Nitartha Digital Library
Tibetan
 
previousབཞི་པ། མཎྜལ།next

བཞི་པ། མཎྜལ།

དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་དག་པས་མི་ཆོག་གི་མཐུན་རྐྱེན་ཚོགས་བསགས་དགོས་ཏེ་རྒྱུ་མཚན་ཉིད་ཐེག་པའི་ལམ་གྱི་བསྐལ་བ་གྲངས་མེད་གཅིག་གི་བར་དུ་བསགས་སྦྱངས་གཉིས་སྔོན་དུ་སོང་ནས་གཟོད་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དགོས་པ་བཞིན། འདིར་ཡང་ཟབ་མོའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་ལ་བསགས་སྦྱངས་གཉིས་ཀ་ཚང་དགོས། སྡིག་པ་སྦྱང་ཚུལ་རྡོར་སེམས་སྐབས་ནས་སོང་ཟིན་ལ། ཚོགས་བསགས་པ་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཞིག་ཡོད་ཀྱང་། འདིར་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས། སྣང་བཅས་བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ཐབས་སྤྱོད་པའི་ཕྱོགས་ལྔ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེ་ཡང་ཚོགས་གཉིས་པོ་དེས་འབྲས་བུ་སྐུ་གཉིས་པོ་དེ་ཐོབ་པའི་ཐབས་ལ་གསར་མ་ལྟར་ན་སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སངས་རྒྱས་གཟུགས་ཀྱི་སྐུ་ཐོབ་ལ། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཤིང་སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་བཞེད་ལ། རྙིང་མ་ལྟར་ན་ངོ་བོ་ཡེ་དག་གི་སངས་རྒྱས་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་ཀྱང་ལམ་ཚོགས་གཉིས་ཀྱི་རྐྱེན་ལ་མ་ལྟོས་ན་མངོན་དུ་མི་འགྱུར་བས་དཔེར་ན་ནམ་མཁར་ཉི་མའི་དཀྱིལ་འཁོར་ལ་འོད་ཟེར་རང་ཆས་སུ་གནས་ཀྱང་སྤྲིན་གྱིས་བསྒྲིབས་ནས་མི་སྣང་བ་ལ་སྤྲིན་སེལ་བའི་རྒྱུར་རླུང་ལངས་དགོས་ལ་སྤྲིན་སེལ་བའི་རྒྱུ་ཡིན་ཀྱང་ཉི་མའི་སྐྱེད་བྱེད་ཀྱི་རྒྱུ་མཚན་ཉིད་པ་མ་ཡིན་པ་བཞིན། ཚོགས་གཉིས་མ་བསགས་ན་མཐར་འབྲས་སྐུ་གཉིས་མི་ཐོབ་ལ་ཚོགས་གཉིས་པོ་དེ་སྐུ་གཉིས་བསྐྱེད་པའི་རྒྱུ་མཚན་ཉིད་པ་ནི་མ་ཡིན་ཞིང་རྐྱེན་ལ་རྒྱུའི་མིང་གིས་བཏགས་པ་ཡིན། དེས་ན་ཉན་རང་ནས་རྫོགས་པའི་བྱང་ཆུབ་ཆེན་པོའི་བར་ཐམས་ཅད་ཀྱི་འབྲས་བུ་དེ་དག་ཚོགས་གཉིས་མ་བསགས་ན་མི་ཐོབ་ལ། ཚོགས་གཉིས་བསགས་པའི་ཐབས་ཐམས་ཅད་རྣམ་པ་ཀུན་ཏུ་འདྲ་བའང་མ་ཡིན་ཏེ། ཉན་རང་གཉིས་ཀྱི་སྣང་བཅས་བསོད་ནམས་ཀྱི་ཚོགས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་བསྒོམ། སྣང་མེད་ཡེ་ཤེས་ཀྱི་ཚོགས་གང་ཟག་གི་བདག་མེད་རྟོགས་པ་དང་ཆོས་བདག་རགས་པ་ཙམ་དུ་རྟོགས། དེ་དག་གིས་གཟུང་བ་རྡུལ་ཕྲན་ཆ་མེད་དང་འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་བཞེད་པ་དེ་རིགས་པས་དཔྱད་མ་ནུས་པ་མིན་པར་མ་ཕོད་ནས་བཞག་པ་ཡིན་ཏེ། གཟུང་བ་རྡུལ་ཕྲན་ཆ་མེད་དུ་གྲུབ་པ་མེད་ན་སྣོད་བཅུད་རྩོམ་པའི་རྒྱུ་མེད་པ་དང་། འཛིན་པ་སྐད་ཅིག་ཆ་མེད་མེད་ན་ལས་འབྲས་འཁོར་བའི་རྟེན་མེད་པས། དེས་ན་དེ་དག་གྲུབ་བོ་ཞེས་བཞག་པ་ཡིན། བྱང་ཆུབ་སེམས་དཔས་སྣང་བཅས་བསོད་ནམས་ཀྱི་ཚོགས་ཐབས་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ཀྱི་ཕར་ཕྱིན་ནམ། ཡང་ན་སྦྱིན་སོགས་རེ་རེ་བཞིན་ཐབས་སྣང་བའི་ཆ་ནས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་སྟོང་པའི་ཆ་ནས་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཞེས་བཏགས་པ་ཡིན་ལ། དེ་ཡང་ལས་དང་པོ་པ་ལ། ཚོགས་གཉིས་རེས་འཇོག་ལས་ཟུང་འཇུག་འོང་བ་མིན་ལ། འཕགས་པའི་ས་ཐོབ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱིན་དྲུག་གི་རྣམ་པར་ཤར་བས་སྣང་བའི་ཕྱོགས་ནས་བསོད་ནམས་དང་། འཁོར་གསུམ་གྱི་འཛིན་པ་དང་བྲལ་བ་སྟོང་པའི་ཕྱོགས་ནས་ཡེ་ཤེས་ཀྱི་ཚོགས་ཡིན། དེ་ཡང་ཉན་རང་གཉིས་དང་བྱང་ཆུབ་སེམས་དཔའ་གསུམ་གྱི་ཚོགས་གཉིས་པོ་དེ་དག་འདྲའམ་སྙམ་ན། མི་འདྲ་སྟེ་རྒྱུ་བསམ་པ་དང་། སྦྱོར་བ་དམིགས་རྣམ་དང་། འབྲས་བུ་ཐོབ་བྱའི་སྒོ་ནས་ཁྱད་པར་ཤིན་ཏུ་ཆེ། སྔགས་ཕྱི་རྒྱུད་གསུམ་གྱི་མཚན་བཅས་ཀྱི་རྣལ་འབྱོར་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། མཚན་མེད་ཀྱི་རྣལ་འབྱོར་ཐམས་ཅད་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། ནང་རྒྱུད་མ་ཧཱ་ཡོ་གའི་ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་པའི་རིམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་དང་། ཨ་ནུའི་བསྐྱེད་རིམ་ཆ་ཙམ་དང་། རྩ་རླུང་ཐིག་ལེ་ལ་དམིགས་པའི་འཁྲུལ་འཁོར་གྱི་བྱེད་བཅིང་ཐམས་ཅད་དང་རྗེས་སྒྱུ་མའི་ལྷ་སྐུར་ལྡང་བ་རྣམས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཐབས་དེ་ལས་བྱུང་བའི་དགའ་བཞིས་དྲངས་པའི་ཡེ་ཤེས་ནི་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། ཨ་ཏི་ཡོ་གའི་ཀ་དག་ཁྲེགས་ཆོད་ལ༑ ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་ཚོགས་དང་། རང་བཞིན་གསལ་བའི་ཡེ་ཤེས་བསོད་ནམས་ཀྱི་ཚོགས་ཞེས་བཏགས་ཀྱང་མི་འགལ། ཡང་ན་ལྷུན་གྲུབ་སྣང་བ་བཞི་བསོད་ནམས་ཀྱི་ཚོགས་དང་། ཀ་དག་ཁྲེགས་ཆོད་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། མཐར་ཐུག་སྐུ་གཉིས་ཐོབ་པའི་རྒྱུ་བྱེད་པ་གཙོ་ཆེ་ཆུང་གིས་བཞག་པ་ཡིན། འོན་ཀྱང་ལས་དང་པོ་པས་ཚོགས་གཉིས་ཟུང་འཇུག་རྗེས་མཐུན་པ་བསྐྱེད་རུང་སྟེ། ཕར་ཕྱིན་ཐེག་པའི་སྦྱིན་སོགས་རེ་རེ་བཞིན་དཔྱད་སྟོང་སྔོན་དུ་འགྲོ་བའི་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་བསྒོམ་པ་དང་། ཕྱི་རྒྱུད་གསུམ་གྱི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཚོགས་གཉིས་ཟུང་དུ་འཇུག་པའི་འབྲས་བུ་རིགས་གསུམ་གྱི་ལྷ་བསྒོམ་པ་དང་། མ་ཧཱ་ལྟར་ན། ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ། རྣམ་པ་རྒྱུའི་ཡི་གེ་དང་དེ་ཡོངས་སུ་གྱུར་བ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དེ་བསྒོམ་པ་ཡིན་ལ༑ ཨ་ནུ་ཡོ་ག་ལ་ཡང་། སྐུ་སྒྱུ་ལུས་དང་། ཐུགས་དཔེ་དོན་གྱི་འོད་གསལ་གཉིས་ཟུང་དུ་འཇུག་པའི་དག་པ་དང་མ་དག་པའི་སྒྱུ་ལུས་ལྷ་སྐུར་ལྡང་བ་དེ་ཚོགས་གཉིས་ཟུང་འཇུག་ཡིན། ཨ་ཏིའི་ཀ་དག་ཁྲེགས་ཆོད་ཀྱི། ནང་གསལ་གྱི་ཐུགས་རྗེ་ངོ་བོ་སྟོང་པ་དང་། རང་བཞིན་གསལ་བའི་ཡེ་ཤེས་དབྱེར་མི་ཕྱེད་པའི་ཆ་དང་། ཀ་དག་གི་གདངས་ལྷུན་གྲུབ་ཐོད་རྒལ་དང་། དེའི་ངོ་བོ་ཀ་དག་སྟོང་པ་ཆེན་པོ་སྟེ། དབྱིངས་ཡེ་ཟུང་དུ་འཇུག་པ་རྣམས་ཚོགས་གཉིས་ཟུང་འཇུག་ཡིན་ཀྱང་། མཚན་ཉིད་པ་འཕགས་པ་ལས་མི་འོང་བ་ཡིན། དེས་ན་མདོ་སྔགས་གཉིས་ཀྱི་ལམ་གྱི་ཚོགས་བསགས་པའི་སྒོ་ཡན་ལག་བདུན་ལ་སོགས་པའི་རྣམ་པ་མང་པོ་དང་། རང་རང་གི་ལམ་གྱི་ངོ་བོ་དེ་དག་ཐམས་ཅད་ཀྱང་ཚོགས་བསགས་པའི་ཐབས་ཡིན་མོད་ཀྱང་སྐབས་འདིར་བསྟན་གྱི་མཎྜལ་འབུལ་བ་ནི་ཚོགས་བསགས་པའི་སྒོ་ཐམས་ཅད་འདུས་ཤིང་བྱ་སླ་བ་ཆོད་ཆེ་བ་ལས་དང་པོ་པས་ཉམས་སུ་བླང་སླ་བ་ཡིན་ལ། དེ་ཡང་མཎྜལ་དེ་རྒྱལ་བ་སྐུ་གསུམ་གྱི་ཞིང་གི་བཀོད་པ་རྣམས་དྲན་པའི་རྟེན་འཛུབ་མོ་ལ་སྐུད་པ་བཏགས་པ་ལྟར་ཡིན་པས། སྐུ་གསུམ་གྱི་ཞིང་ཁམས་ཀྱི་བཀོད་པ་རྣམས་རང་གི་བློས་བླངས་ཏེ་འབུལ་དགོས་པ་ཡིན། དེ་ཡང་ཨ་བུ་དང་མཁན་པོ་པད་རྡོར་གྱི་གསུང་ལྟར། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ། ཞེས་གསུངས་པས། དང་པོ་ཐུན་མོང་སྤྲུལ་སྐུའི་མཎྜལ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོའི་བུའི་གཙུག་ཏོར་ནས་ཕྱག་མཉམ་གཞག་ལྷུང་བཟེད་ཀྱི་ནང་གི་བར་ལ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ་ཐུགས་ཀའི་ཐད་ཀྱི་པདྨའི་ཟེའུ་འབྲུའི་ཕྲུམ་ཕྲུམ་ཅིག་གི་དབུས་ན་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ། དེ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས། དེའི་མཐའ་ན་ལྕགས་རི་ལྷ་འཐབ་བྲལ་བ་དང་མཉམ་པ་གཅིག་གིས་བསྐོར་བ། དེ་རྩི་གཞི་བྱས་ནས་སྟོང་དང་པོ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་དེའི་མཐའ་ན་བསམ་གཏན་དང་པོ་དང་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་བ༑ ཡང་དེ་རྩི་གཞི་བྱས་ནས་དེ་འདྲ་བའི་སྟོང་གཉིས་པ་གཅིག་གཉིས་ཞེས་བགྲངས་བའི་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་དེའི་མཐའ་ན་བསམ་གཏན་བཞི་བ་དང་མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་སྟེ་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ལ། དེའི་མཚོན་ནས་གངས་ཆེན་མཚོ་རིགས་ལྔའམ་རིགས་ཀྱིས་དབྱེ་ན་ཉི་ཤུ་རྩ་ལྔ་པོ་དེ་དག་གི་མདུན་གྱི་པདྨ་རྣམས་ཀྱི་ཟེའུ་འབྲུ་དང་འདབ་མའི་རྡུལ་ཕྲན་རེ་རེ་སྙེད་ན་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མ་འདྲེས་པར་སྣང་བ་ཡིན་ཏེ་སྐྲ་རྩེའི་ཁྱོན་ཙམ་གྱི་ཆ་ལའང་རྡུལ་སྙེད་ཀྱི་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྣང་བ་དང་། དེའི་མཚོན་ནས་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་སྤོས་ཆུའི་རྡུལ་ཕྲ་རབ་རེ་རེ་ལ་ཡང་ཞིང་ཁམས་རྒྱ་མཚོ་ལྟ་བུར་བཀོད་པའི་སངས་རྒྱས་སྤྲུལ་པའི་སྐུ་དེ་དག་གི་ཞིང་གིས་བཀོད་པ་ལྷ་དང་མིའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བློས་བླང་སྟེ། དེའི་སྟེང་དུ་རང་གི་གཅེས་དགུ་དམར་དགུ་ཚེ་བསོད་ནམས་ཁ་རྗེ་དབང་ཐང་དང་བཅས་པ་འབུལ་བ་སྤྲུལ་སྐུའི་མཎྜལ་ཡིན། གཉིས་པ་ཐུན་མིན་ལོངས་སྐུའི་མཎྜལ་ནི། དེ་ལྟར་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་ཀྱི་གནས་ཚུལ་དག་པ་ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཡིན་ཏེ༑ གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་སོགས་ཡེ་ཤེས་རིན་པོ་ཆེ་རང་སྣང་བའི་ཞིང་ཁམས་བཀོད་པ་ཚད་མེད་པས་མངོན་པར་འཕགས་པ། སྟོན་པ་ངེས་པ་དབུས་ན་རྣམ་པར་སྣང་མཛད་གངས་ཆེན་མཚོ། ཤར་ན་རྡོ་རྗེ་སེམས་དཔའ་གངས་ཆེན་མཚོ། ལྷོ་ན་རིན་ཆེན་འབྱུང་ལྡན་གངས་ཆེན་མཚོ། ནུབ་ན་སྣང་བ་མཐའ་ཡས་གངས་ཆེན་མཚོ། བྱང་ན་དོན་ཡོད་གྲུབ་པ་གངས་ཆེན་མཚོ་སྟེ་རིགས་ལྔའམ། ཡང་རིགས་ཆུང་གིས་དབྱེ་ན། དབུས་ན་སྐུའི་རིགས་ལྔ། ཤར་ན་རྡོ་རྗེའི་རིགས་ལྔ། ལྷོ་ན་ཡོན་ཏན་རིགས་ལྔ། ནུབ་ན་པདྨའི་རིགས་ལྔ། བྱང་ན་ལས་ཀྱི་རིགས་ལྔ་སྟེ་ཉི་ཤུ་རྩ་ལྔ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཏེ་དེ་ལྟར་སངས་རྒྱས་གཅིག་གིས་ལོངས་སྐུ་ངེས་པ་ལྔ་ལྡན་གྱིས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ཞིང་གི་བཀོད་པ་དང་གཞལ་ཡས་ཁང་གི་གཞི་དང་རྒྱུ་དང་རྒྱན་དང་བཀོད་པ་དང་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་སྤྲིན་འཁྲིགས་པ་ལྟ་བུའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཐོགས་པ་དེ་དག་རིགས་ལྔའི་རིགས་ཀྱི་རང་བཞིན་ཅན་དེ་དག་བློས་བླངས་ཏེ་དེའི་སྟེང་དུ་ནང་རང་གི་རྡོ་རྗེ་ཕུང་པོའི་རྩ་ཐིག་རླུང་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་དག་པ་ཅན་རྣམས་འབུལ་བ་ལོངས་སྐུའི་མཎྜལ་ཡིན། གསུམ་པ་དེ་དག་ཐམས་ཅད་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ནི། དེ་ལྟར་མ་དག་པར་སྣང་བའི་སྤྲུལ་སྐུའི་ཞིང་ཁམས་དང་། དག་པར་གནས་པའི་ལོངས་སྐུའི་ཞིང་ཁམས་གཉིས་པོ་དེ་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ཡིན། དེ་ཡང་ཆོས་ཀྱི་སྐུ་འཁོར་འདས་ཀྱི་ཕྱོགས་གང་དུ་ཡང་རྒྱ་མ་ཆད། ཡོད་མེད་ཀྱི་ཕྱོགས་གང་དུའང་མ་ལྟུང་བའི་ཡེ་ཤེས་དེའི་རྩལ་རོལ་པ་ཆེ་བའི་རྒྱན། མ་དག་པ་འཁོར་བའི་ཆོས། དག་པ་ལམ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་དང་། ཁྱད་པར་ལྷུན་གྲུབ་སྣང་བ་བཞི་པོ་ཚོམ་བུའི་ཚུལ་དུ་མ་བཀོད་ཡེ་རྫོགས་སུ་གནས་པ་ཐམས་ཅད་བློས་བླང་སྟེ༑ དེའི་སྟེང་དུ་རང་གི་སེམས་ཉིད་སྐྱེ་བ་མེད་པ་ལས་རྩལ་འགགས་མེད་དུ་ཤར་བའི་རྟོག་ཚོགས་ཐམས་ཅད་མ་སྤངས་ཡེ་ཤེས་སུ་ཤར་བ་བཀོད་པ་རྣམས་འབུལ་བ་ཆོས་སྐུའི་མཎྜལ་ཡིན། ཐུན་མོང་སྤྲུལ་སྐུའི་མཎྜལ་སྐབས་རི་གླིང་སོགས་ཀྱི་རྣམ་བཤད་ལ། དགོངས་འདུས་མཎྜལ་གྱི་རྣམ་བཤད་ལ་དཔེ་ལྟས་རེ་བྱེད་རྒྱུ་ཙམ་ལས་གསུང་སྲོལ་མེད། དེ་ནས་མཎྜལ་ཕུལ་དུས། གནས་ཁང་བྱི་དོར་བྱས། ཆགས་ཆགས་གདབ། འདི་ཚོགས་གསོག་གི་དང་པོ་ཡིན་པས་མཆོད་པ་རྣམས་ཁ་ཚང་བ་རེ་དགོས་པས། ཡོན་ཆབ་དང་། ཞལ་ཟས། མར་མེ། སྤོས་ལ་སོགས་པ་རང་གི་འབྱོར་པ་དང་བསྟུན་ཏེ་སྣེ་ཚང་རེ་མཎྜལ་མ་ཚར་བར་དུ་རྒྱུན་མི་ཆད་པ་རེ་དང་། སྒྲུབ་པའི་མཎྜལ་ལ་ཚོམ་བུ་འགོད་པ་དང་ཚོགས་ཞིང་གསལ་བ་སྐྱབས་འགྲོའི་དུས་ལྟར་ཡིན། ཁྱད་པར་སྟོན་པའི་སྐུ་རྟེན། སྡུད་པ་དང་གསང་སྙིང་རྩ་བ་གསུང་རྟེན། བཀའ་གདམས་མཆོད་རྟེན་སོགས་ཐུགས་རྟེན་གཡར་པོ་ཚུན་ཆད་བྱས་ནས་སྟེགས་ཁེབ་ལྡན་ལ་འགོད། དེ་ནས་མཆོད་པའི་མཎྜལ་དང་དེ་ལ་འགོད་རྒྱུའི་ཚོམ་བུ་རང་གི་འབྱོར་ཚོད་སེར་སྣས་མ་གོས་པ། དེ་ལ་འདིར་ཞིང་ཁམས་སྦྱང་བ་ཡིན་པས་རྡོ་དང་ཡུག་པོ་བྱ་བྲུན་སོགས་དང་ནས་འབྲུ་རྣམས་གས་ཆག་དུམ་བུ་མེད་པའི་རིགས་གཙང་མར་བྱས་ཏེ་དྲི་བཟང་གི་ཆུས་རླན་ཕབས་ཏེ་བཞག དེ་ནས་ཐུན་དང་ཐུན་མཚམས་ཕྱེ་སྟེ། ཐུན་གྱི་སྔོན་འགྲོ་རྣམས་གྲུབ་པ་དང་། དངོས་གཞི་ལ། མཚམས་པ་ཚང་དང་ཨ་བུའི་ཕྱག་ལེན་ལ་ཐུན་རེ་རེ་བཞིན་ངག་འདོན་རྒྱས་པ་ཚར་རེ་དང་། སྤྲུལ་སྐུ་ཞབས་དྲུང་ཕྱག་ལེན་ལ་ནང་དུས་སྔོན་འགྲོ་ངག་འདོན་རྒྱས་པ་རེ་དང་། ཐུན་ཕྱི་མ་རྣམས་ལ་སྨིན་གླིང་ཆོས་སྤྱོད་ལས་བྱུང་བའི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ནས། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་པའི་བར་གྱི་བློ་ལྡོག་རྣམ་བཞི་བསྡུས་པ་རེ་བསྒོམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་རྣམས་ཅི་རིགས་རེ་ཡང་བསྒོམ་དགོས། དེ་ཡང་ཐུན་གྱི་སྐྱེད་བྲི་ཤེས་དགོས་པས། སྐབས་སུ་གང་བསྒོམ་པ་དེའི་སྔོན་གྱི་བློ་ལྡོག་སོགས་ཅུང་ཟད་རེ་དང་། ཕྱི་མ་རྣམས་ལའང་ཅུང་ཟད་རེ་བསྒོམ་དགོས་པས་མཎྜལ་ཡན་ཆད་ཀྱི་བློ་ལྡོག་ནས་རྡོར་སེམས་ཀྱི་བར་རྣམས་ལ་ས་བཅད་ཙམ་རེ་བཟུང་སྟེ་བསྒོམ་ནས། དེ་ནས། དཀོན་མཆོག་རྗེས་དྲན་དང་། ངན་འགྲོའི་ལམ་ནི་སོགས་བརྗོད་ས་གཞི་བྱིན་གྱིས་བརླབ་པ་ནས་སྤྱན་འདྲེན་གདན་འབུལ་ཡན་རྣམས་སྨིན་གླིང་ཆོས་སྤྱོད་ལྟར་ལ། དེ་ནས་མཛད་བཅུ་དང་ཚིགས་སུ་བཅད་པ་གཅིག་པ་དང་གཉིས་པ་གང་མོས། དེ་ནས། ཇི་སྙེད་སུ་དག་སོགས་ནས། བདག་གིས་བསྟོད་ཅེས་པའི་མཚམས་སུ་ཡིག་བརྒྱ་བརྗོད་བཞིན་པས་མཎྜལ་ལག་པའི་འཁྲིག་མ་ལ་ཤེས་རབ་བསྐྱེད་པའི་རྩ་ཡོད་པས་དེས་གཡས་སྐོར་དུ་ལན་གསུམ། གཡོན་སྐོར་དུ་ལན་གསུམ་ཕྱི་བའི་དུས་སུ། གཞི་ཆོས་དབྱིངས་སྐྱེ་བ་མེད་པའི་མཎྜལ་ལ། གཞི་སྣང་མ་རིག་འཁྲུལ་པའི་དྲི་མ་ཐམས་ཅད། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཕྱི་ཞིང་སད་སད་དག་པར་བསམ་ལ་ཕྱི། དེ་ནས། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་པས། བསམ་པ་དག་པ་འཇིག་རྟེན་ཚེ་འདིའི་འཇིགས་སྐྱོབ་དང་ལེགས་སྨོན་སོགས་མ་ཡིན་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བཟུང་བར་བྱ་བའི་ཕྱིར་དུ། ཡུལ་དག་པ་ཕྱི་རོལ་པའི་སྟོན་པ་སོགས་མ་ཡིན་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། དངོས་པོ་དག་པ་ལེགས་པར་མཆོད། །ཅེས་པས། རྒྱུ་བཟང་བ་སྤུས་གཙང་བ། བཀོད་ལེགས་པ་གསུམ་གྱི་སྒོ་ནས་མཆོད་པ་ཡིན་ཏེ། དང་པོ་རྒྱུ་བཟང་བ་ནི་རང་ལ་གསེར་དངུལ་གཉིས་ཡོད་ན་རྒྱུ་བཟང་བ་གསེར་ཡིན་པས་དེའི་དཀོན་མཆོག་མཆོད་དགོས་པས་མཚོན་རང་གི་འབྱོར་བ་རྣམས་ཀྱི་གང་བཟང་བ་དེ་མཆོད་པ་ཡིན། གཉིས་པ་སྤུས་གཙང་བ་ནི། གསེར་ནག་གསེར་སྐྱ་གཉིས་ཡོད་ན་གསེར་ནག་དེ་སྤུས་གཙང་བ་ཡིན་པས་དེས་དཀོན་མཆོག་མཆོད་དགོས་པ་ཡིན་པས་མཚོན། མར་གྱི་ཁ་ས་དང་། ལོ་མའི་སེར་ས་དང་། ཐུད་ཀྱི་སྔོ་ས་ནས་མཆོད་པ་མ་ཡིན་པར། མར་གྱི་དཀར་ས། ལོ་མའི་སྔོ་ས། ཐུད་ཀྱི་ཞིམ་ས་ནས་དཀོན་མཆོག་མཆོད་པ་ཡིན། གསུམ་པ་བཀོད་ལེགས་པ་ནི། མཆོད་སྟེགས་བང་རིམ་ཅན་ནམ་མིན་ཀྱང་། ཤིང་ལེབ་ལྟ་བུའི་སྟེང་རྡུལ་ལེགས་པར་ཕྱིས། དང་པོ་ཞལ་ཟས་དང་། དེ་ནས་མེ་ཏོག དེ་ནས་ཡོན་ཆབ། ཡོན་ཆབ་ལའང་ཡ་ཡོ་འཁྱ་འཁྱོགས་མེད་པར་དྲང་པོ་དང་བདུན་ཚར་ཆེ་བ་གཉིས་རེའི་བར་ན་སོར་རེ། ཆུང་བ་གཉིས་རེའི་བར་ན་ནས་འབྲུ་གློ་གཤིབ་ནས་ཤོང་ཚོད་དང་། ཧ་ཅང་གང་ཆེ་བ་དང་མི་གང་བ་ལྟ་བུ་མཆོད་སྟེགས་ཀྱི་སྟེང་དུ་ཕྱིར་འབོ་བ་སོགས་མ་ཡིན་པར་ལེགས་པར་བཤམས། དེ་ནས་མར་མེ། དེ་ནས་སྤོས་ཀྱི་དྲྭ་བ་བྲེས་ཏེ་མཆོད་པ་ཡིན། མདོར་ན། མར་མེ་འོད་ཀྱིས་ཞལ་ཟས་རྒྱན་ཞུ་དང་། སྤོས་ཐལ་གྱིས་ཡོན་ཆབ་སོགས་དྲི་མ་ཅན་དུ་བྱེད་པ་མེད་པར། རང་གི་གཡོན་ཕྱོགས། ཡུལ་གྱི་གཡས་ཕྱོགས་ནས་མཆོད་འགོ་བཟུང་ནས་བཤམ་པ་ཡིན། ཡོན་ཆབ་གཤེགས་དུས་རང་གི་གཡས་ཕྱོགས་མཆོད་ཡུལ་གྱི་གཡོན་ཕྱོགས་ནས་བསྡུ་བ་ཡིན་ལ། དེ་ལའང་ངོ་ཚ་འཇིགས་སྐྲག་གུས་པ་བག་ཡོད་དང་བཅས་ནས་བཤམས་པ་གཤེགས་པ་རྣམས་དགོས་ཏེ། ད་ལྟའི་དུས་ཀྱི་བླ་ཆེན་རྣམས་ལ་ཇ་དྲངས་བའི་དུས་སུ་ཕོར་བ་དང་རྫ་མ་མགོ་ཐོག་ནས་ཁུར་འགྲོ་དགོས་ན་རྒྱལ་བ་སྲས་བཅས་མཆོད་པ་ལ་གུས་པ་སོགས་བྱེད་ཅིའི་ཕྱིར་མི་དགོས། དེ་ནས་ཚོམ་བུ་དང་བཅས་མཎྜལ་བཟུང་སྟེ་ཚོམ་བུ་སོ་བདུན་མ་རྒྱས་པ་ཕུལ། དེ་ནས་སྟོང་གསུམ་འཇིག་རྟེན་པ་ཁྲི་ཚོ་གསུམ་མ་སོང་གི་བར་དུ་ལག་གཡོན་པས་མཎྜལ་བཟུང་། གཡས་ཕྲེང་བ་དང་བཅས་ཏེ་ཚར་གྲངས་བཞིན་ཚོམ་བུ་རེ་ཕུལ། དེ་ནས་སྤྲུལ་སྐུ་ཞུབས་དྲུང་གསུངས། བདག་གཞན་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་། །རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་ཚོགས། །བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་འབུལ། །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ་ཞེས་ཁྲི་ཚོ་བདུན་ཁ་སྐོང་དང་བཅས་པ་འགྲོ་དགོས། དེ་ནས་ཐུན་བསྡུ་རན་པ་ན། མཎྜལ་མངའ་རིས་པཎ་ཆེན་གསུངས། ན་མོ། དབང་ཆེན་གཞལ་ཡས་སོགས་དང་། རིན་ཆེན་མཎྜལ་གསེར་གཡུ་སོགས་དང་། རིན་ཆེན་ལུས་སེམས་བཀོད་པའི་སོགས་དང་། ས་གཞི་སྤོས་ཆུས་སོགས་དང་། མཉེས་བྱེད་མཎྜལ་བཟང་པོ་སོགས་བརྗོད། དེ་ནས་མེ་ཏོག་དམ་པ་སོགས་ནས་སེམས་བསྐྱེད་སྡོམ་ཆོག་དང་བཅས་པ་གྲུབ་ནས། ཀུ་སུ་ལའི་ཚོགས་བསགས་ནས་བླ་མའི་རྣལ་འབྱོར་བར་ཚང་བར་བྱས་ཏེ། ཐུན་གྱི་རྗེས་ཐམས་ཅད་འདྲའོ། །


previousབཞི་པ། མཎྜལ།next