Nitartha Digital Library
Tibetan
 
previousདང་པོ། སྐྱབས་སུ་འགྲོ་བ། next

དང་པོ། སྐྱབས་སུ་འགྲོ་བ།

གཉིས་པ་ཐུན་མིན་སོགས་ནི་བསྡུ་བ་རྣམ་པ་བཞིའི་ནང་ཚན་དོན་སྤྱོད་པ་ཡིན་ལ། དེ་ལ་དྲུག་ལས་དང་པོ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི། ལམ་ཐམས་ཅད་ཅེས་པ་མང་ཚིག་ཡིན་པས་དེ་གང་ཡིན་ན། མདོ་སྔགས་གཉིས་ཀྱི་ལམ་ཐམས་ཅད་ཀྱི་སྔོན་ལ་སྐྱབས་འགྲོ་དགོས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི༑ ༑སྐྱབས་སུ་མ་སོང་པ་ལ་མེད། །ཅེས་པས། ཕྱི་རོལ་པ་ཀུན་ལ་སྡོམ་པ་རེ་ལེན་རྒྱུ་ཡོད་མོད་ཀྱང་། སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པར་དགེ་བའི་སྡོམ་པ་རྣམ་པར་དག་པ་ཞིག་མེད་པས། དེ་ལ་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཞིག་རྒྱུད་ལ་བརྟེན་པར་བྱེད་པ་ལ། དེའི་རྟེན་ཏིང་ངེ་འཛིན་དགོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་བཞིན་དུ། དེའི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། ཚུལ་ཁྲིམས་བླང་དགོས་ན། དང་པོ་སྐྱབས་འགྲོ་རྩོམ་བྱེད་དུ་མ་བྱས་པར་སྡོམ་པ་ཞུ་བའི་ཐབས་མེད་པས་སོ། །སྐྱབས་འགྲོའི་ངེས་ཚིག་ནི། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འཛིན་པར་ཁས་བླངས་ནས་དམ་བཅའ་བ་ཡིན། དཔེར་ན་བྱིས་པ་ཁྱིས་དེད་པས་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་དང་འདྲ། ཁྱད་པར་ཐེག་པ་ཆེན་པོའི་ལུགས་ལ་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་ཡིན། དང་པོ་ལམ་ཐམས་ཅད་ཀྱི་སྒོ་ཕྱེ་བ་སྐྱབས་འགྲོ་ཡིན་ལ། སྐྱབས་འགྲོའི་སྒོ་དབྱེ་བ་དད་པ་ཡིན་ཅིང་། དད་པ་དེ་ལ་དབྱེ་ན་བཞི་ལས། དང་པོ་དང་བའི་དད་པ་ལ་རྒྱུ་མཚན་ཤེས་མི་དགོས་ལ༑ ཡུལ་སྐུ་གཟུགས་དང་། ཆོས་པུ་སྟི་དང་། དགེ་འདུན་པ་གོས་དམར་སེར་གྱི་ལྷན་པ་གྲུ་བཞི་ཡན་ཆད་འཆང་བ་ཞིག་གིས་གོ་ཆོད། འདོད་པའི་དད་པ་ལ། འཁོར་བའི་ཉེས་དམིགས་ཤེས། ཐར་པའི་ཕན་ཡོན་དྲན་ནས་དེ་ཐོབ་འདོད་ཀྱི་བསམ་པ་དེ་ཡིན། ཡིད་ཆེས་པའི་དད་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དེ་ཡིན། དེ་སངས་རྒྱས་ལ་ཤེས་པའི་དད་པ། ཆོས་ལ་ཤེས་པའི་དད་པ། དགེ་འདུན་ལ་ཤེས་པའི་དད་པ་སྟེ་རྒྱུ་མཚན་ཤེས་དགོས་ཤིང་། དེ་ཡང་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་སོགས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་དགོས་ཏེ། དཀོན་མཆོག་གསུམ་དང་ཁྱད་པར་བླ་མ་ལ་མི་བསླུ་བར་ཤེས་ནས་ཡིད་ཆེས་པ་ཡིན། དེ་ལྟ་བུའི་སྒོ་ནས་སྐྱབས་སུ་འཛིན་པ་དེ་ནི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཟེར་བས་གོང་དུ་སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་སོགས་ཀྱི་དོན་ཡིན་པས། དང་པོ་སྐྱབས་སུ་མ་སོང་བར་སྡོམ་པས་རྒྱུད་བསྡམ་པ་མེད་ཅིང་། དེ་མེད་ན་ཚུལ་ཁྲིམས་བསྲུང་བའང་མེད་ལ། ཚུལ་ཁྲིམས་བསྲུང་བ་མེད་ན་ལམ་གྱི་ཆོས་ཐམས་ཅད་བསྒྲུབ་པའི་ཐབས་མེད་པས། དེ་ལྟ་བུའི་དད་པ་རྣམ་པ་བཞི་ལས་ཡིད་ཆེས་པའི་དད་པའམ་ཕྱིར་མི་ལྡོག་པའི་དད་པས་གཞི་བཟུང་ནས། རང་ངོས་ནས་དད་པ་ཡོད་ན་ཡུལ་ལ་བཟང་ངན་མེད་དེ་རྒན་མོ་ཁྱི་སོས་སངས་རྒྱས་པའི་དཔེ་ལྟར་ཡིན། སྐྱབས་འགྲོའི་དབྱེ་བ་ལ་སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུའི་བསམ་པའི་ཁྱད་པར་རང་ཉིད་ངན་སོང་གསུམ་ལས་ཐར་ནས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དུས་ཀྱི་ཁྱད་པར་དུས་ཉི་ཚེ་བ་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ལྷ་མིའི་གོ་འཕང་མ་ཐོབ་བར་དུའོ། ། ཡུལ་གྱི་ཁྱད་པར་སངས་རྒྱས་དཀོན་མཆོག་གི་སྐུ་གཟུགས། དམ་པའི་ཆོས་གླེགས་བམ་བརྩེགས་པ། དགེ་འདུན་ཀྱང་འཕགས་པ་མི་དགོས་པར་སོ་སྐྱེའི་དགེ་འདུན་ཚུལ་ཁྲིམས་ལྡན་པ་ཙམ་ལས་རྒྱུ་མཚན་ཆེར་ཤེས་མི་དགོས། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དེ་ལ་ནང་པའི་སྐྱེས་བུ་ཆུང་ངུས་དཀོན་མཆོག་ལ་སྐྱབས་སུ་འཛིན་ཅིང་། ཕྱི་པའི་སྐྱེས་བུ་ཆུང་ངུས་མི་འཛིན་པའི་ཁྱད་པར་ཡོད། སྐྱེས་བུ་འབྲིང་ཉན་རང་གཉིས་ཡིན་ལ༑ དེས་ནི་རྒྱུ་མཚན་ཤེས་དགོས་ཏེ། བསམ་པའི་ཁྱད་པར་སྲིད་པ་རིགས་དྲུག་པོ་སྡུག་བསྔལ་དུ་ཤེས་ནས་དེ་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བསམ་པ་དེ་ནི་བསམ་པའི་ཁྱད་པར། དུས་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར། སངས་རྒྱས་ཀྱང་ཉན་རང་དགྲ་བཅོམ་པ་ཞིག་ལས་སྤངས་རྟོགས་མཐར་ཕྱིན་པའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཡིན་པར་མི་འདོད་ལ། མཁྱེན་པའི་ཡེ་ཤེས་དང་མཚན་དཔེའི་ཡོན་ཏན་གྱིས་བརྒྱན་ཅིང་ཉན་རང་ལས་འཕགས་པ་ནི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་། རིགས་འཁོར་ལོས་བསྒྱུར་བའི་རིགས་སུ་འཁྲུངས་པའི་སྟོབས་ལས་བྱུང་བ་ཡིན། དེའི་སྐུ་དེ་ནི་སྐྱབས་སུ་འགྲོ་བའི་ཡུལ་མིན། རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་པའི་རང་བཞིན་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་མའི་ས་བོན་ལས་བྱུང་བ་ཡིན་པས་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས། ཆོས་ཐེག་པ་ཆེན་པོ་ཞེས་པ་ནི་མེད་ལ་སངས་རྒྱས་ཀྱིས་ཀྱང་མ་གསུངས། ཐེག་པ་དམན་པའི་སྡེ་སྣོད་གསུམ་དང་བསླབ་པ་གསུམ་ཡིན། དེ་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་ཆོས། དེ་ལ་ལམ་དང་འགོག་པའི་བདེན་པ་གཉིས་ལས་འགོག་པའི་བདེན་པ་དེ་སྐྱབས་སུ་འགྲོ་བའི་ཡུལ་ཡིན། དགེ་འདུན་ལ་སོ་སྐྱེ་དང་འཕགས་པ་གཉིས་ལས་འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་བའི་འཕགས་པའི་དགེ་འདུན་ཡིན་ལ། དེའི་སྐུ་ལུས་ནི་རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་བའི་རང་བཞིན་ཡིན་པས་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས། སངས་རྒྱས་ནི་དགྲ་བཅོམ་པ་ཞིག་ཡིན་པར་འདོད་པས་སྟོན་པ་སངས་རྒྱས་དཀོན་མཆོག་ཡིན་ཞེས་འདོད། དེའི་སྐྱབས་སུ་འགྲོ་ཚུལ་ནི་འོག་ནས་བཤད་པ་ལྟར་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ཡིན། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར་བདག་རང་གི་དོན་མ་ཡིན་པར། གཞན་དོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསམ་པ་སྟེ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ལ། དུས་ཀྱི་ཁྱད་པར་དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། བྱང་ཆུབ་ཐོབ་དུས་ནའང་སྐྱབས་སུ་འགྲོ་ཨེ་དགོས་སྙམ་ན། དེའི་དུས་སུ་བདག་ཉིད་སྟོབས་བཅུའི་སྟོབས་དང་ལྡན། དབང་བཅུའི་དབང་གིས་ཕྱུག་པས་རང་ཉིད་འཇིགས་པ་ཐམས་ཅད་དང་བྲལ་ལ། གཞན་སྐྱོབས་པའི་ནུས་པ་དང་ལྡན་པས་དེའི་དུས་སུ་སྐྱབས་སུ་འགྲོ་མི་དགོས་སོ། །ཡུལ་གྱི་ཁྱད་པར། སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས་གཉིས། དགེ་འདུན་འཕགས་པ་ས་དང་པོ་ནས་ས་བཅུའི་རྒྱུན་གྱི་ཐ་མའི་བར་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ་ཐུན་མོང་ཕྱིའི་སྐྱབས་ཡུལ་དཀོན་མཆོག་གསུམ། ཐུན་མིན་ནང་གི་སྐྱབས་ཡུལ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོའི་སྐྱབས་ཡུལ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་དང་གསུམ། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་ཡུལ། དཀོན་མཆོག་གསུམ་དངོས་བདེ་གཤེགས་ཞེས་པས། ཆོས་དང་དགེ་འདུན་གཉིས་གནས་སྐབས་ཀྱི་སྐྱབས་ཡུལ་དང་། མཐར་ཐུག་གི་སྐྱབས་གཅིག་པུ་དཀོན་མཆོག་ཀུན་འདུས་སངས་རྒྱས་ཉག་མ་གཅིག་པུ་དེ་ཡིན་ཏེ། བྱམས་པས། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་དགེ་འདུན་ནི། །གཏན་གྱི་སྐྱབས་ཡུལ་མ་ཡིན་ནོ། །ཞེས་པས། ལུང་གི་ཆོས་ནི་དོན་རྟོགས་དགོས་པས་དོན་ཇི་བཞིན་རྟོགས་དུས་ཚིག་ལ་དགོས་པ་ཆུང་བས་ཆུ་བརྒལ་ཟིན་དུས་གྲུ་ཁུར་མི་དགོས་པ་བཞིན་སྤངས་བའི་ཕྱིར་དང་། རྟོགས་པའི་ཆོས་ནི་ལམ་གོང་མ་གོང་མ་ཐོབ་དུས་སྔ་མ་སྤང་པའམ་བསླུ་བ་སྟེ་མི་རྟག་པའི་ཕྱིར་དང་། མེད་པའི་ཕྱིར་དེ་ཉན་རང་འཕགས་པ་ལ་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱི་ཡོན་ཏན་མེད་པའི་ཕྱིར་བྱང་སེམས་འཕགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། བྱང་སེམས་སོ་སོའི་སྐྱེ་བོ་རྣམས་ད་དུང་ངན་སོང་གི་འཇིགས་པ་དང་བཅས་པའི་ཕྱིར་གཏན་གྱི་སྐྱབས་ཡུལ་མ་ཡིན་ལ། མཐར་ཐུག་གི་སྐྱབས་སངས་རྒྱས་དེ་ཉིད་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ། ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་པ་བཞིན། ཐུབ་པ་ནི། སྟོན་པ་སངས་རྒྱས་དཀོན་མཆོག་དང་། །ཆོས་ནི་རྟོགས་པ་ཆོས་སྐུ་དང་། །བསྟན་པ་ཆོས་སྐུ་གཉིས་ཡིན་ལ༑ ༑ཐུགས་རྒྱུད་ཡོན་ཏན་གྱི་ཆོས་དང་མི་ཕྱེ་མི་འབྱེད་པ་ནི་དགེ་འདུན་ཏེ་དོན་ལ་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཁོ་ན་ཡིན་ནོ། །རྩ་བ་གསུམ་དང་། རྩ་རླུང་ཐིག་ལེ་རྣམས་འོག་ཏུ་འཆད་པ་དེ་ཡིན་ལ། སྐབས་འདིར་བསྟན་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་དེ་རྫོགས་པ་ཆེན་པོའི་སྐྱབས་ཡུལ་ཡིན་ཏེ། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པ་རང་བཞིན་བྱང་ཆུབ་ཀྱི་སེམས་འོད་གསལ་བའི་ཡེ་ཤེས་ཡིན་ལ། གཅིག་ཏུ་བསྡུ་ན། མདོ་ལྟར་ན་བདེ་བར་གཤེགས་པའི་སྙིང་པོ། སྔགས་ལྟར་ན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག གཉིས་སུ་དབྱེ་ན། ཀ་དག་སྟོང་པ་ཆེན་པོའི་ཡེ་ཤེས་དང་། ལྷུན་གྲུབ་སྣང་བའི་ཡེ་ཤེས་གཉིས། གསུམ་དུ་དབྱེ་ན། ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ། དེ་ལ་ཕྱི་གསལ་གྱི་ཐུགས་རྗེ་དང་ནང་གསལ་གྱི་ཐུགས་རྗེ་གཉིས་ལས། ནང་གསལ་གྱི་ཐུགས་རྗེ་སྣང་སྟོང་དབྱེར་མེད་པའི་བདག་ཉིད་དེ་རྣམ་གསུམ་དབྱེར་མེད་ཆེན་པོ་དེ་ཡིན། དུས་ཀྱི་ཁྱད་པར་རྒྱུ་མཚན་ཉིད་ཐེག་པ་ལྟར་ན་ཕྱིའི་བྱང་ཆུབ་སྙིང་པོ་བྱང་ཆུབ་ཤིང་གི་དྲུང་དུ་མ་བཞུགས་ཀྱི་བར་དང་། ནང་གི་བྱང་ཆུབ་སྙིང་པོ་རིག་པ་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་མ་གྱུར་པའམ། སྔགས་ལྟར་ན་ནམ་མཁའ་ལྷའི་འཁོར་ལོར་མ་སད་པ་དེ་སྲིད་དུ་སྐྱབས་སུ་འགྲོ་བ་ཡིན། དེ་ལྟ་བུའི་ཁྱད་པར་གསུམ་ལྡན་གྱིས་སྐྱབས་སུ་འགྲོ་བ་དེ་ལ། རྒྱུ་སྐྱབས་དང་། འབྲས་སྐྱབས་གཉིས་ལས། རྒྱུ་སྐྱབས་དེ་ལ་དབྱེ་ན་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་དང་། མཚན་ཉིད་པ་ལམ་རྗེས་སུ་བསྒྲུབ་པའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི། སྟོན་པ་ལམ་གྲོགས་སུ་ཤེས་པའི་སྒོ་ནས་ཁྱད་པར་གསུམ་དང་ལྡན་པར་སྐྱབས་སུ་འགྲོ་བས་སྐྱབས་འགྲོ་འབུམ་ཕྲག་ལ་སོགས་པ་འདོན་པ་དེ་ཡིན་ལ། ལམ་རྗེས་སུ་བསྒྲུབ་པ་ནི། ཁས་བླངས་པ་དེ་ལྟར། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་སྦྱོར་བ་ཉམས་ལེན་གྱི་སྒོ་ནས་བསྒྲུབ་པ་ཡིན། འབྲས་སྐྱབས་ནི་མདོ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་སམ་འདི་སྐབས་ཀྱི་བསམ་པའི་ཁྱད་པར་དེ་ཡིན། སྔགས་ཀྱི་འབྲས་སྐྱབས་རང་བྱུང་གི་ཡེ་ཤེས་རྣམ་གསུམ་དབྱེར་མེད་ཆེན་པོ་དེ་ཡིན་ལ་དེ་ལྟ་བུའི་གནས་ལུགས་དེ་རྟོགས་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབས་པ་སྔགས་ཀྱི་མཚན་ཉིད་ཅེས་པ་བཞིན་མཚན་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་མཚན་མེད་རྣམ་པར་མི་རྟོག་པའི་ཀློང་དུ། རང་ཞིག རང་གྲོལ། རང་ཆད། རང་ཐིམ། རང་དག་སྟེ་སྐྱོབས་པས་ན་འབྲས་བུའི་སྐྱབས་འགྲོའམ། ཡང་ན་མཚན་ཉིད་ཐེག་པས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས་དེ་རང་རྒྱུད་ལ་ཐོབ་འདོད་ཀྱི་དམ་བཅའ་བ་དེའམ། སྔགས་ཀྱིས་འབྲས་བུ་ལམ་དུ་བྱེད་པས་འབྲས་བུ་སྐུ་གཉིས་ཀྱི་གཟུགས་སྐུ་ལམ་བྱེད་ཐབས་བསྐྱེད་པའི་རིམ་པ་དང་། ཆོས་སྐུ་ལམ་བྱེད་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས་འབྲས་བུ་སྐུ་གསུམ་གྱི་མཛད་པ་ལམ་དུ་བྱེད་པས་འབྲས་སྐྱབས་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་སྐྱེས་བུ་གསུམ་གྱིས་སྐྱབས་སུ་འགྲོ་ཚུལ་ལས་སྐབས་འདིར། སྐྱེས་བུ་ཆེན་པོའི་སྐྱབས་སུ་འགྲོ་ཚུལ། བསམ་པའི་ཁྱད་པར་བདག་རང་གི་དོན་མིན་པར་གཞན་སེམས་ཅན་ཐམས་ཅད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་ཡིན། དུས་ཀྱི་ཁྱད་པར་དེ་རིང་ནས་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་འཕགས་པ་དང་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་ཆོས་རྣམས་ཡིན། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོ་སོགས་ཀྱི། རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་པོ་རང་ལ་ཚང་ཞིང་རང་བཞིན་གྱི་རྣམ་པར་དག་པ་ཡིན་རུང་མངོན་དུ་མ་གྱུར་པས། ཡུལ་དེ་སྔགས་ཀྱི་ལུགས་ལ་ཡེ་ཤེས་སེམས་དཔའ་ཡིན། རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་བདག་དམ་ཚིག་པར་བསྒོམ་སྟེ་ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་ཡེ་ཤེས་སེམས་དཔར་བསྒོམ་ཞིང་ཡུལ་དེ་རྣམས་ལ་བརྟེན་ནས་དག་པ་མངོན་གྱུར་གྱི་སངས་རྒྱས་བསྒྲུབ་པ་ཡིན། དེ་ལྟ་བུའི་རྩ་དེ་ལ་དབྱེ་ན་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔར་ཡོངས་སུ་གྲགས་པའི་དབུ་མ་དང་། གཡས་རོ་མ་དང་། གཡོན་རྐྱང་མ་གསུམ། འཁོར་ལོ་ལྔ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་དང་ལྔའམ་བདུན་དུ་དབྱེ་ན། སྦར་བྱ་མེའི་འཁོར་ལོ། སྦར་བྱེད་རླུང་གི་འཁོར་ལོ་གཉིས་བསྣན་པས་བདུན་ནམ། རྫོགས་པ་ཆེན་པོའི་ལུགས་ལྟར། སྤྱི་བོར་རྣམ་བཀོད་ཀྱི་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པ་རོ་རྣམས་འདུས་པ་ན་རྩ་འདབ་བཅུ་དྲུག སྙིང་ག་དྲན་པ་རྣམ་བཀོད་ན་རྩ་འདབ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་པོ་རྣམས་ཁ་ཡས་མར་དུ་བསྟན་པ་རྒྱ་གླིང་གི་བུང་ཚང་ལྟ་བུ་ཡིན་པས་རྡོ་རྗེའི་ལུས་ཞེས་གྲགས་པ་དེ་ལ་གནས་པ་རྩ། རྩ་དེ་ལ་རྒྱུ་བ་རླུང་ཡིན། རླུང་གི་ངོ་བོ་འབྱུང་བ་ལྔའི་རླུང་དེ་ཡང་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་ལས། དང་པོ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཐུར་སེལ། མེ་མཉམ། ཁྱབ་བྱེད་ཀྱི་རླུང་དང་ལྔ། ཡན་ལག་གི་རླུང་ལྔ་ནི་དབང་པོ་གཟུགས་ཅན་ལྔ་ལ་རྒྱུ་བའི་རླུང་ཡིན། དེ་ཡང་རྒྱུ་བའི་བྱེ་བྲག་གིས་དབྱེ་ན། མི་རང་བཞིན་གྱི་དར་བབ་འབྱུང་བ་རྣལ་དུ་གནས་པ་ཞིག་ལ་ཉིན་ཞག་ཕྲུགས་ཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཕྱིའི་འགྱུ་བའི་རླུང་ཡིན་ལ། ནང་ནས་རྩ་ཕྲན་གྱི་ཡན་ལག་ཏུ་རྒྱུ་བའི་རླུང་ནི་ཆིག་འབུམ་ཉི་ཁྲི་དྲུག་བརྒྱ་རྒྱུ་བས་དེ་ནི་གཡོ་བ་རླུང་ཡིན་ལ། དེ་ལ་ཐིག་ལེ་བརྟེན་པ་སྟེ་བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེ་དཀར་དམར་གཉིས་བརྟེན་པས་རྩ་ཐམས་ཅད་ལ་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་ཁྱབ་པ་ཡིན། གནས་ལུགས་རྡོ་རྗེའི་སྐྱབས་འགྲོའི་ཡུལ། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་དེ་ཡིན་ལ་དེ་ལ་གཅིག་ཏུ་བསྡུ་བ་དང་གཉིས་སུ་དབྱེ་བ་དང་གསུམ་དུ་དབྱེ་བ་ནི་གོང་དུ་བཤད་པ་ལྟར་ཡིན། དེ་ལྟ་བུའི་རྩ་ཐིག་རླུང་གསུམ་དེ་དག་པ་དང་སྦྱར་ན་རྩ་དག་པ་དགེ་འདུན་དཀོན་མཆོག་དང་སྤྲུལ་པའི་སྐུ། རླུང་དག་པ་ཆོས་དཀོན་མཆོག་དང་ལོངས་སྐུ། ཐིག་ལེ་དག་པ་སངས་རྒྱས་དཀོན་མཆོག་དང་ཆོས་སྐུ། ངོ་བོ་སྟོང་པ་སངས་རྒྱས། རང་བཞིན་གསལ་བ་ཆོས། ཐུགས་རྗེ་ཀུན་ཁྱབ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་མི་ཕྱེད་པ་དགེ་འདུན་ཡིན། ད་གོང་དུ་བཤད་པའི་རྩ་བ་གསུམ་དང་། རྩ་རླུང་ཐིག་ལེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་ཐམས་ཅད་དཀོན་མཆོག་གསུམ་ལ་འདུས་ཤིང་དེ་ལས་མི་འདའ་བས། དཀོན་མཆོག་གསུམ་པོ་དེ་ལ་དབྱེ་ན། ངོ་བོ། དབྱེ་བ། ཡོན་ཏན་གསུམ་རེ་ཡོད་ལ། དང་པོ་སངས་རྒྱས་ཀྱི་ངོ་བོ་ནི། སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཀྱི་ངོ་བོ་ཡིན། མཐར་ཇི་ལྟར་ཕྱིན་ན་ཉན་རང་གིས་གང་ཟག་གི་བདག་མེད་རྟོགས། ཆོས་བདག་རགས་པར་འཛིན་པ་ཞིག་ནས་སྤང་བྱ་ལས་ཉོན་གཉིས་སྤངས། ཤེས་སྒྲིབ་དང་བག་ཆགས་ཀྱི་སྒྲིབ་པ་མ་སྤངས། བྱང་ཆུབ་སེམས་དཔའ་ས་དང་པོ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་རྟོགས་པ་དང་ཀུན་བཏགས་ཀྱི་སྒྲིབ་པ་ཅིག་ཆར་དུ་སྤངས། བསྐལ་ཆེན་ལྔ་བརྒྱར་མཉམ་པར་བཞག་ནས། དེའི་རྗེས་ཐོབ་ཏུ་ཉོན་མོངས་པ་སེར་སྣ་སྤངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན། དེ་ནས་ས་གཉིས་པ་ནས་རིམ་བཞིན་ས་ནས་སར་འཕར་ནས་སྤང་བྱ་སྤངས་རྟོགས་བྱ་རྟོགས། དེའི་རྟོགས་པ་དེ་ལས་སྐྱེད་འདོན་རྒྱུ་དང་བོགས་དབྱུང་རྒྱུ་ཡོད་པས་ཉོན་སྒྲིབ་དངོས་སུ་སྤངས། ཤེས་སྒྲིབ་ས་དང་པོ་ནས་བརྒྱུད་དེ་ཉམས་སྨད་ནས་ས་བདུན་པ་ཐོབ་ཚེ་ཉོན་སྒྲིབ་ལྷག་མ་མ་ལུས་པ་སྤངས། དག་པ་ས་གསུམ་ནས་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་སྤངས་ནས་ས་བཅུའི་རྒྱུན་གྱི་ཐ་མ་ལ་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ལྷག་མ་མ་ལུས་པ་བཅོམ་ནས་ཡེ་ཤེས་ལྷག་མ་མ་ལུས་པ་མངོན་དུ་བྱས་ནས་སྤང་བྱ་ཡང་མེད། རྟོགས་བྱ་ཡང་དེ་ལས་སྐྱེད་འདོན་དུ་མེད་བོགས་དབྱུང་དུ་མེད་པས་སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཀྱི་ངོ་བོ་ཡིན། གཉིས་པ་དབྱེ་བ་ལ་གསུམ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་ལས། དང་པོ་རྟེན་སྐུ་དེ་ལ་ནང་གསེས་ཀྱིས་དབྱེ་ན་བཞི། སངས་རྒྱས་ངོ་བོ་ཉིད་སྐུ་དེ་ལ་གསར་རྙིང་གི་འདོད་ཚུལ་གཉིས་ལས་གསར་མས་ཕུང་པོ་ལྔ་བྲལ་གྱི་སྟོང་ཉིད་ཡིན་པར་འདོད། དེའི་སྟོང་པའི་སྟོང་ཆ་དེ་ཕྱང་ཆད་ཡིན་པས་སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་མེད་ཅེས་འདོད། རྙིང་མས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟོང་བ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་འདོད། ཆོས་སྐུ་ནི་རང་བཞིན་གསལ་བའི་ཡེ་ཤེས་དེ་ཡིན། ཀཱ་ཡ་ཞེས་པའི་སྒྲ་ལ་དྲངས་ན་ཚོགས་པ་ལའོ་ཞེས་པས། ཟག་མེད་ཀྱི་ཆོས་སྡེ་ཉེར་གཅིག་འཚོགས་པའི་བདག་ཉིད་ཅན་དུ་འདོད་ལ། དེ་གཉིས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པས་སངས་རྒྱས་རང་ངོས་ནས་འཇོག་པ་ཡིན། ལོངས་སྤྲུལ་གཉིས་གདུལ་བྱ་གཞན་ངོས་ནས་བཞག་ན་གདུལ་བྱ་དེ་ལ་དག་མ་དག་གཉིས། དག་པ་རྣམས་ཀྱི་ངོར་རང་བཞིན་གྱི་ཐུགས་རྗེ་དང་སྨོན་ལམ་གྱི་སྟོབས་དང་། གདུལ་བྱ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་ལོངས་སྐུ་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། སྟོན་པ་ངེས་པ་རིགས་ལྔ་གངས་ཅན་མཚོ་རིགས་ལྔ། དེ་རེ་རེ་ལའང་རིགས་ཆུང་གི་འཁོར་ལྔ་ལྔ་སྟེ་ནམ་མཁས་གར་ཁྱབ་ཆོས་སྐུས་ཁྱབ་ལ་ཆོས་སྐུས་གར་ཁྱབ་ཀྱི་གདུལ་བྱ་དག་པ་རྣམས་འདུལ་བའི་ཕྱིར་ལོངས་སྐུས་ཁྱབ་པ་ཡིན། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་སྒྲ་ཚིག་བརྗོད་པ་དང་བྲལ་བ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ༑ དེ་ཡང་ངོ་བོས་རྟག་པ་མིན་ལ། རྒྱུན་གྱི་རྟག་པ་ཡིན་ནོ། །མ་དག་པའི་གདུལ་བྱ་ལ། ལོངས་སྤྱོད་རྫོགས་པའི་སྨོན་ལམ་གྱི་སྟོབས་དང་། གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་བསོད་ནམས་ཀྱི་སྟོབས་ཀྱིས་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུར་སྣང་། དེ་ལ་ཡང་མཆོག་གི་སྤྲུལ་པའི་སྐུ་དང་། སྐྱེ་བ་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་པའི་སྐུ་དང་། སྣ་ཚོགས་སྤྲུལ་པའི་སྐུ་དང་བཞི་ལས། དང་པོ་མཆོག་གི་སྤྲུལ་པའི་སྐུ་དེ་ཚོགས་ལམ་ཆེན་པོ་ཆོས་རྒྱུན་དང་། སྦྱོར་ལམ་ངེས་འབྱེད་ཆ་བཞི་ན་བཞུགས་པ་མ་གཏོགས་མི་མཇལ། ཞེས་པ་དང་། ཡང་ལུགས་གཅིག་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ། སྦལ་བ་དང་། སྒྲེན་མོ་བྱ་རོག་སོགས་ཀྱིས་མཇལ་བའང་ཡོད་པར་བཞེད་ལ་གང་ལྟར་ཀྱང་མཛད་པ་བཅུ་གཉིས་རྫོགས་པར་སྟོན་པ་དེ་མཆོག་གི་སྤྲུལ་པའི་སྐུ་ཡིན། སྐྱེ་བ་སྤྲུལ་པའི་སྐུ་ནི། རིགས་དྲུག་གི་གནས་ན་ཐུབ་པ་དྲུག་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཡིན་ཏེ། མྱང་འདས་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ལྔ་བརྒྱའི་ཐ་མར་གྱུར་པ་ན༑ ༑ང་ནི་དགེ་བའི་བཤེས་བགྱིད་དེ། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། ། ཞེས་པ་བཞིན། བླ་མ་དགེ་བའི་བཤེས་གཉེན་དམ་པ་རྣམས་ཡིན། བཟོ་སྤྲུལ་པའི་སྐུ་ནི་ལུགས་གཅིག་ལ་བཟོ་རྒྱལ་ཀརྨ་བི་ཤྭ་ལ་སོགས་པར་སྤྲུལ་པ་རྣམས་ཡིན་ལ། ལུགས་གཅིག་ལ། ས་བཟོ། རྡོ་བཟོ། ཟངས་བཟོ་སོགས། ལུགས་སུ་བླུགས་པ། རིས་སུ་བྲིས་པ། འབུར་དུ་དོད་པ་ལ་སོགས་པ་སྟེ་དཀར་པོ་རྣམ་པར་འཕེལ་བའི་ཚོང་ཟོངས་སུ་གྱུར་པ་རྣམས་ཡིན། སྣ་ཚོགས་སྤྲུལ་པའི་སྐུ་ནི། གྲུ་དང་། གཟིངས་དང་། ཟམ་པ་དང་། ངལ་སྟེགས་དང་། ཐ་ན་ཚ་བས་གདུང་བའི་དུས་སུ་བསིལ་བའི་རེག་བྱ་དང་། གྲང་བས་གདུང་བའི་ཚེ་དྲོ་བའི་རེག་བྱ་སྟེ་འགྲོ་བ་ལ་ཕན་བདེ་སྟེར་བའི་རྒྱུར་གྱུར་པ་ཐམས་ཅད་ཡིན་ནོ། །བརྟེན་པ་ཡེ་ཤེས་ནི། དཔེར་ན་རང་རེའི་སེམས་ལྟ་བུའི་མི་འཆར་དགུ་འཆར་གྱི་ཆ་ལྟ་བུ་ཡིན་པས་དེ་ལ་ཡང་ཆོས་དབྱིངས་སོགས་ལྔ་ལས། དང་པོ་ཆོས་དབྱིངས་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་དེ་མངོན་སུམ་དུ་བྱས་པ་ཡིན། མེ་ལོང་ལྟ་བུའི་ཡེ་ཤེས་ནི། དཔེར་ན་མེ་ལོང་དྭངས་པའི་ངོས་ལ་གཟུགས་བརྙན་ཐམས་ཅད་འཆར་རུང་བ་ལྟར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་ངོས་ལ་འཁོར་འདས་ཀྱི་ཆོས་སྣང་བའི་དྭངས་ཆ་འགགས་པ་མེད་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། མཉམ་ཉིད་ཡེ་ཤེས་ནི། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཅི་འཆར་ཡང་བཟང་ངན་མེད་པ་གཟུགས་བརྙན་ཙམ་དུ་མཚུངས་པ་ལྟར་འཁོར་འདས་གཉིས་མཉམ་པ་ཉིད་ཚུལ་གཅིག་པ་རོ་གཅིག་པའི་ཚུལ་དུ་གཟིགས་པ་མཉམ་ཉིད་ཡེ་ཤེས་ཡིན། སོར་རྟོགས་ནི། ཆོས་ཉིད་ཀྱི་ངོས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉམ་རུང་། ཆོས་ཅན་གྱི་ངོས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་མཁྱེན་པས་སོར་རྟོགས་ཡེ་ཤེས་ཡིན། བྱ་གྲུབ་ཡེ་ཤེས་ནི། དཔེར་ན་སྨན་པས་ལག་གི་རྩས་ནད་ངོས་བཟུང་ནས་ནད་ལ་ཕན་པའི་སྨན་གྱི་བྱ་བ་ལ་བརྩོན་པ་ལྟར། སངས་རྒྱས་ཀྱི་གདུལ་བྱ་རྣམས་དེ་དང་དེ་ལྟ་བུས་འདུལ་བར་དགོངས་ནས་གདུལ་བྱ་འདུལ་བ་ལ་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་ནི་བྱ་གྲུབ་ཡེ་ཤེས་ཡིན། ཡེ་ཤེས་དེ་བསྡུ་ན་གཉིས། ཆོས་དབྱིངས། མེ་ལོང་མཉམ་ཉིད་གསུམ་ཇི་ལྟར་མཁྱེན་པའི་ཡེ་ཤེས། སོར་རྟོགས་བྱ་གྲུབ་གཉིས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། དེ་ཐམས་ཅད་བསྡུ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ཏུ་འདུ་བ་ཡིན་ནོ། །མཛད་པ་ཕྲིན་ལས་ནི་སངས་རྒྱས་ཀྱི་ངན་སོང་གི་འགྲོ་བ་རྣམས་མཐོ་རིས་ལ་བཀོད། མཐོ་རིས་ཀྱི་འགྲོ་བ་རྣམས་རིགས་ཅན་གསུམ་གྱི་ལམ་ལ་བཀོད། རིགས་ཅན་གསུམ་མཐར་གྱིས་སངས་རྒྱས་ཀྱི་ས་ལ་བཀོད། དང་པོ་ཉན་རང་བྱང་སེམས་རྣམས་རང་རང་གི་ས་ལ་བཀོད་པ་མ་གཏོགས་སངས་རྒྱས་ཀྱི་ས་ལ་མི་བཀོད་པར་གདུལ་བྱ་རང་རང་གི་བསམ་པ་བཞིན་ལམ་སྟོན་པ་ལ་མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྲིན་ལས་མཛད་པ་དེ་ལ་ཉན་རང་བྱང་སེམས་གསུམ་ལས་ཁྱད་པར་དུ་འཕགས་པའི་ཆོས་གསུམ་སྟེ། རྟག་པ་ཁྱབ་པ་ལྷུན་གྱིས་གྲུབ་པའི་མཛད་པ་གསུམ་ལས། དང་པོ་རྟག་པ་ནི། སངས་རྒྱས་ཀྱི་སྔོན་གདུལ་བྱའི་དོན་མཛད་པ་དང་ད་ལྟ་མི་མཛད་པ་མེད་པས་རྟག་པ། ཁྱབ་པ་ནི་ཤར་ཕྱོགས་སུ་མཛད་པ་མཛད། ལྷོ་ཕྱོགས་སུ་མཛད་པ་མི་མཛད་པ་མེད་པར་ཕྱོགས་བཅུ་དུས་གསུམ་ཀུན་ལ་ཁྱབ་པས་ཁྱབ་པ། ལྷུན་གྱིས་གྲུབ་པ་ནི་འབད་པ་དང་རྩོལ་བ་མེད་པ་ལྷུན་གྱིས་གྲུབ་པ་ཡིན། གསུམ་པ་ཡོན་ཏན་ནི། སངས་རྒྱས་ཆོས་སྐུའི་ཡོན་ཏན་དང་། གཟུགས་སྐུའི་ཡོན་ཏན་གཉིས་ལས། ཆོས་སྐུའི་ཡོན་ཏན་ནི༑ སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉི་ཤུ་རྩ་གཅིག་གི་རང་བཞིན་དེ་རྣམས་ཡིན། སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལ། སྐུ་མཚན་བཟང་སུམ་ཅུ། དཔེ་བྱད་བརྒྱད་ཅུ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་དང་། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན། མཁྱེན་པའི་ཡོན་ཏན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་ཇི་ལྟ་བ་མཁྱེན་པ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་མ་འདྲེས་མངོན་སུམ་དུ་གཟིགས་པ་དཔེར་ན་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། བརྩེ་བའི་ཐུགས་རྗེ་ནི་ཉིན་མཚན་དུས་དྲུག་ཏུ་སུ་ཞིག་ནི་དར། སུ་ཞིག་ནི་རྒུད་སོགས་གཟིགས་པ་མ་གཅིག་པུའི་བུ་གཅིག་པ་ལྟར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་ཆ་མེད་པར་གཟིགས་པ་དེ་ཡིན། སྐྱོབས་པའི་ནུས་མཐུ་ནི། མདོ་ལས། རྒྱ་མཚོར་ཆུ་སྲིན་གནས་ཀྱི་རླབས། ། དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པ་བཞིན། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་རྣམས་ཀྱིས་གདུལ་བྱ་འདུལ་བའི་དུས་ལ་བབ་ཀྱང་། ལེ་ལོ་དང་བརྗེད་ངས་སོགས་ཀྱིས་གདུལ་རྒྱུར་མི་འགྲོ་བར་ཡལ་བར་འདོར་སྲིད་ལ། དེ་བཞིན་གཤེགས་པས་གཟིམ་ཁྲི་ཐ་མར་མྱ་ངན་ལས་འདས་པའི་དུས་སུ་མིའི་གདུལ་བྱ་ཀུན་ཏུ་རྒྱུ་རབ་དགའ་དང་། མི་མ་ཡིན་པའི་གདུལ་བྱ་དྲི་ཟ་རབ་དགའ་བདེན་པ་ལ་བཀོད་པ་ཡིན་ཏེ། སྔོན་གྱི་དུས་ཀྱི་ཚོང་པ་ལྔ་བརྒྱ་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་དུས་མ་ཡིན་པའི་རླུང་གིས་ཆུ་སྲིན་གྱི་ཁ་ནང་དུ་གཟིངས་དེད་པ་ལ་གཞན་རྣམས་ཀྱིས་རི་དང་ཚལ་དང་ཤིང་གི་ལྷ་ལ་སོགས་པར་གསོལ་བ་བཏབ་པ་ལ། དེད་དཔོན་བྱང་ཆུབ་སེམས་དཔས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་དགོས། ཞེས་གསུངས་པས། ཐམས་ཅད་ཀྱིས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བསྒྲགས་པས་དེ་བཞིན་གཤེགས་པའི་མཚན་ཐོས་པས་འཇིགས་ཏེ་རྒྱ་མཚོར་ནུབ་ནས་ཁ་བཙུམ་པས་མུ་གེར་ཤི་ནས་སངས་རྒྱས་ཀྱི་མཚན་ཐོས་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་གཟོད་བདེན་པ་མཐོང་བ་ཡིན་པས། དེ་ལྟར་དེ་བཞིན་གཤེགས་པའི་མཚན་ཙམ་ཐོས་པས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབས་པའི་ཕྲིན་ལས་དེ་ལྟར་མངའ་བ་ཡིན་ནོ། །གཉིས་པ་དམ་པའི་ཆོས་ལ། ངོ་བོ་དབྱེ་བ་ཡོན་ཏན་གསུམ་ལས། དང་པོ་ངོ་བོ་ནི། ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་སྤོང་པའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་དམ་པའི་ཆོས་ཀྱི་ངོ་བོ་ཡིན། སྤང་བའམ་ཞེས་པ་ནི། ཉན་རང་བྱང་སེམས་གསུམ་གྱིས་ཉོན་མོངས་སྤོང་པའི་འགོག་པ་དམ་པ་དེ་དང་། སྤོང་བྱེད་ལམ་གྱིས་བདེན་པ་ཡིན་ནོ། །དབྱེ་ན་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས། ལུང་གི་ཆོས་དེ་ལ་དབྱེ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞིག་ཡོད་པ་དེ་བསྡུ་ན། གསུང་རབ་ཡན་ལག་བཅུ་གཉིས། དེ་བསྡུ་ན་ལུང་སྡེ་སྣོད་གསུམ་དུ་འདུ་བ་ཡིན། ལུང་གི་ཆོས་དེ་ནི་དགེ་འདུན་པ་རྣམས་ཀྱི་ཐུགས་རྒྱུད་ན་བཞུགས་པ་དེ་ཡིན་མ་གཏོགས། ཕྱིའི་ཡི་གེ་པོ་ཏིའི་རྣམ་པ་རྣམས་ནི་ལུང་གི་ཆོས་ཀྱི་རྟེན་དུ་རྒྱུ་མཚན་ཉིད་ཐེག་པས་འདོད། གསང་སྔགས་ཀྱི་སྐབས་སུ། བརྡར་གྱུར་པ་དང་། བརྡར་སྣང་བ། བརྡར་གྲགས་པ་གསུམ་ལས། བརྡར་གྱུར་པ་ནི། གསུང་རབ་པོ་ཏིའི་རྣམ་པ། བརྡར་སྣང་བ་ནི། དགེ་འདུན་གྱི་ཐུགས་རྒྱུད་ན་ལུང་གི་ཆོས་སྣང་བ། བརྡར་གྲགས་པ་ནི། ངག་གི་བརྗོད་པའི་སྒྲ་ཚིག་རྣམས་ཡིན་པས་དོན་དུ་རྒྱལ་བའི་ལུང་རྟོགས་ཀྱི་ཆོས་རིན་པོ་ཆེ་རྣམ་པ་གཉིས་ཞེས། དཔེར་ན་སྲོག་གཅོད་པ་སྤངས་པའི་ཚིག་དེ་བློ་ལ་ངེས་པ་ལུང་གི་ཆོས་དང་། དེའི་དོན་ཉམས་སུ་ལེན་ཅིང་སྒྲུབ་པ་རྟོགས་པའི་ཆོས་ཡིན། རྟོགས་པའི་ཆོས་དེ་ལ་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། ཐེག་དམན་ཉན་རང་གི་ལུང་གི་ཆོས་རྗོད་བྱེད་སྡེ་སྣོད་གསུམ་པོ་དེའི་བརྗོད་བྱ་བསླབ་པ་གསུམ། ཐེག་པ་ཆེན་པོའི་འདུལ་བའི་རྗོད་བྱེད་ཀྱི་བརྗོད་བྱ། རྩ་ལྟུང་ཉི་ཤུ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་རྗོད་བྱེད་མདོ་མང་གི་བརྗོད་བྱ་བྱམས་པ་དང་ཏིང་ངེ་འཛིན་སོགས་ཏིང་ངེ་འཛིན་གྱི་བསླབ་པ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་མངོན་པའི་ཆོས་ཀྱི་བརྗོད་བྱ་དབུ་མ་ཆེན་པོ་ཤེས་རབ་ཀྱི་བསླབ་པ། སྔགས་ཀྱི་དབང་དང་སྡོམ་ཆོག་ཐམས་ཅད་འདུལ་བ། དེའི་བསྟན་དོན་དམ་ཚིག་གི་རིམ་པ་རྣམས་ཚུལ་ཁྲིམས་ཀྱི་བསླབ་པ། རྒྱུད་སྡེ་བཞིའམ་དྲུག་གི་ཆོས་མདོ་སྡེ། དེའི་བསྟན་དོན་ཐུན་མོང་བའི་བསྐྱེད་རྫོགས་གཉིས་ཏིང་ངེ་འཛིན་གྱི་བསླབ་པ། རྫོགས་པ་ཆེན་པོའི་རྒྱུད་རྣམས་མངོན་པའི་ཆོས། དེའི་བསྟན་དོན་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གཉིས་ཤེས་རབ་ཀྱི་བསླབ་པ་མཐར་ཐུག་པ་ཡིན། མདོར་ན་རྗོད་བྱེད་ཚིག་གི་ཆ་ཐམས་ཅད་ལུང་གི་ཆོས། བརྗོད་བྱ་དོན་གྱི་ཆ་ཐམས་ཅད་རྟོགས་པའི་ཆོས་ཡིན། ཡོན་ཏན་ནི། ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །ཅེས་པས། སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བ་དང་། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་འབྱུང་བ་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན། དགེ་འདུན་ལ། ངོ་བོ། དབྱེ་བ། ཡོན་ཏན་གསུམ་ལས། ངོ་བོ་ནི་རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ་ཡིན། དེ་ལ་མཐོང་རིགས་རྟོགས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ཉན་རང་གིས་འབྲས་བུ་བཞི་པོ་རིམ་པ་བཞིན་བདེན་པ་བཞིས་རང་བཞིན་མཐོང་ཞིང་སྤང་བྱ་ཅི་རིགས་ལས་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་མཐོང་ལམ་ཆོས་ཉིད་ཀྱིས་བདེན་པ་མཐོང་ཞིང་རྟོགས་ནས་སྤངས་བྱ་ཅི་རིགས་ལས་གྲོལ་བ་ཡིན་ལ། དེ་ནས་བཟུང་ས་བཅུའི་རྒྱུན་གྱི་ཐ་མའི་བར་དུ་ཉོན་ཤེས་བག་ཆགས་ཅི་རིགས་ལས་གྲོལ་བའི་དགེ་འདུན་པ་ཡིན། དབྱེ་ན་ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་འཕགས་པའི་དགེ་འདུན་གཉིས་ལས། དང་པོ་ཐུན་མོང་གི་དགེ་འདུན་ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་དང་། ཐུན་མིན་གྱི་དགེ་འདུན་རིག་འཛིན་ནང་གི་དགེ་འདུན་རྣམས་ཡིན། དང་པོ་དེ་ལ་སོ་སྐྱེ་དང་འཕགས་པའི་དགེ་འདུན་གཉིས། སོ་སྐྱེས་ནི་ངོ་བོ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སྡོམ་པ་སོ་སོར་ཐར་པ་རིགས་བརྒྱད་ཀྱི་སྡོམ་པ་ཞུས་ནས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། ཏིང་ངེ་འཛིན་བསྒོམ། ཤེས་རབ་བསྐྱེད་ནས་བདེན་པ་མ་མཐོང་གི་བར་ཚོགས་སྦྱོར་གྱི་ལམ་དུ་བཞུགས་པ་རྣམས་ཡིན། འཕགས་པ་ནི་ཁྱད་གཞི་བདེན་པ་བཞི་ལ་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་ཚུལ་དུ་བདེན་པ་མཐོང་ནས་དེའི་རྒྱུན་ལ་ཞུགས་པ་རྒྱུན་ཞུགས། འདོད་ཉོན་སྐོར་དགུ་ལས་ཐམས་ཅད་མ་སྤང་ཞིང་འདོད་པར་ལན་གཅིག་སྐྱེ་བ་ལེན་དགོས་པ་ལན་གཅིག་ཕྱིར་འོང་དང་། འདོད་ཉོན་ལྷག་མ་མ་ལུས་པ་སྤངས་པས་ཕྱིར་འདོད་ཁམས་སུ་སྐྱེ་བ་ལེན་མི་དགོས་པས་ཕྱིར་མི་འོང་། ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པ་བཅོམ་པ་ནི་དགྲ་བཅོམ་པ། དེ་ལ་ལྷག་བཅས་དང་ལྷག་མེད་གཉིས་སོ། །རང་རྒྱལ་ནི་དང་པོ་ལམ་ལ་སློབ་པའི་ཚེ་ཉན་ཐོས་ཇི་ལྟ་བ་ལ་ཚོགས་བསྐལ་བ་ཆེན་པོ་བརྒྱར་བསགས་ནས་སྲིད་པ་ཐ་མ་པའི་ཚེ་སྨོམ་ལམ་བཞི་བཏབ་པ་ནི་སངས་རྒྱས་མ་བྱོན་པའི་ཞིང་སྟོང་པར་སྐྱེ་ནས། སློབ་དཔོན་མེད་པར་རང་གིས་བྱང་ཆུབ་བརྙེས་པ་དང་། ངག་གིས་སྒྲས་ཆོས་མི་སྟོན་པ་དང་། སྐུའི་རྫུ་འཕྲུལ་གྱིས་གདུལ་བྱ་ལ་བསོད་ནམས་བསྐྱེད་པར་སྨོན་ལམ་བཏབ་པས། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེས་ཤིང་མཚན་དཔེ་ཅུང་ཟད་རེས་བརྒྱན་པ་ཁྱིམ་ལ་མི་དགའ་ཞིང་དབེན་པར་མོས་པ་ཞིག་བྱུང་ནས་དུར་ཁྲོད་ཀྱི་གོས་ལས་ཆོས་གོས་གསུམ་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱིས་ཤེས་ནས་དྲས་ཤིང་དྲབ་པ་བསྒོས་ནས་དུར་ཁྲོད་ཀྱིས་རུས་གོང་ལ་བལྟས་ཏེ་རུས་པ་འདི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་། སྐྱེ་བ་གང་ལས་བྱུང་ན་སྲིད་པ་ལས་བྱུང་སོགས་རྟེན་འབྲེལ་ལུགས་ལྡོག་གི་ཚུལ་དུ་མ་རིག་པ་ལས་བྱུང་བ་ཤེས། མ་རིག་པ་ལས་འདུ་བྱེད་དེ་ལས་རྣམ་ཤེས་སོགས་ནས་རྒ་ཤིའི་བར་དུ་ལུགས་འབྱུང་དང་། རྒ་ཤི་གང་ལས་འགགས་ན་སྐྱེ་བ་འགགས་པ་ལས་འགགས་སོགས་འགགས་རིམ་ལུགས་ལྡོག་དང་། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་སོགས་འགགས་རིམ་ལུགས་འབྱུང་གིས་རྒ་ཤི་འགགས་པའི་བར་རྣམས་ལེགས་པར་བརྟགས་པས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་ཉིད་མཐོང་ནས་རྒྱུན་ཞུགས་སོགས་ཉན་ཐོས་དང་འདྲ་བས་རྟེན་བསམ་གཏན་བཞི་པ་ལ་བརྟེན་པ་ཡིན། དེ་ཡང་དབང་པོ་རྣོན་པོ་གྲོགས་ལ་བརྟེན་མི་དགོས་པ་རྣམས་ནི་བསེ་རུ་ལྟ་བུར་གཅིག་པུར་གནས་པ་དང་། དབང་རྟུལ་གྲོགས་ལ་བརྟེན་དགོས་པ་རྣམས་ནི་ནེ་ཙོ་ལྟ་བུ་ཁྱུས་ལྡིང་བ་མང་པོ་ལྷན་ཅིག་ཏུ་བཞུགས་པ་སྟེ་དེ་ལ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་གཉིས་ཡོད། བྱང་སེམས་ཀྱི་དགེ་འདུན་ལ་ཡང་སོ་སྐྱེ་དང་འཕགས་པའི་དགེ་འདུན་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བྱང་སེམས་ཀྱི་སྡོམ་པ་སྲོལ་གཉིས་གང་ཡང་རུང་བ་ཞིག་ཞུས་ནས། རང་ལམ་གྱི་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་བསྡམས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་རྫོགས་སྨིན་སྦྱང་བའི་སྒོ་ལ་སློབ་པ་ཚོགས་སྦྱོར་མོས་སྤྱོད་ཀྱི་ས་ན་བཞུགས་པ་སོ་སྐྱེ་དང་། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ཡན་ཆད་འཕགས་པའི་དགེ་འདུན་ཏེ། ས་དང་པོ་ནས་བདག་མེད་གཉིས་མངོན་སུམ་དུ་མཐོང་། མཐོང་སྤངས་ཀུན་བཏགས་ཀྱི་ཆ་རྣམས་སྤངས། སངས་རྒྱས་བརྒྱའི་ཞལ་མཐོང་། སེམས་ཅན་བརྒྱ་སྨིན། ཞིང་ཁམས་བརྒྱ་བགྲོད། ཞིང་བརྒྱ་འོད་ཟེར་གྱིས་སྣང་བར་ནུས། ཞིང་བརྒྱ་རྫུ་འཕྲུལ་གྱིས་གཡོ་བར་བྱེད། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཐོབ། རང་གི་ལུས་བརྒྱར་སྟོན། དེ་རེ་རེ་ལའང་འཁོར་བརྒྱ་བརྒྱ་སྤྲུལ་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། དེ་ནས་ས་གཉིས་པ་ནས་སྔར་མཐོང་ལམ་གྱིས་གནས་སྐབས་སུ་མཐོང་བའི་མཉམ་བཞག་གི་རྒྱུན་སྐྱོང་ཞིང་གོམས་པ་ལས་སྒོམ་སྤངས་ལྷན་སྐྱེས་ཀྱི་ཆ་རིམ་གྱིས་སྤངས་ནས། ཡོན་ཏན་འབུམ་ཕྲག་བཅུ་གཉིས་སོགས་ནས། བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་དེའི་བར་དུ་སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད། ཞིང་རྒྱ་མཚོ་ལྟ་བུ་སྦྱངས། སངས་རྒྱས་རྒྱ་མཚོ་ལྟ་བུ་མཉེས་པར་བྱས་ཐུགས་སུན་པར་མ་བྱས་པའི་སྒོ་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་རྫོགས་པར་བྱས་པ་སྟེ། མདོར་ན་སེམས་ཅན་རྣམས་སེམས་མགུ་བར་བྱས། སུན་པར་མ་བྱས། སངས་རྒྱས་རྣམས་ཐུགས་མཉེས་པར་བྱས། སུན་པར་མ་བྱས་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་སྒོ་ལ་འཇུག་ཅིང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ཐོབ་པ། ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྒྱན་པ་དེ་དག་ནི་བྱང་སེམས་འཕགས་པའི་དགེ་འདུན་ཡིན། རིག་འཛིན་ནང་གི་དགེ་འདུན་ནི། ཕྱི་རྒྱུད་ཀྲྀ་ཡོག་སྡེ་གསུམ་གྱི་དང་པོ་ཀྲྀ་ཡའི་སྒོར་འཇུག་པ་ལ། སྔགས་ཡིན་ན་སྡོམ་ཆོག་གམ། འཇུག་སྒོ། སྨིན་བྱེད་ཐམས་ཅད་དབང་ཡིན་པས། ཀྲྀ་ཡ་བས་དང་པོ་ཐུན་མོང་རིག་པའི་དབང་ལ། མི་བསྐྱོད་པ་ཆུ། རིན་འབྱུང་ཅོད་པན། སྣང་མཐའ་དྲིལ་བུའི་དབང་གསུམ་མཐའ་རྟེན་བཀྲུ་བྱབས་བསྲུང་གསུམ་དང་བཅས་པ་ཐོབ་ནས། བྱ་རྒྱུད་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་སྡོམ་པ་སྨིན་བྱེད་ཡིན་ལ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཞེས་པ་མ་གཏོགས་བསྐྱེད་རིམ་དང་རྫོགས་རིམ་གྱི་ཐ་སྙད་མེད་ལ། དང་པོ་མཚན་བཅས་ཀྱི་རྣལ་འབྱོར་ལ་རྙིང་མ་ལྟར་ཚད་མེད་བཞི་བསྒོམ་པ་དང་། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་ཉིད་དུ་སྦྱང་ཞིང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལས་ཀྲྀ་ཡ་ལྷ་དྲུག་གི་ཚུལ་དུ་བསྒོམ་ཞིང་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་ཁོལ་གྱི་ཚུལ་དུ་བསྒོམ་པ་སྟེ་དམ་ཡེ་ཐ་དད་ཀྱི་ཚུལ་དུ་བསྒོམས་ནས་ལྷ་གཤེགས་སུ་གསོལ་ཞིང་། དམ་ཚིག་པ་དམིགས་པ་མེད་པར་བསྡུ་ལ། རྗེས་ཐོབ་ཏུ་དཀར་གསུམ་མངར་གསུམ་གྱི་ཟས་ཟ་ཞིང་། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་སྤྱོད་པས་ནམ་ཞིག་ན་སྒྲུབ་རྟེན་བྲིས་སྐུ་བཞད་པ་དང་། མར་མེ་རང་འབར་བ། སྤོས་ཀྱི་ངད་ལྡང་བ་སོགས་གྲུབ་པའི་མཚན་མ་འབྱུང་གི་བར་སོ་སྐྱེ་དང་། དེ་ནས་དངོས་གྲུབ་བླང་བ་དང་མཉམ་དུ་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་རིགས་གསུམ་གྱི་ལྷའི་ཞལ་མཐོང་བ་དང་མཉམ་དུ་མཆོག་གི་དངོས་གྲུབ་ལ་སྦྱོར་ཏེ་དེ་ནས་མི་ཚེ་བཅུ་དྲུག་གི་བར་དུ་ལམ་སྦྱངས་ཤིང་མཐར་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པ་སྟེ། དེ་ལྟར་ཉམས་སུ་ལེན་པའི་གང་ཟག་རིག་འཛིན་ནང་གི་དགེ་འདུན་སྔགས་པ་དང་སྔགས་མ་ཞེས་འདོགས་པ་ཡིན། སྤྱོད་རྒྱུད་ཀྱིས་འཇུག་སྒོ་སྔར་གྱི་དབང་གསུམ་པོའི་སྟེང་དུ། དོན་འགྲུབ་དྲིལ་བུའི་དབང་དང་། རྣམ་སྣང་མིང་གི་དབང་ཐོབ་ནས་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་རྣལ་འབྱོར་དང་མཐུན་པར་བསྒོམས་ནས། དམ་ཡེ་མཉམ་པར་སྤུན་ནམ་གྲོགས་པོའི་ཚུལ་དུ་ལྟ་ཞིང་ཡི་དམ་ལྷའི་ཞལ་མ་མཐོང་གི་བར་སོ་སྐྱེའི་སྔགས་པ་དང་། འདོད་གཟུགས་ཀྱི་ལྷ་དང་ལུས་དང་ལོངས་སྤྱོད་སོགས་དང་སྐལ་བ་མཉམ་པའི་རིག་འཛིན་གྲུབ་ནས་ལྷའི་ཞལ་མཐོང་སྟེ་མཆོག་དངོས་གྲུབ་གྲུབ་ཅིང་། དེ་ནས་མི་ཚེ་བདུན་གྱི་བར་དུ་ལམ་སྦྱངས་ནས་མཐར་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་བར་འཕགས་པའི་སྔགས་པ་དང་སྔགས་མ་ཞེས་དང་། རྣལ་འབྱོར་རྒྱུད་ཀྱི་སྨིན་བྱེད་དམ་འཇུག་སྒོ་ཐུན་མོང་རིག་པའི་དབང་ལྔ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རྣམས་དང་མཐའ་རྟེན་རྟགས་བརྒྱད་རྫས་བརྒྱད་དང་བཅས་པའི་དབང་ཐོབ། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་གདམས་པ་ལ་ཁྲུས་དང་གཙང་སྦྲ་གཙོ་བོར་མི་བྱེད་པར་ནང་བསྒོམ་པ་མངོན་བྱང་ལྔའི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བསྒོམ་པས་སྒྲུབ་རྟེན་འབར་བ་འོད་དང་ཞལ་འཛུམ་པ་སོགས་ཀྱི་སྒོ་ནས་དངོས་གྲུབ་བླངས་བས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་ཡི་དམ་ལྷའི་ཞལ་མཐོང་སྟེ་མདོ་ལྟར་བདེན་པ་མཐོང་བའམ། སྔགས་ཀྱི་མཆོག་གི་དངོས་གྲུབ་གྲུབ་ཅིང་དེ་ནས་མི་ཚེ་ལྔའི་བར་དུ་ལམ་སྦྱངས་ཏེ་མཐར་རིགས་ལྔ་རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་ཀྱི་བར་སོ་སྐྱེ་དང་འཕགས་པའི་སྔགས་པ་དང་སྔགས་མ་ཞེས། ཕྱི་རྒྱུད་སྡེ་གསུམ་གྱི་རིག་འཛིན་ནང་གི་དགེ་འདུན་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་ལ་རྙིང་མ་ལྟར། མ་ཧཱ། ཨ་ནུ། ཨ་ཏི་ཡོ་ག་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་འཇུག་སྒོའམ། སྨིན་བྱེད་དམ། སྡོམ་ཆོག་ནི། རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་ཀྱི་དབང་ལྟ་བུ་ཞིག་མ་ཐོབ་ན་དབང་གཞན་གྱིས་ལམ་དབང་གིས་གཞི་དབང་གི་གོ་མི་ཆོད་པས། དང་པོ་རྒྱུད་ལྟར། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ཐོབ་དགོས་ཏེ། དང་པོ་བླ་མས་སློབ་མའི་རྒྱུད་སྨིན་པར་བྱེད་པ་ལ། དང་པོ་ལྟ་གོན་ནས་བཟུང་སྟེ་སྐྱབས་སེམས་སྡོམ་བཟུང་གི་བར་རྣམས། དཔེར་ན་ཆང་གི་དང་པོ་ནས་བཙོས་པ་ལྟ་བུ་ཡིན། དེ་ནས་དབང་གི་སྣོད་རུང་དུ་སྒྲུབ་པ་སློབ་མ་ལྷར་གསལ་བའི་གནས་གསུམ་ཡི་གེ་གསུམ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསལ་ཞིང་དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ནས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དུ་འོག་མིན་སོགས་ནས་ལྷ་ཡེ་ཤེས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པས་སྤྱན་དྲངས་ནས་སློབ་མ་ལ་བསྟིམས་པས། རབ་ཡིན་ན་དབང་དོན་གྱི་ཡེ་ཤེས་རྟོགས། འབྲིང་ཡིན་ན་བདེ་གསལ་མི་རྟོག་གི་ཉམས་སྐྱེས། ཐ་མ་ཡིན་ཀྱང་སྒོ་གསུམ་རྡོ་རྗེ་གསུམ་གྱི་བློ་གཞན་གྱིས་མི་འཕྲོག་པ་ཞིག་ངེས་པར་སྐྱེ་དགོས་ཏེ། དཔེར་ན་ནས་ལ་ཕབ་བཏབ་པ་དང་མཚུངས། དེ་ནས་དབང་བཞི་རིམ་གྱིས་བསྐུར་ནས་མཇུག་ཏུ་དམ་ཚིག་ཐམས་ཅད་བསྡུས་ཏེ་ཁས་ལེན་པ་གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ཀྱི་བར་ཆང་བསྙལ་བ་ལྟ་བུ་དང་མཚུངས་པས། དེ་ནས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རྣམ་པར་དག་པས་རྒྱུད་མ་བསྡམ་ན། ཆང་ལ་དང་པོ་ནས་བཙོས་ཕབ་བཏབ་ནས་བསྙལ་ཀྱང་། གདོན་དང་འགྲུལ་སྣ་སོགས་ཀྱིས་རུལ་འགྲོ་བ་བཞིན། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། །ཉམས་ན་ས་བོན་མེ་ཡིས་ཚིག་པ་བཞིན། །ཞེས་གསུངས་པས། དང་པོ་དབང་མཚན་ཉིད་པ་ཞིག་ཐོབ་ཀྱང་། བར་དུ་དམ་ཚིག་རྣམ་པར་དག་པ་ཞིག་མ་བསྲུང་ན་མི་ཕན་ཏེ། དམ་ལྡན་དང་དམ་ཉམས་གཉིས་ཀྱི་བར་དུ་ཁྱད་ཆེན་པོ་མེད་དེ། ས་ལ་སར་མཐོང་ན་དམ་ཉམས། ས་ལ་སངས་རྒྱས་སྤྱན་མར་མཐོང་ན་དམ་ལྡན་ཡིན་དགོས་ཀྱང་། དུས་ཕྱིས་སྔགས་པ་རྣམས་ལ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་འཆར་དགོས་རྒྱུ་ལ་སྣང་བ་ཐམས་ཅད་འདྲེ་དང་རྒྱལ་པོར་ཤར་ནས་རང་གཞན་ཐམས་ཅད་ཡིད་མི་བདེ་བར་བྱེད་པ་དེ་དག་ལ་སྔགས་ཀྱི་དྲི་ཙམ་ཡང་མི་བྲོ༑ དེས་ན་སོ་ཐར་ཕྱི་ལུས་ངག་གི་ལས་གཙོ་ཆེ་བས་བསྲུང་སླ། དེ་བས་བྱང་སེམས་སེམས་ཀྱི་རྣམ་རྟོག་བཟང་ངན་ཙམ་ལ་རག་ལས་པ་སྔ་མ་ལས་ཅུང་ཟད་དཀའ། སྔགས་ཀྱི་དམ་ཚིག་ཐམས་ཅད་ཡེ་ཤེས་ཀྱི་སྟེང་ནས་བརྩི་དགོས་ཏེ་ཤིན་ཏུ་དཀའ་རུང་། དེང་སང་ཕལ་ཆེ་བས། སོ་ཐར་གྱི་སྡོམ་པ་སྲུང་དཀའ་བར་བསམ། སྔགས་ཀྱི་སྡོམ་པ་ཆུ་འབོག་ལྷམ་འབོག་བྱེད་ཆོག་པར་བསམ་པ་ཡིན་ཀྱང་དེ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་ཡིན། དེས་ན་མ་ཧཱ་ཡོ་ག་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་ཀྱི་གདམས་པ་ལ་མ་ཧཱ་ཡོ་ག་པས་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྒོམ། ཤེས་རབ་རྫོགས་པའི་རིམ་པ་ཆ་ཙམ་སྟེ་རླུང་དང་ཐིག་ལེའི་རྫོགས་རིམ་གཉིས་ལས་རླུང་གི་རྫོགས་རིམ་བསྒོམ་པ་ཡིན་ལ། དང་པོ་ཐབས་བསྐྱེད་པའི་རིམ་པ་ནི། ཐ་མལ་མ་དག་པའི་མཚན་རྟོག་གི་གཉེན་པོ་ཐབས་བསྐྱེད་པའི་རིམ་པ་བསྒོམས་པས་ཡུལ་གསུམ་གྱད་དུ་འགྱུར་བ་སྟེ། དང་པོ་ཡིད་ཀྱི་ཡུལ་དུ་རང་ཡི་དམ་གྱི་ལྷའི་རྣམ་པར་བཀྲ་ལམ་གྱིས་གསལ་ལ། གཉིས་པ་རེག་པའི་ཡུལ་རང་གི་ལག་པས་རེག་ཀྱང་ལྷ་དེ་དང་དེའི་རྒྱན་དང་ཕྱག་མཚན་ལ་སོགས་པ་ཐོག་རེག་གི་རྣམ་པ་ལྟ་བུར་ཡོད་པར་སྣང་བ་དང་། གསུམ་པ་དབང་པོའི་ཡུལ་དུ་གསལ་བ། ཕ་རོལ་པོས་བླ་མ་དེ་དཔལ་ཆེན་པོ་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པར་མཐོང་བ་རེད་ཅེས་པ་དེ་ལྟ་བུའི་བསྐྱེད་རིམ་ལ་གསལ་བརྟན་གྱི་ཚད་བརྒྱད་ཚད་དུ་ཕྱིན། ཉམས་ལྔ་མཐར་མ་ཕྱིན་གྱི་བར་དུ་གོམས་པས་ཐ་མལ་པའི་མཚན་རྟོག་བསྐྱེད་རིམ་གྱིས་ལྷའི་ངོ་བོར་སྡོམ་ཐུབ་ཀྱང་། ལྷར་འཛིན་གྱི་ཞེན་རྟོག་དང་མ་བྲལ་བས། གྱ་ནོམ་ལྷར་ཞེན་གྱི་གཉེན་པོ་ཤེས་རབ་རྫོགས་པའི་རིམ་པ་བསྒོམ་དགོས་ཏེ། དེ་ལ་རླུང་དང་ཐིག་ལེའི་རྫོགས་རིམ་གཉིས་ལས་དང་པོ་རླུང་ལས་སུ་མ་རུང་ན་ཐིག་ལེ་ལ་གནད་དུ་བསྣུན་མི་ནུས་པས། དང་པོ་བསྐྱེད་རིམ་མཐར་ཕྱིན་ནས་བརྟན་པ་ཐོབ་པ་ཞིག་གིས་ཕྱི་ལུས་ཀྱི་སྟོང་ར་ལྷར་གསལ་པ་མ་གཏོགས་ཐ་མལ་པའི་ལུས་ལྟར་མི་གསལ་བ། རླུང་དགང་སྟོང་ཙམ་གྱིས་རྫོགས་རིམ་གྱི་གོ་མི་ཆོད་པས། དང་པོ་བསྐྱེད་རིམ་བརྟན་པ་གལ་ཆེ། དེ་ནས་རླུང་བུམ་པ་ཅན་སྦྱོར་བ་བཞི་དང་ལྡན་པ་གོམས་པ་ལས་རླུང་སེམས་དབུ་མར་ཞུགས་པ་དང་གནས་པ་དང་ཐིམ་པའི་སྟོབས་དང་། སྟོང་པ་བཞི་སྟེ་རླུང་དབུ་མར་ཞུགས་རིམ་བཞིན་སེམས་དབང་ཤེས་ཡིད་ཤེས་ལ་ཐིམ་པ་སྟོང་པ། ཡིད་ཤེས་ཉོན་ཡིད་ལ་ཐིམ་པ་སྟོང་པ་ཆེན་པོ། ཉོན་ཡིད་ཀུན་གཞི་ལ་ཐིམ་པ་རབ་ཏུ་སྟོང་པ༑ ཀུན་གཞི་ཡེ་ཤེས་ལ་ཐིམ་པ་ཐམས་ཅད་སྟོང་པ་སྟེ་སྟོང་བཞིས་དྲངས་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས། དེའི་རྗེས་སུ་སྣང་བ་གསུམ་གྱིས་འོད་གསལ་གྱི་རྒྱུ་བྱེད། རླུང་འོད་ཟེར་ལྔ་པས་རྐྱེན་བྱས་ནས་མ་དག་པའི་སྒྱུ་ལུས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་བཅོས་མིན་སྒྱུ་མ་ལྟར་ལྡང་ནུས་ལ། དེ་ལྟ་བུའི་དཔེའི་ཡེ་ཤེས་དེ་དོན་ཀྱི་འོད་གསལ་ལ་སྦྱོར་བར་བྱེད་པ་བོགས་འདོན་གྱི་སྤྱོད་པ་ནི་མ་ཧཱ་རིང་ལམ་གྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཟླ་དྲུག་སྤོག་ཆོག་དགོས་པ་དང་མི་དགོས་པ་གཉིས་ཀ་ཡོད་ཅིང་། དོན་དུ་སྔར་བཤད་པ་ལྟར་དཔོན་སློབ་ཐམས་ཅད་བསྐྱེད་རིམ་དང་རླུང་ལ་བརྟན་པ་ཐོབ་པ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་བརྙེས་པ་ཤ་སྟག་དཀྱིལ་འཁོར་གྱི་ཚོམ་བུའི་གྲངས་དང་མཐུན་པར་འཚོགས་དགོས། དེ་ལ་འཁོར་ཁང་རིམ་པ་གསུམ་དང་ལྡན་པ་དགྲ་བཟློག་མཚོན། ནད་བཟློག་སྨན། འཚོ་བ་ཟས། སྒྲུབ་པ་རྫས་ཀྱི་ཡོ་བྱད་ཐམས་ཅད་འཚོགས་པར་བྱས། དེ་ཡང་འཚོགས་པ་དེའི་ནང་དུ་རྩ་བའི་དམ་ཚིག་ཉམས་པ་གཅིག་ཡོད་ནའང་། གཞན་ཐམས་ཅད་ཀྱི་སྒྲུབ་པ་དོན་མེད་པར་མཆོག་དངོས་ནི་མི་འགྲུབ་ལ། ཐུན་མོང་གི་དངོས་གྲུབ་ཙམ་རེ་འགྲུབ་སྲིད་མ་གཏོགས། ཚོགས་སྒྲུབ་དོན་མེད་པ་ཡིན་ཏེ། ཨིནྡྲ་བྷཱུ་ཏིས། རྣལ་འབྱོར་ཉམས་པ་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །སྦལ་བ་རྨ་ཅན་གཅིག་གིས་ནི༑ ༑སྦལ་བ་གཞན་རྣམས་རུལ་བར་བྱེད། །ཅེས་པ་བཞིན། དམ་ཚིག་དང་ལྡན་པ་ཤ་སྟག་ཡིན་ན་ནི། ཟླ་བ་དྲུག་སྤོག་ཆོག་སྟེ། ཁ་བསྐང་དགོས་མི་དགོས་དབང་པོའི་ཁྱད་ཡིན་ལ། ཟླ་བ་དྲུག་རྫོགས་པའི་དུས་ཀྱི་སྲོད་ལ་འོད་སེར་སྔོ་དམར་བསྣོལ་མར་སྤྲོས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། གུང་ལ་དགྲ་ལས་དངོས་གྲུབ་བླངས་ཏེ་འཚིང་བ་གསུམ་ལྡན་དུ་བསྒྲལ་ཞིང་དངོས་གྲུབ་ལེན་པ་དང་། ཐོ་རངས་ཀྱི་དུས་གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་ཏེ། ཐིག་ལེ་ཡས་བབ་ལ་བརྟེན་ཏེ་དངོས་པོ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཞེས། བདེ་ཉམས་དང་མ་བྲལ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ཐིག་ལེ་མས་བསྟེན་གྱི་མཐར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་ཞེན་ཐམས་ཅད་དང་བྲལ་བའི་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་སྟེ། དེའི་ཚེ་ཡབ་ལ་བདེ་བའི་ཡེ་ཤེས་དང་། ཡུམ་ལ་སྟོང་པའི་ཡེ་ཤེས་མངོན་སུམ་དུ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཏུ་དག་པའི་སྒྱུ་ལུས་སློབ་པའི་ཟུང་འཇུག་སྟེ། སྐུ་ཐུགས་ཟུང་དུ་འཇུག་པའི་རྫོགས་རིམ་མ་བཅོས་པའི་ལྷ་སྐུར་ལྡང་བར་ནུས་ཤིང་། དེ་ཡང་ཚོགས་ལམ་པ་སྦྱོར་ལམ་དུ་ན་འཕར། སྦྱོར་ལམ་པ་མཐོང་ལམ་དུ་ན་འཕར། མཐོང་ལམ་ས་གཉིས་པ་ལ་སོགས་པར་ན་འཕར་ཞིང་། ཐམས་ཅད་དམ་ཚིག་དང་ལྡན་ན། ནམ་ཚོད་འཛིན་པའི་བྱ་དང་ཁྱི་མཛོ་མོ་ལ་སོགས་པས་རིག་འཛིན་གྱི་ས་མངོན་དུ་བྱས་འགྲོ་ཞིང་། དེ་ཡང་ཚོགས་སྒྲུབ་པ་རྣམས་དྲོད་ཐོབ་པ་ཤ་སྟག་ཡིན་ན་ཟླ་བ་དྲུག་གི་བར་དུ་རྩེ་མོ་དང་བཟོད་པ་གཉིས་རྫོགས་དངོས་གྲུབ་ལེན་པའི་དུས་ཆོས་མཆོག་སྐད་ཅིག་མའི་ཡེ་ཤེས་དེའི་རྗེས་སུ་མདོ་ལྟར་མཐོང་ལམ་མམ། སྔགས་ལྟར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་སྟེ། བཀའ་སྡེ་ཟུར་བའི་དགོངས་པ་ལྟར། ལམ་རིམ་ལས། ནུས་པ་ཐོབ་དང་མ་ཐོབ་པས། །མཐོང་ལམ་གཉིས་སུ་བྱས་པ་ཡིན། །ཞེས་པ་ལྟར། ཏིང་ངེ་འཛིན་གྱིས་མེས་ཐ་མལ་གྱི་ལུས་སྦྱངས་ནུས་ཤིང་དྭངས་མར་གྱུར་ཏེ་སྐྱེ་འཆི་མེད་པའི་ཚེ་དབང་བརྙེས་པ་ལ་ཚེ་དབང་རིག་འཛིན་དང་། སྦྱངས་མ་ནུས་པ་སེམས་ལྷ་སྐུར་སྨིན་ཀྱང་ལུས་སྦྱངས་མ་ནུས་པ་རྣམ་སྨིན་རིག་འཛིན། ས་གཉིས་པ་ནས་དགུ་པའི་བར་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན། དེ་ནས་མཐར་ལམ་ལྷུན་གྲུབ་རིག་འཛིན་སངས་རྒྱས་མ་རག་པའི་ཆ་དེ་ཡིན་ལ། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན། ཚོགས་ལམ་ཆེན་པོའི་མཐའ་ལ་བཞུགས་པ་ལུས་ལྷ་སྐུར་མ་སྨིན་ཞིང་། སེམས་ལྷ་སྐུར་སྨིན་པ་རྣམ་སྨིན་རིག་འཛིན་དང་། དེ་ནས་མཐོང་ལམ་ཕྱག་ཆེན་རིག་འཛིན་ཡིན་ལ། དེ་ལ་ལུས་དྭངས་མར་གྱུར་ནས་ཚེ་ལ་དབང་བ་ནི་ལམ་མཆོག་ཡོངས་རྫོགས་ཚེ་དབང་རིག་འཛིན་དང་། ཚེ་ལ་དབང་བ་མ་ཐོབ་ན་ཚེ་འདིར་མཐོང་ལམ་བརྙེས་པ་དེ་བར་དོར་ས་གཉིས་པར་ན་འཕར་ཞིང་རྗེས་ཐོབ་སློབ་པའི་ཟུང་འཇུག་ཏུ་ལྡང་ནས་རྒྱུན་མཐའ་མན་ཆད་ཕྱག་ཆེན་རིག་འཛིན། དེ་ནས་མཐར་ཕྱིན་སངས་རྒྱས་ཀྱི་ས་མངོན་དུ་གྱུར་པ་ལྷུན་གྲུབ་རིག་འཛིན་ཡིན་ལ་དེ་ལྟར་རིག་འཛིན་རྣམ་པ་བཞིའི་ས་ལ་བཞུགས་པ་དེ་རྣམས་མ་ཧཱ་ཡོ་གའི་ལུགས་ཀྱི་དཔའ་བོ་དང་དཔའ་མོ་ཞེས་རིག་འཛིན་ནང་གི་དགེ་འདུན་ཡིན། ཨ་ནུ་ཡོ་གའི་སྨིན་བྱེད་ཀྱི་དབང་། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ་རྩ་བའི་དབང་མཆོག་སུམ་ཅུ་སོ་དྲུག་ཐོབ་ནས། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ཏེ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ། བསྐྱེད་རིམ་ཆ་ཙམ་དང་རྫོགས་རིམ་མ་ཧཱའི་སྐབས་ལྟར་རླུང་གི་རྫོགས་རིམ་སྔོན་དུ་སོང་ནས། འདིར་ཐིག་ལེའི་རྫོགས་རིམ་གཙོ་བོར་གནད་དུ་བསྣུན་ནས་རང་ལུས་ཐབས་ལྡན་རྩ་དྲང་རླུང་བྱང་། ཐིག་ལེ་ལས་སུ་རུང་ནས། གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་ཅིང་། དང་པོ་ཐིག་ལེ་ཡས་བབ་ཀྱི་སྟོབས་ཀྱིས་དྲངས་བའི་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མས་བརྟན་གྱི་མཐའ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཏགས་ཀྱང་ལས་དང་པོ་པའི་གནས་སྐབས་སུ་ཉམས་ཞེན་དང་བྲལ་བའི་ཡེ་ཤེས་སྐྱེ་དཀའ། དེ་ནས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ཡོད་ན་རྗེས་ཐོབ་ཏུ་མ་དག་པའི་སྒྱུ་ལུས་ཞེས་དོན་ལ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ལྡང་ནུས་ལ། དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཡོད་ན་དག་པའི་སྒྱུ་ལུས་ཞེས་ཡེ་ཤེས་ཀྱི་གདངས་ལས་ཤར་བའི་ལྷ་སྐུར་ལྡང་ནུས་ཤིང་། དེ་ཡང་འདུན་པ་སེམས་པ་ཚོགས་ལམ་དང་། རིགས་ཆེན་འབྱེད་པ་སྦྱོར་ལམ། ལུང་ཆེན་ཐོབ་པ་མཐོང་ལམ། དབུགས་ཆེན་འབྱིན་པ་སྒོམ་ལམ། རྩལ་ཆེན་རྫོགས་པ་མི་སློབ་པའི་ལམ་སྟེ་དེ་ལྟར་རིག་འཛིན་རྣམ་པ་ལྔའི་ས་ལ་བཞུགས་པ་རྣམས་ནི་ཨ་ནུ་ཡོ་ག་རང་གི་ལམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་སྟེ་རིག་འཛིན་ནང་གི་དགེ་འདུན་ཡིན། ཨ་ཏི་ཡོ་གའི་སྨིན་བྱེད་ཀྱི་དབང་། དབང་འོག་མ་གཉིས་ཀྱི་བཞི་པ་ཚིག་དབང་རིན་པོ་ཆེ་ལས་ཁྱད་པར་དུ་ཕྱེས་པའི་དབང་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་དབང་བཞི་ཐོབ། རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། གྲོལ་བྱེད་ཀྱི་གདམས་པ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཀྱི་གདམས་པ་གཉིས་ཉམས་སུ་བླངས། ཆོས་དབང་བཙན་དུ་བྱས་ན་ཆོས་ཉིད་མངོན་སུམ་མཐོང་ལམ་ལ་འཇོག་དགོས་ཀྱང་། གང་ཟག་དབང་བཙན་དུ་བྱས་ན་ཆོས་ཉིད་མངོན་སུམ་ཚོགས་ལམ་དང་། ཉམས་གོང་འཕེལ་སྦྱོར་ལམ། རིག་པ་ཚད་ཕེབས་མཐོང་ལམ་དང་། ཆོས་ཉིད་ཟད་པ་ལ་ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་ཉམས་ཀྱི་འཕེལ་རྣམས་རིམ་གྱིས་ཟད་པ་རྣམས་འཕགས་པ་སློབ་པ། ཟད་པ་ཡོངས་སུ་རྫོགས་པ་མི་སློབ་པའི་ལམ་ཡིན། དེ་ལྟར་ལམ་སྣང་བ་བཞིའི་ལམ་ན་བཞུགས་པ་རྣམས་རིག་འཛིན་ནང་གི་དགེ་འདུན་ཡིན། ཡོན་ཏན་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། གཟུངས་དང་། སྤོབས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་དང་ལྡན། དེ་ལྟ་བུའི་སྐྱབས་ཡུལ་རྣམས་ཚུར་བསྡུ་ན་བླ་མ་ལ་འདུ་ཞིང་། ཕར་སྤྲོས་ན་སྐྱབས་གནས་དགུ་སྤྲུག་པོ་དེ་རྣམས་ཡིན། དེ་དག་སྐྱབས་ཡུལ་དུ་བྱ་ཞིང་ཁྱད་པར་རྩ་རླུང་སོགས་རང་ལ་ཚང་བས་སྐྱབས་སུ་འགྲོ་དུས་རྩ་དག་པ་སྤྲུལ་སྐུར་སྦྱངས་སོགས། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར། སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ལྟ་བུའི་བསམ་པའི་ཁྱད་པར་དེ་ཡང་རྒྱུ་མཚན་ཉིད་ཐེག་པ་ལྟར་ན་བསམ་པའི་ཁྱད་པར་ཡང་ཡིན་ལ། འབྲས་སྐྱབས་ཀྱང་ཡིན། རྒྱུ་སྐྱབས་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། དེ་ལ་ཡང་འདོད་ཚུལ་གཉིས་ཏེ། བཀའ་བར་བའི་དགོངས་པ་ལྟར་ན་རྒྱུའི་སྐྱབས་འགྲོ་དེས་རྒྱུ་བྱེད་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་འབྲས་སྐྱབས་སུ་འདོད། དེ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ཡིན་པར་འདོད། བཀའ་ཐ་མ་ཡན་ཆད་ཀྱིས། བདེ་གཤེགས་སྙིང་པོའི་ཡེ་ཤེས་ཞེས་གཞི་སེམས་ཅན་གྱི་རྒྱུད་ལ་གཞི་གནས་རང་བྱུང་གི་ཡེ་ཤེས་ཡོད་པར་འདོད་དེ། དེ་ཡང་རྟག་པ། འགྱུར་བ་མེད་པ། ངོ་བོས་སྟོང་པ་ཡིན་ཅིང་། དེ་ལ་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཅོས་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་པར་འདོད་ལ་བྲལ་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དེ་གློ་བུར་གྱི་དྲི་མས་བསྒྲིབས་ནས་ཡོད་པས་དེ་བསལ་བའི་ཐབས་སམ་རྐྱེན་ཚོགས་གཉིས་དགོས་ཀྱང་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པར་མི་འདོད་ཅིང་མངོན་དུ་གྱུར་པའི་རྐྱེན་དུ་འདོད་པ་ཡིན། དེ་ལྟར་དང་པོ་རྒྱུ་སྐྱབས་དེ་ལ། བཏགས་པ་བ་བརྗོད་པའི་ཁས་ལེན་གྱི་སྐྱབས་འགྲོ་དང་། དེ་ནས་མཚན་ཉིད་པ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་འགྲོའི་ཚིག་འབུམ་ཕྲག་སོགས་འདོན་པ་ཡིན་ལ། གཉིས་པ་ནི། དེ་ནས་ཚོགས་གཉིས་བསགས་པའི་སྒོ་ཇི་སྙེད་ལ་འཇུག་པ་ཐམས་ཅད་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ཡིན། དེ་ལྟ་བུའི་ཡེ་ཤེས་དེ་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། དེ་རང་ངོ་མ་ཤེས་ཚེ་སེམས་ཅན་དང་། ཤེས་ནས་མངོན་དུ་གྱུར་དུས་སངས་རྒྱས་ཡིན་པར་བཞེད་ལ། ས་དང་པོ་ནས་བཟུང་ཡེ་ཤེས་དེ་ཕྱོགས་གཅིག་རྟོགས་རུང་དེ་ནས་བཟུང་རིམ་བཞིན་རྟོགས་གོམས་ཀྱིས་མཐར་ས་བཅུའི་རྒྱུན་གྱི་ཐ་མའི་བར་ལམ་རྟོགས་པའི་ཆོས་དང་། ས་བཅུའི་རྒྱུན་གྱི་ཐ་མར་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་སྤངས་བྱ་ལྷག་མ་མ་ལུས་པ་སྤངས་ནས་སངས་རྒྱས་ཤིང་། ངོ་བོ་ཡེ་དག་ལ་གློ་བུར་བྲལ་དག་གི་ཆས་བྱས་པའི་སངས་རྒྱས་དེ་འབྲས་བུ་རྟོགས་པའི་ཆོས་ཡིན། སངས་རྒྱས་དེའི་ཐུགས་རྒྱུད་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཡོད་པ་དེ་ཡིན་ནོ། །དེ་ལ་སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་གཉིས་ཡོད། བརྟགས་མིན་གྱི་འགོག་པ་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོའི་ཡེ་ཤེས་ངོ་བོ་ཡེ་དག་གི་ཚུལ་དུ་ཡོད་པ་ཡིན་ཅིང་། སོ་སོར་བརྟགས་པའི་འགོག་པ་གློ་བུར་བྲལ་དག་གི་ཆ་སངས་རྒྱས་ཆོས་ཀྱི་སྐུ་དེ་ཡིན། དེ་ལྟ་བུའི་ཡེ་ཤེས་དེ་སེམས་ཅན་གྱི་རྒྱུད་ན་ཇི་ལྟར་ཡོད་ན་རལ་གྲི་ཤུབ་ན་ཡོད་པ་ལྟར་དང་། ནོར་བུ་འདམ་ཀྱིས་སྒྲིབ་པ་ལྟ་བུའི་གློ་བུར་གྱི་དྲི་མས་སྒྲིབ་ཡོད་པ་དེ་བསལ་བའི་ཐབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ལས་རྒྱུ་དང་རྐྱེན་དུ་འདོད་པའི་ཁྱད་པར་རོ། །ཐུན་མིན་ནང་གི་སྐྱབས་ཡུལ་རྩ་བ་གསུམ་དཀོན་མཆོག་གསུམ་ཇི་ལྟར་ཡིན་ཚུལ་ནི། མཆོག་གི་སྤྲུལ་པའི་སྐུ་སངས་རྒྱས་སུ་འདོད་པ་མདོ་ལྟར་དང་། གསང་སྔགས་ཀྱི་ལུགས་ལ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་པ་དང་། དེ་ལ་བླ་མ་དགེ་འདུན་དང་། མོས་ལྷ་ཕོག་ལྷ་གཉིས་སངས་རྒྱས་ཡིན་པར་བཞེད་པ་དང་། ཡང་ལུགས་གཅིག་ལ། བླ་མ་སངས་རྒྱས་དང་། ཡི་དམ་ཆོས་དཀོན་མཆོག་དང་། བརྒྱུད་པའི་བླ་མ་གཞན་རྣམས་རིག་འཛིན་ནང་གི་དགེ་འདུན་ཡིན། བླ་མ་སངས་རྒྱས་ཡིན་པའི་ཚུལ་ལུང་དང་རིགས་པ་གཉིས་ཀྱིས་བསྒྲུབ་དགོས་ཏེ། ལུང་ནི་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། ། མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་པ་སོགས། རིགས་པ་ནི། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ཡིན། དེའི་རྣམ་འགྱུར་སྐུ་ལྟར་ཤར། གསུང་ལྟར་གྲགས། ཐུགས་ལྟར་འཕྲོ་བས་ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ་དང་། གཟུགས་སྐུའི་ངོ་བོ་ཆོས་སྐུ་ཡིན་ལ་དེ་ཡང་དབྱེར་མི་ཕྱེད་པ་ཟུང་འཇུག་རྡོ་རྗེ་འཆང་ཡིན། ཡི་དམ་ཆོས་དཀོན་མཆོག་ཡིན་ཚུལ་ནི། སྤྱིར་གསར་རྙིང་ཐུན་མོང་གི་རྒྱུད་སྡེ་བཞི་ཡོད་དེ། རྣལ་འབྱོར་གྱི་རྒྱུད་སྡེ་ལ། རྣལ་འབྱོར་ཕྱི་པ་དང་། ནང་པ་གཉིས། ནང་པ་ལ་རྙིང་མས་ཟབ་མོ་ནང་རྒྱུད་སྡེ་གསུམ། གསར་མའི་བདེ་ཀྱེ་གསང་གསུམ་སྟེ༑ དེ་རྣམས་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ལ་སྔགས་ཕྱི་པའི་ལུང་གི་ཆོས་སྒྲར་སྣང་བ། སྒྲར་གྲགས་པ། བརྡར་གྱུར་པ་ཕྱི་རྒྱུད་ཀྲྀ་ཡོག་སྡེ་གསུམ་པོ་ཡིན། རྟོགས་པའི་ཆོས་སྨིན་གྲོལ་གཉིས་ཡིན། སྨིན་གྲོལ་གྱི་གདམས་པ་སྦྱིན་པའི་བླ་མ་དེ་སངས་རྒྱས་དང་། དེས་སྦྱིན་པའི་སྨིན་གྲོལ་གཉིས་པོ་ཆོས། ཉམས་སུ་ལེན་པའི་གང་ཟག་དེ་རིག་འཛིན་ནང་གི་དགེ་འདུན་ཡིན། ནང་རྒྱུད་སྡེ་གསུམ་གྱི་དང་པོ་འཇུག་སྒོའི་དབང་དང་གྲོལ་བྱེད་ཀྱི་གདམས་པ་སྦྱིན་པའི་བླ་མ་དེ་སངས་རྒྱས་ཡིན་ལ། སྨིན་གྲོལ་གྱི་གདམས་པ་གཉིས་ཆོས་དཀོན་མཆོག་དང་། དེ་ལྟར་ཉམས་སུ་ལེན་པའི་གང་ཟག་ནི་རིག་འཛིན་ནང་གི་དགེ་འདུན་ཏེ་རྩ་བ་གསུམ་པོ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་འདུ་ལ། དབྱེ་ན་སྐྱབས་གནས་དགུ་སྤྲུག་ཏུ་དབྱེ་རུང་མོད་ཀྱང་། ཚུར་བསྡུ་ན་བླ་མ་གཅིག་པུ་ཉིད་ལ་འདུ་བ་ཡིན། དེ་ཡན་གྱིས་སྐྱབས་འགྲོའི་གོ་དོན་ཅུང་ཟད་སོང་ནས། ད་ཉམས་སུ་ལེན་ཞིང་སྦྱོར་བ་ལག་ལེན་དུ་འདེབས་པ་ལ། ཐུན་དང་ཐུན་མཚམས་གཉིས། ཐུན་ལའང་། ཉིན་ཐུན་གཉིས། མཚན་ཐུན་གཉིས་དང་བཞིའམ་བརྒྱད་གང་ཡིན་ཀྱང་། དང་པོ་ཐུན་ལ། ཐུན་གྱི་སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ། དང་པོ་སྔོན་འགྲོ་ལ། ལུས་གནད། ངག་གནད། སེམས་གནད། གསོལ་བ་འདེབས་པ་དང་བཞི་པོ་འདི་ཐུན་ཐམས་ཅད་ལ་འགྲོ་དགོས། ལུས་གནད་རྣམ་སྣང་ཆོས་བདུན་གྲོལ་ལམ་གྱི་ཆོས་བདུན་ལྷོད་ཆ་ཅན་ནམ། སྐྱིལ་ཀྲུང་དྲང་པོར་བཅའ། ངག་གནད་རླུང་རོ་བསལ་བ་ལ་རླུང་རོ་སུམ་སྤྲུག་གམ་དགུ་སྤྲུག་གང་མོས་བྱེད་ཚེ་རང་གཞན་གྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་། སྡིག་ལྟུང་ཆགས་ཉམས། ཟབ་མོ་ལམ་གྱི་གེགས་དང་བར་ཆད་ཐམས་ཅད་རླུང་ནག་པོ་ཞིག་གི་རྣམ་པར་བསམ་ལ་ཕྱིར་འབུད། སེམས་ཀྱི་གནད་ལ་ཀུན་སློང་བཅོས་དགོས། དང་པོ་ཀུན་སློང་ངན་པ་རྣམས་བསལ། ལུང་མ་བསྟན་བཅོས། བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་སློང་བཅོས། གསོལ་བ་འདེབས་པ་ནི་བླ་མའི་རྣམ་པ་བསྒྱུར་ན་ཡང་རུང་། མ་བསྒྱུར་ཀྱང་ཆོག་པས། སྤྱི་བོར་པདྨ་འདབ་མ་འབུམ་ཕྲག་བརྡལ་ཞིང་ཟེའུ་འབྲུ་དམར་སེར་གྱེས་པའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ་རབ་བྱུང་ངམ་སྔགས་པ་གང་ཡིན་ན་དེའི་རྣམ་པར་བསྒོམ་ལ། སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་དུང་དུང་བས་འདོད་པའི་དོན་ལ་གསོལ་བ་འདེབས་དགོས་ཤིང་། དེ་ཡང་དལ་འབྱོར་རྙེད་དཀའ་ལྟ་བུ་བསྒོམ་པའི་ཚེ་བླ་མས་དལ་འབྱོར་ལ་སྙིང་པོ་ལོན་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་། དེའི་རྗེས་སུ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ་ནས་མཉམ་པར་བཞག དེ་བཞིན་དུ་ཐུན་མོང་ཐུན་མིན་གང་སྒོམ་པའི་སྐབས་སུ་བླ་མའི་ཐུགས་རྒྱུད་ཀྱི་དེ་དང་དེའི་ཡོན་ཏན་རྣམས་རང་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་། ཐུགས་ཡིད་བསྲེ་ནས་མཉམ་པར་བཞག་པ་ནི་ཐུན་ཀུན་ལ་འགྲེ་ཤེས་དགོས། གཉིས་པ་ཐུན་གྱི་དངོས་གཞི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱངས་གསུམ་ལས། འདི་ནི་ཞིང་སྦྱང་བ་ཡིན་པས་ས་གཞི་ཐམས་ཅད་རིན་པོ་ཆེའི་ས་གཞི་མིག་མང་རིས་སུ་བྲིས་པ། རང་གི་ཐད་ཀྱི་རྒྱང་རིང་པོ་ན། དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡལ་ག་ལྔ་པའི་དབུས་མའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་རིན་པོ་ཆེའི་རྣམ་པ། དེའི་སྤྱི་གཙུག་འོད་ལྔའི་ཐིག་ལེ་ཟླུམ་སྐོར་གྱི་ནང་བརྒྱུད་པའི་བླ་མ་རྣམས་བཞུགས། ཁྲིའི་མཐའ་བསྐོར་དུ་རང་གི་དབང་ཐོབ་པ་སོགས་ཀྱི་བླ་མ་རྣམས་དང་། དེའི་མཐའ་སྐོར་དུ་ཡི་དམ་རྒྱུད་སྡེ་བཞིའམ་དྲུག་གི་ལྷ་ཚོགས་རྣམས་གསལ། གཡས་ཀྱི་ཡལ་གར་སངས་རྒྱས་སོགས་མཐའ་སྐོར་དུ་ཆོས་སྐྱོང་ཕོ་རྒྱུད་རྣམས་ཀྱིས་ཞལ་ཕྱིར་གཟིགས་ནས་ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་བའི་ཕྲིན་ལས་མཛད། མོ་རྒྱུད་ཐམས་ཅད་ཀྱིས་ཞལ་ནང་དུ་གཟིགས་ནས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛད། དེའི་མཐའ་སྐོར་དུ་ནོར་ལྷ་གཏེར་བདག་ལ་སོགས་པ་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བཟང་ངན་མཆོག་དམན་མེད་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་དང་ལྡན་པ། མི་ལས་འདས་པའི་སྤྱན་གྱིས་གཟིགས། མི་ལས་འདས་པའི་སྙན་གྱིས་གསན། མི་ལས་འདས་པའི་ཐུགས་ཀྱིས་དགོངས། བདག་ཅག་གི་འདྲེན་པའི་དེད་དཔོན་དུ་གྱུར་ནས་བཞུགས་པར་བསྒོམ། བསྐྱབ་བྱ་སེམས་ཅན་ནི་རང་གི་གཡས་སུ་ཕ་སོགས། ས་གཞིའི་ངོས་ལ་ཁྲོམ་ཚོགས་པ་བཞིན་རྒྱན་གོས་དང་ལྡན་ཅིང་སྨུག་ཤིག་གེ་ཡོད་པར་བསྒོམ་ཞིང་། དེ་ནས་རང་གིས་བྱང་འདྲེན་པ་ལྟར་སྐྱབས་འགྲོའི་ཚིག་བརྗོད་པ་དང་། འདིར་ཕྱག་དང་མི་འབྲེལ་བའི་ཚེ། རང་གཞན་ཐམས་ཅད་ཀྱི་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་བརྗོད། སེམས་གུས་པའི་སྒོ་ནས་སྙིང་གི་ཁོང་རུས་པའི་གཏིང་ནས། ཉི་མ་དེ་རིང་ནས་བཟུང་། མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ། མཐོ་སངས་རྒྱས་ཀྱི་སར་གཏོང་རུང་། དམའ་དམྱལ་བར་གཏོང་རུང་། བློ་ལེགས་རུང་། ཉེས་རུང་། ན་རུང་། ཚ་རུང་། སྐྱིད་རུང་། སྡུག་རུང་། བློ་ཕ་ལ་མི་དྲི། གྲོས་མ་ལ་མི་བྱེད། ཐག་རང་གིས་མི་གཅད། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱིས་དགོངས། ཁྱེད་ལས་རེ་ས་དང་སྐྱབས་གནས་གཞན་ལ་མི་འཚོལ། ཁྱེད་ཅིག་བསྒྲུབ། ཁྱེད་ཅིག་བསྙེན། ཁྱེད་ཅིག་བརྟེན་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་འགྲོ་འདོན་པ་དང་། ཁྱད་པ ར་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ལ། དང་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ལོ་འདིའི་ཟླ་བ་འདི་ཉི་མ་འདི་དུས་ཚོད་འདི་ནས་བཟུང་། མཐར་ཐུག་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཁྱེད་ནི་བདག་གི་སྟོན་པའོ། །ཁྱེད་ལས་མ་གཏོགས་པའི་སྟོན་པ་གཞན་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ༑ ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་དེ་ངས་ཉི་མ་དེ་རིང་ནས་བཟུང་སྟེ་མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐར་པ་བྱང་ཆུབ་སྒྲུབ་པའི་ལམ་དུ་ཁས་ལེན་དམ་པའི་ཆོས་མ་གཏོགས་པའི་ལམ་ལོག་པ་ཕྱི་རོལ་པའི་ལམ་རྣམས་ལམ་དུ་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་སྒོ་ནས་འཛིན་པའི་འདྲེན་པ་འཕགས་པའི་དགེ་འདུན་པ་རྣམས་ངས་ལམ་སྒྲུབ་པའི་གྲོགས་སུ་ཁས་ལེན། དེ་མ་གཏོགས་པའི་འཇིག་རྟེན་པའི་མནའ་ཟ་རོགས། གཏམ་སྣོགས་རོགས། མི་དགེ་བ་སྒྲུབ་རོགས་རྣམས་གྲོགས་སུ་མི་བསྟེན་ཞེས་བརྗོད། དེ་ནས་བླ་མ་ལ་འབུལ་སོགས་གོ་སླའོ། ། དེ་ནས་ཐུན་བསྡུ་རན་པ་ན། སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་འཕྲོས་ནས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྤངས་རྟོགས་གཉིས་ལས། ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དག སེམས་ཅན་གྱི་ཁམས་ན་བདེ་གཤེགས་སྙིང་པོའི་རིགས་སམ་ཁམས་ཡོད་པ་གནས་གྱུར་ནས་ཡེ་ཤེས་མངོན་དུ་བྱས། ཐམས་ཅད་བྱ་ཁྱུ་སོགས། མཐར་བླ་མ་ཡང་ཞབས་གདན་ཁྲི་དང་དབུ་ནས་རིམ་གྱིས་བསྡུས་ནས་ཐུགས་ཀའི་ཐད་དུ་ཡལ་བའི་ངང་ལ་མཉམ་པར་བཞག དེ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཡིན། དེ་ལྟར་དཔྱད་འཇོག་རེས་མོས་སུ་བསྒོམ། དེ་ནས་ཡང་རྟོག་པ་ཞིག་འཕྲོ་བར་རྩོམ་པ་ན། རྗེས་ཐོབ་ཏུ་ཚོགས་ཞིང་སོགས་སྔར་བཞིན་གསལ་བཏབ་སྟེ། དགེ་བ་འདི་ཡིས་སོགས། བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་བྱ། དེ་ནས་ཐུན་མཚམས་ཟ་ཉལ་འགྲོ་འདུག་ཐམས་ཅད་ལ་སྐྱབས་འགྲོའི་ཚོགས་ཞིང་གསལ་བ་སོགས་སོ། །ཡང་ཐུན་ཕར་སྡོམ་པའི་ཚེ། དང་པོ་ཕྱིར་འབུད། སྣབས་འབུད། གདོང་ཕྱི། ཕྱི་སྒོ་ནང་སྒོ་ཐམས་ཅད་ལེགས་པར་བཅད། མདོར་ན་ལས་ཀ་བྱ་རྒྱུ་ཡོད་ཚད་བྱས་ནས། ཡང་ཐུན་ཕེད་ནས་བརྒྱུག་མི་དགོས་པ་ཞིག་བྱ། དེ་ནས་ཐུན་མཚམས་ཀྱི་རྟོག་ཉོབ་ཐམས་ཅད་མཚམས་མ་བཅད་ན་ཐུན་ཕྱི་མ་དེ་ལེགས་པར་མི་ཆོད་པས། ད་ནི་ཐུན་འདིའི་ནང་ནས་ངས་སེམས་འདི་ཉོན་མོངས་འཁྲུལ་པའི་དབང་དུ་གཏོང་རེ་ཀན། དེ་ལྟ་བུའི་དམ་བཅའ་དེ་ཡང་གཏོང་རེ་སྙམ་པའི་དམ་བཅའ་ཞིང་། དེ་ནས་སེམས་འདས་པའི་རྗེས་སུ་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པ་ཅི་གནས་སུ་བཞག དེ་ནི་བསྐྱེད་རྫོགས་བསྒོམ་པའི་དུས་སུ་བགེགས་བསྐྲད་ནས། སྲུང་འཁོར་བསྒོམ་པ་དང་འདྲ། དེ་ནས་ལུས་གནད་སོགས་འདྲ། དེ་ནས་ཐུན་དེའི་རྗེས་ལ༑ སྔར་གྱི་དམ་བཅའ་དེ་དང་ལྡན་མི་ལྡན་བརྟག དམ་བཅའ་དང་ལྡན་ནས་དགེ་བའི་རྟོག་པ་འབའ་ཞིག་ལས་མ་སྐྱེས་ན་སེམས་དགའ་འོང་སྟེ་དེའི་གཉེན་པོ། ཨོ་ཁྱོད་ལ་བསོད་ནམས་འཁྱམས་པོས་ཕྱི་ལྟས་ཟེར་བ་དེ་རེད་པས་ཁྱོད་དེ་འདྲའི་བཟང་པོ་ཞིག་ཨེ་ཡིན་ངས་ཐུན་ཕྱི་མའི་ནང་དུ་ལྟའོ་ཞེས་ང་རྒྱལ་བཅགས། དམ་བཅའ་དང་མ་ལྡན་ནས་སེམས་འཁྲུལ་པའི་དབང་དུ་སོང་ན། ད་ནི་ངས་ཅི་ཡང་འོང་ས་མི་འདུག་སྙམ་ནས་སེམས་སྡུག་འོང་ན། ཨོ་ཁྱོད་ལ་སྡུག་རྒྱུ་ཡང་ཅི་ཡོད། ཁྱོད་དང་པོ་ནས་ཡིད་འཁྲུལ་མེད་པ་ཞིག་ཡིན་ན་ད་ཙམ་ཁྱོད་སངས་ཅིའི་ཕྱིར་མ་རྒྱས། ད་ལྟ་ཁྱོད་འཁྲུལ་པའི་དབང་དུ་ཤོར་སོང་རུང་། ངས་ཁྱོད་ཐུན་ཕྱི་མའི་ནང་དུ་ཉོན་མོངས་འཁྲུལ་པའི་དབང་དུ་གཏོང་རེ་ཤི་སྙམ་པའི་དམ་བཅའ་བྱས་ནས་སེམས་གཟེངས་བསྟོད་པ་ཡིན། དེ་ནི་ཐུན་གཅིག་མ་བཅད་ན་མ་བཅད་མ་གཏོགས། བཅད་ཕྱིན་ཆད། སྦྱོར་དངོས་རྗེས་གསུམ་པོ་ཐམས་ཅད་ཚང་དགོས་པ་ཡིན་ནོ། །དེ་ནས་ནང་མོ་ལྡང་བའི་ཚེ་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེའི་ང་རྒྱལ་གྱིས་ལྡང་བའི་ཚེ། ནམ་མཁའ་བར་སྣང་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་དང་། ཨཱ་ལི་ཀཱ་ལིའི་རང་སྒྲས་སད་པར་བསམ་ཞིང་། ཐུན་གྱི་སྔོན་འགྲོ་སོགས་འདྲའོ། །དེ་ནས་བསླབ་བྱའི་སྐབས། མདོར་ན་ཆོས་ནི་མི་འཚེ་བའོ་ཞེས་པས། སོ་བྱང་སྔགས་གསུམ་གྱི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་དགོས་ཤིང་། གནོད་བྱེད་དགོས་པ་མ་གསུངས་པས། ནང་པ་སངས་རྒྱས་པ་ཞིག་ཡིན་ནས་བཟུང་སེམས་ཅན་ལ་འཚེ་བ་སྤང་དགོས། སོ་ཐར་གྱི་སྡོམ་པ་ཡང་འདི་ནས་འོང་དགོས། དེ་ཡང་སེམས་ཅན་ལ་གནོད་པའི་བསམ་སྦྱོར་གཉིས་ཀ་སྤང་དགོས། སྔགས་ཀྱི་ལུགས་ལ་བླ་མ་འདི་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་འདིའི་སྐུ་གསུང་ཐུགས་དང་འགལ་བ་རང་གི་ལུས་ངག་ཡིན་གསུམ་གྱི་སྤྱོད་པ་སྤང་། འདིའི་སྐུ་གསུང་ཐུགས་གསུམ་ཟིན་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྟེན་དགོས། འདིའི་ཐུགས་ཟིན་ན་སྐྱབས་གནས་རྒྱ་མཚོའི་ཐུགས་ཟིན། འདིའི་ཐུགས་དང་འགལ་ན་མགོ་ཆད་ན་གསོ་མི་རུང་བ་བཞིན་སྐྱབས་གནས་རྒྱ་མཚོའི་ཐུགས་དང་འགལ་བས་ཐུགས་མི་མཉེས་པའི་བྱ་བ་སྤང་དགོས་སོ། །ད་མི་ཚེ་གཅིག་ལ་སྐྱབས་འགྲོ་འདི་གཅིག་པུའི་ཉམས་ལེན་མཐར་ཕྱིན་དགོས། མི་ཞིག་ལ་མི་ཚེ་གཅིག་ལ་ཡང་ན་སྡུག ཡང་ན་སྐྱིད་གཉིས་ལས་གཞན་འོང་རྒྱུ་མེད། སྡུག་དེ་ལ་སྡུག་གི་འབྲས་བུ་དང་རྒྱུ་གཉིས་ལས། དང་པོ་འབྲས་བུ་ནད་ཀྱིས་མནར་བ། གདོན་གྱིས་ཟིན་པ། གྲིབ་ཀྱིས་ནོན་པ་སོགས་མི་འདོད་པས་ཉེན་པ་ན། ང་ལ་འདི་འདྲ་བ་འོང་མ་ཐང་བ་ལ་མི་བསམ་པར། འདི་ཡང་དཀོན་མཆོག་གི་ཐུགས་རྗེས་བདག་གི་ལས་ངན་འཛད་པའི་ཐབས་སུ་གནང་བ་ཡིན་ཏེ། སྐྱེ་བ་ཕྱི་མ་ལ་མྱོང་འགྱུར་གྱི་ལས་ཡོད་པ་ད་ལྟ་དཀོན་མཆོག་གི་ཐུགས་རྗེས་ད་ལྟ་བདག་གིས་མྱོང་ནས་འཛད་པ་ཡིན་པས་ང་རེ་དགའ་སྙམ་དུ་བསམ་ཞིང་བསྒོམ་དགོས། སྡུག་བསྔལ་གྱི་རྒྱུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་བྱུང་བའི་ཚེ་འདི་ཡང་དཀོན་མཆོག་གི་ཐུགས་རྗེས་ཡིན་ཏེ་ཇི་ལྟར་ཡིན་ན་བདག་གི་རྒྱུད་ལ་དེ་ལྟ་བུའི་ཉོན་མོངས་པ་བག་ལ་ཉལ་ཡོད་དོ་ཟེར་བའི་བྱ་གཏོང་དུ་དཀོན་མཆོག་གི་ཐུགས་རྗེས་ཡིན་བསམ་ཞིང་། དེ་ལ་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ་ཞིང་། བདག་གི་རྒྱུད་ལ་མི་དགེ་བའི་བསམ་སྦྱོར་འདི་མི་འབྱུང་བ་ཞིག་དཀོན་མཆོག་གསུམ་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་བསམ་ནས་དགའ་བ་བསྒོམ་དགོས་སོ། །སྐྱིད་རྒྱུ་འབྲས་གཉིས་བྱུང་ན། སྐྱིད་ཀྱི་རྒྱུ་དད་པ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བུ་རེ་བྱུང་ན། ཨ་བུའི་ཞལ་ནས། དགེ་བའི་རྟོག་པ་རེ་སྐྱེ་ན་དེ་མཉེ་དགོས་གསུངས་པས། དེ་ལྟར་རྟོག་པ་དེ་ཤུགས་བསྐྱེད་དེ་གོང་ནས་གོང་དུ་བསྐྱེད་དགོས། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། ། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་པ་ལྟར། དེ་ལྟ་བུའི་རྟོག་པ་དེ་གོང་ནས་གོང་དུ་འཕེལ་བ་ཞིག་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་དགོས་སོ། །སྐྱིད་ཀྱི་འབྲས་བུ་ཟས་གོས་ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱུང་ན། ང་བུ་བཟང་ཕོ་རྒོད་པ་ལས་བྱུང་བ་མིན། དེ་དཀོན་མཆོག་གི་ཐུགས་རྗེ་རུ་ཤེས་ནས་དཀོན་མཆོག་གི་བཀའ་དྲིན་དྲན་ནས་དྲིན་གཟོ་བའི་མཆོད་པ་ཐམས་ཅད་ལ་བརྩོན་དགོས། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་མཆོད་སའི་ཕུད་སྐོང་རེ་འཆང་དགོས་རྒྱུ་ལ་དུས་ཕྱིས་འདྲེ་རྒྱལ་པོ་མཆོད་ས་ཞིག་ཡིན་པར་བསམ་པ་མ་གཏོགས་དཀོན་མཆོག་མཆོད་ས་ཡིན་བསམ་པ་མཐོ་དམན་དྲག་ཞན་སུའི་བསམ་ཚོད་མ་རེད་མ་གཏོགས། ཕུད་སྐོང་དུ་ཕུད་རེ་བླུགས་ནས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་སོགས་ཀྱིས་མཆོད་པ་ཅུང་ཟད་རེ་དེས་དུས་མཆོད་མི་བཅག་པའི་གོ་ཆོད། དཀོན་མཆོག་གི་བཀའ་དྲིན་གཟོ་བ་ཡང་དེ་ཡིན། དེར་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱི་དཀོན་མཆོག་མཆོད་ཅིང་མངའ་ཐང་ཆོས་ཕྱོགས་སུ་བསྐོར་དགོས། དེ་ཡང་། འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། ། ཞེས་པ་བཞིན། བསོད་ནམས་བསགས་དགོས། དེ་ཡང་ཚོགས་བསགས་པའི་ཡུལ་དགེ་འདུན་ཡིན་ཏེ་བཀའ་བརྒྱུད་པས། སངས་རྒྱས་སོ་ཅན། ཆོས་སོ་ཅན། དགེ་འདུན་སོ་ཅན་ཞེས། དཀོན་མཆོག་གསུམ་པོར་མཆོད་པའི་བསོད་ནམས་ཐོབ་པས། སངས་རྒྱས་དང་ཆོས་གཉིས་ལ་མཆོད་པ་ཕུལ་བའི་བསོད་ནམས་ཐོབ་ཀྱང་། བཞེས་པའི་བསོད་ནམས་མི་ཐོབ་ཅིང་། དགེ་འདུན་ལ་ཕུལ་བཞེས་གཉིས་ཀའི་བསོད་ནམས་ཐོབ་པ་ཡིན། ཁྱད་པར་བླ་མ་ལ་མཆོད་ན་དཀོན་མཆོག་བཞི་པ་མཆོད་པ་ཡིན་པས་བསོད་ནམས་ཚད་མེད་པ་ཐོབ། བཞི་པ་ཕན་ཡོན་ལ་གནས་སྐབས་ཀྱི་ཕན་ཡོན་དང་། མཐར་ཐུག་གི་ཕན་ཡོན་གཉིས་ལས། དང་པོ་ནི་ཚེ་འདིར་ནད་དང་གདོན་དང་། རྒྱལ་པོའི་ཆད་པ་དང་། མུ་གེའི་འཇིགས་པ་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སྐྱོབས་པ་དང་། མངོན་མཐོ་དང་ངེས་ལེགས་བར་གྱི་བདེ་བ་ཐམས་ཅད་ཐོབ་པ་གནས་སྐབས་ཀྱི་ཕན་ཡོན་ཡིན། མཐར་ཐུག་སངས་རྒྱས་ལ་སྐྱབས་སུ་སོང་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ། ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནུས། དགེ་འདུན་ལ་སྐྱབས་སུ་སོང་བས་སྟོན་པ་དུལ་བ། འཁོར་དུལ་བ། སྟོན་པ་ཞི་བ། འཁོར་ཞི་བ། སྟོན་པ་ཉེ་བར་ཞི་བ། འཁོར་ཉེ་བར་ཞི་བའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་འཁོར་འདུ་བ་ཡིན་ནོ། །


previousདང་པོ། སྐྱབས་སུ་འགྲོ་བ། next