བཤགས་རྒྱུ་མེད་པའི་ཕྱིར་རོ། །ཡང་། ཁ་ཅིག་གྲོང་རྟགས་བཟང་བའི་ཕྱིར། །རྫོགས་ཆེན་སྨྲ་བ་ཆོས་ཡིན་ལོ། །གྲོང་རྟགས་བཟང་པོ་གང་ལ་བྱེད། །མདོ་འམ་རྒྱུད་ཀྱི་ལུང་ཅི་ཡོད། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དགྲ་བཅོམ་འཕགས་རྣམས་འདས་པའི་དུས། །ས་གཡོས་ཕྱོགས་ཚིག་སྐར་མདའ་ལྟུང་། །རླུང་སོགས་ལྟས་ངན་འབྱུང་བར་བཤད། །སྐྱེས་ཆེན་དེ་འདྲ་འདས་པ་ན། །སྐྱེ་རྒུའི་བསོད་ནམས་ཟད་པ་ཡིན། །དེ་ཕྱིར་དེ་འདྲ་འབྱུང་བར་འོས། །ལྷ་ཡུལ་སྐྱེས་ན་མེ་ཏོག་འབབ། །སྐུ་དང་ཡི་གེ་ཐུགས་ལྗགས་སྤྱན། །འཕགས་པ་རྣམས་ལ་བྱོན་པ་མེད། །ཆོས་ལ་སྡང་བའི་བོན་པོ་ལ། །སྐུ་དང་ཡི་གེ་ཐུགས་ལྗགས་འབྱོན། །ཞེས་པ་ལ། འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་ངོ་ཞེས། །མདོ་ཡི་ལུང་རྒྱབ་འདི་ཡིས་ཆོག །སྐུ་དང་ཡི་གེ་འབྱོན་པ་ནི། །གསང་སྔགས་པ་ཡི་ཁྱད་ཆོས་ཏེ། །ཇོ་བོ་ཆེན་པོ་རྗེ་ཡིས་ཀྱང་། །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱོན། །ཚུལ་ཁྲིམས་གཙང་ལ་མེ་ཏོག་འབབ། །བྱང་ཆུབ་སེམས་ལ་རིང་སྲེལ་འཛག །སྐྱེ་མེད་དོན་མཚོན་ཡི་གེ་ཨ། །ཕྱིར་མི་ལྡོག་པ་དུང་འཁྱིལ་ཏེ། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱོན་པར་བཤད། །ཅེས་སོགས་གླེགས་བམ་ཉིད་དུ་བཤད། །སྐྱེས་བུ་ཆེན་པོ་གང་གཤེགས་པས། །སྐྱེ་རྒུ་བསོད་ནམས་ཟད་པའི་ཕྱིར། །མི་རུང་ལྟས་ཀྱང་འབྱུང་མོད་ཀྱི། །དེ་རང་གྲོལ་བའི་ཡོན་ཏན་དང་། །གདུལ་བྱའི་བསོད་ནམས་སྤེལ་ཕྱིར་དུ། །སྐུ་གསུང་ཐུགས་རྟེན་བྱོན་པ་ཡང་། །རྗེ་བཙུན་ས་སྐྱ་པཎ་ཆེན་ལ། །གཙུག་ཏོར་དབུས་སུ་ཀྱཻ་རྡོ་རྗེ། །ཕྲག་པར་ཁ་སར་པ་ཎི་དང་། །ལྷ་སྐུ་དཔག་ཏུ་མེད་པ་བྱོན། །འགྲོ་མགོན་གཙང་པ་རྒྱ་རས་ཀྱི། །སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ། །སྤྱན་རས་གཟིགས་དབང་ཉེར་གཅིག་བྱོན། །མཁས་པ་གུང་རུའི་དབུ་ཐོད་ལ། །ཨཥྚའི་སྔགས་རིང་འབུར་དོད་བྱོན། །སྐྱེ་མེད་དོན་མཚོན་ཨ་ཡིག་དང་། །སྐུ་གསུང་ཐུགས་སྙིང་ༀ་ཨཱཿཧཱུྃ། །ཡི་གེ་དྲུག་པ་ལ་སོགས་པ། །བྱོན་པའི་བཤེས་གཉེན་བསམ་ལས་འདས། །མཉམ་མེད་དྭགས་པོ་ལྷ་རྗེ་ལ། །ཐུགས་ལྗགས་བྱོན་པ་ལ་སོགས་པ། །སྔོན་བྱོན་སྐྱེས་མཆོག་དེ་དག་གི། །སོ་སོའི་རྣམ་ཐར་བལྟས་པས་ཤེས། །འོན་ཀྱང་ཁྱེད་ནི་དེ་ཡི་ཚུལ། །བཟང་པོ་ཡིན་པར་མི་སེམས་མོད། །ཡང་། ཁ་ཅིག་ནུས་པ་འབྱུང་བའི་ཕྱིར། །རྫུན་རྒྱུད་རྣམས་ཀྱང་ཆོས་ཡིན་ལོ། །མུ་སྟེགས་ཀླ་ཀློ་བོན་ལ་ཡང་། །ཚེ་འདིའི་ནུས་པ་ཆེན་པོ་ཡོད། །ཁ་ཅིག་རྫོགས་པ་ཆེན་པོ་པ། །ནོར་ལྡན་བསོད་ནམས་ཆེན་པོ་ལ། །བོད་ཀྱི་སྡེ་བདག་འདི་ཐམས་ཅད། །རྫོགས་ཆེན་མི་ཤེས་གསར་མ་པ། །ཁ་ཅིག་རྙིང་མ་དོར་ནས་ནི། །གསར་ལ་ཞུགས་པ་མི་ཤེས་ལོ། །ས་སྐྱ་པ་དང་འགྲི་གུང་པ། །མར་པ་མི་ལ་ཡང་དགོན་པ། །འགོས་དང་རྔོག་དང་ཁུ་དང་མྱོས། །དཔྱལ་ཞང་འབྲོམ་སྟོན་བུ་དོལ་སོགས། །ཐམས་ཅད་འབྱོར་ལྡན་གྲགས་ཆེན་སྙན། །སོ་ཟུར་གནུབས་སོགས་ཁྲལ་གྱིས་མནར། །ཞེས་པ་ལ། ནུས་པ་ཆོས་སུ་སྒྲུབ་པ་དང་། །ནོར་དང་བསོད་ནམས་ཆེ་བས་དང་། །ཤིས་དང་མི་ཤིས་ལ་སོགས་པ། །འཇིག་རྟེན་སྐྱེ་བོའི་ཕལ་ཚིག་ལ། །སྡང་འདོད་ཀུན་སློང་ངན་པ་ཡིས། །འབད་པས་ལན་འདེབས་བྱེད་པ་ཡང་། །བྱིས་པའི་ངང་ཚུལ་ཉིད་དུ་ཟད། །སོ་ཟུར་གནུབས་སོགས་ཁྲལ་གྱིས་མནར། །ཅེས་པའང་དོན་ལ་ཅུང་མི་གནས། །རོང་གི་ཁུ་ལུང་ལ་སོགས་ན། །སོ་དང་གནུབས་པར་གཏོགས་པ་ཡི། །གྲོང་སྔགས་འགའ་ལ་ཁྲལ་རིས་སྣང་། །ཟུར་བའི་ཡང་འུག་ལ་སོགས་ལ། །ཁྲལ་རིགས་ད་ལྟའི་བར་དུ་མེད། །ཆོས་དང་གང་ཟག་ལ་སྡང་བ། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །སྤངས་པས་རྩ་ལྟུང་ལྔ་པ་ཕོག །སེམས་ཅན་རྣམས་ལ་བྱམས་པ་སྤང་། །དེས་ནི་རྩ་ལྟུང་བཞི་པས་ཟིན། །ཟབ་མོ་གསང་བ་སྔགས་ཀྱི་དོན། །སྐུར་འདེབས་སྐྱེ་བོ་ཡོངས་ལ་བསྒྲགས། །བདུན་པའི་གསང་སྒྲོག་ཉིད་ཀྱང་ཕོག །བུད་མེད་མ་སྨད་ཙམ་ཞིག་དང་། །རང་གི་ཕུང་པོར་མ་བརྙས་པས། །བརྒྱད་དང་བཅུ་བཞིས་མ་གོས་ཀྱང་། །གཞན་དུ་རྩ་ལྟུང་བཅུ་གཉིས་ཀྱི། །གོང་བུ་ཆེན་པོར་ཁྱོད་གྱུར་ན། །འབད་པས་བཤགས་སྡོམ་བྱ་བར་རིགས། །ཡང་། འདི་དག་བཀག་ཀྱང་མི་ཁེགས་པས། །སྨྲ་བ་ངལ་བར་ཟད་ཅེ་ན། །ཀུན་གྱི་སྡིག་པ་མི་ཁེགས་ཀྱང་། །འགའ་ལ་ཕན་ཕྱིར་སངས་རྒྱས་བྱོན། །ཅེས་པ་ལ། འདི་ཡང་མཁས་པའི་གཏམ་མ་ཡིན། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཡུལ་ཁམས་གཅིག་དང་རྒྱལ་པོ་གཅིག །གྲོང་ཁྱེར་གཅིག་གི་དོན་དུ་མིན། །ལྷ་བཅས་འཇིག་རྟེན་ཐམས་ཅད་ཀྱི། །སྐྱབས་མགོན་རྟེན་དང་དཔུང་གཉེན་དུ། །བྱོན་ཅེས་སྨན་པ་མཁས་པའི་དཔེས། །སྐྱོབ་པ་མཆོག་དེས་མདོ་ལས་གསུངས། །གྲ་ཚང་རེ་ཡི་སློབ་དཔོན་དང་། །དགོན་སྡེ་རེ་ཡི་མཁན་པོ་ལྟར། །བརྒྱ་སྟོང་ཙམ་རེའི་ཚོགས་དཔོན་དུ། །སངས་རྒྱས་བྱོན་པར་གང་བལྟ་བ། །སྔོན་ཆད་དགེ་བའི་འབྲས་ཆུང་བས། །ད་ལྟའང་མོས་པ་དམའ་བ་ཡིན། །ཡང་། ཤེས་རབ་ལྡན་པས་འདི་ཐོས་ན། །ལ་ལ་ལ་ལ་དཔྱོད་པའི་གཞི། །ལ་ལ་ལ་ལ་བླང་དོར་ཤེས། །ཞེས་པ་ལ། དེ་ལྟར་ཇི་སྐད་སྨྲ་བ་བཞིན། །སྔ་འགྱུར་བསྟན་པའི་རྣམ་བཞག་ལ། །ལན་གྲངས་སྟོང་དུ་རྒོལ་མེད་ཀྱེ། །མཁས་པ་བློ་གྲོས་མིག་ལྡན་པས། །བལྟས་ཚེ་སྙིང་པོ་ཅང་མི་སྣང་། །གསར་འགྱུར་བསྟན་པའི་རྣམ་བཞག་ལ། །བླང་བའི་གཞི་ཡང་ཅུང་ཟད་སྣང་། །དེ་ཕྱིར་དེ་ལ་རྗེས་ཡི་རང་། །ཡང་། འཛམ་བུའི་གླིང་ན་སངས་རྒྱས་བྱོན། །སྐྱེ་རྒུ་ཕལ་ཆེར་ཕྱི་རོལ་པ། །ཐུབ་པའི་སློབ་མ་སྲིད་མཐའ་ཙམ། །ཞེས་པ་ལ། ཀྱེ་མ་ཐུབ་སློབ་སྲིད་མཐའ་ཙམ། །དེ་སྐད་ནམ་ཡང་མ་སྨྲ་ཞིག །གདུལ་བྱ་དུས་ལ་མ་བབ་ན། །སངས་རྒྱས་འཇིག་རྟེན་ག་ལ་བྱོན། །མུ་སྟེགས་སྟོན་པ་འཁོར་མང་བ། །འོད་སྲུང་སློབ་མ་རལ་པ་ཅན། །ཁྲི་དང་སྟོང་ཕྲག་དྲུག་བཅས་དང་། །ཉེ་རྒྱལ་དང་ནི་པང་ནས་སྐྱེས། །འཁོར་བཅས་ཐུབ་པའི་སློབ་མར་གྱུར། །འདུས་པ་སྔ་ཕྱི་བར་གསུམ་གྱི། །ཉན་ཐོས་གྲངས་ཀྱང་རྒྱ་ཆེར་བྱུང་། །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི། །འདུས་པ་བགྲང་དུ་ག་ལ་སྤྱོད། །ལྷ་དང་མི་ཡི་སྐྱེ་རྒུའི་ཚོགས། །གྲངས་མེད་བྱང་ཆུབ་ལམ་ལ་བཀོད། །དགྲ་བཅོམ་རྒྱུན་ཞུགས་ཕྱིར་མི་འོང་། །ཕྱིར་འོང་སོགས་ལ་བཀོད་པའི་ཚུལ། །བསམ་གྱི་མི་ཁྱབ་བརྗོད་ལས་འདས། །ད་དུང་ཐོས་པ་རྒྱ་སྐྱེད་ཅིག །ཡང་། དེ་སླད་མང་པོའི་སྡིག་ཅན་འགྱུ། །འོན་ཀྱང་སྡིག་པ་བསགས་རྣམས་ཀྱང་། །ནམ་ཞིག་འཁོར་བ་མཐའ་ཅན་དུ། །འབྱུང་བ་དེ་ཉིད་ཐབས་ཡིན་ཞེས། །ཐུགས་རྗེ་མངའ་བ་ཞིང་འདིར་གཤེགས། །དེ་ལྟར་ཁོ་བོའི་བསྟན་བཅོས་འདི། །ཇི་བཞིན་རྟོགས་པའི་མཁས་པ་ཉུང་། །འོན་ཀྱང་དེ་ལ་ཐབས་འདི་ཡིན། །ཞེས་པ་ལ། ཟབ་མོའི་ཆོས་ལ་ལོག་ལྟ་བ། །ཆོས་མཆོག་སྤངས་པའི་མི་དེ་ནི། །མནར་མེད་དམྱལ་བར་འགྲོའོ་ཞེས། །འཇམ་དཔལ་རྩ་བའི་རྒྱུད་ལས་གསུངས། །འཁོར་བ་མཐའ་ཅན་གྱུར་སྲིད་ཀྱང་། །དབུལ་ཞིང་ནད་མང་གླེན་པ་དང་། །ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་སྨད་པར་འགྲོ་བ་སྟེ། །དེ་ནི་མཛེ་ཅན་ནད་པར་འགྱུར། །ལྐུགས་ཤིང་འོན་པ་ཡན་ལག་ཉམས། །བློ་ཉམས་ལོང་བ་ཉིད་དང་ནི། །རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས། །ས་སྟེང་ཡི་དྭགས་ལྟ་བུར་སྣང་། །དེ་སོགས་ཉེས་དམིགས་རྒྱ་ཆེར་གསུངས། །གཞན་ཡང་གསང་བ་གྲུབ་པ་ལས། །རྡོ་རྗེ་ཐེག་པ་ལ་སྨོད་པ། །དེ་ནི་ངན་འགྲོར་འགྲོ་བར་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མ་གུས་པར་ནི་བྱེད་པ་གང་། །བདེ་གཤེགས་མཚན་མ་ལ་བསྟན་ཀྱང་། །དེ་ནི་ངེས་པར་མནར་མེད་འགྲོ། །ཞེས་གསུངས་ཁྱེད་ཀྱིས་རྙིང་མའི་ལྷ། །མུ་སྟེགས་བོན་གྱི་ལྷ་རུ་བལྟས། །ཆོས་མ་ཡིན་པར་ནན་གྱིས་བསྒྲུབས། །ཉམས་ཉེན་མཁན་གྱི་ཀུན་སྤྱོད་འདིས། །སངས་རྒྱས་འགྲུབ་རེ་མནའ་ཡིས་གཅུས། །སྔགས་ཀྱི་དཀོན་མཆོག་གསུམ་སྤངས་པས། །བདེ་གཤེགས་མཚན་མ་ལ་བརྟེན་ཀྱང་། །དམྱལ་བར་གཤེགས་འདི་འོ་རེ་བརྒྱལ། །ཨེ་མ། འཇིག་རྟེན་གསུམ་མགོན་དྲི་མ་གསུམ་སྤངས་པ། །ཀུན་བཟང་སྒྱུ་འཕྲུལ་བཀའ་བརྒྱད་འདུས་པ་མདོ། །དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ཐུགས་རྗེ་ཅན། །ཐུབ་དབང་བསྟན་པའི་སྙིང་པོ་འདི་སྤོང་བའི། །འགྲོ་རྣམས་རྡོ་རྗེའི་ཁབས་ནས་དྲངས་མཛོད་ལ། །ཐར་པའི་ལམ་ལ་འགོད་པར་མཛད་དུ་གསོལ། །ད་ཁྱེད་ཀྱི་བསྟན་བཅོས་འདིའི་སྦྱར་བྱང་ལས། །གཞན་ལ་ཕན་དགའ་བྱམས་དང་སྙིང་རྗེའི་བློས། །སྐྱེ་རྒུས་ལམ་དང་ལམ་མིན་ཤེས་ཕྱིར་བྱས། །སྡང་ཞུགས་རྣམས་ལ་ཁོ་བོས་བཟོད་པར་གསོལ། །བསྟན་པ་འཛིན་པ་རྣམས་ལ་ཕྲིན་དུ་བཞེས། །ཆོས་མིན་རྣམས་ཀྱི་དེ་ཉིད་འདི་ཡིན་ཞེས། །གཟུ་བོར་གནས་བློས་འཐད་པའི་སྙིང་པོ་བསྟན། །ཐུབ་དབང་རྒྱལ་པའི་བསྟན་པ་ཉམས་དམའ་བས། །ལེགས་བཤད་གཞན་ལ་ཕན་པའང་དུས་ཀྱིས་དཀའ། །འདི་འདྲ་ཐེག་མཆོག་སྙིང་པོའི་རྣལ་འབྱོར་བ། །དྲི་མེད་ནམ་མཁའི་སྒྲ་གཅན་དཔལ་གཤིན་རྗེ། །དེས་བསྟན་དགེ་བའི་དཀྱིལ་འཁོར་མཐའ་ཡས་དེས། །འགྲོ་ཀུན་ཀུན་མཁྱེན་ཡེ་ཤེས་འགྲུབ་གྱུར་ཅིག །ཆོས་དང་ཆོས་མ་ཡིན་པ་རྣམས་པར་འབྱེད་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་བྱ་བ། ཤཱཀྱའི་རྒྱལ་བའི་བསྟན་པ་ལོ་ཉིས་སྟོང་ཉིས་བརྒྱ་དང་སུམ་ཅུ་རྩ་གཉིས་ལོན་པ། དབང་པོའི་ལོ་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་ཕྱོགས་ཕྱི་མའི་ཚེས་བརྒྱད་ལ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ཐུབ་པའི་བསྟན་པ་ལ། ཕན་པ་དང་རིགས་པར་སྨྲ་བའི་བཙུན་པ་རྒྱ་མཚོའི་སྤྲིན་འབྲུག་སྒྲ་བཟང་པོས། དཔལ་ཨེ་ཝཾ་གི་རི་ཁྲོད་ལྷོ་གླིང་ནོར་བུའི་སྒང་འོད་བཟང་ཉི་མའི་རྫོང་དུ་སྦྱར་བ་འཇིག་རྟེན་ན་ཉི་ཟླ་ལྟར་གྱུར་ཅིག །ཅེས་པ་ལ། དེ་དག་ཚིག་སྦྱོར་ལེགས་མོད་ཀྱི། །ཆོས་མིན་དེ་ཉིད་འདི་འོ་ཞེས། །གཟུ་བོའི་བློ་ཡིས་བསྟན་པ་ན། །དེ་ལ་ཡིད་བརྟན་རུང་མོད་ཀྱི། །སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་། །ལྟ་སྤྱོད་སྟོང་ཉིད་སྙིང་རྗེའི་ལམ། །ཡོངས་སུ་བསྔོ་བའི་བར་གྱིས་ནི། །སངས་རྒྱས་ཆོས་སུ་མ་བྱས་པས། །གཞན་ཕན་བྱམས་བློས་བྱས་ཟེར་ཀྱང་། །འབྱུང་པོ་འགའ་ཡིས་མི་རྣམས་ལ། །དགའ་བ་བསྐྱེད་ཀྱང་གནོད་པ་བཞིན། །འོན་ཀྱང་ཁྱེད་ལ་སྡིག་མ་གྱུར། །ད་ནི་བདག་གིས་ཇི་ལྟར་བྲིས་པའི་རྒྱུ་མཚན་སྨྲས་པ། ཁྱེད་ཀྱི་བསྟན་བཅོས་ཡོངས་རྫོགས་འདིའི། །ཡིག་ཆ་དཀོན་ཀྱང་རགས་རིམ་ཙམ། །ལེགས་བཤད་གསེར་གྱི་ཐུར་མ་རུ། །པཎ་ཆེན་ཤཱཀྱ་མཆོག་ལྡན་པས། །དགོངས་པ་ཅན་དུ་དྲངས་པ་ལ། །མཁས་པ་མཆོག་དེའི་དགོངས་པ་ནི། །སུས་ཀྱང་གོ་བར་མ་མཆིས་པས། །ཕལ་ཆེས་གཞུང་དེ་དྲང་པོར་འཛིན། །དེ་ལ་རྙིང་མ་པ་ཁ་ཅིག །སྒྲོ་འདོགས་གཅོད་པའི་བློ་མེད་པར། །མཁས་མཆོག་དེ་ལ་སྐུར་འདེབས་པས། །སྡིག་པའི་ལས་དེ་བཟློག་བྱའི་ཕྱིར། །སྔོན་ཆད་དེ་ལ་ལན་ཞིག་བྱས། །དུས་ཕྱིས་ཆོས་རྒྱལ་མིའི་དབང་པོ། །གང་དེས་དཔེ་དང་བཀས་གནང་ནས། །འདི་ལ་སྔོན་ཆད་ལན་ཐེབས་སོ། །མ་བྱུང་ཕྱིར་ན་ཕལ་ཆེར་ཞིག །འདི་ཡིས་བསླུས་པ་བྱུང་སྣང་བས། །ཤིན་ཏུ་ཐེབས་པའི་ལན་ཐོབ་ཅེས། །བཀའ་ཡི་ཁུར་ཆེན་བསྩལ་པ་དང་། །ཁྱེད་ཀྱིས་རྫོགས་པ་ཆེན་པོའི་ཆོས། །ཞེ་ནས་བསྣུབ་པའི་བསམ་པ་འདིས། །སངས་རྒྱས་ཐམས་ཅད་བསླུས་པ་ཡིན། །དེ་ཉིད་སྣང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་གང་ཡིན་པ་དེ་ནི་ངས་བྱས་ཀྱི་བསྟན་བཅོས་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་སྨྲ་བས་དེ་བཞིན་གཤེགས་པ་ཐམས་ཅད་བསླུ་བར་བྱེད་པ་དག་ཀྱང་སྣང་ངོ་། །དམ་པའི་ཆོས་ལ་སྨད་པ་དང་། ཞེས་བྱ་བ་ནི་དམ་ཆོས་བསླུས་སམ་སྡིག་པ་ཆེན་པོ་བྱེད་པ་སྟེ། འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ་འདི་དག་ནི་སྙན་ངག་མཁན་གྱིས་བྱས་པ་ཡིན། ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཚིག་དོན་སྤོང་བར་བྱེད་པའོ། །ཞེས་གསལ་བ་གསུངས་སོ། །ཚིག་རྩུབ་སྒྲོས་ངར་ཟུར་རྣོ་བ། །ཁོ་ནར་སྣང་བས་དེ་ཡི་ལན། །དེ་ལྟར་རྩུབ་མོར་བྲིས་པ་ལ། །མཁས་པ་དག་གིས་བཟོད་མཛད་རིགས། །ཅི་ཕྱིར་ཁྱེད་ཀྱིས་བསྟན་བཅོས་འདིར། །གལ་ཏེ་རྫོགས་པ་ཆེན་པོའི་ཆོས། །བཀའ་རུ་སྒྲུབ་པའི་ཤེས་བྱེད་བཟང་། །འགོག་ལ་གཏན་ཚིགས་མེད་མཐོང་ན། །མཁས་པ་རྣམས་ཀྱི་བླང་བར་འོས། །ཞེས་གསུངས་ཕྱིར་ན་དེ་ལྟར་ལན། ཐེབས་པར་བཏབ་ལ་ཉེས་པ་མེད། །གནོད་ལན་གནོད་པ་བྱེད་ལྟ་བུའི། །མ་རབས་ལུགས་ངང་འདི་མི་མཚུངས། །རྩོད་ཚེ་ཀླུ་སྒྲུབ་ཡབ་སྲས་ལའང་། །མཆིལ་ལྷྭམ་འགྲམ་པར་བརྒྱབ་པ་སོགས། །དེ་ལྟའི་ཀུན་སྤྱོད་ཡོད་ཅེས་ཐོས། །རྩོད་པས་མཁོན་དུ་མི་འཛིན་པ། །མཁས་པ་རྣམས་ཀྱི་སྤྱི་ལུགས་ཡིན། །འོན་ཀྱང་བདག་གིས་མ་གོ་ཞིང་། །མ་ཤེས་ནོངས་པ་ཅི་མཆིས་པ། །དེ་ཡང་མཁས་པ་རྣམས་ལ་བཤགས། །སྤྱིར་ན་བདག་ཉིད་མཁས་པ་མིན། །མཁས་པ་བྲིན་པའི་དུས་ཀྱང་མིན། །དེ་ཕྱིར་རྩོམ་པའི་བློ་མེད་ཀྱང་། །དེ་མ་ཡིན་ལ་དེར་འཛིན་གྱི། །ཕྲ་མ་སྔ་བཙན་དབང་པོ་ཆེ། །འདི་ཡིས་བསླུས་པ་ཆེས་མང་བས། །དེ་དག་ཀུན་ལ་ཕན་ཕྱིར་དང་། །ས་སྐྱང་ཆོས་ཀྱི་རྒྱལ་པོ་ཡི། །བཀའ་ཡི་ཁུར་ཆེན་མ་བཟློག་པས། །རགས་རིམ་ཙམ་ཞིག་བཀོད་པ་ཡིན། །དུས་མཐར་བཞི་པའི་ཚིགས་སུ་བཅད་པ་ཙམ། །བཤད་ལ་བསོད་ནམས་དཔག་ཏུ་མེད་དོ་ཞེས། །ཐུབ་པ་ཆོག་དེས་གསུངས་ཕྱིར་དགེ་བ་དེས། །འགྲོ་ཀུན་རྡོ་རྗེའི་ཐེག་པ་འཇུག་གྱུར་ཅིག །གནས་ངན་ལེན་གྱི་འགྲོ་བ་མཐའ་དག་དང་། །ཁྱད་པར་དམ་ཆོས་སྤངས་པའི་ལས་འབྲས་ཀྱིས། །དམྱལ་མེད་ཤིན་ཏུ་བཟོད་དཀས་གདུང་པ་དག །ཐར་པ་ཐོབ་ནས་བདེ་ལ་རེག་གྱུར་ཅིག །དགེའོ།། ༈ །།ད་ནི་ཞར་ལ་སྡོན་གྱི་དུས་སུ་གྲགས་པའི་ལྷ་བླ་མ་རྣམ་གཉིས་དང་། བདག་ཉིད་ཆེན་པོ་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་བཀའ་ཤོག་འབྱམས་ཡིག་ལན་དུ་གསོལ་བ་རྣམས་བརྗོད་པར་བྱའོ། །དེ་ལ་ལྷ་བླ་མ་ཡེ་ཤེས་འོད་འདི་ནི་འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། འདིས་བསྟན་པ་ཕྱིས་དར་གྱི་མགོ་བརྩམས་པའི་དུས་དེར་ནི། མངའ་བདག་ཁོ་རེ་ཡིན། འདི་གླང་དར་གྱི་སྲས་ཡིན། ཁ་ཅིག་ཏྲོང་ངེ་ཡིན་ཟེར། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་ཀླུ་མེས་ལ་སོགས་པས་དགེ་འདུན་གྱི་སྡེ་གཙུགས། སོ་སོར་ཐར་པའི་སྡོམ་པའི་བཀའ་མ་ཆད་ཀྱང་དགེ་འདུན་རྣམས་སློབ་དཔོན་སུན་ཕྱུངས་ནས། ཆོས་ཀྱི་གཞུང་ལུགས་ལ་རང་གིས་གཞུང་རྩ་འགྲེལ་ལ་གཞིགས་ནས་རྟོག་ཆོས་འཆད། ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་བ་ལྟར་གྱུར། ཤམ་ཐབས་སྔོན་པོ་ཅན་དང་ཨཱཙརྱ་དམར་པོ་ཞབས་ཀྱིས་གསང་སྔགས་ཀྱི་ཆགས་ལམ་བསྒྱུར་བས་མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། དེའི་སྟེང་དུ་སྔགས་པ་རྣམས་ཀྱང་སློབ་དཔོན་མེད་པར་ཆོས་རང་གིས་གཞིགས་པའི་རྟོག་ཆོས་འཆད་ཅིང་སྦྱོར་སྒྲོལ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད། བསྟན་པ་ཡོད་ཀྱང་ལྟ་སྤྱོད་རྣལ་མ་མེད་པས། བོད་དུ་བསྟན་པ་རྣམ་དག་འཛུགས་པར་དགོངས་ནས་སྔགས་པ་རྣམས་ལ་བཀའ་ཤོག་འདི་བརྫངས། རབ་ཏུ་བྱུང་བ་རྣམས་ལ་སྡེ་སྣོད་གསུམ་ཕྱིན་ཅི་ལོག་པར་སྟོན་ཤེས་པའི་པཎྜི་ཏ་ཞིག་སྤྱན་མ་དྲངས་ན་མི་ཐུལ་བར་དགོངས་ནས་ཇོ་བོ་རྗེ་སྤྱན་འདྲེན་པ་བཏང་ཡང་སྤྱན་མ་འདྲོངས། པཎྜི་ཏ་གཞན་འགའ་སྤྱན་དྲངས་ཀྱང་སྨོན་ལམ་གྱི་ཤུགས་ཆུང་བས་བོད་དུ་བསྟན་པ་སྐྱོན་མེད་མ་ཚུགས། བར་དེར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དཔོན་གཡོག་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་སློབ་པ་ལ་བརྫངས་པ་ལས། སྐབས་ཤིག་ཏུ་གར་ལོག་གི་དམག་གིས་ལྷ་བླ་མ་བཟུང་པས་བཙོན་ཁང་དུ་སྐུ་གཤེགས། དེའི་ཞལ་ཆེམས་ལྟར་རང་གི་སྲས་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་འདྲོངས། བོད་དུ་བསྟན་པ་རྣམ་དག་བཙུགས་པ་ཡིན་ནོ། །ཞེས་སྤྱིར་བཏང་བའི་ལོ་རྒྱུས་འདིས་ཀྱང་བསྟན་པ་སྤྱི་དང་ཆབ་ཤོག་འདི་དག་གི་གོ་བ་ལོངས་པ་ཡོད་དོ། །དེ་ལྟར་ཡང་ལྷ་བླ་མ་འདིས་ནི་སྔགས་རྙིང་མའི་ཆོས་བཀག་པ་མ་ཡིན། ཆོས་དེ་སྤྱོད་པའི་གང་ཟག་རྣམས་ཀྱིས་རྒྱུད་སྡེའི་དོན་མ་གོ་བར་སྦྱོར་སྒྲོལ་ལ་སོགས་པ་སྒྲ་ཇི་བཞིན་པར་བཟུང་ནས་སྤྱོད་པ་དེ་བཀག་པ་ཡིན་ནོ། །དེའི་རྒྱུ་མཚན་ནི། སྦྱོར་སྒྲོལ་ལ་སོགས་པ་སྔགས་གསར་རྙིང་གཉིས་ཀ་ནས་མཐུན་པར་བཤད། བམ་སྒྲུབ་ཀྱང་རོ་ལངས་གསེར་སྒྲུབ་ཅེས་མཁའ་སྤྱོད་ལ་སོགས་པའི་གྲུབ་ཆེན་བརྒྱད་གསར་མའི་རྒྱུད་དུ་བྱུང་། བདུད་རྩི་རིལ་བུ་སྒྲུབ་པ་ལའང་རྙིང་མ་པ་སྨན་སྒྲུབ་ཟེར་བས་དོན་དུ་འདྲ་ཡང་། སྤྱོད་ཚུལ་དེ་རྣམས་དངོས་གྲུབ་སྒྲུབ་པ་ལ་སོགས་པའི་སྐབས་སུ་དགོས་པ་མ་གོ་བར་ཐམས་ཅད་ཀྱིས་འབྱོལ་ཉོག་ཏུ་སྤྱད་པ་ལ་སྐྱོན་འདི་དང་འདིའོ་ཞེས་བསྟན་ནས། དེ་བས་ན་ངའི་བཀའ་ཤོག་འདི་ལ་ཡིད་མི་དགའ་བ་མ་བྱེད། གལ་ཏེ་ཕོག་ཐུག་བྱུང་ན་ཁྱེད་རང་ལ་ལྟ་བ་རྣམ་པར་དག་པ་ཡོད་བཞིན་དུ་དེའི་གོ་གྱོན་ཅིག་ཅེས་གདམས་པའོ། །དེ་ལ་འདི་སྐད་དུ། པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མའི་ཞལ་སྔ་ནས་བོད་ཡུལ་དབུས་ཀྱི་སྔགས་པ་རྣམས་ལ་བརྫངས་པ། གཉེན་པོ་མཛད་ཅིང་ལྟ་བ་བསྲང་བར་ཞུའོ། །འོ་ཀོལ་མི་མཇེད་ལྷོ་ཡི་འཛམ་གླིང་འདིར། །སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ཏེ། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོ་རུ། །སྡེ་སྣོད་གསུམ་ལ་བརྒྱད་ཁྲི་བཞི་སྟོང་གསུངས། །རྒྱུ་དང་གཉེན་པོ་དོན་དུ་གསུངས་པ་ནི། །མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །དེ་ལས་བཟློག་པའི་ཆོས་ཀྱི་རྒྱུ་འབྲས་ནི། །བདེན་བཞིའི་སྒོར་ཞུགས་ཉིས་བརྒྱ་ལྔ་བཅུ་གསུངས། །མཐོང་དང་གོམས་པས་ཉོན་མོངས་བརྒྱད་བཅུ་གཉིས། །ཉན་ཐོས་ཐེག་པར་ཉི་མའི་གཉེན་གྱིས་གསུངས། །ཕྱི་ནང་ཆོས་རྣམས་རྟེན་འབྲེལ་བཅུ་གཉིས་སུ། །རྟོགས་ནས་རང་གིས་བྱང་ཆུབ་རིམ་གྱིས་སྒྲུབ། །ཡ་མ་ཟུང་གི་རྫུ་འཕྲུལ་མཐུ་ལྡན་པ། །རང་རྒྱལ་ཐེག་པར་འགྲོ་བའི་མགོན་པོས་བསྟན། །བདེན་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་། །ཕྱི་ནང་ཆོས་རྣམས་སྟོང་པའི་ངོ་བོ་མཁྱེན། །ཕ་རོལ་ཕྱིན་རྣམས་རིམ་གྱིས་རྫོགས་མཛད་པ། །བླ་ན་མེད་པའི་ཐེག་པར་སྟོན་པས་གསུངས། །ཞེས་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ཡོད་པ་ཡང་སྦས་ཏེ། སྔགས་པ་རྣམས་ཀྱང་སྡེ་སྣོད་གསུམ་ལ་བསླབ་ཅིང་དེའི་ཚུལ་ལ་སྤྱོད་པ་ཞིག་བྱུང་ན་དེ་ནས་རིམ་གྱིས་གསང་སྔགས་རྣམ་པར་དག་པ་ལ་སློབ་པར་དགོངས་པའོ། །ཚིགས་བཅད་དེ་དག་གི་དོན་བསྡུ་ན། གསང་སྔགས་གསུངས་པ་སྦས་ཏེ་སྟོན་པས་སྡེ་སྣོད་གསུམ་གསུངས་པའི་ཚུལ་རྣམ་བཞག་དང་བཅས་པ་བསྟན་ནས། དེའི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ཕར་ཕྱིན་ཐེག་པ་ཡིན་མོད། དེའི་ལྟ་སྤྱོད་སྟོང་ཉིད་སྙིང་རྗེ་དང་སྔགས་པ་རྣམས་མཐུན་པ་ནི་ལྟ་ཅི་སྨོས། ཐེག་དམན་ཉན་རང་དང་ཡང་མཐུན་པ་མ་ཡིན་ནོ། །ཇི་ལྟར་མི་མཐུན་ཞེ་ན། གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས། །ཐེག་པ་དེ་གསུམ་གང་དང་འབྲེལ་མེད་པར། །ངེད་ཅག་ཐེག་ཆེན་ཡིན་ཞེས་ཟེར་བ་ནི། །ཐེག་པ་ཆེན་པོའི་ཚུལ་སྤྱད་གཏན་མེད་པར། །ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི། །སྤྲང་པོ་རྒྱལ་པོ་ཡིན་ཞེས་ཟེར་བ་འདྲ། །ཐེག་ཆེན་མིན་པར་ཐེག་ཆེན་ཁས་ཆེ་བ། །བོད་བུས་སེང་གེའི་པགས་པ་གྱོན་པ་འདྲ། །གཟུང་འཛིན་གཉིས་སྤངས་ཚོགས་ཆེན་གཉིས་རྫོགས་པའི། །ས་བཅུའི་རྒྱལ་ཚབས་འཕགས་པ་བྱམས་པ་ཡང་། །ཤེས་བྱའི་སྒྲིབ་པ་ད་དུང་མ་བྱང་ན། །དེ་བས་སྙིགས་མའི་སེམས་ཅན་འཕགས་སམ་ཅི། །འདོད་ལྔ་བུད་མེད་རྫབ་ལས་མ་ཐར་བར། །ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ། །མི་དགེ་བཅུ་སྤྱོད་ཁྱི་ཕག་བརྟུལ་ཞུག་ཅན། །མུ་སྟེགས་འབན་འཇི་བ་ཡི་ཆོས་སྤྱོད་ཁྱེད། །ངེད་ཅག་སངས་རྒྱས་ཡིན་ཅེས་ཟེར་བ་ནི། །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས། །ཞེས་པ་སྟེ། ཁྱེད་ཆོས་སྐུར་འདོད་པ་ལ་སོགས་པ་ཚིག་དང་སྤྱོད་པ་མི་མཐུན་པས་བདུད་ཀྱིས་བསླུས་པའམ། སྨྱོ་བ་ཡིན་ན་མ་གཏོགས་ད་ཕྱིན་ཆད་དེ་ལྟར་མ་བྱེད་ཅེས་པའོ། །གནའ་སྔོན་བོད་ཡུལ་དབུས་སུ་ཆོས་བྱུང་བ། །ངན་སོང་སྒོ་གཅོད་ཐར་པའི་ལམ་སྟོན་པ། །སྡེ་སྣོད་རིན་ཆེན་གསུམ་པོ་དར་ཞིང་རྒྱས། །སྔོན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིས། །བཀའ་དང་བསྟུན་ནས་ཆོས་ལོག་འདི་བཀག་སྟེ། །ཀུན་གྱི་ལྟ་བསྲང་མཐོ་རིས་སྒོ་ཕྱེ་བས། །སེམས་ཅན་མང་པོ་བླ་མེད་ལམ་དུ་ཆུད། །ཅེས་པ་སྟེ། དེ་ལྟར་ལྷ་བླ་མ་ང་ཉིད་ཀྱིས་ད་ལྟ་ཁྱེད་རྣམས་ལ་གདམས་པ་འདི་ནི། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དག་གི་དུས་སུའང་བྱུང་བ་ཡིན་ཏེ། དེའི་དུས་སུ་གསང་སྔགས་བསྒྱུར་པ་ལས་ཁ་ཅིག་གིས་ད་ལྟ་ཁྱེད་རྣམས་ཀྱི་སྤྱོད་པ་ལྟར་རྒྱུད་སྡེའི་དགོངས་དོན་མ་ལོངས་པར་སྒྲ་ཇི་བཞིན་པ་ལ་ཚད་མར་བཟུང་སྟེ། ཐབས་ཤེས་རབ་ཀྱི་རྣལ་འབྱོར་ཉམས་དམས་བར་བྱེད་ཅིང་རང་གཞན་ཕུང་བའི་ཚུལ་ལ་འཇུག་པར་གཟིགས་ནས། སླད་ནས་བཀའ་བསྩལ་པ་མ་གཏོགས་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་བསྒྱུར་དུ་མེད་པར་བཀས་བཅད་དེ་ཞེས་ཐམས་ཅད་མཁྱེན་པ་བུ་སྟོན་གསུངས་པ་ལྟར་ཡིན་ལ། དུས་དེར་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས། སྤྱོད་པ་འདུལ་བ། རྒྱུད་སྡེ་འོག་མ་གསུམ་བཀས་བཅད་དོ། །གཞན་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་དངོས་སུ་བསྒྱུར་བ་དང་སྤྱོད་པ་བཀག་པ་ཡིན་ནོ། །ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །ཞེས་གསུངས་ཏེ། ཅི་རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ཞེས་པས་རྫོགས་ཆེན་བཀག་གོ་ཞེ་ན་མ་ཡིན་ཏེ། རྫོགས་ཆེན་དུ་མིང་བཏགས་པའི་ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ་འདི་དར་བས་སྔགས་ལོག་སྤྱོད་པ་ལ་མིང་ཆོས་པར་བཏགས་པ་འདིས་རྒྱལ་ཁམས་ཕུང་པོ་ཞེས་པ་སྟེ། རྫོགས་ཆེན་གྱི་མིང་དུ་བཏགས་པ་དེ་དར་བས་སྐྱོན་ཅི་བྱུང་ཞེ་ན། དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། །སྒྲོལ་བ་དར་བས་ར་ལུག་དམྱལ་ཐག་གཅོད། །སྦྱོར་བ་དར་བས་མི་རིགས་འཆོལ་པར་འདྲེས། །སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད། །སྨན་སྒྲུབ་དར་བས་ཁྱི་ཕག་འཚོ་བ་ཆད་ཟེར་བ་དག་གོ། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། །སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། །མི་གསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས། །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི། །ཞེས་སྤྱོད་པ་དེས་གཞན་ཕུང་བའི་ཚུལ་དེ་ལྟར་བྱུང་ངོ་ཞེས་སྟོན་པའོ། །རང་ཕུང་བའི་ཚུལ་ཡང་། ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པའི་སྤྱོད་ཚུལ་འདི། །རྒྱལ་ཁམས་གཞན་དུ་ཐོས་ནས་གཞན་དག་ངོ་མཚར་རྒྱུ། །ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི། །ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་ཀི་བས་ནི་ཤ་དད་ཆེ། །བོད་རངས་གླང་རངས་བས་ནི་འདོད་ཆགས་ཆེ། །ཁང་རུལ་སྦུར་གོག་བས་ནི་སྐྱར་དད་ཆེ། །ཁྱི་དང་ཕག་པ་བས་ནི་གཙང་ཙོག་ཆུང་། །ཞེས་པ་དག་རྒྱལ་ཁམས་གཞན་དུ་ཐོས་ན་མི་རྣམས་ཁྲེལ་བའི་གཞི་དང་། ལྟ་བ་རྦད་ཁམ་གྱིས་རྒྱུ་འབྲས་ཁྱད་དུ་བསད་པས་རང་ཕྱི་མ་ངན་སོང་གི་གནས་ལས་མ་འཕགས་ལ། ཚེ་འདིར་ཡང་ལས་ཀྱི་སྲིན་པོ་བས་སྙིང་རྗེ་ཆུང་བ་སོགས་ཀྱི་སྐྱོན་དེ་འདུག་པས་སོ་ཞེས་པའོ། །མདོ་རྒྱུད་ཀྱི་གོ་རིམ་མ་ཕྱེ་བའི་སྐྱོན་ཀྱང་། །མདོ་དང་བྱ་སྤྱོད་ཀྱི་ལྷ་རྣམས་ལ་ཡང་ནང་མཆོད་དང་ཤ་ཁྲག་གིས་མཆོད་པ་ལ་སོགས་ཏེ། གཙང་མ་ལྷ་ཡི་རིགས་ལ་དྲི་ཆེན་དང་། །དྲི་ཆུ་ཁུ་ཆུ་ཁྲག་གི་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །སྒྲོལ་བས་སྲོག་ཆགས་གསོད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོ་སྐྱེ་བ་སྙིང་རེ་རྗེ། །སྦྱོར་བས་འདོད་ཆགས་དར་བའི་རྣམ་སྨིན་གྱིས། །མངལ་གྱི་སྲིན་བུར་སྐྱེ་བ་སྙིང་རེ་རྗེ། །ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང་། །ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ། །གནོད་སྦྱིན་སྲིན་པོར་སྐྱེའོ་ཐེག་ཆེན་པ། །དེ་ལྟར་སྤྱོད་པའི་སངས་རྒྱས་ཨེ་མ་མཚར། །ཁྱེད་ཀྱི་སྤྱོད་པ་འདི་ཀས་སངས་རྒྱ་ན། །རྔོན་པ་ཉ་པ་ཤན་པ་སྨད་འཚོང་མ། །གཅིག་ཀྱང་མ་ལུས་བྱང་ཆུབ་ཐོབ་པར་ངེས། །ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པ་ཀུན། །ངེད་ཅག་ཐེག་ཆེན་ཡིན་ཅེས་མ་ཟེར་བར། །ཕྱིན་ཅི་ལོག་གི་ལྟ་བ་འདི་སྤོངས་ལ། །མ་ནོར་དྲི་མེད་སྡེ་སྣོད་གསུམ་ལ་སྤྱོད། །སྔ་ཕྱོགས་མི་དགེ་བཅུ་སྤྱོད་མཐོལ་བཤགས་གྱིས། །དེ་ལྟར་མ་བྱས་ཆོས་ལོག་འདི་སྤྱོད་ན། །ལས་ཀྱི་རྣམ་པར་སྨིན་པས་མི་བསླུ་སྟེ། །སྟོན་པའི་ཞལ་ནས་གསུངས་པའི་བཀའ་དག་ལས། །ཆོས་ཉིད་སྟོང་པར་གསུངས་པ་བདེན་མོད་ཀྱི། །ལས་ཀྱི་རྣམ་པར་སྨིན་པར་ཡིད་ཆེས་བྱོས། །ལས་རྣམས་མི་བསླུ་རང་གི་ཕྱི་བཞིན་འབྲང་། །འབྱུང་བ་བཞི་ལ་རྣམ་སྨིན་མི་འགྱུར་བར། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པས། །སྤྱོད་ངན་འདི་སྤངས་སྡེ་སྣོད་གསུམ་པོ་སྤྱོད། །ཐེག་པ་ཆེན་པོར་སྨོན་ཅིང་འདོད་པ་རྣམས། །ཚོགས་གཉིས་གསོག་ཅིང་གཟུང་འཛིན་རྣམ་གཉིས་སྤོངས། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་བཅུ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་སྒྲུབས། །བྱམས་དང་སྙིང་རྗེས་འགྲོ་དོན་རྫོགས་པར་གྱིས། །དེ་ལྟར་སྤྱོད་ན་ཐེག་པ་ཆེན་པོ་ཡིན། །ཁྱེད་ཅག་འབན་འཇི་རྣམས་ལ་བསྐུར་པ་འདིས། །ཐེག་ཆེན་སྤྱོད་པ་མང་པོར་བསྙེན་པར་གྱིས། །ཞེས་པ་ཐུགས་བརྩེ་བས་བསླབ་བྱ་ཡིན་ལ། དེ་ལྟར་མ་བྱས་ན་ཁྱེད་རྣམས་ལྟ་སྤྱོད་ལོག་པ་འདི་ཀ་སྤྱད་ན་ནི། གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེང་། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །ཐར་པ་ཐོབ་པ་དཀའ་མོར་མི་མཆིའམ། །པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མས་བོད་ཀྱི་སྔགས་པ་རྣམས་ལ་བརྫངས་པ་རྫོགས་སོ། །དེ་ལྟར་སྐྱོན་བཞི་བསྟན་ནས་དེ་དག་ལས་བཟློག་པར་གྱིས་ཤིག་ཅེས་གསུངས་པའོ། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་འདིའི་དགོངས་པ་ནི། བོད་ཀྱི་སྔགས་པ་རྣམས་ཀྱང་སྡེ་སྣོད་གསུམ་གྱི་སྒོར་ཞུགས་ནས་སྦྱོར་སྒྲོལ་ལ་སོགས་པའི་ངན་སྤྱོད་དེ་རྣམས་རང་ཤུགས་ལ་ཁེགས་ནས་བསྟན་པ་རྣམ་དག་ཏུ་འགྱུར་བ་དང་། གསང་སྔགས་ཀྱི་ཚུལ་ལ་ཡང་བསླབ་ན་མདོ་སྔགས་ཟུང་འབྲེལ་དུ་གྱུར་ནས་བསྟན་པ་ཁྱབ་ཆེ་ཞིང་དར་བར་འགྱུར་བ་ལ་དགོངས་པ་སྟེ། འདི་ནི་རྣམ་སྣང་མངོན་བྱང་གི་རྒྱུད་དུ། ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་ལྟར་རོ། །བཀའ་ཤོག་འདི་དང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་སྔགས་ལོག་སུམ་འབྱིན་གྱི་དགོངས་དོན་ལ་ཁྱད་པར་མི་སྣང་ངོ་། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་གི་དགོངས་འགྲེལ་རྫོགས་སོ།། །།དེ་ནས་སླད་དུ་ལྷ་བླ་མའི་བཀའ་ཤོག་འདི་ལ་ཁྱོད་ཀྱིས་ལན་ཇི་ལྟ་བ་བཞིན་མ་བྱས་འདུག་པས་དངོས་ལན་ཐེབས་པོ་ཞིག་ཅིས་ཀྱང་བྱེད་དགོས་ཞེས་གསུངས་པ་རྣམས་ཀྱི་ངོར་སྨྲས་པ། དེ་ལ། འོ་ཀོལ་མི་མཇེད་ལྷོ་ཡི་འཛམ་གླིང་འདིར། །ཞེས་པ་ནས། བླ་ན་མེད་པའི་ཐེག་པར་སྟོན་པས་གསུངས། འདི་ལ་བུ་སྟོན་ཆོས་འབྱུང་དུ། གཅེན་པོ་ཁོ་རེས་རྒྱལ་སྲིད་གཅུང་ཏྲོང་དེ་ལ་གཏད་ནས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་འོད་ཅེས་བྱའོ། །དེས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་སྤྱོད་ལོག་གིས་བཀའ་ཡིན་མིན་ཐེ་ཚོམ་དུ་གྱུར་ཏེ། རིན་ཆེན་བཟང་པོ་ལ་སོགས་པའི་ཁྱེའུ་ཉེ་ཤུ་རྩ་གཅིག་རྒྱ་གར་ལ་ཆོས་བསླབ་ཏུ་བཏང་། ཞེས་དང་། རིན་ཆེན་བཟང་པོ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པར་གྱུར་ཏེ། ཞེས་པས། ལན་འདི་ཁོ་ནས་ཐེབས་པ་ཡིན་ནོ། །ཞེས་པའི་བར་གྱི་ལན་ནི་གོང་དུ་བསྟན་པ་དེས་ཆོག་གོ། །དེ་ནས། གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས། །ཐེག་པ་དེ་གསུམ་གང་དང་འབྲེལ་མེད་པར། །ངེད་ཅག་ཐེག་ཆེན་ཡིན་ཞེས་ཟེར་བ་ནི། །ཐེག་པ་ཆེན་པོའི་སྤྱོད་ཚུལ་གཏན་མེད་པར། །ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི། །སྤྲང་པོ་རྒྱལ་པོ་ཡིན་ཅེས་ཟེར་དང་འདྲ། །ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ་བ། །བོང་བུས་སེང་གེའི་པགས་པ་གྱོན་དང་འདྲ། །གཟུང་འཛིན་གཉིས་སྤངས་ཚོགས་ཆེན་གཉིས་རྫོགས་པ། །ས་བཅུའི་རྒྱལ་ཚབས་འཕགས་པ་བྱམས་པ་ཡང་། །ཤེས་བྱའི་སྒྲིབ་པ་ད་དུང་མ་བྱང་ན། །དེ་བས་སྙིག་མའི་སེམས་ཅན་འཕགས་སམ་ཅི། །འདོད་ལྔ་བུད་མེད་རྫབ་ལས་མ་ཐར་བར། །ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ། །མི་དགེ་བཅུ་སྤྱོད་ཁྱི་ཕག་བརྟུལ་ཞུགས་ཅན། །མུ་སྟེགས་འབན་འཇི་བ་ཡི་ཆོས་སྤྱོད་ཁྱེད། །ངེད་ཅག་སངས་རྒྱས་ཡིན་ཞེས་ཟེར་བ་ནི། །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས། །ཞེས་གསུངས་པ་ལ། འདོད་ཡོན་ལྔ་སྤྱོད་ཅིང་བུད་མེད་དང་བཅས་པས་ཐེག་ཆེན་གྱི་གྲལ་དུ་མི་ཆུད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ཡང་མི་བཞེད་དེ། འཕགས་པ་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིང་པར་བྱ། །ཞེས་དང་། མངོན་རྟོག་རྒྱན་ལས་ཀྱང་། འདོད་ལ་སྤྱོད་པ་ཐབས་མཁས་དང་། །ཞེས་འབྱུང་། གསང་སྔགས་པ་ནི་འདོད་ཡོན་ལྔ་ལ་ངེས་པར་བསྟེན་པར་གསུངས་ཏེ། རྒྱུད་དག་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་ན་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སྔོན་གྱི་རྣལ་འབྱོར་རྒྱུད་པ་རྒྱལ་པོ་རབ་གསལ་ཟླ་བ་དང་། གསང་འདུས་པའི་རྒྱལ་པོ་བི་པུ་ཀལྤ་དང་། རྣལ་འབྱོར་མ་རྒྱུད་པའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་དེ་རྣམས་ཀྱང་ཁྱིམ་པ་བུད་མེད་དང་བཅས་པ་ཁོ་ན་ཡིན་ལ། ཨིནྡྲ་བྷཱུ་ཏིའི་ཁབ་ཏུ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐུན་མོང་གི་ཆོས་བསྟན་པས། རྒྱལ་པོས། ལུམྦའི་ཚལ་ནི་ཉམས་དགའ་བར། །ཝ་ཉིད་སེང་གེར་གྱུར་སྲིད་ཀྱང་། །འདོད་ཡོན་སྤངས་པའི་ཐར་པ་ནི། །བདག་ནི་ནམ་ཡང་མི་འཚལ་ལོ། །ཞེས་གསོལ་པས། དབང་པོ་རབ་གསང་སྔགས་ཀྱི་སྣོད་དུ་གཟིགས་ནས་དབང་བསྐུར་རྒྱུད་གསུངས་པས་རྒྱལ་པོ་འཁོར་དང་བཅས་པས་གྲོལ་བ་ཐོབ་པ་ཡང་གསར་མའི་གཞུང་ལ་གྲགས་ཏེ། དེ་དག་ཀྱང་སྡེ་སྣོད་གསུམ་ལ་བརྟེན་པ་མ་ཡིན་ནོ། །ངེད་ཅག་སངས་རྒྱས་ཡིན་ནོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་བཞེད་པ་སྟེ། །བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་སེམས་ཅན་རྣམས་ཀྱི་ནང་ནས་འཆར་རོ། །ཞེས་དང་ཡང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་སོགས་དང་། མདོ་ལས་ཀྱང་། བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་གནས་པར་གསུངས་ཤིང་། ཇོ་བོ་རྗེས་དམ་ཚིག་ཐམས་ཅད་བསྡུས་པ་ལས། ཐམས་ཅད་ཆོས་ཀྱི་སྐུར་རྟོགས་པ་ཀུན་ཏུ་བཟང་པོའི་རྒྱས་ཐེབས་པ་དང་། ཞེས་པས་ཀྱང་གསལ་ལ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པས། དེ་ལྟ་བུའི་རྣལ་འབྱོར་པ་དེ་སངས་རྒྱས་སུ་ཁས་བླངས་པ་ལ་འགལ་བ་མེད་དོ། །རྒྱལ་བ་བྱམས་པ་དང་སྤྱན་རས་གཟིགས་ལ་སོགས་པ་འདི་དག་བསྐལ་པ་མང་པོའི་སྔོན་རོལ་དུ་སངས་རྒྱས་ཟིན་པ་ཡིན་ཀྱང་། ད་ལྟ་བྱང་ཆུབ་སེམས་དཔའི་ཚུལ་དང་ཤེས་བྱའི་སྒྲིབ་པ་མ་བྱང་བ་དྲང་དོན་ཡིན། གནའ་སྔོན་བོད་ཡུལ་དབུས་སུ་ཆོས་བྱུང་བ། །ཞེས་པ་ནས། ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །ཞེས་པའི་བར་གྱི་ལན་ནི་གོང་དུ་བརྗོད་ཟིན་ཏོ། །སྒྲོལ་བ་དར་བས་ར་ལུག་དམྱལ་ཐག་གཅོད། །ཅེས་པ་ར་ལུག་བསྒྲལ་ལོ་ཞེས་འདིའི་རྒྱུད་གཞུང་ནས་མ་བཤད། བསྒྲལ་བའི་ཞིང་བཅུ། ཉམས་པ་བདུན། སྐུ་དགྲ་ལྔ་ཞེས་བཤད་དེ། ཞིང་བཅུ་ནི། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོས་མིན་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་གསུངས། ཉམས་པ་བདུན་ནི། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མ་འདོད་པས་ཉམས་དང་བདུན། །ཞེས་དང་། དེའི་དོན་རྒྱས་པར། ཕ་མ་མཁན་པོ་སློབ་དཔོན་གསོད། །རྡོ་རྗེ་ནང་དམེ་བྱེད་པ་ནི། །སྲོག་ལས་ཉམས་པ་བསྒྲལ་བའི་ཞིང་། །སློབ་དཔོན་བཀའ་རྐུ་ངན་སྤྱད་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་། །གསང་བ་གཞན་ལ་སྤེལ་བ་རྣམས། །དོན་ལས་ཉམས་པ་བསྒྲལ་བའི་ཞིང་། །རྣལ་འབྱོར་གསང་སྔགས་ཚུལ་སྤྱོད་ལ། །བརྐུ་དང་མཚང་འདྲུ་ཡ་ག་འདོགས། །བཀའ་སྨོད་འཁོར་རྣམས་ལོག་པར་འཁྲིད། །རྟགས་ཀྱི་ནོར་བསྟན་ལོག་པར་མཐོང་། །བཀའ་ལས་ཉམས་པ་བསྒྲལ་བའི་ཞིང་། །སྐུར་བའི་གཞི་མེད་ལྟ་བ་བོར། །ལོག་པར་སྤྱད་པ་དང་དུ་ལེན། །གཞུང་བོར་ཕྱིན་ཅི་ལོག་ལ་མཁས། །དམ་ལས་ཉམས་པ་བསྒྲལ་བའི་ཞིང་། །སྔོན་ཆད་མཁོན་པའི་ས་མེད་ཀྱང་། །རྒོད་ཅིང་བཞིན་བཟློག་གནོད་ཅིང་འཛུགས། །རང་གི་ཉེས་པ་མི་དྲན་པར། །བདག་ལ་མཐུ་དང་རྩལ་འདེད་པ། །ལས་ཀྱིས་ཉམས་པ་བསྒྲལ་བའི་ཞིང་། །གཉིས་མེད་དོན་ལ་ཕྱོགས་ཆར་འཛིན། །ལྟ་བ་སྒྲོ་སྐུར་རས་ཆོད་མཁན། །སྐྱེ་མེད་ཆོས་ལ་མཚན་མར་འཛིན། །ལྷ་སྲིན་བྲན་དུ་ངས་འཁོལ་གྱི། །མཐུ་འགྲན་བྱེད་པ་སུ་ཞིག་ཡོད། །ང་ཉིད་དཔའ་ཡིན་ཉམས་སུ་མ་མོ་བྱུང་། །ཟེར་ཞིང་གཞན་ལ་ཁྲོ་ཞིང་འཚེ། །མཚན་མས་ཉམས་པ་བསྒྲལ་བའི་ཞིང་། །ཤེས་རབ་རྣམ་གསུམ་རྩལ་མེད་པར། །མྱུར་དུ་མཐུ་རྩལ་ཆེ་འདོད་དང་། །ལས་ཀྱི་གཙོ་རུ་མཚན་མ་སྤྱོད། །རང་གི་གདོང་པ་ཁྲག་གིས་བྱུགས། །མི་ཐོད་ཞིང་ཆེན་མཚན་མར་ཐོགས། །དམར་གྱི་དོང་བུ་གློ་ལ་བཏགས། ། འཇིག་རྟེན་མ་མོ་བརྟེན་བྱེད་ཅིང་། །གཞུང་བོར་མཚམས་མེད་ལས་རྣམས་བྱེད། །ཐོ་ཅོ་རླངས་པོའི་སྤྱོད་པས་བཀའ་གཞུང་སྨད། །རྣལ་འབྱོར་པ་ལ་ཡ་ག་བརྡར། །དུས་གསུམ་སངས་རྒྱས་ཞབས་ནས་དྲངས། །འབར་བའི་རྒྱལ་པོའི་ཐུགས་དང་འགལ། །ཤ་ཟ་མ་མོ་གཟན་ཚོགས་བཀྲམས། །ཆགས་སེམས་མི་ལས་ནོར་སྙིང་འདྲུ། །འཆི་བར་ཤེས་ཀྱང་འདོད་པས་བརྒྱལ། །ཕུང་བར་ཤེས་ཀྱང་སྔགས་འཆང་འཇོམས། །གཉན་ཅིང་བཙུན་ཡང་ཐབས་ཀྱིས་སྨོད། །ཐོབ་ཏུ་འདོད་ནས་གསང་སྔགས་རྐུ། །གཟོ་འདོད་སྒྲུབ་པའི་ཡོ་བྱད་རྐུ། །དུག་ཏུ་ཤེས་ཀྱང་ལྟོ་རུ་བཟའ། །འདོད་པས་ཉམས་པ་བསྒྲལ་བའི་ཞིང་། །ཞེས་པ་བདུན་དང་། སྐུ་དགྲ་ལྔ་ཞེས་པ། གསལ་བཞག་ལས། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །ཐེག་པ་ཆེན་པོའི་སྤྱི་དགྲ་དང་། །རྡོ་རྗེ་ཐེག་པ་སྨོད་པ་དང་། །རྒྱལ་ཁམས་ཡོངས་ལ་འཚེ་བ་དང་། །རྣལ་འབྱོར་འདི་སྒེར་གནོན་པ་ཡི། །ཞེས་པ་ལྔ་སྟེ། དེ་རྣམས་དམ་ཅན་ལས་ལ་བཀོལ་ནས་སྔགས་དང་ཏིང་ངེ་འཛིན་གྱིས་བསྒྲལ། བསྒྲལ་བའི་རྣམ་ཤེས་དེ་ཡང་གནས་སྤོར་བ་ཡིན་གྱི་དངོས་སུ་སྲོག་ཆགས་སྒྲོལ་བ་མ་ལགས་སོ། །སྦྱོར་བ་དར་བས་མི་རིགས་འཆོལ་པར་འདྲེས། །ཞེས་པ། སྔགས་ཀྱི་ཉེ་ལམ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་འགྲོས་ཀྱིས་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཕྱིར་འདའ་བར་མི་རུང་བས་སྐྱོན་དེ་མི་འབབ་ལ། རིགས་བརྒྱུད་འཇོག་པའི་འདོད་ཆགས་ལ་སྦྱོར་བ་ཞེས་གསང་སྔགས་པའི་ལུགས་མ་ཡིན་ནོ། །སྨན་སྒྲུབ་དར་བས་ཁྱི་ཕག་འཚོ་བ་ཆད། །ཅེས་པ། སྤྱིར་ཤ་ལྔ་བདུད་རྩི་ལྔ་དང་སྨན་རྣམས་སྦྱོར་བ་ཡིན་ཀྱང་། ཁྱི་ཕག་གི་འཚོ་བ་ཆད་པ་ཙམ་གྱི་སྨན་སྒྲུབ་བྱས་པ་ནི་སུ་ཡང་མེད་དོ། །དཔེ་ཁ་ཅིག་ཏུ་ནད་པའི་གསོ་རྐྱེན་ཟད་ཅེས་འབྱུང་སྟེ་དེ་ལྟ་ནའང་། སྨན་སྒྲུབ་ནི་རྙིང་མ་བ་མ་ཟད་བོན་པོས་ཀྱང་བྱེད་ལ། གསར་མ་བ་བདུད་རྩི་རིལ་བུའང་མང་དུ་སྒྲུབ་མོད་ཀྱི། དེས་ནང་པའི་སྨན་ཟད་པའི་གཏམ་ཅི་ཡང་མི་སྣང་ངོ་། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། ཞེས་པ། སྔགས་གསར་མ་ལས་ཀྱང་རོ་ལས་མཁའ་སྤྱོད་སྒྲུབ་པ་ལ་སོགས་པ་གསུངས་ལ། འདིར་ནི་མཚན་ཉིད་ཚང་བའི་བམ་དེ་དངོས་གྲུབ་ཀྱི་རྫས་སུ་སྒྲུབ་པ་ཡིན་ལ། རོ་ཐམས་ཅད་ཀྱིས་བམ་སྒྲུབ་ཏུ་རུང་བར་མ་བཤད་པས་སྐྱོན་དེ་ཡང་མི་འབབ་བོ། །མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། ཞེས་པ། སྤྱིར་གསང་རྙིང་གི་རྒྱུད་རྣམས་སུ་གསུངས་པའི་སྒྲོལ་བ་ཞེས་བྱ་འདི་གསོན་པོ་ཁོ་ན་སྒྲོལ་བ་ཡིན་གྱི་གཤིན་པོ་ལ་བསྒྲལ་རྒྱུ་མེད་ཀྱང་། ལྷ་བླ་མའི་སྐབས་དེར་སྔགས་ལ་བསྙད་པའི་སྤྱོད་ཚུལ་ངན་པ་དེ་བྱུང་བ་ཡིན་མཆི། འདིར། བདུད་རྩི་ལྔའམ་རྫས་ལྔ་ལ་མཚན་མ་མིང་དུ་བཅས་པ་བྱ། བཀུག་ལ་རྡོ་རྗེ་ཕུར་པས་གདབ། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་གསུང་བ་སྙིང་པོ་ལས་གསུངས་པ་ལྟར་གཟུགས་བརྙན་ལ་དེའི་བླ་བཀུག་ནས་སྒྲོལ་བ་ཡིན་ལ། མི་དངོས་སུ་སྒྲོལ་བར་མ་གསུངས་སོ། །སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། །ཞེས་པ། བདེ་མཆོག་གི་རྒྱུད་ལས། གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །ཡི་དྭགས་ཤ་ཟ་རྗེས་བྱེད་དང་། །སྨྱོ་བྱེད་མཁའ་འགྲོ་ལ་སོག་ལ། །རྒྱུན་དུ་འམ་ཡང་ན་ཟླ་བའམ། །དེ་བཞིན་ལོ་གཅིག་ཁྱུད་འཁོར་དང་། །དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང་། །དེ་བཞིན་གནོད་པ་བྱུང་དུས་སུའམ། །ཟླ་བ་ཡར་ངོའི་ཚེས་བཅུ་དང་། །མར་ངོ་ཡི་ནི་ཚེས་བཅུ་ལ། །ཇི་ལྟར་འོས་ཤིང་རིགས་པ་དང་། །རང་གི་ཅི་འབྱོར་རྗེས་མཐུན་པར། །ནན་ཏན་དུ་ནི་གཏོར་མ་སྦྱིན། །ཞེས་དང་། ཀྱེ་རྡོར་དུ་ཡང་། འབྱུང་པོ་ཐམས་ཅད་པའི་གཏོར་མ། །ཞེས་དང་། བྱ་སྤྱོད་རྣལ་འབྱོར་ལ་སོགས་པའི་ཆོ་ག་ལས་ཀྱང་འབྱུང་པོའི་གཏོར་མ་མཛད། དེའི་ཕྱིར་གོ་བ་ལོངས་ན་གཏོར་མ་བརྒྱ་རྩ་གཅིག་གཏོང་བ་དེའི་ཁོག་ཏུ་ཡང་ཤ་ཟ་སྲིན་པོ་ལ་སོགས་པ་མཆོད་པ་ཡིན་མོད། ཆ་གསུམ་གཏོར་མ་བདག །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་ཟེར་བས་གསར་རྙིང་ཁྱད་པར་མེད་པ་འདྲའོ། །མི་གསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས། །ཞེས་པ། གུར་མགོན་དང་། ཁ་ཆེ་མགོན་ནག་དང་། ན་ལེནྟྲའི་སྲུང་མ་མ་ཧཱ་ཀཱ་ལ་ཕྱག་བཞི་པ་ལ་སོགས་པ་མཆོད་གཏོར་དང་བསྐང་བའི་སྐབས་སུའང་ཤ་ཆེན་གྱི་སྤོས་ཞེས་ཕྱག་ལེན་ལ་མཛད། རོ་སྲེག་ནི་སྦྱོང་རྒྱུད་དང་། མི་འཁྲུགས་དང་། བདེ་དགྱེས་ལ་སོགས་པ་ཀུན་ལ་ཡོད་པས། གསུང་འདིས་ནི་དེ་དག་ལ་ཡང་གནོད་པར་མ་གྱུར་ཏམ། ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཞེས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་བས། །དེ་ལྟར་རྡོ་རྗེ་ཅན་གཟིགས་ནས། །རང་ཉིད་དགྱེས་པའི་རྡོ་རྗེར་མཛད། །ཅེས་པས། གདུག་པ་ཅན་ལ་སངས་རྒྱས་ཀྱིས་ཀྱང་ཁྲོ་བོའི་སྐུར་བཞེངས་པ་ལགས་མོད། ཁྲ་དང་སྤྱང་ཀི་བས་ནི་ཤ་དད་ཆེ། །ཞེས་པ། སོ་ཐར་གྱི་སྐབས་སུའང་འདུལ་བ་ལས། དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་། །དེས་བྱིན་ལན་བསྟབ་པར་བྱའོ། །ཤའི་བདག་ཉིད་ཀྱི་སྨན་དེ་ཡང་ངོ་། །ཐམས་ཅད་ཤན་པའི་ལག་ནས་བླང་ངོ་། །དེ་ནི་བྱ་བ་ཉིད་ཡིན་ནོ། །ཞེས་དང་། ཤ་བསྔོས་པ་ཤེས་ན་བཟའ་བར་མི་བྱའོ། །སྟག་གི་རྒོད་མ་བཟའ་བར་མི་བྱའོ། །ཞེས་པ་ནས་ཤའི་བྱིན་ལེན་སྟོབ་པ་ན། བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེ་མ་ཡིན་ན་དང་པོས་སོ། །ཉམས་ན་འོག་མས་སོ། །ཞེས་དང་། མིའི་ཤ་ནི་ཐམས་ཅད་དུའོ། །ཞེས་དམིགས་གསལ་གསུངས་པས། བསྔོས་ཤ་མ་ཡིན་པའི་ཤ་གནང་བ་ཡིན་ཏེ་སྡོམ་གསུམ་ལས། ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟར་རུང་གལ་ཏེ་མི་ཟ་ན། །ལྷ་སྦྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཞེས་གསུངས། སྔགས་ལ་ནི་དམ་ཚིག་གི་རྟེན་དུ་ཤ་ངེས་པར་སྤྱོད་དགོས་ཏེ། གསང་འདུས་ལས། གླང་པོའི་ཤ་དང་རྟ་ཡི་ཤ །དེ་བཞིན་དམ་པ་ཁྱི་ཡི་ཤ །ཟས་ཀྱི་ཕྱིར་ནི་བཟའ་བར་བྱ། །ཞེས་གསུངས་ཏེ་དེར་མ་ཟད། །ཤ་ལྔ་དང་ནི་བདུད་རྩི་ལྔ། །རྣམ་རྟོག་སྤང་ཕྱིར་ཅི་རིགས་བསྟེན། །ཞེས་པས། འདི་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས། གཙང་མི་གཙང་ལ་སོགས་པ་རྟོག་པའི་འཆིང་བ་ཡིན། རྟོག་པ་དེ་སྤངས་ནས་དེ་དག་བདུད་རྩིར་བྱིན་གྱིས་བརླབས་ནས་སྤྱད་ན་ཆོས་རྣམས་ལ་ཐ་དད་ཀྱི་རྟོག་པ་འབྱུང་བ་རྫུན་པར་ངེས་ཤེས་འབྱུང་ལ། མི་མ་ཡིན་ཁ་ཅིག་དེ་ཉིད་ལ་དགའ་བས་ཆོས་བཞིན་དུ་སྐྱོང་བ་དང་། དེའི་གདམས་ངག་འཛིན་པར་ཡོད་དོ། །ཤ་ལྔ་བདུད་རྩི་ལྔ་ནི་མཚོན་པ་སྟེ། ཡུལ་གང་ན་ཤ་ལ་སོགས་པ་མི་གཙང་བར་འཛིན་པ་དེ་ལ་མ་ཆགས་པར་སྤྱོད་དེ། འདི་ནི་སྤྱོད་པས་མྱུར་བའོ། །ཞེས་གསང་སྔགས་ཐབས་མྱུར་བའི་ཡན་ལག་ཏུ་བཤད་དོ། །སངས་རྒྱས་མཉམ་སྦྱོར་ལས་ཀྱང་། དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །ཐམས་ཅད་འགྲུབ་པར་བྱེད་པས་ན། །ཉེས་པ་དག་ཏུ་ཡོངས་མི་འགྱུར། །ཞེས་དང་། ཞི་བྱེད་ཀྱི་རྒྱུད་དུ། །ཤ་ཟ་བ་དག་སྙིང་རྗེ་མེད། །ཤ་ནི་སྙིང་རྗེ་ཅན་གྱིས་ཟ། །ཞེས་སོགས་གསུངས་ལ། གཞན་ཡང་རྒྱས་པར་ཡོད་མོད་ཀྱི་དེ་ཙམ་གྱིས་མཚོན་པར་ནུས་སོ། །བོང་རངས་གླང་རངས་པས་ནི་འདོད་ཆགས་ཆེ། །ཞེས་པ། སྟོན་པས་གསང་སྔགས་ནི་གདུལ་བྱ་འདོད་ཆགས་ཅན་གྱི་དོན་དུ་གསུངས་པ་ཡིན་ཏེ། སྒྲོན་མ་གསལ་བར། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །ཞེས་དང་། གསང་སྔགས་ཀྱི་རྒྱུད་སྡེ་བཞི་པོའང་འདོད་ཆགས་བཞི་དང་སྦྱར་ནས་གསུངས་པ་ཡིན་ལ། དབང་གསུམ་པའི་ཉམས་ལེན་གྱི་གང་ཟག་དབང་པོ་རབ་དེ་འདོད་ཆགས་ཤིན་ཏུ་ཆེ་བ་ལ་ངོས་འཛིན་པ་དང་། གཞན་ཡང་། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་དང་། འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་སོགས་ཀྱི་དོན་ཡིན་པས་སོ། །ཁང་རུལ་སྦུར་གོག་པས་ནི་སྐྱུར་དད་ཆེ། །ཞེས་པ། བདེ་མཆོག་གི་རྒྱུད་ལས། ཆང་མེད་པ་ལ་ཡེ་ཤེས་ཅི། །ཆང་ནི་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་གསུངས་ཤིང་དུས་ཀྱི་འཁོར་ལོ་ལས། ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། ཞེས་དང་། རྣལ་འབྱོར་དབང་ཕྱུག་བིཪྺ་པའི་ལོ་རྒྱུས་ཀྱིས་ཀྱང་ངེས་པར་བྱ་ཞིང་། རྣལ་འབྱོར་རྒྱུད་དུའང་། རྡོ་རྗེ་སེམས་དཔའི་གནས་འདུས་སྟེ། །ཐམས་ཅད་ཟོས་ཤིང་ཀུན་སྤྱོད་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེར་ལྡན་པས་སྨོས་ཅི་དགོས། །ཞེས་གསུངས་སོ། །ཁྱི་དང་ཕག་པ་བས་ནི་གཙང་ཙོག་ཆུང་། །ཞེས་པ་ཤིན་ཏུ་འདོད་དེ། གསང་བ་འདུས་པ་ལས། བཤང་གཅི་ཟས་སུ་ཟོས་ན་ནི། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་དང་། ཡིད་བཟང་བརྟན་པའི་བློ་ལྡན་པས། །ཁུ་བ་ཕྱུངས་ནས་བཟའ་བར་བྱ། །འདི་ནི་དེ་བཞིན་གཤེགས་ཀུན་གྱི། །སྔགས་རྣམས་ཀུན་གྱི་བྱིན་གྱིས་རློབ། །ཞེས་གསུངས་པ་ལ་སོགས་པའི་དོན་གྱིས་སོ། །གཙང་མ་ལྷ་ཡི་རིས་ལ་དྲི་ཆེན་དང་། །དྲི་ཆུ་ཁུ་ཆུ་ཁྲག་གི་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །ཞེས་པ་ལ་པཎ་ཆེན་བུ་སྟོན་ཞབས་ཀྱིས། བཤང་གཅི་ལ་སོགས་པ་ལ་བདུད་རྩིར་མིང་བཏགས་ནས་ལྷ་ལ་ཕུར་ན་སྡིག་ཏུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། དོན་དམ་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་འགལ་བར་སྨྲ་ན་ལུང་ཡང་དག་པ་མ་ཡིན་པར་འགྱུར་མོད་ཀྱི། ཀུན་རྫོབ་ཐབས་ཀྱིས་སྤྱོད་པ་ལ་ཉེས་པ་མེད་དོ། །དཀའ་ཐུབ་དང་ཁྲུས་དང་གཙང་སྦྲ་ལ་མོས་པ་དག་ལ་དྲང་བའི་དོན་དུ་དེ་དག་བྱ་བར་བསྟན་པ་དང་། གཙང་དམེ་མེད་པ་ལ་དགའ་བ་རྣམས་དྲང་བའི་དོན་དུ་དེ་དག་མི་བྱ་བར་བསྟན་ཏེ། བསམ་པ་བཟང་པོས་ཟིན་ན་གཉིས་ཀ་ཡང་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་ལ་འགལ་བ་མེད་དེ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ལས། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །གཞན་གྱིས་དེ་ནི་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་གྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་དེ་སྐད་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །དེ་བཞིན་དུ་བཤང་གཅི་ལ་སོགས་པ་མི་གཙང་བའི་དངོས་པོར་ཞེན་པ་དང་། བཅས་པས་ཐབས་དང་བྲལ་བས་ཕུལ་ན་སྡིག་པར་འགྱུར་བར་གསུངས་ཀྱང་། ཐབས་དང་བཅས་པས་རང་བཞིན་གྱིས་གདོད་ནས་དག་པར་རྟོགས་པ་ཉེས་པ་མེད་དེ། སངས་རྒྱས་ལ་དུག་དང་བདུད་རྩི་ལ་ཁྱད་པར་མེད་ཅིང་། མི་གཙང་བ་བཤང་ལྕི་དང་གཙང་བ་བསོད་པའི་ཟས་ལའང་ཁྱད་པར་མེད་དེ། དཔེར་ན་ཁྱིམ་བདག་དང་ལ་སྦས་ཀྱིས་ཁ་ཟས་བསོད་པ་ལ་དུག་རྣོན་པོ་བཏབ་པ་དང་། སྒྱུ་མ་མཁན་བཟང་པོས་མི་གཙང་བའི་དངོས་པོ་ལ་ཁ་ཟས་བསོད་པ་སྒྱུ་མས་སྤྲུལ་པ་དྲངས་བར་བརྩམས་པས་འགྱོད་པ་སྐྱེས་ཏེ། གཞན་དྲང་བར་གསལ་བས་དེ་ཉིད་དྲངས་ཤིག་གསུངས་ནས་གསོལ་ཏེ། དགེ་བ་བྱང་ཆུབ་ཏུ་བསྔོ་བར་མཛད་པ་ལྟ་བུའོ། །སམྦུ་ཊར་ཡང་། གོང་དུ་བཤང་གཅི་ཁྲག་དང་ནི། །ཤ་དང་ཉི་ཡི་སྦྱིན་སྲེག་ནི། །ལྷ་ནི་ཁྱོད་ཀྱིས་གསུངས་པ་ཉིད། །ཇི་ལྟར་ཡེ་ཤེས་སེམས་དཔའ་ལ། །མི་གཙང་བས་ནི་ཁ་བཀང་ན། །སྡིག་པ་ཇི་ལྟར་སྐྱེ་མི་འགྱུར། །གལ་ཏེ་སྡིག་ལས་ཇི་ལྟར་འབྲས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཤེས་རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲཱ་བས་དྲཱ་བར་བྱས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །འདི་རྣམས་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་མེད་ཅིང་། །སེམས་ཅན་ཡེ་ཤེས་འཕེལ་བའི་ཕྱིར། །དོན་དམ་ལས་ནི་བསོད་ནམས་ཉིད། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །སྐྱེ་བ་དང་ནི་སྤངས་མེད་ན། །བསོད་ནམས་མིན་ལ་སུ་ཞིག་ཞེན། །ཞེས་སོ། །སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །ཞེས་པ། འཕགས་པ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྔགས་གསར་མའི་རྒྱུད་ལས། དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །བྱང་ཆུབ་ཀྱི་ནི་གཏན་གྱི་གེགས། །ཞེས་གསུངས་ཤིང་། ཆོས་མངོན་པའི་གཞུང་དུའང་། ཁས་མི་ལེན་པའི་ལྟ་བ་དང་། ཞེས་དབུ་མའི་ལྟ་བ་སྨད་པས་དེ་དག་ཀྱང་དེ་ལྟར་དུ་མི་འགྱུར་རམ། སྒྲོལ་བས་སྲོག་ཆགས་གསོད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོར་སྐྱེ་བ་སྙིང་རེ་རྗེ། །ཞེས་པ། སྙིང་རྗེས་སྒྲོལ་བ་ནི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་མང་པའི་ཚོགས་འདུམས་པ་བཞིན་ནོ། །སྦྱོར་བས་འདོད་ཆགས་དར་བའི་རྣམ་སྨིན་གྱིས། །མངལ་གྱི་སྲིན་བུར་སྐྱེ་བ་སྙིང་རེ་རྗེ། །ཞེས་པ། དེ་ནི་སྔགས་ཀྱི་ལམ་འདིར་ཐབས་ཀྱིས་ཟིན་པས་མ་ཡིན་ལ། མདོ་ལས་ཀྱང་། བྲམ་ཟེའི་ཁྱེའུ་བླ་མས་ཚོང་དཔོན་གྱི་བུ་མོ་ལ་སྤྱད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད་དོ། །སྔགས་གསར་མའི་བླ་མེད་པས་ཀྱང་། རྒྱུད་དུ། མ་དང་སྲིང་མོ་བུ་མོ་ལ། །བགྲོད་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོགས་ཀྱིས་གསལ་ལོ། །ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང་། །ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ། །གནོད་སྦྱིན་སྲིན་པོ་སྐྱེའོ་ཐེག་ཆེན་པ། །ཞེས་པ་བདེ་མཆོག་ཉུང་ངུའི་རྒྱུད་ལས། རང་རྫས་ཐིག་ལེས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་གསུངས་པ་ལྟར། དེང་སང་གསར་རྙིང་ཐམས་ཅད་ཀྱི་ནང་མཆོད་དང་གཏོར་མ་དང་ཚོགས་འཁོར་ལ་ཤ་ལྔ་བདུད་རྩི་ལྔ་བསྐྱེད་ཅིང་འབུལ་བས་སོ། །ཁྱེད་ཀྱི་སྤྱོད་པ་འདི་ཀས་སངས་རྒྱས་ན། །རྔོན་པ་ཉ་པ་ཤན་པ་སྨད་ཚོང་མ། །གཅིག་ཀྱང་མ་ལུས་བྱང་ཆུབ་ཐོབ་པ་ངེས། །ཞེས་པ། དེ་དག་ཐབས་ཀྱིས་མ་ཟིན་པས་རང་ག་མར་སྤྱོད་པ་དང་། སྔགས་ཀྱི་སྤྱོད་པ་མཚུངས་པའི་སྐབས་ནམ་ཡང་མེད་ཀྱང་། ཐ་མལ་པས་སློབ་དཔོན་འཇམ་དཔལ་བཤེས་གཉེན་འབན་པོ་ཆུང་མ་ཅན་དུ་མཐོང་བ་དང་། དཔལ་ཤ་བ་རི་དབང་ཕྱུག་རི་དགས་གསོད་པའི་རྔོན་པར་མཐོང་བ་བཞིན་ནོ། །ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པ་རྣམས། །ངེད་ཅག་ཐེག་ཆེན་ཡིན་ཞེས་མ་ཟེར་བར། །ཕྱིན་ཅི་ལོག་གི་ལྟ་བ་འདི་སྤོངས་ལ། །ཞེས་པ་ལྟ་བ་དང་སྤྱོད་པ་ནོར་འདུག་པས་ཡི་གེ་མ་དག་པའི་སྐྱོན་ཡིན་པ་འདྲའོ། །མ་ནོར་དྲི་མེད་སྡེ་སྣོད་གསུམ་ལ་སྤྱོད། ཅེས་པ། འདིར་ཐེག་པ་རིམ་པ་དགུ་ལ་རིམ་གྱིས་འཇུག་པ་དང་། གཅིག་ཅར་འཇུག་པ་གཉིས་གསུངས་པས་གང་ལྟར་ཡང་རུང་སྟེ་སྡེ་སྣོད་གསུམ་ལ་སྤྱོད་པ་ཤུགས་ལས་འགྲུབ་བོ། །སྔ་ཕྱོགས་མི་དགེ་བཅུ་ལ་མཐོལ་བཤགས་གྱིས། །ཞེས་པ། འདིའི་རྒྱུད་འགར། བདག་ཅག་སེམས་ཅན་ལགས་པས་འཁྲུལ་པ་བྱུང་། །ཆོས་རྣམས་སྒྱུ་མ་ལགས་པས་བཤགས་པས་འབྱང་། །ཞེས་དང་ན་རག་དོང་སྤྱུགས་ལ་སོགས་པ་ཆོས་སྐད་ཤིན་ཏུ་མཐུན་ནོ། །དེ་ལྟར་མ་བྱས་སྤྱོད་ལོག་འདི་སྤྱད་ན། །ཞེས་གསུངས་རིགས་ཏེ། ཆབ་ཤོག་འདིར་སྔགས་གསར་མ་གསུངས་པའི་ཚུལ་ཡང་སྦས། །གསང་སྔགས་ཀྱི་སྤྱོད་པ་དག་ཀྱང་སྨད་པས། །དེ་ལྟ་ན་ཆོས་སྤོང་དུ་འགྱུར་བས་སོ། །སྟོན་པའི་ཞལ་ནས་གསུངས་པའི་བཀའ་དག་ལས། །ཆོས་ཉིད་སྟོང་པ་ཡིན་པ་བདེན་མོད་ཀྱི། །ལས་ཀྱི་རྣམ་པར་སྨིན་པར་ཡིད་ཆེས་གྱིས། །ལས་རྣམས་མི་བསླུ་རང་གི་ཕྱི་བཞིན་འབྲང་། །འབྱུང་བ་བཞི་ལ་རྣམ་སྨིན་མི་འགྱུར་བར། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པས། །སྤྱོད་ངན་འདི་སྤོངས་སྡེ་སྣོད་གསུམ་པོ་སྤྱོད། །ཅེས་པ་ཤིན་ཏུ་མེད་དེ། སྟོང་པས་རྒྱུ་འབྲས་ཁྱད་དུ་གསོད་པ་ནི་མུ་སྟེགས་རྒྱང་འཕེན་པའི་གྲུབ་མཐའ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་ནི་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར། ལྟ་བ་མཐོ་ཡང་སྤྱོད་པ་ཞི་བ་པ་ཐེག་པ་འདིའི་དངོས་བསྟན་ཡིན་ནོ། །ཐེག་པ་ཆེན་པོར་སྨོན་ཅིང་འདོད་པ་རྣམས། །ཚོགས་གཉིས་གསོག་ཅིང་གཟུང་འཛིན་རྣམ་གཉིས་སྤོང་། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་བཅུ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་སྒྲུབ། །བྱམས་དང་སྙིང་རྗེས་འགྲོ་དོན་རྫོགས་པར་གྱིས། །དེ་ལྟར་སྤྱོད་པ་ཐེག་པ་ཆེན་པོ་ཡིན། །ཞེས་པ་རྣམས་ལོགས་སུ་བསྒྲུབ་མི་དགོས་པར་བུམ་དབང་གི་སྡོམ་པའི་ཁོངས་སུ་འབྱུང་སྟེ། ཇི་སྐད་དུ། འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་སྟེ། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྐྱེད་པར་བགྱི། །ཞེས་སོགས་དང་། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་ཚུལ་ཁྲིམས་གསུམ་དང་། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་དང་། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་འདིས་ཐེག་པ་ཆེན་པོའི་ཚུལ་མཐའ་དག་བསྡུས་པ་ཡིན་ལ། རྒྱུ་བསོད་ནམས་ཀྱི་ཚོགས་དེ་ལྟར་བསགས་པ་ཡིན། གཟུང་འཛིན་གཉིས་མ་སྤངས་རང་སར་གྲོལ་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཀྱང་དེ་ལས་གཞན་དུ་ཅི། གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་ཆེན་པོའི་འདམ་དུ་རྣམ་ཤེས་བྱིངས། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །ཐར་པ་ཐོབ་པ་དཀའ་མོར་མི་མཆིའམ། །ཞེས་པ། ཉོན་མོངས་པ་དུག་ལྔ་པོ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་སྤང་བྱར་མཛད་ཀྱང་། གསང་སྔགས་པས་ལམ་དུ་བླངས་པས་དུག་ལྔ་ཡེ་ཤེས་ལྔར་གྲོལ་བ་ཡིན་ཏེ། སམྦུ་ཊི་ལས། ཆགས་པས་ཆགས་པ་དག་འགྱུར་ཏེ། །ཞེ་སྡང་ཉིད་ཀྱིས་ཞེ་སྡང་སྦྱང་། །གཏི་མུག་ཉིད་ཀྱིས་གཏི་མུག་སྦྱང་། །ང་རྒྱལ་ཉིད་ཀྱིས་ང་རྒྱལ་སྦྱང་། །ཕྲག་དོག་གིས་ནི་ཕྲག་དོག་སྦྱང་། །རྡོ་རྗེ་འཛིན་སོགས་ཐམས་ཅད་སྦྱང་། །ཞེས་དང་། བརྟག་གཉིས་ལས། ཇི་ལྟར་ཚད་པའི་ཚིག་པ་ཡང་། །མེ་ཉིད་ལ་ནི་བདུག་པར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་བདུག་པར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་སོ། །བདག་འཛིན་ནི་འཁོར་བའི་རྩ་བ་ཡིན་པས་སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་རྣམས་ནི་འབྱུང་བར་འགྱུར། །ཞེས་པས་དེ་ལས་ངེས་པར་གྲོལ་དགོས་ཤིང་། །གྲོལ་བར་བྱ་བའི་ཐབས་ནི་འདིར་རྒྱུད་ལས། །སྲིད་པའི་རྩ་བ་བདག་འཛིན་ཉིད། །ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་པས་གཟུང་བ་དང་། འཛིན་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མའི་གནས་ལུགས་སྟོང་པར་ཆེན་པོར་གྲོལ་བས་ན་ཐར་པ་ཐོབ་པ་ལ་དཀའ་མོ་མི་བདོག་གོ། །རྒྱལ་བས་ལུང་བསྟན་ཆོས་རྒྱལ་སེམས་དཔའ་ཆེ། གང་གི་བཀའ་ཤོག་དགོངས་པ་ཅན་གྱི་ལན། །མི་ཤེས་བཞིན་དུ་བགྱིས་པ་མཐོལ་ལོ་བཤགས་ཀྱི། །དགེ་བ་དེ་ཡང་འགྲོ་ཀུན་གྲོལ་ཕྱིར་བསྔོ། ༈ །དེའི་སྲས་ཐ་ཆུང་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ནི་འདི་ཡིན་ཏེ། ༀ་སྭ་སྟི་སིདྡྷཾ། དུ་ཧྲངས་ཀྱི་ཕོ་བྲང་ཞི་བ་འོད་གསང་སྔགས་ཕྱི་ནང་གི་རྒྱུད་དང་། འགྲེལ་པ་དང་། སྒྲུབ་ཐབས་དང་། དཀྱིལ་འཁོར་ཆོ་ག་མཐའ་དག་ལ་མཁས་པའི་ཞལ་སྔ་ནས་མཛད་དེ། བོད་ཀྱི་རྒྱལ་ཁམས་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་གནས་ཤིང་རྡོ་རྗེ་ཐེག་པ་ལ་ཞུགས་པ་རྣམས་ལ་བརྩེ་བར་དགོངས་ནས་ཆུ་ཕོ་སྤྲེའུའི་ལོ་ལ་བཀའ་ཤོག་བརྫངས་པ། སངས་རྒྱས་ཀྱི་བཀའ་ལྟར་བཅོས་པའི་རྒྱུད་དང་། འགྲེལ་པ་དང་། སྒྲུབ་ཐབས་སྔ་ཕྱིར་བོད་དུ་རྒྱ་གར་མའི་མིང་བཏགས་ཤིང་བོད་ཀྱིས་བྱས་པ་ནི་འདི་དག་སྟེ། སྔར་གྱི་དུས་ཀྱི་ཕྱི་རྒྱུད་ཀྱི་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་ཆེ་ཆུང་ངམ། རྒྱན་དམ་པ་ལ་སོགས་པ་ཆོ་ག་ཆེ་ཕྲན་མང་དུ་ཡོད་པ་རྣམས་དང་། ཁམས་ནས་བྱུང་བ་རྣམས་ལ་མ་ནོར་བ་ཆེར་མེད། དེའང་འདི་དང་མཐུན་པར་དཔྱད་ན། ཀྲྀ་ཡའི་ཆོ་ག་རྣམས་དང་། འགྲེལ་པ་ལྟར་བཅོས་པའི་བསྙེལ་རྣམས་དང་། ནང་པ་ལ་སྒྱུ་འཕྲུལ་གྱི་རྒྱུད་ལ་བཅུ་གསུམ་པ་དང་། བཅུ་དགུ་པ་དང་། བཞི་བཅུ་པ་དང་། བརྒྱད་ཅུ་པ་དང་། ལེའུ་ལག་ལ་སོགས་པ་རྣམས་ནི་འདྲེས་མར་སྣང་། ཟུར་ཤཱཀྱ་འབྱུང་གནས་ལ་སོགས་པས་བྱས་པའི་གསང་བ་སྙིང་པོའི་འགྲེལ་པ་སྤར་བཀའ་དང་། སྒྱུ་འཕྲུལ་བརྒྱད་ཅུ་པའི་འགྲེལ་པ་དང་། མིག་བཅུ་དྲུག་ལ་སོགས་པའི་འགྲེལ་པ་རྣམས་དང་། རྡོ་རྗེ་ལས་རིམ་ལ་སོགས་པའི་སྒྲུབ་ཐབས་རྣམས་དང་། ཆོ་ག་ཆེ་ཕྲན་རྣམས་དང་། དར་རྗེ་དཔལ་གྱི་གྲགས་པས་བྱས་ཟེར་བའི་མདོ་ལྔ་ལ་ཟུར་ཆེ་ཆུང་གིས་བྱས་པའི་འགྲེལ་པ་རྣམས་དང་། འཁོར་ལོ་སྟིང་རྫོགས་དང་། ཐེག་ཆེན་སྒྲོན་མ་དང་། རྣལ་འབྱོར་ལམ་རིམ་དང་། རྣལ་འབྱོར་མིག་གི་སྒྲོན་མ་ལ་སོགས་པའི་སྒྲུབ་ཐབས་རྩ་འགྲེལ་རྣམས་དང་། མྱ་ངན་ལས་འདས་པ་ཆེ་ཆུང་ལ་སོགས་པ་དང་། ཕུར་པའི་རྒྱུད་དང་ཁུ་བྱུག་རོལ་པ་དང་། དེའི་བཤད་རྒྱུད་ཀཱི་ལ་ཡའི་ཏནྟྲ་དང་། དགོངས་པ་ལུང་སྟོན་དང་། གསང་བ་གཏེར་སྦས་དང་། རྡོ་རྗེ་གསལ་བཀོད་དང་། ཀཱི་ལ་ཡ་ཏནྟྲ་ཆུང་ངུ་དང་། བྱི་ཏོའི་རྒྱུད་དུ་གསོལ་བ་དང་། སྟག་མོ་ཁ་གདངས་དང་། ཕག་མོ་ཁ་གདངས་དང་། གསང་ཕུར་ཁ་གདངས་དང་། ཚུབས་ནག་རོལ་པ་དང་། ཞེ་སྡང་སེམས་སུ་དག་པའི་རྒྱུད་དང་། གསང་སྔགས་དྲུག་གི་རྒྱུད་དང་། འགྲེལ་པ་དང་། ཆོ་གར་བཅས་པ་དང་། འཕྲོས་པ་མན་གི་རྒྱུད་ལྔ་ཟེར་ཏེ། ཆགས་རྒྱུད་དང་། གཤིན་རྗེའི་བསྙེལ་རྣམས་དང་། གཞན་ཡང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བྱས་པའི་དཔལ་ཁྲོ་བོའི་རྒྱུད་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་དྲུག་དང་། བདུད་རྩི་བམ་པོ་བརྒྱད་པ་ལ་སོགས་པ་སྒྲུབ་ཐབས་ཀྱི་རྒྱུད་དང་། སྒྲུབ་ཐབས་དང་བཅས་པ་རྣམས་དང་། ཡང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བྱས་པའི་རྫོགས་པ་ཆེན་པོ་ནམ་མཁའ་ཆེའི་འགྲེལ་པ་རིག་པའི་ཉི་མ་ལ་སོགས་པ་མན་ངག་ཏུ་གསོལ་བ་དང་། གནོད་སྦྱིན་གྱི་རྒྱུད་རག་ཏི་དང་། ལྕགས་ཕྱེ་འབར་བ་དང་། ནག་པོའི་རྒྱུད་དགུ་དང་། ཨཱ་ཙརྱ་མ་དང་། འདྲ་མེན་བོང་ལྟོ་ལ་སོགས་པ་ཆོ་ག་དཔག་ཏུ་མེད་པ་དང་། ཨཱ་ཙརྱ་བི་མ་ལ་མི་ཏྲས་བསྒྱུར་བའི་སེམས་ཕྱོགས་ཀྱི་ཕྱིས་འགྱུར་བཅུ་གསུམ་ལ། རྨད་དུ་བྱུང་བ་ལེའུ་བཞི་བཅུ་ཞེ་གསུམ་དང་། བྱང་ཆུབ་སེམས་བདེ་འབྱམས་རིན་པོ་ཆེ་དང་། ལྟ་བ་བལ་ནག་ལ་སོགས་པའི་འགྲེལ་པ་དང་། ས་བཅད་དང་། ཡིག་ཆུང་དང་བཅས་པ་དང་། ཉང་སྟོད་ཁྲོ་གདས་སུ་དྲང་ང་ཤག་ཚུལ་གྱིས་བྱས་པའི་སེམས་སྡེ་བཅོ་བརྒྱད་ཀྱི་རྒྱུད་རྣམས་ལ་ཀུན་བྱེད་རྒྱལ་པོ་དང་། མདོ་བཅུ་གསང་བ་དང་། ཡེ་ཤེས་གསང་བ་དང་། འགྲེལ་པ་དང་། ས་བཅད་དང་། དབང་བསྐུར་གྱི་མན་ངག་དང་། སྒོམ་པའི་མན་ངག་དང་། སེམས་ཉམས་ཀྱི་མན་ངག་དང་། སྲིད་པ་རྒྱུད་ལུང་ལ་སོགས་པ་དང་། མ་མོའི་རྒྱུད་ལུང་ལ་སོགས་པ་མ་མོའི་ཆོས་ཐམས་ཅད་དང་། གཞན་ཡང་རྒྱལ་པོའི་ཆོས་ལྔ་ལ་སོགས་ཏེ་རྒྱུད་དང་། འགྲེལ་པ་དང་། མན་ངག་དང་། ཆོ་གར་མིང་བཏགས་པ་དཔག་ཏུ་མེད་དོ། །ཕྱིས་གསར་དུ་བྱུང་བའི་རྒྱུད་དང་། འགྲེལ་པ་དང་། མན་ངག་དང་། སྒྲུབ་ཐབས་ལ་ཨཱ་ཙརྱ་དམར་པོས་བྱས་པའི་ཕྱག་རྒྱ་ཆེན་པོའི་ཐིག་ལེ་དང་། ཡེ་ཤེས་སྙིང་པོའི་རྒྱུད་དང་། དེ་དག་གི་འགྲེལ་པ་དང་། ཆར་ཡང་རྣམ་གསུམ་དང་། རིན་ཆེན་སྙེ་མ་དང་། རིན་ཆེན་ཐིག་པ་དང་། དབང་གི་མན་ངག་གསོགས་པ་དང་། སྒྲུབ་ཐབས་མང་པོ་དང་། དབང་རིན་ཆེན་འཁོར་ལོ་ལ་སོགས་པའི་མན་ངག་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་ཟེར་བ་དང་། སྒྲོན་གསལ་གྱི་ཊི་ཀ་བྷ་བ་མ་དང་། རིམ་ལྔའི་འགྲེལ་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་ཟེར་བ་དང་། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག་གསར་མ་ལེའུ་ཉེ་ཤུ་རྩ་བཞི་པའི་འགྲེལ་པ་དང་། མན་ངག་དང་། དེའི་སྒྲུབ་ཐབས་དང་བཅས་པ་དང་། ཨོ་རྒྱན་གྱི་ཡུལ་ནས་སེམས་ཕྱོགས་ཀྱི་ཆོས་བྱུང་ཟེར་ཏེ་བྱས་པ་སྲོག་འབྱུང་ནམ་མཁའི་རྒྱུད་འགྲེལ་པ་དང་བཅས་པ་དང་། དེའི་བཤད་རྒྱུད་དང་། རླངས་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་དང་། འགྲེལ་པ་དང་། སྒྲུབ་ཐབས་དང་། སྦྱིན་སྲེག་གི་ཆོ་ག་དང་། སྒྲུབ་ཐབས་བྷ་བ་མ་ཆེ་ཆུང་ལ་སོགས་པ་དཔག་ཏུ་མེད་པ་དང་། པཎྜི་ཏ་མཻ་ཏྲི་པའི་ཆོས་ལེ་རིན་པོ་ཆེའི་ཕྲེང་བ་དང་། ནཱ་ག་རྫུ་ནས་མཛད་ཟེར་བའི་ཕྱག་རྒྱ་བཞི་པ་དང་། ཕྱག་རྒྱ་ལྔ་པ་དང་། དབང་རྣམ་པར་ངེས་པ་རྩ་འགྲེལ་དང་བཅས་པ་དང་། ཕྱག་རྒྱ་བཞི་པའི་མན་ངག་དང་། སེམས་འཛིན་རྣམས་དང་། རྣལ་འབྱོར་མིའི་བྱིན་རླབས་དང་། རྡོ་རྗེ་ཕག་མོའི་བྱིན་རླབས་དང་། སྒྲུབ་ཐབས་མུ་སྟེགས་པ་དང་བསྲེས་ནས་སྣང་བས་བྱར་མི་རུང་ངོ་། །གཞན་ཡང་མན་ངག་གསེར་ཕྲེང་ལ་སོགས་པ་དོ་ཧ་ཀོ་ཥའི་གླུ་ལ་བསླད་པ་དང་། བལ་པོ་ཤྲཱི་སིང་ཧའི་གླུ་ལ་བསླད་པ་ལ་སོགས་པ་དང་། རྡོ་རྗེ་འདའ་ཀ་མ་དང་། འདི་རྣམས་གང་ཡང་ཡང་དག་པའི་ལམ་མ་ཡིན་ཅིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བས། སྐྱབས་གནས་དང་ལམ་དུ་སུས་ཀྱང་བྱར་མི་རུང་ངོ་། །རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་བ་ལྟར་བསྲུང་ཞིང་། བཀའ་གསང་སྔགས་ལ་ཞུགས་པ་རྣམས་ཀྱིས་ཀྱང་འདུལ་བ་ལ་བརྟེན་པ་དང་མི་འགལ་བར། ཀྲྀ་ཡ་དང་། ཨུ་པ་དང་། ཡོ་ག་དང་། གསང་བ་འདུས་པ་ལ་སོགས་པའི་བར་ལ་དམ་ཚིག་མ་ཉམས་པར་བྱས་ལ་འབད་དོ། །ཤེས་རབ་ཀྱི་རྒྱུད་ནི་མཆོག་ཏུ་གྱུར་པ་ཡིན་ཀྱང་དགོངས་པ་ཅན་གྱི་ཚིག་དོན་མ་ཤེས་ནས་རབ་ཏུ་བྱུང་བ་བསླབ་པ་དང་ཕྲལ་བ་མང་བས་མ་བྱས་ཀྱང་འགལ་བ་མེད་པ་ཙམ། ཁྱད་པར་དུ་རྫོགས་པ་ཆེན་པོ་ནི་ལྟ་བ་མུ་སྟེགས་ཀྱི་རིམ་པ་དང་བསྲེས་པས་འདི་བྱས་ན་ངན་སོང་གི་ལམ་དུ་འགྲོ་བར་འགྱུར་ཞིང་། བླ་ན་མེད་པའི་བྱང་ཆུབ་ལ་གེགས་བྱེད་པས་རྣམ་པ་ཐམས་ཅད་དུ་བྱར་མི་རུང་ངོ་། །བོད་ཀྱིས་བྱས་པའི་སྔགས་དང་ཡི་གེ་ལ། མི་གཡོ་བའི་སྔགས་ལ་བརྟེན་ནས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཡིན་ཟེར་བ་དང་། གནོད་སྦྱིན་ལག་ན་རྡོ་རྗེའི་སྔགས་ལ་བརྟེན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང་མན་ངག་ཡིན་ཟེར་བ་དང་། གཉན་ཨཱ་ཙརྱ་དཔལ་དབྱངས་ཀྱིས་བྱས་པའི་སྒྲོན་མ་རྣམ་དྲུག་དང་། གཏོར་མ་དང་། ཕྲིན་ལས་དང་། མན་ངག་ཏུ་བྱས་པ་དང་། གཞན་ཡང་བོད་ཀྱིས་བྱས་པའི་སྒྲུབ་ཐབས་མང་དུ་ཡོད་པས་བློ་གཏད་དུ་མི་བཏུབ། འཁོར་བ་དང་ངན་སོང་གི་ལམ་ཡིན་ནོ། །བཀའ་གདམས་ཀྱི་ཆོས་བརྒྱུད་དུ་གྲགས་པ་འདི་རྣམས་ཀྱིས་ཆོས་ལོག་འདི་རྣམས་ཉམས་སུ་མི་བླང་ངོ་། །ཕོ་བྲང་ཞི་བ་འོད་ཀྱིས་བོད་ཀྱི་ཆོས་པ་རྣམས་ལ་ཕྲིན་དུ་བརྫངས་པའོ། །ཞེས་འབྱུང་སྟེ། འདིས་རྫོགས་པ་ཆེན་པོ་དང་རྙིང་མའི་རྒྱུད་ལ་སོགས་པ་འགའ་ཞིག་བཀག་ཀྱང་རྙིང་མ་གཞན་རྣམས་མ་བཀག །གསར་རྙིང་གཉིས་ཀའི་ཁྲོད་ན་བརྩམས་རྒྱུད་དང་། འགྲེལ་པ་སྒྲུབ་སྐོར་ལ་སོགས་པ་བོད་ཀྱིས་བྱས་པ་རྒྱ་གཞུང་ལ་བསྙད་པ་རྣམས་འགོག་པར་རང་གཞུང་གིས་གསལ། ངན་སོང་སྦྱོང་བའི་འགྲེལ་པ་ཆེ་ཆུང་ཞེས་པ་འདི་སློབ་དཔོན་ཀུན་སྙིང་གིས་མཛད་ངེས་པ་ལ། པཎྜི་ཏས་ཕྲག་དོག་བྱས་ནས་ཁོ་རང་ཅོག་བུ་ཕུབ་ནས་ཡི་གེ་འབྲི་ཡིས་འདུག །རྒྱ་གར་ན་འགྲེལ་པ་འདི་འདྲ་མེད་བྱས་པས། དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་པར་གྲགས་པ་དེ་ཉིད་ཡིན་པར་སྣང་། འདི་ཀུན་སྙིང་གིས་མཛད་པ་ཡིན་པའི་རྒྱུ་མཚན། པཎྜི་ཏ་གཞོན་ནུ་བུམ་པས་སློབ་དཔོན་ཀུན་སྙིང་འགོག་པ་ན་འདིའི་གཞུང་དྲངས་ནས་ཁྱི་ཨཱ་ནནྡ་གརྦྷ་ཞེས་བྱ་བ་ཡིན་ཞེས་གྲགས། སྒྱུ་འཕྲུལ་བརྒྱུད་ཅུ་པ་ལ་སོགས་པ་སྒྱུ་འཕྲུལ་སྡེ་བརྒྱད་པོ་འདི་རྣམས་ནི་རྒྱ་འགྲེལ་རྣམས་སུའང་ལུང་མང་པོ་དྲངས་པ་དང་། བོད་ཀྱི་མཁས་པ་མང་པོས་ཚད་མར་མཛད། གསང་བ་སྙིང་པོའི་རྒྱུད་ནི་ཞིབ་འོད་འདིས་ཚད་མར་མཛད་དེ། དེའི་འགྲེལ་པ་སྤར་བཀབ་ཟུར་གྱིས་བྱས་སོ་གསུངས། སྤར་བཀབ་ནི་ཛེ་ཏ་རིའི་སློབ་མ་འཇམ་དཀར་གྱི་གྲུབ་ཐོབ་སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་པ་དེས་མཛད་ངེས་པ་སྟེ། ཚིག་བཟང་ཞིང་བརླིང་བས་བོད་རྩོམ་གྱི་ཉམས་གཏན་ནས་མེད། སྒྱུ་འཕྲུལ་བརྒྱད་ཅུ་པའི་འགྲེལ་པ་དང་། མིག་བཅུ་དྲུག་པ་ཡང་འགྲེལ་པ་རྒྱ་གར་མ་ཤ་སྟག་ཡིན་ཏེ་འདི་དག་གསར་རྙིང་ཐུན་མོང་བར་སྣང་། རྙིང་མ་ལ་ཀུན་འདུས་རིག་པའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། མདོ་དགོས་པ་འདུས་པ། ཡེ་ཤེས་རྔམས་པ་གློག་གི་འཁོར་ལོའི་མདོ། སེམས་ལུང་ཆེན་མོའི་མདོ་དང་ལྔ་པོ་འདི་ཨ་ནུ་ཡོ་ག་ཡིན། འདི་ལྔ་རྒྱུད་མ་ཡིན་ན་ཨ་ནུ་ཡོ་གའི་རྩ་བ་བོད་འདིར་མི་རྙེད་པ་འདྲ་ཞིང་། འདི་དག་ལ་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་གསུམ་གྱིས་ས་བཅད་ཊི་ཀ་སྟོང་ཐུན་ལ་སོགས་པ་མཛད། ལོ་ཙཱ་བ་དེ་གསུམ་དར་རྗེ་དཔལ་གྱི་གྲགས་པའི་བླ་མ་ཡིན། ཡང་དར་རྗེ་དང་དུས་མཚུངས་ཀྱི་ཐོག་ར་ལོ་ཙཱ་བ་ནམ་མཁའ། གཞན་དཔལ་དབྱངས། གནུབས་སངས་རྒྱས་ཡེ་ཤེས་རྣམས་ཀྱི་འགྲེལ་ཊི་ཀ་དང་ཡིག་ཆ་ཡོད་པས་དར་རྗེས་བརྩམས་པའི་ཡུལ་མི་སྣང་ངོ་། །དེའི་འགྲེལ་པ་རྣམས་དང་། འཁོར་ལོ་སྟོང་རྫོགས་ལ་སོགས་པས་ཡང་དེ་དག་གི་ཆ་ལག་ཏུ་དགོངས་ནས་བཀག་པ་འདྲའོ། །རྣལ་འབྱོར་ལམ་རིམ་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་དེ་ཡིན་པར་སྣང་སྟེ། དུས་ཕྱིས་ལོ་ཙཱ་བ་ནམ་མཁའ་བཟང་པོས་འདིའི་རྒྱ་དཔེ་གཟིགས་པས་ཚད་མར་མཛད་དོ། །མྱང་འདས་ཆེ་ཆུང་དང་ཕུར་པའི་རྒྱུད་དེ་རྣམས་འགྲེལ་པ་དང་བཅས་པ་དང་། འཕྲོས་པ་མན་ངག་གི་རྒྱུད་ལྔ་ལ་སོགས་པ་དེ་དག་ཀྱང་གསར་མ་ལ་མ་གྲགས་པ་ཙམ་ལས་གཞན་གཏན་ཚིགས་མི་སྣང་། ཕུར་པ་མྱང་འདས་ཆེ་ཆུང་གི་རྒྱུད་འདི་ཕུར་པ་ལྷ་ནག་གི་རྩ་བ་ཡིན་ཏེ། ཡར་འགྲོག་པ་གུ་རུས་ཡང་དག་གི་རྒྱུད་འདི་ལ་བརྟེན་ནས་ཕུར་པ་ལྷ་ནག་བྱས། རྒྱུད་ཀྱི་རྣམ་བཤད་བཤད་འབུམ་རྡོ་རྗེའི་དོན་གསལ་ཞེས་བྱ་བ་བརྩམས། དེའི་གོང་ན་ཕུར་པ་ལྷ་ནག་གི་མིང་མེད། ལྷ་ནག་གི་གྲུབ་ཐོབ་མང་དུ་བྱོན་པས་བརྩམས་རྒྱུད་ཀྱི་དོན་མི་སྣང་། ཨཱ་ཙརྱ་བི་མ་ལ་མི་ཏྲས་བསྒྱུར་བའི་སེམས་ཕྱོགས་ཀྱི་ཕྱིས་འགྱུར་བཅུ་གསུམ་ལ། རྨད་དུ་བྱུང་བའི་ལེའུ་བཞི་བཅུ་ཞེ་གསུམ་དང་། བྱང་ཆུབ་ཀྱི་སེམས་བདེ་འབྱམས་རིན་པོ་ཆེ་དང་། ཞེས་སོགས་གསུངས་ནས། ཉང་སྟོད་ཁྲོ་གངས་སུ་དྲང་ཤག་ཚུལ་གྱིས་བརྩམས་པའི་སེམས་སྡེ་བཅོ་བརྒྱད་ཀྱི་ཆོས་སྐོར་རྣམས་ལ་ཀུན་བྱེད་རྒྱལ་པོ་དང་། མདོ་བཅུ་གསང་བ་དང་། ཡེ་ཤེས་གསང་བ་ལ་སོགས་པ་དང་། ཞེས་གསུངས་པ་འདི་ནི། སེམས་སྡེ་བཅོ་བརྒྱད། རྨད་བྱུང་ལ་སོགས་པ་བི་མ་ལའི་ཕྱིས་འགྱུར་བཅུ་གསུམ་གྱི་སྟེང་དུ་བཻ་རོའི་སྔ་འགྱུར་ལྔ་བསྣན་པ་ལ་ཟེར་བ་དེ་མ་དགོངས་པའོ། །དེ་ལ་བཻ་རོའི་སྔ་འགྱུར་ལྔ་ནི་ནམ་མཁའ་ཆེ། རྩལ་ཆེན་སྤྲུགས་པ། རིག་པའི་ཁུ་བྱུག །སྐུ་ལ་འཇུག་པ། རྫོགས་པ་སྤྱི་གཅོད་དང་ལྔའོ། །ཁ་ཅིག་འོག་མ་གཉིས་པོའི་ཚབ་ཏུ་ཁྱུང་ཆེན་ལྡིང་བ། བསྒོམ་དོན་དྲུག་པ་གཉིས་ལ་བྱེད། ཀུན་བྱེད་རྒྱལ་པོ་དང་། མདོ་བཅུ་གསང་བ། ཡེ་ཤེས་གསང་བ་རྣམས་སེམས་སྡེ་བཅོ་བརྒྱད་མི་གཏོགས། འདིའི་ཤན་དཔལ་འཛིན་གྱིས་ཀྱང་མ་ཕྱེད་པས། གྲུབ་མཐའི་འབེན་མ་མཐོང་བར་དགག་པའི་མདའ་འཕེན་པ་ཞེས་པའི་ཚུལ་དུ་ཟད། འདི་རྣམས་ལ་ཞལ་མཐུན་པ་སུ་ཡང་མ་བྱུང་སྟེ། འགོས་ལྷས་བཙས་ཀྱིས་རྨད་བྱུང་ལ་སོགས་པ་ཕྱིས་འགྱུར་བཅུ་གསུམ་སངས་རྒྱས་ཡེ་ཤེས་ཀྱིས་བྱས་གསུངས། འདི་ན་བི་མ་ལས་བསྒྱུར་ཟེར་བ་ཙམ་བྱས་ཏེ་བཀག །ཀུན་བྱེད་རྒྱལ་པོ་དྲང་ཤག་ཚུལ་གྱིས་བྱས་ཟེར། ལ་ལ་ནི་བཻ་རོ་ཙ་ནས་བྱས་ཟེར། ཡང་ཁ་ཅིག་ནི་གསང་བ་སྙིང་པོ་བཻ་རོས་བྱས་སོ་ཟེར་ཏེ་གཏན་ཚིགས་ཡང་དག་པ་ནི་སུ་ལའང་སྨྲ་རྒྱུ་མི་འདུག་གོ། །མ་མོ་སྲིད་པ་རྒྱུད་ལུང་དང་། ལུང་བམ་བརྒྱད་ལ་སོགས་པ་མ་མོའི་སྐོར་རྣམས་ནི་བོད་རྩམ་འདྲ་རུང་བ་ཡོད་ཀྱང་། གདུལ་བྱ་བོད་དང་བོ་འདྲ་བ་གཞན་དག་གི་དབང་དུ་བྱས་ནས་གསུངས་པར་བཞེད། བོད་ཆོས་ཡིན་ན། བོད་དུ་ཆོས་ཀྱི་མིང་ཡང་མེད་པའི་གོང་དུ་རྒྱ་གར་དུ་དར་ནས་རོམྦུ་གུ་ཧྱ་དང་དཱ་ན་སཾ་ཀྲྀ་ཏ་ལ་སོགས་པ་མ་མོའི་གྲུབ་ཐོབ་མང་དུ་བྱོན་དོན་མེད། སློབ་དཔོན་པདྨ་ལ་བདེ་གཤེགས་འདུས་པ་མཁའ་འགྲོ་མས་མ་གཏད་པའི་གོང་དེར་མ་མོའི་རྒྱུད་ལུང་རྣམས་རོམྦུ་གུ་ཧྱ་ལ་ཞུས་པ་ཡིན། རྒྱལ་པོའི་ཆོས་ལྔ་ནི་བཻ་རོ་ཙ་ནའི་སྔ་འགྱུར་ལྔ་པོ་ལ་ཟེར་ཏེ། གཞན་ཞིག་ཡིན་སྙམ་དུ་དགོངས་པ་འདྲའོ། །དེའི་སྡེབས་རྣམས་ལའང་རྣམ་དག་མ་ཡིན་པའི་གཏན་ཚིགས་འགོང་རྒྱ་མ་བྱུང་བར་འདུག །ཨཱ་ཙརྱ་དམར་པོས་བྱས་པའི་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཅེས་སོགས་ཀྱང་། རྒྱུད་འདིས་སྐྱ་པཎྜི་ཏ་ལ་སོགས་པ་དམ་པ་མང་པོས་ཚད་མར་མཛད། ཡེ་ཤེས་སྙིང་པའི་རྒྱུད་ཀྱི་ལུང་མང་པོ་ལོ་ཆེན་རིན་ཆེན་བཟང་པོའི་བསྟན་བཅོས་ན་ཡོད། དབང་རིན་ཆེན་འཁོར་ལོའི་མན་ངག་ཀྱང་བསྟན་བཅོས་ཡིན་མོད་ཀྱི་མ་དག་པའི་ཆ་མ་མཆིས། དབང་རིན་འཁོར་རང་ནི་ལོ་ཆེན་གྱིས་ཚད་མར་བཟུང་བ་ཡིན། རླངས་དཔལ་གྱི་སེང་གེས་བསྒྱུར་བའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་དང་། སྒྲུབ་ཐབས། དཀྱིལ་ཆོག །སྦྱིན་སྲེགས་ཀྱི་ཆོ་ག་འདི་རྣམས་སྔོན་གནུབས་པ་རྣམས་ལ་ཤིན་ཏུ་དར། འདི་བོད་མ་ཡིན་ན། ཕྱིས་སུ་བྱུང་བའི་ཕྱག་ན་རྡོ་རྗེ་གཏུམ་པོའི་ཆོས་སྐོར་བླ་མ་ཝ་ལ་ཙཎྜ་ལ་རྗེ་རས་ཆུང་པས་ཞུས་པ་འདི་དང་ཁྱད་པར་ཅང་མ་མཆིས། གཞན་ཆར་ཡང་རྣམ་གསུམ་དང་རིན་ཆེན་སྙེ་མ་ལ་སོགས་པ་ནི་མ་མཐོང་། ཕྱག་ན་རྡོ་རྗེ་བྷ་བ་མ་ནི། རང་གི་ཡབ་ལྷ་བླ་མས་པུ་ཧྲངས་ཁ་ཕྱར་གྱི་ལྷ་ཁང་བཞེངས་དུས། མཚོ་མ་དྲོས་པའི་བྱང་ངོས་ན་ཤུག་པ་ཞེང་དུ་འདོམ་བརྒྱད་ཡོད་པ་ཞིག་བཅད་པས་ཤིང་དེ་ལས་ཁྲག་ཟགས། བྱང་ཕྱོགས་ནས་སྡོམ་གཡག་ཙམ་ཞིག་དང་། ནུབ་ནས་སྦལ་པ་ཕྱར་བ་ཙམ། ཤར་ནས་སྡིག་པ་གླང་ཙམ། ལྷོ་ནས་སྦྲུལ་གདུང་མ་ཙམ་ཞིག་བྱུང་བ་དང་མི་ཐམས་ཅད་ཧ་ལས། དེ་རྣམས་ཀྱང་ལྷ་འདྲེའི་ཞུང་ཡིན་པས་ཐོན་པ་དང་ཡལ་སོང་། ཤིང་དེ་གཅོད་པའི་མི་རྣམས་མཛེས་ཟིན་པས། ལྷ་བླ་མས་པཎྜི་ཏ་ལ་འབུལ་བ་གསེར་མང་པོ་བསྐུར་ནས་ཞུར་བཏང་བས། ཁ་ཆེ་ནས་བྱུང་བའི་ཕྱག་ན་རྡོ་རྗེའི་ཆོས་སྐོར་ཡིན། ཕྱིས་སུ་ཡག་གྲྭ་པ་མངོན་ཤེས་ནས་བརྒྱུད་པ་དང་། ལྕེ་དོལ་སྒང་པ་ནས་བརྒྱུད་པའི་སྲོལ་གཉིས་བྱུང་། གཉི་ག་ལས་ཕྱག་ན་རྡོ་རྗེའི་གྲུབ་ཐོབ་མང་དུ་བྱོན། འདི་བླ་མེད་དུ་གཏོགས། མ་དག་པའི་ཆ་ཅི་ཡང་མེད་དོ། །མི་ཏྲི་པའི་རིན་ཆེན་ཕྲེང་བ་དང་། ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པའང་མཁས་པ་འགའ་ཞིག་གིས་ཚད་མར་མཛད། རྣལ་འབྱོར་མའི་བྱིན་རླབས་དང་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི་བིཪྺ་པ་དང་ནཱ་རོ་པ་ལ་སོགས་པས་མཛད་དེ་དེང་སང་དུའང་ས་སྐྱ་པ་དང་དྲགས་པོ་བཀའ་བརྒྱུད་པ་ལ་ཤིན་ཏུ་དར། ཕག་ཞལ་གཡས་སུ་བྱུང་བ་ལ་མུ་སྟེགས་ཀྱི་ལྟར་ལྟ་བའང་རང་བློ་ཆུང་། རྒྱལ་བའི་ཡུམ་ཆེན་མོ་འདི་ལྟ་བུ་ལ་བརྙས་པ་སྡིག་ཤིན་ཏུ་ལྕི། མུ་སྟེགས་དང་འབྲེས་ཟེར་བ་ནི། དེ་དུས་ཕ་རྒྱུད་མ་རྒྱུད་པ་གཉིས་ཆགས་སྡང་བྱུང་བས་དེའི་གཏམ་ཡིན་མན་ངག་གསེར་ཕྲེང་ནི་རུ་ལུ་གསེར་ཕྲེང་ཡིན་པས་སློབ་དཔོན་ཧཱུྃ་ཀ་རའི་མན་ངག་གི་རྫོགས་རིམ་ཡིན། ཚིག་དོན་གཉི་ག་བཟང་། རྡོ་རྗེ་འདའ་ཀ་མ་ནི་མན་ངག་ལྟ་ཕྲེང་གི་ཆ་ལག་ཡིན་པས་མ་དག་པ་མེད་དོ། །སྤྱིར་ཕོ་བྲང་ཞི་བ་འོད་འདི་ཡང་ལྷ་བླ་མའི་དགོངས་པ་དང་མཐུན་པར། རབ་ཏུ་བྱུང་བ་དང་སྔགས་པ་རྣམས་ཀྱིས་ཀྱང་འདུལ་བའི་ཁྲིམས་སྲུངས། ཞེས་གསུངས་ནས། མ་རྒྱུད་མ་བྱས་ན་ཡང་རུང་། །ཞེས་པ། དེ་དུས་ཆགས་ལམ་དར་བ་དེ་ཇོ་བོ་རྗེས་བཀགས་པ་ལས། སླར་འཕེལ་གྱི་དོགས་པར་མངོན། ཁྱད་པར་དུ་རྫོགས་པ་ཆེན་པོ་ལྟ་བ་མུ་སྟེགས་དང་འདྲེས་པས་མི་རུང་། ཞེས་གསུངས་པ་འདི་ལངྐར་གཤེགས་པའི་ལུང་། འོད་མདོང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་འཇའ་འདྲ་མཐོང་། །མཚན་མ་སྣ་ཚོགས་འདི་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཅེས་གསུངས་པ་འདི་ལ་བརྟེན་ནས་མུ་སྟེགས་རྟག་ལྟ་བ་དང་རྫོགས་ཆེན་གྱི་གྲུབ་མཐའ་འདྲ་བས་སོ་སྙམ་དུ་དགོངས་མོད་ཀྱི། དེ་ལྟ་ན་སྦྱོར་དྲུག་གི་སོར་བསྡུད་དང་། རིམ་ལྔ་པའི་སྣང་མཆེད་ཐོབ་གསུམ་ཡང་དེ་ལྟར་དུ་ཐལ་བའི་སྐྱོན་ཡོད་དེ། འོད་གསལ་གྱི་ངོ་བོ་གཅིག་ཡིན་པས་སོ། །བོད་ཀྱིས་བྱས་པའི་སྔགས་དང་ཡི་གེ་ལ། མི་གཡོ་བའི་སྔགས་ལ་བརྟེན་ནས་ཕྱག་ན་རྡོ་རྗེའི་སྔགས་དང་། སྒྲུབ་ཐབས། ཞེས་པ་འདི། ཙཎྜ་མ་ཧཱ་རོ་ཥ། ཞེས་བྱུང་བ་ལ་མི་གཡོ་བའི་སྔགས་སུ་བསམ་པར་ཟད། སྔགས་ཀྱི་སྒྲ་དོན་གཏུམ་པོ་འཇིགས་བྱེད་ཆེན་པོ། ཞེས་པ་ཡིན་ན་ཁྲོ་བོ་ཐམས་ཅད་ལ་འཐད་མོད། དེར་མ་ཟད་སྔགས་ཕྱོགས་འདྲ་བ་ལྷ་གཞན་ལ་ཡང་ཡོད། གནོད་སྦྱིན་ལག་ན་རྡོ་རྗེའི་སྔགས་ལ་བརྟེན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། ཞེས་པ་ཡང་ཁ་ཆེའི་པཎྜི་ཏ་ཛྙཱ་ན་ཤྲཱི་ནས་སྟག་པ་ཇོ་བཟང་སོགས་ལ་གྲགས་པའི་ཕྱག་རྡོར་འདི་ཡིན་པར་སྣང་སྟེ། དེའི་སྔགས་ལ་ༀ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་པའི་སྒྲ་དོན། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འཆང་བའི་བཀའ་བཞིན་གྱིས་གཞི་ཚུགས་ཞེས་བྱུང་བས། དེ་ནི་འབྱུང་པོ་རྣམས་ལ་ཕྱག་ན་རྡོ་རྗེའི་བཀའ་བཞིན་གྱིས་ཟེར་བ་ཡིན་ཀྱང་། ཕྱག་ན་རྡོ་རྗེའི་འཁོར་གཞན་ཞིག་ཡིན་པར་དགོངས། ཕྱག་ན་རྡོ་རྗེའི་སྔགས་གཞན་དག་ཏུ་མ་ཧཱ་ཡཀྵ་སེན་པ་ཏ་ཡེ་ཞེས་འབྱུང་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཟེར་བ་ཡིན་པ་ལ། བཅོམ་ལྡན་འདས་དང་། གནོད་སྦྱིན་ཞེས་སོ་སོར་བཟུང་བའི་ཕྱིར་དང་། མི་གཡོ་བ་ཁོ་ན་ལས་ཙཎྜ་ཞེས་པ་ལྷ་ཁྲོ་བོ་གཞན་དང་ཕྱག་རྡོར་ལ་མི་འོང་བ་མ་ཡིན་ཏེ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ཞེས་པ། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ཡིན་པ་སོགས་ལ་ཐུགས་གཞིགས་མ་ཆུག་པ་འདྲའོ། །སྒྲོན་མ་རྣམ་དྲུག་ཀྱང་། གདམས་ངག་དད་བསྐྱེད་སྒྲོན་མ་ལ་སོགས་པའི་སྡེབས་དེ་ཡིན་ན་ནི། མཛད་པ་པོ་སློབ་དཔོན་པདྨ་འབྱུང་གནས་ཡིན། ཚིག་དང་དོན་ཤིན་ཏུ་བཟང་བས་གཉན་དཔལ་དབྱངས་ཀྱིས་བྱས་པའི་ཡུལ་མི་སྣང་། ལར་དེ་དུས་ཚད་མར་མི་འཛིན་པའི་ཆོས་མང་པོ་ཕྱིས་སུ་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་ནས་རྙེད་པ་དང་། བོད་དུ་སྔར་གྱི་རྒྱ་དཔེ་རྙིང་པ་ལོ་ཙཱ་བ་དག་གིས་གཟིགས་པས་ཆོས་ཡང་དག་ཏུ་སོང་བ་མང་དུ་བྱུང་། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་འདི་ཡང་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་བས་བོད་ན་བརྩམས་རྒྱུད་དུ་འདོད་པ་ལ། ནག་ཚོ་ལོ་ཙཱ་བས་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་གཟིགས་པ་ལ་བྱོན་པས། དེ་ན་པཎྜི་ཏ་རྣམས་རྒྱུད་དེ་ལ་སློབ་གཉེར་བྱེད་པས་དེར་པཎྜི་ཏ་ལ་ཞུས་ནས་བོད་དུ་འགྱུར་བཅོས་ཀྱང་མཛད་དོ། །དེ་ལྟར་བཀའ་ཤོག་འདི་གནང་བ་པོ་ཕོ་བྲང་ཞི་བ་འོད་དེ་ནི་ཇོ་བོ་རྗེ་དང་། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་གཉི་གའི་ཡོན་བདག་ཀྱང་ཡིན་ལ་སློབ་མ་ཡང་ཡིན་པའི་མཁྱེན་པ་ཅན་ཡིན་ཀྱང་། མངའ་རིས་སྟོད་ཀྱི་རྒྱལ་པོ་མཛད་པས་གཞུང་ལུགས་རྣམས་ལ་གཟིགས་རྟོག་ཆེར་མཛད་རྒྱུ་མ་བྱུང་བ་འདྲ་སྟེ། དེའི་དུས་ཀྱི་གཏམ་དུ་གྲགས་པ་རྣམས་ཡི་གེར་བྲིས་པར་སྣང་སྟེ། འདི་ལ་ས་སྐྱ་པཎ་ཆེན་གྱིས་ཀྱང་། །དེ་ཡི་སློབ་མ་ཞི་བ་འོད། །དེས་ཀྱང་སྔགས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ཅེས་ཟེར། །ཅེས་པ་ཙམ་ལས་ཆེད་དུ་བསྔགས་པ་མ་མཛད་སྣང་ངོ་། །ལྷ་ཕོ་བྲང་ཞི་བ་འོད་ཀྱི་ཆབ་ཤོག་ལན་དུ་གསོལ་པ་རྫོགས་སོ།། ༈ །།ད་ནི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་མཛད་དོ་ཞེས་པའི་འབྱམས་ཡིག་ལ་རྒྱས་བསྡུས་གསུམ་ཡོད་པར་གྲགས་ཀྱང་། ད་ལྟ་གཉིས་མཐོང་བ་འདི་ལས་ལྷག་པའི་བརྗོད་བྱ་ཞིག་ལོགས་སུ་མེད་པའི་ཕྱིར་མི་བདེན་པ་འདྲ་ལ། འདི་དག་ཀྱང་མ་དག་པའི་ཆ་ནི་འོག་ཏུ་འཆད། དེ་བས་ན་ལོ་ཙཱ་བ་མཁས་པ་ཆེན་པོ་དེས་མ་མཛད་པར་སེམས་སོ། ༈ །འགོས་ཁུག་པ་ལྷས་བཙས་ཀྱིས། བོད་ཀྱི་ཆོས་པ་རྣམས་ལ་སྦྲིངས་པ། བསྐལ་པ་བཟང་པོ་འདི་ལ་དུས་བཞི་ལས། བདེ་བར་གཤེགས་པ་འཁོར་བ་འཇིགས་འཇིག་རྟེན་དུ་བྱོན་པའི་དུས་སུ། སེམས་ཅན་ཐམས་ཅད་མ་བསླབ་པར་དགེ་བ་བཅུ་སྤྱོད་པས་རང་གི་ངང་གིས་རྫོགས་པ་དང་ལྡན་པས་རྫོགས་ལྡན་ཞེས་བྱའོ། །དེ་ནས་བར་གྱི་བསྐལ་པ་གཉིས་པ་ལ་བདེ་བར་གཤེགས་པ་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས་སུ། དགེ་བ་བཅུ་ལས་སྲོག་གཅོད། གནོད་སེམས། ཚིག་རྩུབ་གསུམ་སྤོང་བས་གསུམ་ལྡན་ཞེས་བྱའོ། །དེ་ནས་བར་བསྐལ་གསུམ་པ་ལ་འོད་སྲུངས་བྱོན་པའི་དུས་སུ། སེམས་ཅན་རྣམས་ཀྱིས་སྲོག་གཅོད་ཚིག་རྩུབ་གཉིས་སྤང་བས་གཉིས་ལྡན་ཞེས་བྱའོ། །དེ་ཡན་ཆད་དུ་ཕ་རོལ་ཏུ་ཕྱིན་པའི་ཆོས་གསུངས་འབྲས་བུ་བྱང་ཆུབ་ལ་བཀོད་པ་ཡིན། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པའི་དུས་སུ། སྙིགས་མ་ལྔ་བདོ་མི་དགེ་བ་བཅུ་ལ་སྤྱོད་པས་རྩོད་ལྡན་ཞེས་བྱའོ། །དེའི་དུས་སུ་གསང་སྔགས་གསོན་མེ་ལྟ་བུའི་ཆོས་འབྱུང་སྟེ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་གསུམ་གསུངས། དེ་ནས་ཕྱག་ན་རྡོ་རྗེས་ལུང་བསྟན་ནས་ཨོ་རྒྱན་གྱི་རི་ལ་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱད་གསུངས་སོ་ཟེར། ལ་ལ་ན་རེ། སངས་རྒྱས་གཤེགས་ནས་ལོ་བརྒྱད་དང་བཅུ་གཉིས་ན་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་ཟེར་ཏེ། པཎྜི་ཏ་ཐམས་ཅད་ལ་དྲིས་པས་མི་བདེན་གསུང་། དེ་ནས་རིམ་གྱིས་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་ལོ་ཙཱ་བ་རྣམས་ཀྱིས་སྡེ་སྡོ་གསུམ་དང་། རྒྱུད་སྡེ་བཞི་བསྒྱུར་ཞིང་གཏན་ལ་ཕབ་པ་ཡིན་ནོ། །དེ་ནས་མི་རབ་གཅིག་ན་ལོ་ཙཱ་བ་ཀ་བ་དཔལ་བཙེགས་དང་། ལྕེ་བཀྲ་ཤིས་དཔལ་གྱིས་དཔལ་གསང་བ་འདུས་པ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་དང་། སྒྱུ་འཕྲུལ་དྲྭ་བ་རྣམས་བསྒྱུར་རོ། །དེ་རྣམས་ནི་བཀའ་དྲི་མེད་པ་ཡིན་ནོ། །ཞེས་པ་ལ་མ་དག་པའི་ཆ་འདི་ལྟར་ཡོད་དེ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་གསུམ་གསུངས་ཟེར་བ་འདིས། རྣལ་འབྱོར་གྱི་རྒྱུད་རྩ་བ་ནས་ཆད། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་ལོ་ཙཱ་བ་རྣམས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སྦྱུར། ཞེས་པ་འདིས་ཚིག་སྔ་ཕྱི་ནང་འགལ། སློབ་དཔོན་སངས་རྒྱས་གསང་བ་ལ་སོགས་པ་རྒྱུད་སྡེ་གསུམ་དུ་བཞེད་པའི་ལུགས་ཀྱི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་ཞེས་གསུམ་དུ་བསྡུས་ནས། རྣལ་འབྱོར་ལ་ཕྱི་ནང་གཉིས་སུ་འབྱེད་པ་དེ་དང་འདི་མ་མཐུན། ཨོ་རྒྱན་གྱི་རི་ལ་ཐབས་ཤེས་ཀྱི་རྒྱུད་གསུངས་སོ་ཟེར། ལ་ལ་སངས་རྒྱས་གཤེགས་ནས་ལོ་བརྒྱ་དང་བཅུ་གཉིས་ན་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་ཟེར། པཎྜི་ཏ་རྣམས་མི་བདེན་ཟེར། ཞེས་པ་འདི་ནི་གསང་སྔགས་གང་དུ་གསུངས་པའི་གནས་རྩད་མཆོད་པ་དེ་ཀ་མ་གཏོགས་གཞན་དགོས་པ་ཅང་མ་བྱུང་། དེ་ནས་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་ལོ་ཙཱ་བ་རྣམས་ཀྱིས་སྡེ་སྣོད་གསུམ་བསྒྱུར། དེ་ནས་མི་རབས་གཅིག་ན་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང་ལྕེ་བཀྲ་ཤིས་ལ་སོགས་པས་གསང་འདུས་བསྒྱུར་ཟེར་བ་ནི་དུས་སྔ་ཕྱི་ནོར་བ་ཡིན་ཏེ། བོད་དུ་ཆོས་ཀྱི་དབུ་བརྙེས་པའི་ཐོག་མ་ལྷ་ཐོ་ཐོ་རི་ནས་མེས་ཨག་ཚོམ་ཡན་ཆད་ལ་ཆོས་ཡོད་ཀྱང་། རབ་ཏུ་བྱུང་བ་དང་དེའི་ཆོས་འདུལ་བ་མེད་པས་སྡེ་སྣོད་གསུམ་མ་ཚང་། བསྒྱུར་བ་ཡང་མེད། ལྕེ་བཀྲ་ཤིས་དང་ཀ་བ་དཔལ་བརྩེགས་ནི་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཀྱི་ལོ་ཙཱ་བ་ཡིན་པས་མི་རབས་གཅིག་ནས་ཟེར་བའི་དོན་མི་སྣང་། ཁྲི་སྲོང་ལྡེའུ་བཙན་གྱི་དབོན་སྲས་མངའ་བདག་ཁྲི་རལ་གྱི་དུས་ཀ་ལྕོག་ལ་སོགས་པས་སྔ་འགྱུར། འགྱུར་བའི་མདོ་སྔགས་རྣམས་ལ་བཙན་པོའི་བཀའ་ལུང་ལྟར་སྐད་གསར་བཅད་ཀྱིས་བཅོས་པ་དེ་ལ་སྔར་མེད་པར་དེ་དུས་སུ་བསྒྱུར་བར་བསམ་འདུག་པ་དེ་ཀུན་མ་དག་གོ། །ཡང་། དུས་ཕྱིས་རྨ་རིན་ཆེན་མཆོག་གིས་གསང་བ་སྙིང་པོ་བརྩམས་སོ། །དེའི་ཁ་སྐོང་དུ་སྒྱུ་འཕྲུལ་ལེའུ་ལག་བརྩམས་སོ། །རྒྱལ་བློན་གྱིས་རིག་ནས་བཀའ་ཆད་དབབ་པར་བྱས་པས་ལོ་བཅུར་མ་རྙེད། དུས་ཕྱིས་གཙང་གི་ཉང་རོར་ཤིའོ། །ཞེས་པ་ཡང་། གསང་བ་སྙིང་པོ་ལ། ཐོག་མ་སློབ་དཔོན་པདྨ་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ཡིན་ཀྱང་། དེ་རྗེས་བི་མ་ལ་དང་གཉགས་ཛྙཱ་ནའི་འགྱུར་ཡོད། དེའི་བཤད་པའི་རྒྱུན་ཡང་དར་རྗེ་དཔལ་གྱི་གྲགས་པས་བསམ་ཡས་མཆིམ་ཕུ་དང་ཁམས་སུ་བཤད་དེ་ནས་བརྒྱུད་པ་ལ་བཀའ་མཆིམ་ཕུ་མར་གྲགས། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གཙང་དུ་བཤད་པས་སོ་ཟུར་གནུབས་གསུམ་ལ་མཆེད་དེ་རྒྱ་ཆེ། དེ་ལྟར་མ་ཡིན་ཞེ་ན་ཡང་། དུས་ཕྱིས་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་འདི་སྐད་དུ། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་བསྒྱུར་བའོ། །སླད་ཀྱིས་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་ཡེར་བ་ལྷ་བྲག་བདུད་འདུལ་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །དུས་ཕྱི་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སྔོན་ཨོ་རྒྱན་གྱི་རྒྱ་དཔེ་ཡོད་པ་བཅོམ་ལྡན་འདས་རིག་པའི་རལ་གྲིས་རྙེད་པའི་དཔེ་བྱུང་བ་དང་། བལ་པོ་ཐང་བྷི་ཧཱ་ར་ནས་གློ་བོ་ལོ་ཙཱ་བ་ཆེན་པོ་དཔལ་ལྡན་བྱང་ཆུབ་ཀྱིས་རྙེད་པའི་རྒྱ་དཔེ་ལས་བཤུས་པའི་དཔེ་ཡོད་པ་ལས། སྔར་གྱི་འགྱུར་རྙིང་དང་བསྟུན་པས་ཁྱད་ཆེ་བར་མཐོང་ནས། ལོ་ཙཱའི་མིང་ཅན་མ་ཎི་ཀ་ཤྲཱི་ཛྙཱ་ནས་ཟུར་ཁང་དགའ་ལྡན་གླིང་དུ་ལྕགས་ཕོ་སྤྲེའུའི་ལོ་སྟོན་ཟླ་བརྒྱད་པའི་ཚེས་ཉེ་ཤུ་ཡན་ལ་འགྱུར་རྣམས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པའོ། །ཁ་ཅིག་རྫོགས་སངས་རྒྱས་ཀྱིས་མ་གསུངས་པའི། ཆོས་མིན་རྣམས་ལ་ཆོས་སུ་ཞེན་ཅིང་ཆགས། །ཁ་ཅིག་རྣམ་དག་ཆོས་དང་རྒྱུད་ལ་ཡང་། །ཡང་དག་མིན་ཞེས་ཐེ་ཚོམ་སོམ་ཉི་ཟ། །དེ་འདྲའི་ལོག་རྟོག་གསལ་བར་བྱ་ཆེད་དང་། །རྣམ་དག་རྒྱུད་ལ་བསྟོད་ཅིང་བསྐུར་བའི་ཕྱིར། །རྒྱུད་འདི་ལེགས་པར་བསྒྱུར་བའི་བསོད་ནམས་གང་། །དེ་ཡིས་འགྲོ་རྣམས་ཧེ་རུ་ཀ་དཔལ་ཤོག །ཅེས་པ་འགྱུར་བྱང་དུ་བཀོད་ཅིང་འཆད་ཐབས་ཀྱི་ཡན་ལག་ཏུ་རྒྱུད་ལ་མཆན་བུ། བསྡུས་དོན་དང་། ཊཱི་ཀ་མཛད་དོ། །དེ་ལྟར་དུས་ཕྱིས་ཀྱང་རྒྱ་བལ་གྱི་དཔེ་ལས་བོད་དུ་བསྒྱུར་བ་འདིས། རྨ་རིན་ཆེན་མཆོག་གིས་གསང་བ་སྙིང་པོ་བརྩམས་སོ་ཞེས་པའི་གཏམ་འདི་ཉམས་པར་བྱས་སོ། །དེ་དུས་ཀ་བ་དང་ལྕེ་གཉིས་ཀྱིས་རྒྱུད་གསང་བ་འདུས་པ་ལ་སོགས་པའི་རྒྱུད་བཞི་ལས་མ་བསྒྱུར་བ་ཡང་མི་བདེན་ཏེ། ཅོག་གྲུ་ཏིང་འཛིན་དང་བྲང་ཏི་ཛ་ཡ་རཀྴི་ཏ་ལ་སོགས་པས་རྒྱུད་མང་པོ་བསྒྱུར་བ་གསར་མ་བའི་ཆོས་འབྱུང་རྣམས་སུ་བཤད་དོ། །ཡང་། དེ་ལ་བརྟེན་ནས་ཟུར་ཆེ་ཆུང་གིས་གསང་བ་སྙིང་པོའི་འགྲེལ་པ་དང་དཀྱིལ་ཆོག་དང་སྒྲུབ་ཐབས་མང་པོ་རང་གཟོར་བྱས་སོ། །སྒྱུ་འཕྲུལ་གྱི་ཆོས་དེ་དག་ཐམས་ཅད་ཆོས་ལོག་དྲི་མ་ཅན་བོད་ཀྱི་རང་གཟོར་ཡིན་ནོ། །ཞེས་པའང་དེ་ལ་བརྟེན་ནས་བྱས་ན་རང་གཟོར་ག་ལ་འགྱུར། དེ་ལྟར་ན་བོད་དུ་འགྱུར་གསར་མ་རྣམས་ཀྱང་འགྲེལ་པ་དང་དཀྱིལ་ཆོག་སྒྲུབ་ཐབས་མང་དུ་སྣང་བ་ཐམས་ཅད་དྲི་མ་ཅན་དུ་འགྱུར་རོ། །ཡང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བཻ་རོ་ཙ་ནས་རྒྱ་གར་ལ་ཁུངས་བཙལ་ནས་སེམས་ཕྱོགས་ལ་སོགས་ནམ་མཁའ་ཆེ་དང་། སྐུ་ལ་འཇུག་པ་དང་། རྩལ་ཆེན་དང་། རྫོགས་པ་སྤྱི་གཅོད་དང་། རིག་པའི་ཁུ་བྱུག་དང་ལྔ་བརྩམས་པ་རྒྱལ་བློན་གྱིས་རིག་ནས་ཚ་བ་རོང་དུ་སྤྱུགས་སོ། །ཞེས་པ། གལ་ཏེ་རྒྱུད་དེ་དག་བརྩམས་པའི་ནག་ལ་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པ་ཡིན་ན། དེས་བརྩམས་པའི་རྒྱུད་ལྔ་པོ་དེའི་དཔེ་ཐམས་ཅད་བསྡུས་ནས་མེ་ལ་བསྲེགས། དེ་ཕྱིན་ཆད་བོད་ཀྱི་ཡུལ་འདིར་སུས་ཀྱང་འདི་འདྲ་འཛིན་པ་དང་འཆད་པ་བྱུང་ན་ཆད་པས་བཅད་དོ་ཞེས་དྲིལ་བསྒྲགས་པ་ན་རྒྱུད་དེ་དག་གི་མིང་ཙམ་ཡང་ག་ལ་འོང་སྟེ། དེ་ལྟར་མ་བྱུང་བས་དེང་སང་གི་བར་དུ་དར་བ་འདི་ཡིན་མོད། བཻ་རོ་ཚ་བར་རོང་དུ་སྤྱུགས་པ་དང་རྙིང་མའི་ཆོས་འཕྲོ་ལུས་པ་ལ་མངའ་བདག་ཐུགས་མ་རྫོགས་པར་སློབ་དཔོན་བི་མ་ལ་མི་ཏྲ་རྒྱ་གར་ནས་སྤྱན་དྲངས། ཞེས་སྦ་བཞེད་དུ་བཤད་ཁྱེད་ཀྱི་གཏམ་འདི་དག་བདེན་ན་སྦ་བཞེད་ཀྱང་འཁྲུལ་པར་བྱས་སོ། །ཡང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་གར་ལ་རྫུན་གྱི་ཁུངས་སྦྱར་ནས་རྨད་དུ་བྱུང་བ་ལ་སོགས་པའི་ཆོས་བཅུ་གསུམ་བྱས་སོ། །སྔར་གྱི་ལྔ་བསྣན་པས་བཅོ་བརྒྱད་དོ། །སེམས་ལུང་ཆེན་མོ་དང་ཀུན་བོད་ཀྱིས་བྱས་པའི་དྲི་མ་ཅན་ཡིན་ནོ། །ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་བྱས་པའི་སེམས་ཕྱོགས་ཀྱི་རྒྱུད་ལྔའི་འགྲེལ་པ་དང་། སེམས་ཉམས་ཆེ་ཆུང་དང་། དར་རྗེ་དཔལ་གྱི་གྲགས་པས་བྱས་པའི་ཆོས་ལ་དགོངས་འདུས་དང་། ཀུན་འདུས་དང་། རྒྱལ་པོའི་ཆོས་ལྔ་སྟེ་དྲི་མ་ཅན་ཡིན་ནོ། །ཞེས་པ་དག་ལ་འགོག་ཏུ་མེད་པའི་རྒྱུ་མཚན་ནི་མེད་ཀྱང་སེམས་ཕྱོགས་ལ་དུས་དེར་ཁ་ཟེར་བ་མང་བས། བདེ་གཤེགས་ཟུར་པོ་ཆེ་ཡང་རང་གི་ཆོས་ལ་ཐེ་ཚོམ་འཁྲུངས། དེའི་སྐབས་ཤིན་ཏུ་མང་ཀར་ནས་འབྲོག་མི་ལོ་ཙཱ་བས་ཆོས་སྦྱིན་གྱི་གསེར་མང་པོ་ཁྱེར་ལ་ཤོག་བྱ་བའི་ཆབ་ཤོག་བྱུང་། ཟུར་པོ་ཆེ་འབྱོན་པར་ཆས་པས་སྔགས་པ་རྣམས་ན་རེ། དཔལ་ཆེན་པོའི་བསྙེན་སྒྲུབ་འདིའི་བར་ཆད་ཡིན་པས་སྐུ་མཚམས་གྲོལ་བ་དང་འབྱོན་པ་འཐད་ཞུས་པས། ཡི་དམ་གྱི་དངོས་གྲུབ་མཆོག་ནི་ཆོས་ཀྱི་དངོས་གྲུབ་ཡིན་པས་ད་ལྟ་འགྲོ་གསུངས་ནས་གཤེགས། འབྲོག་མི་པཎྜི་ཏ་བརྫོང་བའི་གསེར་གྱིས་འཐོགས་པ་དེ་ལ་ཟུར་གྱིས་གསེར་ཀ་ཏོ་ར་དོ་ཕུལ་བས་དགྱེས་ནས་ལམ་འབྲས་དང་། ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་དང་། ལམ་སྐོར་དགུ་ལ་སོགས་པ་ག་ཡ་དྷ་རའི་ཆོས་ཐམས་ཅད་རྫོགས་པར་གནང་བས། དེར་ཟུར་གྱིས་ལེགས་པར་དཔྱད་པ་ན་དོན་འདྲ་བ་ལ་རང་གི་སེམས་ཕྱོགས་ཟབ་པ་དང་ལམ་མཐོ་བར་འདུག་པས། བླ་མའི་བསམ་མི་ཁྱབ་ཀྱིས་ཁོ་བོའི་སེམས་ཕྱོགས་ནོར་དུ་བཏང་གསུངས། རང་གི་ཆོས་ལ་ངེས་ཤེས་རྙེད། བླ་མ་འདི་དང་མ་མཇལ་ན་ཁོ་བོས་ཆོས་སྤང་བར་འདུག་དགོངས་ནས། ཞབས་ཏོག་དང་སྲི་ཞུ་ཆེ། ན་བཟའ་བེར་གསོལ་བའི་ཐོག་ཏུ་འབྲོག་མིའི་མཚར་མ་ཁུར་ནས་སྐྱས་བས་མི་རྣམས་ན་རེ། བེར་འདི་ཕངས་ཟད་འགྲོ་ཟེར་བ་ལ། ཟུར་པོ་ཆེ་མ་ཟད་ན་བེར་མི་ཟད་ཅེས་སོགས་གསུངས། མདོར་ན་རྫོགས་ཆེན་སེམས་ཕྱོགས་ལ་སྐུར་པ་འདེབས་ཀྱང་ཡང་དག་པའི་ཆོས་ཡིན་པར་ལོ་རྒྱུས་འདིས་གསལ་ལ། ལོ་རྒྱུས་འདི་ནི་ལམ་འབྲས་པ་དག་གི་ཡི་གེ་ལས་འབྱུང་ངོ་། །ཡང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་བརྩམས་པ། དེ་ལ་བརྟེན་ནས་བོད་རྣམས་ཀྱིས་ཆོས་ལོག་དྲི་མ་ཅན་བསམ་གྱིས་མི་ཁྱབ་པ་བྱས་སོ། །དེ་དག་ཐམས་ཅད་རྒྱ་གར་ན་མེད་ཅིང་པཎྜི་ཏ་མང་པོ་ལ་དྲིས་པས་ཆོས་ནོར་བ་ཡིན་གསུངས། ཞེས་པ་ཡང་། དེ་དུས་ཆོས་འདོད་ན་པཎ་ཆེན་བརྒྱ་རྩ་བརྒྱད་བོད་དུ་བཞུགས་པ་ལ། དེ་དག་ལ་ཞུས་པས་ཆོག་གི་རང་གིས་བརྩོམ་མི་དགོས་སོ། །ཆོས་མི་འདོད་ན་ནི་རང་གིས་བརྩོམ་པ་ཡང་ཆོས་ཡིན་པས་དེས་ཅི་ཞིག་བྱ། སྤྱིར་རྒྱ་གར་ན་མེད་པ་ཙམ་གྱིས་ཆོས་མིན་པར་བསྒྲུབ་ན། ཉི་མའི་དངོས་གྲུབ་ཀྱིས་རྒྱ་གར་དུ་གསུང་རབས་མ་བསྲེགས་གོང་དུ་རྒྱ་ནག་ཏུ་བྱོན་པའི་མདོ་སྡེ་མང་པོ་ཡོད་པ་དེ་དག་དང་། མདོ་རྒྱུད་མང་པོ་ལྷ་དང་ཀླུ་དང་མཁའ་འགྲོའི་ཡུལ་ན་ཡོད་པ་དག་ཀྱང་དེང་སང་རྒྱ་གར་ན་མེད་ཅིང་པཎྜི་ཏ་རྣམས་ལ་རྒྱུས་མེད་པས་དེ་དག་ཀྱང་ཆོས་མ་ཡིན་པར་འགྱུར་རམ་ཅི། ཡང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་པྲ་ཁོག་སྣང་གི་རྒྱུད་བྱ་བ་གཤིན་རྗེའི་རྒྱུད་བརྩམས་སོ། །ཞེས་པ་འདི་སློབ་དཔོན་ཤནྟི་པས་སྤྱོད་རྒྱུད་དུ་བཀྲལ། དཔལ་འཛིན་གྱིས་བྱ་རྒྱུད་ཡིན་ཟེར་ཏེ་གསར་མའི་རྒྱུད་འབུམ་ན་ཡོད་དོ། །ཡང་། ཞི་ཁྲོ་ར་ཧུ་ལའི་གཟའ་རྒྱུད་ཆེ་ཆུང་དང་། གདོང་མོ་ཆུ་འཁྱགས་ལ་སོགས་པ་མང་པོ་བརྩམས་སོ། །དེ་ལ་བརྟེན་ནས་བོད་རྣམས་ཀྱིས་མ་མོའི་ཆོས་མང་པོ་བརྩམས་སོ། །ཞེས་པ་མི་རིགས་ཏེ་མ་མོའི་རྒྱུད་དང་གཟའི་རྒྱུད་རྣམས་ཆོས་སྐད་མི་འདའོ། །ཡང་། རྒྱུད་པདྨ་དབེན་བརྩམས་ཏེ་མུ་སྟེགས་ཀྱི་ཆོས་དང་འདྲེས་པའི་དྲི་མ་ཅན་ཡིན་ནོ། །སྐུའི་རྒྱུད་རྡོ་རྗེ་ཐོགས་མེད་དང་། གསུང་གི་རྒྱུད་རྟ་མཆོག་རོལ་པ་དང་། ཐུགས་ཀྱི་རྒྱུད་པུནྡྷ་རི་ཀ་དང་། ཡོན་ཏན་གྱི་རྒྱུད་རིན་པོ་ཆེ་མ་གོལ་པའི་རྒྱུད་དང་། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་། ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་། བདུད་རྩི་བམ་པོ་བརྒྱད་པ་དང་། མ་མོ་འདུས་པའི་རྒྱུད་དང་། གཤིན་རྗེ་པྲ་ཁོག་སྣང་གི་རྒྱུད་དང་། ཁ་སྐོང་གི་རྒྱུད་དྲུག་ལ་ཆོས་ཉིད་ཞི་བའི་རྒྱུད། དཔལ་འབར་ཁྲོ་མོའི་རྒྱུད། ཚོགས་རྒྱུད་ཆེན་པོའི་རྒྱུད། གནས་ལུང་ཆེན་པོའི་རྒྱུད། གཏོར་མ་ཆེན་པོའི་རྒྱུད། ནམ་མཁའ་མཛོད་ཀྱི་རྒྱུད་དང་དྲུག་གོ། །རྒྱུད་ཀྱི་རྒྱལ་པོ་དྲུག་ལ་དབང་བསྐུར་རྒྱལ་པོའི་རྒྱུད། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། ཏིང་ངེ་འཛིན་མཆོག་གི་རྒྱུད། བརྩོན་པ་དོན་ལྡན་གྱི་རྒྱུད། ཡོན་ཏན་རིན་པོ་ཆེའི་རྒྱུད། ཀརྨ་མཱ་ལེའི་རྒྱུད་དང་དྲུག་གོ། །གཞན་ཡང་ལུང་སྒྲུབ་ཐབས་ཀྱི་ཡི་གེ་བདུན་ཅུ་རྩ་གཉིས་དང་། འདའ་ཀ་མའི་ཆོས་བཞི་དང་། སྒྲུབ་ཐབས་དང་། མན་ངག་དང་། གཏོར་མ་དང་། ཕྲིན་ལས་དུ་མ་ཡོད་དོ། །དེ་ཐམས་ཅད་གནུབས་ཀྱིས་བྱས་པའི་དྲི་མ་ཅན་ཡིན་ནོ། །གཉན་ཆེན་དཔལ་དབྱངས་ཀྱིས་སྒྲོན་མ་རྣམ་དྲུག་དང་། ལྟ་བའི་ཡིག་ཆུང་གཉིས་བྱས་སོ། །ཞེས་པ། ཆོས་མ་ཡིན་པའི་གཏན་ཚིགས་གཞན་མ་རྙེད་དེ། བོད་ཀྱིས་བྱས་སོ་ཞེས་པ་ཙམ་གྱིས་ཆོས་མ་ཡིན་པར་ག་ལ་འགྲུབ་སྟེ་བསྟན་བཅོས་སུ་གྲུབ་པའི་ཕྱིར་རོ། །འདི་ལ་རྗེས་འགོས་ཀྱི་སློབ་མ་རྔོག་ཉི་མ་སེང་གེས་མཛད་པའི་བསྟན་བཅོས་གཟེ་མ་ར་མགོར་ཡང་དེ་ལྟར་བོད་ཀྱིས་བྱས་སོ་ཞེས་བྲིས། དུས་འཁོར་འགོག་པ་ན། ཉི་ཟླ་ཤར་དུ་འགྲོ་བ་སོགས། ཞེས་སོགས་བྱས་འདུག་པས་སྙིང་པོ་ཅི་ཡང་མི་སྣང་ངོ་། །གལ་ཏེ་དེ་དུས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བརྩམས་པ་ཡིན་ན་ཡང་། བཀའ་དངོས་མ་ཡིན་མོད། མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྒྱུད་སྡེ་དང་མཐུན་པ་ཡིན་པས་དྲི་མ་ཅན་ག་ལ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་སོ། །ཡང་། དྲི་མ་མེད་པའི་ཆོས་ལ་རྡོ་རྗེ་འཇིགས་བྱེད་དང་། དུས་ཀྱི་འཁོར་ལོ་དང་། དེ་ལ་རྒྱ་གར་གྱི་པཎྜི་ཏས་བྱས་པའི་འགྲེལ་པ་དང་སྒྲུབ་ཐབས་ཐམས་ཅད་དྲི་མ་མེད་པ་ཡིན་ནོ། །ནང་གི་ལ་གསང་བ་འདུས་པ་དང་། དགོངས་པ་ལུང་སྟོན་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། ལྷ་མོ་བཞིས་ཞུས་པ་དང་། སངས་རྒྱས་མཉམ་སྦྱོར་དང་། ཤེས་རབ་ཀྱི་རྒྱུད་ལ་དགྱེས་པ་རྡོ་རྗེ་དང་། འཁོར་ལོ་སྡོམ་པ་དང་། རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་གདན་བཞི་དང་། སྒྱུ་འཕྲུལ་ཆེན་མོ་དང་། དེ་རྣམས་ཀྱི་རྒྱུད་ཕྱི་མ་དང་། བཤད་པའི་རྒྱུད་དང་། སམྦུ་ཊི་དང་། རྡོ་རྗེ་གུར་དང་། དགོངས་པ་ལུང་སྟོན་དང་། དེ་རྣམས་ལ་རྒྱ་གར་བས་བྱས་པའི་འགྲེལ་པ་དང་། སྒྲུབ་ཐབས་མང་པོ་ཡོད་དེ་དྲི་མ་མེད་པའི་ཆོས་མ་ནོར་བ་ཡིན་ནོ། །ཕྱིའི་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དང་། རྡོ་རྗེ་རྩེ་མོ་དང་། དཔལ་མཆོག་དང་པོ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། དེ་དག་གི་འགྲེལ་པ་སྒྲུབ་ཐབས་དང་བཅས་པ་ཐམས་ཅད་མ་ནོར་བ་དྲི་མ་མེད་པའི་ཆོས་ཡིན་ནོ། །ལོ་ཙཱ་བ་ཆེན་པོ་འགོས་ཁུག་པ་ལྷས་བཙས་པའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོགས་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་འབྱུང་ངོ་། །དབྱེ་བ་དེ་དག་ཀྱང་ཤོ་ལོ་ཀའི་གྲངས་མ་ཡིན་ཏེ། རྒྱུད་ཀྱི་རྐང་གྲངས་ཡིན་ལ། ཤོ་ལོ་ཀ་ནི། བདེ་མཆོག་ནམ་མཁའ་དང་མཉམ་པ་ལ་འབུམ་དང་། དགྱེས་རྡོར་ལ་འབུམ་ཕྲག་ལྔ་དང་། དུས་འཁོར་ལ་སྟོང་ཕྲག་བཅུ་གཉིས་དང་། སངས་རྒྱས་མཉམ་སྦྱོར་ལ་ཁྲི་བརྒྱད་སྟོང་དང་། དེ་ཉིད་བསྡུས་པ་ལ་སྟོང་ཕྲག་བརྒྱད་དང་། གཤིན་རྗེ་གཤེད་དམར་པོ་ལ་འབུམ་ཕྲག་གསུམ་དང་། དོན་ཞགས་ལ་སྟོང་ཕྲག་བརྒྱད་ལ་སོགས་པར་ཡོད་པར་བཤད་དོ། །དེ་བས་ན་རྒྱུད་ཀྱི་རྣམ་གྲངས་མཐའ་ཡས་པ་ལ་འདི་ནི་རྒྱུད་དོ། །འདི་ནི་རྒྱུད་མ་ཡིན་ནོ་ཞེས་ཚད་བཟུང་བར་ག་ལ་ནུས། དེའི་ཕྱིར་བཀའ་ཤོག་འདི་ལ་མཁས་པ་ཁ་ཅིག་གིས། བརྗོད་བྱ་བཟང་པོ་གཅིག་ཀྱང་མི་སྣང་ལ། །རྗོད་བྱེད་ཀུན་ཀྱང་གྲོང་ཚིག་ཁོ་ནར་སྣང་། །དེ་ཕྱིར་འགོས་ཀྱིས་མཛད་པའང་མིན་པ་འདྲ། །ཞེས་གསུངས་པ་བཞིན་དུ་སྣང་། གལ་ཏེ་མཛད་དུ་ཟིན་ན་ཡང་། མཁས་པ་རྣམས་ཀྱིས་ཤེས་རབ་ཀྱིས་ཆོས་ལ་དཔྱད་པར་བྱ་བའི་ཕྱིར། ཞེས་གསུངས་པས། སྐྱེས་བུ་ཤེས་རབ་ཅན་རྣམས་ཀྱིས་ནི་དགོངས་པ་ཅན་གྱི་གསུང་ཡིན་པ་ཉིད་དུ་ངེས་སོ། །སྤྱིར་ན་གོང་དུ་བརྗོད་པ་བཞིན། དེ་དུས་ཆོས་ཐམས་ཅད་དར་ཆེས་པས་སོ་སོར་ཆགས་སྡང་གི་དབང་གིས་གཅིག་ལ་གཅིག་སྨོད་པས། རྔོག་གིས་དགྱེས་རྡོར་དང་ལམ་འབྲས་འགོག་པ་ན། མ་མོ་རོལ་པའི་རྒྱུད་དཀྲུགས་པས། ག་ཡ་དྷ་རའི་གསེར་ཆོས་བྱུང་། ཞེས་ཟེར་བ་བཞིན་ཏེ། དེ་དག་ལ་ཡིད་རྟོན་པའི་གནས་སུ་མ་གྱུར་ཏོ། འགོས་ལོ་ཙཱ་བའི་འབྱམས་ཡིག་ཡིན་ཟེར་བའི་ལན་དུ་བཀོད་པ་རྫོགས་སོ།། ༈ །།ད་ནི་བསྟན་པའི་སྤྱིའི་རྣམ་གཞག་ལ་གོ་གཞི་མ་ཆགས་པའི་རྙིང་མ་བ་བདག་ལྟ་བུའི་རིགས་ཅན་ལ་བརྗོད་པ། ཐོས་བསམ་གྱི་གྲྭ་ཐག་མ་ཆོད་པས་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ནི་རྨོངས། ཤེས་རབ་ཀྱི་མིག་དང་བྲལ་བས་ཆོས་རྒྱུས་ནི་མེད། ཤེས་བྱའི་ཕུགས་ཐག་མ་ཆོད་པར་རྨོངས་ཀྱིས་ཆོས་ལོག་དྲི་མ་ཅན་དང་། ཆོས་དྲི་མ་མེད་པ་ཁྱད་པར་དབྱེ་བའི་ཕྱིར་དང་། ཡང་དག་པའི་ལམ་ལ་གཞུག་པའི་ཕྱིར་དང་། མཁས་པ་རྣམས་ཀྱི་ཤེས་རབ་ཀྱིས་ཆོས་ལ་དཔྱད་པའི་ཕྱིར། སྔགས་པ་དང་རབ་ཏུ་བྱུང་བ་རྣམས་ནོར་བ་ལ་སྤྱོད་པ་རྣམས་ལ་འདི་བསྐུར་རོ། །ལན་གསུམ་དུ་རྒྱ་གར་དུ་ཕྱིན་ནས་གཏན་ལ་ཕབས་པ་ཡིན་ནོ། །ཞེས་འབྱུང་ངོ་། །འདི་ལ་ཡང་སྐྱོན་འདི་ཡོད་དེ། དེ་དག་ཏུ་མ་འདུས་པ་ཐམས་ཅད་ཆོས་མ་ཡིན་ན། གསང་སྔགས་གསར་མ་ལ་གཤིན་རྗེ་གཤེད་ད གྲ་ནག་པོ། ཞལ་དྲུག་པ། གཤིན་རྗེ་གཤེད་དམར་པོའི་རྒྱུད་རྣམས་དང་། གཉིས་མེད་རྣམ་རྒྱལ་དང་། སངས་རྒྱས་ཐོད་པ་དང་། གསང་བའི་མཛོད་དང་། ཐམས་ཅད་གསང་བ་དང་། འདུལ་བ་དོན་ཡོད་པར་གྲུབ་པའི་རྒྱུད་དང་། ནམ་མཁའ་དང་མཉམ་པ་ཆེ་ཆུང་དང་། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། བྱ་སྤྱོད་ཀྱི་རྒྱུད་ཕལ་ཆེར་དང་། རྣལ་འབྱོར་གྱི་རྒྱུད་འགའ་ཞིག་དང་། ཕྱིས་འགྱུར་བའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་། འགྲེལ་པ་དང་། སྒྲུབ་ཐབས་དང་། བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ལ་སོགས་པ་མང་པོ་ཞིག་ཆོས་མ་ཡིན་པར་འགྱུར་རོ། །འདིར་མཁས་པ་རྣམས་ཀྱིས་ཤེས་རབ་ཀྱིས་ཆོས་ལ་དཔྱད་པར་བྱ་བའི་ཕྱིར། ཞེས་འབྱུང་བ་ནི་ལེགས་པར་བཤད་པ་ཆེན་པོ་ཡིན་ཏེ། དེའི་ཕྱིར་སྨྲས་པ། སྟོན་པས་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་གསུངས་པས་ན། རང་ལུགས་ལ་མ་གྲགས་པ་དེ་དག་ཆོས་མ་ཡིན་ནོ་ཞེས་མི་བསམ་སྟེ། བདེ་མཆོག་སྡོམ་པ་འབྱུང་བ་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། གསང་སྔགས་ཕྱི་པ་ལ་ཡང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་ཞེན་གྱིས་རང་ཕྱོགས་བཟང་པོར་རློམ། རིགས་པ་དང་མི་རིགས་པ་དཔྱོད་པའི་བློ་གྲོས་དང་མི་ལྡན་ཀྱང་ཡུལ་ཁྱད་པར་ཅན་ལ་སྐུར་བ་འདེབས། སངས་རྒྱས་ཀྱིས་ལུང་དུ་བསྟན་པའི་སྐྱེས་བུ་ཆེན་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། ས་སྐྱ་པཎྜི་ཏ་ཆེན་པོ་དང་། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་རྙིང་མའི་ཆོས་འདི་བཀག་གོ་ཞེས་སྒྲོག་ཅིང་ངན་སྨྲ་བརྗོད་པ་ནི། དམ་པའི་ཚུལ་ལས་ཉམས་ཤིང་དམྱལ་བ་སྒྲུབ་པའི་ས་བོན་ཡིན་པས་ཚུལ་དེ་ལྟ་བུ་ལས་བཟློག་པར་བྱ་དགོས་སོ། །ཅིའི་ཕྱིར་ན། ལྷ་བླ་མ་ལ་སོགས་པ་དེ་དག་ནི་སངས་རྒྱས་གཉིས་པ་ལྟ་བུའི་ཡོངས་འཛིན་ཆོས་ཀྱི་སྤྱན་མངའ་བ་ཤ་སྟག་ཡིན་པས། དེ་རྣམས་མི་བཞེད་ངེས་པས་བཀགས་པ་ཡིན་ན་ནི་རང་ཅག་རྣམས་ཀྱིས་ཆོས་སྒོ་འདིར་འཇུག་ཏུ་ཡང་མི་རུང་མོད་ཀྱི། དེ་ལྟར་མ་ཡིན་པར་ལྷ་བླ་མ་དང་། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་གསང་སྔགས་ཀྱི་སྦྱོར་སྒྲོལ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད་པ་བཀག་ཀྱང་ཆོས་མ་བཀག་པ་ནི་བཤད་ཟིན་ལ། བདག་ཉིད་ཆེན་པོ་འགོས་ལོ་ཙཱ་བའི་འབྱམས་ཡིག་ཡིན་ནོ་ཞེས་པ་དེ་ལ་ལན་ཀྱང་བཏབ། ཕོ་བྲང་ཞི་བ་འོད་ནི་སྐྱེས་བུ་དམ་པ་ཡིན་མོད་ཀྱི་བཀའ་ཤོག་དེ་ལ་ནི་འཇིག་རྟེན་པ་དག་ཐོས་ཐོས་བོན་གྱེར་ཞེས་ཟེར་བའི་སྣང་ཚུལ་ལས་ཡང་དག་པའི་གཏན་ཚིགས་གཅིག་མ་མཆིས་པས་ལན་འོལ་ཙམ་ཞིག་བྲིས། དཔལ་འཛིན་གྱི་རྩོད་ལན་ཀྱང་རྣོ་བར་བགྱིས། རྒྱལ་པོའི་དབང་པོ་མི་བསྐྱོད་རྡོ་རྗེའི་དྲི་བ་དེ་ནི་རྙིང་མ་བ་རྣམས་ཐོས་བསམ་ལ་འབད་པ་འདོན་ཕྱིར་དུ་གསུངས་པ་ཡིན་ཏེ། འདི་ལ་རྗེ་རང་གིས་ལན་ཞིག་མཛད་འདུག་པ་དེ་ཡང་ཐེབས་པར་མ་བཏབ་སྣང་བ་ནི་རྙིང་མ་བ་དག་རང་གིས་ལན་ཐོབ་ཅིག་པའི་དགོངས་པ་ན་འདུག་པས། ཐབས་ལ་མཁས་པའི་བཀའ་དྲིན་ཆེན་པོར་རིག་སྟེ་དེ་ལ་ལན་གྱི་ཡི་གེ་ཟུར་ན་ཡོད་དོ། ༈ །ད་ནི་ཐམས་ཅད་མཁྱེན་པ་བུ་སྟོན་ཆེན་པོའི་བཞེད་པ་ཇི་ལྟར་ཡིན་པ་བརྗོད་པར་བྱ་སྟེ། དེ་ལ་བདག་ཉིད་ཆེན་པོ་འདིས་མཛད་པའི་ཆོས་འབྱུང་ཆེན་མོར། སྔ་འགྱུར་གསང་སྔགས་རྙིང་མ་ནི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། འགོས་ཁུག་པ་ལྷས་བཙས་ལ་སོགས་པས་ཡང་དག་པ་མ་ཡིན་པར་སྨྲ་ལ། བདག་ཅག་གི་བླ་མ་མཁན་ཆེན་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ནི། རིག་རལ་ལ་སོགས་པས་བསམ་ཡས་ནས་རྒྱ་དཔེ་རྙེད་པའི་ཕྱིར་དང་། བལ་པོ་ན་ཡང་རྒྱ་དཔེ་མང་རབ་ལ་སྣང་བས་རྒྱུད་ཡང་དག་པའོ་གསུང་ཁོ་བོས་ནི། ཡིད་ཀྱི་ཉེས་པ་རང་བཞིན་འདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཅེས་འབྱུང་བ་དང་། ཆོས་ཡིན་པ་ལ་མ་ཡིན་ཟེར་བ་དང་། མ་ཡིན་པ་ལ་ཡིན་ཟེར་བ་ལས་འབྲས་མཉམ་པར་བཤད་པས་དང་། ཆོས་ཀྱི་མཚན་ཉིད་གང་ལའང་ཡོད་མེད་དག །མི་ཤེས་མཐོང་བ་མེད་ཕྱིར་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། །ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀགས། །ཞེས་པ་བཞིན་དུ་བཏང་སྙོམས་སུ་བཞག་གོ། །བློ་དང་ལྡན་པ་རྣམས་ཀྱིས་རྟོན་པ་བཞི་དང་བརྟག་པ་གསུམ་ལ་བརྟེན་ནས་དཔྱད་པར་བྱའོ། །ཞེས་གསུངས་པ་འདི་ནི་རྙིང་མ་བཀག་པ་མ་ཡིན་ནོ། །མཁས་མཆོག་འདིའི་དགོངས་དོན་ནི། ངེད་ཀྱི་བླ་མ་མཁན་ཆེན་ཐར་ལོ་བ་དང་། དེའི་གོང་གི་བླ་མ་འགོས་ཁུག་པ་སོགས་ནི་མི་མཐུན་པར་སྣང་། ཆོས་ཡིན་པ་ལ་མ་ཡིན་ཟེར་བ་དང་། མ་ཡིན་པ་ལ་ཡིན་ཟེར་བ་ནི་ཆོས་སྤོང་བའི་ལས་དང་འབྲས་བུ་མཉམ། སྤྱན་ལྔ་མ་ཐོབ་པར་ལ་ཆོས་གང་ཡོད་པ་དང་། མེད་པ་དང་། ཇི་ལྟར་ཡིན་པ་མི་ཤེས། མི་མཐོང་བའི་རྒྱུ་མཚན་བཞི་པོ་འདིས་ཆོས་ལ་ཡིན་མིན་དུ་སྨྲ་བ་ནི་བདུད་ཀྱི་ལས་ཡིན། ཆོས་ལ་ཉེས་པ་སྒྲོག་ཅིང་སྨོད་པ་ནི་ཐུབ་པ་དང་བྱམས་མགོན་ལ་སོགས་པའི་གཞུང་ནས་བཀགས་པས་ང་ནི་མི་སྨྲའོ། །གལ་ཏེ་རྙིང་མ་ཇི་ལྟར་ཡིན་དཔྱད་ན། རྟོན་པ་བཞི་དང་བརྟག་པ་གསུམ་གྱིས་བློ་དང་ལྡན་པ་དག་གིས་དཔྱོད་ཅིག །ཅེས་གསུང་པའོ། །གསང་སྔགས་གསང་ནས་སྒྲུབ་པ་ཡིན་པས་རང་ཉིད་རྙིང་མ་བར་ཞལ་གྱིས་མི་བཞེས་ཀྱང་། ཡབ་མེས་ཀྱི་བཀའ་སྲོལ་ལྟར་རྙིང་མའི་ལྷ་དུ་མ་ཐུགས་དམ་དུ་མཛད། སྦྱོར་རྫོགས་གཉིས་ཀྱི་གྲུབ་མཐའ་ཕལ་ཆེར་གཅིག་པས། སྦྱོར་དྲུག་གི་ཉམས་མྱོང་གཞན་ལ་གསང་བའི་སྐབས་སུ། སྦྱོར་དྲུག་པ་འདི་ཚོ་ལ་མ་བཤད་བྱས་ཀྱང་བྲང་ཤག་ཕད་ཀྱིས་མནན་པ་ལྟར་མི་ལ་འཆད། ཁོ་པ་རྫོགས་ཆེན་པ་ལ་གདབ་པ་གཏོར་མ་མགོ་ཐོག་ཏུ་བཞག་ནས་མནའ་དགག་ཀྱིན་ཡོད་པ་འདྲ། ཅི་ཡང་མི་ལ་མི་འཆད་པ་འདུག་ཅེས་སོགས་བསྔགས་པ་ཆེར་མཛད། རྒྱུད་སྡེ་སྤྱི་རྣམ་དུ། དེ་ལྟར་ཕུར་པ་དོན་ཡོད་གྲུབ་པའི་རིགས་ཡིན་པ་དང་རྙིང་མ་བ་རྣམས་ཕུར་པ་ཕྲིན་ལས་ཀྱི་ལྷ་ཟེར་བས་ལས་ཀྱི་རིགས་སུ་བྱས་སོ། །ཞེས་གསུངས་ཏེ། རྙིང་མ་ཆོས་ལོག་ཡིན་ན་དེས་ཕུར་པ་ཕྲིན་ལས་ཀྱི་ལྷ་ཟེར་བ་དེ་དཔང་དུ་མཛད་ཅི་དགོས། གཞན་ཡང་འདུལ་འཛིན་རྣལ་འབྱོར་བྱང་ཆུབ་སེང་གེའི་ཞུ་ལན་དུ། ཡང་གསང་སྔགས་སྔ་འགྱུར་པ་འགའ་ཞིག་གིས་སྤྱོད་པ་གསང་བ་ཕྱོགས་ཐམས་ཅད་དུ་བསྒྲགས་པ་ལ་ཉེས་པ་མེད་པར་བྱེད་པ་འདི་ཡང་རང་གི་གཞུང་དང་འགལ་བས་ཡང་དག་པ་མ་ཡིན་ཏེ། གསང་བའི་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་ཤིང་། དེ་ལ་སོགས་པ་སྔ་འགྱུར་གྱི་བཀའ་དང་བསྟན་བཅོས་དུ་མ་ལས་མ་སྨིན་པ་ལ་གསང་བ་མི་བསྒྲག་པར་གསུངས་སོ། །ཞེས་སོགས་གསུངས་ཏེ་དེས་ན་ཆོས་ཡང་དག་པར་མི་བཞེད་པ་མ་ཡིན་ནོ། །འདིའི་བརྟག་པ་གསུམ་ནི། མདོ་དང་མཐུན། འདུལ་བ་ལ་སྣང་། མངོན་པའི་ཆོས་ཉིད་དང་མི་འགལ་བའོ། །དེ་ཡང་ཐེག་པ་གསུམ་རང་རང་གི་གཞུང་དང་སྦྱོར་དགོས་པས། བཀའ་ལས་སྔར་ཡིན་ན་སྔགས་རྙིང་མ་ཀུན་ཀྱང་མངོན་པ་ཀུན་ལས་བཏུས་དང་ཚད་མ་རྣམ་ངེས་རེ་དྲག་ཤོས་ཚོས་སློབ། ཞན་ཤོས་ཀུན་ཀྱང་མངོན་པ་ཀུན་བཏུས་དང་ཚད་མ་བསྡུས་པ་རེ་སློབ་ཀྱིན་འདུག་སྟེ། དེང་སང་སྔགས་པ་གསར་རྙིང་ཀུན་རང་རེའི་རྒྱུད་འགྲེལ་རེའི་ལྟ་རྟོག་ཀྱང་མི་ནུས་པ་འདུག་གསུང་ནས་བསྐུལ། ཞེས་རྣམ་ཐར་སྙིམ་པའི་མེ་ཏོག་ཆེ་བར་བཀོད་སྣང་ངོ་། །སྔགས་ཀྱི་འདུལ་བ་མདོ་སྡེ་མངོན་པ་དང་སྦྱོར་རོ། །དེ་དག་གི་ཚུལ་ནི་དཔལ་འཛིན་གྱི་སྐབས་སུ་བརྗོད་ཟིན་ལ། མདོར་བསྡུ་ན། སྔགས་ཀྱི་འདུལ་བ་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་། མདོ་སྡེ་ནི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་། མངོན་པའི་ཆོས་ཉིད་ནི་ལྟ་བ་ཕྱིན་ཅི་མ་ལོག་པ་ལ་བྱའོ། །རྟོན་པ་བཞི་ནི། དྲང་དོན་ལ་མི་རྟེན་ངེས་དོན་ལ་རྟེན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ། །དེ་ལས་འདིར་ལྟ་དགོངས་ཀྱི་ཕུལ་དུ་གྱུར་པས་དོན་ལ་རྟོན། ཚིག་ལ་མི་རྟོན། སེམས་དང་ཡེ་ཤེས་འབྱེད་པས་ཡེ་ཤེས་ལ་རྟོན། རྣམ་ཤེས་ལ་མི་རྟོན། ཐེག་དམན་ཟིལ་གྱིས་གནོན་པས་ངེས་དོན་ལ་རྟོན། དྲང་དོན་ལ་མི་རྟོན། སྤྱོད་པ་དང་ཆ་ལུགས་ཚུལ་མི་འཆོས་པར་ལམ་དུ་བྱེད་པས་ཆོས་ལ་རྟོན། གང་ཟག་ལ་མི་རྟོན་པ་སྟེ། དེ་ལྟར་རྟོན་པ་བཞི་པོ་དེ་དང་བརྟག་པ་གསུམ་གྱིས་ཆོས་རྣམ་དག་ཏུ་སྒྲུབས་ཤིག་ཅེས། པཎ་ཆེན་ཐམས་ཅད་མཁྱེན་པ་བུའི་དགོངས་པ་ནི་དེ་ཉིད་དོ། ༈ །ད་ནི་ས་སྐྱ་པཎྜི་ཏའི་བཞེད་པ་བརྗོད་པར་བྱ་སྟེ། འཇམ་པའི་དབྱངས་འདིས་སྡོམ་གསུམ་རབ་དབྱེར། གཞན་ཡང་གསང་སྔགས་གསར་རྙིང་ལ། ཞེས་སོགས་ཀྱིས་གསར་རྙིང་གཉིས་ཀ་ལ་ལྷད་ཞུགས་ཚུལ་གསུངས་ཏེ། ཇི་ལྟར་ཞུགས་ན། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཞེས་གསུངས་པ་འདི་ལ། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དེ་གང་ལ་ངོས་འཛིན་ན། རྫོགས་ཆེན་བརྒྱུད་པ་དང་པོ་ལ་ཤྲཱི་སེང་ཧའི་སློབ་མ་རྒྱ་ནག་གི་གྲུབ་ཐོབ་མང་པོས་གསུངས་པའི་རྫོགས་ཆེན་ཡོད་པ་དེ་དག་དང་། ཨ་རོའི་ཆོས་སྐོར་དུ་རྫོགས་ཆེན་རྒྱ་གར་བདུན་བརྒྱུད་དང་། རྒྱ་ནག་ནས་བརྒྱུད་པ་གཉིས་ཡོད་པ་དེ་མ་ཡིན་ཏེ། འདི་དག་གི་ལྟ་སྤྱོད་ལ་འཁྲུལ་པ་མེད་དོ། །འོ་ན་ཅི་ཡིན་ན། འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཧྭ་ཤང་མ་ཧཱ་ཡ་ནས་བཤད་པའི་ཆོས་དེ་ཡིན་ནོ། །དེ་ཇི་ལྟར་ཡིན་པ་ཡང་། དེ་དུས་ཧྭ་ཤང་དེ་ལ་བོད་ཕལ་ཆེ་བ་དད་ཅིང་འདུན། སློབ་མ་ཡང་མངོན་ཤེས་ཐོབ་པ་མང་དུ་བྱུང་། ཉང་ཏིང་འཛིན་བཟང་པོ་ཡང་དེའི་སློབ་མ་ཡིན་པས། རྒྱལ་པོས་པཎ་ཆེན་བི་མ་ལ་ལ། བདག་ལ་བླ་མཆོད་ཉང་ཏིང་འཛིན་བཟང་པོ་བྱ་བ་རྒྱའི་ཧྭ་ཤང་གི་སློབ་མ། ཤའི་སྤྱན་མངའ་བས་ཞིང་ཁམས་འབུམ་ཕྲག་མང་པོ་དུས་གཅིག་ལ་གཟིགས་པ། ཏིང་ངེ་འཛིན་ཐུན་གཅིག་ལ་མཉམ་པར་བཞག་པས་ཞག་བདུན་དུ་འཚོ་བའི་ཟས་མི་དགོས་པ་ཞིག་ཡོད་ཞུས་པས། པཎྜི་ཏས་ཞལ་ངོ་གནག་སྟེ་ནཱ་ག་པུ་ར་ཧི་ས་མཱ་དྷི། ཞེས་གསུངས་ནས་ཆོས་གོས་ཀྱིས་དབུ་ཕུར་སོང་། དེར་ལོ་ཙཱ་བ་ལ་ཅི་གསུང་དྲིས་པས། སྡུག་སྲན་ཅན་གྱི་སྒོམ་ཀླུར་སྐྱེ་བའི་ཏིང་ངེ་འཛིན་ཡིན་གསུང་ཟེར། དེ་རྒྱལ་པོས་ཉང་བན་ལ་བཤད་པས་ཉང་བན་ཆོས་ཀྱི་ལས་འཕྲོ་སད་དེ་སྔར་གྱི་ཆོས་སྤངས་ཏེ་བི་མ་ལ་བརྟེན་ནས་འོད་ལུས་གྲུབ། དེ་ཙ་ན་སྟོན་མིན་དང་བཙེན་མིན་དུ་གྲགས་ནས་བསམ་ཡས་སུ་རྒྱ་དཀར་ནག་གི་ཆོས་ལ་ཆགས་སྡང་ཆེས་པ་ལ་རྒྱལ་པོས་པཎ་ཆེན་ཀ་མཱ་ལ་ཤཱི་ལ་སྤྱན་དྲངས་པས་ཧ་ཤང་རྩོད་པ་ཕམས་པ་དེའི་གྲུབ་མཐའ་ཡིན་ནོ། །འགྲེལ་པ་མཁན་པོ་རྣམས་ཀྱིས་ཕྱག་རྫོགས་ལ་གཟིགས་རྟོག་ཆེར་མ་མཛད་པས་ཡིན་ན། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དེ་ལ་འདི་ཡིན་ནོ་ཞེས་རྩད་མ་ཆོད་སྣང་ངོ་། །ཡང་། ཁ་ཅིག་འབྲས་བུའི་མཐར་ཐུག་ནི། །འོད་གསལ་ཡིན་ཅེས་སྨྲ་བ་ཐོས། །ཞེས་པ་འདི་རྫོགས་ཆེན་བཀག་པ་ཡིན་ཟེར། །འདི་ནི་རྫོགས་ཆེན་གྱི་འོད་གསལ་མ་ཡིན། བརྒྱད་སྟོང་པ་ལས་གསུངས་པའི། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པའི་དོན་རྒྱལ་བ་ཡང་དགོན་པས། འོད་གསལ་ནི་སྣང་མེད་སྤྲོས་བྲལ་ཡིན་ལ་ཞེས་པ་དེ་ལ་དགོངས་སོ། །ཡང་། གཏེར་ནས་བྱུང་བའི་གླེགས་བམ་དང་། །གཞན་ནས་བརྐུས་པའི་ཆོས་ལུགས་དང་། །བརྩམས་ཆོས་དང་ནི་རྨི་ལམ་ཆོས། །བློ་བཟུང་མ་ཡི་ཆོས་ལུགས་ལ། །བརྒྱུད་པ་རྡོ་རྗེ་འཆང་ལ་བསྙག །དེ་ལའང་གཞན་དག་ལུང་ལེན་པ། །ཆོས་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་པ་འདི་རྙིང་མ་ལ་ཡིན་ནོ་ཟེར་ཀྱང་མ་ཡིན་ཏེ། རྙིང་མ་བས་རྡོ་རྗེ་འཆང་ལ་བརྒྱུད་པ་མི་བསྙག་དེའི་གོང་ན་རིགས་ལྔ་དང་། ཀུན་ཏུ་བཟང་པོ་ཡོད་པ་ལ་བསྙག །འདི་ནི་རོ་སྙོམ་སྐོར་དྲུག་ལ་སོགས་པ་བཀའ་བརྒྱུད་ལ་གྲགས་པའི་གཏེར་ཆོས་རྣམས་དང་། ཕག་མོ་གྲུ་པས་ས་སྐྱ་པ་ཆེན་པོ་ལས་གསན་པ་དེ་ཕྱག་ཆེན་དུ་བཏགས་པས། དེ་དག་ལ་གཞན་ནས་བརྐུས་པའི་ཆོས་ལུགས་ཞེས་དགོངས་པའོ། །ཡང་། གསང་སྔགས་སྔ་འགྱུར་བ་རྣམས་ནི། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ནི། །རྣལ་འབྱོར་ཞེས་བྱ་རྣམ་པ་བཞི། །ཐེག་པའི་རིམ་པ་ཡིན་ཅེས་ཟེར། །ཤིན་ཏུ་རྣལ་འབྱོར་བཟང་བར་འདོད། །ཅེས་བྱ་བ་དེ་ཡང་རྗེ་བཙུན་འདིས་དགག་པ་མཛད་པ་མ་ཡིན་ཏེ། འདོད་ཚུལ་དེ་གསར་མ་ལྟར་ན་མི་འཐད། རྙིང་མ་ལྟར་ན་འཐད་དེ་འཐད་ཚུལ་མ་ཤེས་ཞེས་བཞེད་པར་མངོན་ཏེ། དེ་ཡང་གསང་སྔགས་གསར་མའི་ལུགས་ལ་བླ་མེད་ཀྱི་གོང་ན་དེ་ལས་མཐོ་བའི་ཐེག་པ་མེད་ཀྱང་། ཨ་ཏི་ཡོ་ག་ཡེ་ཤེས་སྐྱེ་བའི་ཐབས་ཀྱི་ཆོས་དེ་ལ་ཐེག་པའི་རིམ་པ་ངེས་པར་འཐད་དོ་ཞེས་དགོངས་པ་སྟེ། དེ་སྐད་དུ་ཡང་། དེས་ན་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་མཐོ་བའི་རྒྱུད་སྡེ་མེད། །བསྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་གོང་ན་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །དམིགས་པ་མེད་ཅིང་བརྗོད་བྲལ་བས། །ཐེག་པའི་རིམ་པ་མི་བཞེད་དོ། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཅེས་བྱ། །ཞེས་སྔགས་གསར་མའི་དགོངས་དོན་དེ་ལྟར་གསུངས་ནས། ད་རྙིང་མའི་ལུགས་བཞིན་བྱེད་ན་འདི་ལྟར་ཡིན་ཏེ། དེ་ཡང་། དེས་ན་ཐོས་པའི་ལྟ་བ་ནི། །དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛད། །དེ་རྟོགས་པ་ཡི་ཐབས་ལ་ནི། །ལྟ་བའི་རིམ་པ་ཡོད་པ་ཡིན། །ཞེས་གསུངས་ཏེ། ཧྲིལ་དྲིལ་ན། གསར་མ་ལྟར་ན་བླ་མེད་ཀྱི་གོང་ན་དེ་ལས་ལྷག་པའི་རྒྱུད་སྡེ་མེད། སྒོམ་པ་ཡང་མེད། ཨ་ནུ་དང་ཨ་ཏི་ཡོ་གའི་དགོངས་དོན་དེ་ནི་སྔགས་གསར་མ་བའི་བླ་མེད་ཀྱི་ཡེ་ཤེས་ཡིན་པར་འདུག་པས་ཐེག་པ་ཡིན་ཅེས་ཟེར་དུ་མི་རུང་། གལ་ཏེ་ཐེག་པ་རུ་བསྒྲང་ན་བརྗོད་བྲལ་དེ་བརྗོད་བྱར་སོང་བའི་སྐྱོན་འབབ། གཞན་ཡང་ཁྱེད་ལྟ་བ་ཁྱད་པར་འཕགས་པ་དེས་ཐེག་པ་གོང་འོག་འབྱེད་པ་མི་འཐད། ལྟ་བ་དབུ་མ་ལས་ལྷག་པ་སྔགས་ལ་མེད། ཁྱེད་རང་གི་ལྟ་བ་དེ་ཡང་དབུ་མར་འདུག་སྟེ། བི་མ་ལའི་སེམས་ཕྱོགས་ཀྱི་སྤྱི་ཚངས་ལས། འདི་ལྟར་གསལ་བའི་དུས་ན་རྟོག་ཅེའམ། མི་རྟོག་ཅེའམ། ཡོད་ཅེའམ། མེད་ཅེའམ། སྟོང་ཞེའམ། མི་སྟོང་ཞེའམ། ཐམས་ཅད་ལས་འདས་ཏེ་འདིས་ནི་ཐེག་པ་ཆེན་པོའི་མདོ་སྡེ་དབུ་མ་ལ་སོགས་པ་གདར་ཤ་བཅད་དེ་ཐེ་ཚོམ་དང་གླིང་གཞི་ཐམས་ཅད་དང་བྲལ་བས་ན། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་གསུངས་པ་ཡིན་ནོ། །ལྟ་བ་འདིས་ཐག་བཅད་ནས་གསང་བའི་ཐེག་པ་ཡང་། ཡེ་ཤེས་ལ་ཐེག་པར་མི་རུང་བ་ཡང་མ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས། །ཤེས་བྱའི་གནས་དང་མཚན་ཉིད་དེ་འཇུག་དང་། །དེ་ལ་གནས་དང་དེ་དངོས་དབྱེ་བ་དང་། །ཉེས་པ་གསུམ་དང་དེ་འབྲས་སྤངས་པས་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས་སོ། །གོང་མ་དག་ལས་ཟུར་ཙམ་ཡང་མ་བརྗོད་དོ། །ཞེས་བྱུང་། འོན་ཀྱང་ལྟ་བ་དེ་རྟོགས་པའི་ཐབས་ཀྱི་རིམ་པ་དེ་བརྗོད་པར་བྱ་བའི་ཆོས་ཀྱི་ཚུལ་དེ་དག་ལ་ཐེག་པའི་རིམ་པ་ཡོད་པ་ཡིན་ནོ། །ཞེས་ལྟ་བ་དང་ལྟ་བ་རྟོགས་པའི་ཐབས་ཀྱི་ཆོས་གཉིས་སུ་ཕྱེ་ནས་ཡང་། ལ་ལ་ཐེག་པ་རིམ་དགུ་ལ། ལྟ་བའི་དབྱེ་བ་ཡོད་ཅེས་ཟེར། །ཞེས་ཐེག་པ་རིམ་པ་དགུ་ཡོད་པར་ཞར་ལ་གྲུབ་ཅིང་། ལྟ་བ་གཉིས་ལས་མེད་པར་བཞེད་དེ། ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་དབྱེ་བ་ཡོད་མོད་ཀྱི། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་པ་དང་། འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་དང་། ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང་། །ཐབས་དང་ཤེས་རབ་མ་ཤེས་པས། །འདི་འདྲའི་རྣམ་དབྱེ་འཁྲུལ་པ་ཡིན། །ཞེས་དཀའ་བའི་གནས་མ་གོ་དོགས་ནས་ཡང་དང་ཡང་དུ་རྒྱས་པར་བཀྲལ་བ་སྟེ། འདི་དག་ནི་རྙིང་མའི་བསྟན་པ་གསལ་བར་བྱེད་པའི་རྣམ་བཞག་བཀའ་དྲིན་བླ་ན་མེད་པའི་གནས་སུ་གྱུར་ཏོ། །འོ་ན། རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །དེ་ཚེ་བླ་མ་ཡེ་ཤེས་འོད། །ཆོས་རྒྱལ་དེ་ཡིས་སྐྱེས་བུ་མཆོག །རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པ། །མཁས་པ་དེ་ཡིས་སྔོན་མེད་པའི། །ཆོས་རྣམས་ཕལ་ཆེར་བསྒྱུར་ཞིང་ཞུས། །ཆོས་དང་ཆོས་མིན་རྣམ་འབྱེད་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་ལོག་ཐམས་ཅད་ནུབ་པར་མཛད། །དེ་ཡི་སློབ་མ་ཞི་བ་འོད། །དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་པའི་བསྟན་བཅོས་མཛད་ཅེས་ཟེར། །དེ་དག་འདས་པའི་འོག་ཏུ་ཡང་། །ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས། །ལྷས་བཙས་ཞེས་བྱའི་ལོ་ཙཱ་བ། །དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་ལོག་ཐམས་ཅད་ནུབ་པར་མཛད། །དེ་ནས་ཆོས་རྗེ་ས་སྐྱ་པ། །ཆེན་པོ་བཞུགས་པ་ཡན་ཆོད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཞེས་པ་འདི་རྣམས་རྙིང་མ་འགོག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོས་སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་སྤྱོད་པ་བཀགས་ཀྱང་། རྙིང་མའི་ཆོས་མ་བཀགས་ལ། དེ་གཙོ་བོར་སྨོས་ནས་ཆོས་ལོག་ཐམས་ཅད་ནུབ་པར་མཛད་དོ། །ཞེས་པ་ཡིན། འགོས་ལོ་ཙཱ་བས་སྔགས་རྙིང་མ་བཀག་པ་ཡིན་ཀྱང་། དེ་ལ་བརྟེན་ནས་སྔགས་པས་སྤྱོད་པ་ལོག་པར་བྱེད་པ་ད ག་ཁེགས་པ་ལ་བསྔགས་པ་མཛད་པ་ཡིན་གྱི། རྒྱུད་གཞུང་བཀག་པ་ལ་བསྔགས་པ་བརྗོད་པ་ནི་མ་ཡིན་ཏེ། རང་གི་ཡབ་མེས་གོང་མ་རྣམས་ཀྱང་སྔགས་རྙིང་མ་ཁོ་ནའི་གྲུབ་ཐོབ་པ་ཡིན་པས་སོ། །དེས་ན་རྗེ་བཙུན་འདིས་འགོག་པའི་ཆོས་ལོག་ནི། གཞུང་འདིའི་དངོས་བསྟན་ལས། དེང་སང་ཕག་མའི་བྱིན་རླབས་དང་། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་བསྒོམ་པ་ཀྲོང་བསྐྱེད་དང་། །དཀར་པོ་ཆིག་ཐུབ་ལ་སོགས་པ། །ཆོས་ལོག་དུ་མ་དེང་སང་འཕེལ། །ཞེས་གསལ་བར་གསུངས་ཤིང་། རྫོགས་ཆེན་དང་རྙིང་མ་ཞེས་མ་བྱུང་ངོ་། །གློ་བོ་ལོ་ཙཱ་བའི་དྲིས་ལན་དུ། སྔགས་གསར་མ་ལ་ར་ལྀ་ཉི་ཤུ་རྩ་བཞི་དང་། རྙིང་མ་ལ་བམ་རིལ་ཐོད་པ་མཁར་ལ་སོགས་པ་རྒྱུད་བརྫུས་མ་གསར་རྙིང་གཉིས་ཀ་ལ་ཡོད་ཚུལ་གསུངས་སོ། །དེ་ལྟར་རྗེ་བཙུན་འདིས་ནི་ལོ་ཆེན་དང་འགོས་ཀྱི་འབྱམས་ཡིག་ཏུ་གྲགས་པ་དེས་རྙིང་མའི་ཆོས་བཀག་པ་ལ་བསྔགས་པ་མ་ཡིན། དོན་མ་གོ་བའི་གང་ཟག་གིས་སྦྱོར་སྒྲོལ་མཐུ་གཏད་སེར་བ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད་པ་དེ་ཁེགས་པ་ལ་བསྔགས་པ་བརྗོད་པ་ཡིན། དེ་དག་གིས་འཛིན་པའི་ཆོས་རྣལ་མ་ནུབ་བོ་ཞེས་བཞེད་པ་མ་ཡིན། གལ་ཏེ་ཡིན་ན་དེ་དུས་ཚང་མ་བསྣུབས་ཟིན་པ་ལ་ད་ལྟ་འདི་ཙམ་དར་བ་དང་། གཞན་ཡང་རྙིང་མ་འགོག་པ་པོ་རྣམས་ཀྱིས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ནས་བྱུང་བར་བཤད་པ་ཡིན་པས། རྒྱུད་འདི་དག་སུས་གང་དུ་བཙལ། གང་ནས་རྙེད་དེ་དར་བར་བྱས་པ་ཡིན། དེ་བས་ན་རྙིང་མ་བའི་ཆོས་ནུབ་མ་མྱོང་བ་ལ། ནུབ་པར་མཛད། ཅེས་མི་གསུང་ངོ་། །སྡོམ་གསུམ་གྱི་འགྲེལ་མཛད་མཁན་པོ་དག་གིས་དགོངས་པ་འདི་ལྟར་དུ་ཅུང་མ་བཀྲལ་ཀྱང་། ཕྱག་རྫོགས་ཀྱི་གཞུང་ལུགས་ལ་ནན་ཏན་དུ་མ་གཟིགས་པ་ཉིད་དུ་མངོན་ནོ། ༈ །ད་ནི་བཅོམ་ལྡན་རིག་པའི་རལ་གྲིས། བསླབ་གསུམ་རྒྱན་གྱི་མེ་ཏོག་ཏུ་གསུངས་པ་ལ་བརྗོད་པར་བྱའོ། །དེ་ལ་འདི་སྐད་དུ། ཁ་ཅིག་སངས་རྒྱས་བསྟན་པ་ལ། །ཐེག་པ་རིམ་དགུ་ཡོད་དོ་ལོ། །ཐེག་པ་རིམ་པ་དགུ་ཉིད་དུ། །རྒྱལ་དང་རྒྱལ་སྲས་མི་བཞེད་དོ། །ཞེས་པ་དང་། ཐེག་པའི་ནང་ཚན་གྱི་དབྱེ་བས་དགུར་འདོད་ན། ཉན་ཐོས་རྩ་བའི་སྡེ་བཞི་ལ་གྱེས་པ་བཅོ་བརྒྱད་དང་། རང་སངས་རྒྱས་ལ་གསུམ་དང་། བྱང་ཆུབ་སེམས་དཔའ་ལ་དབུ་མ་སེམས་ཙམ། དེ་ལའང་སོ་སོར་དབྱེ་བས་དགུར་ངེས་པ་འཇིག་པ་དང་། ཞེས་གསུངས་ཤིང་། དེའི་རྒྱུ་མཚན་རྒྱས་པར་གསུངས་འདུག་པ་ལ། དམ་པའི་ཆོས་པདྨ་དཀར་པོའི་ལུང་། ང་ཡི་བསྟན་པའི་ཐེག་པ་དགུ་པོ་ཡང་། ཞེས་པ་དེ་རྣམ་པ་དགུ་པོ་ཡང་ཞེས་བྱ་བར་བཅོས་འདུག་པས། འདི་ལ་རྒྱ་དཔེར་ཐེག་པའི་སྐད་དོད་ཡ་ན་ཞེས་ཡོད་པ་ཞ་ལུ་ལོ་ཆེན་གྱིས་གསུངས་པར་གྲགས། གལ་ཏེ་རྣམ་པ་ཡིན་ན་ཡང་། དེའི་རྗེས་ཀྱི་ཚིག་དེ་ལ། སེམས་ཅན་རྣམས་ཀྱི་མཐུ་དང་མོས་པར་བཤད། འདི་ལྟར་ཐབས་ཀྱིས་མཆོག་གི་ཡེ་ཤེས་ལ། རབ་ཏུ་གཟུད་པའི་ཕྱིར་ན་ངས་བཤད་དོ། །ཞེས་གསུངས་ཏེ། ཉན་རང་བྱང་སེམས་གསུམ་གྱི་ཐེག་པ་དེ་ཡང་སེམས་ཅན་དབང་པོ་ཐ་མ་དང་འབྲིང་དང་རབ་ཀྱི་བསམ་པ་དང་བསྟུན་ནས་གསུངས་པ་ཡིན་ཀྱང་། དེ་དག་གི་སྒོ་ནས་མི་ཐུལ་བའི་སེམས་ཅན་གྱི་གནས་རིས་མཐའ་ཡས་པ་ཡོད་པས། དེ་དག་སོ་སོའི་བསམ་པ་དང་བསྟུན་ནས་གསུངས་པའི་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་ཡོད་པར་ནི། བདེ་མཆོག་གི་རྒྱུད་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་ཤིང་། ཐེག་པ་ཞེས་པའི་དོན་ཡང་འཕགས་པ་སྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཅེས་བྱ་ཞེ་ན། དེ་གང་ཞེ་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། ཞེས་པས། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པའི་ཕྱིར་དུ་གསུངས་པའི་ཐེག་པ་ནམ་མཁའ་ལྟ་བུར་རྒྱ་ཆེ་བ་ཡོད་པ་ཉིད་དུ་འགྲེལ་པ་ལས་བཤད་ཅིང་། དེ་བས་ན་ཐེག་པ་རིམ་པ་དགུར་བྱས་པ་ནི་འཛམ་བུའི་གླིང་གི་གདུལ་བྱ་རགས་པ་ཙམ་གྱི་དབང་དུ་ཡིན་གྱི། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་གདུལ་བྱ་གཞན་དང་གཞན་དག་ལ་ཐེག་པ་སྣ་ཚོགས་པ་མཐའ་ཡས་པ་ཡོད་དེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། འགྲོ་བའི་དོན་ལ་སྟོན་པ་པོ། །ཞེས་འབྱུང་ངོ་། །ཡང་། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་ཞེས་འབྱུང་བ་དེ་ནི་བསྐྱེད་རྫོགས་བསྒོམ་པའི་ཏིང་ངེ་འཛིན་གྱི་རིམ་པ་ལ་སྦྱར་ནས་གསུངས་ཀྱི། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གཉིས་རྒྱུད་སྡེའི་རིམ་པ་ཁུངས་ཐུབ་པའི་གཞུང་ནས་བཤད་པ་མེད་དོ། །ཞེས་གསུངས་པའང་མི་ཐད་དེ། དེ་གཉིས་རྒྱུད་སྡེ་གོང་འོག་གི་རིམ་པ་ཡིན་ཅེས་གསར་མའི་གཞུང་ན་མེད་ཀྱང་། ཏིང་ངེ་འཛིན་ལ་སོགས་པ་མཐོ་དམན་གྱི་བརྗོད་བྱ་རང་རང་གི་གཞུང་དུ་བྱུང་བས་རྒྱུད་སྡེའི་རིམ་པ་ཉིད་དུ་མངོན་སུམ་དུ་གྲུབ་སྟེ། བྱ་རྒྱུད་པ་ལྟ་བ་བས་སྤྱོད་པ་གཙོ་ཆེར་བསྟན་པ་ལ། སྤྱོད་རྒྱུད་པས་ལྟ་སྤྱོད་ཆ་མཉམ་དུ་བསྟན་པས་རྒྱུད་སྡེ་གོང་འོག་ཏུ་སོང་བ་བཞིན་ནོ། །ཤིན་ཏུ་རྣལ་འབྱོར་ཞེས་པ་ཨ་ཏི་ཡོ་ག་ལས་མཐོ་བའི་ཐེག་པ་སྤྱི་ཏི་དང་། ཡང་ཏི་གཉིས་ཀྱང་ཡོད་དེ། ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ལ་མཐོ་དམན་དུ་བྱུང་བ་ཡིན་མོད། ཡང་། གཏེར་མ་རྙིང་མ་སྙན་བརྒྱུད་སོགས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །དོན་དང་མཐུན་ན་སྐྱོན་མེད་ཡིན། །མི་མཐུན་རང་བཟོར་ཤེས་པར་བྱ། །ཁུངས་ཐུབ་པའི་རྒྱུད་གཞུང་མེད་པར་རྣ་བ་བརྒྱུད་ནས་བྱུང་བ་ནི་སྙན་བརྒྱུད་དེ། བཀའ་ཕྱག་གི་མན་ངག་རྣམས་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་དང་། ཞི་གཅོད་ལ་སོགས་པ་གཞུང་མེད་པ་རྣམས་དང་། ལམ་འབྲས་ལ་སོགས་པའི་ལམ་སྐོར་གཞུང་མེད་པ་རྣམས་དང་། བདེ་མཆོག་སྙན་བརྒྱུད་ལ་སོགས་པ་རྣམས་སོ། །རྩ་བའི་སོགས་པ་དོན་ནི། བོད་མ་དང་། རྒྱ་ནག་མ་དང་། མི་མཁས་པས་བརྩམས་ནས་མཁས་པ་ལ་ཁ་འཕངས་པ་ལ་སོགས་པའོ། །གཏེར་མ་ལ་སོགས་པ་འདི་རྣམས་ལ་ནི་མཁས་པ་ལ་གྲགས་པའི་གཞུང་མེད་པས། རང་གའི་བཤད་པ་འདིར་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་དེ། དེ་ནི་གསུང་རབས་རྩོད་པ་མེད་པ་རྣམས་དང་མཐུན་མི་མཐུན་བརྟག་དགོས་སོ། །དེ་ལ་མཐོང་བ་དང་ཐོས་པས་སྡིག་པ་འཛད་པ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྣམས་དང་། སོ་སོར་འབྲངས་མ་ལ་སོགས་པ་དང་། གཟུངས་སྔགས་དང་། མདོ་སྡེ་ཟབ་མོ་རྣམས་དང་། ཟོས་པས་མཁའ་སྤྱོད་ཐོབ་པ་ནི་སྐྱེ་བ་བདུན་པའི་ཤ་ཡིན་པར་མདོ་རྒྱུད་ནས་བཤད་པ་ཡིན་ནོ། །དེ་ལས་གཞན་པའི་མཐོང་གྲོལ་དང་། བཏགས་གྲོལ་ལ་སོགས་པ་ནི་གསུང་རབས་གང་ལས་བྱུང་བ་ཡིན་བརྗོད་དགོས་སོ། །འཇའ་དང་རིང་སྲེལ་ལ་སོགས་པས་ནི་བཟང་པོར་བསྒྲུབ་མི་ནུས་ཏེ། དབྱར་ཀའི་ནམ་མཁའ་དང་། མི་སྡིག་ཅན་དང་། དུད་འགྲོ་ལའང་འབྱུང་བའི་ཕྱིར་རོ། །གཏེར་ཡིག་གིས་གང་ཟག་ལུང་བསྟན་པ་ཡང་རྫུན་ཡིན་ཏེ། དེ་ནི་སངས་རྒྱས་སྤྲུལ་སྐུ་ཁོ་ནའི་མཛད་པ་ཡིན་གྱི། བྱམས་པ་དང་འཇམ་དཔལ་ལ་སོགས་པས་ཀྱང་ལུང་བསྟན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་པ་བཀའ་བརྒྱད་དང་། ཐེག་པ་རིམ་པ་དགུའི་དབང་ཡང་ཁུངས་ཐུབ་པ་གང་ལས་བྱུང་བརྗོད་དགོས་སོ། །རྫོགས་པའི་བྱང་ཆུབ་དཔལ་ནོར་དབང་བསྐུར་ཡིན། །ཞེས་པའི་ཚིག་ཙམ་གྱི་ཉན་ཐོས་ལའང་དབང་བསྐུར་འདོད་ན། ཀྲྀ་ཀྲྀའི་རྨི་ལམ་ལུང་བསྟན་པ་ལས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་ཡང་བཤད་པས་སྤྲེའུའི་དབང་བསྐུར་ཀྱང་ཡོད་པར་འགྱུར་རོ། །ཞེས་གསུངས་པ་ལས་ཕལ་ཆེར་ལ་བརྗོད་མ་དགོས། བཏགས་གྲོལ་དང་མཐོང་གྲོལ་ནི་ཤིན་ཏུ་ཟབ་པའི་ཕྱིར་ཨ་ཏི་ཡོ་ག་པའི་ཁྱད་ཆོས་ཡིན། ཨ་ནུ་ཡོ་ག་མན་ཆད་དུ་ཆ་མཐུན་ཙམ་ཡོད་དེ། སོ་སོར་འབྲངས་མའི་འཁོར་ལོ་བཞིན་ནོ། །མཐོང་གྲོལ་ནི་དཀྱིལ་འཁོར་མཐོང་བ་དང་མཚུངས་ཏེ། མཐོང་གྲོལ་གྱི་ངོ་བོ་ནི་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་རེ་མོར་བྱས་པ་ཡིན་པ་དང་། རྒྱལ་བ་རིགས་ལྔ་ལ་སོགས་པའི་ལྷ་དང་སྔགས་ཀྱང་མཐོང་གྲོལ་དང་། དཀྱིལ་འཁོར་དག་ཏུ་འབྱུང་བའང་མཚུངས་པའི་ཕྱིར་རོ། །འཇའ་འོད་ནི་བཏགས་གྲོལ་བཅངས་པའི་རོ་ལ་སྟོན་དཔྱིད་ལ་སོགས་པའི་དུས་གཞན་དུ་ཡང་འབྱུང་བས། དབྱར་ཀའི་འཇའ་དང་སྟབས་འགྲིག་པ་ལྟ་བུ་མ་ཡིན། རིང་སྲེལ་དུད་འགྲོ་དང་གདན་གྱི་ཆོ་འཕྲུལ་ལའང་འབྱུང་སྣང་བས་བདེན་མོད་ཀྱི། འདིར་གྲོལ་བའི་ཚད་རིང་སྲེལ་ལ་མི་བཞེད། སྐུ་གསུང་ཐུགས་ཀྱི་རྟགས་གསུམ་ཡོད་པའི། འདི་ཉིད་འདས་ཚེ་གདུང་བཞུ་བས། སྒྲ་འོད་ཟེར་དང་མེ་དུད་རྟགས། གདུང་རིགས་ལྔའམ་གཅིག་འབྱུང་ངེས། །རྣལ་འབྱོར་ཕྱིར་མི་ལྡོག་པ་ཡི། །རྟགས་སུ་རྡོ་རྗེ་རིན་ཆེན་པད། །ལས་དང་དེ་བཞིན་གཤེགས་པའི་གདུང་། །ཤ་ཁྲག་རུས་དང་སྒལ་ཚིག་དང་། །འབྱུང་འདུས་ལྔ་ལ་བརྟེན་ནས་འབྱུང་། །རྟགས་ལས་འབྲས་བུ་འདི་བཞིན་འབྱུང་། །ཤ་རི་ཆུ་རི་བ་རི་ཡིས། །སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ། །ཉ་རི་པཉྩ་རམ་གྱིས་ནི། །སྤྲུལ་སྐུ་སྐུ་ལྔ་ངེས་པར་ཐོབ། །གསུང་ཐོབ་རྟགས་སུ་མེ་འོད་སྒྲ། །འཇའ་ཚོན་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་སོ། །དེ་ལ་གདུང་དང་རིང་སྲེལ་ནི་སོ་སོ་བ་སྟེ། རྒྱུད་ལས། རིང་སྲེལ་གཞིག་པར་ནུས་པ་སྟེ། །གདུང་ནི་འཇིག་པར་ནུས་མ་ཡིན། །ཞེས་པ་དང་། ཤ་རི་རམ་ནི་སྣུམ་ལ་འགྲིལ། །སྲམ་ཁྲེག་རྡོ་རྗེའི་གདུང་དུ་བཞག །ཅེས་འབྱུང་བས། འདི་ལ་སློབ་དཔོན་བྱང་ཆུབ་བཟང་པོས། སྐུ་གདུང་གི་རིང་སྲེལ། ཡུངས་འབྲུ་ལྟ་བུའི་རིང་སྲེལ། སྐུ་བལ་གྱི་རིང་སྲེལ། ཆོས་ཀྱི་རིང་སྲེལ་ཞེས་གསང་བ་རིང་སྲེལ་གྱི་འགྲེལ་པར་སོ་སོར་ཕྱེའོ། །གཏེར་ལུང་གིས་གང་ཟག་ལུང་བསྟན་པ་མི་བདེན། བྱམས་པ་དང་འཇམ་དཔལ་གྱིས་ཀྱང་ལུང་མ་བསྟན། ཞེས་གསུངས་པ། ཇོ་བོ་རྗེ་དང་འབྲོམ་སྟོན་པས་བཀའ་གདམས་ཀྱི་གང་ཟག་དང་གནས་གཞི་མང་པོ་འབྱུང་བའི་ལུང་བསྟན་བཀའ་གདམས་གླེགས་བམ་ན་བཞུགས་པ་འདིས་གསལ་ལ། གཞན་ཡང་མ་འོངས་པའི་ལུང་བསྟན་པ་ཙམ་ནི་མངོན་པར་ཤེས་པ་ཐོབ་པ་དག་གི་ཡུལ་ཡིན་པས། ཕྱི་རོལ་པའི་དྲང་སྲོང་དང་། བོན་པོ་དང་། ཞི་གནས་ཀྱི་སྙོམས་འཇུག་ཐོབ་པ་དག་ལའང་ཡོད་པས། སངས་རྒྱས་སྤྲུལ་སྐུ་ལ་སྦྱར་དུ་མི་རུང་ངོ་། །སྒྲུབ་པ་བཀའ་བརྒྱད་ནི་གཤིན་རྗེའི་གཤེད་དང་། རྟ་མགྲིན་དང་། མཆོད་བསྟོད་དང་དྲགས་སྔགས་གཉིས་ཀྱི་གཙོ་བོ། ཕུར་པ་དང་གསུམ་ནི་ཕྱག་རྡོར་ཡིན་པར་གསར་རྙིང་མཐུན་ཅིང་། གོང་མ་གཉིས་འཇམ་དཔལ་དང་། རྟ་མགྲིན་ཁྲོས་པ་ཡིན། ཡང་དག་གི་ལྷ་མོ་བརྒྱད་ལ་སོགས་པ་ཡང་མ་རྒྱུད་ཀྱེ་རྡོར་དང་ཆ་མཐུན། མ་མོ་ནི་འཇིག་རྟེན་གྱི་མ་མོ་དང་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་དཀྱིལ་འཁོར་ཡིན་ཏེ་འདིའི་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་སྔགས་གསར་མར་བདེ་མཆོག་ཡིན་ཏེ། བདེ་མཆོག་གི་བསྟོད་པར། ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་ཟེར་ཞིང་། མགོན་པོ་ཕྱག་བཞི་བ་བདེ་མཆོག་གི་སྤྲུལ་པ་ཡིན་པར་བཤད་པ་དང་། རྙིང་མ་བས་ཆེ་མཆོག་ཁྲོས་པ་ཡིན་ཅེས་བཤད་པ་གུང་མཐུན། རིག་འཛིན་ནི་གསང་སྔགས་ཀྱི་བཀའ་བསྡུ་བ་པོ་རྡོ་རྗེ་ཆོས་ཡིན་པས། ཁུངས་ཐུབ་པ་གང་ལས་བྱུང་ཞེས་གསུངས་པ། གསར་མ་རང་གི་ཁྲོད་ན་ཡོད་དོ། །ཐེག་པ་རིམ་པ་དགུ་ལ་དབང་འབྱུང་བ་ཡང་། ཐེག་པ་དེ་དག་ཉམས་སུ་ལེན་པ་ལ་རྒྱུ་མཚན་ཉིད་ལྟར་ཉམས་སུ་ལེན་པ་བས། འབྲས་བུ་གསང་སྔགས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ལམ་ཆེས་མྱུར་བ་ཡིན། གསང་སྔགས་དེ་ཡང་དབང་ལ་མ་བརྟེན་ནས་མི་འགྲུབ་པས། ཐོག་མར་ཐེག་པ་རིམ་པ་དགུའི་དབང་བསྐུར་ནས་དེ་ནས་ཐེག་དགུའི་ཁྲིད་ཉམས་སུ་ལེན་པ་ལགས་སོ། །འདི་ནི་དཔལ་ལྡན་བླ་མ་དམ་པའི་ལུགས་ཀྱི་ལམ་འབྲས་སུ་སྣང་གསུམ་གྱི་སྔོན་དུ་རྒྱུ་དབང་བསྐུར་བས་ལམ་དེ་ཉིད་གསང་སྔགས་ཀྱི་ལམ་དུ་འགྱུར་བས་བསྒྲོད་ཐག་ཉེ་བ་དང་། གྲོལ་བྱེད་ལམ་གྱི་སྔོན་དུ་སྨིན་བྱེད་ཀྱི་དབང་ཐོབ་དགོས་པར་བཞེད་པ་དང་གྲུབ་མཐའ་མཐུན་ནོ། །ཡང་། དམ་ཚིག་ས་མ་ཡ་འབུམ་སྡེ་ལ་སོགས་པ་ལ་ནི་ཁུངས་ཐུབ་པའི་གཞུང་མེད་དོ། །ཞེས་གསུངས་པ་ལ། ཇོ་བོ་རྗེས། དེ་ལ་གསང་སྔགས་ནི་ལྟུང་བའི་སྒོ་བསམ་གྱིས་མི་ཁྱབ་པས། དཔེར་ན་བུམ་པ་ལྟ་བུ་གཅིག་ལ་ཡང་དངོས་པོ་ཐ་མལ་པར་བཟུང་ན་ལྟུང་བ་འབྱུང་སྟེ། ས་ཕྱོགས་རྡུལ་ཤིན་ཏུ་ཆེ་བ་ཞིག་ཏུ་མཎྜ་ལ་ཅིག་ཕྱིས་ཏེ་བཞག་ན་དེ་མ་ཁད་རྡུལ་ཆགས་ནས་འོང་བ་དང་འདྲ་གསུང་། དེ་ལྟ་ན་སངས་རྒྱས་མྱུར་དུ་འགྲུབ་པ་རང་དཀའ་བ་འདྲ་ཞུས་པས། དེ་སྦྱང་བའི་ཐབས་བྱ་བ་རྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་གདམས་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བ་གསང་སྔགས་པ་ལ་ཡོད། ཅེས་གསུངས་ཏེ་དམ་ཚིག་འབུམ་སྡེ་ལས་ལྷག་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་ཇོ་བོས་གསུངས་པ་ལགས། ཡང་། རུ་དྲས་སྲིད་གསུམ་དབང་དུ་བྱས་པ་དང་། །ཞེས་གསུངས་པ། རུ་དྲ་ཞེས་པ་དྲག་པའི་སྐད་དོན་ཡིན། དྲག་པོ་ནི་དབང་ཕྱུག་གི་མིང་སྟེ་དེས་ས་འོག་ས་སྟེང་ས་བླ་གསུམ་དབང་དུ་བྱས་པ་དང་། དེའི་ཚེ་དཔལ་ཧེ་རུ་ཀས་བརྟུལ་བའི་ལོ་རྒྱུས་བདེ་མཆོག་པ་ཀུན་ལ་གྲགས། སངས་རྒྱས་མཉམ་སྦྱོར་ལས་ཀྱང་། རུ་དྲ་མང་དུ་བྱུང་ཞིང་སྲིད་གསུམ་དབང་དུ་བྱས་པར་གསུངས་སོ། །ཡང་། སངས་རྒྱས་ཕམ་པར་བྱས་པ་དང་། རྟ་མགྲིན་མིད་པ་དང་། ཞེས་གསུངས་པ་དེ་དག་ནི་སངས་རྒྱས་གཞན་གྱི་འདུལ་སྐལ་ཡིན་པ་དང་། འདུལ་བྱེད་དེ་དག་གི་ཆེ་བ་བསྟན་པའི་ཕྱིར་དང་། གདུལ་བྱ་དྲང་བའི་དོན་དུ་བསྟན་པ་ཡིན་པས་མི་འགལ་ལོ། །ཡང་། སངས་རྒྱས་འདས་ནས་སངས་རྒྱས་ལས་ལྷག་པའི་སྟོན་པ་ལོ་བརྒྱ་ནས་འབྱུང་བ་དང་། དེ་ཚེ་སྔ་མ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྤུན་ཡིན་པ་དང་། རྫུན་གྱི་ཕྲེང་བ་ལུང་དང་རིག་པའི་གནོད་པ་འབབ་པ་མང་པོ་ཡོད་དོ། །ཞེས་གསུངས་པ། སངས་རྒྱས་ལས་ལྷག་པའི་སྟོན་པ་མི་སྲིད་པ་ཡིན་ཀྱང་། གདུལ་བྱ་ལ་དེ་ལྟར་བསྔགས་པ་ཡིན་པས་སྐྱོན་མེད་དེ། སློབ་དཔོན་སངས་རྒྱས་གཉིས་པ་དེར་མ་ཟད། དགེ་བའི་བཤེས་གཉེན་ནི་ཐམས་ཅད་ལ་སྣང་བས་སངས་རྒྱས་ཐམས་ཅད་ལས་དགེ་བའི་བཤེས་གཉེན་ལྷག་པར་མདོ་ལས་གསུངས་སོ། །མངལ་གྱིས་མ་གོས་པ་དང་། འདས་གྲོང་མི་མངའ་བ་དང་། གསང་སྔགས་སྟོན་པ་གསུམ་ནི་མངོན་སུམ་དུ་གསལ་བས་སུ་ཡིས་ཁེགས། ཚེ་སྔ་མ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཆེད་ཡིན་པར་ནི་སློབ་དཔོན་བོ་དྷི་ས་ཏྭ་ཡང་བཞེད་པ་ཡིན་ནོ། །དེའི་ཕྱིར་དེ་དག་འཁྲུལ་པ་མ་ཡིན་པ་ཡང་གོ་དགོས་སོ། །རྒྱལ་དང་རྒྱལ་བའི་ཆོས་ཚུལ་མཐའ་ཡས་ཕྱིར། གྲུབ་མཐའ་རང་བློའི་ཕྱོགས་རེར་མ་འདྲེན་ཅེས། གསོལ་བ་འདེབས་ཀྱི་སྔོན་བྱོན་མཁས་པའི་གཞུང་། བདག་བློ་བྱིས་པས་གཞལ་བའི་ཡུལ་མིན་པས། ནོངས་གང་མཐོལ་བཤགས་འདི་ལས་དགེ་བ་གང་། ཐོབ་དེ་འགྲོ་ཀུན་བྱང་ཆུབ་རེག་ཕྱིར་བསྔོ། ༈ །ད་ནི་པཎ་ཆེན་ཤཱཀྱ་མཆོག་ལྡན་པས་ལེགས་བཤད་གསེར་ཐུར་དུ་དཔལ་འཛིན་གྱི་ལུང་བཀོད་པ་དེ་ལ། བྱ་བ་ཆོས་ཀྱི་རྗེ་སྐལ་བཟང་པས་ལེགས་བཤད་གསེར་ཐུར་གཟིགས་པས། པཎ་ཆེན་དེ་ཉིད་ལ་དོགས་གཅོད་ཀྱི་ཡི་གེ་ལེགས་བཤད་སྒོ་དབྱེ་ཞེས་བྱ་བ་སྤྲིངས། དེའི་ལན་དུ་པཎ་ཆེན་དེས་ངེས་དོན་རབ་གསལ་ཞེས་པ་མཛད་ནས་བསྐུར་བའི་བསྡུ་ཚོམ་བརྗོད་པར་བྱ་སྟེ། དེ་ལ་པཎ་ཆེན་དེ་ཉིད་ཀྱིས་གསེར་ཐུར་དུ་རྙིང་མ་མ་བཀག་པའི་ཚུལ། མ་བཀག་ན་དཔལ་འཛིན་གྱི་ལུང་འདྲེན་པའི་རྒྱུ་མཚན་ཅི་སྙམ་པ་ལ་ལན་དང་གཉིས་སུ་ཕྱེ་ནས། དང་པོ་ལ། སྡོམ་གསུམ་གྱི་གཞུང་རྩ་བ་ན། །གསང་སྔགས་རྙིང་མའི་ཀུན་རྫོབ་ཀུན། །ཅེས་དང་། གཞན་ཡང་གསང་སྔགས་གསར་རྙིང་ལ། །ཞེས་སོགས་རྙིང་མའི་མཚན་སྨོས་ནས་དཔྱད་པའི་གཞིར་བཞག་པ་འགའ་ཞིག་སྣང་། ཁོ་བོ་ཅག་གི་གསེར་ཐུར་གྱི་ཡི་གེ་དཀྱུས་མ་ན་ནི་གསར་རྙིང་ལ་ཆོས་ཡིན་མིན་གྱི་རྣམ་དབྱེ་བྱས་པ་ལྟ་ཅི་སྨོས། རྙིང་མ་ཞེས་པའི་ཚིག་ཙམ་ཡང་བརྗོད་པའི་ལམ་ནས་བྱུང་བ་མེད་ཀྱི་སྟེང་དུ་དྲི་བ་དང་ལན་གཉིས་ཀའི་ནང་ན། འགོས་ལོ་ཙཱ་བ་སོགས་ཀྱིས་ཆོས་ལོག་དྲི་མ་ཅན་དུ་བཤད་པའི་རྣམ་གྲངས་མང་པོ་དེ་དག་དེ་ལྟར་དུ་འཐད་ན་ཧ་ཅང་ཐལ་བར་འགྱུར་བའི་གླན་ཀ་དག་བཀོད་ནས། བོད་དུ་སྦྱར་བའི་རྒྱུད་དུ་འདོད་པ་དག་གི་ནང་ནའང་བཀའ་དང་འདྲ་བའི་བསྟན་བཅོས་དག་ཡོད་པ་ཡིན། ཞེས་རང་གི་ལུགས་གསལ་པོར་སྨྲས་པ་དེ་ལ་མི་རྟོག་པར། གྲུབ་མཐའ་ལ་མ་ཞུགས་པའི་ཁྱིམ་པ་དག་གིས་དཔལ་འཛིན་གྱིས་བྱས་པའི་ཚིག་དེ་དག་ཁ་བཏོན་དུ་བྱས་པ་ན་གྲུབ་མཐའ་པར་ཁས་འཆེ་བའི་སྨྲ་བ་པོ་དག་ཀྱང་ལ་ལ་དག་རྟོག་དཔྱོད་མ་བཏང་བར་གང་ཐོས་དབྱངས་སུ་གྱེར་བའམ། སྨྲ་བ་པོ་ཁ་ཅིག་འགའ་དང་འགའ་ལ་ཕྲ་མ་བགྱི་བའི་བསམ་པ་སྔོན་དུ་བཏང་ནས། གཞུང་རྩ་བ་ན་ཅི་ཡོད་མི་རྟོག་པར་འབེལ་གཏམ་གྱི་ཚིག་ཁོ་ན་ལ་སྐྱོར་འབྱིན་བྱེད་པ་དག་ཡོད་པར་སྣང་ངོ་། །ཞེས་སྤྱིར་བཏང་ནས་དེའི་དོན་འཆད་པ་ན། ཁོང་རང་གི་བཞེད་པ་མདོར་བསྡུས་ཏེ་བརྗོད། སྡོམ་གསུམ་རབ་དབྱེའི་དགོངས་པ་ཇི་ལྟར་ཡོད་པ། དཔལ་འཛིན་གྱི་ན་ཡམས་འགོད་པའི་རྒྱུ་མཚན། ན་ཡམས་དེ་ལ་བླང་དོར་ཇི་ལྟར་ཡོད་པ་དང་བཞིས་བསྟན་ཏེ། ཁོང་རང་གི་བཞེད་པ་ནི། གསར་རྙིང་ཞེས་གྲགས་པའི་ཆོས་དང་གང་ཟག་ཤན་ཕྱེ་སྟེ། གཉིས་ཀའི་གང་ཟག་འཁྲུལ་མེད་དུ་ཁས་ལེན་མི་ནུས། ཆོས་གཉིས་ཀ་འཁྲུལ་མེད་དུ་ཁས་ལེན་ཏེ། གང་ཟག་ལ་འཁྲུལ་པ་ཡོད་མཉམ་དང་ཆོས་ལ་མེད་མཉམ་དུ་མཚུངས་པའི་ཕྱིར། དེ་ལྟར་མ་ཡིན་པར་རྙིང་མའི་ཆོས་འཁྲུལ་པ་ཡིན་ན། ཀ་ཅོག་ལ་སོགས་པས་བསྒྱུར་བའི་སྡེ་སྣོད་གསུམ། བྱ་སྤྱོད་རྣལ་འབྱོར་རྒྱུད་སོགས་བསྟན་པ་སྔ་དར་ལ་བྱོན་པའི་འགྱུར་ཆོས་སྤྱི་དང་། ཁྱད་པར་བླ་མེད་ཀྱི་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ཆོས་མ་ཡིན་པར་འགྱུར་ཏེ། དེ་རྣམས་རྙིང་མའི་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་ཡིན་ཅིང་། རྩ་བ་དེ་གསུམ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་མང་ཞིག་བྱུང་བར་འཆད་པའི་ཕྱིར་རོ། །བྱེ་བྲག་ཏུ་ཡང་ཕུར་ཆོས་མ་ཡིན་ན། དེ་དག་གི་རྒྱ་དཔེ་དང་ལོ་ཙཱ་བ་ཚད་ལྡན་གྱི་འགྱུར་ཡོད་ཅིང་། རྩོད་པ་ཅན་གྱི་རྒྱུད་གཞན་རྒྱུད་འབུམ་དུ་མི་འཛུད་པའི་དཔྱོད་ལྡན་བཅོམ་ལྡན་རིག་རལ་དང་། བུ་སྟོན་རིན་པོ་ཆེ་སོགས་ཀྱིས་རྩོད་མེད་དུ་མཛད་པས་གནོད་པའི་ཕྱིར་རོ། །ཞེས་དང་། བོད་དུ་སྔ་འགྱུར་གྱི་ལྟ་སྤྱོད་ལ་ལོག་པར་རྟོག་པ་མང་དུ་བྱུང་བ་དེ་ཕྱིས་རྩོད་པ་ཅན་དུ་གྱུར་པ་ལ་བརྟེན་ནས་སྔོན་གྱི་ལྟ་སྤྱོད་དག་མ་དག་གཉིས་ཀ་ལ་རྙིང་མ་ཞེས་བཏགས་ཤིང་། དེ་བཞིན་དུ་ཕྱིས་རྒྱ་གར་ནས་བསྒྱུར་བའི་བསྟན་བཅོས་ཡིན་ངེས་ཤེས་པ་རྣམས་དང་། དེ་ལ་འདྲ་མིན་བྱས་ནས་བོད་མང་པོས་རྒྱ་གར་ལ་ཁུངས་ཕྱུངས་ཏེ་སྦྱར་བའི་མདོ་རྒྱུད་བསྟན་བཅོས་སུ་མཚན་གསོལ་བ་མང་པོ་ལ་ཡང་གསར་མ་ཞེས་བཏགས་སོ། །དེས་ན་གསང་སྔགས་རྙིང་མའི་རྒྱུད་དུ་གྲགས་པའི་ཆོས་ཡིན་ན་གསང་སྔགས་རྙིང་མ་ཡིན་པར་མ་ངེས་ཤིང་། གསར་མའི་མདོ་དང་བསྟན་བཅོས་སུ་གྲགས་པའི་ཆོས་ཡིན་ན་ཡང་། དེ་དང་དེ་ཚད་ལྡན་དུ་མ་ངེས་པ་ཡིན་ནོ། །ཞེས་དང་། སློབ་དཔོན་པདྨ་འབྱུང་གནས་དངོས་དང་། དེའི་སློབ་མ་གྲུབ་པ་བརྙེས་པ་དེ་དག་གིས་སྣོད་དུ་གྱུར་པ་རྣམས་རིག་འཛིན་གྱི་ས་ལ་འགོད་པའི་ཕྱིར་དུ། གང་དང་འཚམས་པའི་ལྷ་དང་སྔགས་དང་ལྟ་བའི་རིམ་པ་རྣམས་གསུངས་ཤིང་། དེ་ཉམས་སུ་བླངས་པས་གྲུབ་པ་བརྙེས་པ་མང་པོ་བྱོན་ཏེ། དེ་དང་མཐུན་པའི་སྙན་བརྒྱུད་དགོངས་པ་ཡི་གེར་བཏབ་པ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་རྣམ་པར་དག་པ་དེ་བྱུང་བ་ཡིན་ལ། འདི་དག་ལ་ཡང་དག་པར་ན་བསྟན་བཅོས་ཀྱི་མཚན་ཉིད་ཚང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱི་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པའི་མཚན་ཉིད་དེ་ཚང་བའི་ཕྱིར་ན། སློབ་དཔོན་པདྨས་གསུངས་པའི་བསྟན་བཅོས་ནི་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་མེད་པར་གྲུབ་པ་ཡིན་ཏེ། དཔེར་ན་རྗེ་བཙུན་བྱམས་པའི་ཆོས་ལྔ་དང་། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་དྲི་མ་མེད་པའི་འོད་དང་སོགས་པ་བཞིན་ནོ། །དེའི་སློབ་མ་རིག་འཛིན་གྱི་ས་ལ་བཞུགས་པ་དག་གིས་བཤད་པའང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་བཀའ་དངོས་དང་། རྒྱ་གར་གྱི་མཁན་པོས་བྱས་པའི་བསྟན་བཅོས་མ་ཡིན་ཀྱང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་ལས་ལ་མི་འཁྲུལ་བའི་ཕྱིར། དཔེར་ན་རྗེ་བཙུན་མི་ལ་དང་ས་སྐྱ་བ་ཆེན་པོ་ལ་སོགས་པའི་བསྟན་བཅོས་རྣམས་བཞིན་ནོ། །འཕགས་ཡུལ་ནས་འགྱུར་བའི་བཀའ་དང་བསྟན་བཅོས་དངོས་མ་ཡིན་ཀྱང་ཤིན་ཏུ་ལྐོག་གྱུར་གྱི་གནས་ལ་མི་བསླུ་བ་དག་མཐོང་སྟེ། དཔེར་ན་སྨན་དཔྱད་ཀྱི་རྒྱུད་སྡེ་བཞིར་གྲགས་པ་བཞིན་ནོ། །ཞེས་གསུངས་སོ། །འདི་ལ་ཀུན་མཁྱེན་གོ་བོའི་དངོས་སློབ་དྲུང་གནས་རྭ་དཔོན་པ་ཆེན་པོས། ཚིག་དེ་དག་ཀྱང་རྙིང་མའི་རྒྱུད་ཕལ་མོ་ཆེ་བོད་ཀྱི་བསྟན་བཅོས་སུ་བྱས་འདུག་པས་རྙིང་མའི་ཞབས་དྲངས། སྡོམ་གསུམ་གྱི་འགྲེལ་པ་ལ་ལེགས་བཤད་གསེར་ཐུར་བརྩམས་པས་སྡོམ་གསུམ་རབ་དབྱེ་རྩ་བ་ནས་བཀག་པ་དང་འདྲ། སློབ་དཔོན་པདྨ་ལ་རྒྱུད་རྣམ་དག་ཏུ་བཏུབ་པ་ཚོ་ཁོང་གི་རྒྱུད་དུ་མ་བཏུབ། སྨན་དཔྱད་ཀྱི་རྒྱུད་དང་། སངས་རྒྱ་བའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྒྱུ་རྣམས་མཚུངས་པའི་སྐབས་མེད། རྒྱལ་བའི་བཀའ་དྲི་མ་མེད་པ་ལ་བཀའ་མ་ཡིན་ཞེས་སྨྲ་བ་ཆོས་སྤོང་བའི་ལས་ཆེན་པོ་ཡིན་ཅེས། འདིས་སྡོམ་གསུམ་རབ་དབྱེ་སྒྲུབ་པའི་བསྟན་བཅོས་ལེགས་བཤད་མེ་འོད་ཅེས་བྱ་བ། གསེར་ཐུར་ལ་ལན་དུ་མཛད་པ་ཞིག་ཀྱང་ཡོད་དོ། །ཡང་པཎ་ཆེན་གྱིས། སྔགས་ཀྱི་ཚིག་རྣམས་འཕགས་ཡུལ་གྱི་ཚིག་དང་མཐུན་པར་མ་བྱུང་ཡང་སྔགས་འབྲས་འགྲུབ་པ་མི་འགལ་ཏེ། སྔགས་འབྲས་བྱིན་གྱིས་རློབ་པའི་ནུས་མཐུ་དང་ལྡན་པ་དག་གིས་བྱས་པའི་ཕྱིར། དཔེར་ན་རྗེ་བཙུན་དམ་པ་རྒྱ་གར་གྱིས་མཛད་པའི་རྟེན་འབྲེལ་སྣ་ཚོགས་པ་རྣམས་བཞིིན་ནོ། །དེ་སྐད་དུ་ཡང་། འགའ་ཡི་བརྡའ་བྱས་ཉིད་ཡིན་ན། །སྔགས་ཀྱི་འབྲས་བུ་སྒྲུབ་བྱེད་ཡིན། །ཞེས་དང་། གང་ཡང་རྒྱུད་རིགས་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །འདི་དག་གི་དེ་གཙོ་བོའི་མཐུ། །དེ་བཤད་རིག་པས་འཇུག་ཕྱིར་རོ། །ཞེས་འབྱུང་བ་ལྟར་རོ། །དེའི་ཕྱིར་རྒྱུད་དུ་མིང་བཏགས་ནས་བོད་ཀྱིས་སྦྱར་བ་ལ་ཆོས་ལོག་གིས་མ་ཁྱབ་སྟེ། བསྟན་བཅོས་རྣམ་དག་ཏུ་མི་འགལ་བའི་ཕྱིར། ཞེས་དང་། སྔགས་ལེགས་སྦྱར་དུ་མེད་ཀྱང་། སྔགས་འབྲས་བྱིན་གྱིས་རློབ་པའི་མཐུ་ལྡན་གྱིས་བྱས་པར་མི་འགལ་བའི་ཕྱིར། གང་ལ་དམིགས་པའི་ནུས་པ་ཐོན་པར་མཐོང་བ་དང་། བོད་ཀྱི་ལྷ་འདྲེ་དཀྱིལ་འཁོར་ལ་བཅུག་ཅིང་དེའི་སྔགས་ཡོད་པས་རྒྱ་གར་མ་མ་ཡིན་པ་གྲུབ་ཏུ་ཆུག་ཀྱང་། སྔགས་ཆོས་རྣམ་དག་མ་ཡིན་པ་མི་འགྲུབ་སྟེ། ཡང་ཕུར་དང་། དེ་ལས་འཕྲོས་པའི་གསང་སྔགས་ཀྱི་ཆོས་འདི་དག་ནི་གདུལ་བྱ་བོད་ཀྱི་མི་དང་མི་མ་ཡིན་པ་དག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་དང་། དཔེར་ན་གདུལ་བྱ་ལ་འཕགས་ཡུལ་གྱི་དབང་དུ་བྱས་ནས་གསུངས་པའི་སྔགས་དང་། ལྷའི་ནང་ནས་ཡུལ་དེ་དང་དེར་གྲགས་པའི་ལྷ་ཀླུ་འབྱུང་པོའི་ཚོགས་ཀྱི་གཟུངས་སྔགས་དང་སྒྲུབ་ཐབས་ཀྱི་རིམ་པ་མང་པོ་དག་འབྱུང་བ་བཞིན་ནོ། །བཀའ་དངོས་མ་ཡིན་ཞིང་བོད་ཀྱིས་སྦྱར་བ་ཉམས་སུ་བླངས་པས་མཆོག་མི་འགྲུབ་ན་ཧ་ཅང་ཐལ་ཏེ། རྒྱུད་ནས་གསུངས་པའི་ལྷའི་སྒྲུབ་ཐབས་དང་དཀྱིལ་ཆོག་སོགས་པཎ་གྲུབ་དང་བོད་ཀྱི་བླ་མས་སྦྱར་བ་ལ་ལག་ལེན་དུ་སྤྱོད་པས་སོ། །ཞེས་གསུངས་སོ། །ཅི་དེ་དག་ནི་རྙིང་མའི་རྒྱུད་རྣམས་བསྟན་བཅོས་སུ་སྒྲུབ་པའི་ལུང་དུ་འདུག །དེ་ལྟར་དེ་ཙམ་དུ་དྲངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕོ་བྲང་ཞི་བ་འོད་དང་འགོས་ཀྱི་འབྱམས་ཡིག་ཏུ་ཆོས་ལོག་དྲི་མ་ཅན་དུ་བྱས་འདུག་པ་དང་། དཔལ་འཛིན་གྱིས་རྙིང་མར་གྲགས་སོ་ཅོག་ཆོས་མ་ཡིན་པར་བྱས་པས། དེའི་ལན་འདི་བས་ལྷག་པ་མ་མཆིས་པས་བྲིས་པའོ། །ཡང་། གསང་སྔགས་རྙིང་མ་བ་ཡང་དག་ཅིག་ཏུ་རློམ་ན། དེའི་ཁྱད་ཆོས་ཀྱི་གཙོ་བོ་ལྟ་བས་ཆེ་བར་ཁས་ལེན་དགོས་པ་དང་། སྤྱིར་རྙིང་མ་དང་ཁྱད་པར་སེམས་ཕྱོགས་བཞེད་ན། ལྟ་བ་ཁས་ལེན་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ། ཞེས་པ་འདི་མི་འདོད་ན་སེམས་ཕྱོགས་ཁས་ལེན་གཞན་ངོ་ཙམ་དུ་ཟད། འདོད་ན་རྣམ་བཞག་དེ་ཐོས་ན་སྲོག་འདོར་བ་ཙམ་བྱེད་པ་མང་བས། དེ་དགག་སྒྲུབ་ཇི་ལྟར་བགྱི། ཁོ་བོ་ནི་ཆོས་བཞི་པོ་དེ་དག་ཁས་ལེན་པ་ལ་སྤོབས་པར་གྱུར་ཏོ། །དེ་ཡང་ལྟ་སྒོམ་འབྲས་བུ་གསུམ་པོ་དེ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་ཤིང་རྟའི་སྲོལ་མཐར་ཐུག་པ་དང་མཐུན། སྤྱོད་པའི་ཚུལ་དེ་ལ་གཞན་དག་གིས། བློང་དོར་མེད་པ་སྤྱོད་པ་མིན། །དེ་ནི་ལྟ་བའི་རྣམ་བཞག་ཡིན། །ཅེས་ཟེར་བ་དེའི་ལན་ནི་རྣམ་ཤེས་ཀྱི་དོན་བླང་དོར་ཡོད་ཀྱང་ལྟ་བས་ཟིན་པའི་ཚེ་བླང་དོར་གྱི་མཚན་མར་མི་འཛིན་ཟེར་བ་ཡིན་ནམ། ཁྱད་དཔལ་འཛིན་གྱི་ལུགས་དེ་བཞེད་པས་ལྟ་བས་ཟིན་པའི་ཚེ་མཚན་མར་མི་འཛིན་གསུང་ཡང་། ལྟ་བས་ཟིན་པའི་དུས་དེ་ལ་སྒོམ་པ་ཟེར་བ་མིན། སྤྱོད་པ་མི་ཟེར། ཡང་སེམས་ཕྱོགས་བཞེད་དུ། གནས་སྐབས་སུ་གང་སྣང་ཐམས་ཅད་རང་སེམས་ཡིན་པ་དེ་བཞེད་དམ་མི་བཞེད། མི་བཞེད་ན་སེམས་ཕྱོགས་དཔྱིས་ཕྱིན་ཇི་ལྟར་འཆད། ཁོ་བོ་ནི་དེ་ལྟར་ཁས་ལེན་ཏེ། མ་བླངས་ན་ཐེག་པ་རིམ་དགུ་ལྟ་ཅི་སྨོས། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་ཀུན་དང་འགལ། དེས་ན་ཁོ་བོ་ནི་གཞན་སྣང་གི་གཟུགས་སྐུ་གཉིས་སངས་རྒྱས་དངོས་མ་ཡིན་པ་དང་། སངས་རྒྱས་རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བར་ཁས་ལེན་པ་ཡིན། ཡང་སེམས་ཕྱོགས་དང་སྒྱུ་འཕྲུལ་བཞེད་ངེས་ན། གཞིའི་དུས་སུ་ཀུན་རྫོབ་ཚད་མས་མི་འགྲུབ་པ་དང་། འབྲས་བུའི་དུས་སུ་སེམས་ཅན་གྱི་ལས་སྣང་ཇི་སྙེད་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་ངོ་། །ཞེས་པ་འདི་བཞེད་དམ་མི་བཞེད། མི་བཞེད་ན་སེམས་ཕྱོགས་དང་སྒྱུ་འཕྲུལ་ལ་ངེས་པ་གཏིང་ནས་འདྲོངས་པ་འགལ། ཁོ་བོས་ནི་དེ་ལྟར་ཁས་བླངས་སོ། །དེ་ལ་གཞན་དག་གིས། ཀུན་རྫོབ་ཚད་མས་མ་གྲུབ་ན་ལས་འབྲས་ལ་སྐུར་པ་བཏབ། མཉམ་བཞག་ཏུ་ཅི་ཡང་ཡིད་ལ་མི་བྱེད་པ་ཧ་ཤང་གི་ལྟ་བ་ཡིན། སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་མི་སྣང་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར། ཞེས་པའི་སྐྱོན་འདི་རང་ལ་ཟུག་པར་བྱེད་དམ་སྤོང་བར་བྱེད། ཟུག་པར་བྱེད་ན་སྒྱུ་འཕྲུལ་དང་སེམས་ཕྱོགས་ནང་ནས་བུད། སྐྱོན་འདི་སྤོང་ན་ལུང་རིག་གང་གིས་ཇི་ལྟར་སྤོང་། ཁོ་བོ་ནི་སྐྱོན་དེ་འདི་ལྟར་སྤོང་སྟེ། ཀུན་རྫོབ་ཐམས་ཅད་འཁྲུལ་སྣང་ཡིན་གྱི་གནས་ཚུལ་ལ་མ་ཞུགས་པས་ཚད་མས་མ་གྲུབ། ཡིད་བྱེད་ཐམས་ཅད་མཚན་འཛིན་གྱི་རྟོག་པ་ཡིན་པས་མཉམ་བཞག་ཡེ་ཤེས་དང་གཞི་གཅིག་ཏུ་མི་འདུ། སངས་རྒྱས་ལ་མ་རིག་པ་མ་མཆིས་པས་ཡུལ་ཀུན་རྫོབ་མི་སྣང་སྟེ། ཡུལ་ཀུན་རྫོབ་ནི་ཡུལ་ཅན་མཐོང་བ་རྫུན་པ་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་འཆད། གྲུབ་མཐའ་འཆའ་ལུགས་འདི་མེད་ན་རྙིང་མའི་ཆོས་ཇི་ལྟར་འཛིན། ང་རྙིང་མ་པའོ་ཞེས་པའི་ཁས་ལེན་ཙམ་གྱིས་ཆོག་པ་མ་ཡིན་ནོ། །འདི་ལ་ཕྱིས་ཀྱི་སྡེ་སྣོད་ཀློག་པ་དག་ན་རེ། འདི་ལྟ་བུའི་གྲུབ་མཐའ་ནི་གསར་བྱུང་ཡིན་ནོ། །ཞེས་ཟེར་མོད། ཀུན་རྫོབ་བདེན་པའི་གོ་དོན་སྤྱིར་ཚད་མ་དང་། བྱེ་བྲག་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སྙེད་དོན་དུ་འཆད་པ་འདི་ནི། རྗེ་ཙོང་ཁ་པས་རྩ་ཤེའི་ཊི་ཀ་མཛད་པ་འདི་ཚུན་གྱི་ཁ་སྐད་ཡིན་གྱི། དེའི་གོང་དུ་མཁས་རྨོངས་མཐའ་དག་མཐུན་པར། ཀུན་རྫོབ་ནི་མཐོང་བ་རྫུན་པ་བློ་འཁྲུལ་པའི་རྙེད་དོན་དུ་འཆད་པ་ཤ་སྟག་ཡིན། མཉམ་གཞག་དངོས་གཞིའི་དུས་སུ་ཡིད་བྱེད་དང་བྲལ་བ་དགོངས་པའི་འདི་རྙིང་མ་ལྟ་ཅི་སྨོས། རྔོག་ལོ་ཆེན་པོ་དང་ཇོ་ཞལ་ཡན་གྱི་ཀློག་པ་བ་མཁས་པ་དང་བསམ་གཏན་པ་འཁྲུལ་མེད་ཀུན་གྱི་ཡི་གེ་ན་སྣང་། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་བ་འདི་ཀློག་པ་བ་ཀུན་ལ་རླུང་ལྟར་གྲགས་པའི་གཞུང་དབུ་མ་ལ་འཇུག་པ་ན་གསལ་ཧྲིག་གེ་བཞུགས་པ་ལ་གསར་བྱུང་གི་གྲུབ་མཐའ་ཟེར་ན། ལུགས་རྙིང་པ་ཞིག་གང་ན་ཡོད་སྟོན་རིགས་པ་ལས། དགེ་ལྡན་པ་ཆེན་པོས་སྐུ་ཚེའི་མཇུག་ལ་རྙེད་པའི་གྲུབ་མཐའི་རྗེས་སུ་ཚམ་ཚོམ་མེད་པར་རྒྱུགས་ནས། ལུགས་རྙིང་པ་འཛིན་པ་དག་ལ་གསར་བྱུང་ན་སྨྲ་བ་ནི་བྱུང་རྒྱལ་དུ་སྨྲ་བ་ཁོ་ནའི། ཞེས་པ་དང་། སྡོམ་གསུམ་ན་རྙིང་མ་ལ་བརྟག་དཔྱད་ཆ་ཙམ་ལས་མེད་དེ། ནོར་བ་གསར་མ་ལ་མང་བས་སོ་ཐར་བྱང་ཆུབ་བར་དུ་ལེན་པ་དང་། བྱང་སྡོམ་དབུ་མ་ལུགས་སུ་མི་བྱེད་པ་དང་། བདག་གཞན་བརྗེ་བ་བསྒོམ་དུ་མི་རུང་བ་དང་། དབང་མེད་པར་གསང་སྔགས་བསྒོམ་པ་དང་། ཡོད་པའི་དགེ་བ་ཆོས་དབྱིངས་ལ་བསྔོ་རྒྱུར་བྱེད་པ་དང་། ཇོ་བོ་ལུགས་ཀྱི་སེམས་བསྐྱེད་ཇོ་བོའི་དགོངས་པ་དང་འགལ་བ་དང་། དོན་དམ་སེམས་བསྐྱེད་ཆོ་གས་ལེན་པ་དང་། ནཱ་རོའི་བརྒྱུད་འཛིན་དུ་ཁས་ལེན་པ་པོ་དབང་དང་རིམ་གཉིས་མི་བསྒོམ་པ་དང་། ཕག་མོའི་བྱིན་རླབས་ཀྱིས་ཆོས་སྒོ་འབྱེད་པ་སོགས་གསར་མ་ལ་ཡོད་པའི་ཆོས་ལོག་ཇི་སྙེད་གསར་མའི་ཆོས་མ་ཡིན་པ་བཞིན་དུ། རྙིང་མ་ལ་ཡོད་པའི་ཆོས་ལོག་ཇི་སྙེད་པ་རྙིང་མའི་ཆོས་མ་ཡིན་པས། དེ་དང་དེ་བཀག་པ་ལ་ཆོས་གསར་རྙིང་བཀག་པར་མི་འགྱུར་རོ། །ཞེས་སྤྱིར་བཤད་ནས། སྐབས་དོན་རྙིང་མའི་ཆོས་མ་ཡིན་པ་ལ་དེའི་ཆོས་སུ་སྒྲོ་བཏགས་པ་དེ་ལུང་རིག་གིས་སུན་ཕྱུང་བ་ལ་རྙིང་མ་བཀག་གོ་ཞེས་སྨྲ་བ་པོ་རྣམས་ནི། རང་ཉིད་གཏི་མུག་པས་ཆོས་ལོག་ལ་ཞེན་ནས་ལག་ལེན་བྱེད་པ་དེ་ལ་རྙིང་མའི་ཆོས་སུ་ཞེན་ཅིང་ཁས་བླངས་པ་ལས་བྱུང་བའི་ངན་རྟོག་ཡིན་ཏེ། དཔེར་ན་སྦྱོར་སྒྲོལ་གྱི་དོན་ཡང་དག་པ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བསྒྲལ་ནས་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ཞེས་བྱ་བ་ཡིན་པ་ལ། དེ་མ་གོ་བར་ཆགས་སྡང་ལས་གྱུར་པའི་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་དག་བཀག་པ་ན་རྙིང་མ་བཀག་གོ་ཞེས་ཆོ་ངེ་འདོན་པ་བཞིན་ནོ། །ཞེས་དང་། སྡོམ་གསུམ་ནས་གསར་མ་ལ་ནོར་བ་དང་། རྙིང་མ་ལ་དཔྱད་ཚུལ་རྣམས་སྨོས་པའི་མཐར། འདི་ནི་ཆོས་རྗེས་སྐྱ་པཎྜི་ཏའི་བཞེད་པ་གསལ་བ་ཉིད་དུ་བསྟན་བཅོས་འདིར་དངོས་བསྟན་དུ་བྱུང་བས་སྦ་བར་མ་ནུས་སོ། །ཞེས་དང་། ཁོ་རང་གི་བཞེད་པ། ཇི་སྐད་དུ། རྗེ་བཙུན་ས་སྐྱ་པཎྜི་ཏའི། །བསྟན་བཅོས་ཉིད་ཀྱི་དབང་བྱས་ནས། །འཆད་ཚེ་དྲང་པོའི་གཏམ་འདི་ཡིས། །འགའ་ལ་ཟུག་རྡུར་མ་གྱུར་ཅིག །ཞེས་གསུངས་ཀྱང་སྡོམ་གསུམ་གྱི་གཏམ་དྲང་པོར་བཤད་ན་རྙིང་མའི་གསལ་བྱེད་ཡིན་པར་རང་གིས་ཀྱང་ཞལ་གྱིས་བཞེས་པ་ཡིན་ནོ། །ཡང་། རྙིང་མའི་ཆོས་ཀུན་འཕགས་ཡུལ་ནས། །བསྒྱུར་བར་འབད་པས་སྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་གྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་འགྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཡང་། །མཆོག་དང་ཐུན་མོང་དངོས་གྲུབ་ལ། །མི་བསླུ་ངེས་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་ཀྱང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་མིན། །རྡོ་རྗེ་སེམས་དཔའི་སྣང་ཐོབ་པ། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པས་ཆོག་པར་གསུངས་པ་ཡིན། །རྙིང་མའི་ཆོས་རྣམས་འཕགས་ཡུལ་ནས། །འགྱུར་བར་ངེས་རྣམས་སྒྲུབ་མི་དགོས། །མ་ངེས་པ་རྣམས་བསྟན་བཅོས་སུ། །སྒྲུབ་ལས་འགྲུབ་པར་འགྱུར་འདི་ཡང་། །གང་འདིའི་རྣམ་རྟོག་རང་གཟོའི་ལམ། །རྙེད་ནས་འཕྱན་པར་འགྱུར་མིན་གྱི། །བོད་ཀྱི་ཡུལ་དུ་སྔོན་བྱོན་པའི། །ཆེན་པོ་རྣམས་ཀྱིས་དེང་བཤད་པའོ། །ཞེས་གསུངས་སྣང་སྟེ། འདི་ནི་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་རྙིང་མའི་རྒྱུད་རྣམས་བསྟན་བཅོས་སུ་བཤད་པ་མ་མཐོང་བས་འཐད་པ་མ་ཡིན་ནོ། །ཡང་། མདོར་ན་ཡང་ཕུར་སོགས་རྒྱ་དཔེ་ཅན་ལོ་ཙཱ་བ་དོན་མཐུན་གྱིས་བསྒྱུར་བ་ལས་མཁས་པ་ལ་མཐུན་པར་གྲགས་པ་རྣམས་ནི་སྤྱིར་རྒྱ་གར་མ་དང་། ཁྱད་པར་རྒྱུད་རྣམ་དག་ཏུ་གྲུབ་ཟིན་པས་ན་སླར་སྒྲུབ་མི་དགོས། དེ་ལས་འཕྲོས་པ་དེ་དག་གི་གཞུང་རྣམས་དང་མི་འགལ་བ་རྣམས་ནི་སློབ་དཔོན་རིན་པོ་ཆེས་མཛད་པའམ། དངོས་སློབ་ཀྱིས་དེའི་གསུང་གི་བཅུད་ཕྱུངས་ཏེ་བྲིས་པ་ཡིན་ཀྱང་རུང་སྟེ། དེའི་དོན་ཉམས་སུ་བླངས་པས་དངོས་གྲུབ་གཉིས་བརྙེས་པ་མང་དུ་བྱུང་འདུག་པ་ཁོ་ནས་ཆོས་རྣམ་དག་ཏུ་གྲུབ་ན། རྒྱ་གར་མ་དང་བཀའ་བསྟན་བཅོས་ཀྱི་དཔྱད་པས་ཅི་ཞིག་བྱ། ཞེས་གསུངས་ཏེ། འདི་ཡང་བསྟན་བཅོས་ཡིན་དུ་ཆུག་ཀྱང་སློབ་དཔོན་པདྨས་མཛད་པ་དེ་རྒྱ་གར་མར་མི་དཔྱོད་པ་ནི་ཧ་ཅང་ཐལ་ལོ། །ཡང་། གཞན་དུ་ན་རྒྱ་གར་དུ་ཡང་གྲུབ་པ་ཐོབ་པའི་སློབ་དཔོན་རྣམས་ཀྱིས་ཨོ་རྒྱན་དང་། ཤམྦྷ་ལ་ལ་སོགས་པ་ཡུལ་གྱི་གནས་བཞན་དང་གཞན་ནས་པུསྟི་བླངས་ཏེ་འཕགས་ཡུལ་བའི་སྐབས་སུ་བསྒྱུར་བ་མ་ཡིན་ཏེ། དོན་གྱི་སྙིང་པོ་ཐུགས་སུ་ཆུད་ནས་འཕགས་ཡུལ་གྱི་སྐད་དུ་བྲིས་པ་ཁོ་ན་ཡིན་པས་དེ་རྣམས་ཀྱང་ཐེ་ཚོམ་པའི་གནས་སུ་མ་གྱུར་ཏམ། འདི་ལྟར་འཆད་པ་འདི་ཡང་མཁས་པ་ཐམས་ཅད་ཀྱི་ལུགས་ཡིན་གྱི་ཁོ་བོས་རང་གཟོར་བྱས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལ། གྲུབ་ཐོབ་རྣམས་ཀྱིས་ཨོ་རྒྱན་དང་ཤམྦྷ་ལ་སོགས་ནས་བླངས་པའི་རྒྱུད་སྡེ་རྣམས་ཀྱི་དོན་ཐུགས་སུ་ཆུད་མོད་ཀྱི། ལོ་རྒྱུས་དག་ཏུ་གླེགས་བམ་སྤྱན་དྲངས་པའི་ཚུལ་ཁོ་ན་སྣང་བས་དོན་ལ་མི་གནས་སོ། །འདི་ལ་རྩེ་ལེ་རིག་འཛིན་ཆེན་པོ་ནི། གསུང་འདི་ནི་གསང་སྔགས་རྙིང་མ་ཡང་དག་ཏུ་སྒྲུབ་པའི་ལུང་རིག་དང་དཔེར་བརྗོད་སླ་ཞིང་ཆུན་ཆེ་བ། དོན་ལ་གནས་ཤིང་ཐ་སྙད་ཀྱིས་གླགས་མི་རྙེད་པ། འདོད་མཁན་མཁས་པའི་གྲོགས་པོ་མང་ཞིང་དཔྱོད་ལྡན་གྱི་ཡིད་ཚིམ་པ། རང་ཅག་རྣམས་ཀྱིས་ཇི་ཙམ་འབད་ཀྱང་ཕྱོགས་ཙམ་ཡང་མི་འགྲུབ་པའི་སྒྲུབ་བྱེད་འདི་ལྟ་བུ། ཞེས་ཟེར། གཞན་དག་ནི་འདི་ལ་ལུང་འདྲེན་རྒྱུ་ཅི་ཡང་མེད་བཞིན་དུ་ལུང་རིག་ཟེར་བ་མི་འཐད། རིག་པས་སྒྲུབ་ཚུལ་འདི་དག་ཀྱང་རྒྱུད་མ་ཡིན་པའི་ཤེས་བྱེད་ཁོ་ནར་སྣང་། གསང་བ་སྙིང་པོ་རྒྱུད་མ་ཡིན་པ་བྱས་ནས་མཇུག་ཏུ་བཅོམ་ལྡན་པའི་གསང་བ་སྙིང་པོ་བཀའ་སྒྲུབ་དྲངས་པ་འདི་ཡང་རྒྱབ་འགལ་དུ་སོང་ཟེར། བྱ་བ་ཆོས་རྗེ་སྐལ་བཟང་པ་ཐུགས་མཚིམ་པའི་ལན་གྱི་ཚིགས་སུ་བཅད་པ་ནི་འོག་ཏུ་འཆད་དོ། །དེ་ནས་ལེགས་བཤད་གསེར་ཐུར་དུ་དཔལ་འཛིན་གྱི་ན་ཡམས་འདྲེན་པའི་སྒྲུབ་བྱེད་གང་ཡིན་པ་ནི། དཔལ་འཛིན་གྱིས། སྔགས་ཀྱི་ཁྱད་ཆོས་ལྟ་བ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །ཅེས་པ་དང་། མ་ཧཱ་ཨ་ནུ་ཨ་ཏི་གསུམ། །འདུས་པའི་བསྐྱེད་རྫོགས་ཉམས་ལེན་གྱི། །རིམ་པ་ཙམ་གྱིས་སོ་སོར་ཕྱེ། །ཞེས་དང་། འདི་ལ་ས་པཎ་གྱི་བཞེད་པ། དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །ཞེས་སོགས་གོང་དུ་ས་པཎ་གྱི་སྐབས་སུ་བསྒྲུབས་ཟིན་ཏོ། །ཡང་། རྡོ་རྗེ་ཐེག་པའི་ཁྱད་ཆོས་ནི། །དབང་དང་རིམ་པ་གཉིས་སུ་འདུས། །ཞེས་དང་། མངོན་པར་བྱང་ཆུབ་རྣམ་ལྔ་དང་། །ཞེས་དང་། ཕྱི་རོལ་པ་ཡང་བསྐྱེད་རིམ་བྱེད། །དག་པ་བསྒོམ་པ་སངས་རྒྱས་ཆོས། །ཞེས་དང་། གསང་སྔགས་གསར་མའི་ཁྲོད་ན་ཡང་། །རྡོ་རྗེ་འཇིགས་བྱེད་སམ་ལུགས་དང་། །དུས་འཁོར་ལྕེ་སྤྱང་གླུ་གར་དང་། །ཞེས་པ་ནས། མགོན་པོ་དང་ནི་ལྷ་མོའི་རྒྱུད། །བརྒྱ་དང་ལྔ་བཅུ་ལྷག་ལ་སོགས། །རང་གཟོའི་རྫུན་རྒྱུད་དུ་མ་སྣང་། །ཞེས་པ་རྣམས་ཀྱིས་རྣམ་དཔྱོད་དང་ཐོས་པ་ཆེ་བ་ཡང་མཚོན་ནུས་ཤིང་། ཞེས་གསུངས་པ་འདི་ཡང་། བདེ་མཆོག་ར་ལི་ལ་སོགས་པ་ག་ཡ་དྷ་ར་དང་འབྲོག་མིའི་ཆོས་སྤངས་མགོན་པོ་དང་ལྷ་མའི་རྒྱུད་རྫུན་མ་ཡིན་ན་གཞན་རྒྱུད་ཡང་དག་པ་སྟོན་རྒྱུ་མེད་པས། ལྷ་མགོན་གཉིས་ཀྱི་སྒྲུབ་སྐོར་གང་ནས་འཚོལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ། གསང་འདུས་པའི་བསྐྱེད་རྫོགས་ཀྱིས་བྱེ། རྒྱུད་སྡེ་སོ་སོར་མ་ཕྱེ་ཟེར་བ། དེ་ག་རྙིང་མའི་རང་ལུགས་མ་འཆུགས་པ་ཡིན། བསྐྱེད་པ་མ་ཧཱ་ཡོ་ག །རྫོགས་པ་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཟེར་བ་དེ་ཡིན། རྙིང་མ་སོར་བཞག་དེས་རྙིང་མ་འགོག་པ་ཡང་ཐོས་པ་གཏི་ཐུག་པ་མ་ཡིན་ནམ། ཐུགས་སྒྲུབ་གསང་འདུས་འགོག་པ་ན། སྒྲུབ་དུས་བླ་མར་རང་བསྒོམ་ནས། རང་གི་འོག་ཏུ་རྟ་མགྲིན་བསྒོམ། ཟེར་བ་འདི་ཡིག་ཆ་དེ་ན་གཏན་ནས་མེད་དེ། བསྙེན་དུས་བླ་མ་རྟ་མགྲིན་གྱི་སྤྱི་བོར་བྱུང་བས། སྒྲུབ་དུས་རང་བླ་མར་བསྒོམ་པ་ན་ཡང་རྟ་མགྲིན་རང་གི་འོག་ཏུ་ཡོང་བར་བསམ་འདུག་པ་རྣམ་དཔྱོད་ཆེ་ཆེས་ནས་རང་མཚང་བསྟན་འདུག་གོ། །ཡང་། རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །ཞེས་པ་ནས། ཆོས་ལོག་ཐམས་ཅད་ནུབ་པར་མཛད། །ཅེས་པའི་ཚུལ་དང་ཆོས་སྐད་མཐུན་པར་བྱུང་ལ། དེས་སྐྱོན་དུ་བཤད་པ་དག་རྙིང་མའི་རྒྱུད་དུ་བཏགས་པའི་ནང་དུ་བྱུང་ན་ཁུངས་དག་པར་ཡང་བྱ་དགོས་སོ། །དེ་ལས་གཞན་ལུང་དེ་ནས་བཤད་པའི་རྟགས་ཀྱིས་བསྒྲུབ་བྱ་ཞིག་བསྒྲུབས་འདུག་ན་ལུང་དུ་བྱས་པ་ཞེས་པའི་ཐ་སྙད་འཇོག་པ་ཡིན་མོད། རང་ལུགས་དཔྱིས་ཕྱིན་པར་གོང་དུ་བཀོད་ཟིན་པའི་འོག་ཏུ་ལུང་དུ་བྱས་པ་ཞེས་བྱ་བའི་ཐ་སྙད་མཁས་པ་ལ་མི་འབྱུང་བ་ཡིན་པས། ཐ་སྙད་ལ་མི་མཁས་པ་རྣམས་ཀྱི་ཁ་ན་རྒྱུ་བ་གང་ཡིན་པ་དེ་ཐ་སྙད་ལ་མཁས་པ་རྣམས་ཀྱི་ཚིག་གི་ལམ་དུ་སྤྱན་འདྲེན་པར་མི་བྱའོ། །བཞི་པ་དེ་ནས་བཤད་པ་ལ་འདོར་ལེན་ཇི་ལྟར་ཡོད་པའི་ཚུལ་ལ་གཉིས་ལས། རྒྱུད་ཀྱི་ཁུངས་ལ་དང་། ལུང་དོན་ལ་ཇི་ལྟར་ཡོད་པའོ། །དང་པོ་ལ་སྤྱི་དང་། ཁྱད་པར་གཉིས་ལས། དང་པོ་ནི། སྤྱིར་བོད་དུ་བརྩམས་པའི་རྒྱུད་ལ། མཛད་པ་པོ་རིག་འཛིན་གྱིས་བརྙེས་པ་དང་མ་བརྙེས་པ་གང་གིས་སྦྱར་བ་ཡིན་ཀྱང་རུང་སྟེ་ལྷད་ཞུགས་ན་ནི། ཁོ་བོ་ཅག་ནི་རྒྱུད་དྲི་མ་ཅན་ཞེས་མིང་འདོགས་པ་ཡིན་གྱི། རྒྱུད་དེ་དང་དེའི་རང་ལྡོག་ནས་ཆོས་ལོག་ཅེས་བྱ་བར་སྨྲ་བ་ནི་སྤོབས་པ་མ་ཡིན་ཏེ། ཇི་སྐད་དུ། མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །ཞེས་གསུངས་པས་སོ། །དེས་ན་བསྟན་བཅོས་ཀྱི་ནང་དུ་ལྷད་ཞུགས་པ་ཙམ་གྱིས་བསྟན་བཅོས་དེ་ཆོས་ལོག་ཏུ་བསྒྲུབ་མི་ནུས་ཏེ། དེའི་ནང་ན་ཆོས་ཡང་དག་པ་དུ་མ་བཞུགས་པའི་ཕྱིར། ཞེས་དང་། འགོས་ལོ་ཙཱ་བ་སོགས་ཀྱིས་གསང་བ་སྙིང་པོ་རྨ་རིན་ཆེན་མཆོག་གིས་མཛད་པར་འཆད་ཅིང་། དེ་ལ་ལོག་པའི་སྐྱོན་བཞི་ལ་སོགས་པ་ཡོད་པར་བཤད། དེ་ལྟར་འཆད་པ་ཉིད་ཀྱིས་ཆོས་ལོག་ཏུ་འགྲུབ་པར་མི་ངེས་ཏེ། ལོ་ཙཱ་བ་དེ་ཉིད་ཀྱིས་མཛད་པར་གྲུབ་པའི་ཕྱིར། བཅོམ་ལྡན་རལ་གྲིས་གསང་སྙིང་སྒྲུབ་པ་ལས་ཀྱང་འདི་ལྟར་གསུངས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱུད་ཟབ་མོ་གསང་བ་སྙིང་པོ་ལ། འགོས་ལྷས་བཙས་ལ་སོགས་པས་སྒྲོ་སྐུར་བྱས་པ་དེ་སྤང་བར་བྱ་སྟེ། འདི་རྒྱུད་ཡང་དག་པ་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་ལ། ཡེ་ཤེས་སེམས་དཔའ་གང་རོག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པར་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་བྱ་བ་དང་། བསམ་གྱིས་མི་ཁྱབས་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་བྱ་བ་དང་། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཞེས་བྱ་བ་ཡིན། །ཞེས་པའི་འགྲེལ་པར་རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་སོ་སོ་མ་ཡིན་ངོ་བོ་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་བྱ་བ་དང་། རང་བཞིན་རང་བཞིན་མེད་པའི་རྒྱུ། །ཞེས་པའི་འགྲེལ་པར། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་པ་དང་། གསང་བའི་དོན་འཆད་པ་ན། གསང་སྙིང་ལས། རང་བཞིན་དང་། གབ་པ་དང་། སྦས་པ་དང་། མི་བསྟན་པའི་གསང་བ་ཞེས་བྱུང་། བྱ་བ་དང་། གསང་སྙིང་ལས་དབང་ལྔ་བྱུང་། བྱ་བ་དང་། མཐིང་ག་དཀར་པོ་སེར་ལེབ་རྒན། ཞེས་པ་ནས། མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། །ཅེས་བྱ་བའི་བར་དང་། གསང་སྙིང་ལས་དེ་ཁོ་ན་ཉིད་གསུམ་བྱུང་། །ཞེས་པ་ལ་སོགས་པ་ཐམས་ཅད་ལ་གསང་སྙིང་གི་མཚན་སྨོས་ནས་དྲངས་སོ། །ལོག་པའི་སྐྱོན་བཞི་ལ་སོགས་པ་སྤང་བ་ནི། འདི་སྐད་བདག་གིས་བཤད་པ་ནི། སངས་རྒྱས་ཀྱི་གསུང་ཐམས་ཅད་ས་བཅུ་པ་བས་ཀྱང་བསྡུ་བར་མི་ནུས་པས་སངས་རྒྱས་ཉིད་ཀྱིས་བསྡུས་པར་འདོད་པའི་ལུགས་ཡིན་ཏེ། གསང་འདུས་ཀྱི་འགྲེལ་པ་སློབ་དཔོན་མཚོ་སྐྱེས་ཀྱི་གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཅན་གྱི། །རྒྱུད་ཀྱི་སྡུད་པར་ཞེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྙུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་བཤད་པ་བཞིན་དུ་གསུང་མཁན་ཉིད་ཀྱིས་བསྡུས་པའི་ལུགས་ཡིན། གཞི་ཚད་མེད་པ་ནི། ཆོས་མངོན་པ་ནས་ཀྱང་འོག་མིན་ལ་ཚད་མེད་པར་བཤད་པ་ཡོད་དོ། །དུས་བཞི་ནི་བི་ཤྭ་མི་ཏྲའི་འགྲེལ་ཆེན་ནས་ཀྱང་། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། ཞེས་དང་། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱི། ཞེས་གསར་མ་ནས་ཀྱང་བཤད་ལ། སངས་རྒྱས་གསང་བས་བསྐལ་པ་བཞི་ལ་བཤད་དོ། །རྡོ་རྗེ་སེམས་དཔའ་དབུས་སུ་བྱུང་བ་ནི། གཙོ་བོ་འཕོ་བར་གསར་མ་ནས་ཀྱང་བཤད་དོ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པ་ནི། གསང་སྙིང་གི་རྒྱ་དཔེ་ལས། པཱུ་ཏྲི་པྲ་ཛྙཱ་ཏི་ཀཥྱ་ཏི། བྱ་བ་ཡོད་པས། པཱུ་ཏྲ་ཐིག་གི་རྒྱ་སྐད་ཡིན། ཉི་འོད་སེང་གེའི་འགྲེལ་པ་ནས་ཀྱང་ཐིག་ལ་བཤད། ཏིག་གནའ་སྐད་ཡིན། རྒྱུད་གཞན་དུ་ཁ་འཕངས་པ་ནི། དགྱེས་པ་རྡོ་རྗེ་ལ་སོགས་པ་ཕྱིས་གསུངས་པ་ཐམས་ཅད་ཀྱང་། དང་པོར་གསུངས་པའི་དེ་ཉིད་བསྡུས་པར་ཁ་འཕངས་ནས་ཡོད་དོ། །དཔལ་གསང་བའི་སྙིང་པོ་སྒྲུབ་པ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་བཀོད་པ་རྫོགས་སོ། །གསང་སྙིང་ལ་འགྲེལ་བ་སངས་རྒྱས་གསང་བ་དང་། བི་མ་ལ་མི་ཏྲ་དང་། ཉི་འོད་གེང་གེ་གསུམ་གྱི་ཡོད་དོ། །ཞེས་འབྱུང་། ཞེས་པཎ་ཆེན་གྱིས་བཀོད་པ་འདི་ལ་དྲུང་ནས་རྭ་དབོན་པ་ཆེན་པོས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །བཅུ་གཉིས་མ་ཆགས་པདྨའི་ས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཞེས་བོད་ཀྱི་གསང་སྙིང་སྨྲ་བ་དག་ཟེར་ཏེ་ཚད་མར་མི་རུང་། རྒྱུད་གཞན་ན་ཁུངས་མེད། ཅེས་གསེར་ཐུར་དུ་བཀོད་ནས། རྗེས་སུ་གཞན་གྱིས་རྩོད་པ་བྱུང་བ་ན་ལན་གཞན་མེད་པས་བཅོམ་ལྡན་པའི་ལུང་འདི་དྲངས་པ་ཡང་རང་ལ་ཟུག་པ་ཡིན་ཏེ། གསེར་ཐུར་དུ། དཔེར་ན་བཅོམ་ལྡན་རལ་གྲིས་གསང་སྙིང་རྣམ་དག་ཏུ་བསྒྲུབས་པ་བཞིན་ནོ། །ཞེས་བཀོད་པས་པཎ་ཆེན་གྱི་བསྟན་བཅོས་འདི་དག་ནང་འགལ་གྱི་ཕུང་པོ་ཆེན་པོ་ཡིན། ཞེས་གསུངས་པའང་མེད་པ་འདྲ་སྟེ། པཎ་ཆེན་འདིས། ཁོ་བོ་ཅག་ལ་ནི་བཀའ་བསྡུ་བ་བོ་གཞན་གྱིས་མ་བསྡུས་པས་རྒྱུད་དངོས་ཡིན་པ་དང་། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྡུས་པ་ལ་བཙན་མི་བཙན་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །ཞེས་སོགས་ཀྱི་ལུང་འདིས་བསྟན་བཅོས་ལ་ཚད་མར་བསྒྲུབས་པས། བྱ་བ་ཆོས་རྗེའི་ངོར་བཅོམ་ལྡན་པའི་ལུང་འདྲེན་གྱིས་གསང་སྙིང་བཀར་སྒྲུབ་པ་ལ། བི་ཤྭ་མི་ཏྲའི་རྒྱ་འགྲེལ་བྱུང་བ་འདིས། རང་གི་བཞེད་པ་ལ་གནོད་བསྐྱལ་སྣང་ངོ་། །ཡང་དེ་བཞིན་དུ་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ཆོས་སྐུའི་འཁོར་ལ་བཤད། ཅེས་པ་དང་། ལོ་ཙཱ་བ་བཻ་རོ་ཙ་ནས་བརྩམས་པར་འཆད་པ་ལ་ཡང་ཆོས་རྣམ་དག་བཙན་མི་བཙན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་ལ་ལ་དག་ན་རེ། དཔལ་འཛིན་གྱི་ལུང་ཁུངས་སུ་མི་བྱེད་ན་ཆོས་ལོག་འཕེལ་བའི་རྣམ་གྲངས་འདི་དང་འདིའོ་ཞེས་ཁུངས་དག་ཅིང་ཚིག་ཉུང་བར་བསྡུས་པའི་བསྔགས་པ་མི་འཐད་དོ་ཞེས་ཟེར། ཆོས་ལོག་འཕེལ་ཞེས་པ་ནི་རྩ་བར། དེ་རྗེས་ཆོས་ལོག་དུ་མ་འཕེལ། །ཞེས་པའི་ངེས་འཛིན་དུ་བྱས་འདུག་པ་དང་། ཁུངས་དག་ཅེས་པ། ཁོང་གི་རྒྱུད་དེ་ན་དེ་ཡོད་ཅེས་པ་རྣམས་ལ་དེ་ན་དེ་མེད་དོ་ཞེས་འཆད་པ་དག་མ་མངོན་པའི་ཕྱིར། ཞེས་པ་ནི་མི་མེད་དེ། ས་སྐྱ་པཎྜི་ཏ་བཞེད་པའི། ཆོས་ལོག་དེ་ནི་གསར་མ་ལ་གྲགས་པའི་ཕག་མོའི་བྱིན་རླབས་ཀྱི་ཆོས་སྒོ་འབྱེད་པ་ལ་སོགས་པ་ལ་གསུངས་ཀྱི། རྙིང་མ་ལ་དགོངས་དཔལ་འཛིན་གྱིས་རྙིང་མ་བཀག་པ་ཁོ་ན་ལས། སྡོམ་གསུམ་དུ་བཤད་པའི་ཆོས་ལོག་རྣམས་མ་བཀག །དེ་ལ་ཁུངས་དག་པའི་རྒྱུ་མཚན། དཔལ་འཛིན་གྱིས་རྙིང་མའི་རྒྱུད་ན་དེ་ན་དེ་ཡོད་དོ་བྱས་པ་ལ་མེད་དོ་ཟེར་བ་མ་མངོན། གསུངས་པའང་། ཀུན་བྱེད་རྒྱལ་བའི་ཉམས་ལེན་དུ། །རྡོ་རྗེ་ལུས་ཀྱི་བྱེད་བཅིང་དང་། །ལུས་གནད་ལྟ་སྟངས་ཐམས་ཅད་བཀག །ཅེས་སོགས་ལ་ནི། ཀུན་བྱེད་ཆོས་ཡང་དག་པ་ཡིན་པར་ནི་པཎ་ཆེན་རང་ཡང་བཞེད་ནས། ལུང་རིག་གིས་དེའི་གྲུབ་མིན་འཐད་པ་སྒྲུབ། གཞན་དུ་ན་རྙིང་མའི་རྒྱུད་ཀྱི་དགོངས་ཏེ་གསུངས་པ་རྣམས་ལ་སྡང་སྨྲས་ཀྱིས་བཀག་པ་ཁོ་ན་མ་གཏོགས་རྒྱུད་ཀྱི་དོན་གོ་ནས་བཀག་པ་མ་ཡིན། ཤེས་བྱེད་བཟང་ཤོས་གསར་མ་དང་མ་མཐུན་ཟེར་བ་ཙམ་ཡིན། དེ་ལྟ་ན་སེམས་ཙམ་དང་མ་མཐུན་པས་དབུ་མ་ཆོས་མིན་ཟེར་རམ། དེ་ལ་སོགས་པ་སངས་རྒྱ་བར་བྱེད་པ་ལ་སོ་སོའི་ལམ་གྱི་དཀྲི་ཚུལ་ཐ་དད་པ་ཡོད་པ་མ་གོ་བར་ཕྱོགས་རེ་ལ་ཞེན་པའི་རྨོངས་གཏམ་ཡིན། རྒྱུ་མཚན་ཞིབ་ཏུ་བརྟགས་ན། དཔལ་འཛིན་གྱི་རྩོད་པ་རང་གིས་གོ་བ་ཡོད། དེས་ན་འདི་ལ་ཁུངས་དག་པ་དང་རྙིང་མའི་ཆོས་རྒྱུས་ག་ལ་ཡོད་དེ་བཀའ་བརྒྱད་དང་བདེ་གཤེགས་འདུས་པ་ཕྱེ་བ་སོགས་མང་། གསར་མ་ཁོ་རང་གིས་ཤེས་པ་ལ་ཡང་ཕྱག་རྒྱ་ཆེན་པོ་ཐབས་སུ་འདོད་པ་ལ་སོགས་པ་ནོར་ས་ཚབས་ཆེ་བ་མང་། བརྗོད་བྱ་འགྲིག་འགྲིག་ལྟར་བྱས་པ་དེ་དག་ནི་ལོག་ཤེས་ཉིད་དུ་མཆིས། ཡང་པཎ་ཆེན་གྱིས། འོ་ན་དེ་རྣམས་སྐྱོན་ཅན་ཉིད་དུ་སོང་བར་ངེས་སམ་ཞེ་ན། དག་པ་བསྒོམ་པ་ལ་ནི་གསང་བ་སྙིང་པོའི་རྩ་བ་འདི་ལས་ཕལ་ཆེར་ཐོན་ལ། རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་དང་མངོན་པར་བྱང་ཆུབ་པ་ལྔ་སོགས་ནི། ལ་ལ་ན་རེ། རྒྱུད་འདི་ཐ་མ་ཟུར་ལ་བབས། བྱ་བ་ཡིན་པས་ཟུར་ཆེ་ཆུང་གི་རྩ་རྒྱུད་དང་བཤད་རྒྱུད་དུ་སྦྱར། འགྲེལ་པ་དང་སྟོང་ཐུན་དུ་སྦྱར་བས་ཐོན་པར་ཡོད་ཡོང་། ཞེས་གསུངས། རྒྱལ་བ་རིག་ལྔ་མནན་པ་སོགས་ནི། རྫོགས་པ་ཆེན་པོའི་ཐེག་པ་ལ་གནས་པའི་ཚེ་ཤིན་ཏུ་རྣལ་འབྱོར་གྱི་དབང་དུ་བྱས་པ་ཡིན། ཞེས་བཤད་ན་ལུགས་དེ་ཉིད་ལ་འབྱོར་པ་ཡིན་ཏེ། ལུགས་དེ་ལ་གནས་པའི་ཚེ། རྣལ་འབྱོར་གང་མ་གསུམ་གྱི་ལྷའི་རྣལ་འབྱོར་སོགས་བསྒོམ་པ་དེ་ཤིན་ཏུ་རྣལ་འབྱོར་ལ་ལྟོས་ཏེ་སྙིང་པོའི་དོན་མ་མཐོང་བ་དང་། ཐེག་པ་འདི་ས་འོག་མ་ཐམས་ཅད་དྲིལ་གྱིས་གནོན་པར་ཆད་པའི་ཕྱིར་རོ། །ཞེས་གསུངས་པ་འདི་ནི་དགོངས་པ་ཅན་གྱི་བཀའ་གཞན་དུ་བསམ་པ་ཡོད་ན་ནི་མ་ངེས་ཏེ། སྒྲ་ཇི་བཞིན་པ་ལྟར་ན་མི་འཐད་དེ། གསང་བ་སྙིང་པོ་ལས་བྱུང་བའི་ཞི་ཁྲོའི་དཀྱིལ་འཁོར་འདི་རྣམས་ལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྲུབ་གཞུང་རྒྱས་བསྡུས་གསུམ་ཡོད་པས། ལུགས་དེ་ལ་དག་པ་བསྒོམ་པ་ལ་སོགས་པ་དགོས་ན་སློབ་དཔོན་དེས་ཅིའི་ཕྱིར་མི་མཛད། གལ་ཏེ་མི་དགོས་ན་དེ་ཉིད་བཙན་པ་ལས་ལུགས་གཞན་ནས་རིགས་བསྒྲེ་ཅི་དགོས། དཔེར་ན་མ་རྒྱུད་པ་རྩ་གཙོ་བོར་བྱེད་པ་དེ་ལ་ཡང་ཕ་རྒྱུད་པའི་རླུང་གཙོ་བོར་བྱེད་པ་དེ་དགོས་སམ། དེ་ལྟ་ན་ནི་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ཕྱེད་པར་དཀའ། རྒྱལ་བ་རིགས་ལྔ་མནན་པ་སོགས་དགོངས་པའི་སྐད་ཡིན་དངོས་བསྟན་མ་ཡིན། ལུགས་དེ་ལ་གནས་པའི་ཚེ་རྣལ་འབྱོར་གོང་མ་གསུམ་གྱི་རྣལ་འབྱོར་སོགས་བསྒོམ་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ལ་ལྟོས་ཏེ་སྙིང་པའི་དོན་མཐོང་ཐེག་པ་འདི་ས་འོག་མ་ཟིལ་གྱི་གནོན། ཞེས་པ་ཡང་འདི་ལ་མི་འབྱོར་ཏེ་ཤིན་ཏུ་རྣལ་འབྱོར་ཞེས་པ་རྫོགས་པ་ཆེན་པོ་ཡིན། ལྷ་བསྒོམ་པ་སོགས་ཀྱི་བསྐྱེད་རིམ་དེ་ལ་རྫོགས་ཆེན་མི་ཟེར། གལ་ཏེ་ཟེར་ནའང་སངས་རྒྱས་མནན་པའི་བསྐྱེད་རིམ་ཆོས་ལོག་ཡིན། དངོས་བསྟན་དེ་རུང་ན་སྔོན་གྱི་སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་སྤྱད་པ་དག་ཀྱང་ཆོས་ལོག་ཏུ་ཅི་ལ་འགྱུར། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བའི་རྒྱུད་སྡེ་འདིར་བྱུང་བའི་ལྷ་དེ་དག་ཀྱང་རྒྱལ་བ་རིགས་ལྔ་ཡིན། དེས་དེ་ལ་ཇི་ལྟར་གནོན། ལྷ་དེ་དག་ཀྱང་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ཡིན་པས་སྒོམ་སྒྲུབ་ཀྱི་རྩོལ་བ་མི་བྱེད། རྣམ་རྟོག་ལས་འདས་པའི་ཐེག་པ་ཡིན་པས་ལྷ་བསྒོམ་པ་ལ་སོགས་པའི་རྟོག་སྒོམ་ལུགས་འདི་ལ་མ་གྲགས་སོ། །ཨ་ཏི་ཡོ་ག་ཞེས་པའི་སྒྲ་ལ་ཤིན་ཏུ་རྣལ་འབྱོར་དུ་བསྒྱུར་བའི་སྒྲ་བཤད་རྫོགས་ཆེན་སེམས་ཕྱོགས་ལ་ཤིན་ཏུ་མང་བ་ཡོད་ཀྱང་དོན་དུ་ན། ཨཱ་དི་ཞེས་གདོད་མའི་སྐད་དོད་ཡིན། བརྡ་རྙིང་པས་གནའ་སྐད་ལ་ཨ་ཏི་ཞེས་བྲིས་པ་ཡིན། འགྱུར་དངོས་གདོད་མའི་རྣལ་འབྱོར་ཞེས་ཟེར་བ་ལགས། ཡང་ཆོས་ཀྱི་རྗེས་རྫོགས་ཆེན་གསན་པར་བཤད་པས་རྣམ་དག་ཏུ་འགྲུབ་བོ་གསུང་བ། འདིར་གསན་ཚུལ་མང་པོ་དག་བཤད་པ་དེ་དག་གིས་གང་གསན་པ་ཐམས་ཅད་དག་པར་འགྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདིར་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་མཛད་པ་ལ་གཞན་དག་ན་རེ། རྩོམ་པ་ཉིད་ཀྱིས་གང་ཐོས་པ་དེ་དག་ལ་མ་ཐོས་པ་དེ་མ་དག་པ་ཡིན་ནོ་ཞེས་ཟེར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་ཕྱིར་ཆོས་རྣམས་ཕལ་ཆེར་ཐོས། །དེས་ན་བདག་ལ་ཕྱོགས་ལྷུང་མེད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་འདིའི་བཞེད་པས། རྫོགས་ཆེན་དང་། ཞི་བྱེད་དང་། གཅོད་དང་། བློ་སྦྱོང་རྣམས་ཀྱི་དོན་འཁྲུལ་པར་མི་བཞེད་ཀྱང་ཐ་སྙད་ནི་རྒྱ་གར་དུ་གྲགས་པར་མི་བཞེད་དེ། དེང་སང་བོད་ན་གྲགས་པ་ཡི། །ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །ཞེས་ཟུར་ཏོན་པའི་ཕྱིར། ཆོས་དེ་པ་རང་གི་ལུགས་ལ། རྒྱ་གར་སྐད་དུ། མ་ཧཱ་སནྟི། ཞེས་དེའི་ཐ་སྙད་ཀྱང་འཕགས་ཡུལ་ནས་བྱུང་བར་བཞེད་པ་དང་། ཨ་ཏི་ཡོ་ག་དང་རྫོགས་པ་ཆེན་པོ་དོན་གཅིག་བར་བཞེད་ལ། བསྟན་བཅོས་འདིར་ནི། རྣལ་འབྱོར་བཞིའི་ནང་གི་ཤིན་ཏུ་རྣལ་འབྱོར་དང་། རྫོགས་ཆེན་གྱི་ལྟ་བ་དོན་གཅིག་ཏུ་མི་བཞེད། དེ་ལྟ་ན་ཡང་རྫོགས་ཆེན་ཨ་ཏི་ཡོ་ག་ཞེས་པ་དེ་ཕྱོགས་སྔ་མ་བ་རང་ལ་གྲགས་ཆེ་བའི་དབང་དུ་མཛད་དོ། །ཞེས་གསུངས་པ་ཡང་ས་པཎ་གྱི་བཞེད་པ་ཅུང་མ་ཡིན་ཏེ། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་པ་འདིས་ཤིན་ཏུ་རྣལ་འབྱོར་དང་དོན་གཅིག་ཏུ་བཞེད། རྫོགས་པ་ཆེན་པོའི་ཐ་སྙད་རྒྱ་གར་ན་མེད་པ་ཡང་མ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། རྫོགས་པ་ཆེན་པོ་ཡེ་ཤེས་ཀྱི་གཟུགས་ཅན་ཞེས་པ་ཐ་སྙད་མཛད། ཞི་བྱེད་ནི་རྗེ་དམ་པས་རྒྱ་གར་ནས་བསྣམས་བྱོན་པའི་ཆོས་ལགས། གཅོད་ཡུལ་ཀྱང་ཞི་བྱེད་ཀྱི་ཆ་ལག་ཡིན་ཏེ། དམ་པ་དང་སྐྱེ་བསོད་ནམས་བླ་མ་ནས་བརྒྱུད་པ་ལ་ཕོ་གཅོད་ཟེར། མ་གཅིག་ནས་བརྒྱུད་པ་ལ་མོ་གཅོད་ཟེར་ཏེ། དེ་ཡང་དམ་པ་ནས་བརྒྱུད་དགོས་ཏེ། དམ་པའི་ཞལ་ནས། ཡར་ལུང་རོག་པ་རྩར་མ་ཇོ་མཆོད་ནས་མ་ལ་སྙིང་གཏན་ཚིག་གསུམ་བཏབ་པས་མོ་དེས་གྲོལ། ཞེས་འབྱུང་། བློ་སྦྱོང་ནི་ཐོགས་མེད་སྐུ་མཆེད། ཀུ་སཱ་ལི་ཆེ་ཆུང་། དྷརྨ་རཀྵི་ཏ། གསེར་གླིང་བ། ཇོ་བོ་རྗེ་ལ་སོགས་པའི་ཆོས་ཡིན། དེ་དག་རྒྱ་གར་ན་མེད་དོ་ཞེས་ས་པཎ་བཞེད་པ་མ་ལགས་སོ། །ཡང་དེ་ལྟ་མོད་ཀྱི་ཀུན་བྱེད་རྒྱལ་པོ་ནས་གསུངས་པའི་ལྟ་བ་དེ་ལྟ་བའི་ལྡོག་པ་ནས་ཡང་དག་པ་ཡིན་ཀྱང་། ཆོས་དེའི་བརྒྱུད་འཛིན་རྣམས་ཀྱི་སྤྱོད་པའི་ཕྱོགས་དང་མི་སྦྱོར་ཞིང་། སྤྱོད་པ་ཡལ་བར་དོར་བས་ཆོག་པ་གྲུབ་མཐའ་དང་ལགས་ལེན་དུ་བྱེད་ན་རྒྱུ་ནག་མཁན་པོའི་ཆོས་ལུགས་སུ་སོང་། ཞེས་པ་ནི་བསྟན་བཅོས་འདིའི་བཞེད་པ་ཉིད་དུ་ངེས་ལ། རྫོགས་ཆེན་གྱི་ཆོས་ལུགས་དེ་ལྟར་འཆད་ན་དཔལ་འཛིན་གྱིས། ཁྱད་པར་ཧ་ཤང་གྲུབ་མཐའ་དང་། །མན་ངག་ལྟ་བའི་ཕྲེང་བ་བསྲེས། །ཞེས་དང་། རྒྱལ་པོ་གཡུ་སྒྲ་སྙིང་པོ་ཡི། །ཐུགས་དམ་མན་ངག་ལྟ་ཕྲེང་ཡང་། །ཕྱིས་ནས་དེ་ཡི་བརྒྱུད་འཛིན་གྱིས། །རྫོགས་པ་ཆེན་པོའི་ཆོས་སུ་བསྒྱུར། །ཞེས་པའི་ཉེས་པ་དེ་དག་མི་འཇུག་པའི་ངེས་པ་མེད་དེ། ཇི་སྐད་དུ། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དང་། །ཞེས་པའང་དོན་དེ་ལ་བསམ་པའི་ཕྱིར་རོ། །ཞེས་པ་ལ། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དེ་ཧཱ་ཤང་གི་ཆོས་དེ་ཡིན་པ་འགྲེལ་པ་པོ་ཀུན་གྱིས་རྩད་མ་ཆོད་པས་བདེན་མོད་ཀྱི། དཔལ་འཛིན་གྱིས་མན་ངག་ལྟ་ཕྲེང་ལ་ཧྭ་ཤང་གི་གྲུབ་མཐའ་དེ་རང་བསྲེས་ཟེར་བ་ཡིན། ཀུན་བྱེད་ལ་མན་ངག་ལྟ་ཕྲེང་མི་ཟེར། ཀུན་བྱེད་ཀྱི་ལྟ་བ་དེ་ལྟ་བའི་ལྡོག་པ་ནས་ཡང་དག་པ་ཡིན་ན། ལྟ་སྤྱོད་ཡ་བྲལ་དུ་སྟོན་པ་སངས་རྒྱས་པའི་གྲུབ་མཐའ་མ་ཡིན་པས། རྩོལ་སྒྲུབ་དང་བྲལ་བར་ཉམས་སུ་ལེན་པ་ལགས་སོ། །ཡང་། གལ་ཏེ་འོ་ན་ཀུན་བྱེད་རྒྱལ་པོའི་ལུགས་ཀྱི་ལྟ་བ་མ་འཁྲུལ་བའི་རྒྱུ་མཚན་ཅི། ལྟ་བ་དེའི་གྲོགས་སུ་བསོད་ནམས་ཀྱི་ཚོགས་དགོས་པ་ཀུན་བྱེད་ཀྱི་ལུགས་ཡིན་ན་རྒྱུད་དེ་རང་དང་དངོས་སུ་འགལ། དེ་དེའི་ལུགས་མ་ཡིན་ན་རྒྱ་ནག་མཁན་པོའི་ཆོས་ལུགས་དང་། ལྟ་བ་ཡས་བབས་དང་ལམ་གཅིག་ཅར་བ་ཞེས་བྱ་བ་དེའི་ལུགས་སུ་སོང་བ་མ་ཡིན་ནམ་ཞེ་ན། འདི་ལ་གཉིས་ཏེ། ལྟ་བ་མ་འཁྲུལ་བར་བསྟན་པ་དང་། ཀུན་རྫོབ་ཀྱི་ཆོས་མེད་པར་བཤད་པས་རྒྱུ་འབྲས་ལ་སྐུར་པ་བཏབ་པར་མི་འགྲུབ་བོ། །དང་པོ་ནི། ཀུན་རྫོབ་གཟུང་འཛིན་གྱི་ཆོས་གཉིས་མེད་ཅིང་། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་རང་བཞིན་ཆོས་སྐུ་དང་། ཆོས་དབྱིངས་ཡེ་ཤེས་དང་། སེམས་ཀྱི་རྡོ་རྗེ་དང་། དགྱེས་པ་རྡོ་རྗེ་ལ་སོགས་སུ་ཁས་ལེན་པ་ནི་བཀའ་འཁོར་ལོ་ཐ་མའི་ངེས་དོན་མཐར་ཐུག་པ་དང་། གསང་སྔགས་ཕྱིས་འགྱུར་བ་རྣམས་ཀྱིས་ཀྱང་ངེས་དོན་མཐར་ཐུག་དང་། ལྟ་བའི་ཡུལ་དང་དོན་དམ་པའི་བདེན་པ་ཞིག་ཁས་ལེན་པའི་ཚེ་དེ་ལས་གཞན་ཡོད་པ་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བྱ་ནི་དེ་ལས་གཞན་ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་ལ་རྫོགས་པ་ཆེན་པོའི་ཆོས་སུ་ཀུན་བྱེད་རྒྱལ་པོ་ཞེས་གྲགས་སོ། །དེ་སྐད་དུ་ཡང་། དགྱེས་པ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ཞེས་དང་། དངོས་དང་དངོས་པོ་མེད་པ་ང་། །ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། རིན་ཆེན་སེམས་ལས་ཕྱིར་གྱུར་བ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང་། རྫོགས་པ་ཆེན་པོའི་ཆོས་ཀྱི་བཞུགས་ཚུལ་གཅིག་ཏུ་སྣང་བའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཆོས་འདིའི་ལུགས་ལ་བསོད་ནམས་ཀྱི་ཚོགས་གསོག་པ་དང་ས་ལམ་གྱི་རིམ་པ་ལ་ཡོད་པར་འཆད་ན། སེམས་ཅན་ལ་སངས་རྒྱས་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་དང་དོན་དམ་ཞེས་བྱ་བ་གཉིས་མེད་པར་བཤད་པ་དང་འགལ་ཏེ། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཅེས་སྨྲ་བྱེད་པ། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་བཞག་གཅིག་ཏུ་རྟོགས། །ཞེས་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། ལུག་དེར་ཀུན་རྫོབ་ཀྱི་ཆོས་རྣམས་མེད་པ་དང་། ཀུན་བྱེད་གཅིག་ཉིད་ཡོད་པར་བཤད་མེད། དེ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་མི་དགོས་པར་གྲུབ་ན། ཕར་ཕྱིན་ཐེག་པ་བ་དག །མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་ཟེར་བ་དང་ཀྱེ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཅེས་པས་ཀྱང་དེ་ལྟར་དུ་བསྟན་པར་འགྱུར་རོ། །ལུགས་དེ་བདག་གི་བསམ་པ་ལ། །དེ་ཡང་བསྟན་ནོ་ཞེ་ན་མ་ཡིན་ཏེ། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་འཆད་པའི་ཕྱིར་རོ། །རྣལ་མའི་ལན་ནི། འཁྲུལ་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་ཅིང་། དོན་དམ་དུ་མེད་པས་མེད་པའི་གོ་ཆོད་པའི་རྒྱུ་མཚན་གྱིས་ན་དོན་དམ་ལས་མ་གཏོགས་པའི་ཀུན་རྫོབ་མི་འདོད་མོད། དེ་ལྟ་ན་ཡང་བསོད་ནམས་ཀྱི་ཚོགས་ཡལ་བར་འདོར་དུ་རུང་བ་མ་ཡིན་ཏེ། ཀུན་རྫོབ་འཁྲུལ་པའི་ངོར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་མེད་དུ་མི་རུང་བའི་ཕྱིར། འཁྲུལ་ངོ་ཡིན་ན་དེ་ལྟར་བསགས་པ་ལ་དགོས་པ་མེད་དོ་ཞེ་ན། མ་ཡིན་ཏེ། དེ་མེད་ན་འཁྲུལ་ངོའི་སྟོན་པ་ལོངས་སྤྲུལ་གཉིས་མི་འབྱུང་བའི་ཕྱིར། མ་འཁྲུལ་པའི་སྟོན་པ་ཆོས་སྐུ་གཅིག་པུས་ཆོག་མོད་འཁྲུལ་ངོའི་སྟོན་པས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་མ་རིག་པའི་གཉིད་མ་སད་པ་དེ་སྲིད་དུ་ཆོས་སྐུའི་སྟོན་པ་གཅིག་པུས་ཆོག་པ་མ་ཡིན་ཏེ། མ་རིག་པའི་གཉིད་སད་ནས་གཟུགས་སྐུའི་སྟོན་པ་སྣ་ཚོགས་པ་མིག་ཤེས་ལ་སྣང་བ་དང་། དེས་ཆོས་གསུང་བའི་སྒྲ་ཉན་ཤེས་ལ་གྲགས་པ་སོགས་མི་འབྱུང་ཡང་། ཇི་སྲིད་མ་རིག་པའི་གཉིད་མ་སད་པ་དེ་སྲིད་དུ་སྟོན་པ་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བར་མི་ནུས་པས། སེམས་ཅན་རང་སྣང་གིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་དགོས་ལ། དེ་འཆར་བ་ལ་སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང་། གདུལ་བྱ་རང་རང་གིས་བསོད་ནམས་ཀྱི་ཚོགས་བསགས་པ་ལ། རག་ལས་པའི་ཕྱིར། དེ་སྐད་དུ། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུའི་ལྷ་ཡི་དཀྱིལ་འཁོར་དང་། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ནས། །འཕྲོ་འདུའི་བདག་ཉིད་ལྷུན་གྱིས་གྲུབ་པར་བལྟ། །ཞེས་དེ་ལྟར་གསུངས་པ་འདི་དང་། དགྱེས་པ་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་པ་དེ་དོན་མཐུན་པར་གྲུབ་པའོ། །ཞེས་གསུངས་སོ། །དེ་ལྟར་དེ་ཙམ་དུ་བྲིས་པ་འདིས་ནི་པཎ་ཆེན་རིན་པོ་ཆེ་འདིའི་བཞེད་པས། རྙིང་མའི་རྒྱུད་རྣམས་བོད་ཀྱི་བསྟན་བཅོས་སུ་མཛད་ཀྱང་དེ་དག་གི་དོན་མ་འཁྲུལ་པ་ཡིན་པའི་ཤེས་བྱེད་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་མང་དུ་བྱུང་ཞེས་གསུངས་པས། དེ་ལྟ་ན་སངས་རྒྱས་ཀྱི་བཀའ་རྣམས་ཀྱིས་ཀྱང་དེ་ལས་ཆེས་ལྷག་པ་ཞིག་བསྟན་པ་མེད་པས་བློ་དང་ལྡན་པ་རྣམས་ཀྱིས་བསྟན་པ་རྣམ་དག་ཏུ་གོ་བར་འགྱུར་བའི་ཕྱིར་དང་། འགོས་དང་དཔལ་འཛིན་ལ་སོགས་པས་བྱས་པ་དག་གི་རྩོད་སྤོང་དུ་གྱུར་འདུག་པས་བྲིས་པའོ། །པཎ་ཆེན་གྱིས་གོང་དུ་བཤད་པའི་རྣམ་བཞག་དེ་དག་ལ་བྱ་བ་ཆོས་རྗེས་དཔྱད་པ་ནི་འདི་ལྟར་སྣང་སྟེ། འདིར་ནི་རྫོགས་ཆེན་སེམས་ཕྱོགས་པ། །སེམས་ལས་མ་གཏོགས་ཆོས་མེད་ཀྱང་། །སྣང་བ་སེམས་སུ་མི་བཞེད་དེ། །སེམས་དང་སེམས་བྱུང་གཅིག་པ་མིན། །ཀུན་རྫོབ་མེད་བཞིན་སྣང་བའི་ཆོས། །དོན་ལ་མ་གྲུབ་འཁྲུལ་སྣང་ཡིན། །གདོད་ནས་དག་པའི་སེམས་ཉིད་ལ། །འཁྲུལ་དང་མ་འཁྲུལ་མེད་ཕྱིར་རོ། །དཔེར་ན་དྷ་དྷུ་ར་ཟོས་པའི། །སྣང་བ་འཁྲུལ་སྣང་ཡིན་མོད་ཀྱང་། །དེ་ཉིད་དྷ་དྷུ་ར་མ་ཡིན། །དེ་བཞིན་སེམས་ཀྱི་སྣང་བ་ཡང་། །སེམས་མིན་ཉི་མའི་འོད་ཟེར་ཡང་། །ཉི་མ་དངོས་ཉིད་མིན་དང་མཚུངས། །གཟུགས་སྐུ་རྣམ་པ་གཉིས་པོ་དེ། །སངས་རྒྱས་ཉིད་དུ་མི་བཞེད་ན། །ལོངས་སྐུ་རྒྱལ་བ་རིགས་དྲུག་དང་། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་དེས། །ད་དུང་སངས་རྒྱས་མ་ཐོབ་པ། །མདོ་རྒྱུད་གང་ནས་བཤད་པ་ཡིན། །ཐམས་ཅད་སེམས་སུ་འདོད་བཞིན་དུ། །རྒྱལ་བ་རྣམས་ཀྱི་ཐུགས་དང་སྐུ། །ཕྱེ་ནས་ཐུགས་ནི་སངས་རྒྱས་དང་། །སྐུ་ནི་སངས་རྒྱས་མིན་པ་ཡི། །གྲུབ་མཐའ་འདི་འདྲ་ཨེ་མ་མཚར། །ཡིད་ལ་མི་བྱེད་མཉམ་བཞག་ལ། །གཉིས་འཛིན་བཀག་པའི་བསམ་གཏན་དང་། །རང་གྲོལ་རྒྱ་ཡན་སོར་བཞག་གཉིས། །འདྲ་གཉིས་ནོར་ས་སྲིད་པའི་ས། །ཕྱི་མ་ཡིན་ན་ངེད་དང་མཐུན། །གོང་མ་དེ་ནི་ཧཱ་ཤང་ལུགས། །ཡིད་དཔྱོད་རང་ས་འཁྲུལ་སྣང་ཡིན། །འཁྲུལ་སྣང་རྟོག་པ་དེ་སྤངས་ནས། །བྱུང་བའི་ཡེ་ཤེས་ངེད་མི་འདོད། །འདི་ཉིད་འཁོར་བ་ཅེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཅེས་གསུངས་རྗེ་བཙུན་ས་སྐྱ་པའི། །ལྟ་བ་འཁོར་འདས་དབྱེར་མེད་དང་། །དངོས་སུ་འགལ་བར་མ་མཛད་ཅིང་། །ཡང་དག་རྫོགས་པའི་སངས་རྒྱས་ལ། །ལོག་པའི་ཀུན་རྫོབ་མི་སྣང་ཡང་། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཆོས་ཀུན་གསལ་ལ་མ་འདྲེས་པ། །རྣམ་རྟོག་མི་མངའ་ས་ལེར་མཁྱེན། །འདི་ནི་སེམས་ཕྱོགས་གྲུབ་མཐའ་ཡིན། །ཇི་ལྟ་ཇི་སྙེད་མཁྱེན་གཟིགས་པའི། །མཁྱེན་གཉིས་མེད་ཅེས་མ་བཞེད་ཅིག །ཀུན་ཏུ་འོད་དང་པདྨ་ཅན། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །གསང་སྙིང་སྨྲ་བའི་ལུགས་ཡིན་པས། །ཚད་མར་མི་རུང་ཞེས་པའི་གསུང་། །འདི་དང་བོད་དུ་སྦྱར་བའི་རྒྱུད། །ཆོས་སུ་གྲུབ་པ་འདི་འགལ་ཏེ། །ཆོས་སུ་གྲུབ་ན་ཆོས་དེ་ཉིད། །ཚད་མ་ཉིད་དུ་མི་རུང་ན། །དེ་ལས་གཞན་དུ་ཆོས་སྤོང་ཅི། །འདི་འདྲ་མཁས་པའི་ལུགས་མ་ཡིན། །མཁས་པས་ངོས་བཟུང་རྒྱ་དཔེ་ལ། །རྒྱ་གར་པཎ་ཆེན་འགྲེལ་པ་ཡོད། །སྔ་ཕྱི་བར་གསུམ་བསྒྱུར་བའི་རྒྱུད། །བོད་རྩོམ་ཡིན་པར་སྒྲུབ་འདི་འཁྲུལ། །དེས་ན་ཁྱོད་ལས་རྒྱ་དཔེའི་ཉམས། །ཆེ་བའི་ཁ་ཆེ་པཎ་ཆེན་དང་། །མཁས་མཆོག་ཐར་པ་ལོ་ཙཱ་བ། །བཅོམ་ལྡན་རིག་པའི་རལ་གྲི་སོགས། །མཁས་པས་ཚད་མར་བཟུང་འདིས་ཆོག །རང་གི་ལུང་རིག་ལྟར་སྣང་གིས། །རྒྱུད་ལུང་འགོག་པར་མ་ནུས་པས། །ཚིག་སྐྱོབ་བོད་མ་ཡིན་ན་ཡང་། །ཆོས་མ་ཡིན་ཅེས་མི་འགོག་ལོ། །བོད་མའི་ཆོས་ལུགས་མི་འགོག་ན། །ཆོས་དེ་ཚད་མར་འཛིན་པར་རིགས། །གསང་སྙིང་སྨྲ་བ་རྣམས་ཀྱི་ལུགས། །མི་རུང་བ་ཡི་དྲིལ་བསྒྲགས་ནས། །སླར་ཡང་མཁས་པས་རྩོད་པ་ན། །གཞན་སེམས་སྲུང་པའི་མི་ཆོས་འདི། །མཁས་ཀྱང་བླུན་པོ་མགུ་བ་ཙམ། །རྒྱུས་ཡོད་རྣམས་ཀྱིས་ཁྲེལ་བའི་གནས། །རྒྱུ་འབྲས་རྡོ་རྗེ་འཛིན་པ་སོགས། །རྒྱུད་ཀྱི་དངོས་བསྟན་ལ་མེད་ཅིང་། །སངས་རྒྱས་གསང་བ་བི་མ་ལ། །འགྲེལ་མཛད་རྒྱ་གར་མཁས་པས་ཀྱང་། །རྒྱུད་སྡེའི་རང་རྐང་ཉིད་བཀྲལ་གྱི། །བོད་རྒན་རྣམས་ཀྱི་ལུགས་བཞིན་དུ། །རང་བཟོའི་རིག་པས་འདིར་མ་བསྒྲེས། །དེ་དག་ཚད་མའི་སྐྱེས་བུ་ཡིན། །རྒྱལ་བ་རིགས་ལྔ་མནན་པ་འདི། །རྫོགས་པ་ཆེ་ལ་འབྱོར་རོ་ལོ། །རྣམ་པར་རྟོག་པའི་སྒོམ་པ་ལས། །འདས་པའི་ཆོས་འདི་རྟོག་སྒོམ་དང་། །འབྱོར་ཅེས་སྨྲ་བ་ཤིན་ཏུ་འཁྲུལ། །ཐེག་དམན་ཟིལ་གྱིས་གནན་པ་ཡང་། །རང་གཞུང་ཁོ་ནས་འགྲུབ་པ་ལ། །དོན་མེད་སངས་རྒྱས་གནོན་མི་དགོས། །ཞི་རྫོགས་གཅོད་དང་བློ་སྦྱོང་གི། །ཐ་སྙད་རྒྱ་གར་ན་མེད་ལོ། །དམ་པ་སངས་རྒྱས་ཇོ་བོ་རྗེ། །པདྨ་འབྱུང་གནས་བི་མ་ལ། །དེ་ཀུན་རྒྱ་གར་པཎ་ཆེན་ཡིན། །ཆོས་ཀྱང་དེ་དག་སོ་སོའི་ཆོས། །ཡིན་ཕྱིར་རྒྱ་གར་ན་མེད་ཅེས། །ལུགས་འདི་སུ་ཞིག་བདེན་པར་འཛིན། །དེ་ཕྱིར་ས་པཎ་འདི་མི་བཞེད། །རྫོགས་པ་ཆེན་པོའི་ལྟ་བ་དང་། །ཤིན་ཏུ་རྣལ་འབྱོར་མི་གཅིག་པར། །ས་པཎ་བཞེད་ཅེས་མུ་ཅོར་སྨྲ། །དེ་ལྟ་ན་ནི་བསྟན་བཅོས་དེར། །ཐེག་པ་དང་ནི་ཡེ་ཤེས་གཉིས། །དབྱེ་བའི་སྐབས་དེར་འཆད་པར་རིགས། །རྙིང་མ་ཆོས་སུ་སྒྲུབ་པ་དང་། །དཔལ་འཛིན་གཞུང་ལ་ཁུངས་བཅོལ་བ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཅེས་དང་། ཁྱེད་ཀྱི་བསྟན་བཅོས་གསེར་ཐུར་འདིས། །སྡོམ་གསུམ་རབ་དབྱེ་རྩད་ནས་བཅོམ། །ས་པཎ་གྲུབ་མཐའ་ཕྱེ་མར་བྱས། །མགོན་དེས་ཕྱོགས་སྔར་གང་བཞག་པའི། །བོད་ཀྱི་ཆོས་ལོག་སྨྲ་རྣམས་ཀྱི། །རྒྱན་དང་བྱེད་པོ་མཆོག་ཏུ་གྱུར། །ཀུན་མཁྱེན་བསོད་ནམས་སེང་གེ་དང་། །ར་དབོན་སྨྲ་བའི་སེང་གེ་སོགས། །ས་སྐྱ་པ་ཡི་བསྟན་འཛིན་གྱིས། །བཀག་ཀྱང་ཁེགས་པར་མ་ནུས་པ། །སྙིགས་མའི་དུས་ཀྱི་ཆོས་ཉིད་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཞེས་པའི་སྐབས་འདི་ནས་རྙིང་མ་ལ་རྩོད་ལན་མང་པོ་འདུག་སྟེ། ཕལ་ཆེར་པཎ་ཆེན་རིན་པོ་ཆེ་དེ་ཉིད་ལ་འཛུགས་པའི་གནས་སུ་གྱུར་པས་མ་བྲིས་སོ། །རྒྱལ་བ་མཆོག་དེས་མཆོག་ཏུ་ལུང་བསྟན་པ། །ལྷ་རྒྱལ་འགྲོ་བའི་བླ་མ་ཡེ་ཤེས་འོད། །ཐུབ་དབང་བསྟན་སྲོག་ལོ་ཆེན་རིན་ཆེན་བཟང་། །གང་དེའི་དྲིན་གྱིས་འཚོ་བའི་མཁས་རྣམས་དང་། །མཁས་གྲུབ་ཕུལ་དུ་བྱུང་བའི་འགོས་ལོ་ཙཱ། །འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །སངས་རྒྱས་གཉིས་པ་པཎ་ཆེན་བུ་སྟོན་རྗེ། །ལྔ་རིག་པཎ་ཆེན་མཁས་པ་ཤཱཀྱ་མཆོག །རྒྱལ་བ་མི་བསྐྱོད་རྡོ་རྗེ་ཀརྨ་པ། །ཐར་བའི་ལམ་མཁན་བླ་མ་དེ་རྣམས་ཀྱིས། །ཆོས་ཚུལ་ཟབ་མོ་གསང་སྔགས་སྔ་འགྱུར་འདིར། །དཔྱད་ཅིང་རྣམ་པར་དཔྱད་པ་མང་མཛད་མོད། །དེད་དཔོན་མཁས་རྣམས་ནོར་བུ་རིན་པོ་ཆེའི། །དྲི་མ་སྦྱོང་གི་རྡོ་བ་ལ་མིན་ལྟར། །ཆོས་མཆོག་འདི་ལ་བྱི་དོར་བྱས་པ་གང་། །བཀའ་དྲིན་བླ་མེད་མཁས་པའི་ཕྱག་རྗེས་ཡིན། །དེ་ཕྱིར་རྣམ་པ་ཀུན་ཏུ་ཕྱག་བྱར་འོས། །ཐོག་མེད་དུས་ནས་དགེ་བའི་འབྲས་ཆུང་བས། །ཐོས་བསམ་སྒོམ་གསུམ་བདུད་ཀྱིས་ཐབས་ལ་བསླུས། །ལོག་ཤེས་གསལ་བས་ཆོས་མཆོག་སུན་འབྱིན་པ། །ལྟར་སྣང་མཁས་པ་རྣམས་དང་འདི་མི་མཚུངས། །ཇི་བཞིན་གཟིགས་པའི་མཁས་རྣམས་ཞིང་གཞན་གཤེགས། །བསྟན་པ་སྤྱི་ཡི་བཤེས་གཉེན་ཆོས་དཀོན་པས། །ངན་རྟོག་ཕྲེང་བས་ཐུབ་བསྟན་དཀྲུག་བཞིན་དུ། །བསྟན་འཛིན་ཆེན་པོར་རླམས་པའང་བདག་ཡིད་སྐྱོ། །ཤེས་བྱ་ཕྱོགས་རེའི་མཐའ་རྒྱ་མ་ཆོད་ཀྱང་། །དཔེ་བསོགས་གཞན་ནས་བརྐུས་པའི་གྲུབ་མཐའ་དང་། །རང་བློ་ཕྱོགས་རེ་བསྲེས་པའི་བསྟན་བཅོས་ཀྱི། །གསང་སྔགས་བསྟན་པ་སྨོད་པ་ལྷག་པར་སྐྱོ། །རང་བཞིན་རྨོང་སེམས་ཤེས་རབ་རྩལ་ཆུང་ཞིང་། །ཐོས་པ་ཆུང་བས་བསམ་པའི་ཡུལ་དང་བྲལ། །མི་མཁས་བླུན་པོ་བདག་འདྲའི་རྩོམ་པ་ཡང་། །སྐྱོ་བའི་གནས་ལས་གཞན་དུ་མ་གྱུར་མོད། །འོན་ཀྱང་དུས་མཐར་དམ་ཆོས་བཤད་པ་དང་། །བཟུང་དང་བསྲུང་བའི་ཕན་ཡོན་མཐའ་ལས་འདས། །དེ་ཕྱིར་རང་གཞན་དགེ་བ་སྤེལ་སླད་དུ། །བྲིས་འདི་ནོངས་གང་མཁས་པ་ཡེ་ཤེས་གྲུབ་པའི་རྒྱུད་ལས། ཆོས་ལ་སྡང་བ་ངེས་བསལ་བ། །བསོད་ནམས་འབྲས་བུ་གཏིང་དཔག་མེད། །ཅེས་གསུངས་སོ། །རྣམས་ལ་བཤགས། །དེང་སང་སྐལ་བར་ལྡན་པ་ཆེས་དཀོན་ལ། །ཡོད་ཀྱང་ཡིད་ཆེས་གནས་སུ་འཛིན་དཀའ་ཡང་། །རང་ཡིད་ཆོས་ལ་གོམས་པ་བསྐྱེད་ཕྱིར་དང་། །མི་དབང་བཀའ་ཡིས་བསྐུལ་ཕྱིར་འདི་བཀོད་དོ། །བསོད་ནམས་འདི་ཡིས་སྐྱེ་བ་ཀུན་ཏུ་བདག །རིས་མེད་དམ་ཆོས་རྒྱ་མཚོའི་མཛོད་འཛིན་ཅིང་། །རླབས་ཆེན་རྒྱལ་སྲས་སྤྱོད་པས་འགྲོ་བ་ཀུན། །ཀུན་བཟང་རྒྱལ་བའི་ས་ལ་འགོད་པར་ཤོག །དམ་པའི་ཆོས་གསང་སྔགས་སྔ་འགྱུར་ལ་རྩོད་པ་སྤོང་བ་ལེགས་བཤད་ངེས་པ་དོན་གྱི་འབྲུག་སྒྲ་ཞེས་བྱ་བ། རྒྱལ་བའི་བསྟན་པ་རིས་མེད་པ་ལ་མི་ཕྱེད་པའི་དད་པ་མཆོག་ཏུ་གྱུར་ཅིང་། ཤེས་བྱའི་གནས་མཐའ་དག་ལ་རྣམ་པར་དཔྱོད་པའི་མཁྱེན་རབ་ཀྱི་སྤྱན་མངའ་བ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན། ས་ཆེན་པོ་ཆོས་ཀྱིས་སྐྱོང་བའི་ཁྲི་དཔོན་ནོར་བུ་པདྨ་རྒྱལ་པོའི་བཀའ་བསྐུལ་བ་ལས། སྙོམས་ལས་ཅན་སོག་བཟློག་པས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་གྲོ་ཞུན་ཟླ་བའི་ཚེས་གཅིག་ཡན་ཆད་ལ་རྫོགས་པར་སྦྱར་བའོ། །ལོ་འདི་ཡན་ལ་སངས་རྒྱས་ཀྱི་བསྟན་པ་ལོ་སུམ་སྟོང་བདུན་བརྒྱ་སོ་ལྔ་འདས། ལྷག་མ་བདུན་བརྒྱ་རེ་ལྔ་ཡོད། དེ་སྟེང་རྟགས་ཙམ་འཛིན་པ་ལྔ་བརྒྱ་དང་བཅས་པ་གནས་པ་ཡིན་ནོ། །དགེ་ལེགས་འཕེལ། གདོད་ནས་དག་པའི་རིག་པ་འོད་པོ་ཆེ། །ཡེ་ཤེས་སྣང་བ་རྒྱས་པའི་སྐུ་མངའ་བ། །ནམ་ཡང་འཁྲུལ་མ་མྱོང་བའི་ཀུན་ཏུ་བཟང་། །ཁྱབ་བདག་འཁོར་ལོའི་མགོན་དེས་འགྲོ་འདི་སྲུངས། །འདི་ལྟར་བདག་ཅག་གིས་གོང་དུ་བཤད་པའི་རྩོད་ལན་གྱི་རིམ་པ་དེ་དག་ལ། ལན་རྣལ་མ་དང་། མགོ་བསྒྲེས་པའི་ལན་དང་། མདོ་རྒྱུད་ཀྱི་ལུང་སྦྱོར་ཡང་དྲང་ངེས་སྣ་ཚོགས་པ་ཡོད་ཀྱང་། རྙིང་མ་བ་དག་གིས་ཇི་ལྟར་ཡིན་པའི་ཚུལ་ལ་ཚུར་དྲི་བ་ལྟ་ཞོག །གསར་མ་བ་མདོ་སྔགས་ལ་སྦྱངས་པ་དག་གིས་ཀྱང་ཅང་མི་སྨྲ་བ་ནི་སྐྱོ་བའི་དབང་དུ་གྱུར། ཡང་བདག་ལྟ་བུ་ལ་མཁས་པ་དག་གིས་ཆོས་ཀྱི་གཏམ་འདྲི་ཞིང་གླེང་བའི་ཡུལ་དུ་མ་གྱུར་པ་ནི་བདེན་མོད། དེ་ལྟ་ནའང་དྲང་ངེས་ཀྱི་རྣམ་དབྱེ་ཕྱེད་པར་བྱ་བ་དང་། རང་ཉིད་ཀྱི་ཐེ་ཚོམ་བསལ་བར་བྱ་བ་དང་། བསྟན་བཅོས་འདིའི་ཁ་བསྐང་བའི་ཕྱིར། སླར་ཡང་རང་གིས་མཐོང་ཞིང་གོ་བའི་མདོ་རྒྱུད་དག་དང་། ཁྱད་པར་དགེ་བའི་བཤེས་གཉེན་སྣར་ཐང་པ་རྒྱང་རོ་བྱང་ཆུབ་འབུམ་ཞེས་པ་དེའི་གསུང་རྒྱུན་ཤོག་འཁྱར་འགའ་རྙེད་པ་ལས་བསྙད་དེ་བརྗོད་པར་བྱའོ། །དེ་ལ་དཔལ་འཛིན་གྱིས། ཆོས་ཟབ་ཁྱད་དུ་གསོད་པ་ཡི། །ཆོས་ལོག་འདི་ལ་བརྟག་པར་འོས། །ཞེས་པ་དེ་ལ་གོང་དུ་ལན་རྣལ་མ་མེད་པས་འདི་ལ་ནི་ལན་རྣལ་མ་འདི་ཡིན་ཏེ། རྫོགས་པ་ཆེན་པོའི་ལུགས་ཀྱིས། ཨ་ནུ་མན་ཆད་གོལ་སྒྲིབ་ཀྱི་ཐེག་པ་ཡིན་པས། འདིར་རང་གི་ལྟ་བ་མཆོག་ཏུ་རྟོགས་པའི་སླད་དུ་དེ་དག་གི་ཚུལ་ངོས་བཟུང་བ་ཙམ་ཡིན་ལ། ནམ་ཡང་ཁྱད་དུ་གསོད་པར་མི་འདོད། རྫོགས་པ་ཆེན་པོའི་བྱིན་རླབས་ལས་ཤར་བའི་རྩལ་བསྟན་པའི་སྒོ་སྣ་ཚོགས་པ་ཡིན་ཏེ་རོལ་པའམ་རྒྱན་ལྟ་བུ་ཡིན་ནོ། །དེ་ཡང་ཨ་ཏིའི་ལུགས་ཀྱིས་རྒྱུའི་ཐེག་པ་ཡང་སྔགས་སུ་འདུས། སྔགས་ཀྱང་ཡོ་ག་རྣམ་པ་བཞིར་འདུས། ཡོ་ག་འོག་མ་གསུམ་ཡང་ཨ་ཏི་ཡོ་གར་འདུས། ཨ་ཏི་ནི་ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ངང་དུ་ཡེ་ན་གནས་པ་སྟེ། ནམ་མཁའ་ཆེ་ལས། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ཅིང་། །རྒྱ་མཚོའི་ངང་དུ་རོ་གཅིག་གནས་པ་ལྟར། །ཆོས་རྣམས་རྫོགས་པ་ཆེན་པོར་འདུས་གསལ་ཞིང་། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས་ཤིང་། ཐེག་པ་དེ་ཀུན་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་ལས་འཕྲོ་འཛོམ་པ་ན་དགོས་ཆེད་གཉིས་ཀྱི་དབང་གིས་འབྱུང་སྟེ། དགོས་པ་གང་ལ་དགོས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལམ་ལྔ་དང་ས་བཅུའི་སྒོ་ནས་ཉོན་མོངས་པ་སྤོང་བ་དང་། སྦྱོང་བའི་རྩོལ་བར་བྱས་ནས་དུས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་ནས་སངས་རྒྱས་ཐོབ་འདོད་རྣམས་ལ་དགོས། ཆེད་ནི། ཨ་ཏིའི་གྲུབ་མཐའ་ས་ལམ་ལ་སྦྱང་བསྒྲོད་མེད་པ་མི་གོ་བ་རྣམས་ཀྱི་ཆེད་དུ་བྱུང་། ཡང་དགོས་ནི། གསང་སྔགས་ཕྱི་ནང་གི་སྒོར་ཞུགས་པ་རྣམས་ལ་དགོས། ཆེད་ནི་བསྙེན་སྒྲུབ་བཞིའི་དངོས་གྲུབ་སྒྲུབ་ཏུ་མེད་པ་སྟེ་ཡེ་གྲོལ་ཆེན་པོའི་དོན་རྟོགས་པའི་ཆེད་དུ་བྱུང་། དེ་ཡང་ས་དང་ལམ་ལ་སྤོང་ཞིང་སྦྱོང་བ་དང་། །བསྙེན་སྒྲུབ་རྣམ་བཞི་རྩོལ་ཞིང་སྒྲུབ་པ་དང་། །ཕྱི་ནང་སྒོ་ཕུགས་བྱེད་པ་ཚི་ཆད་པས། །མ་བཙལ་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས་སོ། །དེ་ལ་ཨ་ནུ་མན་ཆད་ཀྱི་གོལ་སྒྲིབ་ནི། སེམས་ཀྱི་རྩལ་ཅིར་ཡང་ཤར་བས་ཏེ། སེམས་སྐྱེ་བ་མེད་པ་ལས་རྩལ་འགགས་མེད་དུ་ཤར་བས་རང་སྣང་སྟོང་པ་ཡིན་པར་མ་ཤེས་པས། ད་ལྟའི་སྣང་བ་འདི་ཐམས་ཅད་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ། བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ལས་བྱུང་བར་ལྟ་བས་འཇིག་རྟེན་ལྷ་མའི་ཐེག་པར་གོལ་ལོ། །འོ་ན་རྫོགས་ཆེན་པས་ལྟ་བ་དེ་སྤོང་ངམ་ཞེ་ན། ཆེད་དུ་མི་སྤོང་སྟེ། སེམས་ཅན་གྱི་རྩལ་མ་འགགས་པ་སོ་སོ་སྐྱེ་བོ་ལྷ་མིའི་ཐེག་པ་ལྟར་ཤར་ཡང་དེ་ལྟར་མ་གྲུབ་སྟེ། དེ་ལ་སྣང་བ་དང་ལས་རང་རྒྱུད་པ་མེད་དེ་གཉིས་མེད་རང་གྲོལ་བའི། དེ་ཡང་ནམ་མཁའ་ཆེ་ལས། ཅི་སྟེ་ལས་ཀྱིས་དབང་བསྒྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པས་ལས་ཀྱི་ངོ་བོ་མེད་པར་གསུངས་སོ། །དེ་བཞིན་དུ་སེམས་སྟོང་པ་དེའི་རྩལ་མ་འགགས་པས་མུ་སྟེགས་རྟག་ཆད་ལྟར་ཤར། ཉན་ཐོས་པའི་བདག་མེད་ཕྱེད་དང་གཉིས། རང་རྒྱལ་གྱི་བདག་མེད་གཉིས། སེམས་ཙམ་པའི་ཐམས་ཅད་སེམས་སུ་བལྟ་བ། དབུ་མ་པའི་མཐའ་བྲལ། ཀྲྀ་ཡ་པ་ཀུན་རྫོབ་ལྷའི་དཀྱིལ་འཁོར། དོན་དམ་པ་དག་པ་མཐའ་བཞི་དང་བྲལ་བ། ཨུ་པའི་ལྟ་སྤྱོད་ཟུང་འབྲེལ། ཡོ་ག་པའི་དོན་དམ་མཐའ་བྲལ། ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷའི་དཀྱིལ་འཁོར། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད། ཨ་ནུའི་དབྱིངས་དང་ཡེ་ཤེས་ཏེ། སེམས་ཀྱི་རྩལ་མ་འགགས་པས་ཐེག་པ་དེ་དག་གི་ལྟ་བ་ལྟར་ཤར་བ་ཡིན་ཀྱང་། ལྟ་བ་དེ་དང་དེ་དག་ཏུ་བལྟ་བའི་མཐའ་དང་བྲལ་ཏེ། མཐའ་བྲལ་ཐིག་ལེ་ཉག་གཅིག་དེའི་ངང་ལས་མ་གཡོས་བཞིན་དུ་རྩལ་འགགས་པ་མེད་པ་རང་བྱུང་གི་ཡེ་ཤེས་དེ་ཐེག་པ་འོག་མ་དེ་རྣམས་ཀྱི་ལྟ་སྤྱོད་ལྟར་ཤར་བ་ཡིན་པས་མི་འགོག །མི་སྤོང་། མི་སྒྲུབ་པའི་དོན་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོའི་དོན་རྟོགས་ན། ཐེག་པ་ལ་མཐོ་དམན་མེད་པས་མཉམ་པ་ཉིད་དུ་རང་གྲོལ་བ་ཞེས་བྱའོ། །ཡང་ཁ་ཅིག །འདི་ལྟར་རྫོགས་ཆེན་སེམས་ཕྱོགས་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པས། རང་དོན་དུ་ཆོས་སྐུ་ཐོབ་ཀྱང་གཞན་དོན་གྱི་གཟུགས་སྐུ་གཉིས་མི་འབྱུང་སྟེ། དེ་གཉིས་ཀྱི་རྒྱུའི་གཙོ་བོ་བསྐྱེད་རིམ་མ་བསྒོམ་པས་སོ། །ཞེས་ཟེར་རོ། །དེ་ལྟར་ན་ཕར་ཕྱིན་ཐེག་པ་ལས་བྱུང་བའི་སངས་རྒྱས་མི་སྲིད་པར་ཐལ་བ་དང་། ཆོས་སྐུའི་རྩལ་ལས་གཟུགས་སྐུ་འབྱུང་བ་དེ་ཡང་མ་གོ་བའོ། །འདི་ནི་མུ་སྟེགས་པ་ཁ་ཅིག །གོམས་པ་ལས་གྱུར་པའི་ཐམས་ཅད་མཁྱེན་པ་མེད་དོ་ཞེས་འདོད་པ་དང་འདྲ་བས། དེ་ལྟར་མ་ཡིན་ཏེ་མདོ་ལས། །དེ་ལྟར་གོམས་པ་སྔ་མ་དང་། །སྔ་མ་སེམས་ཆོས་བརྩེ་བ་དང་། །ཆགས་བྲལ་བློ་སོགས་གཞན་དག་གིས། །གསལ་བ་དེ་ནི་རྩ་བ་ཡིན། །ཞེས་དང་། སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མ་དེའི། །རྒྱུ་ཡིན་ཕྱིར་ན་དེ་ཡི་རྒྱུ། །ཐམས་ཅད་ཚེ་ནའང་མཐོང་བ་ཉིད། །ཅེས་དང་། སློབ་དཔོན་དཔའ་བོས། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང་། །དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་། །ནུ་ཞོ་འཐུང་བར་རྩོམ་པར་བྱེད་པ་ཡང་། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུ། །ཞེས་གོམས་པའི་སྟོབས་ཀྱིས་དུད་འགྲོས་ཀྱང་དེ་ལྟར་བྱེད་ན། ལམ་གོམས་པའི་རྣལ་འབྱོར་པ་དེ་ཅིའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར། དེ་བས་ན་གོམས་པ་ལས་གྱུར་པའི་ཐམས་ཅད་མཁྱེན་པ་ཡོད་པ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡི། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པ་བཞེད། །ཅེས་གསལ་བར་གསུངས་སོ། །ཡང་རྙིང་མ་བ་སྔ་མས། བཏགས་པས་གྲོལ་བ་དང་། མྱང་གྲོལ་སོགས་པ་མ་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཞེས་ཟེར། འདི་ཡང་དོན་ལ་མི་གནས་ཏེ། བཏགས་གྲོལ་མྱོང་གྲོལ་ལྟ་བུ་གྲོལ་ངེས་པ་དེས་གྲོལ་བར་འགྱུར་བ་དེ་མཁྱེན་པ་ཡིན་མོད། ཐམས་ཅད་མཁྱེན་པ་ཡིན་པས་ཐམས་ཅད་ཀྱིས་གྲོལ་བར་འགྱུར་རོ་ཞེས་ག་ལ་སྟོན། འདི་ལ་དཔལ་འཇིན་གྱིས། འོ་ན་མི་གཙང་ཟོས་པའི་རྒྱུས། གྲོལ་བ་ཞིག་ཀྱང་མཁྱེན་དགོས་སོ། །ཞེས་རྒོལ་བ་དེ་འཇུག་པར་སྣང་ལ། མུ་སྟེགས་གཅེར་བུ་པ་དག་གིས་ཀྱང་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་ཡིན་ན་ངེད་ཀྱི་གཞུང་སུན་འབྱིན་ནུས་ཏེ། སངས་རྒྱས་ཀྱིས་ངེད་ཀྱི་གཞུང་སུན་མ་ཕྱུངས་པས་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཞེས་ཟེར་བ་དང་འདྲ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་སྙིང་པོ་ལས། གཅེར་བུར་རྒྱུ་བས་ཐུབ་པ་ལ། ཀུན་མ་བསྟན་པས་ཀུན་མཁྱེན་མིན། །ཞེས་སྨྲ་ཁྱུ་མཆོག་སོགས་མ་ངེས། །བརྗོད་དུ་མེད་པར་བརྗོད་པའི་ཕྱིར། །ཞེས་པས། དེ་དག་གི་སྟོན་པ་ཁྱུ་མཆོག་དང་། སྡོང་རིངས་དང་། སྣོད་ཀྱི་རྗེ་ལ་སོགས་པས་མ་ངེས་པའི་ཕྱིར་དང་། འདིར་ཆོས་ཀྱི་སྒོ་ཟབ་མོ་རྫོགས་ཆེན་ལྟ་བུ་དང་། ཐབས་ཟབ་མོ་བཏགས་གྲོལ་དང་མྱོང་གྲོལ་ལྟ་བུ་ཡང་གདུལ་བྱ་སྣོད་དང་མི་ལྡན་པ་ལ་མི་སྟོན་པ་ལ་སོགས་པ་རྒྱུ་མཚན་དུ་མ་ཡོད་དོ། །སློབ་དཔོན་མ་ཏི་ཙི་ཏྲས་བརྩོད་པ་མི་མངའ་བར་བསྟོད་པ་ལས། མཁའ་ལ་ལྕགས་ཀྱིས་འཇུ་བ་བཞིན། །བརྩད་པས་ཁྱོད་ལ་བརྫི་མི་འགྱུར། །རླུང་གི་བཟློག་ཕྱོགས་གཏོར་བའི་རྡུལ། །འཐོར་པ་པོ་ལ་འབབ་ཅིང་འགོ། །ཞེས་དང་། སློབ་དཔོན་འཕགས་པས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱི། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་བཞེད། །ཅེས་གསུངས་ཏེ། དེ་ལྟར་བཏགས་གྲོལ་དང་མྱོང་གྲོལ་དང་ཆོས་ཟབ་མོ་རྣམས་ནི་སྣོད་དང་མི་ལྡན་པ་ལ་བཅོམ་ལྡན་འདས་མི་གསུངས་སོ། །ཞེས་བརྗོད་པར་བྱ་ལ། དེ་མ་མཁྱེན་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །ཞེས་མུ་སྟེགས་གཅེར་བུ་པ་ལྟར་མ་སྨྲ་ཞིག །ཡང་སྔགས་གསར་མ་བ་ཁ་ཅིག་དང་། རྒྱ་བ་གཡུང་ལ་སོགས་པ་རྙིང་མ་བ་འགའ་ཞིག་གིས། ཕར་ཕྱིན་ཐེག་པའི་སངས་རྒྱས་དམན་པ་དང་། སྔགས་ཀྱི་སངས་རྒྱས་མཆོག་ཏུ་འཛིན་ནོ། །འདི་ཡང་སངས་རྒྱས་ལ་བཟང་ངན་དུ་འཛིན་པ་ནི་དོན་ལ་མི་གནས་ཏེ། གསང་སྔགས་ཕྱིན་ཅི་མ་ལོག་པར་སྟོན་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་རས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ལྟོས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲི་ཡང་མེད་དོ། །ཞེས་མན་ངག་སྙེ་མར་གསུངས་ལ། གསང་སྔགས་ཀྱི་ལྟ་བའི་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། སངས་རྒྱ་བའི་རྒྱུའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། །དེ་བས་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྒྲིབ་པ་མཐའ་དག་སྤངས་ཟིན་པ་ཡིན་པ་ལ། ད་དུང་འཕོ་བའི་ཆགས་པ་མ་སྤངས། ཞེས་སོགས་ཀྱི་འཆལ་གཏམ་གྱི་རྗེས་སུ་མི་རྒྱུག་གོ། །ཡང་དཔལ་འཛིན་གྱིས་རྙིང་མ་ལ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། མངོན་པའི་ཆོས་ཉིད་དང་འགལ། ལས་འབྲས་ལ་སོགས་མེད་པར་སྟོན་པ་ནི་ཆད་ལྟ་དང་མཚུངས་པས་ལམ་གཞན་ཉེ་བར་སྟོན་པའི་ཕྱིར་བླུན་པོ་དག་གིས་བྱས་སོ་ཟེར་བའི། ལན་རྣལ་མ་ནི། དེ་དག་ནི་སྔོན་ཉན་ཐོས་པས་ཐེག་ཆེན་འགོག་པ་དང་འདྲ་སྟེ། དབུ་མ་སྙིང་པོར། སྡེ་སྣོད་གསུམ་དུ་མ་བསྡུས་དང་། ལམ་གཞན་ཉེ་བར་སྟོན་ཕྱིར་དང་། ཐེག་ཆེན་སངས་རྒྱས་གསུང་མ་ཡིན། །རིག་བྱེད་མཐའ་པའི་ལྟ་བ་བཞིན། །ཞེས་དེ་དག་གིས་འདོད་པ་བཀོད་པ་དང་ཁྱད་པར་མི་སྣང་ལ། འདིར་ནི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་སྔགས་ཀྱི་མདོ་སྡེ་ལ་འཇུག་པ་དང་། སྡོམ་པ་དང་དམ་ཚིག་གིས་གཞི་བཟུང་བས་འདུལ་བ་ལ་སྣང་བ་དང་། ཟབ་པ་དང་རྒྱ་ཆེ་བ་སྟོན་པས་མངོན་པའི་ཆོས་ཉིད་དང་མི་འགལ་བ་སྟེ། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། གཞི་དམ་ཚིག་གིས་བཟུང་། རིམ་པ་དབང་གིས་བགྲོད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། ཞེས་པའི་ཕྱིར་དང་། བསྟན་པ་སྤྱི་དང་ལྷན་ཅིག་ཏུ་བྱུང་བ་དང་། ཆོས་ལོག་འབྱུང་ངོ་ཞེས་སངས་རྒྱས་ཀྱིས་སྔར་ལུང་མ་བསྟན་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང་། དེ་བས་ན་བཀའ་ཉིད་དུ་གྲུབ་པ་མིན་ཏེ། གསང་སྔགས་ཕྱི་ནང་དང་། ཐེག་པ་གོང་འོག་རྒྱ་གར་དུ་ཡང་གྲགས་པའི་ཕྱིར་དང་། གསང་སྔགས་ཕྱི་ནང་ཡོད་ན་ཡོ་མཉམ་དང་། མེད་ན་མེད་མཉམ་ཡིན་པ་དང་། ཡེ་ཤེས་ཀྱིས་སྤང་བྱའི་གཉེན་པོ་བྱེད་པ་དང་། སྡུག་བསྔལ་དང་། བདེན་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སོགས་པ་མེད་པ་ཡང་དོན་དམ་པ་ཞེས་སྒྲ་གཞན་གྱི་སྟོན་པའི་ཕྱིར་རོ། །ཚུལ་འདི་ནི་མདོ་སྡེ་རྒྱན་དུ་བཅོམ་ལྡན་འདས་བྱམས་པས་གསུངས་པ། རང་གི་ཉིད་ལ་འཇུག་པ་དང་། །རང་གི་ཉིད་ལ་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ཡང་འགལ་བ་མེད། །ཅེས་དང་། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་དེ་བཞིན་མེད་པ་དང་། །གཉེན་པོ་དག་ནི་སྒྲ་གཞན་ཕྱིར། །ཞེས་རྒྱུ་མཚན་དེ་དག་གིས་ཐེག་པ་ཆེན་པོ་བཀའ་རུ་བསྒྲུབས་པར་མཛད་པ་བཞིན་དུ། འདིར་ཡང་ཚུལ་དེ་དག་གིས་རྫོགས་པ་ཆེན་པོ་བཀའ་རུ་བསྒྲུབ་བོ། །སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། ཞེས་པ་འདིས་མཐའ་འཁོབ་བོད་ཙམ་རེའི་ཆོས་ལོག་སངས་རྒྱས་ཀྱིས་ལུང་བསྟན་མི་ལང་། ཞེས་དཔལ་འཛིན་གྱིས་ཟེར་བ་དེ་ཡང་ཁེགས་པ་ཡིན་ནོ། །རྒྱུ་འབྲས་ལས་འདས་པའི་ཐེག་པ་ཞེས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་འགྱུར་རྙིང་ལས་འབྱུང་ལ། དེ་ལྟར་ཐེག་པ་འདི་ཆོས་ཀྱི་མཆོག་ཏུ་སངས་རྒྱས་ཀྱིས་ལུང་བསྟན་པ་ཡིན་ལ། ཆོས་མ་ཡིན་པར་ལུང་བསྟན་པ་མ་ཡིན་ནོ། །གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པ་ལས། ཤེས་བྱའི་གནས་དང་མཚན་ཉིད་དེ་འཇུག་དང་། །དེ་ལ་གནས་དང་དེ་དངོས་དབྱེ་བ་དང་། །ཉེས་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །བསྟན་འདི་འདི་ལྟར་གཞན་དུ་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་རྒྱུར་མཐོང་བས་ན། །ས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་ལ། །ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཞེས་དང་། དབྱིག་གཉེན་གྱིས་རྣམ་བཤད་རིག་པ་ལས། ཇི་ལྟར་སངས་རྒྱས་གསུང་མ་ཡིན། །འགལ་བའི་ཕྱིར་རོ་གཞན་དེ་བཞིན། །དེ་ངེས་དོན་ཡིན་རིམ་མི་ཤེས། །དེས་དོན་མེད་པར་ཇི་ལྟར་ཤེས། །དེ་སྒྲ་ཇི་བཞིན་དོན་ཡིན་ནོ། །ཞེས་སོགས་རྒྱུ་མཚན་དུ་མ་དང་། །སྤྱོད་འཇུག་ལས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །གལ་ཏེ་ཐེག་ཆེན་མ་གྲུབ་ན། །ཁྱེད་ཀྱི་ལུང་དེ་ཇི་ལྟར་གྲུབ། །ཞེས་སོགས་དང་། ངག་གང་མདོ་སྡེ་ལ་འཇུག་དེ། །གལ་ཏེ་སངས་རྒྱས་གསུང་འདོད་ན། །ཐེག་ཆེན་ཕལ་ཆེར་ཁྱེད་རང་གི། །མདོ་དང་མཚུངས་པ་མིན་ནམ་ཅི། །ཞེས་དང་། མདོ་གང་འོད་སྲུང་ཆེན་པོ་ལ། །སོགས་པས་གཏིང་དཔོགས་མ་གྱུར་པ། །དེ་ནི་ཁྱོད་ཀྱིས་མ་རྟོགས་པས། །བཟུང་བྱ་མིན་པར་སུ་ཞིག་བྱེད། །ཅེས་སོགས་གསུངས་ཏེ། འཕགས་པ་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་ཐེག་དམན་གྱི་གདུལ་བྱའི་ངོར་ཐེག་ཆེན་གྱི་མདོ་སྡེ་རྣམས་རྟོགས་པའི་ཚུལ་མ་བསྟན་ན་ཁྱེད་ཅག་གིས་ཅིའི་ཕྱིར་རྟོགས། ཞེས་པའི་དོན་ཏོ། །ཡང་དཔལ་འཛིན་གྱིས། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་དང་། །སེམས་ཅན་ཀུན་དོན་བསྔོ་བ་སོགས། །ཆོས་དང་འདྲ་བ་མང་ཡོད་ཀྱང་། །བར་དུ་གཅོད་པའི་ཆོས་ལོག་དགུ། །རྫུན་རྒྱུད་རྣམས་ལ་ཉེར་གནས་ཕྱིར། །དུག་ཅན་ཁ་ཟས་ཞིམ་པོ་ལྟར། །འགྲོ་བ་བསླུ་བའི་ཆོས་སུ་སྣང་། །ཞེས་དང་། རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ། །ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད། །དེ་དག་བོན་པོའི་གཞུང་ལའང་ཡོད། །འོན་ཀྱང་ཚིག་དོན་ནོར་བ་མང་། །ཟོང་དུ་བོང་ཤ་འཚོང་བ་ལ། །རི་དྭགས་རྔ་མ་བསྟན་དང་མཚུངས། །ཞེས་པ་ལ། སློབ་དཔོན་ཨ་བྷ་ཡས། ཐེག་པ་ཆེན་པོ་གང་ཞིག་ལས། །ཐམས་ཅད་སྙིང་རྗེའི་བདག་ཉིད་དང་། །ཡེ་ཤེས་དྲི་མ་མེད་བཤད་ལ། །དེ་ལ་སེམས་ཡོད་སུ་ཞིག་སྨོད། །སྐྱོན་ཡོན་མངོན་པར་མི་ཤེས་པའམ། །ཡོན་ཏན་སྐྱོན་དུ་བལྟ་བའམ། །ཡོན་ཏན་ལྡན་ལ་སྡང་བ་ཞིག །ཐེག་པ་ཆེ་ལ་སྨོད་པར་ཟད། །ཞེས་ཐུབ་པ་དགོངས་རྒྱན་དུ་ལུང་དུ་དྲངས་སྣང་ངོ་། །གཉིས་པའི་ལན་ནི། དབུ་མ་སྙིང་པོ་ལས། བདག་མེད་ལ་སོགས་སྟོན་ཕྱིར་དང་། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། །སྟོན་ཕྱིར་སློབ་པའི་ཐེག་པ་བཞིན། །ཅེས་གསུངས་སོ། །ཡང་ཁ་ཅིག་གིས། གསང་སྔགས་ནི་གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་བཤད་པ་ཡིན་གྱི། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ཏེ། སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པ་རྒྱལ་བས་གསུངས་པའི་ཆོས་ཀྱི་ཚུལ་དང་འགལ་བར་སྟོན་པའི་ཕྱིར་རོ། །ཞེས་ཟེར། ཡང་སྦྱོང་རྒྱུད་ཀྱི་འགྲེལ་པ་མཁན་ཁ་ཅིག །འདོད་ཆགས་ཆེན་པོའི་ལྷ་གར་གྱི་དབང་ཕྱུག་ལ་སོགས་པས་འཁྲིག་པའི་ཆོས་ལ་བསྙེན་བཀུར་བྱ་བའི་ཕྱིར་བཤད་པ་སྟེ། དེ་ལྟ་མ་ཡིན་ན། དེ་བཞིན་གཤེགས་པ་གཅིག་གི་ཞལ་ནས་དམ་པའི་ཆོས་རིན་པོ་ཆེ་གསུངས་པ་ལ་འགལ་བ་དུ་མ་ནི་ཐབས་མི་མཁས་པ་སྟེ། ཐེ་ཚོམ་གྱི་དབང་གིས་སེམས་ཅན་གྲོལ་བར་མི་འགྱུར་བའི་ཕྱིར་སྨྱོན་པའི་ཚིག་ལྟ་བུའོ། །ཞེས་ཟེར་རོ། །ཡང་བོད་སྔ་རབས་པ་ཁ་ཅིག་གིས། དེ་བཞིན་གཤེགས་པས་གསུང་པར་ངེས་ཀྱང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་ལ་སོགས་པ་རྣམས་སྒྲ་ཇི་བཞིན་པར་བཟུང་ནས་གསང་སྔགས་ཀྱི་ཚུལ་ཟབ་མོ་རྣམས་ལོག་པར་སྤྱོད་པར་བྱེད་དོ། །ཞེས་ཟེར། ཡང་ཁ་ཅིག །སངས་རྒྱས་ཀྱི་གསུང་རབས་ཐམས་ཅད་ནི་ངེས་དོན་ཁོ་ན་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་རྫུན་གསུང་བར་འགྱུར་རོ། །ཞེས་ཟེར་རོ། །འདི་དག་ཐམས་ཅད་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་གདུལ་བྱ་འགའ་ཞིག་རིམ་གྱིས་གཞུག་པར་བྱ་བའི་ཕྱིར་དང་། འགའ་ཞིག་སློབ་དཔོན་མེད་པར་རང་གར་འཇུག་པ་དགག་པའི་ཕྱིར། དགོངས་པ་དང་། ལྡེམ་པོར་དགོངས་པ་དང་། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དུ་གསུངས་པ་རྣམས་མ་རྟོགས་ཤིང་མ་གོ་བའི་གཏམ་ཡིན་ནོ། །འདི་ལྟར་གདུལ་བྱ་འགའ་ཞིག་ཡང་དག་པའི་ལམ་ལ་ཞུགས་པའི་ཆེད་དུ་བརྫུས་ཏེ་བྱར་བའི་སེམས་ཅན་དང་གཟུགས་ལ་སོགས་པ་ཡོད་པར་གསུངས་པ་ལྟ་བུ་ཞུགས་པ་ལྡེམ་པོར་དགོངས་པ་དང་། ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་མེད་པ་དང་སྒྱུ་མ་དང་ནམ་མཁའ་དང་འདྲའོ། །ཞེས་གསུངས་པ་ལྟ་བུ་མཚན་ཉིད་ལྡེམ་པོར་དགོངས་པ་དང་། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་གཉེན་པོར་ཐེག་པ་མ ཆོག་གསུངས་པ་ལྟ་བུ་གཉེན་པོ་ལྡེམ་པོར་དགོངས་པ་དང་། དོན་ཟབ་མོའི་ཆེད་དུ་ཡི་གེ་རྣམས་བསྒྱུར་ཏེ་གསུངས་པ་ལྟ་བུ་བསྒྱུར་བ་ལྡེམ་པོར་དགོངས་པ་དང་བཞི་ཡིན་ཏེ། མདོ་སྡེ་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་གསུངས་ལྟར་རོ། །གཉེན་པོ་ལྡེམ་པོར་དགོངས་པ་ལ་ཡང་། ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པ་དང་། སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་ཆོས་འདི་ཐོས་པར་འགྱུར་རོ། །ཞེས་པ་ལྟ་བུ་དོན་གཞན་ལ་དགོངས་པ་དང་། གང་དག་བསོད་ནམས་བྱས་ཏེ་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། །ཞེས་པ་ལྟ་བུ་དུས་གཞན་ལ་དགོངས་པ་དང་། སྦྱིན་པ་ནི་དམན་ལ་ཚུལ་ཁྲིམས་ནི་མཆོག་གོ། །ཞེས་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་ཏེ་གསུངས་པ་དང་བཞི་ཡིན་ནོ། །ཡང་ལུང་དང་རིག་པས་ཚིག་དང་དོན་གཅུས་ཏེ་མ་བསྟན་པར། སྒྲ་དེ་ཉིད་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་དྲང་པོར་སྟོན་པ་ནི་སྒྲ་ཇི་བཞིན་པ་སྟེ། དཔེར་ན། ཁྱོད་ཀྱིས་སྲོག་ཆགས་གསོད་མི་བྱ། །མ་བྱིན་པ་ཡང་བླང་མི་བྱ། །རྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཅེས་སོགས་ལྟ་བུའོ། །ལུང་དང་རིག་པས་གཅུས་ནས་ཚིག་དང་དོན་སྣྲེལ་ཞིར་སྟོན་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ་འཆད་པར་འགྱུར་རོ། །ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ནི་ངེས་པའི་དོན་དང་། སེམས་ཅན་དང་གང་ཟག་དང་སྐྱེས་བུ་ལ་སོགས་པར་སྟོན་པ་ནི་དྲང་བའི་དོན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པའི་བསྟན་པ་དག །ངེས་དོན་མདོ་སྡེ་དག་གིས་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་དོན་ཤེས་པར་གྱིས། །ཞེས་གསུངས་ལ། རྒྱས་པར་ནི་མདོ་དགོངས་པ་ངེས་འགྲེལ་ལ་སོགས་པར་ཤེས་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་སྤོང་བའི་བསླབ་པ་བཅས་པས། དེ་སྤོང་བས་འཇིགས་ཤིང་སྐྲག་པའི་གདུལ་བྱ་དག་ཀྱང་ཡོད་དེ། དེ་དག་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པས་རྒྱུད་རྣམ་པར་དག་པའི་གང་ཟག་ཆོས་དང་ལྡན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྲོག་གཅོད་པ་མ་སྤངས་པར་ཡང་ཐེག་པ་དམ་པ་འདི་ལ་འཇུག་ཏུ་རུང་ངོ་། །ཞེས་མ་བརྟགས་ན་ཉམས་དགའ་བའི་ཚིག་ཐོས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ལ་འཇུག་པར་འགྱུར་ལ། ཞུགས་ནས་ཀྱང་ཡང་པའི་ལམ་གྱི་དོན་མཐོང་བ་ཉིད་ཀྱིས་སྐྲག་པར་མི་འགྱུར་བར་སྲོག་གཅོད་པ་ལས་ཀྱང་ངེས་པར་བཟློག་པར་འགྱུར་ཏེ། དེ་བས་ན་རིམ་གྱིས་འཇུག་པའི་རྒྱུར་འགྱུར་བའི་ཕྱིར། སྲོག་གཅོག་པ་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་ལྡེམ་པོར་དགོངས་པས་གསུངས་པ་ཡིན་ནོ་ཞེས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་རྒྱུད་དགོངས་པ་ལུང་སྟོན་དང་། རྡོ་རྗེ་རྩེ་མོ་དང་དེ་ཉིད་བསྡུས་པ་ལ་སོགས་དང་སྦྱར་ནས་རྒྱས་པར་གསུངས་སོ། །ཡང་འདི་ནི་བླ་མའི་མན་ངག་ལ་རག་ལས་པར་བྱ་བའི་ཕྱིར། དོན་སྦས་ནས་ཚིག་གཞན་སྲོག་གཅོད་པ་ལ་སོགས་པ་གསུངས་པ་ཡིན་ཏེ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཀོ་ས་ལའི་རྒྱན་ལས། ཅིའི་ཕྱིར་འདི་ལྟར་ལྡེམ་པོའི་དག་ཏུ་གསུང་ཞེ་ན། གླེགས་བམ་མཐོང་བ་ཙམ་གྱིས་ཐུབ་ཆོད་དུ་སྔགས་འཛིན་པ་དགག་པའི་ཕྱིར། སློབ་དཔོན་གྱི་མན་ངག་མེད་པར་དངོས་གྲུབ་ཐོབ་པར་འགྱུར་བ་མ་ཡིན་ནོ། །ཞེས་དང་། སྒྲོན་མ་གསལ་བར། སློབ་དཔོན་མེད་པར་འཇུག་པར་མ་འགྱུར་ཅིག་སྙམ་དུ་དགོངས་པ་འཇིག་རྟེན་པ་དང་འགལ་པའི་ཚིག་གིས་སྤྱོད་པའི་ཁྱད་པར་སྟོན་པའི་ཕྱིར། སྲོག་གཅོད་པ་ཡི་སེམས་ཅན་གང་། །རྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་ལ་སྤྱོད་གང་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལས་ཀྱང་སྲོག་གཅོད་པ་སྒྲ་ཇི་བཞིན་དུ་བཟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ན་ཆེན་པོ་སྟེ། ངན་སོང་གི་རྒྱུའི་གཙོ་བོར་གསུངས་པ་དང་། སྟོན་པའི་བསྟན་པ་དང་འགལ་བའི་ཕྱིར། སྲོག་གཅོད་པ་ནི་སྒྲ་ཇི་བཞིན་པར་མི་བཟུང་ངོ་། །འོ་ན་ཇི་ལྟར་ཡིན་ཅེ་ན། ཐམས་ཅད་གསང་བའི་རྒྱུད་ལས། སེམས་ཅན་ཀུན་གྱི་དངོས་པོ་ཀུན། །རང་སེམས་ཆོས་ནི་བསྡུས་པ་ཡིན། །ཆོས་བདག་མེད་པའི་སྦྱོར་བ་ཡིས། །བསད་ན་རང་ཉིད་འཆི་བར་འགྱུར། །ཞེས་བདག་ཏུ་འཛིན་པ་གསོད་པ་ལ་དགོངས་པ་འདི་ཡིན་ནོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། སེམས་ཅན་ཐམས་ཅད་བསད་ན་ནི། །ཞེས་བྱ་བ་ནི་སྟོང་པ་ཉིད་དུ་བྱ་བས་རྣམ་པར་བཤིག་པའོ། །ཞེས་པ་དང་། གང་གི་ཕུང་པོ་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་སྟེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ཅེས་དང་། གཞན་ཡང་སྲོག་གཅོད་པ་ནི་ཉོན་མོངས་པ་གསོད་པ་དང་། འཇིགས་ཚོགས་ལ་ལྟ་བ་གསོད་པ་ལ་སོགས་པ་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །ཞེས་སྔོན་གྱི་སློབ་དཔོན་དག་གིས་རྒྱས་པར་གསུངས་སོ། །དེ་བཞིན་དུ་མ་བྱིན་ལེན་དང་། འདོད་ལོག །རྫུན་སྨྲ་བ་རྣམས་ཀྱང་སྒྲ་ཇི་བཞིན་མ་ཡིན་པ་ནི་དགོངས་པ་ལུང་སྟོན་པའི་རྒྱུད་ལས། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ནི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་བྱེད་པ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །གང་ཞིག་དོན་ནི་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་ཉིད་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་ཆགས་པར་འགྱུར། །ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་སྟོན་པ་ནི། །དེ་ནི་རྫུན་སྨྲ་དགའ་བ་སྟེ། །གནས་མེད་ལ་གནས་རྣལ་འབྱོར་པའོ། །ཞེས་གསུངས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་དམ་པ་ཡིན་པས་རྫས་ཀྱི་མཆོག་ལྟ་བུ་ཡིན་ལ། དེ་ནི་གཞན་དེ་བཞིན་གཤེགས་པ་ལ་མངའ་བས། དེ་ཡང་དག་པར་བླང་བའི་ཐབས་ཀྱིས་བདག་གི་རྒྱུད་ལ་བསྐྱེད་པ་ལ་གཞན་གྱི་ནོར་འཕྲོག་པ་ཞེས་བྱའོ། །དེ་བཞིན་དུ་ཡང་དག་པའི་ཡེ་ཤེས་ཆོས་དབྱིངས་ལ་དམིགས་པའི་ཚུལ་གྱི་གཉིས་སུ་མེད་ཅིང་རོ་གཅིག་པར་རྟག་ཏུ་སྦྱོར་བ་ནི་འདོད་པའི་དམ་པ་སྟེ། དེ་ལྟ་བུ་ལ་དགའ་བ་ནི་འདོད་པ་ལ་དགའ་བའོ། །ཡང་རྒྱུད་དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་དག །འདི་ནི་དབང་པོ་གཉིས་ཡིན་ལ། །ཟུང་དུ་འཇུག་པར་གྲགས་པ་ནི། །དེ་དག་གཉིས་མེད་དེ་སྦྱོར་བ། །དེ་ལ་མཉམ་པར་སྦྱོར་བ་ཡི། །དེ་དག་ཐམས་ཅད་ཉེ་བར་སྤྱད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་གོ། །ཞེས་གསུངས་པ་ལྟར་རོ། །སྣོད་དང་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་ནི་རྟག་པ་དང་མ་བྱས་པ་ལ་སོགས་པ་མ་ཡིན་གྱི། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་སོ་སོའི་རྒྱུ་རྐྱེན་ལ་རག་ལས་ནས་འབྱུང་བས། སྒྱུ་མ་ལྟ་བུ་བརྫུན་ཅིང་བསླུ་བའི་ཆོས་ཅན་ཡིན་པར་སྟོན་པ་ནི་རྫུན་དུ་སྨྲ་བ་ཡིན་ལ། དེ་ཉིད་དོན་དམ་པར་རང་བཞིན་མེད་པའི་གཞི་ལ་བརྟེན་པ་ཡིན་ནོ། །དེས་ནི་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་བརྫུན་པ་སྒྱུ་མ་ལྟ་བུའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད་དོ། །དེས་ན་ང་ནི་རྫུན་དུ་སྨྲ་བའོ། །ཞེས་གསུངས་པ་ལྟར་རོ། །གང་ཡང་མངོན་སྤྱོད་ཀྱི་ལས་སུ་སྒྲ་ཇི་བཞིན་པར་གསུངས་པ་དེ་ཡང་གང་ཟག་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། མངོན་ཤེས་དང་ལྡན་པ་དང་། ལས་ཀྱི་སྦྱོར་བ་ཕྱིན་ཅི་མ་ལོག་ཅིང་ཁ་ན་མ་ཐོ་བ་མེད་པས་གཞན་གྱི་དོན་ངེས་པར་འགྲུབ་པར་བྱེད་ནུས་པ་དག་གིས་བྱ་བར་གསུངས་ཀྱི། གཞན་དུ་ནི་མ་ཡིན་པར་གསུངས་སོ། །ཅི་སྟེ་གསོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་ཚིག་ཡོད་པས་བཀའ་མ་ཡིན་ན་ནི་སྡེ་སྣོད་གཞན་ལ་ཡང་ཡོད་པས་ཧ་ཅང་ཐལ་བར་འགྱུར་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། བདག་ནི་མ་བྱིན་ལེན་སྤོང་ཁྲིམས་མི་འཛིན། གཞན་གྱི་ནོར་བརྐུའི་ཚུལ་ནི་རབ་ཏུ་འཛིན། །མ་བྱིན་པ་ནི་བྱང་ཆུབ་ལགས་ཞེས་བགྱི། །དེ་ནི་སུས་ཀྱང་སུ་ལའང་མ་བསྩལ་ཏེ། །བྱང་ཆུབ་ཤིང་དྲུང་བཅོམ་ལྡན་བཞུགས་ནས་ཀྱང་། །ཁྱད་ཀྱིས་བརྙེས་པ་མེད་ཅིང་བཤིག་པ་མེད། །དེ་ནི་ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །དེ་ནི་བླ་ན་མེད་པའི་ཆོས་ལགས་སོ། །ཞེས་བྱ་བ་ལ་སོགས་པ་བསླབ་པའི་ཚིག་རྣམས་ལྡེམ་པོའི་ངག་གིས་རྒྱ་ཆེར་གསུངས་པ་དང་། མདོ་གཞན་ལས། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་གསུངས་པའི། ཕ་ནི་ལས་ཀྱི་བག་ཆགས་ས་བོན་དུ་འདུག་པའོ། །མ་ནི་སྲེད་པ་སྟེ་ཕྱི་མ་ལ་སྲེད་ཅིང་ཆགས་པའི་སེམས་སོ། །རྒྱལ་པོ་ནི་ལས་ཀྱི་ས་བོན་དང་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པས་ཕྱི་མ་ལ་ཉེ་བར་ལེན་པའོ། །གཙང་སྦྲ་ཅན་གཉིས་ནི་དགེ་སྦྱོང་དང་བྲམ་ཟེ་སྟེ། དེ་ཡང་དོན་དུ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་དང་། གཙང་བ་དང་དག་པ་དང་གྲོལ་བར་འདོད་པས་ལྟ་བ་སྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེས་གཙང་བ་དང་གྲོལ་བར་འདོད་པའོ། །ཡུལ་འཁོར་ནི་སེམས་ཀྱི་ཡུལ་དབང་པོ་དྲུག་གོ། །དེའི་འཁོར་ནི་ཕྱིའི་ཡུལ་གཟུགས་ལ་སོགས་པའོ། །དེ་དག་ལེགས་པར་སྦྱང་པའི་མི་ནི་དག་པར་འགྱུར་རོ། །ཞེས་པའི་དོན་ཏོ། དེ་བཞིན་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱི་ཅི་ལོག་ལ་རྣམ་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ཡང་། བློ་རྣམ་པར་གཡེང་བ་ལ་སྙིང་པོ་མེད་པར་ཤེས་པ་དང་ཚུལ་བཞིན་མ་ཡིན་པ་ལས་ཕྱིན་ཅི་ལོག་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་གནས་པ་དང་། དཀའ་བ་སྤྱོད་པའི་ངལ་བས་ཉོན་མོངས་པ་རྣམས་ཀྱིས་ནི་བྱང་ཆུབ་བློ་རྣམ་བར་གཡེང་བ་མེད་པ་ལ་སྙིང་པོར་ཤེས་པ་དང་། ཟེར་བ་ཡིན་ནོ་ཐོབ་པར་འགྱུར་རོ། །ཞེས་ལྡེམ་དགོངས་གསུངས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྣམས་ཚུལ་འདི་དག་གིས་སྐྱོན་མེད་པར་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དེ་ཙམ་མི་ནུས་ན་བཏང་སྙོམས་ཀྱིས་བདག་ཉིད་བསྲུང་བར་བྱ་ཡི། སྡང་བར་མི་བྱ་སྟེ། ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པས། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་བ་མིན། །ཞེས་གསུངས་སོ། །དེས་ཐེག་པ་ཆེ་ཆུང་དང་རྒྱུད་སྡེ་གོང་འོག་ལ་སོགས་པ་འགལ་བ་ལྟར་སྣང་བ་ཐམས་ཅད་ཀྱང་གདུལ་བྱའི་དབང་གིས་འགལ་བ་མེད་པ་ཡིན་ཏེ། དཔེར་ན་རྒྱ་ཆེར་རོལ་པ་དང་། ལུང་གཞི་ལས། ཐུབ་དབང་མངོན་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པ་དང་སངས་རྒྱས་ཕལ་པོ་ཆེ་དང་ས་བཅུ་བའི་མདོ་ལས། ཞག་བདུན་ཕྲག་གཉིས་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་མདོ་སྡེ་ས་བཅུ་པ་གསུངས་པ་མི་འགལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གདུལ་བྱའི་དབང་ལས་ཡིན་ཞེས་སློབ་དཔོན་དབྱིག་གཉེན་དང་། ཉི་མ་གྲུབ་གཉིས་ཀྱིས་ས་བཅུ་པའི་འགྲེལ་པ་དང་འགྲེལ་བཤད་ལས་གསུངས་སོ། །དེ་བཞིན་དུ་མྱང་འདས་ཆེན་པོ་དང་རྒྱ་ཆེར་རོལ་པ་དང་ལུང་གཞི་ལས་སྒྲ་གཅན་འཛིན་གྱི་མ་གྲགས་འཛིན་མ་ཡིན་པར་གསུངས་པ་དང་། སོ་སོར་འབྲང་ས་མ་ལས་ས་མཚོ་མ་ཡིན་པར་གསུངས་པ་ཡང་མི་འགལ་བར་གསུངས་སོ། །དེ་འདྲའི་རིག་ཅན་ཤིན་ཏུ་མང་ཡང་དེ་ཙམ་གྱིས་གོ་བར་སླའོ། །ཡང་ཤཱཀྱ་ཐུབ་པ་དང་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་བ་ལ་སོགས་པ་སྐུ་སྣ་ཚོགས་པ་དང་། དེ་དག་གིས་ཆོས་མི་འདྲ་བ་དུ་མ་གསུངས་པ་ཡང་གདུལ་བྱའི་ངོར་ཐབས་ལ་མཁས་པ་ཡིན་པའི་ཕྱིར། རང་བཞིན་ཐ་དད་པ་དང་འགལ་བ་དང་འདོད་ཆགས་དང་བཅས་པ་ལ་སོགས་པ་མ་ཡིན་ནོ། །ཞེས་ཤེས་པར་བྱ་སྟེ། རྡོ་རྗེ་དྲ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །འདུལ་བའི་ཐབས་ནི་གང་གང་གིས། །སེམས་ཅན་རྣམས་ནི་འདུལ་འགྱུར་བ། །རྣམ་པ་དེ་དང་དེ་དག་གིས། །ཆོས་རྣམས་སྟོན་པ་མཛད་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་མདོ་ལས་ཀྱང་། བདུན་གྱི་ལས་རྣམས་ཐུགས་ཆུད་ཀྱང་། །བདུད་ཀྱི་རྗེས་སུ་འཇུག་མཛད་པ། །ཐབས་ཀྱི་ཕ་རོལ་ཕྱིན་བརྙེས་པ། །དེ་རྣམས་བྱ་བ་ཀུན་སྟོན་མཛད། །ཡན་ལག་གང་དང་གང་གིས་ནི། །སེམས་ཅན་ཆོས་ལ་དགའ་གྱུར་པ། །བྱ་བ་ཐམས་ཅད་སྟོན་པ་ནི། །ཐབས་ཆེན་ལེགས་པར་བསླབས་པ་ཡིན། །དེ་ཡི་བསླབ་པ་མཐའ་ཡས་ཤིང་། །སྤྱོད་ཡུལ་ཡང་ནི་མཐའ་ཡས་ལ། །ཡེ་ཤེས་ཕུན་ཚོགས་མཐའ་ཡས་པས། །སེམས་ཅན་མཐའ་ཡས་གྲོལ་མཛད་བའོ། །དེ་ཡི་མངོན་མཐའ་བསྐལ་པའམ། །བྱེ་བའམ་ནི་བྱེ་བ་བརྒྱར། །སངས་རྒྱས་རྣམས་ཀྱིས་གསུངས་ན་ཡང་། །ཚིག་གིས་ལེགས་པ་བརྗོད་མི་ནུས། །གང་ཞིག་ཤེས་རབ་དམན་པ་ཡི། །སེམས་ཅན་དམན་པ་མ་གཏོགས་པ། །མཁས་པས་ཆོས་འདི་ཐོས་ནས་ནི། །སུ་ཞིག་བྱང་ཆུབ་འཚོལ་མི་བྱེད། །ཅེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཐེག་པ་ཆེན་པོ་གསང་སྔགས་ནི་བདེ་བར་གཤེགས་པའི་གསུང་མཆོག་ཏུ་ཟབ་པ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ། འདོད་པ་རྣམས་ཀྱིས་མཐའ་དྲུག་དང་དགོངས་པ་བརྒྱད་ལ་སོགས་པའི་སྒོ་ནས་ཤེས་པར་བྱ་དགོས་སོ། །དེ་ལ་སྔགས་ཀྱིས་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་རྣམས་ནི་གསང་སྔགས་དང་། མ་རིག་པའི་གཉེན་པོར་གྱུར་བས་ལྷ་མོའི་གཟུགས་སུ་བཞུགས་པ་ནི་རིག་སྔགས་དང་། དེ་གཉིས་ཀྱི་ཆོས་ཀྱི་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་བ་ནི་གཟུངས་སྔགས་སོ། །ཞེས་སྒྲ་སྦྱོར་བམ་པོ་གཉིས་པ་ལས་འབྱུང་བ་ལྟར་རོ། །དེ་ལྟར་ཡང་གང་ཞིག་སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱི་སྟོབས་ཀྱིས་ནག་ཚལ་དང་དབེན་པ་ལ་དགའ་ཞིང་ཁྲུས་དང་མཎྜལ་བྲི་བ་དང་མཆོད་པ་དང་སྦྱིན་སྲེགས་དང་དཀའ་ཐུབ་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་མི་ནུས་པ། དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་དགའ་བ་དག་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་ལེགས་གྲུབ་ལ་སོགས་པ་རྒྱུད་ཆེན་པོ་གསུངས་ཏེ། སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མའི་འགྲེལ་པ་ལས། འདི་ནི་ཕྱིའི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་ཡིན་ནོ། །ཞེས་བཤད་དོ། །གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དག་ལ་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ཀ་དང་ལྡན་པ་གཉི་གའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཡང་སློབ་དཔོན་སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་བསྡུས་དོན་ལས། འདི་ནི་ཕྱི་དང་ནང་གི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གཉིས་ཐུན་མོང་དུ་གྱུར་པ་ཡིན་པས་སོ། །ཞེས་བཤད་དོ། །དེ་ཉིད་ནི་གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་ཤེས་རབ་དང་ཐབས་གཙོ་བོར་གྱུར་པ་རྒྱ་ཆེར་སྟོན་པས་སྔོན་གྱི་མཁས་པ་དག་གིས་སྤྱོད་པའི་རྒྱུད་ཅེས་ཀྱང་བཤད་དོ། །ཡང་གང་ཞིག་དེ་ཁོ་ན་ཉིད་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ། རྣལ་འབྱོར་ལ་ལྷག་པར་མོས་པ། ཕྱིའི་བྱ་བ་ལ་མི་དགའ་བར་ཏིང་ངེ་འཛིན་གྱིས་རྒྱུད་དག་པར་བྱེད་པ་རྣམས་ལ་བྱ་བའི་ཡན་ལག་ཉུང་ཞིང་། རྣལ་འབྱོར་གྱི་ཡན་ལག་གཙོ་བོ་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་གསུངས་སོ། །དེ་སྐད་དུ་ཡང་། དེ་ཉིད་བསྡུས་པའི་བསྟོད་འགྲེལ་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོ་ཡིན་ཏེ་རྣལ་འབྱོར་གཅོ་བོ་ཡིན། །ཅེས་སོ། །རྣལ་འབྱོར་པ་གང་ཞིག་དབང་པོ་རྣོ་བ། དེ་ཁོ་ན་བསྒོམ་པ་ལ་རབ་ཏུ་འདུན་པ། སྔོན་གོམས་པའི་སྟོབས་ཀྱིས་བྱ་བ་དང་དངོས་པོ་ཐམས་ཅད་ལ་ཐ་དད་པའི་འདུ་ཤེས་མི་འཇུག་པ། ཐེག་པ་ཆེན་པོ་ལ་སེམས་རྣམ་པར་སྦྱངས་པ། ཤེས་རབ་དང་གཉིས་སུ་མེད་པའི་སྤྱོད་པ་ལ་མངོན་པར་དད་པའི་བདག་ཉིད་ཆེན་པོ་རྣམས་ལ་དེ་ཁོ་ན་ཉིད་རྣལ་འབྱོར་གཙོ་བོར་མཛད་དེ་གཉིས་སུ་མེད་པའི་ཚུལ་གྱིས་འཇུག་ཅིང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟོན་པ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བཤད་པའི་ཚུལ་དེ་དག་ནི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་གཞུང་བཞིན་བཀོད་པ་ཡིན་ནོ། །ཡང་སྤྲོས་པ་ལས་འདས་པའི་རྣལ་འབྱོར་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཀྱི་རྣལ་འབྱོར་ལ་མངོན་པར་དགའ་བ་དག་ལ་ཨ་ནུ་ཡོ་གའི་རྒྱུད་སྡེ་རྣམས་གསུངས་སོ། །ཡང་གང་ཟག་དབང་པོ་ཡང་རབ་རྟོགས་པ་དང་གྲོལ་བ་དུས་མཉམ་པར་འགྱུར་བའི་རིགས་ཅན་དག་ལ་སྤྲོས་པ་ལས་འདས་པའི་ཐེག་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་རྣམས་གསུངས་སོ། །ཆོས་ཀྱི་ཚུལ་འདི་གཉིས་ཀྱང་བརྩོན་པ་ཅན་དུ་གྱུར་པ་ལ་དགེ་བའི་བཤེས་གཉེན་རྒྱང་རོ་བྱང་ཆུབ་འབུམ་གྱི་བསྟན་བཅོས་ལས་འདི་ལྟར་བྱུང་སྟེ། ཡང་སྤུ་ཧྲངས་ཀྱི་ལོ་ཙཱ་བ་ལྷ་ཕོ་བྲང་ཞི་བ་འོད་ན་རེ། སྒྱུ་འཕྲུལ་གྱི་རྒྱུད་བཅུ་གསུམ་པ་དང་བཅུ་དགུ་དགུ་པ་དེ་བཞིན་བཅུ་པ་དང་བརྒྱད་ཅུ་པ་དང་ལེའུ་ལག་ལ་སོགས་པ་རྣམས་ནི་ཕྱི་བ་དང་འདྲེས་པར་སྣང་ངོ་། །ཡང་དགོངས་པ་འདུས་པའི་མདོ་དང་ཀུན་འདུས་རིག་པའི་མདོ་དང་རྔམས་པ་གློག་གི་འཁོར་ལོའི་མདོ་དང་ཁུ་བྱུག་རོལ་པའི་མདོ་དང་སེམས་ལུང་ཆེན་པོའི་མདོ་དང་འདི་རྣམས་དར་རྗེ་དཔལ་གྱི་གྲགས་པས་བྱས་སོ། །ཡང་དཔལ་འབར་ཁྲོ་བོའི་རྒྱལ་པོ་ལ་སོགས་པའི་རྒྱུད་དྲུག་དང་། བདུད་རྩི་བམ་པོ་བརྒྱད་པ་ལ་སོགས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བྱས་སོ། །ཡང་ཀུན་བྱེད་རྒྱལ་པོ་དང་མདོ་བཅུ་གསང་བ་ལ་སོགས་པ་དང་ཡེ་ཤེས་གསང་བ་སོགས་དྲང་ང་ཤག་ཚུལ་གྱིས་བྱས་སོ། །ཡང་ཕུར་པའི་རྩ་རྒྱུད་ཁུ་བྱུག་རོལ་པ་དང་བཤད་རྒྱུད་ཀཱི་ལ་ཡའི་རྒྱུད་ཆེ་ཆུང་དང་དགོངས་པ་ལུང་སྟོན་དང་གསང་བ་གཉེར་སྦས་དང་རྡོ་རྗེ་གསང་བ་བཀོད་པ་དང་ཀཱི་ལ་ཡ་བི་དོའི་རྒྱུད་དང་སྟག་མོ་ཁ་གདངས་དང་སེང་གེ་ཁ་གདངས་དང་ཕག་མོ་ཁ་གདངས་དང་གསང་ཕུར་ཁ་གདངས་དང་ཚུབ་ནག་རོལ་པ་དང་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་དང་། འཕྲོས་པ་མན་ངག་གི་རྒྱུད་ལྔ་དང་། གབ་པ་སྔགས་དྲུག་གི་རྒྱུད་དང་། གནོད་སྦྱིན་གྱི་རྒྱུད་རོ་ཧི་ཏ་དང་ལྕགས་ཕྱེ་འབར་བ་དང་ཕག་མོའི་རྒྱུད་དགུ་པ་དང་ནམ་མཁའ་ཆེའི་རྒྱུད་རླངས་དཔལ་གྱི་སེང་གེས་བསྒྱུར་ཟེར་བ་དང་། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་དང་། ཨཱ་ཙརྱ་བི་མ་ལ་མི་ཏྲས་བསྒྱུར་ཟེར་བའི་སེམས་ཕྱོགས་ཀྱི་རྒྱུད་བཅུ་གསུམ་ལས་རྨད་དུ་བྱུང་བ་ལེའུ་ཉི་ཤུ་རྩ་གཉིས་དང་སྲིད་པ་རྒྱུད་ལུང་ལ་སོགས་པ་མ་མོའི་རྒྱུད་དང་རྒྱལ་པོའི་ཆོས་ལྔ་ལ་སོགས་པ་བོད་ཀྱིས་བྱས་སོ། །ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དང་གསང་ཆེན་ཐིག་ལེའི་རྒྱུད་དང་ཡེ་ཤེས་ཐིག་ལེའི་རྒྱུད་དང་ཡེ་ཤེས་སྙིང་པའི་རྒྱུད་ཨཱ་ཙརྱ་དམར་པོས་བྱས་སོ། །དེ་དག་དང་དེ་དག་གི་འགྲེལ་པ་དང་དབང་གི་མན་ངག་དང་སྒྲུབ་ཐབས་ལ་སོགས་པ་མང་པོའི་དོན་ཉམས་སུ་བླངས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་ཟེར་རོ། །ཡང་ལོ་ཙཱ་བ་ཆེན་པོ་འགོས་ཁུག་པ་ལྷས་བཙས་ན་རེ། རྨ་རིན་ཆེན་མཆོག་གིས་གསང་བ་སྙིང་པོ་དང་དེའི་ཁ་སྐོང་དུ་སྒྱུ་འཕྲུལ་ལེའུ་ལག་བརྩམས། དེ་ལ་བརྟེན་ནས་ཟུར་ཆེ་ཆུང་གིས་གསང་བ་སྙིང་པོའི་འགྲེལ་པ་དང་དཀྱིལ་ཆོག་དང་སྒྲུབ་ཐབས་མང་པོ་རང་བཟོར་བྱས་སོ། །དེས་ན་སྒྱུ་འཕྲུལ་གྱི་ཆོས་དེ་དག་ཀྱང་བོད་ཀྱིས་རང་བཟོར་བྱས་པའི་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཡང་བཻ་རོ་ཙ་ནས་རྒྱ་གར་ལ་ཁུངས་བཙལ་ནས་སེམས་ཕྱོགས་ལ་ནམ་མཁའ་ཆེ་སྐུ་ལ་འཇུག་པ་རྩལ་ཆེན་རྫོགས་པ་སྤྱི་གཅོད་རིག་པའི་ཁུ་བྱུག་དང་ལྔ་བརྩམས་པས་རྒྱལ་བློན་གྱིས་རིག་ནས་ཚ་བ་རོང་དུ་སྤྱུགས་སོ། །ཡང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་གར་ལ་རྫུན་གྱི་ཁུངས་སྦྱར་ནས་རྨད་དུ་བྱུང་ལ་སོགས་པ་བཅུ་གསུམ་བྱས་སོ། །ཡང་དར་རྗེ་དཔལ་གྱི་གྲགས་པས་དགོངས་འདུས་དང་ཀུན་འདུས་དང་རྒྱལ་པོའི་ཆོས་ལྔ་བརྩམས་ཏེ་དྲི་མ་ཅན་ཡིན་ནོ། །ཡང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་པྲ་ཁོག་སྣང་གི་རྒྱུད་དང་ར་ཧུ་ལའི་གཟའི་རྒྱུད་ཆེ་ཆུང་དང་། གདོང་མོ་ཆུ་འཁྱགས་ལ་སོགས་པ་དང་། མ་མོ་འདུས་པའི་རྒྱུད་དང་། པདྨ་དབང་ཆེན་གྱི་སྐོར་ལ་སྐུའི་རྒྱུད་རྡོ་རྗེ་ཐོགས་མེད་དང་གསུང་གི་རྒྱུད་རྟ་མཆོག་རོལ་པ་དང་ཐུགས་ཀྱི་རྒྱུད་པུཎྜ་རི་ཀ་དང་ཡོན་ཏན་གྱི་རྒྱུད་རིན་པོ་ཆེ་མ་གོ་ལ་དང་ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔ་བརྩམས་སོ། །ཡང་དེ་ཉིད་ཀྱིས་ཆོས་ཉིད་ཞི་བའི་རྒྱུད་དཔལ་འབར་ཁྲོ་བོའི་རྒྱུད་ཚོགས་རྒྱུན་ཆེན་པོ་གནས་ལུང་ཆེན་པོའི་རྒྱུད་གཏོར་མ་ཆེན་པོའི་རྒྱུད་ནམ་མཁའ་མཛོད་ཀྱི་རྒྱུད་དབང་བསྐུར་རྒྱལ་པོའི་རྒྱུད་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ཏིང་ངེ་འཛིན་མཆོག་གི་རྒྱུད་རྩོམ་པ་དོན་ལྡན་རྒྱུད་ལ་སོགས་པ་བརྩམས་པ་ནི། བོད་ཀྱིས་རང་བཟོར་བྱས་པའི་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཞེས་ཟེར་རོ། །འདི་དག་ཀྱང་ཕལ་ཆེ་བ་མི་བདེན་ཏེ། གསང་བ་སྙིང་པོའི་རྒྱུད་ལེའུ་ཉེ་ཤུ་རྩ་གཉིས་དང་རྒྱུད་ཕྱི་མ། གསང་བ་སྙིང་པོ་ཅི། ཞེས་བྱ་བ་ནས། གང་གི་ཐེ་ཚོམ་ཀུན་མེད་པར། །དངོས་པོ་ཀུན་ལ་རྣམ་པར་དཔྱད། །ཅེས་པའི་བར་གྱི་དྲི་བ་མང་པོ་དང་། །ལེགས་སོ་ལེགས་སོ་རྒྱལ་བ་ཀུན། །ཞེས་པ་ལ་སོགས་པ་ལན་དང་བཅས་པ་སྟོན་པ་ལ་རྒྱ་དཔེ་ཡོད་ཅིང་། འགྲེལ་པའང་སློབ་དཔོན་སངས་རྒྱས་གསང་བ་དང་། ཉི་འོད་སེང་གེ་དང་། བི་མ་ལ་མི་ཏྲས་མཛད་པ་གསུམ་བོད་དུ་འགྱུར་ཡོད་ལ། དཔལ་གསང་བ་འདུས་པའི་འགྲེལ་ཆེན་བི་ཤྭ་མི་དྲས་མཛད་པ་ལས་ཀྱང་། ཡེ་ཤེས་སེམས་དཔས་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་བྱ་བ་དང་། ཞེས་པ་ལ་སོགས་པ་བཅོམ་ལྡན་རལ་གྲིས་བསྒྲུབས་པ་ལྟར་འདིས་ཀྱང་དེ་ལྟར་དུ་བསྒྲུབས་ཏེ། ཁོ་བོའི་བླ་མས་དཔལ་གསང་བ་སྙིང་པོ་སྒྲུབ་པ་ལས་གསུང་པ་འདི་ཡིན་ནོ། །དེ་བཞིན་དུ་འདི་ལ་གླེན་གཞི་དང་། དུས་དང་། སྟོན་པ་ལོག་པ་ལ་སོགས་པའི་སྐྱོན་སྤོང་བ་ཡང་དེ་ཉིད་ལས་རྒྱས་པར་གསུངས་སོ། །ཡང་དགོངས་པ་འདུས་པ་ལ་སོགས་པ་རྒྱ་མཚོའི་རི་མ་ལ་ཡར་ཕྱག་ན་རྡོ་རྗེས་གསུངས་པའི་རྒྱུད་ཡིན་ཅིང་། དེ་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་རྒྱ་གར་ནས་བསྒྱུར་བ་ཡིན་ལ། རྔམས་པ་གློག་གི་འཁོར་ལོའི་རྒྱུད་ཀྱང་སློབ་དཔོན་པདྨས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་མུན་སེལ་སྒྲོན་མར་ལུང་དྲངས་པས་རྒྱུད་ཡང་དག་པར་གསལ་ཞིང་། རྡོ་རྗེ་ཕུར་པ་རྩ་བ་རྡོ་རྗེ་ཁྲོས་པ་ལ། སློབ་དཔོན་པདྨའི་དུས་ཀྱི་སྔ་འགྱུར་ཞིག་དང་། ཕྱིས་དཔྱལ་ལོ་དང་ས་སྐྱ་པས་བསྒྱུར་བ་སྟེ། འགྱུར་གསུམ་སྣང་བས་ཡང་དག་པ་ཡིན་ནོ། །ཞེས་ཁོ་བོའི་བླ་མ་གསུང་ངོ་། །དེ་བཞིན་དུ་རྗེ་བཙུན་གྲགས་པ་དང་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོས་མཛད་པའི་རྒྱུད་ཀྱི་དཀར་ཆག་ལས་ཀྱང་། གསང་སྔགས་སྔ་འགྱུར་ལ་གསང་བ་སྙིང་པོ། སྒྱུ་འཕྲུལ་བརྒྱད་ཅུ་པ། སྒྱུ་འཕྲུལ་བླ་མ། ལྷ་མོ་སྒྱུ་འཕྲུལ། ཐབས་ཀྱི་ཞགས་པ་རྣམས་རྒྱུད་ཡང་དག་ཡིན་པ་འདྲ། ལྷག་མ་རྣམས་ལེགས་པར་བརྟགས་ལ་བྱ་དགོས་སོ། །ཞེས་འབྱུང་ངོ་། །ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལ་སོགས་པ་ལོ་ཙཱ་བ་ཀམ་ཆོས་ཀྱི་ཡེ་ཤེས་དང་། ཕྱུགས་མཚམས་དགྲ་བཅོམ་ལ་སོགས་པས་བསྒྱུར་བ་ཀྱེ་རྡོ་རྗེའི་བཤད་རྒྱུད་དང་ཆ་མཐུན་གྱི་རྒྱུད་དུ་མཁས་པ་རྣམས་ལ་གྲགས་པ་ཡིན་ལ། ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལ་སློབ་དཔོན་ཟབ་པའི་རྡོ་རྗེ་དང་སློབ་དཔོན་ཤེས་རབ་གསང་བས་མཛད་པའི་འགྲེལ་པ་ཡོད་ལ། སློབ་དཔོན་ཨ་བྷ་ཡས་ཀྱང་མན་ངག་གི་སྙེ་མ་ལྔ་པར། ཇི་སྐད་དུ། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། །ཞེས་པ་དང་། དེ་ལྟར་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། །ཞེས་ལུང་མང་དུ་དྲངས་ཤིང་། སྙེ་མ་ཉི་ཤུ་རྩ་གཅིག་པར་ཡང་། ཇི་ལྟར་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་གསུངས་པ། རི་བོང་ཅན་གྱི་ཆ་བཞིན་དུ། །ཞེས་པ་ལ་སོགས་པ་རྒྱས་པར་དྲངས་པ་རྣམས་ནི་ཡང་དག་པའི་ཤེས་བྱེད་ཡིན་ནོ། །སྤྱོད་པའི་རྒྱུད་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་དང་། ཁོག་སྣང་། རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མ་རྣམས་སྔགས་དོན་རྣམ་གཟིགས་ལ་སོགས་པའི་རྒྱུད་འགྲེལ་ན་དྲངས་ཡོད་པས་རྒྱུད་ཡང་དག་པ་ཡིན་ནོ། །ཞེས་གསུང་ངོ་། །ཡང་ཁོ་བོ་ཅག་གི་བླ་མའི་ཞལ་ནས། །དུས་ཕྱིས་བྱུང་བའི་རྒྱུད་ལ་དུས་འཁོར་གྱི་གཞུང་དྲུག་ཤར་ཕྱོགས་བ་རེནྡྲའི་ཙེ་ལུ་ཡོ་གའི་མ་ཙེ་ལུ་ཨཱ་ཙརྱ་ཞེས་བྱ་བས་རྙེད་དེ། དེ་མཁས་པ་རིག་རལ་སྒོ་དྲུག་དང་དུས་མཉམ་པས། པཎ་ཆེན་དེ་དག་གིས་གཟིགས་པས་འཇིག་རྟེན་གྱི་ཁམས་ལེའུ་ལ་སོགས་པ་བ་ར་ཏ་དྲང་སྲོང་རྒྱས་པའི་གཞུང་འབུམ་ཕྲག་གཅིག་ཡོད་པ་དང་མཐུན་པར་བྱུང་། རྩ་རླུང་ལ་སོགས་པའང་སངས་རྒྱས་པའི་རྒྱུད་དང་མི་མཐུན་པར་བྱུང་། ཐེག་པ་གསུམ་དང་འགལ་བར་འདུག་པས་དེ་གང་ནས་བྱུང་དྲིས་པས། འདི་ནས་བྱུང་ཙེ་ལུ་པ་རང་ལ་གཏུགས་ཙ་ནའང་བཤད་ལུགས་ལྔ་ཙམ་བྱས་ནས་ངེས་པ་མི་འདུག་པས་ནང་པའི་མཁས་པ་རྣམས་ཀྱིས་མ་བླངས་སོ། །དེ་ལྟར་དུས་འཁོར་སངས་རྒྱས་པའི་ཆོས་སུ་མ་ཆུད་པ་ལ་དེ་ནས་མི་རབས་གཉིས་ན་སློབ་དཔོན་ཨཱ་བྷ་ཡ་ཀ་ར་གུཔྟས། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་པོ་རྡོ་རྗེ་ཕྲེང་བའི་མཇུག་ཏུ་བྲིས་ཤིང་། དེའི་སྡོམ་ཚིག་དང་དུས་འཁོར་ལ་འཇུག་པ་ལ་སོགས་པའི་ཆ་ལག་མཛད་ནས་སངས་རྒྱས་པའི་གཞུང་དུ་མཛད་མོད་ཀྱི། འོན་ཀྱང་འདི་ལ་གཟའ་སྐར་ཤར་དུ་འགྲོ་བ་དང་རྒྱ་ནག་བོད་ཀྱི་བྱང་ན་ཡོད་པ་ལ་སོགས་པ་བླུན་པོས་ཀྱང་རིག་པའི་ནོར་བ་མང་པོ་ཡོད་ཅིང་། དབུའི་སྐྱེས་བུ་ཉེ་ཤུ་རྩ་ལྔ་ནས། རོང་པ་རྡོ་རྗེ་རྒྱལ་མཚན་པས་རྒྱུད་ཕྱི་མ་སྤར་དུ་བཞེངས་པའི་མཇུག་བྱང་དུ། ཛམ་གླིང་བྱང་ཕྱོགས་རྒྱ་ནག་ཡུལ་ཆེན་གྱི། །རྒྱལ་པོའི་ཕོ་བྲང་ཏའི་རུ་ཞེས་གྲགས་པའི། །མཁར་གྱི་ལྷོ་ཕྱོགས་ནམ་ཀི་ཞེས་པའི་སྡེར། །སྔོན་མེད་སྤར་འདི་བསྒྲུབ་འདོད་བློ་སྐྱེས་ནས། །ཞེས་གསུངས་པ་དང་། རྒྱའི་ཡིག་ཚང་ལས་སེ་ཆེན་རྒྱལ་པོའི་མངའ་འབངས་ཀྱི་ཡུལ་མཐའ་ནས་ཤམྦྷ་ལའི་ཡུལ་གྱི་མཐའ་མ་རི་གངས་ཅན་ལ་ཞག་བཅུ་གཉིས་ཀྱིས་སླེབས་པ་བཤད་པས་རྒྱ་ནག་བོད་ཀྱི་བྱང་ན་ཡོད་པར་གསལ་ལ། གཟའ་སྐར་ཤར་དུ་འགྲོ་བ་མ་ཟད་འགྲོས་བཞི་ཡོད་པས་ལྷོ་ནུབ་བྱང་གསུམ་དུའང་འགྲོ་བ་ཡིན་ནོ། །རང་ལུགས་མང་པོ་མུ་སྟེགས་པ་ལ་བྱས་ཡོད་པས། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་དཔལ་སམྦུཊའི་བརྟགས་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོའི་འགྲེལ་པ་མན་ངག་གི་སྙེ་མའི་སྙེ་མ་ཉི་ཤུ་རྩ་གཅིག་པ་ལས། འོ་ན་དུས་ཀྱི་འཁོར་ལོ་ལ་སོགས་པ་དང་དེའི་རྗེས་སུ་འབྲང་བའི་གཞུང་ནས་ཐེག་པ་གསུམ་དང་འགལ་བར་རྣམ་པར་བཞག་པར་བྱས་པ་དེས་ན་དེའི་གཞུང་བྱེད་པའི་གྲགས་པ་དང་། པདྨ་དཀར་པོ་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེའི་མིང་ཅན་གྱི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཞེས་མང་དུ་མཁྱེན་པ་རྣམས་གསུངས་ལ། དེས་ན་འགལ་བ་ཐམས་ཅད་མི་སྤོང་བ་ལ། འགལ་བ་འགའ་ཙམ་ཡང་སྤོང་བར་རྩོལ་བར་བྱེད་དོ། །ཞེས་བཤད་དེ། དེ་ལ་མང་དུ་མཁྱེན་པ་ནི་མཁས་པ་སྒོ་དྲུག་ལ་སོགས་པ་རྣམས་སོ། །དེས་ན་དེ་དག་མ་རྒྱུད་དུ་བྱེད་ཀྱང་ཕྱི་ནང་འདྲེས་པ་ཡིན་པས་པུ་སྟི་གུད་དུ་བྱས་ལ་བཞུགས་ཀྱི། རྒྱུད་འབུམ་རྣམས་ཀྱི་དབུར་འདྲི་བའང་མི་འཐད་དོ། །ཞེས་གསུང་ངོ་། །འདི་ཡང་མི་འཐད་དེ། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་དེ་དག་རྣམ་གྲངས་སུ་གསུངས་ཤིང་། །མན་ངག་གི་སྙེ་མ་ལྔ་པ་ལས་ཀྱང་། །གཙུག་ཏོར་ནས་ནི་སྨིན་མཚམས་ཀྱི། །ཞེས་པ་ནས། དེ་ཕྱིར་མྱ་ངན་འདས་པར་གནས། །ཞེས་པའི་བར་དུ་དུས་ཀྱི་འཁོར་ལོ་ལས་བརྗོད་དེ། ཞེས་ཡིད་ཆེས་པའི་ཁུངས་སུ་མཛད་ལ། ཁ་ཆེའི་སློབ་དཔོན་ན་རོ་ཏ་པ་དང་ཉི་མ་དཔལ་ཡེ་ཤེས་ལ་སོགས་པ་མཁས་གྲུབ་ཆེན་པོ་རྣམས་ཀྱིས་རྒྱུད་ཡང་དག་ཏུ་མཛད་ནས་དབང་མདོར་བསྟན་ལ་སོགས་པ་འགྲེལ་བར་མཛད་ཅིང་། ཐེག་པ་གསུམ་དང་འགལ་བ་དང་། སྣོད་ཀྱི་འཇིག་རྟེན་གྱི་རྣམ་བཞག་བ་ར་ཏའི་གཞུང་དང་མཐུན་པར་བསྟན་པ་ལ་སོགས་པ་ནི་ཉི་མའི་ཤིང་རྟ་ལ་སོགས་པའི་གདུལ་བྱ་ཐེག་ཆེན་ལ་དྲངས་བའི་ཕྱིར་ཏེ། མན་ངག་གི་སྙེ་མ་ཉི་ཤུ་རྩ་གཅིག་པ་དེ་ཉིད་ལས། གང་དུས་ཀྱི་འཁོར་ལོ་ལས་གསུངས་པ། ནམ་མཁའི་དཀྱིལ་འཁོར་ལོགས་ཤིག་ཏུ་གཏོན་ནས་གསུངས་པ་ནི་མུ་སྟེགས་པའི་མངོན་པར་ཞེན་པ་དང་ལྡན་པ་ཉི་མའི་ཤིང་རྟ་ལ་སོགས་པའི་གདུལ་བྱ་རྣམས་ངེས་པའི་དོན་ལ་གཞུག་པར་བྱ་བ་ལ་དགོངས་ནས། དྲང་བའི་དོན་གྱི་སྣོད་ཀྱི་འཇིག་རྟེན་བ་ར་ཏ་ལ་སོགས་པའི་རྗེས་སུ་འཇུག་པ་ཉིད་ཀྱིས་རི་རབ་ཀྱི་མཐའི་བར་དུ་རྣམ་པར་བཞག་པ་ལ་སོགས་པ་བསྟན་པ་བཞིན་ཤེས་པ་ཉིད་དུ་ཤིན་ཏུ་རྒྱས་པར་བཤད་པའོ། །ཞེས་པ་དང་། དུས་ཀྱི་འཁོར་ལོ་ནས་བསྟན་པ་རྒྱུད་གཞན་དང་མི་འགལ་བ་དོན་ཆ་ནས་འགའ་ཞིག་བདག་ཉིད་ཀྱི་གཞུང་གི་ཆ་དང་རྗེས་སུ་མཐུན་པ་དང་། འགའ་ཞིག་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པས་ཁ་ཅིག་སྤངས་ལ། དེ་ལ་གཞན་པའི་འགལ་བ་རྣམས་མ་སྤངས་ཀྱང་། དེ་རྣམས་ཀྱི་ཉེས་པ་ཅི་ཡང་མེད་དོ་ཞེས་གསུངས་པའི་ཕྱིར་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་ལ་སོགས་པའི་མཁས་པ་ཆེན་པོ་རྣམས་རྒྱུད་ཡང་དག་ཏུ་བཞེད་པ་ཡིན་ནོ། །ཞེས་བཤད་པ་འདི་རྣམ་པར་དག་པ་ཡིན་ལ། གྲག་པ་ལ་སོགས་པའི་མིང་ཅན་བྱང་ཆུབ་སེམས་དཔའ་མ་ཡིན་པར་སྨྲ་བའང་རྒོལ་བར་བཀོད་ཐ་ཆད་པ་ཡིན་ནོ། །ཡང་ཁ་ཅིག་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་གཉིས་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་པའི་བོད་མ་ཡིན་ནོ། །ཞེས་ཟེར། འདི་ལ་ནག་ཚོ་ལོ་ཙཱ་བའི་ཞལ་སྔ་ནས་ཀྱི་དང་པོ་རྒྱ་གར་དུ་མ་ཕྱིན་གོང་དུ་དེ་ལྟར་གཙིགས་མི་འདུག་པ་ལ། ཕྱིས་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རྣམས་འདི་ལ་བཤད་ཉན་བྱེད་ཀྱིན་འདུག་པར། དེ་ལ་བདུད་རྩིའི་ཐིག་པ་ཞེས་བྱ་བའི་གདམས་ངག་ངོ་མཚར་ཅན་ཅིག་འདུག་པའང་ནག་ཚོས་བསྒྱུར་ཏེ་ཤིན་ཏུ་གཙིགས་ཆེ་བར་མཛད་པས་ཐམས་ཅད་ཡིད་ཆེས་པ་ཡིན། ཞེས་གྲགས་སོ། །བོད་དུ་འགྱུར་བའི་ཆོས་ཞིག་ལ་ཇོ་བོ་དང་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའི་རྩ་ལྟུང་རྒྱ་ཆེར་འགྲེལ་འགྱུར་བཟང་བ་ཡིན་གསུང་ཡང་ཁ་ཅིག་དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བར་གྲགས་པ་འདི་རྒྱ་ཕོ་བ་ལུང་པས་བྱས་པས་བོད་མ་ཡིན་ནོ་ཟེར། ཡང་བཅོམ་ལྡན་པ་ལ་ལ་བོད་བརྫུན་མས་བསླུ་བའི་ཕྱིར་སླད་ནས་མི་མཐུན་པ་མང་པོ་བྱས་པར་སྣང་བས་ཡང་དག་པ་མ་ཡིན་ནོ་ཞེས་ཟེར། ཡང་ཆོས་ཁ་ཅིག་ཐུན་མོང་མ་ཡིན་པའི་གསང་བ་ལ་བསྲེ་བསླད་བྱ་བའི་གཞི་རྒྱུད་མཚན་ཉིད་པ་ཞིག་ཡོད་པ་ཡང་སྲིད། སྤྱིར་རྒྱུད་ཁ་འཐོར་བའི་ལུང་མང་པོ་དང་མདོ་སྡེའི་ཁུངས་པོ་བྲིས་འདུག་པས་ཐམས་ཅད་བོད་ཀྱིས་བྱས་པའང་མ་ཡིན་མཚམས་སྦྱོར་དང་ལྷད་མང་པོ་ཞུགས་འདུག །དེའི་རྒྱུ་མཚན་གྱིས་གཙོ་བོའི་བཛྲ་དྷྲི་ཀ་ལ་སོགས་པའི་སྔགས་གཏུབ་རྣམས་རྒྱ་གར་གྱི་སྤྱོད་ཚུལ་མེད་པར་བོད་ཀྱི་ལུགས་སུ་བྱས་འདུག །གཞན་ཡང་ཚིག་གི་སྦྱོར་བ་རགས་པ་མང་པོ་གདའ། ཞེས་ཟེར། འདི་ཡང་ཀར་ཤཱཀྱ་གྲགས་པ་ལ་སོགས་པ་རྒྱུད་ཡང་དག་ཏུ་བཞེད་ཅིང་པཎྜི་ཏ་སྨྲྀ་ཏིས་རང་འགྱུར་ཀྱང་ཡོད་པར་གྲགས་ལ། ཁྱད་པར་དུ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས། དེ་སྐད་དུ་ཡང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། བྷ་ག་སྐལ་ལྡན་སངས་རྒྱས་ཉིད། །དེས་ན་ཆགས་པ་བསུན་མི་འདོན། །ཞེས་མན་ངག་གི་སྙེམ་མ་དང་པོར་ཁུངས་སུ་མཛད་དོ། །ཅི་སྟེ་སྔ་མ་མིང་མཐུན་སྦྱར་བར་སེམས་ན། སློབ་དཔོན་གྱིས་དྲངས་པའི་གཞི་རྒྱུད་ཡང་དག་བསྟན་དགོས་ལ། བོད་དུ་མ་འགྱུར་པའང་ཡིད་ཆེས་པའི་ལན་དུ་མི་རུང་ངོ་། །ཞེས་རྒྱང་རོ་བྱང་ཆུབ་འབུམ་གསུངས་ཏེ། དུས་ཕྱིས་གཉིས་མེད་རྣམ་རྒྱལ་ཆུང་བ་འདི་ཀུན་མཁྱེན་བུས་བསྒྱུར་བ་ཡིན་པས་ཤིན་ཏུ་བདེན་ནོ། །ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་ཀྱང་། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས། སངས་རྒྱས་ཀུན་སོགས་གསོད་པ་ཡིས། །སེམས་ཅན་སྨད་པར་མི་བྱའོ། །ཞེས་ལྡེམ་པོར་དགོངས་པ་ཡོན་པོར་སྟོན་པའི་སྐབས་སུ་ཁུངས་སུ་མཛད་པ་དང་། ཡང་འདྲེན་པ་དེས། ཐ་དད་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤཱ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ། །ཞེས་གསུངས་པ་ལས་ཤེས་པར་བྱའོ། །ཞེས་རྣམ་པར་མཛད་དང་ཤཱཀྱ་ཐུབ་པ་ཐ་མི་དད་པར་སྟོན་པའི་སྐབས་སུ་ཁུངས་ཉིད་དུ་མཛད་དོ། །ཡང་རྗེ་པ་ཁ་ཅིག་རྡོ་རྗེ་ས་འོག་གཅིག་མ་གཏོགས་ལྷག་མ་རྡོ་རྗེ་ས་འོག་དང་འཇིག་རྟེན་གསུམ་འདུལ་ལ་སོགས་པ་མང་པོ་སྣང་སྟེ་བོད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་ཁ་ཅིག་རྡོ་རྗེ་མེ་ལྕེའི་རྒྱུད་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་པ་དང་། རི་ཁ་ཅིག་སོག་མ་མེད་ཀྱི་རྟོག་པ་རྒྱས་པའང་བོད་ཀྱིས་བྱས་ཟེར། འདི་དག་ཀྱང་མི་རུང་སྟེ། རྡོ་རྗེ་ས་འོག་ལེའུ་བདུན་པ་ནི་ལོ་ཙཱ་བ་དགེ་སློང་བྱའི་གདོང་ཅན་རིན་ཆེན་བཟང་པོས་བསྒྱུར་བ་ལ་བརྩོད་པ་མེད་པས་ཡང་དག་ཡིན་ལ། རྡོ་རྗེ་ས་འོག་ལེའུ་བཅུ་གསུམ་པ་ཟངས་ཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་ནི་དཔེ་ཁ་ཆེ་དགོན་པ་ལ་ཞུས་པས་ཡང་དག་ཡིན་ནོ། །ཅི་སྟེ་རྒྱུད་འདི་ལས། བཞི་པ་ཡི་ནི་ལྔ་པ་ལ། །ཡི་གེ་ཨཱི་ནི་རབ་ཏུ་སྦྱར། །མཐར་གནས་པ་ཡི་གསུམ་པ་ལ། །ལྔ་པ་ཡི་ནི་མཐའ་དང་སྦྱར། །ཞེས་འབྱུང་བས། ལྔ་གྱི་ཨ་བཏུབ་ཆད་པས་རྒྱུད་མ་ཡིན་པར་རྟོག་ན། དེ་ཡང་མི་རུང་སྟེ། དཔེར་ན་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའི་མི་གཡོ་བའི་གཟུངས་ལས། གཉིས་པའི་དང་པོར་བཅས་པ་ནི། །གསུམ་པ་དག་གི་ལྔར་ལྡན་ཅིང་། །བཞི་པ་ཡི་ནི་བཞི་པ་དང་། །ཞེས་འབྱུང་བས། ཙན་དྷ་ཞེས་བཏུས་ཀྱང་ཡང་དག་པ་ཡིན་པ་བཞིན་ནོ། །རྡོ་རྗེ་ས་འོག་ལེའུ་ཉེར་ལྔ་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་བ་ལ་བརྩོད་པ་མེད་དེ། དེ་ཉིད་ཀྱིས། ལྷ་མིན་དབང་པའི་སྒོ་གླེགས་འཇོམས་བྱེད་པ། །གསུང་རབས་དམ་པ་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ། །གང་ལགས་དེ་ལ་མཁས་རྣམས་བཟོད་པར་མཛོད། །ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར། །གསང་བདག་རྡོ་རྗེ་འཛིན་པ་དམ་པའི་བཀའ། །གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས། །བསྒྱུར་བ་འདི་ལ་བདག་གིས་སྒྲ་ཉམས་པ། །གང་ལགས་དེ་ལ་མཁས་རྣམས་བཟོད་པར་མཛོད། །བསྒྱུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན། །ཅེས་གསུངས་པ་ཡིན་ནོ། །འཇིག་རྟེན་གསུམ་འདུལ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བསྒྱུར་བ་ཡིན་ལ། རྡོ་རྗེ་མེ་ལྕེའི་རྒྱུད་འགྲེལ་པ་མཁན་པོས་རྣལ་འབྱོར་ཆེན་པོར་བཀྲལ་བའི་ཕྱིར་དང་། སོགས་མ་མེད་ཀྱི་རྟོགས་པ་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བས་རྒྱུད་ཡང་དག་ཏུ་མཁས་པ་རྣམས་བཞེད་ཅིང་། ཀླུའི་རྒྱལ་པོ་སོགས་མ་མེད་ཀྱི་གཏམ་བརྒྱུད་ཀྱིས་ཡང་དག་མ་ཡིན་པར་དགག་མི་ནུས་པའི་ཕྱིར་རོ། །ཡང་བོད་ཁ་ཅིག་འདུལ་བ་དོན་ཡོད་པར་གྲུབ་པའི་རྒྱུད་དང་། གསང་བ་རྒྱན་གྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུན་རྣམས་ཡང་དག་པ་མ་ཡིན་པར་སྨྲ་ལ། དཔལ་འཛིན་གྱིས། ཕྱག་ན་རྡོ་རྗེ་མི་གཡོ་བ། །ཞེས་བཀག་པའི་རྒྱུད་རྣམས་ཀྱང་གོང་དུ་བསྟན་པའི་རྒྱུད་ཡང་དག་པ་དེ་རྣམས་ཡིན་ནོ། །ཡང་བོད་རྣམས་བདེ་མཆོག་ར་ལྀའི་རྒྱུད་རྣམས་དང་། ཐམས་ཅད་གསང་བའི་རྒྱུད་དང་། གསང་བ་ནོར་བུའི་ཐིག་ལེ་ལ་སོགས་པ་ཡང་དག་པ་མ་ཡིན་པར་སྨྲའོ། །འདི་དག་ཀྱང་མི་རུང་སྟེ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདུལ་བ་དོན་ཡོད་པར་གྲུབ་པ་ལས། དེ་ཚེ་འཁྲིག་པ་བརྟེན་མི་བྱ། །བརྟུལ་ཞུགས་འདི་ནི་སྐྱོན་མེད་ཡིན། །སྡིག་ལྡན་ཅི་ཡང་མི་བྱ་ཞིང་། །གང་ལའང་ཁྲོ་དང་ཆགས་མི་བྱ། །ཅེས་པ་དང་། གསང་བ་རྒྱན་ཅེས་བྱ་བའི་རྒྱུད་ལས་ཀྱང་། །དམ་ཚིག་དུས་དང་བྱིན་བརླབ་པའི། །དུས་མ་གཏོགས་པ་གཞན་དུ་ནི། །རྫུན་གྱི་ཚིག་ནི་སྨྲ་མི་བྱ། །ཆང་ནི་བཏུང་བར་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཞེས་སྒྲ་བཞིན་པར་སྟོན་པའི་སྐབས་སུ་དེ་དག་ཡིད་ཆེས་ཀྱི་ཁུངས་སུ་སྦྱར་བའི་ཕྱིར་དང་། དྲག་པོ་གསུམ་འདུལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར་བརྩོད་མེད་ཡིན་པའི་ཕྱིར་རོ། །ར་ལི་ལ་གནས་སམ་ཡུལ་ཉི་ཤུ་རྩ་བཞི་ལ་རྒྱུད་ཉི་ཤུ་རྩ་བཞི་དང་། ཆ་མཐུན་གྱི་རྒྱུད་བརྒྱད་དང་བཅས་པས་སུམ་ཅུ་རྩ་གཉིས་ལ་རྒྱ་དཔེ་ཡོད་ཅིང་། པཎྜི་ཏ་ག་ཡ་དྷ་རས་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་དང་སྨྱོས་ཡོན་ཏན་གྲགས་གཉིས་ཀ་ལ་རྒྱུད་ཡང་དག་ཏུ་བྱས་ནས་བཤད་དོ་ཞེས་ཁོ་བོའི་བླ་མ་གསུང་ལ། ཡང་ཤཱནྟི་པས། ཐམས་ཅད་གསང་བའི་རྒྱུད་ཀྱི་བཤད་སྦྱར་གསང་བའི་སྒྲོན་མར་འདི་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་ཕྱིར་ཡང་དག་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་མཛོད་ལོ་ཙཱ་བ་དགེ་བློས་བསྒྱུར་འདི་ཁ་དཔལ་འཛིན་ཅིག་བོད་མ་དང་། ཁ་རི་ཅིག་རྣལ་འབྱོར་ཆེན་པོར་འདོད་པ་ཡང་སློབ་དཔོན་ཤཱནྟི་པས་རྣལ་འབྱོར་གྱི་རྒྱུད་དུ་བཤད་པས་གསལ་ལོ། །གསང་བ་ནོར་བུ་ཐིག་ལེ་ཡང་ས་པཎ་གྱི་འགྱུར་ཡིན་ཏེ། རྗེ་དེ་ཉིད་ཀྱིས། དམ་པའི་རྒྱུད་འདི་གངས་ཅན་འདི་ན་སྔོན། །རྣམ་པ་ཀུན་ཏུ་བསྒྱུར་བ་མ་རྙེད་ནས། །མཁས་པ་བདོ་བར་གཤེགས་པའི་དཔལ་དང་ནི། །སྒྲ་རིག་ཀུན་དགའ་རྒྱལ་མཚན་བདག་གིས་བསྒྱུར། །དམ་པའི་བཀས་བསྐུལ་ནས་ནི་གུས་པ་ཡིས། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར། །དགེ་བ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱིས། །གསང་དོན་རྟོགས་ནས་སངས་རྒྱས་སར་འགྲོ་ཤོག །ཅེས་གསུངས་པ་ཡིན་ནོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྒྱན་གྱི་བཀོད་པ་བསྒྱུར་བའི་མཇུག་ཏུ་ཡང་། མདའ་ལྔའི་གཙུག་ལག་ཡིད་ཀྱི་སྲུང་ཤིང་གིས། །དྲེགས་པའི་དྲྭ་བ་རྣམ་པར་དྲལ་བའི་ཕྱིར། །རྒྱུད་རྒྱལ་རྒྱ་མཚོ་ཆེན་པོ་ལྟར་ཟབ་འདི། །བསྒྱུར་ལ་འགལ་གང་དེ་ལ་འཕགས་རྣམས་དགོངས། །ཞེས་གསུངས་ལ། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་ཀྱང་མན་ངག་གི་སྙེ་མ་བདུན་པར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ཆེན་པོ་ལས་ཀྱང་། ཞེས་ཡིད་ཆེས་པའི་ཁུངས་སུ་མཛད་པ་ཡིན་ནོ། །གཞན་ཡང་རྒྱུད་རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་སྒོ་དང་། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་དང་། ཕྱག་ན་རྡོ་རྗེ་ཀུན་ལས་བསྟུས་པ་དང་། སྤྱོད་པ་མཆོག་དང་། དངོས་གྲུབ་བསྟན་པར་བྱེད་པ་དང་། དམ་ཚིག་དེ་ཁོ་ན་ཉིད་འཕྱེད་པ་དང་། རྡོ་རྗེ་རྣོན་པོ་དང་། དགོངས་པ་བླ་ན་མེད་པ་དང་། རྡོ་རྗེ་སྲ་འདུས་དང་། དམ་ཚིག་ཆེན་པོ་དང་། འབྱུང་པོ་འདུལ་བྱེད་དང་། རྡོ་རྗེ་ཅོད་པན་དང་། ཁྲོ་བོ་ཟླ་གསང་དང་། རྡོ་རྗེ་ཐོད་པ་དང་། ནོར་བུ་གསལ་བ་དང་། ཐོད་པའི་ཕྲེང་བ་དང་། ཡི་གེ་དྲུག་པའི་དམ་ཚིག་དང་། འཇམ་དཔལ་གྱི་རྒྱུད་དང་། མངོན་པའི་དམ་ཚིག་གི་རྒྱུད་དང་། དང་པོའི་སངས་རྒྱས་དང་། ཨ་ར་ལི་ཆེན་པོ་དང་། ཐམས་ཅད་མཁྱེན་པ་འཇིགས་བྱེད་དང་། རྡོ་རྗེ་གསང་བ་དང་། དམ་ཚིག་གསུམ་གྱི་རྒྱན་དང་། གསང་བ་རྒྱན་གྱི་སྡོང་པོ་དང་། ཡེ་ཤེས་བཀོད་པ་དང་། གསང་བ་དབང་པོའི་ཐིག་ལེ་དང་། ཐིག་ལེ་ཁ་སྦྱོར་དང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ་དང་། མངོན་པར་འབྱུང་བ་བླ་ན་མེད་པ་དང་། སངས་རྒྱས་བླ་གབ་དང་། ཁམས་གསུམ་གསང་བ་དང་། འཇམ་དཔལ་གསང་བ་དང་། སྒྲོལ་མ་འབྱུང་བ་དང་། རྟོགས་པ་ཀུན་ལས་བཏུས་པ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྣལ་འབྱོར་རྣམ་པར་རྒྱལ་བ་དང་། ལྷ་ཐམས་ཅད་འདུས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྡོ་རྗེའི་རྒྱུད་དང་། རྡོ་རྗེ་ཁྲོ་བོ་སྙོམས་འཇུག་གསང་བ་དང་། རྡོ་རྗེ་དྲི་མ་མེད་པ་དང་། དམ་ཚིག་གསུམ་རྒྱལ་དང་། དབང་ཀུན་ནས་སྐྱེད་བྱེད་དང་། ཕྱག་ན་རྡོ་རྗེ་སྙིང་པོ་འབྱུང་གནས་དང་། རྡོ་རྗེ་མངོན་འབྱུང་དང་། པདྨའི་འབྱུང་གནས་དང་། ཤིན་ཏུ་རབ་ཏུ་གནས་པ་དང་། རྡོ་རྗེ་ཅོད་པན་དབང་བསྐུར་བ་དང་། དཀྱིལ་འཁོར་ཆེན་པོ་བཀོད་པ་དང་། དམ་ཚིག་མངོན་པར་འབྱུང་བ་དང་། པདྨ་དྲྭ་བ་དང་། དོན་ཡོད་པའི་རྟོག་པ་དང་། རྡོ་རྗེ་དབུ་རྒྱན་ལ་སོགས་པ་རྣམས་ནི་ཡེ་ཤེས་ཞབས་ལུགས་དང་། རྣམ་སྣང་མངོན་བྱང་གི་འགྲེལ་པ་དང་། དཔུང་བཟང་གི་འགྲེལ་པ་དང་། སྒྲོན་གསལ་གྱི་སྟོད་འགྲེལ་དང་། སྤྱོད་བསྡུས་དང་། སྔགས་དོན་རྣམ་གཟིགས་དང་། ན་རོ་པའི་འགྲེལ་པ་དང་། ཞི་བ་འཚོའི་དེ་ཁོ་ན་ཉིད་གྲུབ་པ་དང་། རྡོ་རྗེ་ཕྲེང་བ་དང་། མན་ངག་གི་སྙེ་མ་དང་། མི་འཇིགས་པའི་གཞུང་འགྲེལ་ལ་སོགས་པའི་གཞུང་མང་པོར་དྲངས་པའི་ཚིག་དེ་དག་ཡོད་པ་བསླུ་བའི་བསམ་པས་མིང་མཐུན་དུ་སྦྱར་བ་མ་ཡིན་པ་རྣམས་ནི་རྒྱུད་ཡང་དག་ཡིན་ནོ། །ཞེས་ཁོ་བོའི་བླ་མ་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་རལ་གྲིས་གསུངས་པ་ལྟར་ཤེས་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་བསྟན་པ་འདི་དག་གིས་ནི། པཎ་ཆེན་གསེར་མདོག་ཅན་པས་དཔལ་འཛིན་པ་རྣམ་དཔྱོད་དང་ཐོས་པ་ཆེ་བར་མཚོན་ནུས་ཤིང་། ཞེས་གསུངས་པ་དེ་ལ་རྣམ་དཔྱོད་དང་ཐོས་པ་ཆུང་བ་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པ་རྣམས་ཀྱང་རྒྱུད་ཀྱི་སྡེ་ཚན་དུ་གསུངས་སོ། །དེས་ན་གཟུངས་ཀྱི་མིང་ཅན་མདོ་ཡིན་པ་དང་། མདོའི་མིང་ཅན་རྒྱུད་ཡིན་པ་རྣམས་ཀྱང་མ་འདྲེས་པར་ཤེས་པར་བྱའོ། །ཞེས་པ་དང་། ཡང་མདོ་ཕལ་པོ་ཆེ་ལས་བྱུང་བ་འཇིག་རྟེན་གདགས་པ་དང་། རྒྱུ་གདགས་པ་དང་། ལས་གདགས་པ་དང་། གཞོན་ནུ་མ་གསེར་མདོག་གི་རྟོག་པ་བརྗོད་པ་དང་། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་དང་། དགའ་བའི་བཤེས་གཉེན་གྱི་རྟོག་པ་བརྗོད་པ་དང་། ཀུན་ལའི་མིག་གི་རྟོག་པ་བརྗོད་པ་དང་། མྱ་ངན་མེད་ཀྱི་སྒོ་ནས་ཀླུ་བཏུལ་བའི་ལེའུ་དང་། དཔེའི་ཕྲེང་བ་དང་། གནས་བསྟན་སྤྱན་དྲང་བ་དང་། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པ་དང་། ཐུབ་པ་དྲང་སྲོང་གར་ལྷའི་ལྟས་ཀྱི་སྣང་བ་བསྟན་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་རྩིས་དང་། སྐྱེས་པ་རབས་ཀྱི་རྒྱུད་དང་། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལ་སོགས་པ་འབྱུང་མོད་ཀྱི། འདི་ལ་མངོན་པ་སྡེ་བདུན་ནི་མདོ་སྡེ་པ་ལ་སོགས་པས་བཀར་མི་འདོད་ལ། གཞན་དག་ཀྱང་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་འཕགས་པ་རྣམས་དང་། སྙན་ངག་མཁན་ཆེན་པོ་འཕགས་པ་དཔའ་བོ་ལ་སོགས་པས་མཛད་པའི་ཕྱིར་ཡང་དག་པའི་བསྟན་བཅོས་ཡིན་ནོ། །ཡང་གངས་ཅན་གྱི་མཁས་པ་ཀླུ་མེས་དབང་ཕྱུག་གྲགས་ནི། བདག་མེད་པ་དྲིས་པའི་མདོ་དང་། ཟུང་གི་མདོ་ཆོས་ཀྱི་རྣམ་གྲངས་དང་། སྟག་སྣའི་རྟོག་པ་བརྗོད་པའི་མདོ་དང་། མིག་བཅུ་གཉིས་པའི་མདོ་ལ་སོགས་པ་བཀའ་མ་ཡིན་ཅིང་། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོའི་མདོ་བཀར་ཐེ་ཚོམ་ཟའོ་ཞེས་འཆད་དོ། །འདི་ཡང་མི་རུང་སྟེ། སྒྲུབ་པར་བྱེད་པའི་ཚད་མ་མེད་ཅིང་། གསུང་རབས་ལ་ཚད་མར་གྱུར་པའི་ལོ་པཎ་རྣམས་ཀྱིས་མཛད་པའི་དཀར་ཆག་དག་ལས་འདི་དག་མདོ་ཡང་དག་ཏུ་བཤད་པས་གནོད་པའི་ཕྱིར་རོ། །བདག་མེད་དྲིས་པའི་མདོ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བསྒྱུར་བ་ལ་བརྩོད་པ་མེད་དོ། །ཡང་བོད་ཁ་ཅིག་ལུང་ཕྲན་ཚེགས་སྒོ་དྲུག་པ་ཡན་ཆད་ལས་མ་འགྱུར་ཞིང་། དེ་ཡང་འཁྲུགས་པ་དང་ཆད་པར་ཡོད་ལ། གཞུང་བླ་མ་བརྩོད་པ་ཅན་ཡིན་ཅིང་། སོ་སོར་ཐར་པའི་མདོ་གཉིས་ཀྱང་དགྲ་བཅོམ་པས་བྱས་པས་བསྟན་བཅོས་ཡིན་ཅེས་ཟེར་རོ། །འདི་དག་ཀྱང་བཤད་པར་བྱ་སྟེ། སྤྱིར་ལུང་བཞི་ཚངས་བར་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། གཞི་འགྲེལ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཇི་སྙེད་འགྱུར་བ་ཚང་བར་བཞུགས། བཀའ་ལུང་བཞི་འགྱུར་བའི་མཇུག་ན། ཐུབ་དབང་ཟླ་བའི་ཞལ་ནས་བྱུང་གྱུར་པ། །གསུང་གི་མེ་ཏོག་ཆར་པ་ཡིད་འོད་རྣམས། །ལྟ་བ་ངན་བཟློག་རྙི་བ་མེད་པ་ཡི་རང་བཞིན་ཡུན་རིང་སྐྱེ་རྒུའི་ནང་གནས་ཤོག །ཅེས་པ་ལོ་ཙཱ་བས་མཛད་པའི་བསྔོ་བའི་ཚིགས་སུ་བཅད་པའང་ཡོད། ལུང་རྣམ་འབྱེད་སློབ་དཔོན་དུ ལ་ལྟའི་འགྲེལ་པ་དང་བཅས་པའང་ཚང་བར་བཞུགས། དེ་ཡང་ཕའི་རྣམ་འབྱེད་དང་། འགྲེལ་པ་ཅོག་གྲུ་ཀླུའི་རྒྱལ་མཚན་གྱིས་བསྒྱུར། མའི་རྣམ་འབྱེད་བན་དྷེ་དཔལ་གྱི་ལྷུན་པོ་དང་། ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ཡིན། འགྱུར་བྱང་གི་དཀར་ཆག་ཏུ་ལུང་ཕྲན་ཚེགས་བསྒྱུར་འཕྲོ་བམ་པོ་ལྔ་བཅུ་ཞེས་འབྱུང་བ་དང་། ཕྲན་ཚེགས་བསྒྱུར་བ་ཁ་ཅིག་གི་མཇུག་ཏུ་སླད་ཀྱིས་སྒྲ་བསྒྱུར་བའི་དཔེ་རེག་ཟིང་དང་ཡང་གཏུགས་ཤིང་། བམ་པོ་མ་ཚང་བ་རྣམས་ཀྱང་མཚམས་མཚམས་སུ་བྲི། བན་པོ་འདི་དག་དང་པོ་ཉིད་ནས་འགྱུར་ཏམ། མ་འགྱུར་ཡང་ལོ་ཙཱ་བ་བན་དྷེ་ཆེན་པོ་དཔལ་འབྱོར་ལ་ཞུ་ཞིང་བརྟག །ཅེས་པ་ལ་སོགས་པ་འབྱུང་བས། འདི་ལ་བམ་པོ་འཁྲུགས་པ་དང་ཅུང་ཟད་མ་ཚང་བ་ལ་སོགས་པ་བདེན་མོད་ཀྱི། འོན་ཀྱང་དགེ་བའི་བཤེས་གཉེན་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ་ཞེས་བྱ་བ་ལ། ལུང་སྡེ་བཞི་པོའི་དཔེ་རྣམས་བཙལ་ཏེ་ལུང་ཕྲན་ཚེགས་མ་ཚང་བ་རྣམས་ཕྲན་ཚེགས་ཁ་ཅིག་ནས་བྱུང་བས་ཁ་བསྐང་བ་ནི། བམ་པོ་སུམ་ཅུ་རྩ་གཉིས་པའི་དབུ། སྨན་ཆེན་པོའི་སྐབས་བདེན་ནམ་བརྫུན་བལྟའོ། །ཞེས་བྱ་བ་ནས། བམ་པོ་སུམ་ཅུ་རྩ་གསུམ་པའི་དབུ། ཇི་ཙམ་ན་དེ་གྲོང་ཁྱེར་ནས་བྱུང་བ་དང་། བྲམ་ཟེ་མོང་བརྟུལ་ཞེས་བྱ་བས་གོས་ཀྱི་མཐའ་མ་ནས་འཇུས་ནས། ཞེས་བྱ་བའི་བར་བམ་པོ་གཅིག་དང་། སྡོམ་ནི། ང་ཡང་སྨན་གྱི་དེ་བཞིན་ནོ། །ཞེས་བྱ་བའི་འོག་ཏུ་སྡོམ་ཚིག་ཡིག་ཚར་གཅིག་དང་། དེ་ནས་བམ་པོ་སུམ་ཅུ་རྩ་གསུམ་པའི་སྨད། ནེ་ཙོ་སྤྱོད་གསལ་གྱི་སྐབས་རྫོགས་པའི། ཨེ་མའོ་འདི་ལྟར་ཁྱོད་མཁས་པ་ཤ་སྟག་དང་ཕྲད་པ་ནི་བསོད་ནམས་དང་ལྡན་ནོ། །ཞེས་སྨྲས་སོ། །ཞེས་པ་ནས། བམ་པོ་བཞི་བཅུ་རྩ་གཉིས་པའི་སྟོང་། སྤྱིའི་སྡོམ་ནི། དགེ་སློང་མ་ཡི་བཀུར་སྟི་བྲི། །ཞེས་གསུངས་པའི་བར་བམ་པོ་དགུ་དང་། སྡོམ་ཚིག་དེའི་འོག་ཏུ་ཡང་སྡོམ་ཚིག་ཡིག་ཚར་གཅིག་དང་། དེ་ནས་བ་པོ་བཞི་བཅུ་རྩ་ལྔ་པའི་མཇུག་བྲམ་ཟེའི་ཁྱེའུ་མི་སྡུག་གི་གླེང་གཞིའི་སྐབས་ཀྱི། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་སྤྱད་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །ཞེས་བྱ་བ་ནས། བམ་པོ་བཞི་བཅུ་རྩ་དྲུག་པའི་དབུ། དེ་ནས་དེའི་ཚེ་བྲམ་ཟེ་པདྨའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྣམས་དང་ལྷན་ཅིག་འདུས་ཤིང་འཁོད་པར་གྱུར་ཏོ། །ཞེས་བྱ་བའི་བར་བམ་པོ་བཞི་བཅུ་རྩ་བདུན་དང་། དེ་ནས་བམ་པོ་བཞི་བཅུ་རྩ་དགུའི་མཇུག་ཀུན་དགའ་བོ་ལ་གདམས་པའི་སྐབས་ཀྱི། ཀུན་དགའ་བོ། དགེ་སློང་འདི་ལྟ་བུ་ནི་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའོ། །གླིང་གཞན་དང་སྐྱབས་གཞན་གྱིས་ནི་མ་ཡིན་ནོ། །ཞེས་བྱ་བ་ནས། བམ་པ་ལྔ་བཅུ་པའི་མཇུག །བར་སྡོམ་ནི། ཙམྦ་ལ་དང་ཚེ་ཡི་འདུ་བྱེད་མཛད། །ཅེས་པའི་བར་བམ་པོ་གཅིག་སྟེ། བསྡམས་པས་བམ་པོ་བཅུ་གཉིས་ཆད་པ་དང་། སྡོམ་ཚིག་ཡིག་ཚར་གཉིས་ཆད་པ་ཁ་བསྐང་ཞིང་འཁྲུགས་པ་བསྡེབས་པ་དང་བཅས་པས་ལུང་ཕྲན་ཚེགས་སྒོ་བརྒྱད་ཀ་རྫོགས་པར་བཞུགས། དེས་ན་ལུང་ཕྲན་ཚེགས་རྫོགས་པར་བན་དྷེ་དཔལ་འབྱོར་གྱིས་བསྒྱུར། འགྲེལ་པ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ཡིན། འདིའི་སྒོ་དྲུག་པ་ཡན་ཆད་ཕལ་ཆེར་བ་ལ་མི་མཐུན་པ་མེད་ལ། ཐེ་ཚོམ་དང་ཡང་དགོན་པ་ལ། །ཞེས་པ་ནས། ཕྱིས་ན་འདས་པ་དང་བཅས་པར་འགྱུར་རོ། །ཞེས་པའི་བར་གྱི་སྒོ་བདུན་པ་དང་། དགེ་སློང་མ་ཡི་བཀུར་སྟི་བྲི། །ཞེས་པ་ནས། བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཞེས་པའི་བར་གྱི་སྒོ་བརྒྱད་པ་རྫོགས་པར་སློབ་དཔོན་ཚུལ་ཁྲིམས་བསྐྱང་གིས་མཛད་པའི་འགྲེལ་པས་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་དང་གཏུགས་ཏེ་ཁོ་བོས་ལེགས་པར་གཏན་ལ་ཕབ་པ་ཡིན་ནོ། །སྒོ་གཉིས་པོ་འདི་འགྲེལ་པ་མ་གཏོགས་གཞན་གྱིས་མཚམས་བྱེ་བ་མི་སྣང་ངོ་། །འདུལ་བ་གཞུང་དམ་པ་ཞུ་བ་མ་རྫོགས་པ་ལྟུང་བྱེད་འབའ་ཞིག་པའི་བཅུ་ཚན། བཙུན་པ་རེ་ཞིག་དགེ་སློང་མས་ཕ་གུ་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩག་པར་བགྱིད་པ་ན་མཚན་འགྱུར་ཏེ་དགེ་སློང་དུ་རེད་ནས་ལགས་པར་གྱུར་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །ཞེས་རིམ་པ་གཉིས་སུ་བརྩིག་པ་ཡན་ཆད་ཀྱི་ཞུས་ལན་ཡོད་པ་བམ་པོ་བཅུ་གཉིས་པ་དང་། ཞུ་བ་རྫོགས་པ་དགེ་འདུན་ལྷག་མའི་སྨན་གྱི་ལྟུང་བ་ཡན་ཆད་ཀྱི་ཞུས་ལན་ཡོད་པ་བམ་པོ་ལྔ་བཅུ་རྩ་གསུམ་པ་དང་གཉིས་ཡོད། དེ་ལ་ཞུ་བ་རྫོགས་པའི་རྒྱ་དཔེ་གཞུང་ཤིན་ཏུ་དག་པ་དང་། ཞུ་བ་རྫོགས་པའི་མ་དག་པར་གྲགས་ཏེ། ཇི་སྐད་དུ། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་ལུང་ཞུ་བའི་འགྲེལ་པར། ཁ་ཆེ་བ་ལས་ཞེས་བྱ་བ་འདི་ལ་ནི་འདི་སྐད་ཅེས་གྲགས་ཏེ། སྟོན་པ་འདས་པའི་གསུང་རབས་བྲམ་ཟེ་རྒྱལ་པོ་རྒྱལ་ཤེས་ཞེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས། དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་གྱུར་ཏེ་མཆོད་རྟེན་དག་ཀྱང་བཤིག །དགེ་འདུན་གྱི་ཀུན་དགའ་རབ་དག་ཀྱང་བསྲེགས། དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའ་གླེགས་བམ་རྣམས་ཀྱང་ཕུང་པོར་བཅེར་ནས་བསྲེགས་སོ། །དེ་ནས་རིམ་གྱིས་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་རྣམས་ནས་སྡེ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ་གཞུང་བླ་མའི་གླེགས་བམ་ནི་མ་རྙེད་དོ། །དེ་དག་གིས་འདི་ལྟར་ཁ་ཆེའི་ཡུལ་ན་དགེ་སློང་ཞིག་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས། དེ་དག་དེའི་ཕྱིར་ཁ་ཆེའི་ཡུལ་དུ་དེངས་ནས་དེའི་དྲུང་དུ་ཕྱིན་ཏེ་སྨྲས་པ། ཁོ་བོ་ཅག་ནི་ཁྱེད་གཞུང་བླ་མ་འདོན་ཏོ་ཞེས་ཐོས་པ་གང་ཡིན་པ་སྟེ། ཇོ་བོ་ཁ་ཏོན་གྱིས་ཤིག །དེས་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །དེ་ནས་དེ་དག་གིས། ཇི་ལྟ་བུ་དྲན་པ་དེ་ཁོ་ན་བཞིན་དུ་སྨྲོས་ཤིག །ཅེས་སྨྲས་པ་དང་། དེས་དེ་ཁོ་ན་བཞིན་དུ་ཁ་ཏོན་དུ་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་གཞུང་བསྡུ་བ་བྱས་ཏེ། ཕྱིས་ཚིག་གི་དོན་རྣམ་པར་དཔྱད་པའི་སྒོ་ནས་སྦྱར་བར་བྱའོ་སྙམ་དུ་བསམ་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས་དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་དུ་མ་སྦྱར་རོ། །དགེ་སློང་གཞན་དག་ཀྱང་ཡུལ་གཞན་དུ་འདོན་པར་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པར་བསྡུ་བའི་གཞི་ཉམས་པས་གཞུང་བླ་མ་འདི་ལ་འདོན་པ་རྣམ་པ་དུ་མ་ལ་དོན་ཀྱང་རྣམ་པ་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱིས་འདུལ་བའི་བཤད་པ་ལས། ཡང་དང་ཡང་དུ་ཞུས་པ་ལས་འདི་སྐད་འབྱུང་ངོ་། །ཞེས་བཤད་དོ། །དེ་བས་ན་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་འདི་ཁ་ཆེའི་དགེ་སློང་ལས་རྙེད་པས་ན། ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ཞེས་བྱ་སྟེ། ཞེས་པ་དང་། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་གཞུང་རྒྱ་གར་ཡུལ་ལ་ཡང་ཤོ་ལོ་ཀ་ཉིས་སྟོང་ཙམ་གྱི་ཚད་གཅིག་ལ་ལ་ལ་ན་སྤྱོད་པ་ཁོ་ནའོ། །ཞེས་སྨྲ་བའི་ཕམ་པ་གཏན་ལ་དབབ་པའི་སྐབས་ནས་གསུང་པ་ཡིན་ནོ། །དེས་ན་ཞུ་བ་མ་རྫོགས་པ་ནི་ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བའམ། མེས་མ་ཚིག་པ་ཕྱིས་རྙེད་པར་གྲགས་པས། དང་པོའི་གཞུང་མ་ཉམས་པ་ཉིད་ཡིན་པས་དག་པ་དང་། ཞུ་བ་རྫོགས་པ་ནི་ཡང་དག་པར་བསྡུ་བའི་གཞི་སོ་ཉམས་པས་མ་དག་པ་ཡིན། དེ་གཉིས་མི་མཐུན་པ་བྱུང་བ་ན་ཞུ་བ་མ་རྫོགས་པ་ལ་བརྟེན། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱི་འགྲེལ་པ་ཡང་ཞུ་བ་མ་རྫོགས་པའི་འགྲེལ་པར་བྱུང་། མ་རྫོགས་པ་དེ་ནི་དང་པོ་འགྱུར་ནས་བོད་དུ་དཔེ་མ་དར་བས། སྡོང་གི་དུས་སུ་ཞུ་བ་རྫོགས་པ་ཡི་གེ་མ་དག་པ་ལ་བརྟེན་ནས་ལག་ལེན་འཁྲུགས་པ་མང་དུ་བྱུང་། སླད་ཀྱི་མཆིམ་བུ་ནས་དགས་ཆུང་བ་དང་དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་རྙེད། དེ་ནས་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་གསན་པས། དེས་དཔེ་ཡོན་མང་པོ་དང་བཅས་ཏེ་བཞེད་ནས་ལག་ལེན་མི་མཐུན་པ་ཐམས་ཅད་སྒྲོ་འདོགས་དེར་ཆོད། ཅེས་གསུངས་པ་འདི་ཡིན་ནོ། །འདི་གཉིས་ཀ་ཡང་བན་དྷེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་འགྱུར་བས་ཐེ་ཚོམ་མི་བྱའོ། །འདིའི་གཞི་ལ་སོགས་པ་ཡང་བཤད་པའི་ལུང་ཡིན་པར་ཡང་། འདུལ་བ་གཞུང་ནི་དམ་པ་ཡང་། །འཕགས་པ་ཉེ་བ་འཁོར་གྱིས་ནི། །མ་འོངས་པ་ཡི་གང་ཟག་གི། །མ་རྟོགས་ལ་སོགས་གསལ་བའི་ཕྱིར། །གཞི་དང་རྣམ་འབྱེད་ལ་སོགས་ཀྱི། །འགྲེལ་བཤད་ངེས་པ་དོན་གྱི་ལུང་། །ཞུས་ནས་རྒྱལ་བས་བཀའ་སྩལ་ཏེ། །དེ་དག་རྣམས་ཀྱང་གང་ཞེ་ན། །སྤྱི་སྡོམས་ལ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །ལྔ་ཚན་བཅུ་དྲུག་ཚན་དང་ནི། །གླིང་གཞི་བརྐྱང་པ་གཏམ་གྱི་གཞི། །མ་ན་ཝི་ཀ་མ་མོ་དང་། །ལུས་སོགས་སྟེན་པ་ཐ་མ་སྟེ། །ལེའུ་དག་ཏུ་ཡང་དག་འདོད། །ཐོག་མར་ཞུས་པ་དེ་ཡང་ནི། །རྣམ་འབྱེད་ལྟུང་བ་སྡེ་བཞི་དང་། །རབ་བྱུང་ལ་སོགས་གཞི་རྣམས་ཀྱི། །གཏན་ལ་འབེབས་པ་དག་ཏུ་འདོད། །དེ་ཉིད་དྲིས་ལན་ཞེས་ཀྱང་གྲགས། །དེ་ནས་འདུལ་བྱེད་དག་ཡིན་ཏེ། །ཕམ་པ་བཞི་དང་ལྷག་མ་ནི། །སྨྱན་གྱི་ལྟུང་བ་ཡན་ཆད་དག །གཏན་ལ་འབེབས་པར་བྱེད་པ་ཡིན། །དེ་ནས་གཅིག་ལས་འཕྲོས་པ་སྟེ། །གཅིག་ནས་བཅུ་ཡི་བར་དུ་ཡིན། །གཅིག་ལ་འཛེགས་པ་ཞེས་ཀྱང་གྲགས། །དེ་ནས་འདུལ་བ་ལྔ་ཚན་ཏེ། །ལྔ་ལྔ་སྟོན་ཕྱིར་ལྔ་ཚན་ནོ། །བཅུ་དྲུག་སྡེ་ཚན་སྟོན་པའི་ཕྱིར། །དེ་ནས་འདུལ་བ་བཅུ་དྲུག་ཡིན། །གླིང་གཞི་དག་ལ་སྒོ་ལྔ་སྟེ། །རེ་རེ་ཚིགས་བཅད་བཅུ་དྲུག་ཡིན། །གླེང་གཞི་དག་ལ་བརྟེན་པའི་ཕྱིར། །གླེང་གཞི་ཞེས་ནི་བཏགས་པ་ཡིན། །རྐྱང་པ་སྒོ་བཞི་རེ་རེའང་། །ཚིགས་བཅད་བཅུ་བཅུ་དེ་ཉིད་ལ། །སི་ལ་བུ་ཞེས་བྱ་བ་བསླབ་པའི་གཞི། །རིགས་མི་མཐུན་པ་ཕྲ་མོ་རྣམས། །སྟོན་ཕྱིར་དོན་དང་ལྡན་པ་ཡིན། །འདུལ་བ་གཏམ་གྱི་དངོས་པོ་རྣམས། །ལྡེབས་ཀྱི་ཚུལ་དུ་བྱུང་བ་སྟེ། །སྡོམ་གྱི་ཚིག་ཏུ་བསྡུས་པ་མེད། །མཱུ་ལའི་སྒྲ་སྟེ་གཞི་དང་ནི། །རྩ་བ་དངོས་པོ་ལ་ཡང་འཇུག །དེ་ཕྱིར་གཏམ་གྱི་གཞིར་ཡང་འགྱུར། །མ་ན་ཝི་ཀ་སྒོ་དང་པོ། །ཚིགས་བཅད་བཅུ་ཡིན་གཉིས་པར་ནི། །བཅུ་དང་ལྷག་པ་དག་ཏུ་འདོད། །ཤིན་ཏུ་ཕྲ་ཞིང་ཆེ་བས་ན། །བྲམ་ཟེའི་བུ་མོ་ལྟ་བུ་ཞེས། །དོན་དང་མཐུན་པའི་མཚན་ཡིན་ནོ། །འདུལ་བ་མ་མོ་ལྟ་བུ་ལ། །བསྙེན་པར་རྫོགས་པའི་ཕུང་པོ་དང་། །རབ་ཏུ་ལྡན་དང་བྱ་བ་ཡི། །ཕུང་པོ་གསུམ་དུ་ཤེས་པར་བྱ། །མ་དང་འདྲ་ཕྱིར་མ་མོ་ཡིན། །ལུས་དང་དམིགས་པ་བྱིན་རླབས་དང་། །མཚན་ཉིད་གླེང་གཞི་ངོ་བོ་དང་། །འབྲས་བུའི་དོན་རྣམས་མཐའ་མ་སྟེ། །ཨུ་པ་ལི་ཡིས་དྲིས་པ་ནི། །དེ་དག་རྣམས་ཀྱིས་རྫོགས་པ་ཡིན། །མཚན་གྱི་གྲངས་ཀྱི་རིམ་པ་དང་། །མཚན་གྱི་བཤད་པ་དེ་ཡིན་པས། །དེ་ལྟར་བསྡོམས་ནས་བལྟ་བར་བྱ། །ཞེས་ཁོ་བོ་ཅག་གི་ཉེ་བར་འཛིན་པ་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་གསུངས་པ་ལྟར་རོ། །སོ་སོ་ཐར་པའི་མདོ་གཉིས་ཀྱང་རྣམ་འབྱེད་གཉིས་ཀྱིས་རྩ་བ་ཡིན་པས་བདེ་བར་གཤེགས་པའི་བཀའ་ཡིན། དགྲ་བཅོམ་པས་བསྡེབས་པས་བཀའ་མ་ཡིན་པར་ཡང་མི་འགྱུར་ཏེ། དཔེར་ན་ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡེབས་པ་ཡར་མཁས་པ་རྣམས་བཀར་བཞེད་པ་བཞིན་ནོ། །ཡང་བོད་ཁ་ཅིག་འདུལ་བ་མདོའི་རྣམ་བཤད་སློབ་དཔོན་ཤེས་རབ་འབྱེད་ཀྱིས་མཛད་པ་སྲོ་མ་ཡུངས་ཀར་ཡན་ཆད་ལས་མ་གྱུར་ཟེར་རོ། །འདི་ཡང་མི་བདེན་ཏེ། ངེས་པར་ཐེགས་པའི་ཚུལ་དུ་རྟོགས་པ་སྟེ། །ཞེས་པ་ནས། ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ། །ཞེས་པའི་མཐར་ཐུག་པའི་བཤད་པ་རྣམས་རྫོགས་པ་དང་། གནས་ཀྱི་དངོས་པོར་གཏོགས་པ་ཕྲན་ཚེགས་འཕགས་པའི་ཞེས་བྱ་བའི་བར་དུ་འགྱུར་བའི་ཕྱིར་རོ། །ཡང་སྐབས་འགར། གཞི་གཅིག་ལ་ཐ་དད་དུ་འཁྲུལ་པའང་ཡོད་པ། དཔེར་ན་འཕགས་པ་དཀོན་མཆོག་བརྩེགས་པའི་འདུས་པ་བཅུ་བདུན་པ་དང་། མདོ་སྡེ་སྣ་ཚོགས་པའི་ཚར་གྱི་གང་པོས་ཞུས་པ་ཐ་དད་དུ་རྟོག་པ་དང་། འདུས་པ་བཅོ་བརྒྱད་པ་དང་། མདོ་སྡེ་སྣ་ཚོགས་པའི་ཕོ་བྲང་འཁོར་སྐྱོང་གི་མདོ་ཐ་དད་དུ་རྟོག་པ་དང་། འདུས་ཉི་ཤུ་པ་དང་། མདོ་སྡེ་སྣ་ཚོགས་པའི་གློག་ཐོབ་ཀྱིས་ཞུས་པའི་མདོ་ཐ་དད་དུ་རྟོག་པ་དང་། འདུས་པ་ཉི་ཤུ་རྩ་གསུམ་པ་དང་། མདོ་སྡེ་སྣ་ཚོགས་པའི་བྱམས་པས་ཞུས་པ་ཆུང་ངུའི་མདོ་ཐ་དད་དུ་རྟོགས་པ་དང་། འདུས་པ་བཞི་བཅུ་རྩ་དྲུག་པ་དང་། ཤེར་ཕྱིན་བདུན་བརྒྱ་པ་ཐ་དད་དུ་རྟོག་པ་དང་། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེའི་ལེའུ་ཐ་དད་དུ་རྟོག་པ་དང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བསྟན་པའི་མདོ་དང་། ལྷའི་བུ་དང་དཔལ་བཟང་གིས་ཞུས་པ་ཐ་དད་དུ་རྟོག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱིས་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མ དོ་དང་། བདེན་པ་པོའི་ལེའུ་ཐ་དད་དུ་རྟོག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསྟན་པའི་མདོ་དང་། ཁྱེའུ་རིན་ཆེན་གྱིས་ཞུས་པ་ཐ་དད་དུ་རྟོག་པ་དང་། ཆོས་ཡང་དག་པར་འདུད་པའི་མདོ་དང་། འཕགས་པ་ཆོས་བསྒྲོ་བ་ཐ་དད་དུ་རྟོག་པ་དང་། དེ་བཞིན་དུ་རྒྱུད་ལ་ཡང་། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་དང་། བདེ་མཆོག་ཉུང་ངུའི་རྒྱུད་ཐ་དད་དུ་རྟོག་པ་དང་། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་གྲུབ་པའི་རྒྱུད་དང་། གདོང་དྲུག་གི་རྒྱུད་ཐ་དད་དུ་རྟོག་པ་དང་། རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་དང་། རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་ཐ་དད་དུ་རྟོགས་པ་སོགས་ཡིན་ལ། བསྟན་བཅོས་ལ་ཡང་། དཔལ་ཀྱེ་རྡོ་རྗེའི་རྒྱལ་ཆེར་འགྲེལ་པ་རབ་ཏུ་གསལ་བའི་ཁ་སྦྱོང་ཞེས་བྱ་བ་སློབ་དཔོན་ཀ་ཡ་སྠ་བསྒྲེས་པོས་མཛད་པ་དང་། སློབ་དཔོན་ཌཾ་ཀ་དཱ་ཤས་མཛད་ཟེར་བའི་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཐ་དད་དུ་རྟོག་པ་དང་། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་དྲི་མེད་དཔལ་གྱིས་མཛད་པ་དང་། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་ཟེར་བ་ཐ་དད་དུ་རྟོག་པ་དང་། རྒྱུ་གདགས་པ་དང་། རྒྱུ་གདགས་པ་དོན་རིག་ཟེར་བ་ཐ་དད་དུ་རྟོག་པ་དང་། འབྲེལ་པ་བརྟག་པའི་རང་འགྲེལ་དུ་གྲགས་པ་དང་། སློབ་དཔོན་དུལ་ལྷས་མཛད་ཟེར་བ་ཐ་དད་དུ་རྟོག་པ་སོགས་ཡིན་ནོ། །འདི་དག་འགའ་ཞིག་སྡེ་ཚན་དང་། ལ་ལ་རྣམ་གྲངས་དང་། ཁ་ཅིག་འགྱུར་གྱི་བྱེ་བྲག་གིས་ཐ་དད་པར་སྣང་བ་ཡིན་གྱི། དོན་ལ་ཐ་དད་པ་མ་ཡིན་ནོ། །གཞན་ཡང་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ་དང་། ཨ་བྷ་ཡ་ཀ་ར་གུཔྟ་ཐ་དད་དུ་རྟོག་པ་ལ་སོགས་པ་མང་ཞིང་། མཁས་པ་དག་གིས་ཀྱང་ཇི་ལྟར་བ་བཞིན་ཐུགས་སུ་མ་ཆུད་པའི་སྐྱོན་ཡིན་པས་ཐོས་པ་རྒྱ་བསྐྱེད་དེ་ལེགས་པར་བརྟགས་ཤིང་དཔྱད་པར་བྱ་རིགས་ལ། དེ་ལྟར་མ་ནུས་ན་བཏང་སྙོམས་སུ་འཇོག་རིགས་ཀྱི། དེ་ནི་ཆོས་མ་ཡིན་སློབ་དཔོན་དེ་དག་གིས་མཛད་པ་མ་ཡིན་ནོ། །ཞེས་ཆོས་སྤོང་བའི་ལས་གསོགས་པར་མི་བྱ་ལ། ཕྱིས་བྱོན་པའི་མཁས་པ་རྣམས་ཀྱིས་བསྟན་བཅོས་དང་། རྒྱུད་འབུམ་ཁྲོད་དང་། མདོ་མང་དང་། བསྟན་འགྱུར་གྱི་དཀར་ཆག་དག་ཏུ་ཕུད་པ་དང་། བརྩོན་པ་ཅན་དུ་བྱས་པ་རྣམས་བསྟན་བཅོས་འདིས་གསལ་བར་བྱས་པ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བའང་ཉེ་བར་མཚོན་པ་ཙམ་སྟེ། གྲོ་ག་རིམ་པ་གཅིག་པ་དང་ཤིང་ཏ་ལའི་འདབ་མ་རྣམས་སུ་ཕག་ཟེའི་རྩེ་མོས་བྲིས་པའི་ཚད་ཀྱི་ཡི་གེ་རྣམས་ཀྱིས་གང་བར་བྱས་ཏེ། གང་བར་བྱས་པའི་གྲོ་གའི་ཁུར་རམ་ཏ་ལའི་འདབ་མའི་ཁུར་ཇི་སྲིད་གླང་རྒོད་ཀྱིས་ཐེག་པ་དེ་ནི་ཆོས་ཀྱི་ཕུང་པོ་གཅིག་གོ། །དེ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ཚད་དོ། །ཐེག་པ་ཆེན་པོ་ལ་དགུ་ཁྲི། སྔགས་ཀྱི་ཐེག་པ་ལ་སྟོང་ཕྲག་བརྒྱད་ཡོད་དོ། །ཞེས་རབ་ཏུ་སྒྲོན་གསལ་ལས་བཤད་པས། རང་ལུགས་ལ་སྔར་མ་གྲགས་ཤིང་མ་མཐོང་བའི་མདོ་རྒྱུད་དག་ལ་བཀའ་མ་ཡིན་ནོ་ཞེས་མ་སེམས་ཤིག །དེ་ལྟར་བདག་ལྟ་བུ་བློ་དམན་པས་ཀྱང་འདི་ལྟར་རྙེད་ན། བསགས་སྦྱང་ཅན་གྱི་མཁས་པ་མཁྱེན་སྤྱན་ཡངས་པ་དག་གིས་གཟིགས་པ་རྒྱ་བསྐྱེད་ན། བོད་ཡུལ་འདིར་སྔོན་ཆད་ཆོས་མ་ཡིན་པར་གྲགས་པ་ཐམས་ཅད་ཡང་དག་པའི་ཆོས་ཡིན་ངེས་པར་གྲུབ་པའི་ངེས་ཤེས་རྙེད་པར་འགྱུར་རོ། །འདིར་སྨྲས་པ། སྔོན་ཚེ་རྒྱ་གར་འཕགས་ཡུལ་དུ། །ཉན་ཐོས་སྡེ་པ་དུ་མ་ཡིས། །ཐེག་ཆེན་རྒྱལ་སྲས་སྤྱོད་པའི་གཞུང་། །རྫོགས་སངས་རྒྱས་ཀྱི་བཀའ་མིན་ཅེས། །བཀག་པ་བྱམས་མགོན་ཀླུ་སྒྲུབ་དང་། །ཐོགས་མེད་སྐུ་མཆེད་ཞི་བའི་ལྷས། །ཐེག་ཆེན་སངས་རྒྱས་བཀའ་རུ་བསྒྲུབས། །སེམས་ཙམ་དང་ནི་དབུ་མ་དང་། །རྒྱུད་སྡེ་བཞི་ལ་ཟབ་ཁྱད་དང་། །མཐོ་དམན་ལམ་གྱི་ཉེ་རིང་དང་། །བཤད་པའི་ཚུལ་དང་གྲུབ་པའི་མཐའ། །མི་འདྲ་ཐ་དད་དུ་མ་ཡོད། །ཀུན་ཀྱང་སངས་རྒྱས་བསྟན་པར་གཅིག །བོད་འདིར་བཀའ་ཕྱག་དགས་ཤངས་གཉིས། །ས་སྐྱ་པ་དང་ཞི་རྫོགས་གཅོད། །རང་ཚོ་ཐུབ་པའི་ཆོས་ལུགས་བརྒྱད། །ཀུན་ལ་བརྩོད་པ་མ་བྱུང་མེད། །སྔོན་ཚེ་འགོས་རྔོག་གསུམ་དུས། །ཕ་རྒྱུད་མ་རྒྱུད་ཆགས་སྡང་དར། །ཆོས་མ་ཡིན་ཞེས་སོ་སོས་སྨད། །དེ་བཞིན་གཅོད་ལའང་ནན་ལྟར་སྡང་། །འཇམ་དབྱངས་སྐྱ་པཎྜི་ཏས། །དྭགས་པོ་བཀའ་བརྒྱུད་གཏོགས་པའི་ཆོས། །ཆོས་མ་ཡིན་པར་བཞེད་པ་ཡང་། །དེ་ཡི་གསུང་རབས་བལྟས་པས་ཤེས། །ཁ་ཅིག་གསུང་དག་ལམ་འབྲས་ཀྱང་། །སྙན་སྙན་བསྡུས་པའི་ཚིག་ཟིན་ཡིན། །རྒྱུད་སྡེའི་དགོངས་པ་མིན་པར་སྨྲ། །ནི་གུ་ནཱ་རོའི་ཆོས་དྲུག་ཀྱང་། །འཆལ་ཅིང་བསླད་ཅེས་དེང་སོང་གི། །ཁ་འཛིན་སོ་སོས་སྨོད་རེས་བྱེད། །ཁ་ཅིག་གིས། སྔོན་ཏེ་ལོ་དང་ནཱ་རོས་སྣ་དྲངས་ནས། །མར་པ་དང་མི་ལས་རྗེས་བསྐྱངས་སྟེ། །ཆོས་ཟབ་མོ་ནཱ་རོ་ཆོས་དྲུག་ལ། །རྟགས་མངོན་གྱུར་གྱི་གྲུབ་ཐོབ་གྲངས་ལས་འདས། །དུས་དེང་སང་ཚོང་འདུས་ཀྱི་འོ་མ་བཞིན། །ཚིག་མ་ངེས་སྨྱོན་པའི་ལབ་འཆོལ་སྨྲ། །དོན་མ་ངེས་རང་བློའི་ལམ་དུ་འདྲེན། །མིང་གཞི་ལ་ལུས་པའི་སྟོང་སོབ་དེས། །མི་ཁོ་བོའི་བློ་ཁ་ཅུང་མ་ཚིམས། །ཞེས་དང་། ནཱ་རོ་ཆོས་དྲུག་པ་དག་ནི། ནི་གུ་དང་སྦྱོར་དྲུག་འཆལ་ཅེས་གླེང་ངོ་། །མདོར་ན་བོད་དུ་དར་བའི་ཆོས། །བརྩོད་པ་མེད་པ་གཅིག་ཀྱང་མེད། །བྱང་ཆུབ་ལམ་དུ་ཐམས་ཅད་མཐུན། །སྐྱོན་དང་དྲི་མ་ག་ལ་ཡོད། །འོན་ཏེ་ཚིག་ཀྱང་མ་དག་ལ། །དོན་གྱི་གོ་བ་ཕྱིན་ཅི་ལོག །ལག་ལེན་སྤྱོད་པ་ལོག་པ་ན། །གང་དེ་ལོག་པའི་ཆོས་སུ་ངེས། །སྐྱོན་དེ་དག་དང་བྲལ་བ་ན། །ཀུན་ཀྱང་སངས་རྒྱས་བསྟན་པ་ཡིན། །རྩོད་པ་ཙམ་ལ་ངེས་པ་མེད། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཆེ། །ཐུབ་པའི་བསྟན་པའི་སྙིང་པོ་ཡང་། །རྒྱ་གར་པཎ་ཆེན་དུ་མ་ཡིས། །ཆོས་མ་ཡིན་པར་ནན་གྱིས་བྱས། །དུས་ཞབས་ནཱ་རོ་ཤ་བ་རིས། །སངས་རྒྱས་བསྟན་པའི་སྙིང་པོར་བསྒྲུབས། །བོད་དུའང་བཅོམ་ལྡན་རལ་གྲི་དང་། །མཁས་པའི་དབང་པོ་རེད་མདའ་བ ས། །གཏན་ཚིགས་མང་པོས་ཆོས་འདི་བཀག །དེ་ལ་རྒྱང་རོ་བྱང་འབུམ་དང་། །ཤར་པ་ཡེ་ཤེས་རྒྱལ་མཚན་སོགས། །མང་པོས་དུས་འཁོར་ཆོས་སུ་བསྒྲུབས། །སྤྱིར་ན་རྒྱ་བལ་བོད་ཡུལ་དུ། །འདི་འཛིན་མཁས་གྲུབ་གྲངས་ལས་འདས། །ཐེག་མཆོག་གསང་སྔགས་རྙིང་མ་ལ། །བོད་འདིར་རྩོད་པ་སྔ་ཕྱིར་མང་། །རྩོད་ལན་འབྲེལ་མེད་མང་པོའང་ཡོད། །མཁས་པ་མགུ་བའི་ལེགས་བཤད་མེད། །མཁས་པའི་མཁས་པ་རོང་ཟོམ་དང་། །རོག་གི་བན་དྷེ་ཤེས་རབ་འོད། །མཁས་མཆོག་ཐང་སྟོན་ལོ་ཙཱ་བ། །དེ་ལྟར་གསུམ་གྱིས་ལུང་རིག་དང་། །གཏན་ཚིགས་བཟང་པོ་དུ་མ་ཡིས། །གསང་སྔགས་ཟབ་མོ་བཀའ་རུ་བསྒྲུབས། །མི་ཕྱེད་སྙིང་ནས་དད་པ་ཐོབ། །སངས་རྒྱས་དངོས་སུ་འདུ་ཤེས་སྐྱེས། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། །རྙིང་མ་བཀའ་སྒྲུབ་ཡོད་པར་གྲགས། །བདག་འདིའི་སྐལ་བས་མ་མཐོང་ཡང་། །དགོན་གཞོན་ཞེས་པའི་ཀརྨ་པ། །དེ་ལ་དཔལ་འཛིན་གྱིས་བསྐུར་བའི། །རྩོད་ལན་ཐེབས་པར་མཛད་པ་མཐོང་། །དུས་ཕྱིས་རྒྱལ་བ་ཀརྨ་པ། །མི་བསྐྱོད་རྡོ་རྗེའི་འབྱམས་ཡིག་ལ། །རྩོད་ལན་རིམ་པ་གསུམ་ཙམ་མཐོང་། །ཀུན་ཀྱང་མུ་ཅོར་ཁོ་ན་ལས། །དོན་ལྡན་ཚིག་གཅིག་མི་སྣང་བས། །སྐྱོ་བ་སྐྱེས་ནས་མཆི་མ་ཤོར། །རྩོམ་པའི་མཚན་ཉིད་མི་ལྡན་ཀྱང་། །རང་ལོ་ཉི་ཤུ་རྩ་ལྔའི་ཚེ། །དྲིས་ལན་ལུང་རིག་འབྲུག་སྒྲ་བྱས། །དེ་རྗེས་འགའ་ཡིས་བསྐུལ་བ་དང་། །པཎ་ཆེན་ཤཱཀྱ་མཆོག་ལྡན་ལ། །རང་ཕྱོགས་འགའ་ཞིག་སྡང་བ་ཡི། །སྡིག་ལས་བཟློག་པ་དེ་ཕྱིར་དུ། །ལེགས་བཤད་གསེར་གྱི་ཐུར་མ་རུ། །དྲངས་པའི་དཔལ་འཛིན་རྩོད་པའི་ལན། །ངོལ་ལ་བ་ཞིག་བྲིས་ནས་ཡོད། །སླད་དུ་ཁྲི་དཔོན་མིའི་དབང་པོ། །ཆོས་རྒྱལ་ནོར་བུ་པདྨའི་བཀས། །ལྷ་རྒྱལ་བླ་མ་ཡེ་ཤེས་འོད། །ཞི་བ་འོད་དང་འགོས་ལོ་ཙཱའི། །འབྱམས་ཡིག་གསུམ་དང་དཔལ་འཛིན་གྱི། །བརྩོད་པ་རྒྱས་པའི་ལན་ཀྱང་བྱས། །དེ་དག་ཀུན་གྱི་ཁ་སྐོང་དང་། །བདག་ཅག་ལྟ་བུའི་རིགས་ཅན་གྱི། །སླད་ནས་འབྱོན་པའི་རྙིང་མ་བས། །དྲང་ངེས་རྣམ་དབྱེ་མ་ཕྱེད་དོགས། །དགེ་བའི་བཤེས་གཉེན་རྒྱང་རོ་བའི། །བསྟན་བཅོས་རྣམ་དག་ལ་བརྟེན་ནས། །ཡི་གེའི་ལམ་དུ་གསལ་བར་བཀོད། །སྦྱངས་དང་སྐྱེ་བས་ཐོབ་པའི་ཡོན་ཏན་གང་། །མེད་ཕྱིར་བདག་འདྲ་རྩོམ་པའི་ཡུལ་མིན་ཀྱང་། །ཆོས་ཚུལ་ཟབ་མོ་ཆོས་མ་ཡིན་ནོ་ཞེས། །ལོག་རྟོག་མུན་པའི་སྨག་རུམ་སྟུག་པོ་ཡིས། །ཐུབ་བསྟན་སྐྱོན་མེད་བསྒྲིབས་པ་མ་བཟོད་ནས། །ལུག་རིག་ཉི་འོད་བཟང་པོས་གསལ་བར་བྱས། །དེ་ལས་གང་ཞིག་ཐོབ་པའི་དགེ་ཚོགས་ཀྱིས། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་འདི། །ཕྱོགས་བཅུར་དར་ཞིང་ཡུན་དུ་གནས་པ་དང་། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །བསྟན་ལ་སྡང་བ་མཐའ་དག་ཚར་བཅད་དེ། །ཀུན་བཟང་ས་ལ་འགོད་པ་ཉིད་གྱུར་ཅིག །ཆོས་ཀྱི་རྗེས་སུ་འབྲང་བ་དག་ལ་གཏམ་དུ་བྱ་བ་ལེགས་བཤད་བདུད་རྩིའི་དགའ་སྟོན་ཅེས་བྱ་བ། སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོ་སྣོན་གྱིས་ཉ་བའི་དགའ་བ་དང་པོའི་ཚེས་ལ། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་གདུལ་བྱ་ཙམ་དུ་གཏོགས་པའི་སྙོམས་ལས་པས་ཆུ་མིག་སེར་པོའི་དགོན་པར་སྦྱར་བའོ། །དགེའོ། །སརྦ་ཛ་གསྟྭཾ། ཕྱག་བྲིས་ངོ་བཤུས་ལས་ཞལ་བཤུས་པའོ།།
༈ །།ༀ་སྭ་སྟི། ངན་སེམས་བཟང་པོར་རློམས་པའི་དཔལ་འཛིན་གྱིས། །ངན་ཚིག་ཆོས་སུ་བཅོས་དེའི་རྗེས་འབྲང་བའི། །ངན་རྟོག་དུག་ཆུས་མྱོས་པའི་ཧོར་སོག་དཔུང་། །ངན་འགྲོའི་གཡང་ཁར་ཕྱོགས་ལས་གྱེན་ཟློག་པ། །ངེས་གསང་ཐེག་པ་མཆོག་གི་བློ་གྲོས་ནི། །ངེས་པར་ཐུབ་བསྟན་རྒྱལ་མཚན་རྩེར་བསྒྲེངས་ཏེ། །ངེས་དོན་ལུང་རིག་དཔུང་ལྡན་ང་རོ་ཆེས། །ངེས་མེད་ཕྱོགས་ཀུན་འགེངས་པ་འབྲུག་སྒྲ་བཞིན། །ལོག་སྲེད་འབྱུང་བྱའི་ཁྱུད་ཁྱད་དུ་མཇུག་ཀྱང་། །གསང་བསྟན་ཉིད་མོར་བྱེད་ལ་བསྒྲིབ་ནུས་མིན། །བླ་བརྡོལ་དམ་ཆོས་སྤོང་ལ་འཆོལ་བའི་མེས། །རང་རྒྱུད་ཐར་པའི་ས་བོན་བསྲེག་ལས་ཅི། །དགོངས་དོན་ཚུལ་བཞིན་གཞལ་བའི་བློ་ཞན་ཀྱང་། །ཕྱོགས་ལྷུང་བག་ཆགས་གོམས་པའི་རྒྱུ་མཐུན་གྱིས། །ཅལ་སྒྲོག་གྲགས་རྗེས་འབྲང་བའི་ལས་ངན་རྣམས། །ཉམས་ངའི་གཡང་སར་ཆས་ལ་མ་བཟོད་དེ། །ཐུབ་བསྟན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས། །མཁྱེན་དང་བརྩེ་བའི་ཉི་ཟླ་ཟུང་གི་འོད། །ལོག་རྟོག་སྨག་རུམ་འཇོམས་ལ་མཐུ་དཔའ་བ། །འཇམ་མགོན་བློ་གྲོས་རྒྱལ་མཚན་མཆོག་དེ་ཤར། །དེ་ཕྱིར་གང་གི་ལེགས་གསུང་ཕན་བདེའི་སྒོ། །བརྒྱ་ཕྲག་གཅིག་ཅར་དབྱེ་བའི་སྨན་གྱི་འཕྲུལ། །ཤར་འབྲུག་མི་དབང་ཕྲིན་ལས་སྟོབས་རྒྱས་ཀྱིས། །ཕངས་མེད་ལྷག་བསམ་བཟང་པོས་ཡོན་སྦྱར་བའི། །དགེ་བས་མཁའ་མཐས་གཏུགས་པའི་འགྲོ་བ་ཀུན། །ཚེ་རབས་ཡང་དག་བཤེས་གཉེན་གྱིས་ཟིན་ཅིང་། །མ་ནོར་ཐེག་མཆོག་ཤིང་རྟ་ལ་ཞོན་ནས། །བླ་མེད་གོ་འཕང་བདེ་བླག་བརྙེས་གྱུར་ཅིག །ཅེས་འབྲུག་ཤར་རྫོང་གི་མི་རྗེ་གང་གི་གསུང་བསྐུལ་བཞིན་ཕྱི་མོའི་ཞུས་དག་དང་ཆབ་གཅིག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།དགེའོ།། །།


previousགསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ། next