Nitartha Digital Library
Tibetan
 
previousལྔ་པ། ཀུ་སཱ་ལའི་ཚོགས་བསགས།next

ལྔ་པ། ཀུ་སཱ་ལའི་ཚོགས་བསགས།

བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སུ་ལུའི་ཚོགས་བསགས་ནི། རྣལ་འབྱོར་པ་ཟ་ཉལ་བཤང་ལྕི་འདོར་བའི་བྱ་བ་ལས་གཞན་བྱེད་རྒྱུ་མེད་པའི་རྣལ་འབྱོར་པ་ཚེ་འདི་བློས་ཐོངས། དབེན་པའི་རི་ཁྲོད་འགྲིམ་པ་གཅིག་གིས་ཕྱི་ཡོ་བྱད་ཀྱི་སྟེང་ནས་ཚོགས་བསགས་བྱེད་རྒྱུ་མེད་པ་ཞིག་གིས་ནང་ཕུང་པོའི་གཅེས་འཛིན་བོར་ནས་ཚོགས་བསགས་དགོས་པས། སྡུད་པ་ལས། རྒྱུ་རྣམ་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཤིང་། །སྟོང་པར་གནས་དང་སྙིང་རྗེ་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་ཚིག་བཅད་འདིའི་ཟབ་མོ་གཅོད་ཀྱི་ཁོག་ཐམས་ཅད་ཕུབ་སྟེ་འཆད་པ་ཡིན། བདུད་བཞི་ཞེས་པས་གཅད་བྱ་ཕྱི་ནང་གི་བདུད་བཞི་བསྟན། སྟོང་དང་སྙིང་རྗེ་གཉིས་ཀྱི་བདག་འཛིན་སྙེམས་བྱེད་ཀྱི་བདུད་ཤེས་རབ་ཀྱིས་བཅད་པ་དང་། ཐབས་ཀྱིས་བཅད་པའི་ཚུལ་གཉིས་སོ། །ཡང་ན་སྙིང་རྗེ་ཆེན་པོས་དབང་དུ་སྡུད་པ་དང་། ཤེས་རབ་ཆེན་པོས་ཟིལ་གྱིས་མནན་པ་གཉིས་བསྟན། ཇི་སྐད་སྨྲས་བཞིན་ཞེས་པས། ཟབ་མོ་གཅོད་ཀྱི་ཉམས་ལེན་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་ཐམས་ཅད་དམ། ཡང་ན་དམ་ཚིག་རིམ་པ་རྣམས་བསྟན། བདེ་གཤེགས་བྱིན་རླབས་ཅན་ཞེས་པས་ཟབ་མོ་གཅོད་ཀྱི་སྨིན་བྱེད་ཀྱི་དབང་ཐམས་ཅད་བསྟན་པ་ཡིན་ཀྱང་། དེ་དག་ནི་ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་ཞིག་གི་ཞལ་ནས་ཉན་དགོས། འདིར་ནི་ལུས་སྦྱིན་དམིགས་རིམ་ཙམ་ལས་མ་གསུངས་གོ་དོན་ཅུང་ཟད་ཙམ་བཤད་ན། གཅད་བྱ་བདུད་བཞི་ནི། རྒྱུ་མཚན་ཉིད་ཐེག་པ་ལྟར་ན། གང་འཆི་བར་བྱེད་པ་ཕུང་པོའི་བདུད། གང་གིས་འཆི་བར་བྱེད་པ་ཉོན་མོངས་པའི་བདུད། འཆི་བ་རང་གི་ངོ་བོ་འཆི་བདག་གི་བདུད། འཆི་མེད་ཞི་བའི་གོ་འཕང་ལ་བར་དུ་གཅོད་པ་ལྷ་བུའི་བདུད་ཅེས། བདུད་ཅེས་པ་ནི་ཁ་གདང་མིག་བསྒྲད་པ་ཞིག་ལ་ཟེར་བ་མིན་ཏེ་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང་། ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་བར་དུ་གཅོད་པར་བྱེད་པ་སྟེ། མདོར་ན་ལུས་སེམས་གཉིས་ལ་འཚེ་བའམ་གནོད་པ་སྟེར་བ་དེ་ཡིན་ལ། དེ་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་གང་ལས་འབྱུང་ན་ནང་ཕུང་པོ་ལྔ་པོ་འདི་མེད་ན་སྡུག་བསྔལ་ཐམས་ཅད་ཀྱི་གནས་སམ་གཞིའམ་སྣོད་དམ་རྟེན་མེད་པ་ཡིན་ཀྱང་ཕུང་པོ་འདི་གྲུབ་ཕྱིན་ཆད་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་བའི་གནས་གཞི་སྣོད་རྟེན་ལྟ་བུ་ཡིན་པས་ན་ཕུང་པོའི་བདུད། ཉོན་མོངས་པ་ནི་བརྒྱད་ཁྲི་བཞི་སྟོང་སྟེ་དེ་དག་བསྡུ་ན་དུག་ལྔ་དུག་གསུམ་དེ་ཡང་བསྡུ་ན་ཚུལ་མིན་ཡིད་བྱེད་ཀྱི་ཕུང་པོ་ལ་གཙང་བདེ་བདག་རྟག་ཏུ་ལྟ་བ་འདི་ལ་འདུ་ཞིང་། ཚུལ་མིན་ཡིད་བྱེད་བདག་ཏུ་ལྟ་བས་ཀུན་ནས་བསླངས་ཏེ་ཉོན་མོངས་པ་ཆགས་སྡང་རྨོངས་པའི་རྟོག་པ་རྣམས་བསྐྱེད་པ་ཡིན་ལ། ཉོན་མོངས་པ་དེས་ཀུན་ནས་བསླངས་ཏེ་མི་དགེ་པའི་ལས་བསགས་ནས་ལས་ཀྱི་དབང་གིས་འཁོར་བ་འདིར་སྐྱེ་བ་དང་འཆི་བ་དབང་མེད་དུ་བྱེད་པ་ཡིན་པས་གང་གིས་འཆི་བར་བྱེད་པ་ཉོན་མོངས་པའི་བདུད་ཡིན། འཆི་བ་རང་གི་ངོ་བོ་འཆི་བདག་གི་བདུད་ནི་རགས་པ་སྐྱེ་བ་ཡོད་ན་འཆི་བའི་ཆོས་ཉིད་དུ་གྲུབ་པས་སེམས་ཅན་རྣམས་དབང་མེད་དུ་འཆི་བས་སྡུག་བསྔལ་ཞིང་གནོད་པ་དང་། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་སྐད་ཅིག་རེ་རེ་ཞིང་འགྱུར་ཏེ་མི་རྟག་པའི་རང་བཞིན་སྡུག་བསྔལ་གྱི་མཚན་ཉིད་ཡིན་པས་ན་འཆི་བདག་གི་བདུད་ཅེས་བྱ་བ་ཡིན། འཆི་མེད་ཞི་བའི་གོ་འཕང་ལ་བར་དུ་གཅོད་པ་རྣམ་གཡེང་ལྷའི་བུའི་བདུད་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བར་དུ་གཅོད་པ་ཤེས་པ་ཕྱི་རོལ་གྱི་ཡུལ་གྱི་རྗེས་སུ་གཡེང་བའི་རྣམ་པར་རྟོག་པ་ཡིན་ལ། དེས་དབང་གིས་ལུས་དང་གྲིབ་མ་བཞིན་རྒྱུ་མཚན་ཉིད་པ་ལྟར་ན། བདུད་སྡིག་ཅན་ནག་པོ་རྩ་ལག་དང་བཅས་པ་རྣམས་དང་། སྔགས་ལྟར་ན་བདུད་དགའ་རབ་དབང་ཕྱུག་ཅེས་གཟུགས་ཀྱི་ལྷ་ཡིན་ཀྱང་འདོད་པའི་ཡུལ་ལ་ཆགས་པས། དགའ་ལྡན་གྱི་གནས་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པ་དེ་ཡིན། བདུད་བཞིའི་ངོས་འཛིན་སྔགས་ལྟར་ན། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུ། །ཞེས་གསུངས་པས། ཐོགས་བཅས་བདུད་ནི། ཕྱིའི་དངོས་པོ་དང་སེམས་ཅན་གྱི་གནོད་པ། མེ་དང་ཆུ་དང་གཡང་ས་དང་གནམ་ལྕགས་ཀྱི་ཐོག་འབེབས་པ་ལ་སོགས་པ་དང་། སེམས་ཅན་མ་རུངས་པ་དགྲ་དང་ཆོམ་རྐུན། དུག་སྦྲུལ་དང་གཅན་གཟན་དང་། ཤ་ཟ་འདྲེའི་འཇིགས་པ་ལ་སོགས་པས་ལུས་སེམས་ལ་གནོད་པའོ། །ཐོགས་མེད་བདུད་ནི་ནང་གི་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སྟེ་དེ་དག་གིས་སྲིད་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྟེར་བར་བྱེད་པས་སོ། །དགའ་བྲོད་ཀྱི་བདུད་ནི་གཉན་ས་དང་རི་ཁྲོད་ལ་སོགས་པ་འགྲིམ་པའི་ཚེ། ངའི་བླ་མ་དེ་གཞན་གྱི་བླ་མ་དང་མི་འདྲ། གདམས་པ་དེ་གཞན་གྱི་གདམས་པ་དང་མི་འདྲ། ངའི་ཉམས་ལེན་དེ་གཞན་དང་མི་འདྲ། རྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས་གཞན་ལས་ཁྱད་པར་འཕགས་སོ་སྙམ་ནས་དགའ་ཞིང་བྲོད་པ་ཡིན་ཏེ། མདོར་ན་ནང་གི་ཏིང་ངེ་འཛིན་གྱི་དྲོད་དང་ནུས་པ་ཅུང་ཟད་རེ་ཐོབ་པ་ལ་ཆེད་དུ་འཛིན་ཅིང་ཆགས་པ་ནི་དགའ་བྲོད་ཀྱི་བདུད་ཡིན། སྙེམས་བྱེད་ཀྱི་བདུད་ནི། སྔ་མའི་བདུད་དེ་དག་ཐམས་ཅད་ཀྱི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་འཛིན་པས་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པའི་རྟོག་པ་འདི་ཡིན་པས་འདི་ཆོད་ན་ཕྱིའི་བདུད་ཐམས་ཅད་མ་བཅད་རང་སར་ཆོད་པ་ཡིན་ཏེ། དཔེར་ན་ཤིང་སྡོང་པོའི་རྩ་བ་བཅད་ན་ཡལ་ག་ལོ་མ་ཐམས་ཅད་ཤུགས་ཀྱིས་འགྱེལ་འགྲོ་བ་བཞིན་ཡིན་པས་གོང་དུ་བཤད་པའི་བདུད་བཞི་པོའི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་བདུད་འདི་ལ་ཐུག་ཅིང་འདུ་བས། འདི་གཅད་བྱ་ཡིན། དེ་གཅོད་པར་བྱེད་པའི་ཐབས་ལ། ཐབས་ཀྱིས་བཅད་པ་དང་། ཤེས་རབ་ཀྱིས་བཅད་པའི་ཐབས་གཉིས་ལས། ཉན་རང་གིས་ཐབས་ཤེས་ཉི་ཚེ་བས། བདུད་རགས་པ་བཅོམ་ནས་ཐར་པའི་གོ་འཕང་ཐོབ་ཀྱང་། ཕྲ་བ་མ་རིག་བག་ཆགས་ཀྱི་ས་ཡིད་ཀྱི་རང་བཞིན་ཅན་གྱི་ལུས། ཟག་མེད་ཀྱི་ལས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལ་སོགས་པའི་བདུད་བཞི་ཕྲ་བ་མ་བཅོམ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་བཞི་ཕྲ་རགས་ཐམས་ཅད་བཅོམ་དགོས། བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས་ཀྱང་བདུད་བཞི་ཕྲ་རགས་ཐམས་ཅད་ཆོམས་དགོས་ཀྱང་། དེ་གཉིས་ཀས་བཅོམ་ལུགས་ཀྱི་ཐབས་ལ་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ། དེ་ལ་དང་པོ་ཐབས་ཀྱིས་བདག་འཛིན་བཅད་པ་ནི། ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པ་འདིས་ད་ལྟའི་བར་གྱི་སྡུག་བསྔལ་ཐམས་ཅད་བསྐྱེད་ལ། ད་དུང་ཡང་འདི་མ་སྤང་ན་ཐ་མ་མེད་པའི་བར་དུ་གནོད་པ་སྐྱེལ་བ་ཡིན་པས་བདག་ཏུ་འཛིན་པའི་སྐྱོན་རྣམས་ཤེས་པར་བྱས། རིན་ཆེན་བྱང་ཆུབ་ཀྱི་སེམས་འདིས་གནས་སྐབས་མཐོ་རིས་དང་། བྱང་ཆུབ་སེམས་དཔའི་སའི་ཡོན་ཏན། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཡོན་ཏན་ཐམས་ཅད་ཐོབ་པ་ཡིན་པས་དེ་ལྟར་སྐྱོན་ཡོན་ཤེས་པར་བྱས་ཏེ། རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱེད་པ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་བསྒོམ་ནས་བདག་རང་འདོད་ཀྱི་འཁྲི་བ་རྩ་བ་ནས་མ་ཆོད་པའི་བར་བསྒོམ་ཞིང་སེམས་ཅན་ཐམས་ཅད་ལ་མ་དང་རང་ལ་བུའི་འདུ་ཤེས་བཞག་ནས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ཆ་རྐྱེན་དུ་ཡོངས་སུ་བཟུང་བའི་གཞི་ལུས་དང་། དེ་བཞིན་དུ་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ལ། དེ་ལྟར་ཡོངས་སུ་བཟུང་བའི་གཞི་གསུམ་པོ་དེའི་ཞེན་འཛིན་ཆོད་ན་དེ་ལས་གཞན་དུ་བདག་ཏུ་འཛིན་པའི་གཞི་མེད་པ་ཡིན་པས། དེ་ལྟར་བློ་སྦྱངས་ནས་བདག་གཅེས་འཛིན་གྱི་བདུད་དེ་ཆོད་ན་གཅོད་པ་ཞེས་པ་ཡིན་ཏེ། ཌཱ་རུ་གཡུག་མི་དགོས། དྲིལ་བུ་དཀྲོལ་མི་དགོས། རྐང་དུང་འབུད་མི་དགོས། མགོ་ལ་རལ་བ་མི་དགོས། ལག་ན་ཀ་པཱ་ལ་ཁྱེར་མི་དགོས། ཉལ་བཞིན་དུ་ནང་སྙེམས་བྱེད་ཀྱི་བདག་འཛིན་འདི་རིན་ཆེན་བྱང་ཆུབ་ཀྱི་སེམས་ཀྱིས་ཡུལ་ཕུད་རྗེས་འདོན་བྱེད་པ་དེ་ལ་གཅོད་རབ་བ་ཉལ་ཉལ་ཟེར་ལ་ཡིན། དེ་ལྟར་མིན་པར་ནང་སྙེམས་བྱེད་ཀྱི་བདུད་དེ་གཅད་དགོས་པའི་གོ་ཡུལ་ཙམ་ཡང་མ་ཆགས་པར། སྣང་བ་འདྲེ་དང་རྒྱལ་འགོང་དུ་ཤར་ཏེ་གཅད་བྱ་ཕྱི་ན་ཡོད་པར་རློམས་ནས། ཕཊ་སྒྲོག སྡང་མིག་བསྒྲད། རྐང་དུང་འབུད། ཌཱ་རུ་ཁྲོལ་ནས་མི་སེམས་དཀྲུགས། ཁྱི་དཀྲོགས་ལྷ་འདྲེ་དང་ཞེ་འགྲས་པར་བྱེད་པ་དེ་ལ་གཅོད་མཐའ་ཁྱི་ཟུག་ཟུག་ཟེར་བ་ཡིན་པས་མ་ཅིག་གིས་གཅོད་ལོག་བདུད་ཀྱི་བསྟན་པ་འབྱུང་བར་ལུང་བསྟན་པ་དེ་དེང་སང་གི་གཅོད་རྒན་རལ་བ་ཅན་འདི་ཚོ་ཡིན་ཏེ། ལྷ་མ་མཐོང་ན་ལྷ་མཐོང་། འདྲེ་མ་མཐོང་ན་འདྲེ་མཐོང་། གྲུབ་པ་མ་ཐོབ་ན་གྲུབ་པ་ཐོབ་ཡོད་ཅེས་ཁ་ཕོ་སྨྲ། རྟ་རྒྱུག་མདའ་འཕེན། ཆང་འཐུང་ནག་མོ་ཁྲིད་ནས་གྲུབ་པའི་སྤྱོད་པ་ལྟར་སྤྱད་པས་མི་རང་གཉིས་ཀས་གྲུབ་ཐོབ་ཡིན་རྒྱུ་རེད་ཟེར་ནས་རྒྱུ་མཚན་མེད་པའི་དད་མདོག་བྱེད། རང་གཞན་གཉིས་ཀ་དམྱལ་བའི་གཏིང་རྡོ་བྱེད་པའི་གཅོད་པ་འདི་རྣམས་ནག་པོ་དགུ་ཕྲུག་གིས་གཅོད་ལོག་བདུད་ཀྱི་སྤྲུལ་པ། སྡིག་པའི་བཤེས་གཉེན། ལོག་འདྲེན་འབྱུང་པོ་ཞེས་པ་ཡིན་པས་སྤང་དགོས། གཉིས་པ་ཤེས་རབ་ཀྱིས་བཅད་པ་ནི། ནང་ཕུང་པོ་ལ་སྙེམས་བྱེད་ཀྱི་བདག་འཛིན་འདི་ཆོད་དགོས་པས། འདི་གཅོད་པ་ལ། ཡུམ་དོན་ངོ་སྤྲད་ཅིང་། བསྒོམ་པས་དེའི་ངང་སྐྱོང་བ། སྤྱོད་པས་བོགས་དབྱུང་བ་ཡོད་ན་ཡང་སྐབས་འདིར་གོ་བདེ་བའི་དབང་དུ་བྱས་ན། ནང་ཕུང་པོ་ལ་དམིགས་ཏེ་ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས་པོ་གཅད་བྱའི་བདུད་ཡིན་ལ། དེ་ཡང་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པ་ལ། གང་ཟག་གི་བདག་ང་ཞེས་པ་ནི་ཕུང་པོ་ལྔ་དང་གཅིག་ཐ་དད་བརྟག་ན་གཅིག་ཐ་དད་གང་དུའང་མ་གྲུབ་པ་བདག་གཞི་མེད་ནམ་མཁའ་ལྟ་བུ་གཏན་ལ་ཕབ། དེའི་གདགས་གཞི་ཕུང་པོ་ལྔ་ཡང་རགས་པ་ཆ་ཤས་སུ་བསལ། ཕྲ་བ་ཕྱོགས་ཆས་དབྱེ་བ་དང་། སྐད་ཅིག་སྐྱེ་འགགས་ཀྱི་རང་བཞིན་ཅན་ལ་དུས་ཀྱི་ཆ་དང་། དབྱིབས་མཚན་མ་ཁ་དོག་ལ་སོགས་པ་བརྟགས་པས་མ་རྙེད་ཅིང་དངོས་པོའི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ནམ་མཁའ་ལྟ་བུའི་སྨྲ་བསམ་བརྗོད་པ་དང་བྲལ་བ་སྤྲོས་བྲལ་བློ་འདས་ཆེན་པོ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གཏན་ལ་ཕབ་ནས། དེ་ལྟར་རྟོགས་པའི་ཡེ་ཤེས་དེའི་རྒྱུན་སྐྱོང་ཞིང་གོམས་པ་དང་། དེ་ལྟར་དབང་ཐོབ་དམ་ཚིག་དག ལྟ་སྒོམ་གྱི་དྲོད་ཅུང་ཟད་ཐོབ་པའམ། མིན་ཀྱང་བསྙེན་པ་སོང་བསྐྱེད་རིམ་བརྟན་པ་ཅུང་ཟད་ཐོབ་པ་རྣམས་ཀྱིས་མི་ཕོད་པ་བརྫི་ཞིང་བར་ཆད་དང་མི་མཐུན་པའི་རྐྱེན་རྣམས་ལ་ཕར་ཐོག་འགེལ་དུ་བཀལ་ནས་བར་ཆད་དངོས་གྲུབ་ལྟས་ངན་གཡང་དུ་ལེན་པའི་སྤྱོད་པས་གཉན་ས་རི་ཁྲོད་ལ་སོགས་པ་འགྲིམ་པ་ཡིན་ཏེ། ཕྱི་ལྷ་འདྲེ་དངོས་དང་གཟི་བྱིན་གྱི་སློངས་གང་རུང་ལ་བརྟེན་ནས་འཇིགས་ཤིང་སྐྲག་པའི་ཚེ་སྐྲག་ཆེ་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་འགགས་པའི་ཤུལ་དེ་ན་སེམས་ཀྱི་ཡིན་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པའི་གོས་དང་བྲལ་ནས་གཅེར་བུར་ལྡང་ཞིང་བཞུགས་ཡོད་པས་དེ་ངོས་ཟིན་པ་བྱ་དགོས་པས་རང་དོན་དུ་རྟོགས་པ་མ་སྐྱེས་པ་རྣམས་སྐྱེས། སྐྱེས་པ་རྣམས་བོགས་དབྱུང་བའི་གནད་ཡོད་ལ། གཞན་དོན་དུ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ལྷ་འདྲེ་ཐམས་ཅད་མར་བཟུང་ཞིང་དྲིན་གཟོ་བའི་ཆེད་དུ་རང་གི་ལུས་ལྷ་འདྲེར་གཟན་དུ་སྟེར་ཞིང་། རྒྱུད་ཆོས་ལ་འཁོར་བའི་དངོས་མེད་ལྷ་འདྲེའི་འགྲོ་དོན་བྱེད་པ་ཡིན་ལ། དེ་ལྟར་ལུས་གཟན་དུ་བྱིན་ནས་རྒྱུད་ཆོས་ལ་བཀོལ་མི་གཏུབ་པའི་ལྷ་འདྲེ་མ་རུངས་པ་རྣམས་ལ་སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱི་ལས་བརྩམ་པ་ཡིན་ཏེ། དཔེར་ན་མས་བུ་དང་པོ་ཟས་སོགས་ཀྱིས་བྲིད་ནས་ལེགས་པའི་ལམ་ལ་འགྲོ་ཨེ་ཐུབ་ལྟ། དེ་མ་ཐུབ་ན་སྙིང་རྗེ་ཁྲོས་པས་བརྡུང་བཙོག་བྱེད་པ་བཞིན་ཡིན་པས། ནང་སྙེམས་བྱེད་ཀྱི་བདུད་རྩ་བ་ནས་ཆོད་པའི་རྣལ་འབྱོལ་པས། ལྷ་འདྲེ་རྣམས་སྙིང་རྗེ་ཆེན་པོས་དབང་དུ་བསྡུ་ཞིང་། ཤེས་རབ་ཆེན་པོས་ཟིལ་གྱིས་གནོན་དགོས་ཏེ། དང་པོ་ལྷ་འདྲེ་རྣམས་ལ་མར་ཤེས་དྲིན་དྲན་དྲིན་གཟོ་འདོད་ཀྱི་རྟོག་པ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་ཤས་མི་བཟོད་པ་ཞིག་བསྐྱེད་དེ། སྙིང་རྗེ་དེའི་གདངས་རྡོ་རྗེ་རྣལ་འབྱོར་མ་སོགས་སུ་གསལ་ནས་དབང་དུ་བསྡུ་ཞིང་། དེ་ནས་བདག་གནས་ལྷ་འདྲེ་གསུམ་པོ་ཐམས་ཅད་པོ་ཡུམ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བས་འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་སྲིད་པ་འཁོར་བ། ཞི་བ་མྱ་ངན་ལས་འདས་པའི་ཆོས། མདོར་ན་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་སྟོང་ཉིད་སྤྲོས་པ་དང་བྲལ་པའི་ངང་ལས་མ་འདས་མི་འདའ། འདའ་བར་མི་འགྱུར་བའི་ཀློང་དུ་བློ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག་པས་གཉིས་ཆོས་ཀྱི་འཛིན་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟིལ་གྱིལ་གནོན་པ་ཡིན། དཔེར་ན་རྒྱལ་པོ་ཁྲི་ལ་བཞུགས་པས་འབངས་ཟིལ་གྱིས་གནོན་པ་ལྟ་བུ་ཡིན་ནོ། །དེ་ནས་རང་གི་ལུས་ལ་ཕངས་པ་དང་ཆགས་པ་མེད་པར་ལྷ་འདྲེ་རྣམས་ལ་གང་ལ་གང་འདོད་ཅི་ལ་ཅི་འདོད་དུ་བྱིན་ནས་ཕུང་པོའི་འཛིན་པ་ལིང་གིས་བསྐྱུར་ནས། ད་ནི་ལུས་རྒོག་འདི་མི་ངས་མ་ཟད་འདྲེ་ཁྱེད་རྣམས་ཀྱིས་གནོན་པ་མི་བྱེད་པར་མ་ཟད་སྲུང་སྐྱོབ་བྱས་ཀྱང་ནམ་ཞིག་སུས་ཀྱང་བསྲུང་མི་ནུས་པས་ཁྱེད་རྣམས་ཀྱིས་སུ་འདོད་པས་ཁྱེར། གང་དགོས་པས་ཁུར། ཅི་འོང་བ་ཤོག མི་འདོད་པ་ཞིག་འོང་ན་ད་དུང་འདིའི་སྟེང་དུ་མི་འདོད་པ་ཅི་ཡོད་པ་ཐམས་ཅད་ཤོག་སྙམ་དུ་བསམ་དགོས། དེ་ལྟར་མ་ཡིན་པར་ཕོ་ཚོད་ཀྱིས་ལྷ་འདྲེ་བརྙས་བཅོས་བྱེད་པ་དང་། འཇིག་རྟེན་ཆོས་བརྒྱད་གྲགས་པ་སྒྲུབ་པ། ངའི་ཚེ་དང་སྲོག་མི་ཆད། བླ་མ་ཁུར་བའི་ཆེད་སོགས་སུ་བསམ་ནས། ལུས་སྦྱིན་བྱེད་མདོག གཉན་ས་གཅད་མདོག ཆུ་མིག་བརྒྱ་རྩ་འགྲིམ་མདོག་བྱེད། སྙིང་རྗེ་བསྒོམ་ན་དྲག་གམ། སྟོང་པ་ཉིད་བསྒོམ་པ་དྲག་གམ་སྙམ་ནས་དྲག་སྔགས་བཟླ་བ་སྲུང་འཁོར་བསྒོམ་པ་དང་། བླ་མ་ལ་གསོལ་བ་འདེབས་པར་བྱེད་པ་རྣམས་ཀྱིས་ནང་སྙེམས་བྱེད་ཀྱི་བདུད་མ་ཆོད་པར་བདུད་ཀྱིས་དངོས་སུ་ཁྱེར་ཚར་བ་ཡིན་པས་ནང་སྙེམས་བྱེད་ཀྱི་བདུད་དེ་གྲོང་ན་བསྡད་ཀྱང་འདྲ། གཉན་ཁྲོད་འགྲིམས་ཀྱང་འདྲ་སྟེ་འདི་ཆོད་དགོས་པས་ཟབ་མོ་གཅོད་ཀྱི་ཉམས་ལེན་གྱི་མཐར་ཐུག་ང་བདག་འདི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱིས་གཅད་དགོས་པ་ཡིན། དེ་ནས་ལུས་སྦྱིན་ནམ་བྱེད་དུས་སུ་དང་པོ་ལུས་འདིས་གཅེས་འཛིན་བག་ཉལ་དུ་ཡོད་པ་མངོན་གྱུར་དུ་སློང་བར་བྱེད་དགོས། འཇིག་རྟེན་ཚེ་འདིའི་ཟས་གོས་གནས་མལ་ཡོ་བྱད་ཐམས་ཅད་ལུས་འདི་མི་ཉན་མི་ལོ་ནས་སྡིག་སྡུག་བསྔལ་གཉིས་ཀྱི་སྒོ་ནས་བསགས་པ་ཡིན་པས་དངོས་པོ་ཐམས་ཅད་ཀྱི་ནང་ནས་ལུས་འདི་ཕངས་ཤིང་གཅེས་པ་ཡིན་པས་གཅེས་འཛིན་སློང་ཡག་བྱས་ཏེ། དེ་ནས་ལྷ་འདྲེས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་དེ། དྲིན་གཟོ་བའི་ཆེད་དུ་མགྲོན་བཞིར་ལུས་ཀྱི་མཆོད་སྦྱིན་བྱེད་པ་ཡིན། དེ་ཡང་མཎྜལ་གསོག་པའི་དུས་ལྟ་བུ་ཡིན་ན་ཐོ་རངས་ཀྱི་དུས་སུ་དཀར་འགྱེད། ཉིན་གོང་ཁྲ་འགྱེད། སྲོད་ལ་དམར་འགྱེད་བྱེད་པའམ། ཡང་ན་ཐུན་རེ་རེ་བཞིན་འགྱེད་ཆེན་གསུམ་པོ་བཏང་བ་ཡིན། ཁྱད་པར་ནད་གདོན་དྲག་པོའི་དུས་དང་། ལྷ་འདྲེ་དཀར་འགྱེད་ལ་མི་དགའ་ཞིང་ཤ་ཁྲག་ལ་རྔམས་པ་རྣམས་ལ་དམར་འགྱེད་བྱེད་དགོས་པ་ཡིན། ནག་འགྱེད་ནི། ལྷ་འདྲེ་སློང་མ་ནུས་པའམ། བསླངས་ཀྱང་ཚར་ཚད་མ་འོངས་པའམ། ཚར་ཚད་འདྲ་བ་རེ་འོང་ཀྱང་ཆོད་ཚད་མ་འོངས་པར་ཡུན་རིང་པོར་འགོར་བ་རྣམས་ལ་བྱ་དགོས། འོན་ཀྱང་ངང་ཐུང་ཞིང་ཅུང་ཟད་ཙམ་རེ་སེམས་མ་དགའ་ནས་ནག་འགྱེད་བྱས་ན་བྱང་སེམས་ཀྱི་ལམ་དང་འགལ་འགྲོ་བ་ཡིན་པས་མི་བྱ། སྐབས་འགར་ནག་འགྱེད་ཀྱི་དམིགས་པ་རེ་གསུང་སྲོལ་འདུག་ཀྱང་མ་བྲིས།


previousལྔ་པ། ཀུ་སཱ་ལའི་ཚོགས་བསགས།next