Nitartha Digital Library
Tibetan
སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས་བཞུགས་སོ། །


   
   
  collapse section
   
   
   
   
   
ལྔ་པ། ཐར་བའི་ཕན་ཡོན།
   
  collapse section
   
   
   
   
   
   
   
   


 
previousལྔ་པ། ཐར་བའི་ཕན་ཡོན། next

ལྔ་པ། ཐར་བའི་ཕན་ཡོན།

ད་འཁོར་བ་མཐའ་དག་ལ་བློ་ལྡོག་ནས་འགྲོ་ས་བཙལ་དགོས་པས་ཐར་པའི་ཕན་ཡོན་བསམ་དགོས། དེ་ལྟར་བློ་ལྡོག་རྣམ་པ་བཞིས་འཁོར་བ་མཐའ་དག་ལ་བློ་ལྡོག་ནས་ཐར་བའི་ཕན་ཡོན་བསམ་པ་ལ་སྔོན་འཁོར་བ་བདེ་བར་བཟུང་ནས་སྡུག་བསྔལ་བར་མ་མཐོང་ཡང་ད་འཁོར་བའི་ཉེས་དམིགས་བསམ་ནས་ཐར་པའི་ཕན་ཡོན་དྲན་པས་བྱང་ཆུབ་གསུམ་གྱི་གོ་འཕང་དེའི་ཡོན་ཏན་ཞི་བ་བསིལ་བ་གྱ་ནོམ་པ་སྤང་བ་དང་རྟོགས་པའི་ཡོན་ཏན་རྣམས་དྲན། དེ་ལ་བདམས་ང་ཞིག་བྱེད་ན། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་དགོས་དལ་འབྱོར་རྙེད་དཀའ་སོགས་བསམ་ནས་དེ་རྙེད་པར་དཀའ་བའི་ཕན་ཡོན་སོགས་དྲན། སྐྱབས་འགྲོ་སོགས་ནས་དངོས་གཞིའི་ཡོན་ཏན་རྣམས་དྲན་དགོས། ད་ཐར་པ་བྱང་ཆུབ་གསུམ་གྱི་གོ་འཕང་ཞིག་བསྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་འདུས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དྲན་དགོས་དེ་ལ་ཐར་པ་བྱང་ཆུབ་གསུམ་གྱི་ལམ་གྱི་རྟེན་ལུས་རྟེན་ཞིག་ལོན་དགོས་པས། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཉམས་སུ་བླང་དགོས་དེ་ལ་ཐེག་པ་འཇིག་རྟེན་པའི་ཐེག་པ་ཀུན་སློང་མངོན་མཐོ་དོན་གཉེར་གྱི་ཀུན་སློང་དགེ་རྩ་བསོད་ནམས་ཆ་མཐུན་ནམ་སྲིད་པ་སྒྲུབ་པའི་ལས་ཡིན། ལྟ་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན། དགེ་བའི་རྩ་བ་དེ་རྣམས་མདོར་བསྡུ་ན་ངེས་བྱུང་གི་བསམ་པས་མ་ཟིན་སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཅི་བསྒྲུབ་ན་སྐྱེས་བུ་ཆུང་ངུའི་དགེ་རྩ་ཡིན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དེ་བསྒོམ་ན་འབྲས་བུ་ལྷ་མིའི་གོ་འཕང་ཐོབ། སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ཇི་ལྟར་ཡིན་ན་སངས་རྒྱས་ཀྱི་བཀའི་ནང་གསེས་འཇིག་རྟེན་ལས་འདས་པའི་ཐེག་པ། ཀུན་སློང་རང་འདོད་ཡིད་བྱེད་ཀྱི་བསམ་པ་ཀུན་སློང་ཡིན། དགེ་རྩ་ཐེག་དམན་ཐར་པ་ཆ་མཐུན་ཡིན། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་ཆོས་བསླབ་པ་གསུམ། འདུལ་བའི་བསྟན་དོན་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་བསྟན་དོན་མི་སྡུག་པ་སོགས་ཏིང་ངེ་འཛིན་གྱི་བསླབ་པ། མངོན་པའི་བསྟན་དོན་གང་ཟག་གི་བདག་ང་ཞེས་བྱ་བ་གང་ན་འདུག་བརྟག་ན་ཕུང་པོ་ལྔ་དང་ཁམས་དྲུག་ལ་སོགས་པ་གཅིག་དང་ཐ་དད་དུ་བརྟག་ན་གང་ཟག་གི་བདག་མེད་པར་རྟོགས། ཆོས་ཀྱི་བདག་རགས་པ་མེད་པར་རྟོགས། དེ་ཤེས་རབ་ཀྱི་བསླབ་པ་ཡིན་པས་དེ་ཡུན་རིང་པོར་མི་ཚེ་གསུམ་དང་ལོ་སྟོང་ལ་སོགས་པ་གོམས་པས་འབྲས་བུ་ལྷག་བཅས་ལྷག་མ་མེད་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །རང་རྒྱལ་ནི་ལྟ་བ་ཅུང་ཟད་ཙམ་མ་གཏོགས་ཉན་ཐོས་དང་འདྲའོ། །མདོར་ན་ངེས་འབྱུང་གི་བསམ་པས་ཟིན། སྟོང་ཉིད་ཉི་ཚེ་བའི་རྟོགས་པས་ཟིན་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་རྒྱ་ཆེ་ཆུང་གང་བསྒྲུབ་ཀྱང་ཐེག་དམན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡིན། ད་སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་པས། སྐྱེ་བ་སྔོན་མ་དེས་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་པས་ད་ལྟའི་ལུས་འདི་ཐོབ། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་རགས། །ཞེས་པས། རང་ལ་རགས་ལས་པས། རང་གི་མངོན་མཐོ་དང་ཉན་རང་གི་ལམ་རྣམས་བསྒྲུབ་དགོས་མི་འདུག་པས། གང་བ སྒྲུབ་དགོས་ན་སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པས། དེ་སྒྲུབ་པར་བྱེད་པ་ལ་སྐྱེས་བུ་ཆེན་བོའི་ལམ་ལ་ཞུགས་དགོས། དེ་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེན་པོ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཀུན་སློང་བྱང་ཆུབ་ཀྱི་སེམས་དགེ་རྩ་ཐེག་ཆེན་ཐར་པ་ཆ་མཐུན་དེ་གང་ཡིན་ན། རིང་ལམ་གྱི་ཚོགས་གཉིས། ཉེ་ལམ་གྱི་བསྐྱེད་རྫོགས་གཉིས། མྱུར་ལམ་གྱི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཏེ་ལྟ་བ་ཆེན་པོ་གསུམ་གྱི་ལྟ་བ་དེ་ལྟ་བུ་རྟོགས་སྒོམ་མཐར་ཕྱིན་ན། མདོ་ལུགས་ལ་སངས་རྒྱས་དང་། སྔགས་ཀྱི་ལུགས་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་འབྲས་བུ་ཡིན་ནོ། །མདོར་ན་ངེས་འབྱུང་གི་བསམ་པས་ཟིན། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་རྒྱ་ཆེ་ཆུང་གང་བ སྒྲུབ་ན་ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡིན། དེ་ལ་བདམས་ང་བྱས་ནས་རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ལས། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་དགོས། རིང་ལམ་མཚན་ཉིད་ཐེག་པས་བསྐལ་བ་གྲངས་མེད་གསུམ་སོགས་ཀྱི་བར་དུ་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་པར་བྱེད་པ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བཤད་པ་ལྟར། སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད། ཞིང་ཁམས་རྒྱ་མཚོ་ལྟ་བུ་སྦྱོང་བ། སངས་རྒྱས་རྒྱ་མཚོ་ལྟ་བུ་མཆོད་པས་ཐུགས་སུན་པར་མ་བྱས་མགུ་བར་བྱས་ནས་ཚོགས་གཉིས་རྒྱ་མཚོ་རྫོགས་པར་མ་བྱས་པར་སངས་རྒྱས་ཐོབ་པ་མིན་ལ། ཉེ་ལམ་རྡོ་རྗེ་ཐེག་པས་སྨིན་བྱེད་ཀྱི་དབང་ལ་དང་པོ་བྱ་རྒྱུད་སོགས་གསུམ་ལ་ཐུན་མོང་རིགས་ལྔའི་དབང་གིས་སྨིན་པར་བྱས་ནས་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ་མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་ནས་མི་ཚེ་གསུམ་མམ་ལྔའམ་བདུན་གྱིས་སངས་རྒྱས་བསྒྲུབ་པ་ཡིན་ལ། མ་ཧཱ་དང་ཨ་ནུ་གཉིས་ཀ་སྨིན་བྱེད་དམ། འཇུག་སྒོའམ་སྡོམ་ཆོག་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས། ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་བསྒོམས་ནས་མི་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་བསྒྲུབ་པ་ཡིན་ལ། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱིས་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་ཐོབ། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ལམ་ཉམས་སུ་བླངས་པས་ལོ་དང་ཟླ་བས་འཕོ་བ་ཆེན་པོའི་སྐུ་བསྒྲུབ་པ་ཡིན་པས་རིང་ལམ་སོགས་ལས་མྱུར་ལམ་ཉམས་སུ་ལེན་དགོས་སོ། །


previousལྔ་པ། ཐར་བའི་ཕན་ཡོན། next