Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་དང་སོ་གསུམ་པ།


   
   
   
   
   
   
  expand section
   
བཀའ་དྲིན་ཆེ་ཞུ།


 
previousབཀའ་དྲིན་ཆེ་ཞུ།no next

བཀའ་དྲིན་ཆེ་ཞུ།

རོགས་སྐྱོར་གནང་མཁན་ལ་བཀའ་དྲིན་ཞུ་བ།
རོགས་རམ་དང་རྒྱབ་སྐྱོར་ཐོབ་པར་བཀའ་དྲིན་ཞུ་བ་ནི། སྤྱིར་བཀའ་དྲིན་ཞུ་ཡུལ་སྔ་འགྱུར་བཀའ་མའི་ཆོས་སྡེ་རིན་པོ་ཆེ་ལ་བྱ་བ་བྱས་མྱོང་བའི་སྔོན་བྱོན་དམ་པ་ཚོ་སྟེ། དེ་དག་གི་ཐུགས་བསྐྱེད་བླ་ན་མེད་པ་ལས་བཀའ་མའི་ཆོས་གཞུང་རྣམས་བྱུང་བས་བཀའ་དྲིན་གཞལ་དུ་མ་མཆིས་ཤིང་སྐུ་དྲིན་རྗེས་སུ་དྲན་བཞིན། ད་ཐེངས་རོགས་པ་འཐོབ་པའི་དུས་སྔ་ཕྱིའི་གོ་རིམ་ལྟར་མཚན་ཙམ་དགོད་པར་བྱ་སྟེ། དེའང་ཐོག་མར་སྐྱབས་རྗེ་རྡོ་རྗེ་འཆང་བླ་མ་བཀའ་དྲིན་ཅན་མུན་སེལ་རིན་པོ་ཆེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ུབ་ཡིན། དང་པོ་ཁོང་གི་བཀའི་གནང་བ་བསྩལ་བ་དང་། ཕྱག་ལ་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་ནག་སྒོར་མོ་ཆིག་སྟོང་གནང་སྦྱིན་གྱི་རྟེན་འབྲེལ་དང་ཐུགས་སྨོན་ལས་ཕྱིས་རྒྱ་སྒོར་ཁྲི་བརྒྱ་ཙམ་གྱི་རོགས་སྐྱོར་བྱུང་བ། བར་དུ་ཐུགས་རྗེ་བྱིན་རླབས་ཀྱི་འོད་སྣང་ལ་བརྟེན་ནས་བྱ་བ་སྤྱིའི་འགྲོ་ཕྱོགས་ལམ་དྲང་པོར་ཕྱིན་པས་མཐར་འབྲས་མི་དམན་པ་པོད་བརྒྱ་ལྷག་གི་སྡུད་སྒྲིག་འདི་ལྟ་བུ་ཞིག་ཐུབ་པ་ཡིན། དེ་ནས་བྱ་བ་འདིའི་ཐད་ལ་ལྷག་བསམ་རྣམ་པར་དག་པས་ཐུགས་འཁུར་ཟོལ་མེད་བཞེས་མཁན་ཐུགས་བརྩེ་མཚུངས་མེད་གངས་ཅན་འགྲོ་བའི་ལྷ་གཅིག་ཕྱག་ན་པདྨོའི་རྣམ་རོལ་ཆོས་རྗེ་ཡིད་བཞིན་ནོར་བུས་བཀའ་མ་སྡུ ད་སྒྲིག་གི་བྱ་བ་ལ་གདེང་འཇོག་དང་བཅས་གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས་ཞེས་མཚན་གསོལ་བ་དང་ཨར་དངུལ་སྒྲོལ་སུམ་སྟོང་གནང་། མཁྱེན་རབ་དབང་ཕྱུག་ཕྱག་ན་རལ་གྲི་གཟན་དཀར་མཆོག་སྤྲུལ་གྱིས་ཕྱག་ལས་ཁང་དུ་མཛུབ་སྟོན་གཟིགས་སྐོར་ཐེངས་མང་དང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ཞེས་རིན་ཐང་དུ་བརྩི་བ་མ་ཟད་འབྱོར་ལྡན་གཞན་ལ་འབྲེལ་ནས་ཕྱག་དངུལ་རྒྱ་ནག་སྒོར་མོ་ཁྲི་གཅིག་ཙམ་གྱི་རོགས་སྐྱོར་གནང་། ནུས་མཐུའི་བདག་པོ་ཕྱག་ན་རྡོ་རྗེ་ངག་དགའ་མཆོག་སྤྲུལ་རིན་པོ་ཆེ་ཞག་བཅུ་ཕྲག་ལྔ་ཙམ་ཕྱག་ལས་ཁང་དུ་བཞུགས་ཏེ་བར་ཆད་སེལ་ཅིང་རྐྱེན་ངན་ཟློག་པ་སོགས་སྐྱབས་འཇུག་ཐུགས་གཏད་ཟབ་མོའི་ངང་གསོལ་ཟས་དང་ཕྱག་དངུལ་རྒྱ་ནག་སྒོར་མོ་ཆིག་ཁྲི་ལྷག་གནང་། རིགས་གསུམ་སེམས་དཔའ་དང་དབྱེར་མ་མཆིས་པ་བླ་མ་བཀའ་དྲིན་ཅན་ནས་ཉམས་སམ་རྨི་ལམ་དུ་བྱམས་བརྩེས་གསོ་སྐྱོང་དང་མཛུབ་སྟོན་གནང་བ་མ་ཟད། བར་ཆད་སེལ་ཅིང་རྐྱེན་ངན་ཟློག་པ་སོགས་ཀྱི་སྣང་བས་བདག་གི་ལུས་སེམས་ལ་ཐད་ཀར་རམ་བརྒྱུད་དེ་བསྐུལ་མ་ལེགས་པོ་ཐེབས་བྱུང་། ལྷག་པའི་ལྷ་དང་ཆོས་སྐྱོང་བའི་སྲུང་མ། བརྒྱུད་པའི་བླ་མ་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་དང་། རྒྱུ་འབྱོར་པ་སྦྱོར་བའི་ཡོན་གྱི་བདག་པོ་དང་བདག་མོ་ལས་དང་སྐལ་བ་ལྡན་པ་དུ་མ་ཞིག་གིས་སྐྱབས་འཇུག་སྡོང་གྲོགས་དང་རོགས་པ་གནང་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
སྔར་ཆ་རྐྱེན་ཤིན་ཏུ་ཞན་པའི་སྐབས་སུ་མ་དངུལ་དང་པོ་བླ་མ་བཀའ་དྲིན་ཅན་གྱིས་རྒྱ་ནག་སྒོར་མོ་ཆིག་སྟོང་གནང་བ་ནས་རིམ་བཞིན། བླ་མའི་ཉེ་གནས་དམ་པ་ཨ་ཁུ་ཇེར་ཁོས་རྒྱ་ནག་སྒོར་མོ་ཆིག་བརྒྱ་གནང་བ་དང་། མཁན་པོ་པད་བློས་རྒྱ་ནག་སྒོར་མོ་ཆིག་ཁྲི་གནང་། སྤྲུལ་སྐུ་ཤེར་རབ་འོད་ཟེར་གྱིས་རྒྱ་ནག་སྒོར་མོ་ཆིག་ཁྲི་གནང་། མཚོ་ཕུ་རྡོར་ལོ་རིན་པོ་ཆེས་རྒྱ་ནག་སྒོར་མོ་སུམ་སྟོང་གནང་། ར་སྐོར་འཆི་མེད་རིག་འཛིན་གྱིས་རྒྱ་ནག་སྒོར་མོ་སུམ་སྟོང་གནང་། གྲོགས་མཆེད་ནོར་བུ་མགོན་པོས་རྒྱ་ནག་གོར་མོ་བརྒྱ་གནང་། ཨ་པད་ཀྱིས་རྒྱ་ནག་སྒོར་མོ་ལྔ་གནང་། རི་བོ་ཆེ་པ་དད་ལྡན་མ་དོན་འགྲུབ་ལྷ་མོས་རྒྱ་ནག་སྒོར་མོ་སུམ་ཁྲི་ལྔ་སྟོང་གནང་བ་སོགས་ལ་བརྟེན་ནས་བསགས་པ་ཡིན་ལ་ཁོང་རྣམ་པ་ཚོར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ། ཕྱི་རྒྱལ་དུ་བཞུགས་པའི་མཆོག་སྤྲུལ་པདྨ་དབང་རྒྱལ་དང་། ཧྦ་རན་སིའི་དགེ་སློང་དཀོན་མཆོག་བསྟན་འཛིན། ཨ་རིའི་མཁས་དབང་འཇམ་དབྱངས་དགེ་ལེགས་སོགས་ཀྱིས་ཕྱག་དཔེ་འཚོལ་སྡུད་ཆེད་དང་། མཐུན་རྐྱེན་ཕྱག་དངུལ་སྔ་ཕྱི་བསྡོམས་ཨར་སྒོར་ཁྲི་གཅིག་ཙམ་དང་འཁྱེར་བདེའི་རྩིས་འཕྲུལ་དང་ཨང་རྩིས་པར་ཆས་གནང་བར་བཀའ་དྲིན་ཆེ་ཞེས་ཞུ། རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་བླ་མ་བསྟན་རྣམ་གྱིས་བོད་ཡིག་གི་ཡིག་གཟུགས་རྩིས་འཕྲུལ་ནང་འཇུག་ཆོག་ཆོག་གནང་བ་དང་བོད་ཡིག་སྒྲིག་སྟངས་བསླབས་པ་སོགས་རོགས་རམ་ཐོབ་བྱུང་བ་ལའང་བཀའ་དྲིན་ཆེ་ཞེས་ཞུ། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་དང་། རྒྱ་ནག་སྐད་ཀྱི་ལོ་ཙཱ་བ་ཆེན་པོ་བསོད་དར་རྒྱས་རྣམ་པས་ཕྱག་དངུལ་རྒྱ་ནག་སྒོར་མོ་ཁྲི་གསུམ་གྱིས་རོགས་སྐྱོར་གནང་བྱུང་བར་བཀའ་དྲིན་ཆེ་ཞེས་ཞུ། ཨ་སྐྱོང་རྟོགས་ལྡན་བླ་མ་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་དང་བླ་མ་བསྟན་པའི་དབང་ཕྱུག་རིན་པོ་ཆེ། སྤྲུལ་སྐུ་འཇིགས་མེད་རྡོ་རྗེ་སོགས་ཀྱི་ཞལ་སློབ་དམ་པ་ཨོ་རྒྱན་ཕུན་ཚོགས་མཆོག་གིས་རྒྱ་ནག་སྒོར་མོ་ཁྲི་སུམ་ཅུའི་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུ། རུ་དམ་རྫོགས་ཆེན་དགོན་གྱི་མཆོག་སྤྲུལ་གུར་དགའ་ལགས་ཀྱིས་རྒྱ་ནག་སྒོར་མོ་གཅིག་ཁྲི་གནང་བར་བཀའ་དྲིན་ཆེ་ཞེས་ཞུ། རྒྱ་རོང་ལྕམ་མོ་དགོན་གྱི་བླ་མ་འཆི་མེད་ཚེ་རིང་ལགས་ཀྱིས་རྒྱ་ནག་སྒོར་མོ་གཅིག་ཁྲི་གནང་བར་བཀའ་དྲིན་ཆེ་ཞེས་ཞུ། རྒྱ་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་རྒྱ་ནག་སྒོར་མོ་སུམ་ཁྲི་གནང་ཞིང་གཟིགས་སྐོར་ཐེངས་མང་གནང་བྱུང་བར་ཐུགས་རྗེ་ཆེ་ཞེས་ཞུ། ཁོང་རྣམ་པ་ཚོའི་ཞལ་སློབ་རྣམས་ལའང་དངོས་སམ་བརྒྱུད་ནས་བསྐུལ་མ་གནང་བས་ཕྱི་ནང་རྒྱ་བོད་བླ་སྤྲུལ་མཁས་དབང་དུ་མ་དང་། ཡོན་བདག་ཕོ་མོ་མང་པོས་སྔ་ཕྱི་རོགས་པ་ཐོབ་བྱུང་ལ། ལོ་རྒྱུས་འདི་རྒྱ་ནག་སྐད་དུ་བསྒྱུར་བར་ལོ་མིང་ཨན་༼罗明安༽ནས་སྨྱུག་འཛིན་གནང་བ་དང་། དབྱིན་སྐད་དུ་བསྒྱུར་བར་སྙིང་ཉེ་བའི་སྤུན་ཆུང་འཆི་མེད་རིག་འཛིན་དང་དེའི་ཟླ་མོ་སུ་ཟེན་ལགས་བརྒྱུད་ནས་ལ་རཱ༼Lara ༽ལོ་ཙཱ་མས་བོད་ཡིག་ལས་དབྱིན་ཡིག་ཏུ་བསྒྱུར་བར་བཀའ་དྲིན་ཆེ་ཞེས་ཞུ།
སྤུན་ཟླ་མི་རིགས་ཀྱི་དགེ་བསྙེན་མ་ལུའུ་གུ་ཀྲེན་དང་། དགེ་བསྙེན་མ་ཙེན་ཡ་ཡི། དགེ་བསྙེན་ཅང་ཙེན་ཐའི། དགེ་བསྙེན་མ་ཆོས་དབྱིངས་སྒྲོན་མ། དགེ་བསྙེན་མ་ལྷ་མཚོ། དགེ་བསྙེན་མ་བྱང་ཆུབ་ལྷ་མོ། དགེ་བསྙེན་མ་སུན་ཡ་སྲེན། དགེ་བསྙེན་མ་ཀྲུ་བཀོང་ཡུའུ། དགེ་བསྙེན་ཀྲུའུ་རུའུ་ཧྦན། དགེ་བསྙེན་མ་ཁྲེན་མེའི་ཤིའུ། དགེ་བསྙེན་མ་ཏིང་ཅུའུ་ཧྦུང་། དགེ་བསྙེན་མ་ཀྲའོ་ཡེ་ལི། དགེ་བསྙེན་བཀྲ་ཤིས་རྡོ་རྗེ། དགེ་བསྙེན་མ་ཝན་སུའུ་ཕིང་། དགེ་བསྙེན་མ་ཨེ་ཏཱ་སོགས་ཡོན་བདག་ཕོ་མོ་ཀུན་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁོང་ཚོས་རྒྱ་ཆེའི་དད་ལྡན་སྦྱིན་པའི་བདག་པོ་དང་བདག་མོ་རྣམས་ལ་འབྲེལ་ནས་ཕྱག་ལས་ཁང་དང་སྡོད་ཁང་རྩིས་འཕྲུལ་ལག་ཆས། ཕྱག་དངུལ་འགྲོ་གྲོན་སོགས་ལ་དངོས་གནས་རོགས་པ་མི་ཉུང་བ་གནང་བྱུང་། གཞན་ཡང་ལུས་ཀྱིས་དཀའ་ལས་དང་སྡུག་རུས་རྒྱབ་པ་དང་། ངག་གིས་དབུགས་འབྱིན་དང་ངོ་སོ་བསྟོད་པ། ཡིད་ཀྱིས་བློ་ཁེལ་དང་བྱམས་བརྩེ་གནང་བ་སོགས་གང་ཐད་ནས་ཕྱག་རོགས་རྒྱབ་སྐྱོར་བརྩི་འཇོག་གནང་མཁན་ཚོར་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་མཐའ་རུ་ཕྱིན་པར་ཤོག་ཅེས་སྙིང་ཐག་པ་ནས་སྨོན་པ་མ་ཟད། མ་འོངས་པར་བཀའ་མའི་ཟབ་ཆོས་འདི་ལས་ཕན་བདེའི་འབྲས་བུ་ཉམས་སུ་མྱོང་བ་པོ་རྣམས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞེས་བདག་གིས་སྔོན་དུ་ཞུས་པ་ཡིན།
སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ལྷན་ཚོགས་དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་དད་ལྡན་མ་བསོད་ནམས་ལྷ་མོ་ལགས་དང་དད་ལྡན་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་གཅོད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད་ཕྱི་ལོ་གཉིས་སྟོང་བརྒྱ་མེད་ལྔའི་ལོ་ནས་འགྲོ་གྲོན་ཟླ་རེ་ལ་རྒྱ་ནག་གོར་མོ་གཉིས་སྟོང་བཞི་བརྒྱ་ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་པར་ཡོན་གཏོང་སྟེ་དཔེ་བསྐྲུན་བྱ་རྩིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བཀའ་མའི་ཞལ་ཐང་ཆེན་མོ་འབྲི་བར་བཀའ་དྲིན་ཞུ་བ།
བཀའ་མ་ཕྱག་དཔེ་ཡིག་ཆ་སྒྲིག་པ་དང་ཆབས་ཅིག་ཏུ་བཀའ་མའི་ཞལ་ཐང་ཆེན་མོ་ཞེས་པ་དེ་ལ་ཐེག་པ་གོང་འོག་གི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང་བཀའ་བསྡུ་རིམ་པར་བྱེད་ཚུལ། ཐེག་ཆེན་བཀའི་བསྡུ་ཚུལ། བཀའ་མ་བཀའི་བསྡུ་ཚུལ། སོར་ཐར་སྡོམ་པའི་བླ་བརྒྱུད། བྱང་ཆུབ་སེམས་སྡོམ་སྲོལ་གཉིས་ཀྱི་བླ་བརྒྱུད། མདོ་སྒྱུ་སེམས་གསུམ་གྱི་བླ་མ་བརྒྱུད་པ། བསྙུང་བར་གནས་པའི་ལྷ། སྨན་བླ་མཆེད་བརྒྱད། འོད་ཟེར་དྲི་མེད། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར། རྣམ་འཇོམས་ཁྲོ་དཀར། རྣམ་འཇོམས་ཁྲོ་ནག །གཟའ་ཡུམ། སྒྲོལ་མ་ཉེར་གཅིག །མདོ་འོག་མིན་ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་ཆེན་བཀའ་བརྒྱད་སོགས་ཀྱི་རྗེས་འབྲེལ་བསྟན་སྲུང་བཅས་ཐང་ལྡེབ་ཆིག་བརྒྱ་ཙམ་ལ་རིས་སུ་བྲིས་པའི་ལྷ་གྲངས་སྟོང་ཕྲག་གཉིས་ལྷག་བཞེངས་པ་ཡིན། ཐང་གའི་བཟོ་བཀོད་གཙོ་བོ་མཁས་བཙུན་བཟང་པོའི་ཡོན་ཏན་ཁུར་གྱིས་ལྕི་བའི་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོའི་མཁན་ཆེན་བླ་མ་ཐུབ་བསྟན་ཡེ་ཤེས་འོད་ཟེར་རམ་མཁན་རྒན་བསོད་ནམས་བསྟན་པ་ཞུ་བ་དེས་གནང་བ་དང་། བཟོ་རྒྱལ་བི་ཤྭ་ཀརྨས་བྱིན་གྱིས་རླབས་པའི་སྨན་ལྷ་དོན་གྲུབ་ནས་རིམ་པར་བརྒྱུད་པའི་བཟོ་རྒྱུན་ལ་སྨན་ལུགས་སུ་གྲགས་ལ། གཙང་གི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་བྲིས་ཀྱི་གཞི་ལ་རི་མོའི་རྣམ་འགྱུར་དང་ཚོན་མདངས་སོགས་གསར་སྣོན་མཛད་པས་དེའི་བྲིས་རྒྱུན་ལ་སྨན་ལུགས་གསར་མར་གྲགས། སྨན་གསར་གྱི་སྲོལ་འཛིན་ཆབ་མདོ་ཕུར་བུ་ཚེ་རིང་ཞེས་པའི་བཟོ་བོ་གྲགས་ཅན་ཞིག་བྱོན་པ་ཡིན་ཏེ། དེའི་སྐྱེ་བ་དེ་མ་ཐག་པ་ཀཿཐོག་སྤྲུལ་པའི་ལྷ་བཟོ་ཨོ་སེ་ཀརྨ་ལགས་དང་དེའི་གདུང་སྲས་ལགས་ཀྱིས་ཐང་ཁ་བཞི་བཅུ་ཞེ་བདུན་བྲིས་པ་དང་། ཡང་སྨན་གསར་གྱི་སྲོལ་འཛིན་རིས་སུ་བྲིས་པ་དང་འབུར་དུ་དོད་པ། ལུགས་སུ་བླུག་པ། ཤིང་རྐོས། ཟངས་རྡུང་སོགས་བཟོ་རིགས་ཀུན་ལ་མཁས་པའི་དབང་པོ་ཉག་རོང་བཟོ་བོ་གནས་བརྟན་ཞེས་པ་ཞིག་བྱོན། དེའི་དངོས་སློབ་ལྷ་བཟོའི་རུས་བརྒྱུད་འཛིན་ཅིང་རིས་བྲིས་དང་འབུར་མ་ཀུན་ལ་ཐོགས་པ་མེད་པ། ལག་རྩལ་ཕུལ་དུ་བྱུང་བ་ཉག་རོང་ཇ་བཟུ་དགོན་གྱི་ལྷ་པ་ཕུར་པ་བཀྲ་ཤིས་ལགས་དང་། དེའི་ཚ་བུ་དཔལ་ལྡན་ཉི་མ་ལགས་སོགས་ཀྱི་བཟོ་རྩལ་ལས་ཐང་ཁ་ལྔ་བཅུ་ང་གསུམ་བཅས་ལེགས་པར་གྲུབ་པ་ཡིན་པས་ཁོང་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ།
རྩིས་འཕྲུལ་དུ་བླུག་པར་བཀའ་དྲིན་ཞུ་བ།
བཀའ་མའི་ཕྱག་དཔེ་རྣམས་རྩིས་འཕྲུལ་ནང་བླུག་མཁན་ནི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཞུགས་མྱོང་བའི་ཉག་རོང་བཙུན་མ་ཚུལ་ཁྲིམས་དཔལ་མོ་དང་། ཁམས་རི་བོ་ཆེ་མདའ་རག་བ་བུ་མོ་འཇམ་དབྱངས་མཚོ་མོ། བྱང་རྭ་སྒྲེང་བ་བུ་མོ་ཚེ་བརྟན་སྒྲོལ་དཀར། གཙང་སྐྲག་པ་བུ་མོ་ཚེ་རིང་ཆོས་སྒྲོན། གཙང་ཆོས་ལུང་བ་བུ་མོ་ཚེ་རིང་གཡང་འཛོམས། ཁམས་སྦྲ་ནག་བ་བུ་མོ་འཇམ་དབྱངས་ཆོས་སྒྲོན་བཅས་ཀྱི་ཐུགས་བསྐྱེད་ཆེན་པོའི་སྒོ་ནས་དཀའ་ཚེགས་དང་ཚ་གྲང་ལ་མ་འཛེམས་པར་ཉིན་མཚན་ཁོར་མོ་ཡུག་ཏུ་ཕྱག་ལས་གནང་བར་བརྟེན་ཐོག་མའི་བརྩམ་གཞི་དེ་ལེགས་པར་གྲུབ་པ་ཞིག་བྱུང་བ་ཡིན་པས་ཁོ་མོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དཔེ་བསྡུར་བྱེད་པར་བཀའ་དྲིན་ཞུ་བ།
དཔེ་བསྡུར་ཞུ་དག་བྱེད་ཚུལ་གྱི་སྐོར་ནི། དག་བཅོས་ཐེངས་དང་པོའི་སྐབས་ཉག་རོང་དྲུག་བསྟོད་དགོན་གྱི་བླ་མ་བཟང་པོ་ནས་ཡོན་སྦྱར་ཏེ་དགོན་དེའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། བླ་མ་ཤེས་རབ་ཆོས་འཕེལ། བླ་མ་བསྟན་འཛིན་རྒྱ་མཚོ། ཨ་ཁུ་ཆོས་དབྱིངས། གྲྭ་བྱང་ཆུབ་རྡོ་རྗེ། གྲྭ་ཀརྨ་ཚེ་རིང་། གྲྭ་ཐུབ་བསྟན་ཕྲིན་ལས། གྲྭ་ཤེས་རབ་བསྟན་འཛིན། གྲྭ་ཟླ་བ་འོད་གསལ། གྲྭ་ཀུན་བཟང་དཔལ་ལྡན། གྲྭ་བསོད་ནམས་ནོར་བུ། བཟང་རོག་བཀྲ་ཤིས་བསམ་འགྲུབ། ཨ་དབེན་བཀྲ་ཤིས་བསམ་འགྲུབ་སོགས་བླ་སེར་རྣམ་པས་ཚར་གཅིག་འདོན་ཞུས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དག་བཅོས་ཐེངས་གཉིས་པའི་སྐབས་ཉག་རོང་དཔལ་ལྡན་བྱམས་འབྱོར་དགོན་གྱི་མཁན་པོ་བརྩོན་འགྲུས་དང་བྱ་བྲལ་ཀུན་བཟང་སྙན་གྲགས། བླ་མ་སངས་རྒྱས་འོད་ཟེར། བླ་མ་རྒྱ་ཐར། གྲྭ་འགྱུར་མེད་རིག་འཛིན་སོགས་དང་། ཌཱཀྐི་དྲུག་བསྟོད་དགོན་གྱི་མཁན་པོ་ནོར་བུ་བཟང་པོ་དང་བླ་མ་བཟང་པོ། བླ་མ་ཤེས་རབ་ཆོས་འཕེལ། བླ་མ་ཉི་མ། བླ་མ་འཆི་མེད་རྡོ་རྗེ། བླ་མ་ཚེ་དབང་འགྱུར་མེད། བླ་མ་སྐལ་བཟང་རྒྱ་མཚོ། བླ་མ་བསྟན་འཛིན་རྒྱ་མཚོ། ཨ་ཁུ་ཆོས་དབྱིངས་སོགས་ཀྱིས་སྐུ་ངལ་ལ་མ་འཛེམས་པར་ཁྲེང་ཏུའུ་ཕྱག་ལས་ཁང་དུ་ཚར་གཅིག་འདོན་ཞུས་གནང་སོང་བ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དག་བཅོས་ཐེངས་གསུམ་པའི་སྐབས་འགོ་ལོག་དབང་ཆེན་དཔོན་སྐོར་དགོན་གྱི་མཁན་ཆེན་བསྟན་པ་དར་རྒྱས་དང་མཁན་འཇིགས་མེད་དབང་ཕྱུག །མཁན་བསྟན་པའི་ཉི་མ། མཁན་པོ་སྤྱོད་བཟང་། མཁན་པོ་ཚུལ་ཁྲིམས། བླ་མ་ཞི་བཟང་། བླ་མ་བསྟན་རྒྱལ། སྲས་པོ་སྐུ་ཞབས་སོགས་དང་། ཨ་མདོ་རེབ་ཀོང་གི་ཨ་ཁུ་ུའཇིགས་མེད་རང་གྲོལ། ཉག་བྱམས་འབྱོར་དགོན་གྱི་མཁན་པོ་བརྩོན་འགྲུས་དང་བླ་མ་ཉི་མ་འོད་ཟེར། བླ་མ་འཆི་མེད་ཚེ་དབང་། བླ་མ་རྒྱ་ཐར། དབུ་མཛད་ཚེ་དབང་གྲགས་པ། ལུ་པོ་རྡོ་རྗེ་མགོན་པོ་སོགས། ཉག་ཀུ་ལུང་དགོན་གྱི་བླ་མ་ཨ་སྐལ། ཌཱཀྐི་དྲུག་བསྟོད་དགོན་གྱི་བླ་མ་བྱང་ཆུབ་རྡོ་རྗེ་དང་བླ་མ་བསྟན་འཛིན་རྒྱ་མཚོ། བླ་མ་ཡོ་བྲུག །བླ་མ་འཆི་མེད་སོགས། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཁྲམ་ཐར་བླ་མ་ག་འབའ་དང་བླ་མ་ཨ་བློ་སོགས། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ཇོ་མོ་ཨ་སྐལ་ལགས། ཨ་མཆོག་བའི་བུ་མོ་སྨན་པ་བསོད་ནམས་ལྷ་མོ་ལགས། གོ་འཇོ་བུ་མོ་འཇམ་དབྱངས་ཆོས་སྒྲོན་ལགས། ཁྲེང་ཏུའུ་རྒྱ་མིའི་དགེ་བསྙེན་ཀརྨ་བརྩོན་འགྲུས་ལགས་སོགས་ཀྱིས་ཁྲེང་ཏུའུ་ཕྱག་ལས་ཁང་དུ་ཚར་གཅིག་འདོན་ཞུས་གནང་སོང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དག་བཅོས་ཐེངས་བཞི་པ་དེ་ཁམས་ཀཿཐོག་བཤད་སྒྲུབ་ནོར་བུ་ལྷུན་པོས་ཡོན་སྦྱར་ནས་གོ་འཇོ་སྟག་མོ་དགོན་མཁན་པོ་ཀུན་བཟང་རྣམ་རྒྱལ་དང་། འཇང་ཐང་ལྷ་དགོན་མཁན་འཇམ་དཔལ། འབའ་སྤུང་རི་དགོན་མཁན་ཚེ་རིང་བསམ་འགྲུབ། ཁམས་ཀཿཐོག་དགོན་མཁན་བདེ་མཆོག །འབའ་སྤུང་རི་དགོན་མཁན་རིག་འཛིན་འགྱུར་མེད། གཏེར་ལུང་ཁང་དམར་དགོན་མཁན་བསོད་ནམས། བྲོ་རྡུང་དགོན་མཁན་སྐལ་བཟང་བཀྲ་ཤིས། གོ་འཇོ་སྟག་མོ་དགོན་གྲྭ་སངས་རྒྱས་ཚེ་རིང་། སྨར་ཁམས་རྒྱལ་སྲས་དགོན་གྲྭ་སྐལ་བཟང་བསྟན་འཛིན། འབའ་བྲག་དཀར་དགོན་མཁན་བསོད་ནམས་ཚེ་རིང་། ཉག་དྲུག་བསྟོད་དགོན་གྲྭ་བཀྲ་ཤིས་བསམ་འགྲུབ། འབའ་འཕེལ་རྒྱས་དགོན་གྲྭ་གསང་སྔགས་དར་རྒྱས། གོ་འཇོ་སྟག་མོ་དགོན་མཁན་བསོད་ནམས་ཕུན་ཚོགས། ཉག་དྲུག་བསྟོད་དགོན་མཁན་བསོད་ནམས་ཚེ་དབང་། ཉག་དྲུག་བསྟོད་དགོན་མཁན་རྡོ་རྗེ། ཉག་ལྷ་འབུམ་དགོན་གྲྭ་བསོད་ནམས་རྒྱ་མཚོ། འབའ་སྤུང་རི་དགོན་གྲྭ་ཚུལ་ཁྲིམས་ཆོས་འཕེལ། འཇང་གཡུ་འབྲུག་དགོན་མཁན་འགྱུར་མེད་བསྟན་འཛིན། ཕྱག་ཕྲེང་རི་ཁེ་དགོན་སྤྲུལ་སྐུ་པདྨ་ནོར་བུ། ཉག་འབྱུང་ཁུངས་དགོན་གྲྭ་རྡོ་རྗེ་དོན་འགྲུབ། རྒྱ་རོང་ལྕགས་མོ་དགོན་མཁན་ཚེ་རིང་རྡོ་རྗེ། དཀར་མཛེས་ཨ་དྷི་དགོན་གྲྭ་བསམ་གཏན་རྡོ་རྗེ། སྨར་ཁམས་རྟའུ་དགོན་མཁན་བཀྲ་ཤིས། འཇང་ཀླུ་ལྡིང་དགོན་གྲྭ་ཀརྨ་འཇིགས་མེད་སོགས་ནས་ཀཿ ཐོག་དགོན་དུ་ཚར་གཅིག་འདོན་ཞུས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དག་བཅོས་ཐེངས་ལྔ་པའི་སྐབས་ཁམས་རི་བོ་ཆེ་པ་དགའ་རྒྱལ་དགོན་གྱི་མཁན་ཆེན་པདྨ་མཁྱེན་རབ་ལགས་དང་བླ་མ་ཨ་རྒྱས་ལགས། ཁམས་མགར་དགོན་གྱི་བླ་མ་བསོད་ནམས་དར་རྒྱས་ལགས ། ཁམས་ནང་ཆེན་ཚེས་བཅུ་དགོན་གྱི་བླ་མ་ཚེ་བརྟན་ལགས། དགོན་ཞབས་དགོན་གྱི་བླ་མ་བུ་དགའ་ཉི་མ་ལགས། འབའ་གནམ་བསྐོས་དགོན་གྱི་བླ་མ་སྒྲོལ་མ་ཚེ་རིང་ལགས། འབའ་བྲག་དཀར་དགོན་གྱི་བླ་མ་བསོད་ནམས་རྒྱ་མཚོ་ལགས། ཉག་དྲུག་བསྟོད་དགོན་གྱི་བླ་མ་ཤེས་རབ་དཔལ་ལྡན་ལགས་དང་བླ་མ་བསྟན་འཛིན་རྒྱ་མཚོ་ལགས། ཉག་བྱམས་འབྱོར་དགོན་གྱི་བླ་མ་འཆི་མེད་ཚེ་དབང་ལགས་དང་བླ་མ་ཉི་མ་འོད་ཟེར་ལགས། བླ་མ་སྦྱིན་པ་ལགས། མཁན་པོ་བརྩོན་འགྲུས་ལགས། ཚ་བུ་འཇམ་དབྱངས་དཔལ་ལྡན་ལགས། ཁྲེང་ཏུའུ་རྒྱ་མི་མ་ཆེན་ཀརྨ་བརྩོན་འགྲུས་ལགས་སོགས་ཀྱིས་རྩིས་འཕྲུལ་དུ་མ་དཔེ་དང་བུ་དཔེ་བསྡུར་ཞུས་སོགས་ཕྱག་ལས་མང་པོ་གནང་བ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱད་པར་དུ་བྱང་རྭ་སྒྲེང་བ་བུ་མོ་ཚེ་བརྟན་སྒྲོལ་དཀར་དང་ཁམས་རི་བོ་ཆེ་མདའ་རག་བ་བུ་མོ་འཇམ་དབྱངས་མཚོ་མོ་རྣམ་གཉིས་བྱ་བ་འདི་མཇུག་མ་བསྒྲིལ་བར་དུ་སྒུར་རོགས་བྱས་པ་མ་ཟད་རྩིས་འཕྲུལ་གྱི་ལས་ཀ་དང་གསོལ་ཟས་གཡོ་སྐོལ་གཙང་སྦྲ་གད་བདར་ཚགས་ཞིབ་བྱ་བ་སོགས་ཕྱག་ལས་མང་པོ་གནང་སོང་བ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུའོ། །
དག་བཅོས་ཐེངས་དྲུག་པ་ནི་ཁྲེང་ཏུའུ་ཕྱག་ལས་ཁང་དུ་ཡིག་སྐྱོན་ཆེ་བའི་མ་དཔེ་རྣམས་ལ་ཁོ་བོའི་ཚ་བུ་ཚུལ་ཁྲིམས་བསྟན་འཛིན་དང་། བློ་གྲོས་རྒྱ་མཚོ། འཇམ་དབྱངས་དཔལ་ལྡན་བཅས་དང་། བུ་མོ་འཇམ་དབྱངས་མཚོ་མོ། བུ་མོ་ཚེ་བརྟན་སྒྲོལ་དཀར། གྲོགས་མཆེད་ཚུལ་ཁྲིམས་གྲགས་པ། རྒྱ་མ་ཆེན་ཀརྨ་བརྩོན་འགྲུས་སོགས་ཀྱིས་ལན་གཅིག་ཞུས་པར་མ་ཟད་ཕྱི་རྒྱལ་གྱི་ལུགས་དེབ་གྲུ་བཞིའི་གཟུགས་ལས་བོད་རང་གི་སྲོལ་བརྒྱུད་ལྡེབ་འབྲིང་དེབ་ནར་མོའི་གཟུགས་སུ་ལེགས་པར་བསྒྲིགས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། །
དགེ་རྒན་རྣམ་པར་བཀའ་དྲིན་ཞུ་བ།
ཞར་བྱུང་དུ་བདག་ལ་རྒྱ་བོད་དབྱིན་སོགས་ཡིག་འབྲུ་གཅིག་གམ་ཚིགས་སུ་བཅད་པ་གཅིག་ཡན་ཆོད་སློབ་ཁྲིད་གནང་མྱོང་བའི་དགེ་རྒན་ཧ་ཅང་མང་པོ་ཡོད་ཀྱང་། སྐབས་འདིར་བོད་ཡིག་དང་ནང་བསྟན་ཐད་བཀའ་དྲིན་ཆེ་བའི་དགེ་རྒན་འགའི་མཚན་ནས་སྨོས་ཏེ་བཀའ་དྲིན་ཞུ་བ་ལ། དང་པོ་སྤོ་བོ་ཆོས་འཁོར་གྱིས་རང་ལོ་ལྔ་ལ་བོད་ཡིག་གི་འབྲི་ཀློག་བསླབ་པ་ནས་བཟུང་། གྲྭ་ཕུར་ལོ་ལགས་དང་། སྤོ་བོ་རྒྱན་ལུ་ལགས། ཁུ་བོ་སྐྱབས་ལུ་ལགས་བཅས་ཀྱི་མདུན་ནས་རྙིང་མའི་ཆོ་གའི་སྐོར་ཅི་རིགས་བསླབས། དེ་ནས་ཉི་ཐག་སློབ་ཆུང་དུ་དགེ་རྒན་བཟང་དགའ་ལགས་སོགས་དང་། བརྡ་གན་སློབ་འབྲིང་དུ་དགེ་རྒན་ཀར་ཚེ་ལགས་སོགས། དཀར་མཛེས་དགེ་འོས་སློབ་གྲྭར་དགེ་རྒན་རྡོ་རྗེ་ལགས་སོགས། བོད་ལྗོངས་སློབ་གྲྭ་ཆེན་མོར་དགེ་རྒན་མཁྱེན་རབ་དབང་ཕྱུག་ལགས་དང་། དགེ་རྒན་རྒྱ་མཚོ་ལགས། དགེ་རྒན་བསོད་ཡག་ལགས། དགེ་རྒན་ངག་དབང་བསྟན་འཛིན་ལགས། དགེ་རྒན་བུ་ཆུང་ལགས། དགེ་རྒན་དགེ་འདུན་དོན་ལྡན་ལགས། དགེ་རྒན་ཞི་འོད་ཆོས་ཀྱི་རྒྱལ་མཚན་ལགས། དགེ་རྒན་ཆེན་མོ་དུང་དཀར་བློ་བཟང་ཕྲིན་ལས་ལགས་སོགས་ཀྱིས་སློབ་ཁྲིད་གནང་། ད་དུང་ལྷ་སར་ཡོངས་འཛིན་ཐུབ་བསྟན་དམ་པ་ལགས་དང་། མཁན་པོ་ཚེར་རྣམ་ལགས། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་སོགས་ཀྱིས་ཀྱང་ཟུར་ཁྲིད་ཅི་རིགས་གནང་། འགོ་ལོག་དཔོན་སྐོར་དགོན་དུ་བླ་མ་མུན་སེལ་ལགས་དང་མཁན་པོ་བསྟན་པ་དར་རྒྱས་ལགས་སོགས་ཀྱིས་མདོ་སྔགས་སྨིན་གྲོལ་ཟབ་གནད་དུ་མ་བསྩལ། བྱམས་འབྱོར་དགོན་དུ་ཁུ་བོ་མཁན་ཚུལ་ཁྲིམས་མཐར་ཕྱིན་སོགས་དང་། ཁམས་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུ་ལྷུན་པོར་ཞང་པོ་མཁན་བསོད་ནམས་བསྟན་པ་ལགས་སོགས་ཀྱིས་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གནང་། འཕགས་བོད་ཡུལ་མ་ངེས་པར་ཡིད་བཞིན་ནོར་བུ་སོགས་སྐྱེས་ཆེན་དམ་པ་དུ་མས་མདོ་སྔགས་ཀྱི་སྨིན་གྲོལ་མང་པོ་ནོད་ཀྱང་རེ་རེ་ནས་བསྒྲང་མ་ནུས། དགེ་རྒན་ཡོངས་འཛིན་འདི་རྣམས་ཀྱིས་ཡི་གེ་མིང་ཚིག་རྗོད་པ་སུམ་རྟགས་སྒྲ་སྙན་ངག་སོགས་ནས་ཐུན་མོང་གི་མདོ་སྔགས་དབུ་ཚད་འདུལ་མངོན་དང་། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ། ཐུན་མོང་མ་ཡིན་པ་ནང་རྒྱུད་སྡེ་གསུམ་གྱི་བར་རིམ་བཞིན་བསླབས་པ་མ་ཟད་སྨིན་གྲོལ་གདམས་ངག་མང་པོ་ནོད་པས་བདག་ལ་གངས་ཅན་བོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་ཚིག་དོན་གང་གི་ཐད་ལ་གོ་བ་ཕྲན་བུ་རེ་ཆགས་པ་དང་། འཆད་རྩོམ་གྱི་ཆ་རྐྱེན་ཡང་ཅུང་ཟད་ཐོབ་བྱུང་བས་སྐབས་འདི་དང་བསྟུན་ནས་ཁོང་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། །
ནོར་འཁྲུལ་ལ་གནོང་བས་བཤགས་པ།
སྤྱིར་སྔ་འགྱུར་བཀའ་མའི་དཔེ་གཞུང་ལེགས་སྒྲིག་གི་བྱ་བ་རྒྱ་ཆེ་བས་ལས་ཀར་ངང་བསྐྱངས་ལ་ཡུན་བསྲིངས་ཏེ་བགྱིས་ཁུལ་ཡིན་ནའང་། སྒྲིག་ཚུལ་གྱི་གོ་རིམ་འཁྲུག་པ་དང་ཞུ་དག་གཙང་མ་མ་བྱུང་ས་ཡོད་ངེས་པ་ཡིན་པས་བླ་མ་ལྷ་དང་སྲུང་མར་བཅས་ལ་ཞེ་གནོང་བས་བཤགས་ན་འདག་པར་མཛད་དུ་གསོལ། མཁས་དབང་དམ་པ་རྣམས་ཀྱིས་ནོར་བཅོས་ཀྱི་དགོངས་འཆར་ལྷུག་པར་སྩོལ་དང་། སླད་ཀྱི་ཆར་མ་ཤི་ཚེ་རིང་བྱུང་ན་མུ་མཐུད་དེ་ཞུ་དག་དང་ལེགས་སྒྲིག་བྱ་རྩིས་ཡིན་པས་དེ་ལུགས་དགོངས་འཇག་འཚལ། དཔེ་འཚོལ་སྡུད་དང་ཞུ་དག་ཐེངས་མང་བྱས་ཚེ། མཁན་སྤྲུལ་བླ་སེར་མཁས་དབང་རྣམ་པ་ཚོར་གུས་ཞབས་དང་བརྩི་བཀུར་མ་བྱུང་ས་དང་། ཁྱད་པར་དུ་རྡོ་རྗེ་མཆེད་གྲོགས་རྣམ་པའི་བཞུགས་སའི་གནས་མལ་ཞན་པ། ལས་ཀའི་དུས་ཡུན་རིང་བ། འབུལ་བའི་ཡོན་ཆུང་བ། ཡིད་ལ་མི་འཐད་པའི་ཚིག་རྩུབ་སྨྲས་པ་སོགས་དང་། བུ་མོ་རྣམ་པ་ཚོར་གླ་ཕོགས་ཀྱི་འབུལ་བ་ཉུང་ཞིང་རང་དབང་གི་བར་མཚམས་མ་སྟེར་བ་སོགས་ཤེས་བཞིན་ནམ། མ་ཤེས་པས་ཞར་ལ་ཞབས་ཏོག་མ་འགྲུབ་ས་ཧ་ཅང་མང་པོ་ཡོད་ངེས་པས་སྙིང་ཁོང་རུས་པའི་གཏིང་ནས་འགྱོད་བཤགས་བཟོད་གསོལ་དང་། དགོངས་དག་གི་གསོལ་བ་ལན་བརྒྱར་འདེབས་ན་དགོངས་པ་ཆོས་ཀྱི་དབྱིངས་སུ་དྭངས་པར་མཛད་དུ་གསོལ་ཞེས་ཞུའོ། །
རྩིས་འཕྲུལ་གྱི་པར་གཞིའི་དགོས་པ།
རྩིས་འཕྲུལ་གྱི་པར་གཞི་བསྐྲུན་པའི་དགོས་པ་ནི། ལར་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱིའི་རྣམ་བཞག་ཀྱང་གཟུགས་བརྙན་ཙམ་དུ་འགྱུར་བ་ལ་ཉེ། ཡང་དགོས་སྔ་འགྱུར་བཀའ་མའི་སྨིན་གྲོལ་དང་དཔེ་རྒྱུན་རྣམས་ནི་ཕལ་ཆེར་འཇའ་ཡལ་བ་ལྟར་གྱུར་ཅིང་། ཅུང་ཟད་རེ་ཡོད་པ་རྣམས་ཀྱང་སྣུམ་ཟད་ཀྱི་མར་མེ་ལྟར་འགྱུར་པའི་སྐབས་སུ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་སྨིན་གླིང་སྐུ་མཆེད་གཉིས་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་ཡུལ་རྒྱ་སྤྲུལ། བདུད་འཇོམས་རིན་པོ་ཆེ། བླ་མ་མུན་སེལ་རིན་པོ་ཆེ་སོགས་ཀྱི་ཐུགས་དགོངས་ལ། འདི་ལྟར་སྲིད་པའི་རྒྱ་མཚོ་ཆེན་པོར་ལས་ཉོན་རྣམ་སྨིན་གྱི་སྡུག་བསྔལ་དྲག་པོའི་དབའ་ལ་འཕྱན་པའི་མཐའ་ཡས་པའི་སྐྱེ་དགུ་རྣམས་ལ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་འབྱུང་བའི་གཞིར་གྱུར་པ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན། དེ་ཉིད་ཡུན་རིང་དུ་གནས་པའང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་རག་ལས་ཤིང་། བསྟན་འཛིན་གྱི་སྐྱེས་བུ་ཞེས་པའང་ཐུབ་པའི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་མཛད་པའི་སྒོ་ནས་བཞག་དགོས་སྙམ་སྟེ་ཐུགས་རྩོལ་ལྷོད་མེད་གནང་ཞིང་མཛད་རྗེས་ཚད་གཞལ་དུ་མ་མཆིས་པ་བཞག་པ་ཤ་སྟག་བྱོན་པ་ཡིན་ནོ། །དེས་ན་ཁོ་བོས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཅུང་ཟད་རེ་གནས་པའི་རྒྱུར་སོང་ན་འགྲོ་བ་འགའ་ཤས་ལ་ཕན་པའི་རྐྱེན་ཕྲན་བུ་རེར་འགྱུར་རམ་བསམས་ཏེ། འདི་ལྟར་བཀའ་མ་ཐེག་རིམ་དགུའི་རྒྱུད་གཞུང་ཕྲིན་ཆོག་རྒྱབ་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྡེབས་ནས་གླེགས་བམ་མི་ཟད་པའི་ཡི་གེའི་ཕྱི་མོ་སྔོན་ཐོན་འཕྲུལ་པར་གྱི་འདུ་བྱེད་དུ་བསྒྲུབས་ཏེ་རྩིས་འཕྲུལ་དུ་བཞག་ན། དེང་རབས་གསར་པའི་འཕེལ་རིམ་དང་སྒོ་ཀུན་ནས་མཐུན་ལ་ཚེགས་མེད་པར་གླེགས་བམ་གྱི་རྒྱུན་མང་པོར་འཕེལ་ཐུབ་པ་དང་། ཚུལ་འདི་ལ་མོས་པ་རྣམས་ཀྱིས་སྨིན་གྲོལ་གྱི་རྒྱུན་རྙེད་སླ་བ། དེ་ལ་བརྟེན་ནས་ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་སོགས་འབྱུང་ཞིང་། ཚུལ་དེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་མའི་སྐོར་རྣམས་ཀྱང་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པའི་རྒྱུ་དང་རྐྱེན་དུ་འགྱུར་ལ། འགྲོ་བ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་རྟེན་དུ་འགྱུར་པས། རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བཅུག་པ། ཐ་ན་བགྱི་བ་ལ་སྨོན་ཅིང་རྗེས་སུ་ཡི་རངས་དང་བཅས་པ་ལའང་གནས་སྐབས་སུ་འཇིགས་པ་ལས་གྲོལ་བ་དང་། བསོད་ནམས་དང་སྟོབས་འབྱོར་འཕེལ་བ། སྐྱེ་བ་ཀུན་ཏུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་མཐར་ཐུག་གཟུགས་སྐུ་རྣམ་པ་གཉིས་ཐོབ་སྟེ་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་བ་སོགས་དགོས་པ་མང་པོ་མཐོང་བས་དེ་ལ་བློ་གཞོལ་ཁུལ་བྱས་པ་ལགས་སོ། །
གླེགས་བམ་བསྐྲུན་པའི་ཕན་ཡོན།
གླེགས་བམ་བསྐྲུན་པའི་ཕན་ཡོན་ནི། ཐེངས་འདིར་པར་གཞི་འདི་ལས་སྟོང་ཚར་གཅིག་སྟེ་གླེགས་བམ་འབུམ་ལྷག་འགྲེམས་སྤེལ་བྱས་པ་ཡིན་ལ། མ་འོངས་པར་ཡང་སྐལ་ལྡན་སུ་གང་གིས་པར་གཞི་འདི་ལས་དུ་མར་འཕེལ་བར་མཛད་པའི་དགེ་བས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་པ་དང་། དེའི་མཐུས་ལུས་ཅན་སྤྱི་དང་བྱེ་བྲག་བོད་ཆེན་པོའི་ལྗོངས་འདིར་འཁོད་པའི་སྐྱེ་དགུ་མཐའ་དག་ཚེ་འདིར་ལྷ་དང་མིའི་དཔལ་ལ་ལོངས་སྤྱོད་ནས། ཕྱི་མ་རྣམ་གྲོལ་ཞི་བ་མཆོག་གི་གོ་འཕང་མངོན་དུ་བྱེད་པ་དང་། གཞན་ཡང་རིག་འཛིན་གོང་མ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། མདོ་དབུས་ཁམས་ཀྱི་སྐྱེས་ཆེན་དུ་མས་བསྐུལ་བ་དོན་ཡོད་པ་དང་། རྒྱལ་བའི་སྲས་ཀྱི་མཛད་པ་རླབས་པོ་ཆེ་སྒྲུབ་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང་། འབྱོར་ལྡན་སྦྱིན་པའི་བདག་པོ་དང་བདག་མོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་གོང་ནས་གོང་དུ་སྤེལ་བ་དང་། སྔོན་རབས་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབས་པའི་མངོན་རྟོགས་གསལ་པོར་རོལ་པ་ཡིན་ཏེ། བཟང་པོ་སྤྱོད་པ་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་དང་། སྔ་འགྱུར་པུནྜ་རཱི་ཀའི་རྒྱུད་ལས། སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་དང་། །རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིགས་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅང་བ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འབྱུང་། །རྒྱུད་འདི་སུ་ཡིས་བཀླག་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་ཀྱི་གསུང་ལ་རོལ། །ཅེས་དང་། མདོ་ལས། དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་བ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ཞེས་དང་། ཡུམ་སྡུད་པའི་ཚིགས་སུ་བཅད་པ་ལས། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྲིད་འཁོད་ཀུན་དགྲ་བཅོམ་ཉིད་བརྟུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ནམ་མཁའི་མཐའ་མཉམ་རྒྱུད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་དང་། མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་གུས་བྱོས་ལ། །དེ་ཚེ་དེ་ལ་མཁས་པར་འགྱུར། །ཞེས་སོགས་གསུངས། དེ་བཞིན་དུ་སྐུ་རྟེན་དང་ཐུགས་རྟེན་ལའང་ཕན་ཡོན་ཏིང་འཛིན་རྒྱལ་པོ་ལས། འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། །ཤིང་ལ་རི་མོ་བྲིས་པའི་སྐུ་གཟུགས་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་འགྱུར། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ད་ལྟ་ང་ལ་མཆོད་པ་དང་། །མྱ་ངན་འདས་པའི་སྐུ་གདུང་ལ། །སེམས་ནི་མཉམ་པར་དྭངས་པ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་གསུངས་པ་དང་། སྐུ་གསུང་ཐུགས་རྟེན་གཟུགས་སྐུ་ཡིན་པ་རྒྱུད་ལས། བདེ་གཤེགས་སྐུ་གསུང་ཐུགས་རྟེན་ནི། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་ཀླ་ཀློ་དག་ལ་མེད། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་སོགས་ཕན་ཡོན་རྒྱས་པ་གསུངས་ཡོད་ཀྱང་ཡི་གེས་འཇིགས་ཏེ་བསྐྱུངས་སོ། །
ཁུངས་ལུང་འདྲེན་སའི་གསལ་བཤད།
ལོ་རྒྱུས་འདི་དེ་ཙམ་གྱིས་འབྲི་མཚམས་གཞག་རྩིས་ཡིན་ཏེ། དེའི་སྔོན་དུ་གསལ་བཤད་ཉུང་ངུ་ཞིག་བྱས་ན། སྔ་འགྱུར་བཀའ་མའི་ཆོས་གཞུང་གི་གྲས་སུ་ཚུད་པའི་འཛུད་ཚད་ཀྱི་ཁུངས་ལུང་དང་། བཀའ་མའི་ཞལ་ཐང་ཆེན་མོའི་བཀོད་སྒྲིག་གི་དཔྱད་གཞི་ཡིག་ཆའམ་ཁུངས་ལུང་འདྲེན་ས་ནི། བཀའ་མ་མདོ་སྒྱུ་སེམས་གསུམ་རྒྱུད་དང་འབྲེལ་ཡོད་དགོངས་འགྲེལ་རྣམ་བཤད་ཀྱི་དཔེ་ཆ་རྣམས་དང་། ཁྱད་པར་དུ་བཀའ་མའི་དཀར་ཆག་རྣམས་ཡིན་ལ། དཀར་ཆག་འདིའང་ཁུངས་དེ་དག་ལ་གཏུག་པ་ལས། རང་གིས་གང་དྲན་དྲན་ཙམ་བྲིས་ནས་བསྒྲིགས་པའམ་མ་དཔེ་གཞན་ཞིག་ལས་ཇི་མ་ཇི་བཞིན་ཞལ་བཤུས་པ་མིན་ཞེས་ཞུའོ། །
དགེ་བ་བསྔོ་ཞིང་མཇུག་བསྡུ་བ།
དགེ་བ་བསྔོ་ཞིང་མཇུག་བསྡུ་བ་ནི། དེ་ལྟར་དམ་པའི་ཆོས་རིན་པོ་ཆེ་བཀའ་མདོ་སྒྱུ་སེམས་གསུམ་གཞུང་ཕྲིན་ཆོག་དགོངས་འགྲེལ་དང་བཅས་པ་སྡུད་སྒྲིག་བྱས་པ་དང་། རྩིས་འཕྲུལ་ནང་བླུགས་ཏེ་འཕྲུལ་པར་ངོ་མཚར་བར་བཀོད་པས། གླེགས་བམ་དུ་མར་འཕེལ་བའི་བྱ་བ་གང་བགྱིས་པའི་དགེ་བས་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པའི་ཐུགས་ཀྱི་བཞེད་དོན་གེགས་མེད་ཡིད་བཞིན་དུ་འགྲུབ་ཅིང་། ཕྲིན་ལས་ཀྱི་འཕེལ་ཁ་རྒྱ་མཚོའི་རླབས་ལྟར་དར་ཞིང་རྒྱས་པ་དང་། སྐུ་ཚེ་ཞབས་པད་རྟག་བརྟན་གཡུང་དྲུང་གི་ངོ་བོར་འཚོ་གཞེས་བཞུགས་ནས་ཟབ་ཆོས་སྨིན་གྲོལ་གྱི་བདུད་རྩི་འཛད་མེད་གནང་བས་བདག་ལ་ལུས་སྲོག་སྟེར་མཁན་རྩ་བའི་ཕ་མ་གཙོས་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་ལ་གནས་སྐབས་ནད་མུག་མཚོན་འཁྲུག་ཞི་ཞིང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། མཐར་ཐུག་རྣམ་གྲོལ་གཏན་གྱི་བདེ་བ་རང་རིག་འོད་གསལ་ཆོས་ཀྱི་དབྱིངས་སུ་གདོད་མའི་མགོན་པོའི་རང་ཞལ་མངོན་སུམ་དུ་མཇལ་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་རུ་གྱུར་ཅིག་གུ། སྨྲས་པ། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །མི་ཕམ་པས་སོ། །མ་ལུས༷་ལུས༷་ཅན་བརྟེན་པའི་དབྱིག་འཛིན་ཁྱོན། །དཔལ་ཡོ༷ན་ཡོ༷ན་ཏན་བདུན་གྱིས་མངོན་པར་ཕྱུག །ཤེས་རབ༷་རབ༷་རྒྱས་ཐབས་ལྡན་གསེང་ལམ་ནས། །འགྲོ་ཀུན༷་ཀུན༷་བཟང་ས་ལ་ཕྱིན་པར་སྨོན། །ལེགས་བཤད་ཀྱིས་སོ། །རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་པའི་བཅུད། །རིག་འཛིན་བརྒྱུད་པ་མ་ཉམས་བཀའ་མའི་གཞུང་། །རིག་འཛིན་སྨྱུ་གུས་སྤར་དུ་བཏབ་སྤེལ་དགེས། །རིག་འཛིན་ཚོམ་བུས་ས་སྟེང་མཛེས་བྱེད་ཤོག །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །བདུད་འཇོམས་པས་སོ། །ཆོ༷ས་ཀྱི་སྡོང་པོ་འཕྲུལ་པར་བཞེངས་པའི་དགེས། །ཆོ༷ས་པས་རྒྱལ་ཁམས་ཕན་བདེའི་དེད་དཔོན་མཛོད། །ཆོ༷ས་ལ་འབྲེལ་ཚད་འདིར་བདེ་ཕྱི་མར་སྐྱིད། །ཆོ༷ས་ཀྱིས་འཛམ་གླིང་ཡོངས་ལ་ཁྱབ་གྱུར་ཅིག །རྒྱལ་བའི་བཀའ་བསྡུ་རིགས་གསུམ་སེམས་དཔའ་མཆོ༷ག །མཆོ༷ག་ཏུ་ཟབ་པ་ནང་རྒྱུད་སྡེ་གསུམ་ལུག༷ས། །ལུག༷ས་བཞིན་རློམ་མོད་ནོངས་པའི་ཆ་མཆིས་པར༷། །པར༷་གཞི་སྒྲིག་པོར་དགོངས་འཆར་ལྷུག་པར་སྩོལ། །གདམས་ངག་ཟབ་མོ་འཕྲུལ་པར་བསྐྲུན་སྤེལ་གྱིས། །གསང་བ་བསྒྲགས་སམ་ཚིག་དོན་མི་འཚམས་པའམ། །གོ་རིམ་འཁྲུག་སོགས་ཉེས་པའི་ཆ་མཆིས་ན། །གནོངས་ཤིང་འགྱོད་པས་ལྷ་དང་སྲུང་མར་འཆགས། །བཀ༷འ་དང་བསྟན་བཅོས་མན་ངག་སྙིང་པོའི་བཅུད། །བཀ༷འ་མར་འདུས་སོ་དེར་འབྲེལ་རོགས་རང་ཀུན། །བཀ༷འ་བཞིན་བསྒྲུབ་པའི་དགེ་བ་ཀུན་བཟང་སར། །བཀ༷འ་ཡི་སྡུད་པོ་བྱང་ཆུབ་རྒྱ་མཚོས་སྨོན། །ཞེས་གངས་ལྗོངས་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས། རྫོགས་པ་ཆེན་པོའི་དཔེ་ཚོགས་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་གཞུང་ཕྱི་མོ་དང་རྒྱབ་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་རྩིས་འཕྲུལ་གྱི་པར་གཞི་ལེགས་པར་བཞེངས་སྐབས། མཁན་ཆེན་རྡོ་རྗེ་འཆང་བླ་མ་བཀའ་དྲིན་ཅན་མུན་སེལ་རིན་པོ་ཆེའི་མདུན་ནས་ཟབ་ཆོས་རྫོགས་པ་ཆེན་པོའི་སྔོན་འགྲོ་བློ་སྦྱོང་ཞག་བརྒྱ་དང་། འབུམ་ལྔ་ཚད་ལྡན་གྱིས་བསགས་སྦྱོང་སོང་རྗེས་དངོས་གཞི་ཁྲེགས་ཆོད་དང་། ཐོད་བརྒལ་གོ་རིམ་བཞིན་ཡོངས་སུ་རྫོགས་པ་ཐོབ་པས་ཚེ་དང་སྒྲུབ་པ་མཉམ་རིན་ཡོད་པའི་གདམས་ངག་ཟབ་མོ་ཞུས་མྱོང་ཡང་བསྒྲུབ་ཏུ་མ་བཏུབ་པས་ཤེས་རྒྱུད་ཐ་མལ་དུ་ལུས་པའི་གུས་སློབ་ཀུན་གྱི་ཡང་ཐ། ཤཱཀྱའི་དགེ་སྦྱོང་གི་གཟུགས་བརྙན་རྟགས་ཙམ་ཡང་འཛིན་མི་ནུས་ཀྱང་སྒྲོ་འདོགས་ཀྱི་མིང་ཐུབ་བསྟན་ལེགས་བཤད་བྱང་ཆུབ་རྒྱ་མཚོའམ། མདོ་སྨད་ཉག་ཨ་འཛི་རོང་གོར་མོ་རྨེ་ཁོག་རྟའི་གནམ་ཆར་སྐྱེས་དུས་སྨོན་པ་རྒྱུ་མཚན་དུ་བྱས་པའི་མིང་ཚེ་རིང་རྒྱ་མཚོར་འབོད་པའི་འདུ་ཤེས་གསུམ་པ་དེས། བོད་རབ་བྱུང་བཅུ་བདུན་པའི་ སྤྲེལ་ལོ་སྤྲེལ་ཟླ་ཚེས་བཅུ་ལ་འགོ་བཙུགས་ནས་བཀའ་མའི་རྩོམ་སྒྲིག་གི་མཇུག་བསྒྲིལ་བར་ཉེ་བའི་སྐབས་ཏེ་མེ་ཕག་ཟླ་ཚེས་དགེ་བར་གྲུབ་པར་བགྱིས་པ་ལགས་སོ།། །།བདག་ནི་ལྷག་བསམ་ཆེ་དྲག་དང་། །ཚེ་འདིའི་སྙན་དང་རྙེད་ཕྱིར་མིན། །ཕྱི་མར་རྣམ་སྨིན་རེ་མིན་ཡང་། །ལ་རྒྱས་བརྩོན་པས་བྱས་ཐལ་ལོ། །ཞེས་ཀྱང་སྨྲས་སོ། །
ནང་དོན་གནད་བསྡུས།
སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་ (4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་ (7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།


previousབཀའ་དྲིན་ཆེ་ཞུ།no next