Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སོ་གཅིག་པ།


   
   
   
   
   
   
   
སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད།
   


 
previousསྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད།next

སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད།

སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད་ཅེས་བྱ་བ་བཞུགས་སོ། །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད་ཅེས་བྱ་བ། དཔལ་བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ནས་རབ་ཞི་བས། །མཐའ་དག་བློ་ཡི་གྲུབ་མཐས་མ་རེག་པའི། །ཆོས་རྣམས་ཀུན་གྱི་ཆོས་ཉིད་གང་ཡིན་པ། །རྫོགས་པ་ཆེན་པོའི་མཚན་གྱིས་བསྟན་ལ་འདུད། །ཚིག་ཆུས་མྱོས་པའི་འཕྲོག་བྱེད་གླང་པོའི་མགོར། །ལུང་དང་རིགས་པའི་སྡེར་སེན་ངལ་བསོས་པས། །ཐུབ་བསྟན་ཀུན་དགའི་རྒྱལ་མཚན་ཀཻ་ལཱ་ཤར། །བསླངས་པའི་གྲགས་དཀར་སྲིད་པ་གསུམ་ན་འཕྲོ། །དེ་ལ་ཆོས་ཀྱི་རྗེ་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་འདི་མཛད་པ་ན་ལོག་པར་རྟོག་པའི་སྐྱེ་བོ་དག་གིས་སྐབས་འདིར་ཆོས་རྗེ་ས་སྐྱ་པས་རྙིང་མ་ཕྱོགས་སྔར་མཛད་ནས་བཀག་གོ་སྙམ་པའི་ལོག་རྟོག་རྒྱ་ཆེར་འཕེལ་ནས་ཆོས་དང་གང་ཟག་མང་པོ་དྲི་མ་ཅན་དུ་བྱས་སོ། །དེ་བས་ན་བདག་གིས་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་དྲི་མ་དེ་དག་སེལ་བར་བྱེད་པ་ལ་གཉིས། བསྟན་བཅོས་མཁན་པོའི་དགོངས་པ་བརྟག་པ་དང་། གཞན་གྱི་ལོག་རྟོག་རྣམ་པར་སེལ་བའོ། །དང་པོ་ནི་གངས་ཅན་ཡོངས་སུ་གྲགས་པའི་རྫོགས་པ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། ཡིད་ལ་མི་བྱེད་པའི་ཆོས་སྐོར་རྣམས་དང་། བྱིན་རླབས་བརྒྱུད་པའི་བཀའ་སྲོལ་རྣམས་དང་། བྱིན་རླབས་འཕོ་བའི་རིམ་པ་དང་། དག་སྣང་དང་སྙན་ནས་བརྒྱུད་པའི་ཆོས་སྐོར་རྣམས་དང་། གཅིག་བརྒྱུད་ཀྱི་རིམ་པ་འདོམས་པའི་བླ་མའི་མན་ངག་རྣམས་དང་། གསང་སྔགས་ཀྱི་ཟབ་དོན་ཐུན་མོང་མ་ཡིན་པ་རྣམས་དང་། དོན་ལ་རྟོན་པའི་བཤད་པ་འགའ་ཞིག་དང་། བསྐྱེད་པའི་རིམ་པ་སྤྲོས་མེད་དང་། མཚན་མ་མེད་པའི་རྫོགས་རིམ་ཟབ་མོ་འགའ་ཞིག་ལ་བསྟན་བཅོས་འདིའི་དངོས་བསྟན་གྱི་ཚིག་གིས་དཔྱད་གཞིར་མཛད་པ་ཤིན་ཏུ་མང་མོད་ཀྱི། སྔ་འགྱུར་ཕྱོགས་སུ་དཔྱད་གཞིར་དོགས་པ་ཉུང་ཤས་ཙམ་ལས་མེད་ལ། འོན་ཀྱང་ས་བོན་ཙམ་དེ་ལ་བརྟེན་ནས་འགའ་ཞིག་ལ་ལོག་པར་རྟོག་པ་རྒྱ་ཆེར་འཕེལ་ཞིང་། སྡང་སེམས་ཁོ་ནས་རྙིང་མ་འགོག་པའི་མིང་ཙམ་ལ་དགྱེས་པ་ལྷུར་ལེན་པ་པོ་དག་གིས་བསྟན་བཅོས་མཁན་པོའི་དགོངས་པའི་མཐིལ་མ་རྟོགས་ཤིང་རབ་དབྱེའི་དངོས་བསྟན་གྱི་ཚིག་དོན་ལ་དཔྱད་པ་ཞིབ་མོ་ཙམ་ཡང་བྱ་ལོང་མེད་པར། སྐབས་འདིར་ཆོས་རྗེ་ས་སྐྱ་པས་རྙིང་མ་བཀག་གོ་སྙམ་དུ་ཡིད་ལ་བྱེད་ཅིང་ཚིག་ཟུར་གྱིས་ལྟར་སྣང་དུ་གང་གནོད་པར་ནུས་སོ་སྙམ་པ་ཐམས་ཅད་རྒྱབ་རྟེན་དུ་འཁྱེར་བ་ཞིག་བྱུང་མོད་ཀྱང་ཆུ་གཅིག་གི་མཚན་ཉིད་གཤེར་བར་ཤེས་པས་ཆུ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བཞིན་དུ་རྗེས་འབྲང་གི་རྩོད་པ་ཐམས་ཅད་ལྟར་སྣང་དུ་གྲུབ་པ་ཉིད་ཤེས་སླ་བར་ཟད་དོ། །འོ་ན་ཆོས་ཀྱི་རྗེས་དེ་ལྟར་འཆད་པ་ལ་དགོས་པ་ཅི་ལྟ་བུ་ཡོད་ཅེ་ན། བཤད་པར་བྱ་སྟེ། བསྟན་པ་ཕྱི་དར་གྱི་ཐོག་མ་ཚུགས་ནས་རིང་པོར་མ་ལོན་པར་མར་མིའི་བཀའ་བརྒྱུད་རིན་པོ་ཆེ་བྱང་ཕྱོགས་འདིར་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བྱོན་ཞིང་། དེ་ལས་དྭགས་པོ་རིན་པོ་ཆེས་མདོ་ཏིང་རྒྱལ་སོགས་ཀྱི་དགོངས་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་དངོས་བསྟན་གྱི་དགོངས་པ་ཕྱིན་ཐེག་པའི་ལམ་རིམ་མན་ངག་གིས་བཀྲལ་བའི་ཤེར་ཕྱིན་ལ་མཚན་གཞན་ཕྱག་རྒྱ་ཆེན་པོ་བཏགས་ཏེ་ཐང་བརྡལ་ནས་བསྟན་པས་ལས་དང་པོ་ལའང་རང་བཞིན་གཉུག་མ་གཞིའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྲུན་པར་མཛད་པ་དེ་ཉིད་བྱིན་རླབས་འཕོ་བའི་དོན་གྱི་དབང་བསྐུར་ཐོག་མར་འགྲོ་བའི་ཐབས་ལམ་ལ་བརྟེན་ནས་སྔགས་ཀྱི་ཕྱག་རྒྱ་ཆེན་པོར་བོགས་དབྱུང་ནས་སློབ་མའི་རྒྱུད་ལ་ཡེ་ཤེས་བསྐྱེད་པས་གངས་ཅན་གྱི་རིའི་སུལ་ཐམས་ཅད་ངེས་དོན་སྒྲུབ་བརྒྱུད་ཀྱི་རྒྱལ་མཚན་འཛིན་པས་བཀང་ཞིང་གྲུབ་ཐོབ་ཀྱི་ཚང་ཆེན་པོ་རྡོལ་བ་ཡིན་ལ། དེ་དང་དུས་མཚུངས་པར་གྲུབ་ཐོབ་ཁྱུང་ཆེན་པོ་རྣལ་འབྱོར་གྱིས་ནཱ་རོའི་ལྕམ་ནི་གུ་ལ་རྡོ་རྗེ་འཆང་གིས་དངོས་སུ་བསྟན་པའི་ཟབ་མོ་ཆོས་དྲུག་བོད་དུ་བསྟན་པས་ལམ་དེ་ལས་ཀྱང་དངོས་གྲུབ་བརྙེས་པ་དུ་མ་དང་། དཔལ་ལྡན་ཟུར་པ་མེས་དབོན་གསུམ་སོགས་མདོ་དང་སྒྱུ་འཕྲུལ་གྱི་ལམ་ལ་བརྟེན་ནས་བསད་པ་གསོ་བར་ནུས་པ་སོགས་ཐུན་མོང་གི་ལས་ཆེན་པོ་རྣམས་ཐོགས་མེད་དུ་གྲུབ་ཅིང་། མཆོག་གི་དངོས་གྲུབ་དཔལ་ཧེ་རུ་ཀ་དང་དགོངས་པ་མཉམ་པས་འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་སྐུ་ལུས་དེ་ཉིད་ཀྱིས་གཤེགས་པ་དུ་མ་དང་། འཛེང་སྒོམ་དང་། སྤ་སྒོམ་སོགས་ཀློང་སྡེའི་ལམ་གྱིས་རགས་པའི་ལུས་རྡུལ་ཕྲན་དུ་དེངས་པ་དང་། ལྡང་མ་དང་ལྕེ་བཙུན་དང་འཁྲུལ་ཞིག་སེང་གེ་རྒྱབ་པ་སོགས་མངོན་སུམ་སྙིང་ཐིག་གི་ལམ་ནས་ཕུང་པོ་འོད་དུ་དེངས་པའང་ཤིན་ཏུ་མང་བར་བྱོན་པས་དུས་སྐབས་དེ་དག་ཏུ་བོད་ཀྱི་གང་ཟག་བྱིངས་རྣམས་ལམ་དེ་དང་དེ་ལ་འདུན་ཞིང་ཞུགས་པ་ཧ་ཅང་མང་བས། གོང་དུ་བརྗོད་པ་དེ་དག་གི་དོན་གྱི་གནས་ལ་ནོར་བ་མི་སྲིད་ཀྱང་ཚིག་གི་སྤྲོས་པ་དང་ཕྱག་ལེན་ཅུང་ཟད་ཟོར་ཡང་དུ་མཛད་པས་མདོ་སྔགས་ཐུན་མོང་པའི་ཤིན་རྟ་ཆེན་པོའི་ལུགས་སྲོལ་ལས་བག་ཙམ་གཡེལ་བ་ལྟར་གྱུར་པ་གཟིགས་ནས་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་དུས་སྐབས་དེར་གངས་ཅན་གྱི་ལྗོངས་འདིར་བསྟན་པའི་བདག་པོར་མཐུན་སྣང་དུ་གྲུབ་པས་ཡོངས་སུ་གྲགས་པའི་གཞུང་ལུགས་ཆེན་པོ་རྣམས་ལ་ཐོས་བསམ་གྱིས་འཇུག་པའི་ཤིང་རྟའི་སྲོལ་མི་ཉམས་པ་ལ་དགོངས་ནས་རབ་དབྱེའི་བསྟན་བཅོས་འདི་ཉིད་བརྩམས་པ་ན། གྲུབ་མཐའ་ལ་མ་ཞུགས་པའི་ཁྱིམ་པ་ཕྱོགས་ལྷུང་ཅན་དག་གིས་ཀྱང་རང་གི་གློ་བ་གང་ལ་བྱང་བ་དེ་ཡི་དམ་དུ་བྱས་ནས་གཞན་སྐྱོན་ཅན་དུ་བསྒྲུབ་པའི་ཕྱིར་བསྟན་བཅོས་འདིའི་ཚིག་རྣམས་ཁ་ཏོན་དུ་བྱེད་པ་དང་། གྲུབ་མཐའ་པར་ཁས་འཆེ་བའི་སྨྲ་བ་པོ་དག་ཀྱང་འགའ་ཞིག་ནི་རྟོག་དཔྱོད་མ་ཞུགས་བཞིན་དུ་བྲག་ཆའི་ལད་མོ་ཟློ་བ་དང་། འགའ་ཞིག་ནི་འགའ་དང་འགའ་ལ་ཕྲག་དོག་གི་བསམ་པ་སྔོན་དུ་བཏང་ནས་བསྟན་བཅོས་མཛད་པ་པོའི་དགོངས་པ་མ་ལོན་པའམ་ལོན་ཡང་རུང་ཕྱོགས་ལྷུང་གི་འོག་ནས་ལྡང་བར་མ་ནུས་པའི་རྒྱབ་རྟེན་དུ་འདིའི་དངོས་བསྟན་གྱི་ཚིག་ཁོ་ན་སྐྱོར་ཟློས་བྱས་པས་སྐལ་བ་དམན་པའི་སྐྱེ་བོ་འགའ་ཞིག་ཆོས་སྤོང་བ་ལ་སྦྱར་བའི་ཞར་དུ་གཞུང་འདི་ཉིད་ཀྱང་དྲི་མ་ཅན་དུ་བྱས་སོ། །གཉིས་པ་ནི། བསྟན་བཅོས་ཀྱི་ཚིག་ལ་བརྟེན་ནས་གཞན་གྱིས་དོགས་པ་བསླངས་བ་དེ་དང་། དེ་ལུང་དང་རིགས་པས་སེལ་བས་སོ། །དང་པོ་ལ་གཉིས་ཏེ། དངོས་སུ་གསལ་བའི་དགག་སྒྲུབ་ཡོད་པར་འདོད་པ་དང་། ཟུར་གྱིས་ཕོག་པ་ཡོད་པར་འདོད་པ་སེལ་བའོ། །དང་པོ་ལའང་གསུམ་སྟེ། དབུ་མ་དང་གསང་སྔགས་ལྟ་བ་ཁྱད་པར་མེད་པར་འདོད་པ། ལྟ་སྒོམ་ཤན་མ་ཕྱེ་བར་འདོད་པ། རྒྱུད་སྡེ་གོང་མ་གསུམ་ཐེག་པའི་རིམ་པར་མི་འདོད་པའི་སྐྱོན་སྤོང་ངོ་། །དང་པོ་ནི། བསྟན་བཅོས་འདི་ཉིད་ལས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་པས། ཆོས་ཀྱི་རྗེས་སྟོང་ཉིད་སྤྲོས་བྲལ་ཙམ་ལ་ཆོས་སྤྱིའི་ལྟ་བར་བཞག་པའི་གནས་སྐབས་གཅིག་དང་། ཉམས་མྱོང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་གསང་སྔགས་ཐུན་མོང་མ་ཡིན་པའི་ལྟ་བར་བཞག་པའི་གནས་སྐབས་གཉིས་སོ་སོར་བཞེད་པ་མ་རྟོགས་པ་དང་། ཕྱིས་ཀྱི་རྟོག་གེ་ལ་ཆེས་གོམས་པ་དག་གིས་ལྟ་བ་ཞེས་པའི་ཚིག་འདི་ལ་བརྟེན་ནས་མདོ་སྔགས་གཉིས་ཀའི་ལྟ་བ་གཅིག་ཏུ་དཔྱད། དེས་ཉམས་མྱོང་གི་ཡེ་ཤེས་ཀྱང་མེད་དགག་གི་སྤྲོས་བྲལ་ཙམ་དུ་བསམ། ལྟ་བའི་མིང་ཙམ་ལ་བརྟེན་ནས་དབང་གི་ཡེ་ཤེས་མངོན་སུམ་ཉམས་སུ་མྱོང་བྱར་ཡོད་བཞིན་དུ་རྟོག་དཔྱོད་ཡན་ལག་ཏུ་དགོས་པར་འདོད་པས་རྡོ་རྗེ་ཐེག་པའི་ཟབ་གནད་ལ་ཅུང་ཟད་བསྒྲིབས་ཏེ་རྟོག་དཔྱོད་དེ་ལྟ་བ་རྟོགས་པའི་ཐབས་ཡིན་པ་ལ་མ་བསམས་སོ། །དེའི་རྒྱུ་མཚན་ནི། སྤྱིར་ལྟ་བ་ཞེས་པ་རྒྱུའི་ཐེག་པ་པའི་སྤྲོས་བྲལ་ཐོས་བསམ་གྱི་དཔྱད་དོན་ཁོ་ནར་ངོས་བཟུང་བས་ལན། དེ་ལྟ་ན་རྗེས་ཐོབ་ཏུ་བསམ་བྱུང་གིས་དཔྱད་པའི་ཚིག་ཏུ་མི་འདོད་ཀ་མེད་བྱུང་ཡང་། མཉམ་གཞག་གི་གནས་སྐབས་ནི་ཚིག་དང་སྒྲ་རྟོག་གི་ཡུལ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མ་ཡིན་པར་བཞེད་པ་འདི་ནི་སྔོན་གྱི་ཆེན་པོ་རྣམས་ཀྱང་མགྲིན་གཅིག་ཏུ་བཤད་ན་དེའི་ཡུལ་ལ་ལྟ་བའི་གདམས་གཞི་མ་གྲུབ་སྟེ་ཁས་བླང་ཐམས་ཅད་དང་བྲལ་བར་བཞེད་པ་འདིར་དོན་གྱིས་མི་མཐུན་པ་མེད། སྤྱིར་བློའི་ཡུལ་དུ་བྱས་པའི་སྟོང་ཉིད་དེ་ཆོས་ཉིད་ལ་རྗེས་སུ་དཔག་པའི་གོ་ཡུལ་ཙམ་ལས་དངོས་པོའི་གནས་ལུགས་མ་ཡིན་པར་གསུངས་ཏེ། ཆོས་ཉིད་དོན་དམ་པའི་བདེན་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། ཀློག་པ་ཐོས་བསམ་པ་ཕལ་ཆེར་ཞིག་གིས། ངོ་བོའི་ཆ་ལ་འདུག་ཚུལ་ཇི་ལྟ་བ་རྒྱུད་ལ་མ་མྱོང་བཞིན་དུ་ཚིག་གི་ཆ་ལ་རྟོག་དཔྱོད་ཀྱིས་སྒྲོ་བཏགས་པའི་བློའི་ཡུལ་དུ་གྱུར་པའི་རྟོག་དཔྱོད་ཀྱི་ཤེས་རབ་གཉིས་རྫས་འགལ་བའི་ཚུལ་བཅོམ་ལྡན་འདས་ཀྱིས་ལན་ཅིག་མ་ཡིན་པར་གསུངས་ཏེ། རྡོ་རྗེ་གཅོད་པ་ལས་ཀྱང་། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་། དྲིན་ལན་བསབ་པའི་མདོ་ལས། དོན་ལ་གནས་ཀྱི་ཡི་གེའི་རྗེས་སུ་མི་གནས། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མི་གནས། ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པ་འདི་ཙམ་གྱིས་ཀྱང་ཤེས་པར་ནུས་སོ། །འོ་ན་ཐོས་བསམ་གྱིས་རྟོགས་པར་བཤད་པ་ཅི་ཞེ་ན། རྗེས་ཐོབ་ཏུ་གཤིས་ཀྱི་བཞུགས་ཚུལ་གོ་ཡུལ་ཙམ་ལ་ངེས་པ་རྙེད་པའི་ཕྱིར་ཏེ་ཤེས་བྱས་སྒྲོ་འདོགས་གཅོད་པ་ན་འཇིག་རྟེན་པའི་བརྡ་དང་བསྟུན་ནས་ཡུལ་ཡུལ་ཅན་གྱི་ཆ་ནས་ལྟ་བ་ཞེས་ཐ་སྙད་དུ་བྱས་པ་ཉིད་རྒྱུའི་ཐེག་པར་གྲགས་ཆེ་དེ་ལྟ་ནའང་གསང་སྔགས་སུ་དེའི་རིགས་པས་རྒྱས་འགེབས་ཀྱིས་བདེན་པ་གཉིས་ལ་དཔྱད་ར་བྱས་པས་འབྲས་བུའི་ཐེག་པ་རྒྱུའི་རང་ས་ནས་འཕགས་པར་མ་ནུས། གང་གི་ཕྱིར་ན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལ་ཚིག་ཙམ་མཐུན་ཡང་དོན་དུ་མ་མཐུན་ཏེ་དག་པ་གསུམ་གྱི་གྲུབ་མཐས་ཀུན་རྫོབ་གདོད་ནས་དག་པའི་ལྷའི་དཀྱིལ་འཁོར་དུ་ཤེས་པ་མ་ཧཱ་ཡོ་གའི་རང་སའི་གྲུབ་མཐའ་ཡིན་ཀྱང་འཁྲུལ་སྣང་གི་འཛིན་ཞེན་མ་ཐོངས་པས་གདོད་ནས་དག་པའི་ཆོས་ལ་ཡིད་མི་ཆེས་བཞིན་དུ་ལྷ་བསྒོམས་ཀྱང་རྣལ་མའི་དོན་ལ་ཇི་ཙམ་འབྱོར་བརྟག་པར་བྱ་བ་སྟེ། རྡོ་རྗེ་འཆང་ཆེན་པོའི་གསང་བ་ལམ་གྱི་རིམ་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་ཇི་བཞིན་སློང་བར་དཀའ། དེས་ན་ལྟ་བ་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས་གསང་སྔགས་ཀྱི་ཉམས་མྱོང་གི་ཡེ་ཤེས་ཀྱང་དཔྱད་པས་གཏན་ལ་འབེབས་དགོས་པར་སྨྲ་བ་ནི་ཅུང་ཟད་མི་ལེགས་ཏེ་མདོ་སྔགས་གཉིས་སྤྲོས་བྲལ་གྱི་དགོངས་པ་ལེན་ཚུལ་མི་མཚུངས་པའི་ཁྱད་ཀྱིས་རྡོ་རྗེ་ཐེག་པར་ཐབས་རྨད་དུ་བྱུང་བ་དུ་མའི་རྟེན་ཅིང་འབྲེལ་འབྱུང་ལས་ཡེ་ཤེས་ཚེགས་མེད་པར་ཅར་ཕོག་ཏུ་རྟོགས་པ་ལས་དཔྱད་པས་གཏན་ལ་འབེབས་དགོས་པར་ནམ་ཡང་མ་བསྟན་པའི་ཕྱིར་རྒྱུ་འབྲས་ཐེག་ཆེན་གཉིས་པོ་རང་སའི་ཤེས་རབ་རླབས་པོ་ཆེས་ཟབ་མོའི་གནས་འཇལ་བ་ལ་མ་རྨོངས་པར་བྱ་བ་ནི་ཆོས་སྤྱིའི་དོན་འགྲེལ་ཁྱད་པར་དུ་འཕགས་པ་ཡིན་ནོ། །འོ་ན་སྔགས་ཀྱི་བདེན་པ་གཉིས་འཇལ་ལུགས་ཁྱད་པར་ཡོད་དམ་ཞེ་ན། ཡོད་དེ་འབྲས་བུའི་ཐེག་པ་ལས། དོན་དམ་བདེན་པ་སེམས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ཉིད་དོན་དམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་པའི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཅིག་ཏུ་འཇོག་པ་ཡིན་ལ། དེ་འདྲ་དེ་བཀའ་འཁོར་ལོ་ཐ་མ་ནས་བསྟན་པའི་བདེ་བར་གཤེགས་པའི་སྙིང་པོ་ཟབ་གསལ་གཉིས་མེད་དུ་གསུངས་པ་དེ་ལས་ནམ་ཡང་གཉིས་སུ་མ་ཡིན་ལ། ལུས་ཅན་ཀུན་གྱི་རྒྱུད་ལ་གདོད་ནས་བཞུགས་ཤིང་། བཞུགས་ཚུལ་ཡང་གློ་བུར་གྱི་དྲི་མས་གཡོགས་པ་སྙིང་པོའི་ཚུལ་དུ་བཞུགས་པས་གཞི་དུས་དང་འབྲས་དུས་གཉིས་བུམ་ནང་གི་མར་མེ་ལྟར་དྲི་མས་བསྒྲིབས་མ་བསྒྲིབས་ཙམ་ལས་ངོ་བོ་ལ་ཁྱད་མེད་དེ་སྙིང་པོའི་མདོ་སྡེ་རྣམས་སུ་དཔེ་དུ་མས་དོན་གཅིག་པོ་དེ་ཉིད་བསྟན་པ་དང་། རྒྱལ་ཚབ་ཆེན་པོ་བྱམས་པས་མདོའི་དགོངས་པ་འགྲེལ་པ་ན། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། སོགས་དཔེ་དགུ་དང་སྦྱར་བས་སྙིང་པོའི་བཞུགས་ཚུལ་རྒྱས་པར་བཀྲལ་བ་བཞིན་རྒྱུའི་ཐེག་པའི་མཐར་ཐུག་གི་ངེས་དོན་གང་ཡིན་པ་དང་སྔགས་ཀྱི་ཐེག་པ་གཅིག་ཏུ་འབབས་པའི་ཕྱིར་མཚན་ཉིད་ཀྱི་ཐེག་པའི་ངེས་དོན་མཐར་ཐུག་པ་གང་ལ་གནས་པ་སྔགས་ཀྱི་དགོངས་པས་འབྱེད་པ་ཉིད་རྒྱུ་འབྲས་ཐེག་ཆེན་གཉིས་ཀྱི་ཟབ་གསང་རྨད་དུ་བྱུང་བ་ལ་ལྟ་བའི་བློ་མིག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱིས་ཕྱེ་བ་ལས་འབྱུང་བ་སྟེ་གཞན་དུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །འོག་མར་གོང་མ་དག་གིས་གནོད། །ཅེས་གསུངས་པ་ལྟར་ལམ་འོག་མའི་ཁྱད་པར་གོང་མས་འབྱེད་པ་ལས་རང་སའི་ཤེས་རབ་ཀྱིས་རྣམ་པར་འབྱེད་མི་ནུས་ཏེ་རལ་གྲིས་རང་གི་སོ་མི་གཅོད་པའི་རིགས་པ་དང་མཚུངས་སོ། །དེ་བས་ན་ཚུལ་དེ་དག་ནི་ཟབ་པ་དང་རྒྱ་ཆེ་བའི་རྒྱུ་དང་འབྲས་བུའི་ཐེག་པ་བསམ་གྱིས་མི་ཁྱབ་པས་བསྟན་དོན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲལ་བ་སོགས་ངེས་དོན་ལ་རྟོན་པའི་རྒྱལ་སྲས་འཕགས་པ་བགྲངས་ཀྱིས་མི་ལང་པས་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་གསལ་ཞིང་རྒྱས་པར་མཛད་གྲུབ་པའི་ཕྱིར་འདིར་སྨོས་མ་དགོས་ཤིང་སྤྲོས་པས་ཆོག་སྟེ། རྩ་རྒྱུད་བརྟག་པ་གཉིས་པ་ཁོ་ནར་ཡང་། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་པ་ལ་སོགས་ཀྱིས་རྣམ་པ་ཀུན་ཏུ་བསྟན་པའི་ཕྱིར་རོ། །དེ་ལ་བརྟེན་ནས་སྔགས་ཀྱི་ཐེག་པ་པས་གཞི་གང་དུ། ལམ་གང་གིས། དྲི་མས་གང་སྦྱོང་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། བཅིང་གྲོལ་གྱི་གཞིར་གྱུར་པའི་བདག་དམ་པ་དེ་ཉིད་ཤེས་པར་འགྱུར་བ་དང་། དེ་ཉིད་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་བདག་དང་མི་འདྲ་ཞིང་རྡོ་རྗེའི་བདག་ཏུ་གསུངས་པ་དང་། གཞི་དང་འབྲས་བུའི་རྒྱུད་དག་གིས་ངེས་པར་འབྱེད་པ་དང་། རིམ་པ་གཉིས་སྒྲུབ་པའི་གཞི་གང་ཡིན་པ་དང་། ཐེག་པ་གཉིས་ཀར་ཐུན་མོང་དུ་གྲགས་པའི་གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་དེ་ཉིད་ངོ་ཤེས་པ་སོགས་ཀྱི་རྣམ་གཞག་ཟབ་མོ་ཐམས་ཅད་འབྱུང་བའི་ཕྱིར་རོ། །འོ་ན་བཀའ་ཕྱི་མ་དང་གསང་སྔགས་སུ་སྙིང་པོའི་བཞུགས་ཚུལ་གསུངས་པ་ལས་བཀའ་བར་པར་སྙིང་པོའི་ངོས་འཛིན་མ་གསུངས་སམ་ཞེ་ན། སྙིང་པོ་ཙམ་ནི་གསུངས་མོད། ངོས་འཛིན་ཚུལ་མི་མཚུངས་ཏེ་འདི་པས་རང་བཞིན་ཤེར་ཕྱིན་དང་སྙིང་པོ་དོན་གཅིག་ཅིང་དེའི་སྤྲོས་པ་གཅོད་ཚུལ་མེད་དགག་ཁོ་ན་ལས་གཞན་མི་འཆད་པའི་རྒྱུ་མཚན་ལུས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་དང་། མུ་སྟེགས་བྱེད་རྣམས་ཀྱི་གྲུབ་མཐའ་ངན་པས་བཏགས་པའི་བདག་ལྟ་ལས་བཟློག་པའི་སྐབས་གཙོ་བོར་སྟོན་པ་ཡིན་པའི་ཕྱིར། ཀླུའི་ཞབས་ཀྱིས། རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་པ་དང་། དངོས་པོའི་འཛིན་པ་བཟློག་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་པར་མཛད། །ཅེས་གསུངས་པས་ཀྱང་གསལ་ལོ། །དེ་བཞིན་དུ་ངོ་བོ་ཉིད་མེད་པའི་གཞུང་རྣམས་སུ་སྙིང་པོའི་ངོས་འཛིན་རྒྱས་པར་མི་བཞུགས་ཀྱང་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་ལ་བསམས་ནས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་བཤད་པ་ཡིན་ལ། དེས་ན་སྙིང་པོའི་ངོས་འཛིན་དང་། དེ་ཉིད་རྒྱུའི་རྒྱུད་སོགས་སུ་འཇོག་པའི་རྣམ་བཞག་གོང་དུ་སྨྲས་པ་རྣམས་བྱེད་པ་དེ་སྲིད་དུ་བཀའ་འཁོར་ལོ་ཕྱི་མ་གཞིར་བཞག་ནས་རྣམ་གཞག་བྱེད་པ་ཉིད་ལེགས་ཤིང་མཐའ་ཆོད་པ་ཡིན་ནོ། །དེ་ལྟ་མིན་པར་སྤྱིར་ཐོས་བསམ་གྱིས་གཞལ་བའི་ཆོས་སྤྱིའི་སྟོང་ཉིད་དང་བྱེ་བྲག་རང་སྟོང་བ་བཞེད་པའི་དྲི་བཅས་ཀྱི་སེམས་བདེན་པས་སྟོང་པ་ལ་སྙིང་པོ་དང་། མེད་དགག་གི་སྟོང་ཉིད་ལ་ཆོས་ཀྱི་དབྱིངས་སུ་འདོད་པ་དེ་ཙམ་ཞིག་སྔགས་ཀྱི་ཐེག་པའི་སྦྱང་གཞི་རྒྱུའི་རྒྱུད་སོགས་སུ་འཇོག་པར་བྱེད་ན། དེ་དག་ལ་ཟབ་པ་དང་རྒྱ་ཆེ་བའི་མཚན་ཉིད་ཅན་གྱི་རང་བཞིན་འོད་གསལ་བ་དང་ཟུང་དུ་འཇུག་པ་དང་མི་འགྱུར་བའི་བདེ་བ་ཆེན་པོའི་ཁྱད་པར་སོགས་མི་མངའ་བའི་ཕྱིར་ཐུན་མོང་གི་མིན་པའི་སྐབས་འདིར་དོན་དམ་བདེན་པ་རྟོགས་བྱའི་ཡུལ་དུ་འཇོག་མི་ནུས་ཏེ། དུས་ཀྱི་འཁོར་ལོ་ལས། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཞེས་སོགས་གསུངས་པ་དང་། ཀྱཻ་རྡོ་རྗེ་ལས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་རྙེད་མིན་ཏེ། །བླ་མའི་དུས་ཐབས་མན་ངག་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པའི་རྐང་པ་དང་པོས་གང་རྟོགས་པར་བྱ་བ་བརྗོད་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟབ་གསལ་གཉིས་མེད་བསྟན་ནས་རྐང་པ་གཞན་གསུམ་པོས་དེ་ཉིད་རྟོགས་བྱེད་བླ་མ་ཡེ་ཤེས་ཅན་གྱིས་སློབ་མ་སྣོད་ལྡན་གྱི་རྒྱུད་དང་འཚམས་པར་མན་ངག་གི་རྟེན་འབྱུང་མ་འཕྱུག་པ་སོགས་ལས་རྟོགས་པར་ནུས་པ་ལས་གཞན་གང་གིས་ཀྱང་མི་རྟོགས་པར་གསུངས་ཤིང་། ཅི་སྟེ་ལྟ་བ་སྤྲོས་བྲལ་ལས་ལྷག་པ་མེད་ཀྱང་རྟོགས་བྱེད་ཐབས་ཀྱི་ཁྱད་པར་ཙམ་མོ་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྤྲོས་བྲལ་གྱི་མཚན་ཉིད་ཚང་ཡང་། སྤྲོས་བྲལ་ཙམ་ལ་དེའི་ཡོན་ཏན་མ་ཚང་ཞིང་མེད་དེ། རིགས་ཤེས་ཀྱིས་དགག་བྱ་བཀག་ཟིན་པའི་ཤུལ་དུ་སྟོང་ཉིད་རྗེས་མཐུན་པ་འགྲུབ་ཀྱང་དེས་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པར་མི་ནུས་པ་སོགས་ཀྱི་ཕྱིར་དང་། གལ་ཏེ་རིགས་ཤེས་ཀྱིས་དཔྱད་པའི་སྟོང་པ་ལས་གཞན་དུ་ལྷན་སྐྱེས་ཀྱི་ཡེ་ཤེས་མེད་པར་འདོད་ན། གང་དུ་ཡང་ནི་རྙེད་མིན་ཏེ། །ཞེས་པའི་ཚིག་གི་དགོས་པ་སྟོར་བར་འགྱུར་ལ། མུ་སྟེགས་བྱེད་ལ་སོགས་ཀྱིས་ཀྱང་སྙིང་པོའི་དེ་ཁོ་ན་ཉིད་རྟོགས་པར་ཐལ་ཏེ། རིགས་ཤེས་ལྟར་སྣང་གིས་ཀྱང་དེ་རྟོགས་པར་ནུས་པའི་ཕྱིར། རྐང་པ་གསུམ་པ་དང་བཞི་པའི་དོན་ཡང་གཞན་ཏེ་བླ་མའི་མན་ངག་དང་། སྔགས་ཀྱི་ཐབས་ལམ་སོགས་ལ་ལྟོས་མི་དགོས་པར་གྲུབ་བོ། །གཞན་ཡང་གསང་སྔགས་ཀྱི་དོན་སྟོན་པའི་བླ་མ་དེ་ཉིད་སངས་རྒྱས་ཀུན་དང་མཉམ་པའམ་ལྷག་པར་གསུངས་པ་ལྷན་སྐྱེས་ཀྱི་ཡེ་ཤེས་སྟོན་པར་མཛད་པ་ལ་དགོངས་པ་སྟེ། ཡེ་ཤེས་དེ་ཉིད་ཀློག་པ་པའི་དཔྱད་དོན་ཙམ་དང་གཅིག་པར་བསམས་ན། དེ་སྟོན་པའི་བླ་མ་ཡང་ཀློག་པའི་སློབ་དཔོན་དང་མཉམ་པར་ཐལ་བའི་བློ་སྐྱོན་འདི་རང་བཞིན་གྱིས་འཇུག་པར་འགྱུར་ལ། བོད་འདིར་ཕྱིས་སུ་དེ་ལག་ལེན་དུའང་བཀལ་ཏེ་གསང་སྔགས་ཉན་པ་ལ་རྟོག་གེ་སློབ་པའི་འདུ་ཤེས་ཙམ་ལས་མ་བྱུང་། དེས་མོས་གུས་དང་དག་སྣང་རི་བོང་གི་རྭ་ལྟར་དཀོན་པའི་དངོས་པོར་གྱུར། རྒྱུ་དེས་བྱིན་རླབས་དང་དངོས་གྲུབ་ཀྱང་རྒྱང་རིང་དུ་གྱུར་ཏམ་སྙམ་མོ། །དེས་ན་ཀྱེ་རྡོ་རྗེའི་དཀའ་འགྲེལ་བླ་མ་དཔྱལ་ལོ་ཙཱ་བའི་བཤད་སྒྲོས་རྟོག་གེས་མ་བསླད་པ་ལས་འདི་ལྟར་འབྱུང་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཇི་ལྟར་རྟོགས་ཤེ་ན། གཞན་གྱིས་བརྗོད་མིན་ཞེས་པ་གཞན་ལ་པ་ར་མ་ཟེར། དེ་ལྟར་ན་མཆོག་གི་དོན་དུའང་འགྱུར་བས་མཆོག་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེས་ཀྱང་བརྗོད་དུ་བཏུབ་པ་མིན་ནོ། །དེ་གང་ཞེ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་བསམ་པའམ་བཙལ་བས་རྙེད་དམ་ཞེ་ན། མི་རྙེད་དེ་ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་ཡིད་ཀྱི་ཡུལ་གང་དུ་ཡང་ནི་མི་རྙེད་དེ་བསམ་པའི་ཡུལ་ལས་འདས་པས་སོ། །འོ་ན་དེ་རྟོགས་པའི་ཐབས་ཡོད་དམ་ཞེ་ན་ཡོད་དེ། གཞན་གྱིས་བརྗོད་དུ་མི་བཏུབ་པ་དེ་གཞན་སྟོབས་ཀྱིས་ཀྱང་རྟོགས་ཏེ། བླ་མ་མཚན་ཉིད་དང་ལྡན་པའི་དུས་ཀྱི་ཐབས་ནི། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟེན་པས་རྟོགས་སོ། །བླ་མའི་དུས་ཚིག་ཟེར་ན་དབང་བཞི་པའི་དུས་སུ་ཚིག་གིས་ངོ་སྤྲད་པའི་སྒོ་ནས་རྟོགས། དུས་ཚིགས་ཟེར་ན་རླུང་མ་ཟིན་ཟེར་ཡང་ཟིན་པར་ཡོང་སྟེ་དེས་གསུམ་པའི་དུས་སུ་རྟོགས། རླུང་མ་ཟིན་པ་གཅིག་གིས་བཞི་པའི་དུས་སུ་རྟོགས་སོ། །བླ་མ་དམ་པའི་ཞལ་ནས་འདི་ལ་གུ་རུ་པ་ར་ཀྲ་མ་ཞེས་བྱ་བ་བླ་མའི་མན་ངག་གི་རིམ་པ་འབའ་ཞིག་གིས་རྟོགས་པར་འགྱུར་གསུངས་ཀྱང་། གང་དུ་ཡང་མི་རྙེད་པ་དེ་རང་སྟོབས་ཀྱིས་ཀྱང་རྟོགས་པར་གསུངས་ཏེ། བདག་གིས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་ཀྱང་རྟོགས་པར་ཤེས་པར་བྱའོ། །ཞེས་པ་ལ་སོགས་ཀྱིས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གསལ་པོར་བསྟན་པ་དང་། དེ་བས་ན་བརྗོད་མེད་ལྷན་ཅིག་སྐྱེས་པ་ཟབ་ཅིང་ཕྲ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་འདི་ཉིད་ཐོས་བསམ་གྱི་ཤེས་རབ་ལྟར་སྣང་གི་ཡིད་དཔྱོད་དང་། ཐ་སྙད་ཀྱི་དཔེ་དང་ཚིག་གིས་གཏན་ལ་ཇི་བཞིན་མི་ཕེབས་པར་བདག་ཅག་གི་སྟོན་པས་མདོ་རྒྱུད་ཐམས་ཅད་དུ་ཡང་བཀའ་སྩལ་ཏེ། ཕྱག་ཆེན་ཐིག་ལེའི་རྒྱུད་ལས་ཀྱང་། །ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་དམ་པ་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །ཞེས་དང་། ས་ར་ཧས། ཁ་དོག་ཡི་གེ་ཡོན་ཏན་དཔེ་བྲལ་བ། །སྨྲ་རུ་མི་བཏུབ་དེ་ནི་བདག་གིས་གྱི་ནར་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞུགས་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་ཆེན་པོ་དཀོན་མཆོག་སྤྲིན་ལས་ཀྱང་། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་འདས་པ། སྤྲོས་པ་ཐམས་ཅད་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱི་བ་དང་བཙུམ་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ཞེས་པ་ལ་སོགས་རྒྱུ་འབྲས་ཐེག་ཆེན་གཉིས་ཀྱི་ཡེ་ཤེས་ངོ་བོའི་བཞུགས་ཚུལ་སྒྲ་ཇི་བཞིན་པ་དྲང་ཐད་དུ་སྟོན་པའི་སྐབས་དོན་གཅིག་པ་ཉིད་ལས་འགལ་བར་མི་སྲིད་དེ། སྟོང་ཕྲག་བརྒྱ་པ་དང་། ཤེས་རབ་སྙིང་པོར་འདུས་བྱས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅིང་སྤང་ཐོབ་དང་བྲལ་བར་གསུངས་པའོ། །དེ་ལ་དགོངས་ནས་ཆོས་ཀྱི་རྗེས་བསྟན་བཅོས་འདིར། དབུ་མ་ལས་ལྷག་ལྟ་ཡོད་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་འདིའི་དགོངས་པ་ཇི་བཞིན་བླང་ཚེ། སྔགས་ཀྱི་ལྟ་བ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟབ་གསལ་གཉིས་མེད་དེ་ཉིད་ངོ་བོའི་ཆ་ནས་སྤྲོས་པའི་མཐའ་གང་དུའང་མ་ལྟུང་བ་ལ་དགོངས་ནས་ལྟ་བ་དེའི་མཚན་ཉིད་སྤྲོས་པ་དང་བྲལ་བ་ཡིན། དེ་ལྟར་ཡིན་པས་སྤྲོས་བྲལ་གྱི་ཆ་ནས་དབུ་མའི་སྤྲོས་བྲལ་ལས་ལྷག་པ་མེད། དེ་མེད་པས་སྤྲོས་བྲལ་གྱི་ངོས་ནས་དབུ་མ་དང་གསང་སྔགས་ཁྱད་པར་མེད་པར་འཆད་པའི་དོན་དུ་ཤེས་དགོས་ཏེ། དེ་མ་ཐག་ཏུ། སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས་པའི་ཕྱིར་རོ། །སྤྲོས་བྲལ་དེ་ཡང་སྤྱིར་ཡོད་མེད་སོགས་གང་དུའང་ཁས་བླང་མེད་པའི་དོན་ཙམ་ལས། བོད་འགའ་ཞིག་གི་ཞེ་འདོད་ལྟར་མེད་དགག་གི་སྟོང་ཉིད་ཁོ་ནར་བཞེད་པ་མིན་ཞིང་། སྤྲོས་བྲལ་དེ་ལ་རྣམ་པའི་བདེ་བ་ཆེན་པོ་དང་སོ་སོ་རང་རིག་གི་རིག་པས་ཉམས་སུ་མྱོང་བྱར་གྱུར་པ་སྔགས་ཀྱི་ལྟ་བའི་ཁྱད་ཆོས་སུ་བཞེད་པ་ཡིན་ཏེ་འཆད་པར་འགྱུར་བས་ཤེས་སོ། །དེས་ན་ལྟ་བ་ཞེས་པ་སྤྲོས་བྲལ་གྱི་མིང་ཙམ་ལ་མཐུན་ནའང་སྤྲོས་བྲལ་དེའི་དགོངས་པའི་ལེན་ཚུལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཁྱད་པར་ཆེ་བ་ལ་རྟོག་གེའི་རིགས་པ་ལྟར་སྣང་གི་ཐོས་བསམ་གྱིས་དཔྱད་པ་དེ་མདོ་སྔགས་གཉིས་ཀར་དགོས་པར་བསམ་པ་ཕལ་ཆེར་ཞིག་ལ་ཤར་འདུག་པ་དེ་ལ་འདི་འདྲི་སྟེ། དབང་དུས་ཀྱི་ཡེ་ཤེས་དེ་ཐོས་བསམ་གྱི་ལྟ་བ་དང་མཉམ་མམ་ལྷག །དང་པོ་ལྟར་ན། ཐོས་བསམ་གྱིས་དཔྱད་པས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་ཐལ་ཏེ་དེ་ཉིད་དེའི་ལྟ་བ་དང་མཉམ་པའི་ཕྱིར། འདོད་ན་སྔགས་ཀྱི་ཐབས་ལ་ལྟོས་མི་དགོས་པར་གྲུབ་པས་དེ་དོན་མེད་པར་འགྱུར་བ་དང་། གཉིས་པ་ལྟར་ན། དབང་དུས་སུ་ལྷག་པའི་ཡེ་ཤེས་རྟོགས་པར་བྱར་ཡོད་བཞིན་དུ་སྔོན་དུ་ཐོས་བསམ་གྱིས་དཔྱད་པ་དོན་མེད་པར་འགྱུར་ཏེ། དེས་ཉམས་མྱོང་གི་ལྟ་བར་མི་བཏུབ་པའི་ཕྱིར་རོ། །ཅི་སྟེ་ངོ་བོ་ལ་ཁྱད་པར་མེད་ཀྱང་རྟོགས་བྱེད་ཐབས་ཀྱི་བྱེ་བྲག་ཙམ་མོ། །ཞེ་ན་རྟོགས་བྱའི་ལྟ་བ་ལ་ཁྱད་པར་མ་གྲུབ་པ་བཞིན་དུ་ཐབས་དེ་དག་གང་ཡང་རུང་བས་རྟོགས་པར་ནུས་པའི་ཕྱིར་གཉིས་ཀ་བསྟན་པ་དོན་གྱིས་དབེན་པར་འགྱུར་ཞིང་། ཡང་མྱུར་བུལ་གྱིས་དབྱེ་བ་ཙམ་དུ་འདོད་ན་ཡང་ལམ་དེ་གཉིས་ཀས་བགྲོད་བྱ་སངས་རྒྱས་ཀྱི་ཡེ་ཤེས་སུ་གཅིག་ཀྱང་ཡེ་ཤེས་དེ་ལ་ཉེ་བ་དང་རིང་བའི་ཁྱད་ཤིན་ཏུ་ཆེ་ཞིང་ཟུང་འཇུག་གི་རྒྱུ་མཐུན་ལམ་དུ་བྱེད་པ་ཡོད་མེད་སོགས་རྡོ་རྗེ་འཆང་གི་ལམ་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆོས་ཇི་སྙེད་ཅིག་མཆིས་པ་དེ་སྙེད་ཀྱིས་མཆོག་དམན་ཡོད་དེ། བསྟན་བཅོས་འདི་ཉིད་མཛད་པ་པོས་ཀྱང་། ཐོས་བསམ་གྱིས་གཞལ་བའི་སྟོང་ཉིད་ལ་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དུ་གསུངས་ནས། དེས་ཉམས་མྱོང་གི་གོ་མ་ཆོད་པར་དབང་གི་ཡེ་ཤེས་ལ་ཉམས་སུ་མྱོང་བྱའི་ལྟ་བ་སངས་རྒྱས་ཀྱི་སའི་ཡེ་ཤེས་དང་ངོ་བོ་གཅིག་པར་བཞེད་འདུག་པའི་ཕྱིར་རོ། །དེས་ན་གནས་སྐབས་སུ་མདོ་སྔགས་སོ་སོའི་རང་སའི་ཤེས་རབ་མི་ཟབ་པ་དང་ཟབ་པ་དང་ཆེས་ཟབ་པའི་ཁྱད་པར་དང་། དེ་རྟོགས་བྱེད་ཐབས་ཀྱི་ཁྱད་པར་སོགས་ཀྱི་ལྡོག་པ་མ་འདྲེས་པ་ལ་བློ་གྲོས་ཀྱི་མིག་དཀྱུས་རིང་པོ་ཐོབ་པར་བྱ་དགོས་ཏེ། དེ་ལྟར་མ་ཡིན་ན་ཕྱོགས་རེའི་བློ་གྲོས་ཀྱི་ལམ་དུ་རྒྱུ་འབྲས་ཐེག་པ་གཉིས་པོ་འགལ་བ་ལྟར་སྣང་གི་གཟུགས་བརྙན་ལས་ལྡོག་པར་དཀའ་ཞིང་དགོངས་པ་གཅིག་ཏུ་གཟིགས་པའི་མཁས་པ་ཆེན་པོ་རྣམས་ཀྱིས་གནས་སྐབས་ཀྱི་གྲུབ་མཐའི་ཞལ་བཞེས་ཙམ་མཛད་པ་ལ་ངེས་དོན་དུ་བཟུང་ན་བྱིས་པའི་བློ་གྲོས་མགོ་འཁོར་ནས་འབྲས་བུའི་ཐེག་པའི་ཁྱད་པར་གྱིས་ཆོས་རྣམས་མཚན་ཉིད་རང་ས་ནས་འཕགས་པར་མ་ནུས་པས། རྡོ་རྗེ་འཆང་གི་གསང་བ་ཐུན་མོང་མ་ཡིན་པ་དེ་དང་དེ་རྣམས་ཀྱི་དགོངས་པ་ཆུད་མི་གསོན་པར་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །ཅི་ནས་དཔྱད་པ་སྔོན་དུ་མ་སོང་བར་རྟགས་པར་མི་འགྱུར་ན་དབང་དུས་སུའང་ཐོས་བསམ་གྱི་དཔྱང་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་དགོས་པར་ཐལ་བའི་སྐྱོན་འདི་ཡང་སྤང་དཀའ་ཞིང་། དེ་ལྟ་བུ་དེ་ནི་རྡོ་རྗེ་འཆང་གིས་ནམ་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་རོ། །འོན་ཀྱང་དབང་དུས་ལྟ་བ་ངོ་སྤྲོད་པའི་ཚེ་དཔྱད་པ་མི་དགོས་མོད་ཀྱི་ལྟ་དོན་དེ་ཉིད་རྗེས་སུ་སྒོམ་པ་ལ་སྦྱར་བའི་ཚེ་དཔྱད་པ་དང་བཅས་པས་བསྒོམ་པར་བྱ་དགོས་སོ་ཞེ་ན། ངོ་འཕྲོད་པའི་ལྟ་བ་དེ་སྐབས་དེར་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་བྱ་མཚོན་བྱེད་ཀྱི་སྒོ་ནས་ངོ་བོ་རྗེན་པར་ཉམས་སུ་མྱོང་བ་ལ་དེ་དེར་ངོ་སྤྲོད་པ་ལས་མ་འདས་པའི་ཕྱིར་མངོན་སུམ་ཉམས་མྱོང་དུ་གཏན་ལ་ཕེབས་ཟིན་པའི་རྗེས་སུ་དཔྱད་པ་དོན་མེད་ཅིང་རྒྱུ་འབྲས་གོ་ལོག་གི་སྐྱོན་གནས་པ་དང་། སྒོམ་པ་ལ་སྦྱོར་བའི་ཚེ་ནའང་རྟོགས་ཤིང་ངོ་འཕྲོད་པའི་དོན་དེ་ཉིད་ལ་མཉམ་པར་བཞག་པས་དོན་འགྲུབ་པའི་ཕྱིར་ཏེ། བསྟན་བཅོས་འདིར་ཡང་། གལ་ཏེ་གསང་སྔགས་བསྒོམ་འདོད་ན། །ནོར་བ་མེད་པའི་དབང་བཞི་ལོངས། །འཁྲུལ་པ་མེད་པའི་རིམ་གཉིས་སྒོམས། །དེ་ལས་བྱུང་བའི་ཡེ་ཤེས་ནི། །ཕྱག་རྒྱ་ཆེན་པོ་གོམས་པར་བྱ། །ཞེས་གསུངས་པས་སྔགས་ཀྱི་ཡེ་ཤེས་དེ་ལ་ཐོས་བསམ་གྱི་རྒྱུ་ཚོགས་མེད་ཀ་མེད་ཀྱི་ཡན་ལག་ཏུ་བཞེད་པ་མ་ཡིན་ནོ། །ལྟ་བ་རྟོགས་ཟིན་པའི་རྗེས་སུ་དཔྱད་པ་མི་དགོས་པ་ནི་དབུ་མའི་མན་ངག་གི་དགོངས་པའང་ཡིན་ཏེ་ཤིང་གཉིས་དྲག་ཏུ་དྲུག་པ་ལས་མེ་འབའ་བས་དེ་དག་ཚིག་པར་གྱུར་པ་ན་མེ་ཉིད་ཀྱང་རང་ཞིར་འགྱུར་བ་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱང་དམིགས་པ་མེད་པའི་ངང་དུ་ཞི་བར་གྱུར་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྟོགས་པར་གསུངས་པ་བཞིན་ནོ། །དེས་ན་དཔྱད་པས་གཏན་ལ་འབེབས་པར་བསྟན་པ་ཐམས་ཅད་རྒྱུའི་ཐེག་པའི་སྐབས་ཁོ་ན་དང་དེ་ཡང་ལས་དང་པོ་པས་ཐོག་མར་ཐོས་བསམ་ལ་བརྟེན་ནས་དོན་འོལ་སྤྱིའི་ཚུལ་དུ་རྟོགས་པར་འགྱུར་བ་ལ་དགོངས་པར་ཤེས་དགོས། ཐོས་བསམ་གྱིས་ཆོས་སྤྱིའི་ལྟ་བ་རྗེས་དཔག་གི་ཚུལ་དུ་རྟོགས་པ་ཞིག་སྔགས་ལ་ཞུགས་ན་དབང་དུས་སོགས་ཀྱི་ཐབས་ལ་བརྟེན་ནས་མངོན་སུམ་ཉམས་མྱོང་གི་ཏིང་ངེ་འཛིན་སྐྱེས་པའི་ཚེ་སྔར་གྱི་གོ་ཡུལ་ས་བོན་གྱི་ཚུལ་དུ་གནས་པ་དེ་ཉིད་ཉམས་མྱོང་གི་ཡེ་ཤེས་སུ་ན་འཕར་བ་ཞིག་ལ་འདོད་དགོས་ཤིང་། གཞན་དུ་ཐོས་བསམ་སྔོན་དུ་མ་སོང་བ་ཡང་སྔགས་ལ་ཞུགས་པའི་ཚེ་དབང་གསུམ་པ་ལྟ་བུའི་ཐབས་ཀྱིས་ལྟ་བ་མ་འཁྲུལ་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས་གྲོལ་བར་འགྱུར་བ་རྡོ་རྗེ་འཆང་གི་མྱུར་ལམ་འདིའི་ཁྱད་པར་གྱི་ཆོས་སུ་རྩོད་པ་མེད་དེ་ཨིནྡྲ་བྷཱུ་ཏི་སོགས་འཕགས་ཡུལ་གྱི་གྲུབ་ཐོབ་རྣམས་དང་། བོད་འདིར་ཡང་རྗེ་བཙུན་མི་ལ་དང་གླིང་རས་རྗེས་འབྲངས་དང་བཅས་པའི་རྣམ་ཐར་གྱིས་ཀྱང་ཤེས་པར་ནུས་པའི་ཕྱིར། བསྟན་བཅོས་འདི་ཉིད་ཀྱི་བཞེད་པའི་སྙིང་པོ་ཡང་དེར་ངེས་ཏེ། དེས་ན་གྲུབ་ཐོབ་ཐམས་ཅད་ཀྱང་། །ཕྱོགས་རེའི་ཐབས་ཀྱིས་གྲོལ་བ་མིན། །དབང་དང་རིམ་གཉིས་ལས་བྱུང་བའི། །ཡེ་ཤེས་སྐྱེས་པས་གྲོལ་བ་ཡིན། །ཞེས་གསལ་བར་བཤད་པ་དང་། གཞན་ཡང་གཞན་གྱིས་བརྗོད་མིན་སོགས་ལུང་གོང་དུ་དྲངས་ཟིན་པ་དང་། གང་གིས་མི་ཤེས་ཀྱེ་རྡོ་རྗེ། །དེ་ཡིས་ངལ་བ་དོན་མེད་ཡིན། །ཞེས་པ་ལ་སོགས་པ་དང་། སམྦུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པའང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་ཤིན་ཏུ་རིང་། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱང་སྔོན་དུ་བསྟན་པ་ལ་ཞུགས་ཤིང་སྤྱོད་པ་དེ་དང་དེས་འཚོ་བཞིན་པ་རྣམས་ཀྱང་ལམ་འདི་དང་འཕྲད་པ་ཙམ་གྱིས་གྲོལ་བར་འགྱུར་བའི་དོན་འདི་ཉིད་ལ་དགོངས་ནས་གསུངས་པར་སྣང་བའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་བསྟན་བཅོས་འདིར། དེས་ན་ཐོས་པའི་ལྟ་བ་ནི། དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛད། །དེ་རྟོགས་བྱེད་པའི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་མིན། །ཞེས་གསུངས་པས་ཐོས་པས་གཏན་ལ་དབབ་པའི་ལྟ་བ་ཡིན་ཕྱིན་ཆད་གོ་བ་ལས་མ་འདས། དེ་ལ་དབུ་མ་དང་། གསང་སྔགས་ཁྱད་པར་མེད་པས་གཏན་ལ་འབེབས་ཚུལ་ཕ་རོལ་ཕྱིན་པ་བཞིན་དུ་ཤིང་རྟའི་རིང་ལུགས་ཆེན་པོ་རྣམས་ལས་འབྱུང་བ་བཞིན་བྱ་བ་ལས་འོས་མེད་ཅིང་དེ་ལྟ་བུ་རྟོགས་པར་བྱེད་པ་ལ་ཐེག་པའི་རིམ་པ་ཡོད་པ་མ་ཡིན་ནོ། །ཞེས་སྟོན་པ་ལས་གསང་སྔགས་ཀྱི་ཉམས་སུ་མྱོང་བའི་ཡེ་ཤེས་དེ་ཉིད་གོ་ཡུལ་གྱི་ལྟ་བ་དང་ཁྱད་པར་མེད་པར་སྟོན་པའི་ཚིག་མ་ཡིན་ཏེ། དེས་ན་ཐོས་པའི་ལྟ་བ་ནི། ཞེས་ངེས་གཟུང་མཛད་པ་དངོས་བསྟན་དང་། དེ་ལྟ་མིན་ན་གོ་བའི་ལྟ་བ་དེས་གྲོལ་དགོས་པ་ལ། ལྟ་བ་དང་ནི་བསྐྱེད་རིམ་དང་། །གཏུམ་མོ་དང་ནི་བྱིན་རླབས་སོགས། །དེ་དག་རྐྱང་པས་གྲོལ་བ་མིན། །ཞེས་གོ་ཡུལ་གྱི་ལྟ་བ་དེ་ཙམ་གྱིས་མི་གྲོལ་བར་བཤད་ནས། དབང་བསྐུར་བ་ཡི་བྱིན་རླབས་དང་། །རིམ་གཉིས་བསྒོམས་པའི་རྟེན་འབྲེལ་གྱིས། །ཡེ་ཤེས་རྟོགས་ནས་གྲོལ་བ་ཡིས། །ཞེས་པས་གསང་སྔགས་ཀྱི་ཡེ་ཤེས་ཉམས་མྱོང་ཁོ་ན་ལ་བརྟེན་ནས་གྲོལ་བར་གསུངས་པ་ལ་བསྙོན་དུ་མེད་པའི་ཕྱིར་རོ། །གལ་ཏེ་ཐོས་བསམ་མམ་རྒྱུ་དུས་ཀྱི་ལྟ་བ་ལས་ལྷག་པ་གསང་སྔགས་སུ་མེད་པ་གཞིར་བཞག་པའི་ཚེ་ན་དེ་ལྟ་བུ་དེས་ཉམས་སུ་མྱོང་བའི་ལྟ་བའི་གོ་ཆོད་དགོས་པ་ལ་དེས་གོ་མི་ཆོད་པར་གསུང་ངག་རིན་པོ་ཆེ་འཆད་པའི་སྐབས་སུ་དེ་ལ་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དུ་མིང་བཏགས་ནས་ལྟ་བ་དང་གྲུབ་མཐའ་གཉིས་ཀྱི་ཟླས་དབྱེ་བའི་ལྟ་བ་དེ་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་ལ་བཞག །དེ་གང་དུ་ཉམས་སུ་མྱོང་ཞེ་ན་ལམ་དུས་སུ་མྱོང་སྟེ་དབང་གི་ཡེ་ཤེས་ཉིད་ལས་གཞན་དུ་མི་བཞེད་པས་ཏིང་ངེ་འཛིན་གྱི་ལྟ་བ་དེར་ན་འཕོས་དང་པོའི་ཚེ་གྲུབ་མཐའ་ལ་བརྟགས་སུ་ཤར་ཏེ་ལྟ་བ་འཁོར་འདས་དབྱེར་མེད་དེ་ཙམ་ན་མངོན་སུམ་དུ་རྟོགས་སོ། །ཞེས་འཆད་བར་སྣང་བའི་ཕྱིར་དང་། དེ་དང་མཚུངས་པར་རྗེ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་འདི་ཡི་དགོངས་པ་འཆད་པ་ན། །ལྟ་བ་དེ་ཡི་ཡན་ལག་ཡིན། །ཞེས་པ་ལ། གཞན་གྱི་རྩོད་པ་སྤོང་པའི་སྐབས། ཇི་སྐད་དུ། ཁོ་བོ་ཅག་ལྟ་བ་དེ་ལ་རྟོགས་པ་ཙམ་ལ་ལྟ་བར་བཞག་པའི་ལྟ་བ་གཅིག་དང་། ཉམས་མྱོང་ཏིང་ངེ་འཛིན་ལ་ལྟ་བར་བཞག་པའི་ལྟ་བ་གཉིས་སུ་ཕྱེ་ནས་སྔ་མ་ནི་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་ཞེས་བཤད་པ་དེ་ལ་ངོས་འཛིན་པས། ལྟ་བ་དེ་ཡི་ཡན་ལག་ཡིན། ཞེས་པ་དེ་ཐོས་བསམ་གྱི་ལྟ་བ་དེ་ལ་ཟེར་བ་ལགས། ལྟ་བ་དང་གྲུབ་མཐའ་གཉིས་ཀྱི་ལྟ་བ་དེ་ནི་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་དེ་ལ་འཇོག་ཅིང་། དེ་སྐབས་ཀྱི་ལྟ་བ་དེ་འཇིག་རྟེན་པའི་ལམ་མན་ཆད་ན་ཡོད་ཀྱང་སྤྱིར་ལྟ་གྲུབ་ག་ལ་འགལ་ཏེ། འདིའི་གྲུབ་མཐའ་བཞི་པོ་གང་རུང་ལ་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བའི་མཆོག་མཚོན་བྱ་དོན་གྱི་ཕྱག་ཆེན་ཡིན་པས་ཁྱབ་པ་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་བདག་གིས་རང་བཟོ་མ་ཡིན་ཏེ། རྡོ་རྗེའི་ཚིག་རྐང་ལས། སྔོན་བླ་མས་རྒྱུ་དུས་ན་བསྟན་པའི་ལྟ་བ་འཁོར་འདས་དབྱེར་མེད་དེ་ཙམ་ན་རྟོགས། ཞེས་འཁོར་འདས་དབྱེར་མེད་ལྟ་ཁྲིད་ཀྱི་སྐབས་སུ་བསྟན་པའི་ལྟ་བ་དེ་ལམ་དུས་སུ་ཉམས་སུ་མྱོང་སྟེ། ཏིང་ངེ་འཛིན་གྱི་ལྟ་བ་དེར་ན་འཕོ་ས་དང་པོའི་ཚེ་གྲུབ་མཐའ་ལ་རྟགས་སུ་ཤར་ཏེ་ལྟ་བ་འཁོར་འདས་དབྱེར་མེད་མངོན་སུམ་དུ་རྟོགས། གྲུབ་མཐའ་དང་པོ་འཁོར་འདས་དབྱེར་མེད་ཅེས་གྲགས་པ་དེར་འཕོ་བར། རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞབས་ཀྱིས། དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་ནི། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཞེས་གསུངས་པའང་དྲངས་ནས་གསལ་བར་བཤད་འདུག་པའི་ཕྱིར་རོ། །དེ་བཞིན་དུ་པཎ་ཆེན་རིན་པོ་ཆེ་ཤཱཀྱ་མཆོག་ལྡན་གྱིས་ཀྱང་། ཐོས་བསམ་དུས་ཀྱི་སྟོང་པ་ཉིད། །དངོས་པོའི་གནས་ལུགས་མ་ཡིན་ཏེ། །དེ་ཡི་ཡུལ་ཅན་རྟོག་པ་ལས། །མ་འདས་ཕྱིར་ན་དེ་གོམས་པ། །དུག་ཅན་ཉིད་དུ་བཤད་ཕྱིར་རོ། །ཞེས་ཉམས་སུ་མྱོང་བྱའི་ལྟ་བ་རང་བྱུང་གི་ཡེ་ཤེས་བཟོ་བཅོས་བྲལ་བ་ཉིད་དུ་བཤད་དོ། །དེས་ན་ཐོས་བསམ་གྱིས་དཔྱད་པའི་ལྟ་བ་དེ་གོ་ཡུལ་ཙམ་ལས་གནས་ལུགས་ཇི་ལྟ་བ་མིན་པ་དང་། དབང་དུས་སུ་ཉམས་སུ་མྱོང་བའི་ལྟ་བ་དེ་གནས་ལུགས་ཇི་ལྟར་བའི་རང་བྱུང་གི་ཡེ་ཤེས་སུ་རྗེ་བཙུན་ས་སྐྱ་པ་རྗེས་འབྲངས་དང་བཅས་པའི་བཞེད་པ་མ་ནོར་བ་ཉིད་དུ་ངེས་པ་གཟུ་པོའི་བློས་ཤེས་པར་བྱ་དགོས་པ་ནི་དེ་དག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུངས་རབ་རྣམས་ལ་འདྲིས་པར་མཛོད་ཅིག་དང་རྟོགས་པར་འགྱུར་རོ། །དེར་མ་ཟད་དབུ་མར་རང་ལུགས་སུའང་། རགས་པ་ཕྱིའི་དབུ་མ་དང་ཕྲ་བ་ནང་གི་དབུ་མ་གཉིས་སུ་མཛད་པའི་སྔ་མ་ཕ་རོལ་དང་རྩོད་པ་དང་གཞུང་ཆེན་པོ་འཛུགས་པ་དང་། རྩོམ་པའི་དུས་སུ་བསྟན་ཞིང་། ཕྱི་མ་ནང་གི་རྣལ་འབྱོར་ཉམས་སུ་ལེན་བྱར་ཤིང་རྟ་ཆེན་པོ་པ་དག་གི་དགོངས་པར་གནས་པ་སློབ་དཔོན་བྷ་བྱ་སོགས་ཀྱིས་གསལ་བར་བཤད་པས་རྟོགས་པར་ནུས་ལ། རྒྱུད་དེས་གནས་སྐབས་སུ་སྟོང་ཚུལ་གཉིས་ཀྱང་ཤིན་ཏུ་ཐ་དད་དེ། སྔ་མ་ལ་དགོངས་ནས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་ཞེན་པ་སྤོང་བར་འགྱུར། །ཞེས་དངོས་ཞེན་ལས་ལྡོག་པའི་ཕྱིར་ཆོས་ཐམས་ཅད་རང་ངོ་ནས་བདེན་པ་བཀག་པའི་སྟོང་ཉིད་བསྟན་ཡང་། དངོས་ཞེན་ལྡོག་པར་གྱུར་ནས་སྟོང་འཛིན་གྱི་བློ་དང་མ་བྲལ་ན་སྟོང་པ་ཉིད་དུ་འཛིན་པའི་གདོན་ཆེན་པོར་འགྱུར་བའི་ཕྱིར་རྟག་པར་ལྟ་བ་ལས་ཀྱང་ཐ་ཆད་པར་བསྟན་ཏེ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་བདག་ཏུ་འཛིན་པ་ནི་རི་རབ་ཙམ་ཡང་བླ་ཡི། བདག་མེད་པར་ལྟ་བ་ནི་དེ་ལྟ་མ་ཡིན། ཞེས་དང་། ཀླུ་ཞབས་ཀྱིས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པ་ལ་སོགས་པས་གསལ་ལ། ཕྱི་མ་ལ་དགོངས་ནས། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་ཅི་ཡང་མེད་པའི་སྟོང་པ་དེ་སྤངས་ནས་སླར་དེ་ལས་ཟབ་པའི་སྟོང་པ་ཉིད་ལ་གོམས་སུ་ཡོད་པར་གསུངས་པའི་ཕྱིར་དང་ཁྱད་པར་དུ་གསང་སྔགས་ཀྱི་ཐོག་པ་བར་ཁས་ལེན་བཞིན་དུ་ཕུང་པོ་རྣམས་དཔྱད་ཀྱི་རང་སྟོང་ཁོ་ན་ལས་ཆེས་ཟབ་པའི་སྟོང་པ་ཉིད་ཀྱི་ཚུལ་གཞན་མི་འདོད་པ་ལྟར་ན། བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱིས། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། །ཞེས་པས་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་དང་། ཡུམ་ཤེར་ཕྱིན་ཇི་ལྟ་བ་སོགས་ཀྱི་མཚན་ཉིད་རྣམས་མེད་པར་འགྱུར་ཏེ། རང་སྟོང་ཙམ་གྱིས་དེ་རྣམས་ཀྱི་གོ་མི་ཆོད་པའི་ཕྱིར་རོ། །གཞན་ཡང་རང་སྟོང་དང་དོན་དམ་པའི་བདེན་པ་རྣམས་གྲངས་སུ་འདོད་ན། སྒྲིབ་པ་གཉིས་ཀྱང་རང་སྟོང་ཡིན་པའི་ཕྱིར་དོན་དམ་བདེན་པར་འགྱུར་ལ། འདོད་ན། དེ་གཉེན་པོ་གང་གིས་ཀྱང་སྤང་དུ་མི་རུང་བར་འགྱུར་ཞིང་། འཕགས་པའི་ཡེ་ཤེས་དམ་པའི་རང་རིག་གི་སྤྱོད་ཡུལ་ཡང་ཡ ིན་པར་འགྱུར་བའི་ཕྱིར་དང་ཁྱད་པར་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་གསང་བ་ཞེས་པ་དང་། གསང་ཆེན་ཞེས་པ་ལ་སོགས་པས་སྟོང་ཉིད་མཐར་ཐུག་གི་རྣམ་གྲངས་གསུངས་པ་གང་ཡིན་པ་རང་སྟོང་ལ་དགོངས་པ་ནི་མ་ཡིན་ཏེ་གལ་ཏེ་དེ་ཡིན་ན། ཕྱི་ནང་ཐུན་མོང་གི་རྟོག་གེ་དང་རིགས་པ་ལྟར་སྣང་གིས་ཀྱང་རྟོགས་པར་འགྱུར་བས་གསང་བ་ཆེན་པོར་བསྟན་པའི་དགོས་པ་ཉམས་ཤིང་། དེ་ལྟར་ན་ཉེར་ལེན་གྱི་ཕུང་པོ་ལྔ་ཡང་རང་སྟོང་ཡིན་པའི་ཕྱིར་མཐའ་ཐུག་ངེས་དོན་གྱི་གསང་བ་ཡིན་པར་འགྱུར་ལ། འདོད་ན། དེ་རྣམས་ཤེར་ཕྱིན་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། ཕྱག་ན་རྡོ་རྗེའི་ཞལ་སྔ་ནས། གསང་བ་ཞེས་པ་དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱའི་བྷ་གར་བརྗོད་དོ། །ངེས་པའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །ཞེས་གཞི་འབྲས་དབྱེར་མེད་ཀྱི་ཤེར་ཕྱིན་སྟོང་ཉིད་དུ་གསུངས་པའི་ཕྱིར་རོ། །ཞེས་པ་སོགས་ཀུན་མཁྱེན་ཆེན་པོ་དོལ་པོ་པས་རྒྱས་པར་བཤད་དོ། ༈ །གཉིས་པ་ནི། ཁ་ཅིག་དབུ་མའི་ལྟ་བ་ནི། །ཀུན་རྫོབ་ཇི་ལྟར་སྣང་བཞིན་ཡིན། །དོན་དམ་མཐའ་བཞི་སྤྲོས་དང་བྲལ། །བྱ་བའི་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །དོན་དམ་དབུ་མ་དང་མཚུངས་ཟེར། །སྤྱོད་པའི་རྒྱུད་ཀྱི་ཀུན་རྫོབ་དང་། །རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་ལྔའི་རྒྱལ་བར་སྣང་བ་ཡིན། །རྣལ་འབྱོར་ཆེན་པོའི་ཀུན་རྫོབ་ནི། །དམ་པ་རིགས་བརྒྱ་ཡིན་ཞེས་ཟེར། །ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང་། །ཐབས་དང་ཤེས་རབ་མ་ཕྱེད་པས། །འདི་འདྲའི་རྣམ་དབྱེ་འཁྲུལ་པ་ཡིན། །ཞེས་སོ། །དེ་ལ་མཁས་པ་ཆེན་པོ་འགའ་ཞིག་གིས་ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅེས་པ། ལྟ་བའི་ཡུལ་གནས་ལུགས་ཀྱི་དོན་དང་། ཡུལ་ཅན་དེ་རྟོགས་པའི་ཤེས་རབ་ལ་བཤད་ནས། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་བ་བསྒོམ་པ་ཡིན་ཞིང་ལྟ་བ་མིན་པའི་ཤེས་བྱེད་དུ། སྒོམ་པ་ནི་གནས་ལུགས་དང་མཐུན་པའི་ངེས་པ་མེད་དེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་བཞིན་ནོ། །ཞེས་འཆད་པར་མཛད་པ་དེ་ནི་ཐུན་མོང་གི་ཐེག་པ་ལྟར་གསུངས་པར་མངོན་ལ། ཐུན་མོང་མ་ཡིན་པའི་ཐེག་པ་འདིར་དོན་གཅིག་ན་ཡང་མ་རྨོངས་ཤིང་། ཞེས་པས་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་གཅིག་ཀྱང་མ་རྨོངས་ཞེས་པ་ལྟ་བའི་ཁྱད་པར་ལ་བཤད་པ་ཡིན་ཏེ། དཔལ་འཁོར་ལོ་སྡོམ་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་རྣལ་འབྱོར་ལོངས་སྤྱོད་དང་། །བདག་གཞན་དོན་དང་དགོངས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་པ་འདིས་ལྟ་བའི་ཁྱད་པར་བཤད་ཅིང་། ཨིནྡྲ་བྷཱུ་ཏིས་ཀྱང་། བླ་མའི་ཁྱད་པར། སྣོད་ཀྱི་ཁྱད་པར། སོགས་བདུན་གྱིས་གསང་སྔགས་འཕགས་པར་བཤད་པར་ཡང་ལྟ་བའི་ཁྱད་པར་ངེས་པར་བཤད་པ་ཡིན་ནོ། །འོ་ན་ལྟ་བ་དེ་ཁྱད་པར་ཅིས་འཕགས་པ་ཡིན་ཞེ་ན། མདོ་ཙམ་སྔར་ཡང་སྨྲས་ཟིན་ལ། ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བ་ཁས་ལེན་ཐམས་ཅད་དང་བྲལ་བ་ནི་མདོ་ལུགས་ལའང་ཡོད་མོད། ད་ལྟའི་རིག་པ་འདི་སྤུ་མ་བརྗེས་པར་སངས་རྒྱས་སུ་འགྲུབ་པར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་ག་ལ་ཡོད་དེ། གནས་དེ་ནི་གསང་སྔགས་བླ་ན་མེད་པའི་རང་སའི་ཤེས་རབ་རྨད་དུ་བྱུང་བ་ཡིན་ལ། དེ་བཞིན་དུ་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱང་རྣམ་པར་དག་པ་དང་མ་དག་པའི་ལྟ་བའི་ཡུལ་དུ་བྱེད་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། རྒྱུའི་ཐེག་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་སྣང་མ་དག་པའི་ལོག་ཤེས་ཡིན་པ་གཞིར་བཞག་ནས་དེ་ཉིད་བདེན་མེད་དུ་གཏན་ལ་དབབ་པ་ཙམ་ལས་གདོད་ནས་རྣམ་པར་དག་པའི་སྐུ་དང་ཞིང་ཁམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ལྟ་བའི་ཤེས་རབ་མ་གསུངས། རྒྱུ་དེས་དོན་གཅིག་ན་ཡང་མ་རྨོངས་ཞེས་པ་འདིས་ཕར་ཕྱིན་ལ་རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་ཡོད་པར་གསུངས་ཏེ། ཇི་ལྟར་རྨོངས་ཞེ་ན། ཕྱི་སྣང་བའི་བདེན་ཞེན་བཟློག་པ་ལ་སྒྱུ་མར་བསྒོམ་པ་ལ་སོགས་པས་འབྱུང་བའི་རིགས་ལ་རྨོངས། ནང་ཕུང་པོ་ལྷར་མ་ཤེས་པས་གནས་པ་དོན་ལ་རྨོངས། གསང་བ་རྟོགས་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད་ཀྱིས་ཀུན་རྫོབ་སྤང་བྱ་དང་དོན་དམ་བླང་བྱར་བྱས་པས་གཉིས་མེད་དག་མཉམ་ཆེན་པོའི་དོན་ལ་བློ་མ་འབྱོར། དེས་ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་སྡུག་བསྔལ་སྤོང་བ་ཙམ་ལས་མེད་ཅིང་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་གསོག་པའང་ཐབས་ལ་མི་མཁས་པས་གྲངས་མེད་གསུམ་གྱི་མཐའ་ལ་འབྲས་བུ་ཐོབ་པར་བསྟན། གཟུགས་སྐུ་གཉིས་ཀྱི་རྒྱུ་མཐུན་ཡང་སྒྲ་ཇི་བཞིན་པ་མ་བསྟན་ཏེ། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་དུ། །གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་། །སྤོང་དང་མི་སྤོང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིས། །ཞེས་བཤད་པ་བཞིན་ནོ། །གང་དག་འབྲས་བུའི་རྣམ་པ་འདྲ་བ་ཞིག་ལྟ་བའི་ཡུལ་དུ་བྱས་ནས་དེ་ཉིད་སྒོམ་པས་ལམ་དུ་བྱེད་པ་མདོ་སྔགས་གཉིས་ཀྱི་དགོངས་པ་ཡིན་ན། གསང་སྔགས་སུ་གཟུགས་སྐུ་གཉིས་ཀྱི་འབྲས་བུ་སྒྲུབ་པའི་ཕྱིར་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་གསུངས་ཤིང་དེ་ཉིད་ལམ་དུ་བྱེད་པའི་ལྟ་བ་དང་སྒོམ་པས་ཁྱད་པར་དུ་འཕགས་པ་སྟེ་རྒྱུའི་ཐེག་པར་གཟུགས་སྐུ་གཉིས་དང་དེའི་རྒྱུ་མཐུན་ཇི་བཞིན་པ་མ་བསྟན་པ་ནི། ཇི་སྐད་དུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། གང་དང་གང་དུ་འབྲས་བུ་མ་བསྟན་པ་དེ་ན་དེའི་ལམ་མེད་པ་ཉིད་ཡིན་ཏེ། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་སྐུ་གསུམ་དང་ཡེ་ཤེས་བཞི་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མ་གྲགས་པ་དེར་ཡང་དེ་ཐོབ་པར་བྱེད་པའི་ལམ་མ་བསྟན་པར་རིག་པར་བྱའོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡེ་ཤེས་ལྔ་རིགས་ལྔར་བསྟན་པ་ལ་སོགས་པ་མ་གྲགས་པ་དེར་ཡང་དེ་ལྟ་བུའི་ལམ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཀྱེའི་རྡོ་རྗེ་མ་བསྟན་པ་དེར་ཡང་ཀྱེ་རྡོ་རྗེའི་ལམ་མེད་པར་ཤེས་པར་བྱའོ། །ཞེས་ཀྱཻ་རྡོར་གྱི་འགྲེལ་པར་གསུངས་པ་བཞིན་ནོ། །གཞན་ཡང་སྔགས་ལམ་ལ་འཇུག་པའི་གང་ཟག་དེ་ནི་ཆོས་ཐམས་ཅད་དག་མཉམ་ཆེན་པོར་ལྟ་བའི་ཤེས་རབ་ལ་གདེང་དུ་གྱུར་པ་ཉིད་ཀྱིས་སྐལ་བ་དང་ལྡན་ཞིང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་གསུངས་པ་ལས། བདེན་གཉིས་བཟང་ངན་བླང་དོར་གྱི་སྤུ་རིས་འབྱེད་པའི་བློ་རྟོག་ནི་དངོས་གྲུབ་ཀྱི་གེགས་སུ་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་སུ་ཡང་ཡང་བཀའ་སྩལ་ཞིང་། ཁྱད་པར་ཕུང་པོ་ལ་བརྙས་པས་རྩ་བའི་ལྟུང་བ་བརྒྱད་པ་དང་དགུ་པ་རང་བཞིན་ལྷུན་གྲུབ་ཏུ་འབྱུང་བའི་དོན་ལའང་དྲན་པ་མཉམ་པར་བཞག་དགོས་སོ། །འོ་ན་ཀུན་རྫོབ་ལྟར་ལྟ་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཚུལ་དེ་ལ་མཁས་པ་ཀྱེ་རྡོ་རྗེའི་དཀའ་འགྲེལ་བླ་མ་དཔྱལ་ལོ་ཙཱ་བའི་གསུང་ལས་འདི་ལྟར་འབྱུང་སྟེ། དེ་ལ་སྤྲོས་པ་གཅོད་ལུགས་གཉིས་ཡོད་དེ་མིང་དང་དོན་གཉིས་སོ། །མིང་གི་སྤྲོས་པ་གཅོད་པ་ནི། ཆུ་ལྟ་བུ་གཅིག་ལ་བོད་པས་ཆུ་ཟེར། བལ་བོས་ལང་སུ་ཟེར། རྒྱ་གར་པ་རྣམས་ཀྱི་ས་ཨུ་ད་ཀ་ཟེར། དེ་བཞིན་དུ་དངོས་པོ་གཅིག་ལ་ཐ་མལ་པས་གཟུགས་ཀྱི་ཕུང་པོ་ཟེར། རྣལ་འབྱོར་བས་རྡོ་རྗེ་མ་ཟེར་བ་ཡིན་ནོ། །དོན་གྱི་སྤྲོས་པ་གཅོད་ལུགས་ནི། དངོས་པོ་གཅིག་མིའི་འགྲོ་བ་ལ་ཆུ་རུ་སྣང་། ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་། ལྷ་ལ་བདུད་རྩིར་སྣང་བ་བཞིན་དུ་དངོས་པོ་གཅིག་ཐ་མལ་པ་ལ་གཟུགས་ཀྱི་ཕུང་པོར་སྣང་། རྣལ་འབྱོར་པ་ལ་རྡོ་རྗེ་མར་སྣང་བ་ལ་བྱ་གསུངས་སོ། །ཞེས་བཤད་པ་ལ་འདིས་སྣང་བ་དག་མ་དག་གི་ཆ་ལ་བདེན་པར་ཡོད་པ་ཞིག་སྦྱང་གཞིར་བྱས་ནས། དེའི་མ་དག་པའི་ཆ་དེ་ཉིད་སྦྱང་བྱའི་དྲི་མ་དང་། དག་པའི་ཆ་དེ་ཉིད་སྦྱངས་འབྲས་སུ་འཐད་པ་གསང་སྔགས་ཀྱི་གྲུབ་མཐའ་འཆའ་ཚུལ་ཐུན་མོང་དང་མ་འདྲེས་པ་དེ་ཉིད་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ལ། གལ་ཏེ་རྒྱུའི་ཐེག་པར་སྦྱང་གཞི་མ་བསྟན་པའི་ཕྱིར་རྒྱུ་འབྲས་ནང་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ་བཀའ་དང་པོ་གཉིས་སུ་སྦྱང་གཞི་མ་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་དེ་དག་གིས་ཆོས་དང་གང་ཟག་གི་བདག་སྐྱེ་མེད་དུ་གཏན་ལ་ཕབ་ནས་ཀུན་འབྱུང་གཞི་མེད་དུ་སྤོང་བ་ཡིན་པས་ན་དེ་སྤང་པའི་གཞི་བསྟན་ན་གང་ཟག་གི་བདག་སྤོང་བར་མི་འགྱུར་ཏེ། ཀུན་འབྱུང་དང་འཇིག་ཚོགས་ལ་ལྟ་བ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་འཛིན་པ་ལས་བྱུང་བའི་ཕྱིར་དེའི་རྩ་བ་སྐྱེ་མེད་དུ་མ་ཆོད་ན་ཀུན་འབྱུང་སྤང་བར་མི་ནུས་པར་དགོངས་ཏེ། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་བས། །ངས་འདི་བྱིས་པ་རྣམས་ལ་མ་བསྟན་ཏོ། །ཞེས་སོ། །དེས་ན་གསང་སྔགས་སུ་ཀུན་འབྱུང་སྤང་བྱར་མི་བྱེད་ཅིང་ལམ་དུ་ཁྱེར་བའི་ཚུལ་གྱི་ཐབས་ལ་མཁས་པས་སྤོང་བ་དཔེར་ན་མེས་ཚིག་པ་མེ་ཉིད་ལ་བསྲོ་བས་སེལ་བ་དང་། རྣ་བར་ཆུ་ཞུགས་པ་ཆུ་ཉིད་ཀྱིས་འདོན་པ་བཞིན་དུ་འདོད་ཆགས་ཀྱི་ཉོན་མོངས་པ་འདོད་ཆགས་ཉིད་ཀྱི་ལམ་གྱིས་སྤོང་བར་བྱེད་པ་ལྟ་བུས་མཚོན་སྦྱང་བྱ་དང་རྣམ་པ་མཚུངས་པའི་སྦྱོང་བྱེད་ཁྱད་པར་བ་བསྒོམས་པས་སྦྱང་གཞི་མ་དག་པའི་གནས་སྐབས་སུ་གང་ཟག་གི་བདག་དང་། དག་པའི་གནས་སྐབས་སུ་གཉིས་སུ་མེད་པའི་ཡེ་ཤེས་དམ་པའི་བདག་དང་རྡོ་རྗེའི་བདག་ཅེས་ཐ་སྙད་དུ་བྱས་པ་དེ་དག་གི་མ་དག་གི་གནས་སྐབས་སུ་ཡོད་ངེས་པ་ཞིག་གཞིར་བཞག་ནས་དེའི་སྟེང་གི་མ་དག་པའི་ཆ་དེ་རྣམས་སྦྱང་བར་བྱ་རྒྱུ་དང་། གཞི་ལ་ཡོད་པའི་ཡོན་ཏན་རྣམས་མངོན་དུ་གྱུར་པའི་ཚེ་སྦྱངས་འབྲས་སུ་ཐ་སྙད་གདགས་པ་སྟེ་མདོར་ན་ཉོན་མོངས་པ་སྤོང་ཚུལ་མི་འདྲ་བའི་དབང་གིས་མདོ་སྔགས་སོ་སོའི་ཤེས་རབ་ཀྱི་ཁྱད་པར་ལ་གོ་བ་ལྷོངས་པ་གལ་ཆེ་ཞིང་། ཕར་ཕྱིན་རང་ལུགས་སུའང་བཀའ་བར་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ་ནས་ལྟ་བའི་གཞི་ཀུན་བཟློག་པ་ཡིན་ཡང་ཐ་མས་སྦྱངས་གཞི་བདེ་གཤེགས་སྙིང་པོ་སྒྲ་ཇི་བཞིན་པར་བསྟན་པས་སྔགས་ཀྱི་དགོངས་པ་དང་འབྱོར་ཞིང་རྒྱུ་འབྲས་ཀྱི་ཐེག་ཆེན་གཉིས་ཀར་གྲགས་པའི་གནས་ཡོངས་སུ་གྱུར་པ་དང་། ངོ་བོ་ལ་དག་པར་བྱ་རྒྱུའི་ཆོས་མེད་པ་དང་། ཐོབ་བྱའི་འབྲས་བུའང་སྔར་མེད་གསར་དུ་སྒྲུབ་པ་མེད་པའི་ཚུལ་རྣམས་བསྟན་པ་ནི་མདོ་སྔགས་གཉིས་ཅར་དགོངས་པ་གཅིག་པ་སྟེ། རྒྱལ་བ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། ཀླུ་ཞབས་ཀྱིས། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུང་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་དང་། བརྟག་གཉིས་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པའི་འགྲེལ་བར་ཆོས་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་རྣམས་དངོས་པོ་ལ་གྲུབ་པར་གནས་པ་ཞིག་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན། འོ་ན་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་ལ་བརྟེན་ནས་ལམ་ཉམས་སུ་བླངས་པས་ཆོས་ཉིད་ཀྱི་དོན་མཐོང་བ་དེ་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན་ནམ་ཞེ་ན། འབད་རྩོལ་གྱིས་ཆོས་ཉིད་ཀྱི་དོན་མཐོང་བའི་ཚེ་ན་ཡང་གཞི་ལ་སྔར་མི་གནས་པ་ཞིག་མཐོང་བ་མ་ཡིན། གཞི་ལ་གནས་པའི་དོན་གསལ་བར་བྱས་པ་ཙམ་ཡིན་གྱི་དེས་ན། གཞི་ལ་སྔར་མ་དག་པ་ཞིག་དག་པར་བྱས་པ་མ་ཡིན་ཏེ། དཔེར་ན་བུམ་པའི་ནང་ན་གནས་པའི་མར་མེ་དེ་བུམ་པ་བཅག་པ་ལ་བརྟེན་ནས་གསལ་བར་བྱས་པ་ཡིན་གྱི་སྔར་མི་གནས་པ་ཞིག་གསལ་བར་བྱས་པ་མ་ཡིན་པ་བཞིན་ནོ། །དག་བྱ་གང་དག་པ་ནི་ཉོན་མོངས་ཞེས་པ་སྒྲིབ་པ་དེ་དག་གོ། །དེ་ཡང་གློ་བུར་བ་མ་ཡིན་གྱི་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་རྣམ་པར་དག་གོ། །གང་གིས་དག་ན་རང་རིག་ཙས་པ་ཆོས་ཐམས་ཅད་རང་གི་སེམས་རང་རིག་པ་བདེ་བ་རྟོག་པ་མེད་པར་གནས་པ་དེ་ཉིད་ཀྱིས་དག་པ་ཉིད་ཡིན་གྱི། ཞེས་པ་ལ་སོགས་པ་རྡོ་རྗེའི་ཚིག་འགྲེལ་རྟོག་གེས་མ་སྤགས་པར་བཀྲལ་བ་བཞིན་ནོ། །དེས་ན་སེམས་ཀྱི་ཆོས་ཉིད་གདོད་ནས་རྣམ་པར་དག་པའི་དབྱིངས་ཡེ་ཤེས་ཟུང་དུ་འཇུག་པའི་རྩལ་ཆོས་ཅན་ཀུན་རྫོབ་ལྟར་སྣང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་རྣམ་པར་དག་པའི་སྐུ་དང་ཞིང་ཁམས་གཞལ་ཡས་ཁང་གི་བཀོད་པ་ཐ་མི་དད་ཀྱི་རོལ་པ་མི་ཟད་རྒྱན་གྱི་འཁོར་ལོར་ལྷུན་གྲུབ་ཏུ་ཞུགས་པར་ཤེས་པ་སྟེ། བཞུགས་ཚུལ་ཡང་དག་པ་གསུམ་གྱི་མཚན་ཉིད་དུ་གདོད་ནས་རང་བཞིན་གྱིས་གྲུབ་པ་ཉིད་དེར་ཤེས་པར་བྱ་བ་ཙམ་ལས་གསར་དུ་སེམས་རྟོག་གློ་བུར་བས་བཟོ་འཆོས་པ་མ་ཡིན་ཏེ། དག་ཚུལ་ཡང་། ཕྱི་འབྱུང་ལ་ལྔ་ཡུམ་ལྔར་རྣམ་པར་དག །ནང་ཕུང་པོ་ལྔ་ཡབ་ལྔར་རྣམ་པར་དག །རྟོག་ཚོགས་བྱང་ཆུབ་སེམས་དཔའི་བདག་ཉིད་ཡེ་ཤེས་ལྔར་རྣམ་པར་དག་པས་འཁོར་འདས་དབྱེར་མེད་དག་མཉམ་ཆེན་པོར་གཏན་ལ་འབེབས་པ་སྔགས་རང་སའི་ཤེས་རབ་བླ་ན་མེད་པར་གྲུབ་པར་ངེས་ཏེ། དགྱེས་པ་རྡོ་རྗེ་ལས། འདི་ཉིད་འཁོར་བ་ཞེས་བྱ་ལ། །འདི་ཉིད་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོང་མ་ཡིན། །ཞེས་པའི་དོན་འགྲེལ་པར་འདི་ཉིད་འཁོར་བ་ཞེས་པ་ཆོས་ཐམས་ཅད་རང་བཞིན་གྱིས་ལྷན་སྐྱེས་ཡིན་ཏེ་ངོ་མ་ཤེས་ན་འཁོར་བ་ཞེས་བྱ། ལྷན་སྐྱེས་འདི་ཉིད་ངོ་ཤེས་ན་མྱ་ངན་ལས་འདས་པ་ཉིད་ཀྱང་ཡིན་ནོ། །འོ་ན་འཁོར་བ་སྤང་ངམ་ཞེ་ན། དེ་སྤངས་ནས་གཞན་དུ་མྱ་ངན་ལས་འདས་པ་རྟོགས་པའམ་རྙེད་པར་མི་འགྱུར་རོ། །ཞེས་གསུངས་པ་འདིས་གྲུབ་མཐའ་སློང་སྟེ། སངས་རྒྱས་ཐམས་ཅད་ཀྱི་དཔལ་གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། ས་ནི་སྤྱན་མ་ཞེས་བྱ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དང་རབ་ཏུ་གྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་དང་། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་རྗེ་ནཱ་རོ་པཎ་ཆེན་དང་སློབ་དཔོན་ཨ་ཙ་ལ་གརྦྷས་དྲངས་པར་ཡང་། གཟུགས་ཀྱི་ཚོགས་པ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ། །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་སྐུར་རབ་ཏུ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་དུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་པ་ལ་སོགས་རྣམ་པ་དུ་མས་གསུངས་པའི་དག་མཉམ་ཆེན་པོའམ་གཞི་འབྲས་དབྱེར་མེད་ཀྱི་གྲུབ་པའི་མཐའ་ཆེན་པོར་གདོད་ནས་གནས་པ་ལ་ལྟ་བའི་ཤེས་རབ་འདི་ཉིད་ཡོད་པས་ཀུན་འབྱུང་ལམ་དུ་ཁྱེར་ནས་སྡུག་བསྔལ་བདེ་བར་སྒྱུར་བ་ལ་མ་རྨོངས་པས་སྣང་བ་ལྷའི་དཀྱིལ་འཁོར། གྲགས་པ་སྔགས་ཀྱི་སྒྲ་གདངས། འདོད་ཡོན་ཚོགས་ཀྱི་འཁོར་ལོ། །སྒུལ་སྐྱོད་ལྷའི་ཕྱག་རྒྱ་སོགས་སྤྱོད་ཡུལ་ཐམས་ཅད་གུ་ཡངས་ཕྱ མ་གདལ་ཆེན་པོར་བསོད་ནམས་ཀྱི་ཚོགས་སུ་སོང་བས་སྐལ་ཆེན་གྲངས་མེད་གསུམ་ཚེ་གཅིག་སོགས་སུ་བཟླུམས་ནས་རྡོ་རྗེ་འཆང་གི་སར་འགྲོ་བར་ཕྱིར་ཐབས་མང་བ་དང་དཀའ་བ་མེད་པས་མྱུར་ལམ་དུ་གྲུབ་པ་ཡིན་ལ། དེའི་ཕྱིར་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དང་། །ཀུན་རྫོབ་ཏུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་འོ་ན་རྒྱུད་སྡེ་འོག་མ་གསུམ་དུ་སྣང་བ་ལྷའི་དཀྱིལ་འཁོར་དུ་མ་གསུངས་པ་ཅི་ཞེ་ན་སྐབས་དེའི་གདུལ་བྱ་ལྟ་བ་མཉམ་པ་ཆེན་པོའི་དོན་ལ་བློ་མ་འབྱོར་བས་སྤྱོད་པ་བླང་དོར་མེད་པར་འཇུག་མ་ནུས། དེ་མ་ནུས་པས་སྒོམ་པ་བདག་དང་ལྷ་གཉིས་སུ་དཔོན་གཡོག་སོགས་སུ་བལྟ་བའི་མཐའ་ལ་ཞེན་པས་འབྲས་བུ་ལ་ཁྱད་ཞུགས། བློ་སྟོབས་ཀྱི་རིམ་པས་ཐེག་པ་དང་རྒྱུད་སྡེ་གོང་འོག་བྱུང་ཞིང་དེར་དག་མཉམ་ཆེན་པའི་གྲུབ་མཐའ་དངོས་སུ་མ་གསུངས་ཀྱང་ལྷ་སྒོམ་པའི་རིམ་པ་བསྟན་པས། དོན་གྱིས་དེར་འདུ་བ་ནི་ཉན་ཐོས་ཀྱི་མདོ་དང་ཐེག་པར་སྟོང་པ་ཉིད་སྒྲ་ཇི་བཞིན་པར་བསྟན་ན་བློར་མི་ཤོང་བ་ལ་དགོངས་ནས་བདག་མེད་པའི་སྒྲས་གསུངས་ནས་སྟོང་པ་ཉིད་ཀྱི་ཚུལ་རྒྱས་པར་ཐེག་ཆེན་དུ་གཏན་ལ་ཕབ་པ་དང་མཚུངས་པ་དང་། སྤྱིར་ཐེག་དམན་གྱི་སྦས་དོན་ཐམས་ཅད་ཐེག་ཆེན་དུ་རྒྱས་ཤིང་གསལ། རྒྱུའི་ཐེག་པའི་སྦས་དོན་ཐམས་ཅད་གསང་སྔགས་སུ་རྒྱས་ཤིང་གསལ། སྔགས་ཀྱི་མདོ་དང་རྒྱས་པ་ཐམས་ཅད་རྣལ་འབྱོར་བླ་མེད་ཉིད་དུ་གསལ་ཞིང་རྒྱས་པར་བསྟན་པར་ཤེས་དགོས་ཏེ། སངས་རྒྱས་གསང་བས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྣལ་འབྱོར་བླ་མེད་རང་སའི་གྲུབ་མཐའི་འཆའ་ཚུལ་འདི་རྗེ་བཙུན་ས་སྐྱ་པ་བཞེད་དམ་མི་བཞེད་ཅེ་ན། ཐུན་མོང་གི་བསྟན་བཅོས་འཆད་པའི་སྐབས་འགའ་ཞིག་མ་གཏོགས་རྒྱུད་ཀྱི་དགོངས་པ་སྒྲ་ཇི་བཞིན་དུ་བཀྲལ་བ་ན་དེ་ཁོ་ན་ལྟར་བཞེད་པར་ངེས་པའི་ཚད་མ་གཉིས་ཤིག་ཡོད་དེ། དང་པོ་རྗེ་བཙུན་འཁྲུལ་པའི་དྲི་མ་སྤངས་པ་གྲགས་པ་རྒྱལ་མཚན་གྱིས་རྩ་ལྟུང་རྣམ་བཤད་དུ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་པའི་འགྲེལ་པར། བདག་གི་ལུས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ། ཕུང་པོ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན། ཁམས་བཞི་ནི་ལྷ་མོ་བཞིའི་རང་བཞིན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་ངོ་བོ། ཕྱིའི་སྐྱེ་མཆེད་རྣམས་ནི་ལྷ་མོའི་རང་བཞིན་ཏེ། དེ་སྐད་དུ་གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཁམས་དེ་བཞིན་མཱ་མ་ཀཱི། །དྲོད་དང་རླུང་ཞེས་བྱ་བ་ནི། །དཀར་དང་སྒྲོལ་མ་ཞེས་བྱར་བརྗོད། །ཅེས་པ་དང་། ཤེས་རབ་མའི་རྒྱུད་ལས་ཀྱང་། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ཞེས་ལུང་དེ་དག་དྲངས་ཏེ། དེས་ན་ལུས་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ་སོགས་པས་རྒྱས་པར་བཤད་ཅིང་། དེའི་འཕྲོས་རྩ་ལྟུང་དགུ་པ། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་པའི་སྐབས་སུ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའི་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱིས་དག་པ་དང་། ཕུང་པོ་ལྔ་རྒྱལ་བ་ལྔའི་རང་བཞིན་དུ་དག་པ་ལྷ་སོ་སོའི་དག་པ་སྟེ་རང་བཞིན་གྱིས་དག་པ་གཉིས་ལ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ཟོས་པའང་རྩ་བའི་ལྟུང་བར་འགྱུར་ན། རང་བཞིན་གྱིས་མ་དག་པར་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་སོགས་ཀྱིས་རྒྱས་པར་བཀྲལ་བ་དང་། དེ་དང་མཚུངས་པ་རྒྱུའི་ཐེག་ཆེན་དུའང་འབྱུང་ཚུལ། འཕགས་པ་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་པ་ལ་སོགས་དྲངས་ནས་བཤད་དོ། །གཉིས་པ་ཆོས་ཀྱི་རྗེ་པཎྜི་ཏས་མཛད་པའི་བདག་མེད་བསྟོད་པའི་འབྲེལ་པ་ལས་རྒྱུད་གསུམ་རྣམ་པར་བཞག་པའི་སྐབས་སུ། དེ་ལ་ཐོག་མར་རྒྱུའི་རྒྱུད་ནི། །རང་བཞིན་དྲི་མེད་ཅེས་པ་སྟེ། །རང་གི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཧེ་བཛྲ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །ཞེས་པ་དང་། འཕགས་པ་བྱམས་པས་ཀྱང་། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་གནས། །ཞེས་གསུངས་པས་མངོན་ནོ། །དེ་ལྟ་ན་འབད་པ་མེད་པར་གྲོལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བློ་གྲོས་གློ་བུར་གྱི་དྲི་མས་བསྒྲིབས་པ། ཞེས་སྨོས་ཏེ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་ཀྱང་སེམས་ཀྱི་མཚན་ཉིད་ལ་གློ་བུར་དྲི་མས་བསྒྲིབས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རང་བཞིན་གྱིས་དག་པ་ལ་གློ་བུར་དུ་དྲི་མས་གོས་ན་འབད་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གློ་བུར་གྱི་སྒྲས་ནི་སྦྱང་དུ་རུང་བ་ལ་བྱ་ཡི། སྔར་མེད་པ་ལས་ཕྱིས་དྲི་མ་འབྱུང་བ་ལྟ་བུ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས་ཀྱང་། གང་དག་སྦྱང་དུ་རུང་བའི་ཆོས་དེ་ནི་གློ་བུར་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གང་དག་གསེར་གྲུབ་པའི་དུས་སུ་གཡའ་གྲུབ་མོད་ཀྱང་། གཡའ་སྦྱངས་ན་དག་པར་འགྱུར་བས་ན། དེ་ལ་གློ་བུར་པ་ཞེས་གདགས་སོ། །དྲི་མས་བསྒྲིབས་པ་ཞེས་པ་ནི། ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་ཐར་པའི་གོ་སྐབས་བཀག་པའོ། །རྒྱུའི་རྒྱུད་དོ། །གསལ་བར་མཛད་པ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཡའ་སྦྱངས་ཏེ་སེམས་ཀྱི་གསེར་གསལ་བར་བྱེད་པ་སྟེ། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་སོ། །ཞེས་གསལ་ཞིང་རྒྱས་པར་གསུངས་ཤིང་དེའི་ཁུངས་ཀྱང་བྱམས་ཆོས་དང་རྒྱུད་སྡེ་གཉིས་ལ་མཛད་པ་ཡིན་ནོ། །དེས་ན་གཞིའི་གནས་ལུགས་ལ་དག་པར་བྱ་རྒྱུའི་ཆོས་རྡུལ་ཙམ་མེད་ཀྱང་རེ་ཞིག་དེ་ལྟར་མ་རྟོགས་པའི་སེམས་ཀྱི་འཁྲུལ་སྣང་གློ་བུར་བ་སྦྱོང་བའི་ཕྱིར། གནས་ལུགས་དེ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་ནི་དྲི་མ་སྦྱོང་བའི་གཉེར་པོར་སོང་སྟེ་སྦྱང་བྱ་རིམ་གྱིས་དག་པ་དང་། གཞི་ལ་བཞུགས་པའི་ཡོན་ཏན་རྣམས་མངོན་དུ་གྱུར་པའི་རིམ་པ་ལ་འབྲས་བུ་ཐོབ་པར་ཐ་སྙད་བཏགས་ཤིང་དེའི་ཕྱིར་བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་པ་ཡང་སྤངས་རྟོགས་ཀྱི་རིམ་པས་ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ་སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་དུ་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་དུ་སློབ་པའི་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུར་འགྱུར་བའི་ཕྱིར། ཀྱཻ་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་སོགས་གོང་དུ་དྲངས་པའི་དོན་ལ་སྒྲ་ཇི་བཞིན་པ་འདིར་འབྱོར་བ་ཡིན་ཞིང་། དེ་ལྟར་མ་ཡིན་པར་ཤེས་བྱ་གཞིའི་སྐབས་སུ་རྒྱུའི་རྒྱུད་དང་། ལམ་གྱི་གནས་སྐབས་སུ་སྦྱང་བྱེད། འབྲས་བུའི་དུས་སུ་བྲལ་འབྲས་ཀྱི་སྐུ་དང་ཡེ་ཤེས་སོགས་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་ཤེས་བྱ་ལ་མེད་པར་མཐའ་གཅིག་ཏུ་བཞེད་ན་དེ་དང་དེའི་རྣམ་བཞག་དང་དགོས་པ་རྣམས་སྟོང་བར་འགྱུར་ཞིང་བསྐྱེད་རིམ་སོགས་སྒོམ་པའང་མེད་པ་ལ་ཡོད་པར་སྒྲོ་འདོགས་སུ་འགྱུར་བ་སོགས་སྐྱོན་མང་པོ་ཞིག་ཉེ་བར་འགྱུར་རོ། །གསུམ་པ་ལ་གཉིས་ཀྱི་དང་པོ་གཞུང་གིས་སྟོན་ཚུལ་ནི། དེས་ན་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་ལྷག་པའི་རྒྱུད་སྡེ་མེད། །སྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་གོང་ན་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །སྤྲོས་པ་མེད་ཅིང་བརྗོད་བྲལ་བས། །ཐེག་པའི་རིམ་པར་མི་བཞེད་དོ། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །ཞེས་གསུངས་ཏེ། ཚུལ་འདིས་གསང་སྔགས་གསར་མ་པ་རྣམས་ལ་མ་ཧ་ཡོ་ག་ལས་ལྷག་པའམ་དེའི་གོང་དུ་རྒྱུད་སྡེ་གཞན་མེད། དེ་མེད་པས་སྒོམ་པའི་རིམ་པའང་དེ་ལས་ལྷག་པ་མེད། དེ་ལས་སྐྱེས་པའི་ཡེ་ཤེས་ནི་སྤྲོས་པས་དབེན་ཞིང་བརྗོད་པ་དང་བྲལ་བའི་ཕྱིར་ཐེག་པ་དང་རྒྱུད་སྡེའི་གོ་རིམ་དུ་མི་བཞེད་ཅེས་པ་སྟེ། སྔ་འགྱུར་པ་ལ་ནང་པ་བསྐྱེད་རྫོགས་གསུམ་ཞེས་ཡོངས་སུ་གྲགས་པའི་བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་བརྗོད་བྱ་རྗོད་བྱེད་ཀྱི་སྒོ་ནས་རྒྱུད་སྡེ་དང་ཐེག་པའི་གོ་རིམ་དུ་བཞག་པར་བྱར་ཡོད་བཞིན་དུ་དེར་བཞག་པ་དང་། འདུས་པ་སོགས་སུ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྒོམ་པའི་བྱེ་བྲག་ཙམ་ལ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བཞིའི་རིམ་པ་མཛད་པ་གཉིས་མིང་ཙམ་མཐུན་པ་ལ་དགོངས་ནས་དེ་དག་དོན་གཅིག་ཏུ་འཛིན་པ་ཡོད་དོགས་པས་མི་གཅིག་པའི་ཁྱད་པར་གོང་དུ་གསང་སྔགས་རྙིང་མ་པ་རྣམས་ནི་རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་ཤིན་ཏུ་ནི། །རྣལ་འབྱོར་ཞེས་བྱ་རྣམ་པ་བཞི། །ཐེག་པའི་རིམ་པ་ཡིན་ཞེས་ཟེར། །ཞེས་པ་དང་། གསང་སྔགས་ཕྱི་འགྱུར་པ་རྣམས་ནི། །རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་དང་། །རྗེས་སུ་རྣལ་འབྱོར་རྣལ་འབྱོར་ཆེ། །འདི་དག་ཏིང་འཛིན་རིམ་ཡིན་གྱི། །རྒྱུད་སྡེའི་རིམ་པར་མི་བཞེད་དོ། །ཞེས་གསུངས་ཏེ་དེའི་དོན་འཆད་པ་ན་འདི་སྐད་དུ་རྣལ་འབྱོར་ཆེན་པོ་གཞིར་བྱས་ལ་རྣལ་འབྱོར་གསུམ་དུ་འབྱེད་པ་འདི་སྤྱིར་གསང་བ་འདུས་པ་ལ་སོགས་པའི་རྒྱུད་ལས་འབྱུང་བས་རྣལ་འབྱོར་གྱི་རིམ་པར་འཐད་ཀྱང་ཐེག་པ་དང་རྒྱུད་སྡེའི་རིམ་པར་མི་འཐད་དེ། རྣལ་འབྱོར་བཞིའི་ནང་གི་རྣལ་འབྱོར་ཆེན་པོ་དང་། རྒྱུད་སྡེ་བཞིའི་རྣལ་འབྱོར་ཆེན་པོ་དོན་མི་གཅིག་པའི་ཕྱིར། གོ་རིམ་ཡང་མི་མཐུན་ཏེ། རྣལ་འབྱོར་བཞིའི་ནང་གི་བཟང་ཤོས་རྣལ་འབྱོར་ཆེན་པོ་ཡིན་པ་ལ། ཁྱེད་ཐེག་པ་རིམ་དགུ་འདོད་པ་དག་གིས་ཤིན་ཏུ་རྣལ་འབྱོར་བཟང་བར་ཁས་བླངས་པའི་ཕྱིར་ཞེས་འཆད་པར་གསལ་ལོ། །གཉིས་པ་སྐྱོན་དེ་སྤོང་བ་ལ། སྤྱིར་ཐེག་པ་དགུའི་གྲངས་ལ་ཀླན་ཀ་མི་འཇུག་པ་དང་། བྱེ་བྲག་ཨ་ནུ་ཨ་ཏི་གཉིས་ཐེག་པ་དང་རྒྱུད་སྡེའི་རིམ་པར་འཐད་པ་སྒྲུབ་པའོ། །དང་པོ་ནི། ཆོས་ཀྱི་རྗེས་ཐེག་པ་གསུམ་ཡོངས་སུ་གྲགས་པའི་དབང་དུ་མཛད་པ་ཡིན་ལ། རྙིང་མ་རང་ལུགས་སུ་ཐེག་རིམ་དགུའི་རྣམ་གཞག་མཛད་པ་ལ་དོན་གྱིས་རྩོད་པ་མེད་དེ། བདེ་བར་གཤེགས་པས་གདུལ་བྱ་སོ་སོའི་བློ་དང་མཚམས་པར་ཐེག་པའི་རིམ་པ་ཇི་སྙེད་ཅིག་གི་རྣམ་གཞག་མཛད་ནས་རེ་ཞིག་དེ་དང་དེས་འདུལ་བའི་གདུལ་བྱ་དྲང་བའི་ཐབས་སུ་བསྟན་ཡང་མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཐེག་པ་མཆོག་ལ་བཀྲི་བའི་ངལ་སྟེགས་ཙམ་དུ་དགོངས་པ་སྟེ། ལམ་སྟེགས་ཀྱི་ཐེག་པ་དེ་རྣམས་ཀྱིས་རང་རང་དང་རྗེས་མཐུན་གྱི་འབྲས་བུ་རེ་ཐོབ་ཏུ་ཟིན་ཀྱང་། ད་དུང་གོང་ནས་གོང་དུ་བགྲོད་བྱའི་ལམ་དང་འབྲས་བུ་ཡོད་པའི་ཕྱིར་དམ་པའི་ཆོས་པདྨ་དཀར་པོ་ལས། དྲང་སྲོང་རྣམས་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོ་ནི་གཅིག་ཉིད་དེ་གང་དུ་གཉིས་སམ་གསུམ་དུ་གསུངས་པ་ནི་གནས་སྐབས་སུ་ངལ་གསོ་བའི་དོན་ཙམ་ལས་ཐེག་པ་དངོས་མ་ཡིན་པར་བསྟན་པ་དང་། ཐེག་ཆེན་གཅིག་པོ་དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་དབྱེ་བའི་སྐབས་འབྲས་བུའི་ཐེག་པ་བླ་ན་མེད་པ་ཉིད་མ་རྟོགས་ན་ཉན་རང་བྱང་སེམས་ཀྲི་ཡོག་གི་ཐེག་པ་སོ་སོས་རང་སའི་མི་མཐུན་ཕྱོགས་འཁོར་བ་དང་མཐའ་གཉིས་ལས་ངེས་པར་འབྱུང་བའི་འབྲས་བུ་རེ་ཐོབ་ཀྱང་། བླ་ན་མེད་པའི་ཐེག་པ་གཅིག་གང་ཡིན་པ་དེར་གདོད་འཇུག་དགོས་ཏེ་ཐོབ་བྱའི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཉིད་ལམ་བདེན་མཐར་ཐུག་ཐེག་པ་མཆོག་ཉིད་ལས་འབྱུང་དགོས་པ་ཡིན་ན་དེར་མ་ཞུགས་པས་འབྲས་བུའི་མཐར་ཐུག་པ་ཐོབ་པར་མི་ནུས་ཕྱིར། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ལ་སོགས་ལུང་མང་བའི་ཕྱིར་རོ། །དེ་བས་ན་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་དང་། ཕྱི་མ་ལ་ནང་གསེས་ཀྱི་དབྱེ་བས་རྡོ་རྗེའི་ཐེག་པ་སྟེ་བཞིར་འགྱུར་ཡང་བྱང་ཆུབ་སེམས་དཔའི་ཐེག་པར་དོན་གྱིས་གཅིག་ཏུ་བགྲངས་པ་ཡིན་ལ། དེ་བཞིན་དུ་ཐེག་པ་ལྔར་གསུངས་པའང་ཡོད་དེ། ལང་གཤེགས་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་ཐེག་པ་ལྔ་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་པས་སྣ་ཚོགས་ཀྱི་སྒྲ་ནི་མང་པོའི་དོན་དང་། ཡཱ་ནའི་སྒྲ་ནི་ཐོབ་བྱེད་དམ། བཞོན་པ་དང་ཁྱོགས་ཀྱི་དོན་དུ་འགྱུར་བས་གང་དོན་དུ་གཉེར་བའི་འབྲས་བུ་དེ་ཉིད་ཐོབ་པའི་ཐབས་སམ་ཡན་ལག་ཏུ་གྱུར་པ་ཞིག་སྟེ་འཁོར་བ་ནས་མྱང་འདས་ཀྱི་བར་གྱི་ལམ་བདེན་ཐམས་ཅད་ལ་སྤྱིར་བཏང་ཐེག་པ་གཅིག་གི་སྒྲ་སྦྱར་ཡང་རུང་ལ། བྱེ་བྲག་ཇི་སྙེད་པ་དེ་སྙེད་དུ་ཐེག་པའི་སྒྲ་སྦྱར་ཡང་མི་འགལ་ཏེ་ཕྱིའི་ནམ་མཁའ་དང་ཁྱིམ་སོ་སོའི་ནམ་མཁའ་བཞིན་ནོ། །དེས་ན་ལང་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པའི་དོན་ཡང་འདི་ཉིད་ལ་འཇུག་གོ། །གཞན་དུ་ཐེག་པ་གསུམ་ཁོ་ནར་ངེས་གཟུང་བཏུབ་པའང་མ་ཡིན་ཏེ། འཕགས་པ་རྟོགས་ཆེན་ཕྱག་རྒྱ་ལས། ཐེག་པ་ནི་གཅིག་ཁོ་ནར་ངེས་ཏེ་གཉིས་དང་གསུམ་དུ་མ་མཆིས་སོ། །ཞེས་དང་། ཡུམ་པར་མ་ལས་ཀྱང་། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ་བླ་ན་མེད་པའི་སངས་རྒྱས་ཀྱི་ཐེག་པའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་མཐའ་གཅིག་ཏུ་ཞེ་ན་ཐེག་པ་གསུམ་དུ་སྨྲ་བ་ལའང་ཀླན་ཀ་འཇུག་པར་འགྱུར་ལ། གཞན་ཡང་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ཐེག་པ་ཆེན་པོའི་ཐེག་པ་འདི། །སངས་རྒྱས་ཐེག་པ་བསམ་མི་ཁྱབ། །སེམས་ཅན་གྱི་ནི་གོ་སྐབས་འབྱེད། །ཐེག་པ་ཆེན་པོ་བླ་ན་མེད། །ཐེག་པ་ཇི་སྙེད་ཡོད་པ་ཀུན། །འདི་ནི་དེ་ཡི་མཆོག་ཏུ་དགོངས། །དེའི་ཕྱིར་ཐེག་པ་ཆེན་པོ་ལས། །ཐེག་པ་ཐམས་ཅད་རབ་ཏུ་དབྱེ། །ཞེས་གསུངས་པས་ཇི་སྙེད་ཀྱི་སྒྲ་ནི་མང་པོའི་དོན་ཏེ་དེའི་ཕྱིར་ལམ་གྱི་ཆོས་ཐམས་ཅད་ལ་དགོངས་པ་དང་། ཐེག་པ་དེ་ཐམས་ཅད་ཀྱི་དབྱེ་གཞི་ཐེག་པ་ཆེན་པོ་གཅིག་ཁོ་ནར་བསྟན་པ་སོགས་ཐེག་པའི་གྲངས་དང་གོ་རིམ་ངེས་བཟུང་མཐའ་གཅིག་ཏུ་བྱར་མེད་པའི་དབང་པོ་འདི་ལས་གཞན་མི་དགོས་ཤིང་། རིགས་པས་ཀྱང་འགྲུབ་སྟེ། མངོན་པར་མཐོ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་སས་བསྡུས་པར་ལམ་གྱི་རྣམ་པའི་བགྲོད་བྱེད་སྤྱི་དང་བྱེ་བྲག་ཇི་སྙེད་པ་ཐམས་ཅད་ལ་ཐེག་པའི་སྒྲ་དོན་གྱིས་ཁྱབ་པའི་ཕྱིར་ཆོས་ཀྱི་རྗེས་གསང་སྔགས་སྔ་འགྱུར་བ་རྣམས་ཐེག་པ་རིམ་དགུའི་གྲངས་སུ་བཞེད་པ་དང་། གསར་མའི་བཞེད་པ་ན་ཡམས་སུ་བཀོད་པ་ཙམ་ལས་དེ་ཉིད་མི་འཐད་པར་བཞེད་པ་མ་ཡིན་པས་དཔྱད་པ་རྣོན་པོར་རློམ་པ་དག་གིས་གྲངས་ཀྱི་དབྱེ་བསྡུ་ཙམ་ལ་ཀླན་ཀ་མི་དགོས་པར་རྟོགས་སོ། །གཉིས་པ་ནི། བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག་དང་། རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག་སྟེ། དེ་ཡང་ཨ་ནུ་མན་ཆད་ཀྱི་ཐེག་པ་འདི་རྣམས་སྒྲུབ་ཚུལ་བློས་བྱས་ལས་མ་འདས་ཤིང་བསྒྲུབ་བྱ་འདུས་བྱས་ལས་མ་ལྡོག་པས་རྣལ་མའི་ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་བ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། ཉན་རང་གིས་དོན་དམ་པའི་བདེན་པ་རྡུལ་རྫས་སུ་འདོད་པ་དང་། བྱང་སེམས་ཀྱིས་བདེན་གཉིས་རེས་འཇོག་ཅན་ཏུ་ལྟ་བ་དང་། ཀྲི་ཡས་དག་བྱ་དག་བྱེད་ཀྱི་རྩོལ་བས་འབྲས་བུ་དོན་དུ་གཉེར་བ་དང་། ཨུ་བྷ་ས་ལྟ་བ་རྣལ་འབྱོར་སྤྱོད་པ་ཀྲི་ཡའི་ཆས་འབྲས་བུ་སྒྲུབ་པ་དང་། རྣལ་འབྱོར་གྱིས་ལྷ་དང་བདག་གཉིས་སུ་ལྟ་བ་དང་། མ་ཧཱ་ཡོ་གས་བསྐྱེད་རིམ་བློས་བྱས་ཀུན་བརྟགས་དང་། རྩ་ཐིག་རླུང་གསུམ་ལ་ལུས་ངག་ཡིད་ཀྱི་ལས་བཀོལ་པའི་རྫོགས་རིམ་དཔེའི་ཡེ་ཤེས་ཀྱིས་རྗེས་སུ་དཔག་པས་དོན་གྱི་ཡེ་ཤེས་མཚོན་པར་འདོད་པ་དང་། ཨུ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་བསྐྱེད་བྱ་སྐྱེད་བྱེད་ལྷའི་དཀྱིལ་འཁོར་དུ་ལྟ་བ་རྣམས་རང་སའི་ཤེས་རབ་ཟབ་པ་ཡིན་ཡང་རྫོགས་ཆེན་པས་གཞལ་ན་སྤང་གཉེན་གྱི་མཐའ་ལ་ཞེན་པས་གཤིས་ཀྱི་བཞུགས་ཚུལ་ཇི་བཞིན་པ་མངོན་དུ་བྱེད་མི་ནུས་ཤིང་བློས་བྱས་ཀྱིས་རིག་པས་རྣལ་མའི་ཆོས་ཉིད་ལ་བསྒྲིབས་པར་གསུངས་ཏེ། ཇི་སྐད་དུ་ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོས་སར་བསྟན། །ཞེས་སོགས་གསུངས་པ་བཞིན་ནོ། །རྫོགས་པ་ཆེན་པོ་ནི་བྱས་ཆོས་བློའི་གྲུབ་མཐའ་ཀུན་གྱིས་རེག་པའི་སྐབས་མེད་པ་ཐོག་མ་ཉིད་ནས་སེམས་ཀྱི་ཆོས་ཉིད་ཡེ་གྲོལ་ཆེན་པོར་གནས་པའི་གཤིས་ལ་ཡིན་ལུགས་ལྟར་བཟོ་མི་འཆོས་པར་གཏན་ལ་འབེབས་པས་ལམ་འོག་མ་དག་གིས་རྣམ་གྲངས་མང་པོས་མངོན་དུ་བྱ་རྒྱུའི་ཆོས་ཉིད་དེ་འདིས་འབད་བྱ་རྩོལ་ལ་མ་ལྟོས་པར་མངོན་སུམ་ཅར་ཕོག་ཏུ་མཐོང་བར་འགྱུར་བའི་ཕྱིར། རྫོགས་པའི་རིམ་པ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པས་ན་ཆེན་པོའི་སྒྲ་ཞུགས་པ་སྟེ་རྫོགས་རིམ་ཆེན་པོའམ། རྫོགས་པ་ཆེན་པོ་ཞེས་ཐ་སྙད་དུ་མཛད་པ་དང་། ཨ་ནུ་མན་ཆད་ཀྱི་ཐེག་པ་བརྒྱད་པོ་དེ་རྣམས་ལམ་བདེན་མཐར་ཐུག་གི་ཐེག་པ་གཅིག་པོ་འདི་ཁོ་ནར་བགྲོད་པའི་ལམ་སྟེགས་སུ་གསུངས་པ་སྟེ། སློབ་དཔོན་ཨིནྡྲ་བྷཱུ་ཏིའི་རིན་པོ་ཆེ་འཁོར་འདས་མན་ངག་ལས། རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །ཅེས་གསུངས་པ་བཞིན་ནོ། །དེ་བས་དེ་ཐེག་པའི་རིམ་པར་ཤིན་ཏུའང་འཐད་པ་ཡིན་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དངོས་ལ་སྦྱོར་བའི་ལམ་བདེན་ཐམས་ཅད་ཀྱི་མཐར་ཐུག་པར་གྲུབ་པ་ཡིན། འདིས་ཆོས་ཉིད་གདོད་ནས་དག་པ་ཆེན་པོའི་གཤིས་ཀྱི་བཞུགས་ཚུལ་སྒྲ་ཇི་བཞིན་པའི་མཚར་བྲུས་པར་གྱུར་པ་ལ་གཅར་ཕོག་ཏུ་སྤྲོས་པའི་འཕགས་པའི་ལམ་བདེན་འདུས་མ་བྱས་ཏེ་སྐད་ཅིག་ཉིད་ལ་བྱ་རྩོལ་བྲལ་བའི་ཆོས་ཉིད་ལ་སྦྱོར་བར་བྱེད་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་ཨ་ནུ་དང་ཨ་ཏི་གཉིས་པོ་རྣལ་འབྱོར་ཆེན་པོ་ཁོ་ནའི་བསྐྱེད་རྫོགས་ཀྱིས་ཕྱེ་བར་བཞེད་ནའང་འགལ་བ་མེད་དེ། བླ་མེད་ཉིད་གཞིར་བྱས་པ་ལ་ཟབ་པ་དང་། ཆེས་ཟབ་པ་དང་། ཤིན་ཏུ་ཟབ་པའི་གོ་རིམ་དུ་བཞག་ནའང་རུང་བའི་ཕྱིར་རོ། །དེར་མ་ཟད་ཨ་ཏི་ཡོ་ག་ཉིད་ལའང་ཟབ་པ་དང་། ཆེས་ཟབ་པ་དང་། ཤིན་ཏུ་ཟབ་པའི་གོ་རིམ་གྱིས། ཇི་སྐད་དུ། ལྟ་བ་རྣམ་པ་གཉིས་ཡིན་ཏེ། །ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །ཨ་ནུ་མན་ཆད་རང་འདོད་པས། །ཆོས་ཅན་ཉིད་ལ་ལྟ་ལྟ་ནས། །ཆོས་ཉིད་དོན་ལ་རྡུལ་རེག་མེད། །ཨ་ཏིའི་རྣམ་པ་ཁ་ཅིག་གིས། །འདི་ཉིད་ཕྱོགས་ཙམ་མཐོང་བ་མེད། །རྫོགས་པ་ཆེན་པོ་ཐིག་ལེའི་སྐོར། །ཕྱི་དང་ནང་དང་གསང་བས་ཀྱང་། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་གསང་ཆེན་མན་ངག་གི། །ལྟ་ཉིད་ཤིན་ཏུ་གསང་བའོ། །ཞེས་གསུངས་པ་བཞིན་རྫོགས་ཆེན་ཉིད་ལའང་ནང་གསེས་ཀྱི་སྒོ་ནས་དབྱེ་བ། ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་ཀྱི་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ། ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་གསུམ་དུ་དབྱེ་བའི། ཕྱི་མ་ལའང་ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བས་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པའི་སྐྱེས་བུ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་དང་བཞིར་ཕྱེ་བ་ཡོད་དེ། དེ་དག་རྣམས་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གྱིས་གོང་མའི་ཤེས་རབ་ཀྱིས་འོག་མ་སུན་དབྱུང་ནས་མཐར་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ཟད་པའི་གྲུབ་མཐའ་གདོད་མའི་ཟད་ས་ཆེན་པོར་སྐྱེལ་སོ་བྱ ེད་པ་སྟེ། གསང་སྐོར་མན་གྱི་རྫོགས་ཆེན་པ་འདི་དག་གིས་ཀྱང་ཆོས་ཉིད་ཡིད་དཔྱོད་ཀྱི་ལམ་དུ་ལུས་པ་ལས་ཡང་གསང་བླ་ན་མེད་པས་ནི། དེ་ཉིད་སྒོམ་མེད་ཁྲེགས་ཆོད་ཀྱིས་གྲོལ་སའི་ཀ་དག་ཆེན་པོ་ལ་སྦྱོར་བ་དང་། སྒོམ་ཡོད་ཐོད་རྒལ་གྱིས་མངོན་སུམ་དབང་པོའི་ཡུལ་དུ་ངོ་འཕྲོད་པས་ཡིད་དཔྱོད་ལྐོག་གྱུར་དུ་མ་ལུས་པས་གེགས་དང་གོལ་ས་ལས་གྲོལ་བས་ཁྱད་པར་དུ་འཕགས་ཤིང་། དེ་ཉིད་ལ་བྱར་མེད་རྩོལ་བྲལ་དུ་གནད་དུ་བསྣུན་པས་ཉམས་གོང་འཕེལ་དུ་བྱེད་ཅིང་། ཚད་ཐོག་ཏུ་ཕེབས་ནས་བློ་དང་ཆོས་སུ་བཏགས་པའི་འཁྲུལ་སྣང་གི་རྒྱལ་ཁམས་ཐམས་ཅད་ཟད་པའམ་ནུབ་ནས་ཡེ་ཤེས་ཀྱི་རྒྱལ་ཁམས་ཆེན་པོར་ལ་མ་ཟློས་ཀྱི་བར་དུ་རིམ་པས་བོགས་དབྱུང་ནས་མངོན་དུ་བྱ་རྒྱུ་ཆེས་མང་བའི་ཕྱིར་ཐེག་པའི་ཐ་སྙད་བཏགས་ཀྱང་། གང་གི་ཚེ་མཐར་ཕྱིན་པ་ན་ཉམས་ཀྱི་འཕེལ་པའང་ཟད་ནས་གཞིའི་འོད་གསལ་ལོངས་སྐུ་ཆེན་པོའི་ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་དུ་ཤེལ་འོད་ནང་དུ་སྡུད་པ་ལྟར་ཟད་དང་མི་སྐྱེ་བའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པའི་ཚེ། འདི་ལ་སྔ་འགྱུར་རྫོགས་ཆེན་པས་འཁྲུལ་བའི་ཆོས་ཀྱིས་དག་ཚུལ་ལ་བཏགས་པས་བློ་ཟད་ཆོས་ཟད་ཅེས་ཐ་སྙད་བྱེད་ཅིང་། ལང་གཤེགས་སུ། སེམས་ནི་ནམ་ཞིག་གྱུར་པ་ན། ཐེག་པ་མེད་ཅིང་བགྲོད་པའང་མེད། ཅེས་པའི་དོན་ལ་ཇི་བཞིན་པ་འབྱོར་པ་ཡིན་ལ། དེས་ན་ཨ་ཏི་ཡོ་ག་ཡེ་ཤེས་ཡིན་གྱི་ཐེག་པ་མིན་ཞེས་གསུངས་པ་ནི་འདུས་པ་སོགས་ཀྱི་རྣལ་འབྱོར་བཞིའི་རིམ་པའི་ཨ་ཏི་ཡོ་ག་ལ་དགོངས་ནས་གསུངས་པར་སྣང་བའི་ཕྱིར་དེས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཐེག་པ་མིན་པར་གསུངས་པར་མི་འགྱུར་མོད། གལ་ཏེ་སྨྲ་བ་པོ་གཞན་གྱིས་དེ་ལ་བསམས་ནས་བརྗོད་ནའང་མིན་པར་དཀའ་སྟེ། བརྗོད་བྱར་ལྟོས་ནས་ཡེ་ཤེས་དང་། རྗོད་བྱེད་ལ་ལྟོས་ནས་ཐེག་པར་བཞག་པ་བྱར་ཡོད་དེ། བརྗོད་བྱ་རྗོད་བྱེད་ལ་མཚན་དུ་བཏགས་པ་ཤེར་ཕྱིན་སྟོན་པའི་སྡེ་སྣོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྨོས་པ་བཞིན་ཏེ། ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བསྟན། །ཞེས་གསུངས་པ་བཞིན་ནོ། །ཡེ་ཤེས་ཡིན་ན་དེ་ཉིད་ཐེག་པའང་ཡིན་ཏེ་ཡེ་ཤེས་རྟོགས་བྱེད་ཀྱི་ཐབས་སམ་རྒྱུར་གྱུར་པ་ལ་ཐེག་པ་ཞེས་བརྗོད་དེ་ཡེ་ཤེས་མཐོང་བ་ཉེ་རིང་ལ་ལྟོས་ནས་ཐེག་པ་ཆེ་ཆུང་རྒྱུ་འབྲས་ཀྱི་ཐེག་པ་སོ་སོར་ཕྱེ་བའི་ཕྱིར། སངས་རྒྱས་ཕལ་པོ་ཆེ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་ཆེད་དུ་བཀའ་སྩལ་པའི་ཕྱིར་ཆོས་ཀྱི་རྗེའི་དྲང་དོན་དགོངས་པ་ཅན་གྱི་གསུང་ལ་བློ་དམན་གཞན་གྱིས་ངེས་དོན་དུ་འཁྲུལ་པར་མི་བྱ་བར་ཇི་ལྟར་བཀའ་སྩལ་བའི་དོན་ཉིད་ལ་མཉམ་པར་བཞག་དགོས་སོ། །རིགས་པས་ཀྱང་འགྲུབ་སྟེ། རྟ་དང་ལྡན་པའི་ཤིང་རྟ་ལ་རྟའི་ཤིང་རྟ་ཞེས་བརྗོད་པ་བཞིན་དུ་ཡེ་ཤེས་དེ་དང་ལྡན་པའི་ཐེག་པ་ལ་ཨ་ཏི་ཡོ་གའི་ཐེག་པ་ཞེས་བརྗོད་པ་ལ་ཀླན་ཀ་ཅིའི་ཕྱིར་འཇུག །དེས་ན་གསང་སྔགས་སྔ་འགྱུར་པ་ལ་ཐུན་མོང་མ་ཡིན་པར་གྲགས་པའི་ཡོ་ག་རྣམ་པ་གསུམ་གྱི་བརྗོད་བྱ་ཟབ་ལ་རྒྱ་ཆེ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་དགོངས་པའི་ཞེ་ཕུག་ས་རྒྱུད་སྡེ་འོག་མ་ཕྱི་རྒྱུད་སྡེ་གསུམ་དུ་མིང་ཙམ་ཡང་མ་གྲགས་པའི་མཐར་ཐུག་གི་སྐྱེལ་སོ་གང་ཡིན་པ་དང་། རྗོད་བྱེད་ཚིག་གི་རྒྱུད་རྫོགས་ཆེན་རང་ལའང་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པར་གསུངས་པ་ལས་གངས་རིའི་ལྗོངས་འདིར་ཆོས་རྒྱལ་ལོ་པཎ་གྱི་ཐུགས་བསྐྱེད་རྨད་བྱུང་གི་སྐུ་དྲིན་དང་། དུས་དེའི་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་ལས་ཆ་ཤས་ཙམ་ཞིག་ལྐོག་ཆོས་ཁོ་ནར་བསྒྱུར་བ་གསང་ནས་ཉམས་སུ་བླངས་པས་དངོས་གྲུབ་མཆོག་ཐོབ་པ་མང་ཞིག་བྱུང་བའི་རྗེས་སུ་བོད་རྣམས་ཀྱིས་བསོད་ནམས་མ་ཡིན་པ་དུས་སུ་སྨིན་པ་དང་། གདུལ་བྱའི་སྣོད་ཀྱི་རྟེན་འབྲེལ་རེ་ཞིག་རྫོགས་པ་འགྲིགས་ནས་གླང་དར་མ་འུ་དུམ་བཙན་གྱིས་རྒྱལ་བསྟན་རིན་པོ་ཆེ་ལ་སྐབས་བཙལ་བ་ནས་བཟུང་རྟོགས་པ་དོན་གྱི་ཆོས་འཁོར་ཡོ་ག་རྣམ་པ་གསུམ་གྱི་བསྟན་པ་སྦས་པའི་ཡུལ་རྣམས་དང་། ཡུལ་ཕྲན་ཁོལ་བུ་རྣམས་སུ་མི་མངོན་པར་བཞུགས་པས་བསྟན་པ་ཕྱི་དར་གྱི་དུས་སུ་མཁས་བླུན་ཕལ་མོ་ཆེའི་མདུན་སར་མ་འགྲིམས་པའི་རྒྱུ་མཚན་དང་། རྒྱ་གར་གྱི་པཎ་གྲུབ་རྣམས་གསང་བ་ལ་ཐུགས་སྒམ་པས་ཡོངས་སུ་མ་གྲགས་པ་ཙམ་ལ་བརྟེན་ནས་ཕྱིས་ཀྱི་ལོ་ཙཱ་པ་འགའ་ཞིག་གིས་རྫོགས་ཆེན་རྒྱ་གར་དུ་མ་གྲགས་པར་བསམས་པའི་རྒྱུ་ཡང་དེ་དག་ལས་གྱུར་པར་སྣང་ངོ་། །དེས་ན་རྣལ་འབྱོར་བཞིའི་རིམ་པ་དང་ནང་པ་བསྐྱེད་རྫོགས་གསུམ་མིང་མཐུན་པ་ལ་དགོངས་ནས་ངོ་བོ་གཅིག་པར་བསྒྲུབས་ནས་དེ་ལ་ཐེག་པའི་གོ་རིམ་མི་འཐད་པའི་གཏན་ཚིགས་བཀོད་ཀྱང་འགྲུབ་པར་དཀའ་སྟེ། བསྐྱེད་རྫོགས་གསུམ་གྱི་བརྗོད་དོན་རྣལ་མའི་དེ་བཞིན་ཉིད་རྟོགས་པ་ལ་ཐབས་མི་ཟབ་པ་དང་ཟབ་པ་དང་ཆེས་ཤིན་ཏུ་ཟབ་པའི་ཁྱད་པར་གོང་མ་གོང་མའི་ཤེས་རབ་ཀྱིས་འབྱེད་པས་ཐེག་པའི་གོ་རིམ་དུ་བཞག་པར་བྱར་ཕོད་ཅིང་། རྗོད་བྱེད་སྒྲ་ཚིག་གི་རྒྱུད་སྡེའི་རྣམ་གྲངས་ཀྱང་དཔག་པར་དཀའ་བ་ཞིག་བཞུགས་པར་གསུངས་པའི་ཕྱིར་བརྗོད་བྱ་རྗོད་བྱེད་ཀྱིས་ཤིན་ཏུ་ཐ་དད་པ་ཡིན་ནོ། ༈ །གཉིས་པ་ཟུར་གྱིས་ཕོག་པར་འདོད་པ་སེལ་བ་ལའང་གསུམ་སྟེ། རྫོགས་ཆེན་ལ་ཧཱ་ཤང་ཆེན་པོའི་ཆོས་ལུགས་འདྲེས་པར་འདོད་པ་དང་། འབྲས་བུའི་མཐར་ཐུག་འོད་གསལ་དུ་མི་འཐད་པར་འདོད་པ་དང་། གཏེར་ནས་བྱུང་བའི་ཆོས་ཀྱི་བརྒྱུད་པ་རྡོ་རྗེ་འཆང་ལ་སྙེག་པ་མི་འཐད་པར་འདོད་པའི་དོགས་སྤོང་ངོ་། །དང་པོ་ནི། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཞེས་པ་ནས། ཕལ་རྒྱ་ནག་ཆོས་ལུགས་ཡིན། ཞེས་པའི་བར་གྱིས་བསྟན། འདི་ལ་གསེར་གྱི་ཐུར་མ་ལས། རྒྱ་ནག་མཁན་པོའི་ཆོས་ལུགས་ལ་རྫོགས་ཆེན་གྱི་མིང་འདོགས་པ་ཁོང་རང་གི་ལུགས་ལ་མེད་ཀྱང་ཨ་ཏི་པས་ཐབས་ཀྱི་ཆ་མི་དགོས་པ་དེ་ལྟར་ཁས་བླངས་ན་དེར་སོང་ཞེས་ཕུལ་བའོ། །ཞེས་གསུངས་པ་དེ་ཡང་དགོངས་གཞི་རིམ་གྱིས་པའི་ལུགས་ཤིང་རྟ་ཆེན་པོའི་རྗེས་འབྲངས་ཚད་མར་སྒྲུབ་པའི་གསུང་ཡིན་ལ། ཅིག་ཅར་པར་གྲགས་པ་ངེས་དོན་དུ་འཁྲུལ་པ་མེད་ཀྱང་དབང་རྣོན་གྱི་ལམ་ཡིན་པའི་ཕྱིར་དབང་པོ་རྣོ་རྟུལ་ཐམས་ཅད་དེར་འཇུག་པ་དགག་པའི་ཕྱིར་དགོངས་པ་ཅན་གྱི་གསུང་དུ་ངེས་སོ། །འོན་ཀྱང་ཕྱིས་སུ་བྱིས་པ་ཀ་ཁ་ཤེས་པ་ཡན་ཆད་ཀྱིས་ཧཱ་ཤང་གི་ཆོས་ལོག་ཅེས་མུ་སྟེགས་དང་ཀླ་ཀློ་ཙམ་དུ་ནོར་བའི་ཁུངས་བྱེད་པ་ཞིག་འདུག་སྟེ། ཐོག་མར་རྒྱ་ནག་མཁན་པོའི་ཆོས་དེ་ནོར་བ་ཡང་དག་པ་ཡིན་མིན་ལ་དཔྱད་དགོས་པས། ཆོས་དེའི་ཁུངས་བཤད་པ་དང་། དེ་ཉིད་སྐྱོན་མེད་པར་བསྟན་པའོ། །དང་པོ་ནི། རྒྱ་ནག་གི་ཡུལ་དུ་བསྟན་པ་ཐོག་མར་ཕེབས་པའི་དུས་ནི་ཧཱན་གྱི་མིང་དྷཱི་རྒྱལ་པོ་ཡུང་ཕིང་གི་རྨི་ལམ་དུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ལྟས་བྱུང་བས་རྒྱུ་བྱས། སྔོན་གྱི་རྒྱལ་པོ་ཊེ་འུ་ཅོ་འུ་དབང་གི་དུས་ཀྱི་བསྟན་པ་དར་བར་འགྱུར་བའི་ལུང་བསྟན་གྱི་ཡི་གེ་རྙེད་པས་གསོལ་བཏབ་ནས་འཕགས་ཡུལ་དུ་ཆོས་འཚོལ་བའི་ཕོ་ཉ་བཏང་བ་དང་། དགྲ་བཅོམ་པ་མ་ཏངྒི་དང་། པཎྜི་ཏ་ཧྦ་ལ་ར་གཉིས་བྱོན་ནས་བསྟན་པའི་དབུ་བརྙེས་དེ་ནས་བཟུང་རིམ་གྱིས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དང་པཎྜི་ཏ་ཤིན་ཏུ་མང་བ་ཕེབས་ཤིང་བསྟན་པ་འཛིན་སྤེལ་ནུས་པའི་ཧཱ་ཤང་མཁས་ཤིང་གྲུབ་པ་ཤིན་ཏུ་མང་བར་བྱོན། ཧཱ་ན་ནས་རིམ་པར། ཇིང་དང་། ཡུ་གུར། ཆི་དང་། ཇིའུ་དང་། སུང་དང་། ཆི་དང་། ལི་ཡང་དང་། ཐན་དང་། སུན་དང་། ཐང་སོགས་ནས་དེ་དག་གི་བར་དུ་རྒྱལ་བསྟན་རིན་པོ་ཆེ་རྒྱུའི་ཐེག་པ་གཙོ་བོར་དར་བ་མ་ཉམས་ཤིང་ཤིན་ཏུ་འཕེལ་བའི་རྒྱུན་ལས། ཧཱ་ཤང་བྱང་ཆུབ་སེམས་དཔའ་ཆེན་པོ་མངོན་ཤེས་དང་ཏིང་ངེ་འཛིན་ལ་དབང་འབྱོར་པའང་བགྲངས་ཀྱིས་མི་ལང་པ་བྱོན་ནས་བསྟན་པ་བསྐྱངས་པའི་གཏམ་རྒྱས་པར་སྤྲོ་བར་ནུས་མོད་ཀྱང་ཡི་གེས་འཇིགས་པས་མི་སྤྲོའོ། །དེ་ལས་འདུལ་བའི་བསྟན་པ་ནི་འཕགས་པ་དགེ་འདུན་གོ་ཆ་དང་། རིག་འཛིན་ཀུ་མཱ་རའི་རྗེས་སུ་འཇུག་པའི་བཤད་པ་དང་ཕྱག་ལེན་རྒྱུན་ཤིན་ཏུ་གཙང་བ་དེང་སང་གི་བར་དུ་དར་ལ། གསང་སྔགས་ལ་ནི་རྒྱུད་སྡེ་འོག་མ་ཅི་རིགས་པར་ཉན་བཤད་ཀྱི་སྲོལ་བྱུང་མོད། བླ་མེད་སྤྱི་དང་ཁྱད་པར་རྣལ་འབྱོར་མའི་རྒྱུད་ནི་གདུལ་བྱའི་བློ་ལ་མ་ཤོང་བས་རྒྱལ་པོ་རྣམས་ཀྱི་བཀས་བཅད་ནས་སྲོལ་ཚུགས་པར་མ་ནུས་སོ། །ཕ་རོལ་ཕྱིན་པའི་གཞུང་ལ། རྒྱལ་ཆེན་སྤྱོད་པའི་བརྒྱུད་པ་དང་། ཟབ་མོ་ལྟ་བའི་བརྒྱུད་པ། སྒྲུབ་རྒྱུད་དོན་གྱི་བརྒྱུད་པ་སྟེ། བཀའ་སྲོལ་གསུམ་ཡོད་པ་ལ་སོ་སོའི་བརྒྱུད་པའང་བར་མ་ཆད་ཀྱི་ཁུངས་རྣམ་པར་དག་པ་དང་ལྡན་ཞིང་དེ་ཡང་བོད་རྣམས་བཞིན་དུ་མཁས་པ་སོ་སོའི་བློ་ལ་ཤར་ཚོད་ཀྱི་བཤད་སྲོལ་དང་ལག་ལེན་བྱེད་ས་མེད་པ་དང་། ཆོས་རྒྱུན་དེ་ཡང་རང་རང་སྔོན་གྱི་བརྒྱུད་སྲོལ་གང་འཛིན་པ་དེ་ལས་གཞན་མང་པོ་འདྲེས་མར་མི་བྱེད་པ་སོགས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་བརྒྱུད་པ་དང་ལྡན་པའོ། །དེ་ལ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ནི། རྒྱལ་ཚབ་མ་ཕམ་པ་དང་། ཐོགས་མེད་སྐུ་མཆེད། དྷརྨ་རཀྵི་ཏ། སློབ་དཔོན་དགའ་བོ། འདུལ་བཟང་སྟེ། འདི་ལས་རྒྱའི་སློབ་དཔོན་ཐང་ཟན་ཙང་གིས་ཞུས་ནས་རྒྱ་ཡུལ་དུ་མདོ་དགོངས་པ་ངེས་འགྲེལ་དང་། ལངྐ་གཤེགས་པ་དང་། བྱམས་ཆོས་ལྔ་སོགས་བཀའ་དང་བསྟན་བཅོས་ཤིན་ཏུ་མང་བ་བསྒྱུར་ཅིང་། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་བཀའ་ཐ་མའི་བསྟན་པ་རྒྱ་ཆེར་སྤེལ་ལོ། །ཟབ་མོ་ལྟ་བའི་བརྒྱུད་པ་ནི། འཇམ་དབྱངས། ཀླུ་སྒྲུབ། ཟླ་གྲགས། ལེགས་ལྡན་འབྱེད། པྲཛྙཱ་རསྨི། རྒྱ་ཡི་སློབ་དཔོན་ཡེ་ཤེས་དཔལ། ཡེ་ཤེས་བློ་གྲོས། དེ་ལ་ས་ཧཱ་ཤང་ཆེན་པོ་ཊི་ཞེས་དཱ་ཤི་ལ་བརྒྱུད་དེ་འདི་ནི་རྒྱ་ནག་གི་ཡུལ་དུ་ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོར་གྱུར་ཏེ་མངོན་ཤེས་དང་བྱང་ཆུབ་སེམས་ལ་དབང་འབྱོར་བས་ཕྱོགས་དེར་སངས་རྒྱས་གཉིས་པ་ལྟ་བུའི་ཕྲིན་ལས་ཅན་དུ་གྱུར་ཅིང་། གསུང་རབ་སྤྱི་ལ་དུས་ཚིགས་ལྔའི་ཁོག་འབུམས་པ་དང་། ཁྱད་པར་ཟབ་མོ་ལྟ་བའི་གནས་ལ་ཤེར་ཕྱིན་དང་མདོ་པད་དཀར་སོགས་བཀའ་དང་། དགོངས་འགྲེལ་རྩ་ཤེས་འབུམ་ཊཱི་ཀ་སོགས་ལ་འཆད་ཉན་དང་། བསྟན་བཅོས་ཀྱང་ཤིན་ཏུ་མང་བར་མང་བར་མཛད། ཏུན་མིན་ཏེ་ཅིག་ཅར་འཇུག་པའི་སྒོ་དང་། ཙི་ཡན་མིན་ཏེ་རིམ་གྱིས་འཇུག་པའི་སྒོ་དང་། བཱི་མི་སྟེ་གསང་བ་ཐུན་མོང་མིན་པའི་སྒོ་དང་། མ་ངེས་པའི་སྒོ་དང་། སྡེ་སྣོད་ཀྱི་སྒོ་དང་། རིགས་པའི་སྒོ་དང་། རྣམ་པར་དབྱེ་བའི་སྒོ་དང་། ཡོངས་སུ་རྫོགས་པའི་སྒོ་སྟེ་འཇུག་སྒོ་བརྒྱད་ཀྱི་སྲོལ་ཚུགས་པར་མཛད་པ་སོགས་བསྟན་པ་ལ་མཆོག་ཏུ་བཀའ་དྲིན་ཆེའོ། ༈ །གསུམ་པ་སྒྲུབ་རྒྱུད་དོན་གྱི་བརྒྱུད་པ་འདིར་ཙུང་མིན་ཞེས་བྱ་སྟེ། བཀའི་བརྒྱུད་པར་བསྒྱུར་དུ་རུང་བ། ཉམས་ལེན་བྱིན་རླབས་བརྒྱུད་པ་དང་། རིག་སྟོང་ཕྱག་རྒྱ་ཆེན་པོར་ཡང་བོད་ཆོག་པ་སྙིང་པོ་དོན་གྱི་བསྟན་པར་གྲགས་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་ཨརྻ་དེ་བ་ལ་སྙིང་པོ་དོན་གྱི་བསྟན་པ་གཏད་ནས་དཔལ་གྱི་རི་ལ་གཤེགས་སོ། །ཞེས་གསུངས་པའང་འདི་ལ་དགོངས་པ་སྟེ། དོན་གྱི་བསྟན་པ་འདི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པས་བློ་གྲོས་ཆེན་པོ་དང་ལྡན་པ་ལ་ཚིག་བརྒྱུད་དུ་སྟོན་དགོས་པའི་ཆེད་དུ་སྟེ། ཚིག་སྤྱིའི་བསྟན་པའི་གཏད་རབས་ཙམ་ནི་མ་ཡིན་ནོ། །དེ་ལྟ་བུ་དེ་རྒྱ་ནག་གི་ཡུལ་དུ་བྱུང་བའི་ཚུལ་ནི། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། འཕགས་པ་འོད་སྲུངས་ཆེན་པོ། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉེར་སྦས། དེ་ལས་འཕགས་པ་དྷི་དྷི་ཀ་དང་། ཉི་མ་གུང་པ་གཉིས་ལས། དྷི་དྷི་ཀ་ནས་དགྲ་བཅོམ་པ་ནག་པོ། དེས་འཕགས་པ་ལེགས་མཐོང་། བི་གྷ་གི་གཉིས་ལ། བི་བྷ་ག་ནས། བུདྡྷ་ནནྟི། བུདྡྷ་ནནྡི། བུདྡྷ་མི་ཏྲ། དགེ་སློང་རྩིབས་ལོག །པུ་ན་ཤ་ཏ། རྟ་སྐད། མ་ཤི་བ། ཀླུ་སྒྲུབ། ཨཱརྻ་དེ་བ། རཱ་ཧུ་ལ། སཾ་གྷ་ནནྡི། ཀཱ་ལ་ཤ །ཀུ་མཱ་ར་ཏ། ཤ་ཡ་ཏ། དབྱིག་བཤེས། མ་ནོ་ཏ། ཧ་ཀ་ལི་ཀ་ཤ །དགེ་སློང་སེང་གེ། བྷ་ཤྱ་སིདྡྷ། བི་ཤྭ་མི་ཏྲ། པྲཛྙཱ་བྷཱ་ར། དེ་ནས་བྱང་ཆུབ་ཆོས་མཆོག་སྟེ་སློབ་དཔོན་འདི་འོད་སྲུངས་ནས་བཟུང་གཏད་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ལ། ཁོང་ཉིད་ཀྱིས་འཕགས་ཡུལ་དུ་སྣ་ཚོགས་བཤེས་གཉེན་ཕྱི་མ་ལ་བསྟན་པ་གཏད་ནས་རྒྱ་ནག་ཏུ་བྱོན། ཀིའང་ནན་གྱི་ཡུལ་དུ་ལིའང་ཨུ་དྡྷཱི་རྒྱལ་པོ་དང་མཇལ་ནས་རྒྱལ་པོ་དང་དགེ་བཤེས་འགའ་ཞིག་གིས་ཆོས་ཞུས་པར། ཇི་སྐད་དུ་འཕགས་པ་སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། ཞེས་པ་བཞིན། རྒྱལ་པོ་དེ་དད་པ་དང་གཏོང་བ་སོགས་ཀྱིས་བསོད་ནམས་གསོག་པ་ལ་སྙིང་སྟོབས་ཆེ་ཡང་། ཟབ་མོའི་དོན་ལ་མི་མོས་ཤིང་རང་གི་མཛད་པ་ལ་རློམ་སེམས་ཡོད་པ་དང་། མཆོད་གནས་ཕལ་མོ་ཆེ་ཡང་ཟབ་མོའི་དོན་ལ་ལྟ་བའི་ཤེས་རབ་བོགས་མ་ཐོན་པར་ཐོས་པའི་ཡོན་ཏན་ཙམ་གྱིས་མངོན་པར་ཁེངས་པ་མང་བས་དེ་དག་ཟབ་མོའི་ཆོས་ཉིད་ལ་བཀྲི་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ལུགས་སྒྲ་ཇི་བཞིན་པ་དྲང་ཐད་དུ་བསྟན། ཇོ་བོ་རྗེའི་ཞལ་ནས། ཉམས་ལེན་བཟང་ཤོས་རྣམས་ལ་བྱ་བ་ངན་པ་ཐོངས་ཤིག་གསུངས་པའི་དགོངས་པ་ལྟར་སྤྱོད་པའི་མཐའ་ལ་ཞེན་པས་མི་འཆིང་བའི་ཐབས་ལ་བཀྲི་བར་མཛད་པ་ན། སྔོན་དུ་ཟབ་མོའི་གནས་ལ་བློ་གྲོས་མ་ཕྱོགས་པའི་རྒྱུས་ཐམས་ཅད་ཧ་ལས། བོད་དུ་ལུགས་འདི་ཆད་ལྟར་འཁྲུལ་པའི་གཏམ་དེའང་ཐོག་མར་རྒྱ་ནག་ཏུ་བྱུང་སྟེ། མཁས་པར་རློམ་པ་རྣམས་ཀྱང་བློ་ལ་མ་ཤོང་ནས་ཆད་ལྟ་མཁན་དུ་རྟོག་ཅིང་སྐུར་པར་གྱུར། རྒྱལ་པོ་ལ་ངོ་སོ་མ་མཛད་པས་དེ་ཉིད་མ་དགའ་བའི་རྐྱེན་གྱིས་ཀྱང་ཐམས་ཅད་ཀྱིས་བཏང་སྙོམས་སུ་བྱས། སློབ་དཔོན་གྱིས་དེར་གདུལ་བྱ་དུས་ལ་མ་བབས་པར་གཟིགས་ནས་བྱང་ཡུ་གུར་གྱི་ཡུལ་དུ་ཕེབས། ཀིའང་གི་ཀླུང་ཆེན་པོ་ལ་རྫུ་འཕྲུལ་གྱི་བྱ་བས་བརྒལ་བ་དང་དམག་དཔོན་གྲུ་ལ་ཞོན་ནས་འགྲོ་བ་ཞིག་གིས་མཐོང་ནས་དད་པ་ཐོབ། གཏམ་དེ་རྒྱ་ནག་ལྷོ་པ་རྣམས་ཀྱིས་ཐོས་ནས་འགྱོད་ཀྱང་བྱི་ལ་ཤོར་བའི་སྐང་ཁུང་དུ་སང་། ཧཱ་ཤང་ཧའི་ཁ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་རྒྱ་ཆེན་པོ་སད་པར་ཉེ་བ་ཞིག་གིས་གཏམ་དེ་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བར་གྱུར་ནས་ཡུ་གུར་གྱི་ཕྱོགས་སུ་ཚོལ་དུ་བྱོན་པར་སློབ་དཔོན་ཞའུ་ལིན་ཟའི་དགོན་པར་འདུག་སྐད་ཐོས་དེར་མཁས་པ་བོ་དྷཱི་རུ་ཙི་སོགས་རྒྱ་དཀར་ནག་གི་མཁས་པ་མང་པོས་ཆོས་ཀྱི་བྱ་བ་མཛད་ཅིང་འདུག་ན་སློབ་དཔོན་ཆོས་མཆོག་གི་སྣོད་དུ་རུང་བའི་སློབ་མ་བསྒུགས་ཅིང་ལོ་དགུའི་བར་དུ་སྦས་པའི་བརྟུལ་ཞུགས་ཀྱིས་གནས་པ་ཞིག་ལ་དུས་གཞན་ཞིག་ཏུ་ཧཱའི་ཁེ་དང་། ཡུ་གུར་གྱི་བནྡེ་གསུམ་བཅས་བཞི་པོས་སློབ་དཔོན་དང་འཕྲད་ནས་སྐལ་བ་མཆོག་དང་ལྡན་པ་ནི་ཧུའི་ཁེ་ཉིད་ཡིན་ལ། འོན་ཀྱང་དེ་དག་ལ་ཆོས་སྟོན་ཚུལ་ནི། དྲེད་པོ་གོ་ཡུལ་དུ་ཤོར་བའི་ཉེན་འབྱུང་བར་དགོངས་ཏེ་ཀ་ཁ་སློབ་པ་ལྟར་གང་ཡང་མི་སློབ་སྟེ། བརྡ་བསྟན་པས་དྲིས་པ་ལ་ལན་ལྡོག་པའི་ཚུལ་དུ་ཕྱག་རྒྱ་ཆེན་པོའི་མན་ངག་བྱིན་ནས་དོན་ལ་བསམ་དུ་བཅུག །བསམ་བྱུང་གི་ཤེས་རབ་བརྟས་པ་ན་བསྒོམ་དུ་བཅུག་པ་སོགས་བཤད་རྒྱུད་ཀྱི་གོ་ཡུལ་ཙམ་མིན་པར་ཁ་ནང་དུ་ལོག་ནས་སྒོམ་པའི་དོན་ཁོ་ན་ལ་སྐྱོར་བར་མཛད་པའི་ལོ་རྒྱུས་འདི་ནི། ཇོ་བོ་ཆེན་པོའི་ཞལ་ནས། ཐོས་པས་མི་ཤེས་བསྒོམས་པས་ཤེས། །ཞེས་གསུངས་པ་དང་མཐུན་ལ། དེ་ཙམ་དུ་མ་ཟད་ཐེག་པ་ཆེན་པོའི་སྒོམ་བྱུང་གི་གཏམ་ཐམས་ཅད་གནས་ཚུལ་དེ་ལས་མ་འདས་ཏེ། བཅོམ་ལྡན་འདས་ཀྱིས། ཆོས་འདི་ནི་ཚིག་དང་ཡི་གེ་ལས་ཤིན་ཏུ་འདས་པ། སྒྲ་དང་རྟོག་གེའི་ཡུལ་མ་ཡིན་པ། དཔེ་དང་གཏན་ཚིགས་ཀྱིས་གཏན་ལ་མི་ཕེབས་པ། ཞེས་རྣམ་པ་ཀུན་ཏུ་བསྟན་པའི་ཕྱིར་རོ། །དེས་ན་ཧུའི་ཁ་གཅིག་པུས་དེ་ཁོ་ན་ཉིད་ཀྱི་དོན་དང་མཇལ་ཞིང་གཞན་གསུམ་པོས་ཀྱང་དོན་འོལ་སྤྱིའི་ཚུལ་གྱིས་རྟོགས་སོ། །སློབ་དཔོན་གྱིས་སྔ་མ་དེའི་རྒྱུད་སྨིན་པར་གཟིགས་ནས་སྙིང་པོ་དོན་གྱི་བསྟན་པ་གཏད་ནས་བདག་གིས་གཙང་ཀླུང་བརྒལ་བའི་དུས་བརྫིས་པའི་འདམ་བུ་ལ་ལོ་མ་ལྔ་ཡོད་པའི་རྟེན་འབྲེལ་གྱིས་ཁྱེད་ལས་ཆིག་བརྒྱུད་ཀྱི་གཏད་རབས་ལྔ་པ་ནས་མང་པོར་འཕེལ། དེ་ནས་ཚུགས་ཐུབ་ཀྱི་སྡེ་པ་ལྔར་འགྱུར་ཞེས་ལུང་བསྟན་གྱི་གཏམ་བཞག་ནས་དེ་ཉིད་དུ་སྐུ་འདས་སོ། །ཕྱིས་རྒྱ་གར་ནས་འོངས་པའི་འགྲུལ་པ་འགའ་ཞིག་གིས་སློབ་དཔོན་གྱིས་ལྷྭམ་ཡ་གཅིག་ཐོགས་ནས་ལོག་སོང་ཟེར་བ་མཆིས་པས། སློབ་མ་ཚོས་སྤྲུལ་ཤམ་ཕྱེ་ནས་བལྟས་པ་ན་མཆིས་ལྷྭམ་ཡ་གཅིག་ཙམ་ལས་ཅང་མི་འདུག་སྐད་དོ། །དེའང་སློབ་དཔོན་ཧུའི་ཁེ་དཱ་ཙུ་ཚན་ཤིང་། དེ་ནས་སེང་ཚན་ཀིའན་ཊཱི་ཆན་ཤིའ། དའུ་སིན་དཱ་ཨི་ཆན་ཤིའ། ཧུང་གཞིན་དཱ་མ་ན་ཆད་ཤི། ལཱུ་ཙུ་ཧུའི་ནིང་དཱ་ཀི་ལན་ཆག་ཤིའ། ནན་ཡོ་ཧུ་ཝའི་བཞད་ཆན་ཤིའ། མ་ཙུ་དཱ་འུ་ཡི་ཆན་ཤིའམ། པེ་ཊང་མི་འོའུ་ཥི་ཆན་ཤིའ། ཧུའང་པོའི་ཥི་ཡུ་ཆན་ཤིའ། ལིན་གྱི་ཨི་ཥུའན་ཆན་ཤིའ། དེ་ཉིད་ཐེ་བའི་མི་རབས་སུམ་ཅུ་རྩ་བཞི་དང་། བརྒྱུད་པའི་རབས་སློབ་དཔོན་ཆོས་མཆོག་ནས། ཐི་ཡོའུ་མེའི་མིང་ཏིང་ཆན་ཤིང་ལ་ཐུག་གི་བར་རབས་བཞི་བཅུ་ཞེ་བཞི་བྱོན་པ་རྣམས་ཐུགས་ནས་ཐུགས་སུ་བརྒྱུད་པའི་ཉམས་མྱོང་བྱིན་རླབས་ཀྱི་བཀའ་བར་མ་ཆད་པའོ། །ཞེས་རྒྱ་ནག་ཏུ་དམ་པའི་ཆོས་བྱུང་བའི་ཚུལ་གྱི་གཏམས་ཡང་དག་པ་ཚད་མར་གྱུར་བ་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་སྟེ། དེའང་བོད་དུ་བསྟན་པ་དར་བ་དང་གུང་སྒྲིག་ན། དོན་བརྒྱུད་འདི་འཕགས་ཡུལ་ནས་རྒྱ་ནག་ཏུ་ཐོག་མར་ཕེབས་པའི་སྐབས་ཀྱི་རྒྱ་ནག་ལྷོ་པ་ཀིའང་ནན་གྱི་ལིའང་ཨུ་དྷཱི་རྒྱལ་པོ་དགུང་ལོ་བཞི་བཅུ་རྩ་བརྒྱད་བཞུགས་ནས་འདས། དེའི་རྒྱལ་རབས་བཞི་པར་རྒྱལ་སྲིད་ཐེན་གྱིས་བླངས། འདིའི་རབས་ཅི་ཙམ་བྱུང་གསལ་ཀ་མི་འདུག་ནའང་། མཐར་རྒྱལ་སྲིད་ཡུ་གུར་གྱི་བློན་པོའི་རིགས་ལས་ཇེ་འུའི་བློན་པོ་ཡང་ཀིའན་གྱིས་བླངས་པའི་རྒྱལ་སྲིད་ཀྱི་མིང་ལ་སུས། སུས་ཀྱི་མི་རབས་གསུམ་གྱི་ལོ་བསྡོམས་པ་ཉི་ཤུ་རྩ་དགུའི་རྗེས་སུ་ཐང་ལི་ཡུའན་གྱིས་ཐོབ་སྟེ། ལིའུ་ཡན་འདིའི་སྲས་ཆེ་བ་ཐང་ཐའི་ཙུ་རྒྱལ་པོ་བོད་རྣམས་ཀྱིས་སེང་གེ་བཙན་པོར་བོད་པ་བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཚུངས་ཏེ་ཝེན་ཆིང་ཀུང་ཅུའི་ཡབ་ཡིན་ནོ། །དེས་ན་ཐང་གི་རྒྱལ་རབས་ཐོག་མ་དང་བོད་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་དུས་མཚུངས་པར་ཤེས་དགོས་ཏེ། རགས་པ་ཙམ་དུ་ཐེག་གི་དུས་དང་བོད་རྒྱལ་ཐོ་རི་སྙན་ཤལ་འགྲིག་གམ་སྙམ་པ་ནི་བདག་གི་རྣམ་རྟོག་སྟེ་འཕྲོས་དོན་ནོ། ༈ །གཉིས་པ་ནི། བོད་ཀྱི་ལྗོངས་འདིར་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་འཕགས་པའི་ཡུལ་ནས་ཨཱ་ཙཱརྻ་བོ་དྷི་ས་ཏྭ་དང་། པདྨ་འབྱུང་གནས་སོགས་སྤྱན་དྲངས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་པའི་སྔ་རོལ་ཏུ་རྒྱ་ནག་གི་སློབ་དཔོན་མང་པོ་སྤྱན་དྲངས་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མང་པོ་བཤད་བསྒྱུར་གྱིས་གཏན་ལ་ཕབ། ཕྱིས་ཤིག་ཏུ་མཁན་པོ་བྱང་ཆུབ་སེམས་དཔའ་སྐུ་དབང་པོའི་འོག་ཏུ་རྒྱའི་སློབ་དཔོན་ཐེག་པ་ཆེན་པོ་པར་གྲགས་ཞིག་བྱོན་པའི་ཐུགས་སུ་སངས་རྒྱས་ཕལ་པོ་ཆེའི་སྡེ་སྣོད་བཞུགས་པ་ལྡ་ཆཱ་ན་ཤི་ལོ་ལོ་ཙཱ་བྱས་ཏེ་བསྒྱུར། སྐབས་འདིར་མཁན་པོའི་སློབ་མ་རྣམས་ལ་ཙི་ཡན་མེན་དང་། བསམ་གཏན་མཁན་པོ་ལ་ཏོན་མེས་ཏུ་བཏགས་པ་ནི་བོད་རྣམས་ཀྱིས་རང་བཟོར་ངེས་ཏེ་རྒྱ་ནག་ཏུ་གྲགས་པ་དང་ནི་མི་མཚུངས་སོ། །བསམ་གཏན་མཁན་པོར་གྲགས་པ་དེ་ནི་ཅུང་མིན་གྱི་བཀའ་སྲོལ་འཛིན་པ་མན་ངག་མྱོང་ལ་གཙོ་བོར་འཛིན་པ་ཞིག་སྟེ། གོང་དུ་སྨོས་པའི་ཙུང་མིན་གྱི་གཏད་རབས་ལྔ་པ་མན་ཆད་ཅིག་ཏུ་བྱུང་བར་ཤེས་ལ་རྒྱ་ནག་གི་ལོ་རྒྱུས་སུ་སློབ་དཔོན་འདིའི་གསལ་ཀ་ནི་མི་འབྱུང་མོད། གང་ལྟར་ཕ་རོལ་ཕྱིན་པའི་མན་ངག་གི་དོན་བརྒྱུད་ཀྱི་གདམས་པ་ཚིག་དང་ཡི་གེ་ལས་འདས་པའི་དོན་དྲང་ཐད་དེ་ཉིད་བོད་ཀྱི་བཙུན་པ་རྣམས་ལ་གདམས་པས་གོང་དུ་རྒྱ་ནག་གི་དུས་སྐབས་དང་མཚུངས་པར་མཁན་པོའི་སློབ་མ་སྭ་ཡེ་ཤེས་དབང་པོ་དང་། དཔལ་དབྱངས་ངམ། སྦ་རཏྣ་སོགས་ཤིང་རྟ་གཉིས་ཀྱི་གཞུང་ལུགས་གཙོ་བོར་བྱེད་པའི་མཁས་པ་རྣམས་ཀྱི་ཐུགས་སུ་མ་ཤོང་སྟེ་མི་མཐུན་པར་གྱུར་པ་ན་ཤན་འབྱེད་པར་རྒྱ་གར་ནས་མཁན་པོའི་ཆོས་ལུགས་འཛིན་པ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་སྤྱན་དྲངས། དེའི་ཚེ་བསམ་ཡས་སུ་སློབ་དཔོན་ཧཱ་ཤང་དང་ཞལ་འཛོམ་པ་ན་ཀ་མ་ལ་ཤཱི་ལས་ཕྱག་ཤིང་ཀླད་དུ་ལན་གསུམ་བསྐོར་བའི་བརྡས་ཁམས་གསུམ་དུ་འཁོར་བའི་རྒྱུ་དྲིས་པ། ཧཱ་ཤང་ཆེན་པོས་བེར་གྱི་ཐུ་བ་གཉིས་ནས་ཕྱག་གིས་བཟུང་སྟེ་སྤྲུགས་པའི་བརྡས་གཟུང་འཛིན་གཉིས་ཡིན་པར་ལན་བཏབ་སྐད། འདི་ལ་དཔྱད་ན་སློབ་དཔོན་གཉིས་ཀ་འཕགས་པའི་སར་བཞུགས་པ་རྩོད་པ་མེད་དེ་སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར་བས་སོ། །དེ་ནས་ཀ་ཤཱི་དཔོན་སློབ་དང་བསམ་གཏན་མཁན་པོ་ཤག་འགྱེད་པ་ལ་ཞུགས་པ་ན་རྒྱ་གར་པ་དཔོན་སློབ་ནི་ཐུན་མོང་དུ་ཡོངས་སུ་གྲགས་པའི་ཤིང་རྟ་ཆེན་པོ་དག་གི་རྗེས་སུ་འབྲངས་པས་ལྟ་བ་ལུང་རིགས་དང་འབྲེལ་ཞིང་། སྤྱོད་པ་དུས་ཚོད་དང་འབྲེལ་བའི་ཆོས་ལ་གཙོ་བོར་མཛད་པ། བསམ་གཏན་མཁན་པོ་བཞེད་པའི་མན་ངག་ནི་རྟོག་གེ་དང་ཚིག་གིས་མཚོན་པར་བྱ་བ་མ་ཡིན་པ་དང་། དེ་ཉིད་དགག་སྒྲུབ་ཀྱི་སྤྲོས་པ་ལ་རང་བཞིན་གྱིས་མི་འཇུག་པས་རེ་ཞིག་ཡོངས་སུ་གྲགས་པའི་བཀའ་སྲོལ་ཉིད་དབང་བཙན་པར་བྱས་ཏེ་ཧཱ་ཤང་བསམ་གཏན་མཁན་པོ་ཉིད་རང་གནས་སུ་བཞུད་དོ། །སྐབས་འདིར་རྦ་བཞེད་སོགས་སུ་ལོ་རྒྱུས་མང་པོ་འདུག་པ་རང་འདོད་ཀྱིས་བཅོས་པ་མིན་ན་རུང་ལ་འོན་ཀྱང་དུས་དེར་ཀ་ཤཱི་དཔོན་སློབ་ཀྱིས་དགག་བྱའི་ངོ་བོ་ནི། མཉམ་གཞག་ཏུ་ཅི་ཡང་ཡིད་ལ་མི་བྱེད་པ་དང་། གནས་ལུགས་ཇི་ལྟ་བ་རྟོགས་པའི་ཚེ་འདུས་བྱས་ཀྱི་ཚོགས་གསོག་པ་གཙོ་བོར་མི་བྱེད་པ་ཙམ་མོ། །དེ་ལ་བློ་གཟུ་བོར་གནས་པ་དག་གིས་ལེགས་པར་བཟུང་ན། ཆོས་ཉིད་གནས་ལུགས་སྒྲ་ཇི་བཞིན་པ་རྟོགས་པའི་ཚེ་སྤྱོད་པའི་མཐའ་ལ་ཞེན་པ་རང་སའི་སྒྲིབ་པ་རྔམས་པོ་ཆེར་འགྱུར་བས་དེ་དང་དེར་ཞེན་ན་འཆིང་བར་བསྟན་པ་ནི་ངེས་དོན་གྱི་སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ཀྱི་བསྟན་དོན་མཐར་ཐུག་ཏུ་ངེས་པར་དམིགས་པ་ཅན་གྱི་དགེ་རྩ་སྦྱིན་སོགས་ཐམས་ཅད་དེ་དང་དེའི་ཚུ་རོལ་དང་། དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པའི་ཟག་པ་མེད་པའི་དགེ་རྩ་སྦྱིན་སོགས་དྲུག་གི་ཕ་རོལ་ཏུ་ཕྱིན་པར་གསུངས་ན། བདེ་བར་གཤེགས་པའི་བསྟན་པའི་ངེས་དོན་མཐར་ཐུག་དམིགས་པ་མེད་པའི་ཆོས་ཉིད་དྲང་ཐད་དུ་སྟོན་པའི་གནས་སྐབས་ཐམས་ཅད་དུ་དོན་འདི་ལས་མ་འདས་པས་ན་བསམ་གཏན་མཁན་པོ་རྗེས་འབྲངས་དང་བཅས་པའི་རང་བཟོ་མ་ཡིན་པར་ཤེས་པར་བྱ་ཞིང་། དེས་རང་གི་རང་མི་དགེ་བའི་རྟོག་པ་གང་ཡང་རུང་བས་གནས་ལུགས་ཡང་དག་པ་མཐོང་བ་ལ་སྒྲིབ་པར་བྱེད་པ་ནི་རྩོད་པ་པོ་ཀ་མ་ལ་ཤཱི་ལ་རང་གི་དགོངས་པའང་ཕྱོགས་སྔ་མ་ཉིད་དང་རོ་གཅིག་པ་ཡིན་ཏེ། དེ་ཉིད་ཀྱི་སྣང་བའི་ཕྲེང་བ་ལས། དམ་པའི་དོན་གྱིས་རྟོག་པ་ལའང་། །མཁས་པས་དེར་ནི་གནས་མི་བྱ། །དགེ་བའམ་མི་དགེ་བ་ཡིན་ཡང་། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བ་ལ་བརྟེན་པའི། །མེ་སྲེག་ཉིད་དུ་བྱེ་བྲག་ཉིད། །ཙནྡན་གྱི་ནི་མེ་ཡིས་ཀྱང་། །རེག་པ་ཙམ་གྱིས་སྲེག་པ་ཉིད། །རྣམ་པར་རྟོག་པ་ཆུང་དུ་ཡང་། །ཐམས་ཅད་ཉིད་དུ་སྤང་བར་བྱ། །ཞེས་འཆད་པར་སྣང་བ་འདིས་ལས་གཞན་དབང་པོ་ཅི་ཞིག་དགོས། དེས་ན་སློབ་དཔོན་གྱིས་སྐབས་དེའི་བོད་བཙུན་རྣམས་དྲང་བའི་ཕྱིར་དེ་དང་ཕྱོགས་མཐུན་ཙམ་བསྟན་པ་ལས་རང་ཉིད་ཀྱི་བཞེད་པའི་སྙིང་པོ་ངེས་པའི་དོན་དེ་ལས་རྣམ་པ་ཀུན་ཏུ་མི་འདའ་བ་ཚད་མས་གསལ་བར་བྱས་པ་ཡིན་ཞིང་། སྤྱིར་ཡང་སློབ་དཔོན་འདི་དང་བསམ་གཏན་མཁན་པོ་རྩོད་པ་བྱུང་བ་ཙམ་གྱིས་དེ་དང་དེའི་ཆོས་ལུགས་དག་དྲི་མ་ཅན་དུ་འདོད་མི་ནུས་ཏེ་དོན་ལ་གནོད་བྱེད་ཚད་མ་མེད་པའི་ཕྱིར་དང་། གལ་ཏེ་སློབ་དཔོན་བསམ་གཏན་མཁན་པོས་ཆོས་ཀྱི་དབྱིངས་འདུས་མ་བྱས་ཀྱི་བཞུགས་ཚུལ་དྲང་ཐད་དུ་སྟོན་པ་དེ་ཉིད་ལས་དང་པོ་པ་ལའང་ཐོག་མ་ཉིད་དུ་བསྟན་པས་ཅུང་ཟད་ནོངས་སོ་ཞེ་པ་དེ་ནི་གང་ཟག་གཅིག་ཙམ་དང་བླ་མ་གཅིག་ཙམ་གྱིས་ཆོས་སྟོན་ཚུལ་སློབ་མའི་རྒྱུད་ཚོད་ལ་ལྟོས་ནས་ཅུང་ཟད་ནོངས་པར་འགྱུར་སྲིད་ཀྱང་དེ་པ་དག་གི་ཆོས་དེ་རྩ་བ་བཅས་པ་ཐམས་ཅད་སྐྱོན་ཅན་དུ་མི་འགྱུར་ཏེ། གང་ཟག་རང་གི་བློ་སྐྱོན་ཙམ་དུ་ངེས་པའི་ཕྱིར་དང་། དེར་མ་ཟད་གདུལ་བྱ་སོ་སོའི་བློ་ཚོད་དང་མ་མཐུན་པས་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་ལམ་འོག་མ་པ་དག་གི་བློར་མ་ཤོང་ནས་རྩོད་པ་འབྱུང་བ་ནི་ཆོས་ཉིད་དེ། ཉན་ཐོས་རྣམས་ཀྱིས་ཐེག་ཆེན་བཀའ་མ་ཡིན་པར་འདོད་པ་ལ་དེ་ཉིད་བཀར་སྒྲུབ་པ་མདོ་སྡེ་རྒྱན་དུ་འབྱུང་བ་དང་གསང་སྔགས་བཀར་སྒྲུབ་པ་རྒྱ་གཞུང་དུ་མ་ལས་འབྱུང་བ་དང་། ཟླ་བ་གྲགས་པས་ངོ་བོ་ཉིད་མེད་པའི་དབུ་མ་དང་། ཙནྡྲ་གོ་མིས་རྣམ་རིག་དབུ་མའི་ཕྱོགས་བཟུང་ནས་ལོ་བདུན་གྱི་བར་དུ་བརྒལ་བརྟག་མཛད་པ་སོགས་ཀྱིས་གཞུང་དེ་དང་དེ་སྐྱོན་ཅན་དུ་བསྒྲུབས་ནས་འདོར་བའི་མི་རུང་བ་བཞིན་ནོ། །སྤྱིར་ཡང་བོད་འདིར་ཅལ་སྒྲོགས་ལྟ་བུའི་ཐམས་ཅད་ལ་གྲགས་པ་ཞིག་བྱུང་ཕྱིན་གཟུ་བོའི་བློས་ཞིབ་མོར་བརྟག་དཔྱད་བྱ་བའི་སྐབས་མེད་པར། གྲགས་པ་ཁོ་ནའི་རྗེས་སུ་འབྲང་བའི་སྲོལ་ཞིག་ཐམས་ཅད་ལ་སྤྱི་ཁྱབ་ཏུ་སྔར་ནས་ཆགས་པས་མཁས་པར་གྲགས་པ་རྣམས་ལའང་དེའི་ཤན་གྱིས་གོས་པས་སམ་ཕྱིས་ཀྱི་རྟོག་གེར་གོམས་པ་རྣམས། བསམ་གཏན་མཁན་པོའི་ཆོས་ལུགས་དང་། དེ་དང་མཐུན་པའི་ཆོས་སྐད་གང་དུ་མཆིས་པ་ཐམས་ཅད་ཀྱང་ཆོས་ལོག་དྲི་མ་ཅན་དུ་བསམས་ནས་ཐོས་ནའང་རྣ་བ་འགེབས་པ་ཙམ་དུ་ལྟ་བས་དོན་དུ་ཐེག་པ་ཆེན་པོའི་ཆོས་སྤང་བའི་རྩ་ལྟུང་དྲུག་པ་དང་དགུ་པ་འབད་ནས་ཁུར་དུ་བཞེས་མཁན་མང་པོ་ཞིག་འབྱུང་གིན་སྣང་ཡང་། མཉམ་གཞག་ཏུ་རྣམ་པར་མི་རྟོག་པ་ནི་ཐེག་ཆེན་གྱི་མདོ་དང་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པར་རྩོད་པ་མེད་པ། མཁས་རྨོངས་ཀུན་ལ་གསལ་བཞིན་ཏེ། འདི་ལྟར་འཕགས་པ་སྡུད་པ་ལས། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཀྱཻ་རྡོ་རྗེ་ལས། གང་ཕྱིར་ཡིད་ཀྱིས་མ་བསྒོམས་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་དང་། དཔལ་མདའ་བསྣུན་ཞབས་ཀྱིས། སེམས་ལ་གནོད་པའི་ལས་ནི་ཐམས་ཅད་ཀྱིས་སྟོང་ཞིང་། །རྙེད་དང་ལེན་པའི་བྱ་བ་གང་གིས་དགོས་པ་མེད། །རྩོལ་དང་བྲལ་ཞིང་གནས་སྐབས་གློ་བུར་རྐྱེན་མེད་པར། །སྣང་བ་སྣ་ཚོགས་ཕྱག་རྒྱ་འདི་ནི་གཟིགས་མོར་ཆ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། ཆོས་གང་ལའང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །གང་ཅི་ལའང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒོམ་པ་ལགས་སོ། །གང་ལའང་མི་སེམས་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཞེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། །ཞེས་དང་། བློ་གྲོས་རྒྱ་མཚོའི་མདོ་ལས། ཆོས་རྣམས་ཡིད་ལ་མི་བྱེད་དེ། །ལྷག་པར་བྱེད་པ་རྣམ་པར་སྤོང་། །ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ། །ཡང་དག་ཉིད་དུ་ཁོང་དུ་ཆུད། །ཅེས་དང་། འཕགས་མཆོག་ཀླུའི་སྒོམ་རིམ་ལས། །ཤེས་རབ་རིག་པའི་ལྟ་བ་ལ། །སྐྱེ་བ་དང་ནི་གནས་པ་མེད། །རྟག་ཏུ་མི་རྟོག་རིག་པ་ཡིས། །སེམས་དང་སེམས་བྱུང་རྣམ་སྤངས་ནས། །བདག་ཉིད་ལྟ་བུ་ཤིན་ཏུ་གནས། །ཞེས་པ་ལ་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་མགྲིན་གཅིག་པས་རྣམ་པར་མི་རྟོག་པའི་མཉམ་གཞག་གསུངས་ཤིང་། དེའི་ངོ་བོ་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡུལ་དང་ཡུལ་ཅན་ལས་འདས་པའི་ཕུང་པོ་ལྔ་བྲལ་གྱི་ལྷག་མཐོང་སྟོང་པ་ཉིད་ཡིན་ནོ། །འོ་ན་ཐོས་པའི་ཤེས་རབ་ལ་བརྟེན་ནས་ཚུལ་བཞིན་ཡིད་བྱེད་ཀྱི་སྒོ་ནས་བསམ་བྱུང་གི་དཔྱད་པས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་ངེས་པ་སྐྱེ་དགོས་པར་གསུངས་ནས་ཁྱེད་ཅག་གིས་དེ་སྤངས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །ཞེ་ན་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་དབབ་པ་ཉན་ཐོས་པས་རྡུལ་ཕྲན་གསིལ་གཏོར་དང་། ཐེག་ཆེན་གྱི་རྟེན་འབྲེལ་རིགས་པ་སོགས་ཤིང་རྟ་ཆེན་པོ་པ་དག་གིས་བཀྲལ་བའི་དགོངས་པ་ནི་རྗེས་ཐོབ་ཏུ་ལྷག་མཐོང་དེ་ཉིད་ཀྱི་ཚུལ་ལ་བློས་ངེས་པ་བསྐྱེད་པའི་ཕྱིར་དང་ལུང་རིགས་ཀྱིས་སྒྲོ་འདོགས་གཅོད་པའི་སྐབས་སུ་སྦྱོར་བར་ཤེས་དགོས་ལ། མཉམ་གཞག་གི་ཡུལ་ནི་སྨྲ་བསམ་བརྗོད་བྲལ་ཉིད་དེ། དེའི་ངོ་བོ་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་ཕུང་པོ་ལྔ་བྲལ་གྱི་སྟོང་པ་ཉིད་ལྷག་མཐོང་མཚན་ཉིད་པ་དང་། རྟོག་དཔྱོད་བྱེད་པ་ནི་ཡིད་ཀྱི་རྣམ་ཤེས་ཏེ་ཡིད་དང་ཆོས་ཀྱིས་བསྡུས་པས་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་ཉེ་བར་ལེན་པ་དང་མཚུངས་ལྡན་དུ་གྱུར་པའི་ཕྱིར་དེ་གཉིས་ཤིན་ཏུ་འགལ་བ་ཅན་ཏེ། ཕྱི་མ་འདིས་སྟོང་པ་ཉིད་ཤེས་བྱའི་ཚུལ་གྱིས་གོ་བར་ནུས་ཀྱང་སྟོང་ཉིད་དེ་ལ་མཐའ་གཅིག་ཏུ་ཞེན་ན་མི་ཟད་པ་དང་སྐྱེ་བའི་འབྱུང་གནས་སུ་གྱུར་པས་ལྟ་བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་གཅོད་པར་མི་ནུས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བཏང་བའི་ནད་པ་བཞིན་ཞེས་དང་། །ཡོངས་སུ་གྲུབ་པའི་རང་བཞིན་ཡང་། །རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང་། །ཡིད་ཀྱི་རྣམ་ཤེས་ཡུལ་ཅན་ནི། །ནུས་པ་རྣམས་ལ་འཆིང་བ་དངོས། །ཞེས་གསུངས་པ་སྟེ། ཡིད་ཀྱི་རྣམ་པར་རིག་པས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་ནས་དེ་ལ་འཛིན་པ་དང་བཅས་སྒོམ་པར་བྱེད་པ་ནི་སྟོང་འཛིན་བློ་དང་མ་བྲལ་ཞིང་ཕུང་པོ་ལྔའི་རྒྱུན་དང་ལྡན་པས་གཉུག་མའི་ཆོས་ཉིད་ལ་རེག་པའི་སྐབས་མེད་དེ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་བདག་ཏུ་འཛིན་པ་རི་རབ་ཙམ་ནི་བླ་ཡི། བདག་མེད་པར་འཛིན་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བཀའ་སྩལ་པ་དང་། ཀླུ་ཞབས་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་འགྱུར་ཏེ། །ཞེས་དང་། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་པ་རྣམས་ཀྱིས་གསལ་བར་བྱས་སོ། །དེས་ན་རྟོག་དཔྱོད་ལྷག་མཐོང་མ་ཡིན་ཡང་རྗེས་ཐོབ་ཏུ་དེ་ཉིད་རྟོགས་བྱེད་ཀྱི་ཡན་ལག་ཏུ་དགོངས་ནས་རྒྱུ་ལ་འབྲས་བུའི་མིང་བཏགས་ནས་རྟོག་དཔྱོད་ཀྱི་ཤེས་རབ་ལ་ལྷག་མཐོང་གི་སྒྲས་གསུངས་ཀྱང་། རྟོག་དཔྱོད་ཡིན་ཚད་ལྷག་མཐོང་དུ་བསམས་ནས་མཉམ་གཞག་ལ་རྟོག་དཔྱོད་མེད་ཀ་མེད་དུ་འདོད་པ་དང་ཞི་ལྷག་ཟུང་འཇུག་ཀྱང་སེམས་ཞི་བར་གནས་པའི་ངང་དུ་རྟོག་དཔྱོད་ཀྱང་དགོས་པར་འདོད་པ་སོགས་ནི་བརྟག་པར་བྱ་བ་སྟེ། རྒྱུ་མཚན་དེ་རྣམས་ཀྱིས་རྣམ་གྲངས་པའི་སྟོང་ཉིད་དང་། བློས་བྱས་ཀྱི་སྤྲོས་བྲལ་སོགས་ལ་མིང་སྙན་པོས་ཇི་ལྟར་བརྗོད་ཀྱང་རྣམ་པར་རྟོག་པས་བཞག་པ་ཙམ་ལས་དོན་དམ་པའི་གནས་ལུགས་དང་མཚན་ཉིད་ཇི་ལྟ་བའི་སྒོམ་དུ་མི་བཏུབ་པའི་ཕྱིར། འཕགས་པ་ཀླུས། གང་ཞིག་རང་བཞིན་རང་བཞིན་མེད། །དེ་ནི་བརྟགས་པའི་མཚན་ཉིད་ཡིན། །ཚིག་དང་སེམས་ཀྱི་སྤྱོད་ཡུལ་རྫུན། །བརྫུན་པའི་ཤེས་པས་རྣམ་བརྟགས་པའི། །མཐའ་གཉིས་སུ་ནི་སེམས་ལྟུང་བས། །ཞེས་གསུངས་པས་སོ། །ཆོས་ཉིད་ཇི་ལྟ་བ་མངོན་སུམ་དུ་མཇལ་བར་བྱེད་པ་ནི་སྒོམ་བྱུང་རྟོག་བྲལ་གྱི་ཤེས་རབ་ཉིད་ཡིན་པས་མན་ངག་རིག་པ་རྣམས་ཀྱིས་མཉམ་གཞག་ལ་དཔྱད་སྒོམ་མི་མཛད་པ་ནི་མན་ངག་གི་གནད་གསང་བླ་ན་མེད་པ་མཁྱེན་པ་ཡིན་ལ། ཁ་ཅིག་འཕགས་པའི་མཉམ་གཞག་ལའང་རྟོག་དཔྱོད་དགོས་པར་སྨྲ་བ་ནི་སངས་རྒྱས་པའི་ལུགས་ལས་གཞན་དུ་གྱུར་པ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་ཚད་ལྡན་ཐམས་ཅད་ཀྱིས་རྣམ་རྟོག་དངོས་གཞིར་དགོས་པའི་མཉམ་གཞག་མ་བཤད་པའི་ཕྱིར། རང་སའི་ཤེས་རབ་ཀྱིས་དཔྱོད་པའི་ལྷག་མཐོང་ཐམས་ཅད་རྗེས་ཐོབ་ཏུ་མགྲིན་གཅིག་པར་སྨྲ་བའི་ཕྱིར། ཁྱད་པར་ཐེག་ཆེན་ལྟར་ན་མན་ངག་སྙེ་མ་ལས་ཡན་ལག་འདི་རྣམས་ལམ་པ་ཁོ་ནའི་སྟེ། ལམ་ལ་མཉམ་པར་བཞག་པ་ལ་ནི་ཡང་དག་པའི་རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། ཚེལ་བ་དང་དྲན་པ་རྣམས་མི་སྲིད་དོ། །ཞེས་འཕགས་པའི་མཉམ་གཞག་ལ་ཡང་དག་པའི་རྟོག་དཔྱོད་ཀྱང་མི་སྲིད་པར་བསྟན་པ་བཞིན་མདོ་རྒྱུད་ཐམས་ཅད་ནས་མགྲིན་གཅིག་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཉམ་པར་འཇོག་ཚུལ་ཁོ་ན་གསུངས་པའི་ཕྱིར་རོ། །དེ་བས་ན་གྲུབ་ཆེན་ཨིནྡྲ་བྷུ་ཏིས། ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་རྫུན། །གང་ཞིག་དེ་ཉིད་མ་བརྟགས་པ། །དེ་བཞིན་ཡང་དག་དེ་བདེན་པ། །ཞེས་དང་། ས་ར་ཧས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མ་བཅོས་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་གདགས། །ཞེས་པ་འདིས་ནི་བསམ་གཏན་མཁན་པོའི་དགོངས་པ་ལ་ཤིན་ཏུ་འཇུག་ཅིང་ཚད་མར་བྱེད་པའི་ཕྱིར་རོ། །གཞན་ཡང་ཕྱིས་ཀྱི་རྟོག་གེ་པ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་གིས་རྫོགས་ཆེན་དང་ཕྱག་ཆེན་གྱི་མན་ངག་གི་དགོངས་པར། འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟར་གྱི་ཤེས་པ་བཟོ་བཅོས་མེད་པར་རང་བབས་སུ་འཇོག །ཅེས་འབྱུང་བ་འདི་ལ་དུས་གསུམ་གྱི་ཡིད་ཀྱི་ལས་བཀག་གོ་སྙམ་པས་ཧཱ་ཤང་ཆེན་པོའི་ཕྱོགས་སུ་འཁྲུལ་པའི་རྒྱུ་ཡང་རྣམ་རྟོག་ཐུགས་ཞེན་གྱིས་མ་ཐོངས་བས་ལན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། །གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམ་པར་ཤེས་པ་རྗེས་སུ་མི་འཇུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ཀྱི་བྱེད་པ་མི་འཇུག་པ་སྟེ། དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ལ་མི་གནས་པས་འདས་པ་ལ་མི་རྟོག །མ་འོངས་པ་ལ་རློམ་སེམས་སུ་མི་བྱེད། ད་ལྟར་བྱུང་བ་ལ་སྤྲོས་པར་མི་བྱེད། འདི་ནི་དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན་སེམས་ཅན་རྣམས་ཀྱི་ཁོང་དུ་མ་ཆུད་པས་དེ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ། །ཞེས་གསུངས་པས་དུས་གསུམ་གྱི་སྤྲོས་པའི་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དེ་གཉུག་མའི་སེམས་ཉིད་བཟོ་བཅོས་མེད་པའི་གཤིས་སུ་མཉམ་པར་འཇོག་པའི་མན་ངག་གི་གནད་གསང་བླ་ན་མེད་པར་བསྟན་པའི་དོན་མི་གཞར་བ་ལ་སེམས་མཉམ་པར་བཞག་པ་ཉིད་ལ་བསླབ་པར་བྱ་གལ་ཆེ་ཞིང་། སྤྱིར་ཡང་ཧཱ་ཤང་བསམ་གཏན་མཁན་པོའི་འདོད་པ་ཡིན་ཟེར་ནས་སྒྲོ་འདོགས་མང་པོ་ཚིག་གི་ལམ་དུ་འདྲེན་པར་བྱེད་མོད་ཀྱང་། དེའི་གཞུང་ལུགས་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་ཞིག་གཞིར་བཞག་ནས་སྐྱོན་རིག་པའི་སྒོ་ནས་རྒོལ་བར་འོས་པ་ལ། དེ་ནི་བསྟན་པ་སྔ་དར་གྱི་སྐབས་ནས་གཏེར་དུ་སྦས་པའི་གཏམ་རྦ་བཞེད་དུ་བཀོད་པ་ལྟར་ན་ཕྱིས་ཀྱི་སྨྲ་བ་པོ་རྣམས་ཀྱིས་རྦ་བཞེད་སོགས་སུ་དེའི་བཞེད་པ་ཡིན་རྒྱུ་པ་འགའ་ཞིག་ཕྱོགས་སྔར་བཀོད་པ་ལ་བསྐྱར་ཟློས་མཛད་པ་རྣམས་ནི་གྱ་ཚོམ་ཙམ་ལས་མ་འདས་ཏེ་དགག་བྱའི་གཞུང་གང་ཡིན་པ་དངོས་སུ་མ་མཐོང་ཕྱིན་རྦ་བཞེད་སོགས་སུ་བཀོད་པ་དེ་ནི་དཔང་པོ་མེད་པའི་ཐལ་མོ་ཡ་གཅིག་ཁོ་ནར་གྱུར་པས་སོ། །དེ་ཡང་རྦ་བཞེད་ལ་ཁུངས་བྱེད་བཞིན་དུ། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ཞེས་པ་ལ་སོགས་གསུངས་པ་འདིས་ནི་རྦ་བཞེད་ཉིད་ལའང་གནོད་པ་བཟློག་དཀའ་སྟེ་དེར་རྒྱ་ནག་མཁན་པོའི་གཞུང་ལུགས་ཐམས་ཅད་གཏེར་དུ་སྦས་ནས་མེད་ཟིན་པར་བཤད་ན་གཞུང་ལུགས་དེ་གང་དུ་བྱུང་། ཐོག་མར་སུའི་ལག་ཏུ་བྱུང་ཞེས་དྲིས་ན་སྨྲ་བཅད་དགོས་པའི་ཕྱིར་རོ། །ཞེས་ཐམས་ཅད་མཁྱེན་པ་པདྨ་དཀར་པོས་གསུངས་སོ། །སྐབས་དེ་ཉིད་ཀྱི་རྒོལ་བ་པོ་ཀ་ཤཱི་དཔོན་སློབ་ནི་དབུ་མ་རང་རྒྱུད་པར་ངེས་པའི་ཕྱིར། དབུ་མའི་མཐར་ཐུག་པ་ཡང་དེར་མ་ངེས་ཤིང་། མཉམ་གཞག་གི་གནས་སྐབས་ཀུན་ཏུ་རྟོག་དཔྱོད་མཐའ་གཅིག་ཏུ་མི་དགོས་ཀ་མེད་དབུ་མ་པ་མི་བཞེད་དེ། འཕགས་མཆོག་ཀླུའི་དགོངས་པ་ཇོ་བོ་ཆེན་པོས་བཀྲལ་བ་ལས། དཔེར་ན་ཤིང་གཉིས་ཕན་ཚུན་དྲག་ཏུ་དྲུད་པ་ལས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་གྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན་དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཞེས་པ་ལ་སོགས་པ་གསུངས་པ་དེས་སྒོམ་རིམ་ལ་གནོད་པ་སྤངས་དཀའ། གལ་ཏེ་རང་རྒྱུད་པ་ཉིད་གཞུང་འཛུགས་ཚེ། རྩོད་བཟློག་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་འདི་ཁ་ཙམ་གྱིས་ཁས་ལེན་བྲལ་བའི་ལྟ་བ་མ་ཡིན་པར་སེམས་ཀྱི་ངོ་བོ་བསམ་བརྗོད་དང་བྲལ་བའི་གཤིས་ཀྱི་བཞུགས་ཚུལ་ཅར་ཕོག་ཏུ་ངོ་འཕྲོད་པའི་ཚེ་ཤེས་བྱ་ཤེས་བྱེད་ཀྱི་སྤྲོས་པ་ཐམས་ཅད་ཞི་བར་གྱུར་པ་ལ་དགོངས་པ་ངེས་ཀྱང་ཆོས་ཉིད་ལ་ལུང་མ་བསྟན་གྱི་གནོད་བྱེད་འཇུག་པར་འགྱུར་ལ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པར། ཆོས་ཉིད་ཡིད་ལ་བྱར་མེད་པའི་དོན་ལ་བརྗོད་བྱར་མཛད་པ་ལའང་ནོངས་པ་དེ་ཡོད་པར་འགྱུར་རོ། །དེས་ན་གནས་ལུགས་དོན་གྱི་དམ་པའི་བདེན་པ་ཆོས་ཉིད་འདུས་མ་བྱས་དགེ་སྡིག་སྤང་བླང་གི་བཅིང་གྲོལ་ལས་འདས་པ་དྲང་ཐད་དུ་སྟོན་པའི་སྐབས་བྱས་པའི་ཆོས་ཀྱིས་ཕན་མ་བཏགས་ཤིང་། སྡིག་པས་གནོད་པ་མ་བསྐྱལ་བར་གསུངས་པ་ནི། ཡུམ་ལས་ཀྱང་། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། ཅེས་པ་འདི་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤང་བྱ་ལ་དོར་བ་དང་། བླང་བྱར་ངོས་བཟུང་བའི་ཆོས་གང་ཡང་མི་དམིགས་ཤིང་། དེ་བཞིན་དུ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་གྱིས་ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཟབ་མོ་ཡང་ཡིད་ལ་མི་བྱེད་པའི་དོན་གྱིས་བླང་དོར་གྱི་མཐའ་ལ་ཞེན་པར་མི་བྱ་བའི་དོན་རྗེན་པར་གཏན་ལ་དེ་ལས་ཅི་ཞིག་ཕབ། དེ་དང་གཅིག་པར་དཀོན་མཆོག་བརྩེགས་པ་ལས་ཀྱང་། དགེ་བའམ་མི་དགེ་བའི་ཆོས་ལ་མངོན་པར་ཞེན་པར་མི་བྱ་སྟེ། དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས་སྡུག་བསྔལ་དང་། ཡིད་མི་བདེ་བའི་ཆོས་རྣམས་མངོན་པར་འབྱུར་བར་འགྱུར་པ་འདི་དག་ནི་སྡུག་བསྔལ་འཕགས་པའི་བདེན་པར་བཏགས་པས་དེ་བཞིན་གཤེགས་པས་མི་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །དགེ་བ་དང་མི་དགེ་བ་ལ་མངོན་པར་ཞེན་པ་མེད་པ་དང་། སྲེད་པ་འགོག་པ་འདི་དག་ནི་ཀུན་འབྱུང་བ་སྤང་ཞིང་འཕགས་པའི་བདེན་པ་གཉིས་པོ་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །ཞེས་པ་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་རྣམ་པར་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་མེད་དོ། །ཞེས་པ་ལ་སོགས་ཤིན་ཏུ་རྒྱས་པར་གསུངས་པ་ཡིན་ནོ། །དེས་མཚོན་ཏེ་དོན་དམ་པའི་འགོག་བདེན་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལམ་བདེན་འདུས་བྱས་ཀྱིས་མ་བཅོས་པ་དྲང་ཐད་དུ་སྟོན་པའི་གསུང་རབ་ཐམས་ཅད་ཚུལ་གཅིག་པའི་ཕྱིར། རྫོགས་ཆེན་ལས་ཀྱང་། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་སྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །ཞེས་དང་། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །དེ་སྐད་བསྟན་པ་འདིས་རྫོགས་ཆེན་པས་ཐབས་བསོད་ནམས་ཀྱི་ཆ་སྤངས་པས་ཧཱ་ཤང་གི་ཆོས་ལུགས་སུ་འགྱུར་རོ། །ཞེས་རྩོད་པ་ཅན་དུ་གཏོང་འདོད་པའི་ཕྱི ས་ཀྱི་མཁས་རློམ་རྟོག་གེ་པ་དག་མུན་ནང་གི་མདའ་ལྟར་རློམ་ཚོད་དུ་མ་སོང་བའམ། ཕྱོགས་ཆོས་མ་གྲུབ་པས་བྲག་ཆའི་སྒྲ་ལ་དགག་སྒྲུབ་བྱེད་པ་དང་མཚུངས་ཏེ། དེ་ལྟར་ན་སྤྱོད་པའི་ཕྱོགས་ཡལ་བར་དོར་བའི་སྐྱོན་དེ་གཞན་འདི་ཐམས་ཅད་ལའང་འཇུག་པར་འགྱུར་ཏེ། ཀྱཻ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་དང་། འཕགས་པ་འཇམ་དཔལ་གྱིས། དེ་ལ་དཀྱིལ་འཁོར་སྦྱིན་སྲེག་མེད། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟངས་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པའང་མིན། །ཞེས་དང་། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་ལ། །རི་དྭགས་སྨིག་རྒྱུ་སྙེག་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །ཞེས་པ་དང་། རྡོ་རྗེ་གཙུག་ཏོར་ལས། ངོ་བོ་ཉིད་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྔགས་སྤྱད་མེད། །རྡོ་རྗེ་དྲིལ་བུ་བཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་དང་རྒྱུད་སྡེ་དགོངས་འགྲེལ་དང་བཅས་པ་རྣམས་ནས་དེ་སྐད་བསྟན་པས་ཐམས་ཅད་རྩོད་པ་ཅན་དུ་འདོད་དགོས་པར་འགྱུར་རོ། །དེ་ལ་འདི་སྙམ་དུ། ལུང་དེ་རྣམས་ཀྱི་དགོངས་པ་ནི་ལྟ་བའི་ངོ་བོ་ལ་དགོངས་པ་ཡིན་མོད་སྤྱོད་པའི་ཕྱོགས་ཡལ་བར་དོར་བས་ཆོག་པར་བསྟན་པ་མ་ཡིན་ནོ། །ཞེ་ན་བདེན་མོད་ཀྱི། འདི་སྐད་དུ་རྡོ་རྗེ་གཙུག་ཏོར་ཆེན་པོའི་མདོ་ལས། རྡུལ་སྙེད་ཀྱི་བསྐལ་བར་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་ཅིང་ཁ་ཏོན་བྱེད་པ་བས་ཉིན་གཅིག་གམ་མཚན་གཅིག་ཟག་པ་མེད་པའི་ཤེས་རབ་བསྒོམ་ན་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཕྱིར་ཞེ་ན་སྐྱེ་ཤིང་ལས་རིང་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་ལ་དགོངས་པས། ཧཱ་ཤང་ཆེན་པོས་ཀྱང་ཆོས་ཉིད་ཀྱི་དོན་ལ་མཉམ་གཞག་གཙོ་བོར་བྱེད་པའི་གནས་སྐབས་སུ་དེ་ཉིད་ཀྱི་གེགས་སུ་འགྱུར་བ་དང་འདུས་བྱས་བསོད་ནམས་ཀྱི་མཐའ་ལ་ཞེན་ན་འདུས་མ་བྱས་ཀྱི་ཆོས་ཉིད་ལ་དམིགས་པ་ཅན་གྱིས་སྒྲིབ་པར་འགྱུར་བ་དགོངས་ནས་དེ་ལྟར་བསྟན་པ་ལས། མཉམ་པར་བཞག་པ་མི་དགོས་ལ། སྤྱོད་པ་ཕྱོགས་ཀྱང་ཡལ་བར་དོར་བས་ཆོག་གོ། །ཞེས་མ་བསྟན་པའི་ཕྱིར་དང་། དེ་ཙམ་ཞིག་གིས་བསོད་ནམས་ཀྱི་ཚོགས་ཡལ་བར་འདོད་བར་ཡང་མི་འགྲུབ་སྟེ། དེ་མ་ཐག་ཏུ། དེ་ཁོ་ན་ཉིད་ཀྱི་ལྟ་བའི་གནས་ལུགས་དེ་མ་མཉམ་པར་འཇོག་པ་ན་བྱང་ཆུབ་ཕྱོགས་ཀྱི་སྤྱོད་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་ཚང་བའི་ཚུལ་བསམ་གཏན་མཁན་པོས་འདི་སྐད་དུ། འཛིན་པ་མ་མཆིས་ན་སྦྱིན་པ་སོགས་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་མཉམ་པར་བཞག་པའི་རང་ངོ་ལ་སྒྲ་ཇི་བཞིན་པ་ཚང་བར་བཞེད་པའི་ཕྱིར་རོ། །དེ་ལ་གཞན་དག་ན་རེ། བསམ་གཏན་མཁན་པོས་ཆོས་དེ་དང་དེའི་གནད་བཅོས་པར་འགྱུར་བས་མི་འཐད་དེ། དེ་ལྟར་ན་སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག་པོའང་བསྟན་པ་དོན་མེད་པར་འགྱུར་ཏེ་མཉམ་པར་བཞག་པ་ཁོ་ནས་དེ་རྣམས་ཀྱི་གོ་ཆོད་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་ཉེས་པ་ཆེན་པོ་སྟེ། སྦྱིན་པ་ལ་སོགས་ཐབས་ཀྱི་ཆ་དེ་རྣམས་ཡེ་ཤེས་རྟོགས་པའི་གྲོགས་སམ་ཐབས་སུ་འགྱུར་བའི་ཕྱིར། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་བཤད་ཅིང་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པ་ལ་སོགས་ཐབས་ཀྱི་ཚོགས་ཅི་ཙམ་རྒྱ་ཆེ་ཡང་འཇིག་རྟེན་པའམ་ཚུ་རོལ་ལས་མི་འདའ་བས་འཁོར་བའི་བདེ་འབྲས་ཙམ་དུ་འགྱུར་བའི་ཕྱིར། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་སྦྱིན་པ་ལ་སོགས་བསོད་ནམས་ཀྱི་ཆ་རང་ག་བ་རྣམས་ལ་ཤེས་རབ་ཀྱིས་མ་ཟིན་པས་འདུས་མ་བྱས་ཀྱི་དགེ་རྩ་མི་གནས་ལ། དེ་མེད་པས་མྱ་ངན་ལས་འདས་པའི་རྒྱུར་མི་འགྱུར་ཞིང་། ཤེས་རབ་ལ་ནི་འདུས་མ་བྱས་ཀྱི་དགེ་བ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པའི་ཕྱིར་བསོད་ནམས་ཀྱི་ཆ་སྦྱིན་པ་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས་ཚང་བ་ཡིན་ཏེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ། །ཞེས་པ་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལས། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ། །སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ། །བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ། །རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ། །ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ། །ཞེས་པ་དང་། གང་མི་འཛིན་པ་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་སྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་པ་དང་། དེ་བཞིན་དུ་རྫོགས་ཆེན་པས་ཀྱང་གཤིས་ལ་བྱ་བ་དང་བྲལ་བའི་གནས་ལུགས་སུ་མཉམ་པར་འཇོག་པ་དེ་ལ་ལམ་བདེན་གྱི་ཆོས་ཐམས་ཅད་མ་རྩོལ་བཞིན་དུ་ཚང་བར་བཞེད་པ་སྟེ། ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་བདག་ཉིད་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུའི་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་དང་། ཀྱཻ་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་པ་ལ་སོགས་པའི་ཐེག་པ་ཆེན་པོའི་མདོ་དང་རྒྱུད་སྡེ་ཐམས་ཅད་ཀྱིས་ཟབ་མོའི་དེ་ཁོ་ན་ཉིད་སྟོན་ཚུལ་གཅིག་ཏུ་ངེས་པའི་ཕྱིར་རོ། །ཡང་འདི་སྐད་དུ་གསེར་གྱི་ཐུར་མ་པས། ཀུན་བྱེད་རྒྱལ་པོ་དེ་ལྟ་བའི་ལྡོག་པ་ནས་ཡང་དག་པ་ཡིན་ཀྱང་། ཆོས་དེའི་རྒྱུད་འཛིན་རྣམས་ཀྱིས་སྤྱོད་པའི་ཕྱོགས་དང་མི་སྦྱོར་ཞིང་། སྤྱོད་པ་ཡལ་བར་དོར་བས་ཆོག་པའི་གྲུབ་མཐའ་དང་། ལག་ལེན་དུ་བྱེད་ན་རྒྱ་ནག་མཁན་པོའི་ཆོས་ལུགས་སུ་སོང་། ཞེས་པ་བསྟན་བཅོས་འདིའི་བཞེད་པ་ཉིད་དུ་ངེས་སོ། །ཞེས་གསུངས་པའང་། སྤྱིར་སྐྱོན་དེ་གཟུགས་བརྙན་སྤངས་པའི་གྲིབ་མར་གྱུར་ལ། བྱེ་བྲག་རྫོགས་ཆེན་དུ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་དྲང་ཐད་དུ་བསྟན་པ་ཙམ་གྱིས་དེར་འགྱུར་ན་གོང་དུ་དྲངས་པའི་ཐེག་པ་ཆེན་པོའི་ཟབ་དོན་སྟོན་པའི་མདོ་དང་རྒྱུད་སྡེ་ཐམས་ཅད་ཀྱང་དེ་ཉིད་དུ་འགྱུར་ཞིང་། རྫོགས་ཆེན་པས་ནི་ཀུན་བྱེད་ཀྱི་ལུང་གོང་དུ་དྲངས་མ་ཐག་པ་དེ་བཞིན་དང་། དེར་མ་ཟད་རྫོགས་པ་ཆེན་པོ་རྡོ་ལ་གསེར་ཞུན་དུ། བདེར་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། ཞེས་པ་ལ་སོགས་རྒྱས་པར་གསུངས་པའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ལ་ཚད་མར་བྱེད་ཅིང་ལག་ལེན་དུ་འདེབས་པའི་ཕྱིར་རོ། །སྤྱིར་འདི་ལྟ་བུའི་འཁོར་འདས་མཉམ་པ་ཉིད་ལ་དགོངས་པའི་རྒྱུ་འབྲས་ལ་ཟློ་བའི་རྡོ་རྗེའི་གསང་ཚིག་རྨད་དུ་བྱུང་བ་རྣམས་ཀྱི་བརྗོད་བྱ་གནས་ལུགས་བླང་དོར་མེད་པའི་དོན་ལ་ཡིད་ཆེས་པ་ནི་ཕྱིར་མི་ལྡོག་པའི་སྐལ་ལྡན་གྱི་ཚད་དུ་ཟབ་མོའི་མདོ་སྡེ་རྣམས་ལས་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། ཁྱེའུ་རིན་ཆེན་བྱིན་ལ། འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་ལས་དང་པོ་ལ་ཆོས་ཇི་ལྟར་སྟོན་དྲིས་པའི་ལན་དུ། འདོད་ཆགས་མ་སྤོངས་ཤིག །ཞེ་སྡང་མི་གཞིལ་ཅིག །གཏི་མུག་མ་སེལ་ཅིག །འཇིག་ཚོགས་ལས་གྱེན་དུ་མ་སྐྱོད་ཅིག་སོགས་ནས། སངས་རྒྱས་ཡིན་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་མཆོད་པ་མ་བྱེད་ཅིག །བསླབ་པ་དག་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་རྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུ་འདི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱ། རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་མི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །བྱིས་པ་དེ་དག་ནི་སྐྱེ་བ་དང་འགག་པའི་ཆོས་སུ་ལུང་སྟོན་པར་བྱེད་དོ། །ཆོས་ཀྱི་དབྱིངས་འདི་ནི་རྣམ་པར་མི་རྟོག་པས་ཕྱེ་བ་ཡིན་ཏེ། ཆོས་འདི་རྣམས་ཀྱི་རང་བཞིན་ལྟར་རྗེས་སུ་རྟོགས་པ་ཡང་ཡིན་པ་དེ་ནི་བྱང་ཆུབ་བོ། །ཞེས་དེ་ལྟར་གདམས་ན་གལ་ཏེ་མི་སྐྲག་མི་དངངས་ཤིང་དངངས་པར་མི་འགྱུར་ན་ཨེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཕྱིར་མི་ལྡོག་པ་སྟེ་ཕྱིར་མི་ལྡོག་པའི་སའི་སྐལ་བ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ་གདམས་ངག་འདིས་ཡང་ནས་ཡང་དུ་དགའ་བ་བསྐྱེད་པར་བྱའོ། །ཞེས་སྨྲས་པར་གསུངས་པའི་ཕྱིར་ཕྱི་མའི་དུས་སུ་ཟབ་མོའི་མཐར་ཐུག་གང་ཡིན་པ་ལ་བློ་གྲོས་མ་ཕྱོགས་ཤིང་ཚིག་གིས་ཐེག་པ་ཆེན་པོ་ལ་སྐད་དུ་བྱེད་པར་བསམ་སྦྱོར་བྱིས་པ་རྟོག་གེ་ལ་རྣམ་པར་བྱང་བ་ཙམ་གྱིས་དོན་དམ་པའི་བདེན་པ་འདུས་མ་བྱས་ཀྱི་བཞུགས་ཚུལ་འདི་ལྟ་བུ་ཐོས་ན་ཡིད་མི་ཆེས་ཤིང་རྣ་བ་འགེབས་པ་ཙམ་དུ་བྱེད་པ་ནི་ཆོས་ཉིད་དེ། དཔལ་འཛིན་གྱིས་རྫོགས་པ་ཆེན་པོའི་ཆོས་སྐད་ལ་བསམས་ནས་ཁྱད་པར་ཧཱ་ཤང་གྲུབ་མཐའ་དང་། མན་ངག་ལྟ་བའི་ཕྲེང་བ་བསྲེས། །ཞེས་པ་སོགས་སྨྲ་བ་བཞིན་ནོ་འདིས་ནི་ངེས་དོན་གྱི་མདོ་དང་རྒྱུད་སྡེ་རྣམས་ལ་ཚིག་ཀློག་ཙམ་ཡང་མ་མྱོང་བའམ། མྱོང་ཡང་ཕྱོགས་ལྷུང་གི་འོག་ནས་ལྡང་བར་མ་ནུས་པས་རྩ་ལྟུང་དྲུག་པའི་ཁུར་མཁྱེན་བཞིན་དུ་བཞེས་པར་སྣང་སྟེ། ཧྭ་ཤང་ཆེན་པོའི་ཆོས་ཀྱི་ཁུངས་གང་ཡིན་གྱི་གཏམ་ཙམ་ཡང་སྙན་གྱི་བུ་གར་ལྟུང་མ་མྱོང་བཞིན་དུ་རྫོགས་པ་ཆེན་པོ་རྩོད་པ་ཅན་དུ་གཏོང་བ་བཞེད་པ་ཁོ་ནས་ལུགས་དེ་ངན་པ་ཞིག་ཡིན་དུ་ཡོད་བསམ་པ་སྟེ་ཕྱོགས་རྒྱུག་གི་གཏམ་འདི་འདྲ་བ་ལ་ཡིད་བརྟན་གང་ཡང་མེད་ཅིང་འདི་ཙམ་གྱིས་ཀྱང་མཚང་བརྟོལ་བ་སླ་བས་ཤགས་འབྱེད་ཀྱི་ཡུལ་དུ་མ་དམིགས་སོ། །དེ་ལྟ་མོད་ཀྱི་ཆོས་ཉིད་ཟབ་མོའི་གནས་ལ་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་མཐར་ཕན་ཡོན་ཆེན་པོ་ཐོབ་པ་ནི་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། བསོད་ནམས་ཆུང་བས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་མི་སྐྱེ་སྟེ། །འདི་ལ་ཐེ་ཚོམ་སྐྱེས་པས་ཀྱང་། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་པ་དང་། ཁྱེའུ་རིན་ཆེན་བྱིན་གྱིས་འཇམ་དཔལ་ལ་གོང་དུ་དྲངས་པའི་བླང་དོར་མེད་པའི་དོན་སྨྲས་པའི་ཚེ་དམིགས་པ་ཅན་གྱི་དགེ་སློང་བརྒྱད་མ་མོས་པས་དེ་དག་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་ནས་དམྱལ་བར་སྐྱེས་པ་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་གིས་ཟབ་མོའི་ཆོས་སོམ་ཉི་དང་བཅས་པས་ཐོས་པའི་མཐུས་དེ་ཁོ་ནར་དམྱལ་བ་ལས་ཐར་ཏེ་དགའ་ལྡན་གྱི་ལྷར་སྐྱེ་ཞིང་། བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ་སངས་རྒྱས་ཁྲག་ཁྲིག་བཅུ་མ་ཉེས་པར་བྱས་ནས་གདོད་འཚང་རྒྱ་བར་ལུང་བསྟན་པའི་ཚུལ་འབྱུང་བ་དང་། འཇམ་དཔལ་གནས་པའི་མདོ་ལས། ཟབ་མོའི་ཆོས་ལ་མ་མོས་པའི་དགེ་སློང་བརྒྱ་དམྱལ་བར་ལྟུངས་པ་ཆོས་དེ་ཐོས་པ་ཙམ་གྱིས་མོད་ལ་དགའ་ལྡན་གྱི་ལྷར་སྐྱེས་ཤིང་ཕྱིས་ནས་བྱམས་པའི་འཁོར་དུ་དགྲ་བཅོམ་པ་ཐོབ་པར་ལུང་བསྟན་པ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་མང་དུ་འབྱུང་བ་ལྟར་ངེས་པས་སོ། །གཉིས་པ་ནི། ཁ་ཅིག་འབྲས་བུའི་མཐར་ཐུག་ནི། །འོད་གསལ་ཡིན་ཞེས་སྨྲ་བ་ཐོས། །ཞེས་གསུངས་པ། བླ་མེད་ཀྱི་རྒྱུད་སྡེའི་རིམ་པ་ལྔ་པ་དང་། སྦྱོར་བ་ཡན་ལག་དྲུག་པ་བ་སོགས་ཀྱིས་འོད་གསལ་ལ་མཐར་ཐུག་ཏུ་བཞེད་པ་ངེས་དགོངས་པ་ཡིན་ནོ། །རྫོགས་ཆེན་པས་ལྷུན་གྲུབ་ཐོད་རྒལ་གྱི་ལམ་འོད་གསལ་ལ་མཐར་ཐུག་ཏུ་བཞེད་པ་ནི། འདི་ཉམས་ལེན་མཐར་ཕྱིན་པ་ཞིག་གིས། ཕྱི་འབྱུང་ཞིང་ཁམས་སུ་གྲོལ་ནས་ལོངས་སྐུའི་ཞིང་གི་ཡོན་ཏན་ད་ལྟ་མངོན་དུ་བྱེད་པ་དང་། ནང་འབྱུང་འོད་གསལ་དུ་དངས་པས་སྣང་གཟུགས་ཡོད་ལ། རེག་གཟུགས་མེད་པས་འཁོར་བ་མ་སྟོངས་པར་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པ་པད་འབྱུང་དང་བི་མ་ལ་ལྟར་ཆོས་ཟད་འཕོ་བ་ཆེན་པོའི་སྐུ་བསྒྲུབ་ཏུ་ཡོད་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་སྙིང་ཐིག་གི་གསང་བ་ངོ་མཚར་བ་རྣམས་སྤྲོ་བར་བྱར་ཡོད་ཀྱང་བརྗོད་པའི་སྐབས་སུ་མ་བབས་པས་ཤེས་པར་འདོད་པ་སྲིད་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་གསུངས་རབ་སྤྱི་དང་བྱེ་བྲག་རྣམས་སུ་གསལ་ལོ། །གསུམ་པ་ནི། གཏེར་ནས་བྱུང་བའི་གླེགས་བམ་དང་། །གཞན་ནས་བརྐུས་པའི་ཆོས་ལུགས་དང་། །བརྩམས་ཆོས་དང་ནི་རྨི་ལམ་ཆོས། །བློ་བཟུང་མ་ཡི་ཆོས་ལུགས་ལ། །རྡོ་རྗེ་འཆང་ལ་བརྒྱུད་པ་སྙེག །ཅེས་གསུངས་པ་དགག་བྱ་དང་དགོས་པའི་སྐབས་མི་བྱེད་པའི་མཁས་སུ་རེ་བ་རྣམས་ཀྱིས་ཚིག་འདི་དྲང་ཐད་དུ་དཔྱད་ན་མི་ལེགས་ཏེ། ཆོས་ཀྱི་རྗེས། བསྟན་པའི་གནད་བཅོས་པའི་སོ་སྐྱེ་བླུན་པོས་དེ་ལྟར་སྦྱར་བ་ལ་དགོངས་པ་ཡིན་མཆི། མཆོག་གཟིགས་རྣམས་ལ་གསུངས་པར་ནི་རྣམ་པ་ཀུན་ཏུ་བསམ་པར་མི་བྱ་སྟེ། གྲུབ་བརྙེས་རྣམས་ལ་དག་པའི་སྣང་བར་དཀྱིལ་འཁོར་གྱི་གཙོ་བོའམ། རྡོ་རྗེ་ཕག་མོ་སོགས་ལྷག་པའི་ལྷ་དང་། རྡོ་རྗེ་འཛིན་པ་རྣམས་ཀྱིས་ཞལ་བསྟན་ཞིང་ཕལ་ཆེར་ལ་དབང་བསྐུར། རྒྱུད་བཤད། གདམས་ངག་སྩལ་པ་དང་། འགའ་ཞིག་ལ་དོན་བརྒྱུད་ཀྱི་དགོངས་པའི་བྱིན་རླབས་འཕོ་བར་མཛད། གླེགས་བམ་སོགས་ལུང་བསྟན་དང་རྗེས་སུ་གནང་བ་བྱིན་པ་ཙམ་གྱིས་ཆོས་དེ་དང་དེའི་དོན་གྱི་བརྒྱུད་པ་བཞུགས་པས་རྩོད་པ་མེད་པས་དེ་ལ་ཆོས་དང་མཐུན་པའི་གླན་ཀ་མི་འཇུག་སྟེ། སངས་རྒྱས་ཀྱི་བྱིན་རླབས་དང་རྗེས་སུ་གནང་བ་ཐོབ་པ་རྣམས་བཀའ་དངོས་དང་མཚུངས་པར་རྒྱ་བོད་གཉིས་ཀར་ཡོངས་སུ་གྲགས་པས་ཁོ་བོ་ཅག་གིས་གྲུབ་ཟིན་བསྒྲུབ་པས་ཅི་བྱ་སྟེ། འཕགས་ཡུལ་དུ། འདུས་པ་འཕགས་སྐོར་རྣམས་ཟླ་གྲགས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པར་འདོད་པ་ནི་ཡེ་ཤེས་ཀྱི་སྐུ་ལས་ནོས་པར་བྱེད་དགོས། གཟུགས་སྐུ་ནི་དེ་དུས་མི་བཞུགས་ཤིང་། དེ་བཞིན་དུ་གདོལ་བའི་བུ་མ་ཏངྒི་པས་སྒྲོན་གསལ་གྱི་གླེགས་བམ་རྙེད་ནས་རྒྱུད་ཀྱི་བཀའ་སྲོལ་བྱུང་བ་དང་། རོལ་པའི་རྡོ་རྗེས་རྟོག་བདུན་ཨོ་རྒྱན་ནས་སྤྱན་དྲངས་པ་རྣམས་ཀྱང་དེ་ལྟ་བུ་ལས་མ་འདས་ཤིང་། དེ་བཞིན་དུ་ས་ར་ཧས་སངས་རྒྱས་ཐོད་པ་དང་། མ་ཧཱ་མཱ་ཡཱའི་རྒྱུད་རྣམས་ཨོ་རྒྱན་གྱི་ཡུལ་ནས་ཀུ་ཀུ་རི་པས་དྲངས་པ་དང་། ཞི་བྱེད་ཀྱི་རྒྱུད་རྣམས་དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ནས་ཕ་དམ་པས་སྤྱན་དྲངས་པ་སོགས། རྒྱུད་སྡེ་སོ་སོའི་སྲོལ་འབྱེད་ཀྱི་གྲུབ་ཐོབ་དེ་རྣམས་ལ་ལྷག་པའི་ལྷས་སྣང་བར་མཛད་པ་ཁོ་ན་མང་བའི་ཕྱིར་དང་། གངས་ཅན་གྱི་ལྗོངས་སུའང་དག་སྣང་གི་ཆོས་བཀའ་རྒྱ་གར་སློབ་དཔོན་རྣམས་ནས་བརྒྱུད་པའི་རྣམ་གྲངས་མང་པོ་དང་། བོད་ཀྱི་མཁས་གྲུབ་རྣམས་ཉིད་ལའང་ཞལ་གཟིགས་དག་སྣང་དང་། སྙན་རྒྱུད་ཀྱི་ཆོས་སྐོར་ཇི་སྙེད་ཅིག་བཞུགས་པ་རྣམས་ཀྱང་དེ་དག་དང་མཚུངས་པའི་ཕྱིར་རྩོད་མེད་དུ་གྲུབ་པ་ཁོ་ནའོ། །དེས་ན་གཏེར་ཞེས་བྱ་བའི་གོ་བ་ནི། འཕགས་ཡུལ་དང་། ཨོ་རྒྱན་དང་། འགྲོ་ལྡིང་སོགས་ཡུལ་ཆེན་ཡུལ་ཕྲན་སོ་སོ་ནས་བྱུང་བའི་རྒྱུད་སྡེའི་གླེགས་བམ་རྣམས་གདུལ་བྱ་དུས་ལ་མ་བབས་བར་མཁའ་འགྲོའི་གསང་མཛོད་རྣམས་སུ་གཏེར་དུ་བཞུགས་པ་དུས་ལ་བབས་ནས་སྐལ་བ་དང་ལྡན་པའི་གྲུབ་ཐོབ་རྣམས་ལ་ལྷ་དང་བླ་མས་ལུང་བསྟན་ནས་རྙེད་པའམ་སྤྱན་དྲངས་ཏེ་སྣོད་ལྡན་ཉུང་ཤས་ལ་རིམ་གྱིས་སྤེལ་ནས་དངོས་གྲུབ་ཐོབ་པ་སྟེ། དེ་དང་མཚུངས་པར་སློབ་དཔོན་པདྨ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་གྲུབ་ཐོབ་རྣམས་ཀྱིས་གཏེར་དུ་སྦས་པའི་ཆོས་ཀྱང་སྤྲུལ་པའི་རྗེ་འབངས་རྣམས་ལ་སྔོན་དུ་སྨོན་ལམ་གཏད་རྒྱའི་དབང་བསྐུར་ནས་ཕྱི་མའི་ཚེ་འགྲོ་དོན་དུས་ལ་བབས་ན་སྔོན་གྱི་སྨོན་ལམ་མཐའ་བཙན་པས་རྗེ་འབངས་དེ་དག་གི་སྤྲུལ་པ་རྣམས་ལ་སླར་ཡང་ཡེ་ཤེས་ཀྱི་སྐུས་དབང་བསྐུར་ལུང་བསྟན་གྱིས་རྗེས་སུ་བཟུང་ནས་རང་སྐལ་དུས་བབ་ཀྱི་གཏེར་འདོན་པར་མཛད་ནས་གདུལ་བྱའི་དོན་རླབས་པོ་ཆེ་སྒྲུབ་པ་ནི་དེ་བཞིན་གཤེགས་པའི་ཕྲིན་ལས་ཆུད་མི་གསན་པའི་ཐབས་ལ་མཁས་པའི་ཕྲིན་ལས་ཕྱོགས་གཅིག་ཡིན་ལ། ཁྱད་པར་ཡེ་ཤེས་ཀྱི་སྐུ་ནི་རྣམ་སྨིན་ལས་ཆེས་ལྷག་ཅིང་། མཚན་མའི་དཀྱིལ་འཁོར་ལས་ཡེ་ཤེས་ནུས་པ་ལྷག་པ་དང་། སྤྲོས་བཅས་ཀྱི་དབང་ལས་ཡེ་ཤེས་འཕོ་བའི་དབང་བསྐུར་ཁྱད་པར་དུ་འཕགས་པ་སྣོད་བཅུད་གཉིས་ཀའི་རྟེན་འབྲེལ་ལས་གསང་སྔགས་ཐུན་མོང་མ་ཡིན་པའི་ཟབ་གནད་དུ་ཤེས་པར་བྱ་དགོས་པ་ཉིད་དོ། །བྱེ་བྲག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་གཏེར་ཆེན་པོ་འབྱུང་བ་ནི་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་དང་མི་འགལ་ཏེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་སྟོན་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར། རིའི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ནའང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དོ། །སངས་རྒྱས་ཀྱི་བྱིན་རླབས་དང་། ལྷའི་བྱིན་རླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུའང་འཁོད་དོ། །ཞེས་པ་དང་། དཔལ་མཆོག་གི་རྒྱུད་ལས་ཀྱང་། །རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་ཞིང་སྩལ། །ཞེས་གསུངས་ཤིང་། འཇམ་དཔལ་རྩ་བརྒྱུད་ལས། ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །ཞེས་པ་ནས། སྔོན་གྱི་ངས་ནི་གང་བཤད་པ། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀར་ཐུབ་ཆེན་པོས་འདྲེན་པར་བྱེད། །གླེགས་བམ་དེ་ལ་དེ་བལྟས་ནས། །དེ་ལ་སྔགས་ནི་ཟློས་པ་ནི། །ཞེས་ལུང་བསྟན་པ་བཞིན་དགེ་སློང་དགྲ་བཅོམ་པར་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་གང་འདོད་ཀྱི་གཏེར་བཏོན་ནས་ཉམས་སུ་བླངས་པའི་ལོ་རྒྱུས་འབྱུང་བ་དང་། མདོ་སྡེ་མཛངས་བླུན་དུ་ཁྱིམ་བདག་ཞིག་གི་ཁྱིམ་གྱི་ཀ་བ་ནས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཐོན་པའི་ལོ་རྒྱུས་ཀྱང་སྣང་བའི་ཕྱིར་གཏེར་གྱི་ཚད་མ་དེ་ལས་ཅི་ཞིག་དགོས། སངས་རྒྱས་ཀྱི་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཕྱིར་བརྒྱུད་པ་དེ་ལྟར་དྲངས་བས་ཅི་སྟོ། བཀའ་བབས་དང་། བྱིན་རླབས་ཀྱི་བརྒྱུད་པ། ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་ཁྱད་པར་བཤད་པ་ཐམས་ཅད་ལ་དེ་དང་མཚུངས་པའི་ཕྱིར་རོ། །ཡང་ཕྱིས་ཀྱི་མཁས་རློམ་འགའ་ཞིག་གིས་གཏེར་ཆོས་དང་གཏེར་སྟོན་རྙིང་མ་འབའ་ཞིག་ལས་གཞན་ལ་མ་གྲགས་སྙམ་དུ་སྡང་ཞུགས་བྱེད་པ་ནི་རང་ཉིད་ཐོས་པ་ཆུང་བའི་མངོན་རྟགས་བསྟན་པ་དང་ལྷན་ཅིག་ཆོས་སྤང་བ་ལ་ཞུགས་པ་སྟེ་འཕགས་ཡུལ་གྱི་གྲུབ་ཐོབ་གོང་དུ་སྨྲས་པ་དེ་དག་དང་། བོད་ཀྱི་ལྗོངས་འདིའི་ཡང་། རྗེ་མར་པས་རྡོ་རྗེ་གདན་ནས་རྫོགས་རིམ་རླུང་སེམས་དབྱེར་མེད་བཏོན་པ་དང་། བླ་མ་རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་སེང་གདོང་མའི་སྒྲུབ་སྐོར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་བོང་གཡག་འདྲ་བའི་འོག་ནས་བཏོན་པ་དང་། ཀུ་རུ་ཀུལླེའི་སྒྲུབ་སྐོར་འབའ་ཞིག་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་དུད་སོལ་མའི་ནུ་འབུར་ན་ཡོད་པ་སྒྲོལ་མས་ལུང་བསྟན་ཏེ་བླ་མ་གཉན་ལོ་ཙཱ་ས་བཏོན་པ་དང་། ལྷ་སའི་དཀར་ཆག་ཀ་བ་བུམ་པ་ཅན་ནས་ཇོ་བོ་ཨ་ཏི་ཤས་བཏོན་པ་དང་། ཕན་གནོད་ལས་ཚོགས་ཀྱི་སྐོར་འགའ་ཞིག་ཀ་བ་ཤིང་ལོ་ཅན། སྦྲུལ་མགོ་ཅན། སེང་མགོ་ཅན་རྣམས་ན་ཡོད་པ་བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་གཉིས་ཀྱིས་ཕལ་ཆེར་བཏོན་པ་དང་། རོ་སྙོམས་སྐོར་དྲུག་ཏི་ཕུ་པས་ལུང་བསྟན་བཞིན་རྗེ་བཙུན་རས་ཆུང་པས་ལྷོ་བྲག་མཁར་ཆུར་སྦས་པ་ཕྱིས་སུ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཏོན་པ་དང་། སེམས་ཁྲིད་ཡིད་བཞིན་ནོར་བུ་རྗེ་དྭགས་པོ་རིན་པོ་ཆེ་དང་། སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་ཀྱིས་མཚོ་མཎྜལ་ནག་པོ་ལ་གཏེར་དུ་སྦས་པ་འགྲོ་མགོན་དུང་མཚོ་རས་པས་གཏེར་ནས་བཏོན་པ་དང་། རྣམ་སྲས་ཀྱི་སྒྲུབ་སྐོར་འགའ་ཞིག་བྱ་རྒོད་གཤོངས་ནས་གཉལ་བ་ཉི་མ་ཤེས་རབ་ཀྱིས་བཏོན་པ་དང་། པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་བསམ་ཡས་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བཏོན་པ་སོགས་རྙིང་མ་ཁོ་ནར་མ་ཟད་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཡོད། མ་ཅིག་ལབ་སྒྲོན་གྱི་གདམས་པ་གཅོད་ཀྱི་སྐོར་རྣམས་མ་གཅིག་ཉིད་ཀྱིས་གཏེར་དུ་སྦས་པ་ཀུན་སྤངས་བརྩོན་འགྲུས་སེང་གེས་བཏོན་པ་དང་། དགའ་ལྡན་པ་ལའང་། སྲད་རྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་གཏེར་དུ་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པ་དང་། འཇམ་དབྱངས་བཞད་པས་གཏེར་ལུང་ཞེས་པའི་ས་ཆ་ནས་མ་གཅིག་གི་ལུང་བསྟན་དང་དུང་དཀར་སོགས་རྫས་འགའ་རེ་བཏོན་ཞེས་ཟེར་བ་དང་། དགའ་ལྡན་ཁྲི་པ་ངག་དབང་མཆོག་ལྡན་གྱི་མནལ་ལམ་དུ། རྗེ་ཙོང་ཁ་པ་དགུང་ལོ་བཅོ་ལྔ་བཞེས་པའི་ཚོད་ཙམ་པ་བརྒྱངས་བཟང་པོའི་ན་བཟའ་གསོལ་བ་ཞིག་གིས་བྱ་ཁྱུང་དགོན་པའི་མཆོད་རྟེན་སྟེང་ན་གཏེར་འགའ་ཞིག་འདོན་རྒྱུ་ཡོད་ཚུལ་ལུང་བསྟན་ནའང་ཁྲི་པ་དེ་ཉིད་ཁམས་སུ་ཕེབས་རྒྱུ་མ་བྱུང་བས། གཏེར་འདོན་རྒྱུ་ངོ་མ་ཐོགས་པ་སོགས་གཏེར་གྱི་སྒྲོས་མང་བས་གཏེར་ཆོས་ཡིན་ཚད་རྙིང་མ་དང་གཏེར་སྟོན་ཡིན་ཚད་ཟོག་པར་ཁས་བླངས་ཕྱིན་ཧ་ཅང་ཐལ་བ་འདྲ་སྙམ་མོ། །སྨྲས་པ། འགྲོ་ལ་ཕན་བཞེད་རྒྱལ་བས་གདུལ་བྱ་ཡི། །ཁམས་དབང་བསམ་པ་དང་མཐུན་བསྟན་པ་ལ། །བློ་མཆོག་རྣམས་དང་དབྱེར་མེད་ཆོས་ཀྱི་རྗེས། །བྱི་དོར་མཛད་པ་བསྟན་ལ་རི་མོར་ཆེ། །འོན་ཏང་ཕྱི་དུས་ལོག་ལྟའི་རབ་རིབ་ཀྱིས། །ཆོས་མིག་ལྡོངས་པས་ངན་ཤགས་ལྷུར་ལེན་ལ། །ཞུགས་རྣམས་ཐུབ་བསྟན་དཀྲུགས་པའི་རྒྱབ་རྟེན་དུ། །འཁྱེར་བས་གཞུང་འདི་དྲི་མ་ཅན་དུ་བྱས། །དགག་དགོས་དཔྱད་པ་བློ་མིག་མ་ཟུམས་པས། །ཆོས་རྗེའི་དགོངས་པ་གང་ཡིན་རྨ་མེད་དུ། །ལེགས་པར་འདོགས་པའི་གསེར་ཐུར་འདི་ཐོགས་ཕྱིན། །ཡང་དག་གནས་ལ་སྒྲིབ་ཕྱེད་མ་བཅད་དམ། །སྔོན་རབས་མཁས་གཞུང་རྣམས་ཀྱང་རྩྭ་ལྟར་དུ། །འདོར་ན་བདག་འདྲའི་ཉི་ཚེའི་ཚིག་གིས་ཅི། །སྒོག་པའི་དྲི་བཞིན་ལྷན་སྐྱེས་ལོག་ལྟའི་བློ། །གཏོང་བ་མི་བྱེད་དེ་ལ་ཅི་བྱར་ཡོད། །མ་རྟོགས་ལོག་རྟོག་ཀུན་ནས་དཀྲིས་པ་ཡིས། །ཉེས་གྱུར་མ་ལུས་དབང་གྱུར་རྣམས་ཀྱི་དྲུང་། །མཐོལ་བཤགས་དགེ་བས་འགྲོ་རྣམས་སྟོན་པ་བཞིའི། །ཆོས་རབ་འབྱེད་ལ་འཕགས་རྣམས་ཉིད་ལྟར་ཤོག །ནམ་ཞིག་མངོན་དགའི་ཞིང་དུ་ཆོས་ཀྱི་རྗེ། །རྫོགས་སངས་རྒྱས་མདུན་འཕགས་པའི་འཁོར་ཚོགས་དང་། །ལྷན་ཅིག་ཐུགས་ཀྱི་གསར་བ་འཛིན་བྱེད་ཅིང་། །ཡང་དག་ལམ་དུ་འགྲོ་ཀུན་སྒྲོལ་ནུས་ཤོག །དེ་ལྟར་ན་རི་ཁ་བ་ཅན་གྱི་ཁོངས་སུ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་སྣང་བྱེད་གཅིག་པུ་ལྟ་བུར་འགྱུར་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོར་རྒྱལ་བསྟན་ཤིང་རྟ་ཆེན་པོའི་རིང་ལུགས་རྨ་མེད་པ་ལ་དྲང་བའི་ཕྱིར་དུ་དགོངས་ནས། བཀའ་སྩལ་བའི་དངོས་བསྟན་ཚིག་ཁ་ཤས་ལ་བརྟེན་ནས་ཚིག་ལ་རྟོག་པའི་མཁས་པར་རློམ་པ་དང་། བླུན་པོ་དག་གིས་མ་རྟོགས་པའམ། རྟོགས་ཀྱང་ཕྱོགས་ལྷུང་གིས་ཀུན་ནས་དཀྲིས་པས་རང་དང་སྐལ་དམན་དུ་མ་ཆོས་སྤོང་བ་ལ་སྦྱོར་བ་མཐོང་བས་དེ་དག་ལ་ཅུང་ཟད་ཕན་དུ་རེ་ན་གཟུ་བོའི་བློས་དྲང་ཤན་འབྱེད་པའི་ཡི་གེ་འདི་ཉིད་སྔ་མོ་ཞིག་ནས་སྦྱར་བ་ལ། སླར་ཡང་ཚིག་དོན་གྱི་ཆ་ལ་ཞུས་དག་གིས་ཕྲི་བསྟན་ཅུང་ཟད་དང་བཅས་ཆོས་རྗེ་རྒྱལ་བ་ཀཿཐོག་པ་ཡབ་སྲས་ཀྱི་གདུལ་བྱའི་རྗེས་ཞུགས་སུ་རློམ་པས་རིག་པ་འཛིན་པ་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་དཔལ་བཟང་པོར་སྒྲོ་བཏགས་པས་དཔལ་ཀཿཐོག་རྡོ་རྗེ་གདན་གྱི་གྷནྡྷོ་ལའི་བ་གམ་དུ་བྲིས་པ་རེ་ཞིག་རྫོགས་སོ། །ཛ་ཡ་ཛ་ཡ་སརྦ་མངྒ་ལཾ་བྷ་ཝནྟུ།། །།


previousསྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོས་སྔ་འགྱུར་ཕྱོགས་ལ་རྩོད་པ་སྤོང་བ་འདུས་མ་བྱས་ཀྱི་གན་མཛོད།next