Nitartha Digital Library
Tibetan
 
previousཐོག་མའི་གླེང་གཞི། next

ཐོག་མའི་གླེང་གཞི།

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། རྒྱུད་རྡོ་རྗེ་རྩེ་མོ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། ། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས། །ཞེས་པས། དམ་པའི་ཆོས། ཉན་དུས། འཆད་དུས། སྒྲུབ་དུས། སྒོམ་དུས་གང་གི་སྐབས་ཡིན་ཀྱང་། དང་པོ། རང་གི་སེམས་ཁ་ནང་དུ་ལོག་སྟེ་རང་རྒྱུད་ལ་བརྟག་དགོས་ཏེ། མི་ཞིག་ཡིན་ནས་བཟུང་ཡང་ན་མི་དགེ་བ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པའམ། ཡང་ན། ལུང་མ་བསྟན་གྱི་རྟོག་པ། ཡང་ན་དགེ་བའི་རྟོག་པ་དད་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཏེ་རྟོག་པ་དེ་གསུམ་མ་གཏོགས་སྐྱེ་མི་ཤེས་པས། མི་དགེ་བའི་རྟོག་པ་སྐྱེས་འདུག་ན་རང་གིས་རང་ལ་ཁྲེལ་བརྡས་ཏེ་རྟོག་པ་འབུར་འཇོམས་ཀྱིས། ཀོང་བུ་དྲོ་ཕྱིས་རྒྱོབས། ཕག་སྣ་གཏུན་བུས་བསྣུན་ཟེར་བ་བཞིན་མི་དགེ་བའི་རྟོག་པ་སྤངས། ལུང་མ་བསྟན་གྱི་རྟོག་པ་བཅོས། དགེ་བའི་རྟོག་པ་ཁྱད་པར་ཅན་གྱི་སྒོ་ནས་ཉན་འཆད་སྒོམ་སྒྲུབ་བྱེད་དགོས་མ་གཏོགས་ཕྱི་ལུས་ངག་གཉིས་བཅོས་ན་ཚུལ་འཆོས་སུ་འགྲོ་བས། ཆེད་དུ་བརྗོད་པའི་ཚོམ་ལས། རལ་བས་མ་ཡིན་དབྱུག་པས་མིན། །ཞེས་དང་། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པ་ལས ། ལུས་ངག་གཉིས་ཀྱི་ཚུལ་འཆོས་ན༑ ༑འདི་ནི་སངས་རྒྱས་བསྟན་པ་ཡིན། །མ་གསུངས་པས། མདོ་ལས། སེམས་དག་པས་ནི་ལུས་དག་པར་འགྱུར་གྱི། ལུས་ཆ་བས་ནི་སེམས་མ་ཡིན་ནོ། །གསུངས་པ་བཞིན་བནྡེ་རྣམས་ནི་གསོན་པོའི་སྐྱབས་འཇུག་ཞུ་ས། ཤི་པོའི་ར་མདའ་སྦྲན་རྒྱུ་ཡིན་པས་རང་གི་སེམས་ཀྱི་ནད་བཅོས་དགོས། སེམས་ཀྱི་ནད་ལས་དང་ཉོན་མོངས་པའི་ནད་བཅོས་རྫས་པོ་དམ་པའི་ཆོས་ཡིན། ཆོས་ཀྱི་སྒྲ་ཐོགས་ས་བཅུ་ཙམ་ཡོད་པ་ལས་འདི་ནི་དམ་པའི་ཆོས་ཞེས་པའི་དམ་སྒྲ་ཐོགས་པའི་ཆོས་དེ་ཡིན་ནོ། །ངེས་ཚིག་ནི་ནད་སྨན་གྱིས་བཅོས་པ་བཞིན་སེམས་མི་དགེ་བའི་ལོག་ལམ་ནས་འཆོས་པའི་དོན་གྱིས་ཆོས་བཅོས་འཆོས་རྣམས་དོན་གཅིག བཅོས་རྫས་ཆོས་དེ་ལ་ཡིད་ཆེས་དགོས་ཏེ་དམ་པའི་ཆོས་ནི་འཁོར་བ་དང་ངན་སོང་གི་འཇིགས་པ་མཐའ་དག་ལས་སྐྱོབས་པ་དང་། འདི་ཕྱི་གཉིས་ཀྱི་ཕན་པ་དང་བདེ་བའི་འབྱུང་ཁུངས་ཡིན་པས་ན་བསྟན་པ་དམ་པའི་ཆོས་ནི་འདི་ཕྱི་བར་དོ་གསུམ་ལ་མི་བསླུ་བར་ཤེས་ནས་ཡིད་ཆེས་དགོས་ཏེ། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ཞེས་དང་། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པའོ། །ཞེས་པས། དེ་ལྟ་བུའི་བསྟན་པ་དམ་པའི་ཆོས་དེ་སྟོན་པ་པོ་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །ཞེས་སྟོན་པ་བླ་ན་མེད་པ་མཚུངས་པ་མེད་པ་མཉམ་མེད་ཤཱཀྱའི་རྒྱལ་པོ། ཤཱཀྱ་སེང་གེ་ཆོས་སྐུའི་དུས་ན་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་རྡོ་རྗེ་འཆང་ཆེན། སྤྲུལ་སྐུའི་དུས་ན་ཤཱཀྱ་ཐུབ་པ་འགྲོ་བའི་མགོན་པོ་དེས་བསྟན་པ་ཡིན། སྟོན་པ་མཚུངས་པ་མེད་ཚུལ་བློན་པོ་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་རྡུལ་གྱིས་ཐུགས་བསྐྱེད་ཚུལ་དང་། བསྟན་པ་མཚུངས་པ་མེད་ཚུལ། ལེའུ་བདུན་མ་ལས། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལས། །ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱུང་། །ཞེས་པས་སྔོན་འདས་པའི་བསྐལ་བ་བྱེ་བའི་གོང་རོལ་ཏུ་བསྐལ་བ་ཀུན་བཀོད་ཞེས་བྱ་བར་སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་བྱུང་ལ། མ་འོངས་པའི་བསྐལ་བ་མེ་ཏོག་བཀྲམ་པ་ལ། སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་ཉིད་རྒྱ་ཆེར་འབྱུང་ལ། ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེར་བསྟན་ནས་བསྐལ་བ་དེ་གསུམ་མ་གཏོགས་འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༑ ༑འོ་ན་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། འདས་པའི་སངས་རྒྱས་རྣམས་ཀྱི་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ཞེས་པ་ཅི་ཞེ་ན། གསང་སྔགས་ཁྱབ་བརྡལ་དུ་མ་གྲགས་པ་ལ་དགོངས་སོ། །ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདིའི་མིང་ལ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་ཞེས་པ་བཟང་ཆེས་པས་མི་མཇེད་ཟེར་བ་མིན་ཏེ། ངན་ཆེས་པས་མི་མཇེད་ཟེར་ནི་ཡིན་པས། དེའི་སེམས་ཅན་རྣམས་རྒྱུད་འདོད་ཆགས་དང་མི་མཇེད། ཞེ་སྡང་དང་མི་མཇེད། གཏི་མུག་དང་མི་མཇེད་པས་མི་མཇེད་འཇིག་རྟེན་གྱི་ཁམས་ཟེར་རོ། །སྟོན་པ་མཚུངས་པ་མེད་པ་དེས། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །ཞེས་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞིག་གསུངས་པ་དེ་རྣམས་ཚུར་བསྡུ་ན། གསུང་རབ་ཡན་ལག་བཅུ་གཉིས་ལ་འདུ། དེ་རྣམས་སྡེ་སྣོད་གསུམ་ལ་འདུ། དེ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཞེས་པ་དེ་སྡེ་སྣོད་གསུམ་ལུང་གི་ཆོས་ཞེས། རྫ་མའི་ལུང་། སྒྲོ་བའི་ལུང་ཐག་ལྟ་བུའི་ཚིག་དེ་ལ་བརྟེན་ནས་རྟོགས་པའི་ཆོས་འབྱུང་དགོས་པས་ལུང་དང་། སྡེ་སྣོད་གསུམ་པོའི་བསྟན་དོན་ལམ་ལྷག་པའི་བསླབ་པ་གསུམ་ནི་རྟོགས་པའི་ཆོས་ཡིན། དེ་ལ་ལམ་ལྷག་པའི་བསླབ་པ་ཞེས་པ་ནི་ལྷག་པ་དེ་ནི་ཕྱི་རོལ་པའི་ཁྱི་དང་བ་ལང་གི་བརྟུལ་ཞུགས་དང་རང་རང་གི་ཏིང་ངེ་འཛིན་སོགས་ཡོད་ཀྱང་ལམ་དེས་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མི་འཐོབ། ནང་པ་སངས་རྒྱས་པའི་ལམ་ལྷག་པའི་བསླབ་པས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པས་ལྷག་པའི་བསླབ་པ་ཞེས་བྱའོ། །མདོ་སྔགས་གཉིས་ཀའི་ཆོས་ཐམས་ཅད་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་ར་བ་ལས་མི་འདའ། ཐེག་དམན་ལ་འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་གསུམ་རིམ་བཞིན་དེ་དག་གི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་གསུམ་མོ། །བྱང་ཆུབ་སེམས་དཔའི་ལམ་གྱི་རྩ་ལྟུང་གི་རབ་དབྱེ་སྟོན་པའི་བཀའ་ཐམས་ཅད་འདུལ་བའི་སྡེ་སྣོད། དེའི་བསྟན་དོན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་ཅིག་སྟོན་པའི་མདོ་ཐམས་ཅད་མདོ་སྡེ། དེའི་བསྟན་དོན་དལ་འབྱོར་རྙེད་དཀའ་བསྒོམ་པ་སོགས་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པ། སྟོང་ཉིད་བཅུ་དྲུག་གམ། ཉི་ཤུ་པོ་ཐམས་ཅད་ཀྱི་རྗོད་བྱེད་ཐམས་ཅད་མངོན་པའི་སྡེ་སྣོད། དེའི་བརྗོད་བྱ་ཐམས་ཅད་ཤེས་རབ་ཀྱི་བསླབ་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་གནས་རྣམས་ཀྱི་རྗོད་བྱེད་འདུལ་བའི་སྡེ་སྣོད། དེའི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ། བསྐྱེད་རྫོགས་ཐུན་མོང་བའི་རྗོད་བྱེད་མདོ་སྡེ། དེའི་བསྟན་དོན་ཏིང་ངེ་འཛིན་གྱི་བསླབ་པ། རྫོགས་པ་ཆེན་པོའི་རྗོད་བྱེད་རྣམས་མངོན་པའི་སྡེ་སྣོད། དེའི་བསྟན་དོན་ཤེས་རབ་ཀྱི་བསླབ་པའོ། །མདོར་ན་དེ་དག་གི་གཞུང་དང་བརྗོད་བྱ་རྣམས་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་ནང་དུ་མ་འདུས་པ་མེད་དོ། ། དེ་ལྟ་བུའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པ་པོ་དེ་སུ་ཡིན་ན། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །ཞེས་པས་དགེ་འདུན་པས་འཛིན་པ་མ་གཏོགས། འགྲོ་བ་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་དགུའི་བདག་པོ་དང་བཅས་པས་མི་འཛིན། འཛིན་པ་པོ་འཕགས་པའི་དགེ་འདུན་པ་ཡིན་ལ། དགེ་འདུན་དེའི་འཛིན་ལུགས་ལུང་གི་ཆོས་འཆད་ཉན་གཉིས་ཀྱི་སྒོ་ནས་འཛིན་དགོས། རྟོགས་པའི་ཆོས་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་འཛིན་དགོས། ང་རང་ཡང་དགེ་འདུན་པའི་གྲལ་དུ་ཚུད་དགོས་པས་བདག་ཅག་རྣམས་ཀྱི་ཁ་མར་འཁོར་ནས་འཇིག་རྟེན་པའི་རྒད་པོ་རྒན་མོ་རྣམས་དང་བསམ་སྤྱོད་མཐུན་པར་བྱས་ན༑ དེ་རྣམས་ཀྱིས་ཀྱང་བན་རུལ་བན་རུལ་ཟེར་འོང་བས་བནྡེ་རུལ་བ་ཟེར་བ། ཚུལ་ཁྲིམས་ལ་སྐྱོན་ཞུགས། ཏིང་ངེ་འཛིན་ལ་སྐྱོན་ཞུགས། ཤེས་རབ་ལ་སྐྱོན་ཞུགས་པ་ཡིན་པས། ད་དེ་མི་བྱེད་པར་ཁ་ཡར་ལ་འཁོར་ནས་བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན། བདག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བའི་ལམ་ནི་བསྟན་པ་དམ་པའི་ཆོས་རྒྱལ་བའི་ལུང་རྟོགས་ཀྱི་ཆོས་དེ་ཡིན། བདག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བའི་གྲོགས་རྗེ་བཙུན་འཇམ་དཔལ་དབྱངས་དང་ད་ལྟའི་ཆོས་ཐུན་འདིའི་གྲལ་དུ་བཞུགས་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཡིན་ཞེས། ཁྱི་མིག་ཐུར་བལྟས་མི་བྱེད་པར་བྱ་མིག་གྱེན་བལྟས་བྱས་ནས་རང་དགེ་འདུན་གྱི་གྲལ་དུ་བསྡད་ནས་ཆོས་བཙོང་ཞིག་ལ་ཁ་ས་མི་འཐེན་པར་ལུང་རྟོགས་ཀྱི་ཆོས་དེ་འཛིན་དགོས། དེའི་མིང་ལ་འདྲེན་པ་དགེ་འདུན་པ་ཟེར། དགེ་འདུན་ཞེས་པ་དེ་ཡང་ལམ་ལྷག་པའི་བསླབ་པ་གསུམ་ལ་ཐུགས་འདུན་པ་མ་གཏོགས། དེ་ལ་སྡིག་འདུན་པ་མི་ཟེར། ཚོང་འདུན་པ་མི་ཟེར། གྱོད་འདུན་པ་མི་ཟེར། དམེ་འདུན་པ་མི་ཟེར་རོ། །འདྲེན་པ་ནི་རང་གི་ཕྱི་སོའི་འཇིག་རྟེན་པ་རྣམས་ལ་རང་གྲོལ་བའི་ལམ་དེ་བསྟན་ནས་གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་ནས་དེ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ལག་པ་ནས་དྲངས་བ་ལྟར་འདྲེན་པས་འདྲེན་པ་དགེ་འདུན་པ་ཞེས་བྱའོ། །འཇིག་རྟེན་པ་རྣམས་ཀྱི་སྟོན་པ་རང་རང་གི་རྒྱལ་པོ་རྣམས་དང་། ལམ་མི་དགེ་བ་དང་། གྲོགས་མི་དགེ་བའི་གྲོགས་ཚོང་པ་རྐུན་མ་རྔོན་པ། མནའ་ཟ་གྲོགས། གཏམ་སྣོགས་གྲོགས། དགེ་འཇིག་གྲོགས་རྣམས་ཡིན་པས་བདག་དེའི་ལམ་ལ་འཇུག་མི་ཉན་པས་ད་ཁེ་ཉེན་ཤེས་པས་དེ་ལྟར་བྱེད་རེ་ཤི་སྙམ་པའོ། །དེ་ལ་རིན་ཆེན་རྣམ་གསུམ་ཞེས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །ཞེས་པས་དེ་རྣམས་དཀོན་མཆོག་གསུམ་ཞེས་འཇིག་རྟེན་ན་རིན་པོ་ཆེ་གསེར་དང་དངུལ་ཡིད་བཞིན་གྱི་ནོར་བུ་སོགས་མི་དཀོན་ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་ཡང་རྒད་པོ་བསོད་ནམས་ཆེན་པོ་རེས་ལོན་རྒྱུ་ཡོད། རྒྱལ་པོ་སྤྱན་མེད་འབྱོར་ལྡན་ནམ་ཨིནྡྲ་བྷཱུ་ཏིས་ཀྱང་ལོན་ཀྱང་། ཡིད་བཞིན་གྱི་ནོར་བུས་ཚེ་འདིའི་ཟས་གོས་གནས་མལ་ཡོ་བྱད་ཙམ་འབྱུང་བ་མ་གཏོགས། འདི་ཕྱི་གཉིས་ཀྱི་འཇིགས་དང་སྡུག་བསྔལ་མཐའ་དག་མི་སེལ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོས་འདི་ཕྱི་གཉིས་ཀྱི་འཇིགས་དང་སྡུག་བསྔལ་མཐའ་དག་སེལ། འདི་ཕྱི་གཉིས་ཀྱི་ཕན་བདེ་ལེགས་ཚོགས་ཐམས་ཅད་འབྱུང་བས། འཇིག་རྟེན་ན་དཀོན་མཆོག་རྣམ་གསུམ་ཞེས་དཀོན་པས་ན་དཀོན་མཆོག་ཟེར་རྒྱུ་རེད་མ་གཏོགས། མོད་མཆོག་ཟེར་ནི་མ་རེད། དེ་ལྟར་དཀོན་མཆོག་རྣམ་པ་གསུམ་གྱི་ཁོག་ཕུབ་ནས་དམ་པའི་ཆོས་ཉན་དུས་བཤད་དུས་སྒྲུབ་དུས་གང་གི་དུས་ཡིན་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ར་བ་ལས་མི་འདའ་བ་ཤེས་དགོས་ལ། ད་དེ་ལྟ་བུའི་དཀོན་མཆོག་རྣམ་པ་གསུམ་ལས་སངས་རྒྱས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་ཡིན། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །གསུངས་སོ། །ཆོས་ནི་སྐྱོབ་པ་པོ་ཡིན་མ་གཏོགས་སངས་རྒྱས་ཀྱིས་མི་སྐྱོབ་སྟེ་ལྷས་བྱིན་གྱིས་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐེ་བོང་ནས་བཟུང་སྟེ་གོའུ་ཏ་མ་འབར་རབ་ཏུ་འབར། ཚིག་རབ་ཏུ་ཚིག་ཞེས་སྨྲེ་ངག་བཏོན་པ་ན་ལྷས་བྱིན་ཁྱོད་སྙིང་ཐག་པ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་རྗོད་ཅིག་ཅེས་ཆོས་སྟོན་པ་མ་གཏོགས་སངས་རྒྱས་ཀྱིས་ཐར་པའི་སར་རྡོ་འཕེན་འཕེན་བྱེད་རྒྱུ་མེད་ན་རང་གི་ཆོས་ཞིག་མ་སྒྲུབ་ན་སུས་ཀྱང་ཐར་པའི་གོ་འཕང་དུ་འཕེན་རྒྱུ་མེད། ཆོས་འཛིན་པ་པོ་དེ་དགེ་འདུན་པ་ཡིན་པས་འཛིན་རྒྱུའི་ཆོས་དེ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞིག་ཡོད་པས་དེ་རྣམས་བསྡུ་ན་གསུང་རབ་ཡན་ལན་བཅུ་གཉིས། དེ་བསྡུ་ན་སྡེ་སྣོད་གསུམ། དེ་བསྡུ་ན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གཉིས་ལ་འདུ། དེ་ཐེག་པའི་དབང་དུ་བྱས་ན་འཇིག་རྟེན་པའི་ཐེག་པའམ། མངོན་མཐོ་ལྷ་མིའི་ཐེག་པ། འཇིག་རྟེན་ལས་འདས་པའི་ཐེག་པའམ་རྣམ་གྲོལ་གྱི་ཐེག་པ་ཞེས་བྱའོ། །འཇིག་རྟེན་པའི་ཐེག་པ་ཞེས་པ་ནི། འོག་མ་ངན་སོང་གསུམ་གྱི་གནས་ནས་མཐོ་རིས་ལྷ་མིའི་གོ་འཕང་ལ་ཐེག་པས་ན་འཇིག་རྟེན་པའི་ཐེག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཐེག་པ་དེ་ལ་གཉིས། ཐེག་དམན་ཉན་རང་གི་ཐེག་པ་ཞེས་དེའི་ལམ་དེས་ནི་ཞི་བ་ཉན་རང་གི་གོ་འཕང་ལ་ཐེག་པས་ན་ཉན་རང་གི་ཐེག་པ་ཞེས་བྱའོ། ། ཐེག་པ་ཆེན་པོའི་ཐེག་པ་ནི་མཐའ་གཉིས་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་ས་ལ་ཐེག་པས་ན་ཐེག་པ་ཆེན་པོ་ཞེས་བྱའོ། །ལམ་རིམ་དེ་རྣམས་ཀྱི་གཞུང་ངོས་འཛིན་ས་བོ་ནི་རྒྱལ་བའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་གཉིས་ཡིན། དེ་རྣམས་ནི་བཀའ་རྒྱ་ཆེ་ལུང་གྲངས་མང་མན་ངག་འཐོར་བུའི་ཚུལ་དུ་བཞུགས་པས་ཤེས་བྱའི་གནས་ལ་ཟད་པའི་མཐའ་མེད་སྙིགས་དུས་ཀྱི་ཚེ་ཐུང་ཞིག་གིས་སྒྲུབ་པ་ལྟ་ཞོག་དེ་རྣམས་ཤེས་པར་ཡང་མི་འགྱུར་ན། ས་ར་ཧས། བླ་མའི་མན་ངག་ཞེས་བྱ་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བས། །དེས་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་སྟེ་གདུང་ནས་འཆི་བར་ཟད། །ཅེས་པས། ད་དེ་གསུམ་པོ་དེ་ནི་ལམ་གྱི་རིམ་པ་ཞིག་ལ་བསྡུ་ན་འཇིག་རྟེན་པའི་ཐེག་པ་དེ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ། ཐེག་པ་དམན་པ་ཉན་རང་གི་ཐེག་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དེ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ། དེ་ལ་གསར་མའི་ལམ་རིམ་ཆུང་འབྲིང་ཆེ་གསུམ། ས་སྐྱའི་སྣང་གསུམ་རྒྱུད་གསུམ། རྙིང་མའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ་སོགས་ཡིན། དེ་ལྟར་བླ་མའི་མན་ངག་གི་སྟེང་ནས་ཤེས་དགོས། དེ་ལ་སྐྱེས་བུ་ཆེན་པོའི་ལམ་རིམ་མམ་ཐེག་པ་དེ་ལ་རིང་ལམ་མཚན་ཉིད་ཐེག་པ། ཉེ་ལམ་རྡོ་རྗེ་ཐེག་པ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་གསུམ། བདམ་ཁ་ཞིག་བྱེད་ན། རིང་ལམ་ནི་བསྐལ་པའི་མཐའ་རྫོགས་པའི་སངས་རྒྱས་སྒྲུབ་ནི་རེད། དེ་ནི་རིང་ཡོད་ཁི། ཉེ་ལམ་རྡོ་རྗེ་ཐེག་པ་ལ་ནང་གསེས་རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ལས། ཕྱི་རྒྱུད་ཀྲཱྀ་ཡོག་སྡེ་གསུམ་གྱིས་མི་ཚེ་ལྔ་དང་བདུན་དང་བཅུ་དྲུག་གིས་སངས་རྒྱས་སྒྲུབ་ཀྱང་དེ་ཡང་བསླབ་མི་ནུས། ཉེ་ལམ་མ་ཧཱ་ཨ་ནུ་གཉིས་ཀས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་གྲུབ་ནི་རེད་ཀྱང་། བསྐྱེད་རིམ་གྱི་ལྷ་མཛུབ་བུ་ཙམ་ཡང་ཡིད་ལ་འཆར་ཁ་མི་ཉན། རྫོགས་རིམ་གྱི་རླུང་ཁུག་གཅིག་ཀྱང་མི་ཟིན་ན་དེ་ཡང་སྒྲུབ་དཀའ་བས། ད་འོད་གསལ་རྫོགས་པ་ཆེན་པོ་ལོ་དང་ཟླ་བས་ཟུང་འཇུག་གི་གོ་འཕང་འགྲུབ་པས་རེ་ཞིག་སྒྲུབ་དགོས་བསམ་ན་བླ་མའི་མན་ངག་ལ་ལྟོས་ནི་མ་གཏོགས་སྒྲུབ་མི་ཤེས་པས། ས་ར་ཧས། བླ་མའི་མན་ངག་ཞེས་བྱ་བདུད་རྩིའི་རོ། །གང་ལ་སེམས་མཉམ་འཇོག་པ་དེ་ཙམ་ཞིག ། ཅེས་པས་བླ་མའི་མན་ངག་གི་སྒོ་ནས་ཉམས་སུ་བླང་དགོས། ད་རྫོགས་པ་ཆེན་པོ་དེ་ལ་རྒྱུད་ཀྱི་ལྡང་ཚད་ཀྱི་དབང་གིས་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི། དེ་བསྡུ་ན་སེམས་ཀློང་མན་ངག་གི་སྡེ་གསུམ། མན་ངག་གི་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། ཞེས་པས་ཕྱི་ནང་ཐམས་ཅད་ཀ་དག་ཁྲེགས་ཆོད་གཏན་ལ་དབབ་པ་ལ་ཧ་ལམ་འདྲ་ཡང་ལྷུན་གྲུབ་ཐོད་རྒལ་གཏན་ལ་དབབ་པ་ལ་ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ། བར་དོའི་འཆར་ཚུལ། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། ཞེས་པས་ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲོད་པ་ཙམ་བཤད་ཀྱང་གཞིའི་གནས་ཚུལ། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། ཞེས་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད་ལ། འདི་ནི། ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུ་བཞིན། ཞེས་པས། གཞི་གདོད་མའི་གནས་ལུགས་ལམ་ལྟ་སྒོམ་སྤྱོད་པ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པའོ། ། ཡང་གསང་བླ་ན་མེད་པ་དེ་ལ་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ། རྒྱ་ཆེ་བ་པཎྜི་ཏའི་སྐོར་དང་། ཟབ་པ་ཀུ་སཱ་ལིའི་སྐོར། དང་པོ་ནི། ཀློང་ཆེན་མཛོད་བདུན། ཕྱི་མ་ལ། པདྨའི་མཁའ་འགྲོ་སྙིང་ཐིག་དང་། བི་མའི་གསང་བ་སྙིང་ཐིག་སྟེ་མ་གཉིས། བུ་མཁའ་འགྲོ་ཡང་ཐིག་དང་བླ་མའི་ཡང་ཐིག་གཉིས། དེ་གཉིས་ཀའི་ཡང་ཏིག་ཟབ་མོ་ཡང་ཏིག དེ་དག་གི་དགོངས་ཉམས་གཅིག་ཏུ་དྲིལ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག དེ་ལ་གཞི་ལམ་འབྲས་བུ་གསུམ་ལས། འདི་ལམ་རྫོགས་པ་ཆེན་པོ་དེ་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས། དེ་ལ་སྨིན་བྱེད་ཀྱི་དབང་རྣམས་ཐོབ་ཟིན་པའི་དབང་དུ་བྱས། ཁྲིད་ལའང་སྔོན་འགྲོ་དང་དངོས་གཞིའི་ཁྲིད་གཉིས་ལས་ཕྱི་མ་ལ་དངོས་གཞི་ཐུན་མོང་བ་བསྐྱེད་རྫོགས་གཉིས་ཀྱི་ཁྲིད། ཐུན་མོང་མ་ཡིན་པ་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གཉིས།


previousཐོག་མའི་གླེང་གཞི། next