Nitartha Digital Library
Tibetan
 
previousདྲུག་པ། བླ་མའི་རྣལ་འབྱོར།next

དྲུག་པ། བླ་མའི་རྣལ་འབྱོར།

དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། དེ་ལ་རྣམ་གྲོལ་ལམ་གྱི་ཐེག་པ་རིམ་པ་དགུ་པོས་ཀྱང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་ནས་འབྲས་བུ་ཐོབ་དགོས། དེ་ལ་གསར་མ་པ་ལྟར་ན། སྟོང་ཉིད་ཉན་ཐོས་རྣམས་ཀྱིས་བསྒོམ། །དེ་ཡི་འབྲས་བུ་འགོག་པ་ཡིན། །ལྟ་བ་ལ་མཐོ་དམན་མེད་པ་ཡིན་པར་བཞེད་ལ། སྔགས་རྙིང་མ་ལྟར་ན་ལྟ་བ་ལ་མཐོ་དམན་ཡོད་དེ་ཉན་རང་ལ་ཡེ་ཤེས་མེད་པའང་མིན་ཀྱང་ཡེ་ཤེས་ཉི་ཚེ་ལས་མེད་ལ། བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་རྟོགས་པས་ཡེ་ཤེས་ཉི་ཚེ་མ་ཡིན་པར་ཆེན་པོའམ། ལྟ་བ་མཐོ་བ་ཡིན་པས་ཉན་རང་དང་བྱང་སེམས་ཀྱི་ཡེ་ཤེས་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། དེ་ལ་དང་པོ་ཉན་རང་གིས་མཚན་ཉིད་ཐམས་ཅད་ཚང་བའི་མཁན་པོའམ་སློབ་དཔོན་ཞིག་བཙལ་ནས། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སོ་ཐར་གྱི་སྡོམ་པ་བླངས་ནས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་ཉམས་སུ་བླང་ན་ཐར་པའི་གོ་འཕང་ཐོབ་པ་ཡིན། ལམ་ཐམས་ཅད་ཀྱི་གཙོ་བོའམ་ངོ་བོ་ཤེས་རབ་ཡིན་ལ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཉིས་འཁོར་ཡིན་པས་ལམ་བདེན་འཁོར་བཅས་ཉམས་སུ་ལེན་པ་ལས་བླ་མ་དང་མཁན་སློབ་ལ་དད་པ་ཁོ་ནས་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་མ་གསུངས་ལ། འོན་ཀྱང་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །གསུངས་པས་དད་པ་ཁོ་ནས་བདག་མེད་པའི་དོན་རྟོགས་པ་ཡོད་དོ་སྙམ་ན་དེ་ནི་མ་ཡིན་ཏེ། དད་པ་མེད་པར་ལམ་ལ་འཇུག་པའི་ཐབས་མེད་པས་ཆོས་ཐམས་ཅད་ཀྱི་སྒོ་ཕྱེ་བ་དད་པ་ཡིན་པས་དང་པོ་དད་པ་ཡོད་དགོས་པར་གསུངས་པའི་ལུང་ཡིན། དད་པ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པའི་དོན་མིན། དེས་ན་རང་ལ་སྡོམ་པ་སྦྱིན་པའི་མཁན་སློབ་ལ་འགྲས་བསྒྲུབ་ན་ལམ་གྱི་གེགས་བྱེད་པ་ཡིན་པས་དད་པ་ཡིན་དགོས་ལ། ལམ་བདེན་པ་བཞི་ཡང་མ་བསྒོམས་པར་དད་པ་གཅིག་པུས་ཉན་རང་གི་དགྲ་བཅོམ་པ་མི་ཐོབ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་མ་བསྟེན། ནང་གི་ཡོངས་འཛིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་མ་སྦྱང་ན་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མི་མཐོང་བ་དེས་ན། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། ། ཡོན་ཏན་ལྷག་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བརྟེན། །ཞེས་པས། ཡོན་ཏན་བཅུ་ལྡན་གྱི་བླ་མའམ་མིན་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོང་བའི་དགེ་བའི་བཤེས་གཉེན་ཞིག་དད་པའི་སྒོ་ནས་བསྟེན་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་ཞིག་ལ་མ་བསླབ་ཀྱི་བར་དུ་དད་པ་ཁོ་ནས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བར་མ་གསུངས་ཤིང་། བླ་མ་ལ་གནོད་པ་བྱེད་ཅིང་དད་པ་ལོག་ན་སྡིག་པ་ཚབ་པོ་ཆེ་བསགས་འགྲོ་བ་ཡིན་ཏེ། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེ་བར་བྱེད་པ་ན། །ངན་སེམས་སྐྱེ་བའི་གྲངས་བཞིན་བསྐལ་བ་རུ། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ། ཞེས་སོ། །དེས་ན་ལྕགས་ཀྱིས་ལྕགས་གཅོད་པ་བཞིན་དུ་སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་འཇོམས་ཤིང་། གཟོད་ཚོགས་ལམ་ཆུང་ངུ་ནས་ཚོགས་གསོག་དགོས་པ་ཡིན་ལ། བཤེས་གཉེན་དེ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཡོད་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཞིག་ནི་ཡོངས་སུ་མ་གྲགས་ལ༑ འོན་ཀྱང་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་རྫོགས་པ་ཡིན་ཏེ། འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །ཞེས་སོ། ། བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས་དང་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་གིས་མདུན་དུ་སྔགས་ཕྱི་པ་གསུམ་གྱི་སྨིན་བྱེད་ཀྱི་དབང་། ཆུ་དང་ཅོད་པན་སོགས་རིགས་གཏད་དང་རྗེས་གནང་སྟེ་ཐུན་མོང་རིག་པའི་དབང་ལྔ་ཞུས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ་ལམ་ཉམས་སུ་ལེན་པ་ལ། མཚན་བཅས་ཀྱི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་གཉིས་བསྒོམས་པས་བསྒྲུབ་རྟེན་ལ་དྲོད་ཕོག་པ། མར་མེ་རང་འབར་དུ་འགྲོ་བ། འཇའ་ཟུག་པ་སོགས་རྟགས་བྱུང་བའི་ཚེ་དངོས་གྲུབ་བླངས་པས་ཐུན་མོང་གི་དངོས་གྲུབ་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་དངོས་གྲུབ་ཐོབ་ནས། དེ་ནས་ལུས་མ་སྤངས་པར་རི་བོ་པོ་ཏ་ལ་ལ་སོགས་པར་རྫུ་འཕྲུལ་གྱིས་ཕྱིན་ཏེ། སྤྱན་རས་གཟིགས་དང་འཇམ་དཔལ་ལ་སོགས་པའི་ཞལ་མཐོང་མ་ཐག་ཏུ་མཆོག་གི་དངོས་གྲུབ་ཐོབ་ནས་མི་ཚེ་ལྔའམ་བདུན་ནམ་བཅུ་དྲུག་གི་མཐར་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པ་གང་རུང་གི་གོ་འཕང་ཐོབ་པ་ཡིན་ལ། དེས་བླ་མ་རྡོ་རྗེ་སློབ་དཔོན་དང་འགལ་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། མ་འགལ་ཞིང་སངས་རྒྱས་སུ་མཐོང་བའི་སྒོ་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་ཡོངས་སུ་མ་གྲགས་ལ། སྲིད་མཐའ་མ་བཀག་པ་ཡིན། དེས་ན་རྡོ་རྗེ་སློབ་དཔོན་གྱིས་བསྟན་པའི་མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་མ་བསྒོམ་ན་བླ་མའི་མོས་གུས་ཁོ་ནས་མཆོག་གི་དངོས་གྲུབ་ཐོབ་པར་མ་བཤད། སྔགས་ནང་པ་རྒྱུད་སྡེ་གསུམ་གྱིས། དང་པོ་མ་ཧཱ་ཡོ་གའི་འཇུག་སྒོའི་དབང་ཕྱི་ཕན་པའི་དབང་བཅུ་སོགས། དབང་བཞི་ཡོངས་རྫོགས་ཐོབ་ནས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ་ནས། ལམ་ཉམས་སུ་ལེན་པ་ལ་གཉིས། བསྐྱེད་རིམ་དང་རྫོགས་པའི་རིམ་པ་གཉིས་ཀྱི་བསྐྱེད་རིམ་དང་རླུང་གི་རྫོགས་རིམ་གཙོ་བོར་བསྒོམ་པས་སྟོང་བཞིས་དྲངས་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས་ནས། དེའི་རྗེས་ཐོབ་ལ་སྣང་བ་གསུམ་གྱི་འོད་གསལ་གྱི་རྒྱུ་བྱས་རླུང་འོད་ཟེར་ལྔ་པས་རྐྱེན་བྱས་ནས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ལ། དེ་ནས་དོན་གྱི་འོད་གསལ་ལ་སྦྱོར་བའི་ཚེ། ཚོམ་བུ་ཚོགས་ཀྱིས་བསྒྲུབ་པ་བྱས་ནས་སྲོད་ལ་ལྷ་ལས་དངོས་གྲུབ་བླངས། གུང་ལ་དགྲ་ལས་དངོས་གྲུབ་བླངས། ཐོ་རངས་ཡུམ་ལས་དངོས་གྲུབ་བླངས་པས་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཏུ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཡིན་ལ། འདིའི་ལུགས་ལ་བླ་མ་རྡོ་རྗེ་སློབ་དཔོན་དང་འགལ་ན་མགོ་ཆད་ན་གསོ་མི་རུང་བ་བཞིན་དངོས་གྲུབ་ཐམས་ཅད་ཀྱི་གེགས་བྱེད་པ་དང་། ཚེ་འདིར་ཚེ་ཐུང་ནད་མང་ལ་སོགས་པའི་མི་འདོད་པ་དུ་མ་འབྱུང་ལ། ཕྱི་མ་རྡོ་རྗེའི་དམྱལ་བ་ཐར་དཀའ་བའི་གནས་སུ་སྐྱེ་ནས་སྡུག་བསྔལ་མྱོང་བ་ཡིན་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་སུ་མཐོང་བའི་སྒོ་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་ཏེ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ཡིན་ཀྱང་འདི་ཉིད་རྩལ་དུ་བཏོན་ཏེ་མ་གསུངས་ཤིང་། དེའི་ཉེ་རྒྱུའི་སྤྱོད་པ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་མཛད་ནས་གཞན་ལུས་ཕྱག་རྒྱའི་ཉེར་ལེན་གཙོ་བོ་གསུངས་པ་ཡིན། ཨ་ནུ་ཡོ་གའི་དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སྨིན་བྱེད་ཀྱི་དབང་། ཕྱི་ནང་གསང་བའི་དབང་ཐམས་ཅད་བསྐུར་ནས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། ལམ་ཉམས་སུ་ལེན་པ་ལ་བསྐྱེད་རིམ་ཆ་ཙམ་དང་། རྫོགས་རིམ་ལ་ཐིག་ལེ་རྫོགས་རིམ་གཙོ་བོར་བསྒོམ་ནས་རྩ་དྲང་། རླུང་བྱང་། ཐིག་ལེ་ལས་སུ་རུང་ཞིང་དགའ་བཞིས་དྲངས་པའི་དཔེ་འོད་གསལ་རྒྱུད་ལ་སྐྱེས་ནས། རྗེས་ཐོབ་མ་དག་པའི་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་ཞིང་། དེ་དོན་གྱི་འོད་གསལ་ལ་སྦྱོར་བའི་ཉེ་རྒྱུའི་སྤྱོད་པ་ཕྱག་རྒྱ་སྤྲོས་མེད་གཞན་ལུས་ཕྱག་རྒྱའི་ཉེར་ལེན་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་སྦྱོར་ཞིང་། རྗེས་ཐོབ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཡིན་ལ། དེས་ཀྱང་རྫོགས་རིམ་གཙོ་བོ་བསྒོམ་ཞིང་ཕྱག་རྒྱའི་བོགས་འདོན་གྱིས་དོན་གྱི་ཡེ་ཤེས་ལ་སྦྱོར་བ་གཙོ་བོར་གསུངས་པ་ལས་བླ་མའི་མོས་གུས་ཁོ་ནས་མཆོག་ལ་སྦྱོར་བར་མ་གསུངས་ལ། འོན་ཀྱང་སྔགས་ནང་པ་རྣམས་ཀྱིས་དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས་ཞེས་པས། དངོས་གྲུབ་བླ་མའི་རྗེས་སུ་འབྲང་བ་ལས། ཡི་དམ་དང་མཁའ་འགྲོའི་རྗེས་སུ་མི་འབྲང་ཡང་གང་ཟག་གི་བསམ་པའི་དབང་གིས་འགའ་ཞིག་བླ་མ་ལ་དད། འགའ་ཞིག་ཡི་དམ་དང་མཁའ་འགྲོ་ལ་དད་པས། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཡོད་ན། དེས་ནི་བསྐྱེད་རྫོགས་མ་བསྒོམ་ཀྱང་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན་ཞིང་། དེ་ནི་གསར་མ་བས་ཀྱང་འདོད་ལ། འོན་ཀྱང་མ་ཧཱ་ཨ་ནུ་གཉིས་ཀྱིས་བསྐྱེད་རྫོགས་གཉིས་གཙོ་བོར་བསྒོམ་པར་བཤད་ལ༑ བླ་མ་དང་མཆེད་གྲོགས་ལ་འགྲས་སྒྲུབ་ན། རྩ་ལོག་རླུང་ལོག་སོགས་སུ་འགྱུར་བ་དང་། །ཁ་གདངས་མིག་འགྲད་ལྷ་བསྒོམས་འདྲེ་རུ་ལོག །ཅེས་པ་བཞིན་ནོ། །བླ་མ་དང་མཆེད་གྲོགས་ལ་མི་འགལ་བར་བླ་མ་ལྷའི་ངོ་བོར་སྒྲུབ་ན་འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིན། ཁྱད་པར་ཨ་ཏི་ཡོ་གའི་ལུགས་ལ། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་རྫོགས་པ་ཆེན་པོ་སྤྲོས་བཅས་སྤྲོས་མེད། རབ་ཏུ་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་དབང་བཞི་ཐོབ། བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉི་ཤུ་རྩ་བདུན་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བསྲུང་དུ་མེད་པ་ཅིག་ཆར་པའི་དམ་ཚིག་མེད་པ་གཅིག་པུ། ཕྱལ་བ་ལྷུན་གྱིས་གྲུབ་པ་སྟེ་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམ། ལམ་ཉམས་སུ་ལེན་པ་ལ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་རྣམ་པ་གཉིས་ཉམས་སུ་ལེན་པ་ཡིན་ཀྱང་། དེ་ལ་དམིགས་པ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཀྱི་ལམ་ཉམས་སུ་ལེན་ཅིང་དང་པོ་རྟོགས་པ་མ་སྐྱེས་པ་སྐྱེ་བར་བྱེད་པ། སྐྱེས་པ་མི་ཉམས་པ་བྱེད་པ། མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཉེ་རྒྱུའི་སྤྱོད་པ་ལ་འོག་མ་ལྟར་ཚོམ་བུ་ཚོགས་སྒྲུབ་དང་། གཞན་ལུས་ཕྱག་རྒྱའི་ཉེར་ལེན་གཙོ་བོར་མ་གསུངས་ཤིང་གང་གཙོ་ཆེ་བར་བཤད་ན་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱིས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བཤད་དེ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། ། ཞེས་པ་དང་། ས་དང་ལམ་གྱིས་རིམ་པ་ཡང་། །བླ་མའི་མོས་གུས་ལོ་ཟླས་འགྲུབ། ། ཅེས་པས། བླ་མ་སངས་རྒྱས་སུ་མཐོང་དགོས། ཇི་ལྟར་ན། བླ་མ་དེ་སོ་ཐར་གྱི་ལུགས་ལ་ཉན་རང་འཕགས་པའམ་མིན་ཀྱང་སོ་སྐྱེ་ཡོན་ཏན་ཅན་དུ་མཐོང་བས་གོ་ཆོད་ལ། བྱང་སེམས་ཀྱིས་འཕགས་པ་ས་ཆེན་པོ་ན་བཞུགས་པའམ། ཡང་ན་སངས་རྒྱས་སྤྲུལ་པའི་སྐུའམ། ཡང་ན་ཚོགས་ལམ་ཆེན་པོ་ཡན་ཆད་ཀྱི་བྱང་སེམས་ཡོན་ཏན་ཅན་དུ་མཐོང་ན་དེས་གོ་ཆོད། རྫོགས་པ་ཆེན་པོའི་ལུགས་ལ་བླ་མ་དེ། སོ་སྐྱེ་པཎྜི་ཏའམ། འཕགས་པ་དགྲ་བཅོམ་པའམ། བྱང་སེམས་འཕགས་པའམ། སངས་རྒྱས་སྤྲུལ་པའི་སྐུར་མཐོང་བ་དང་། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བས་ཀྱང་མི་འོང་། གང་དུ་མཐོང་དགོས་ན་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་མཐོང་བའི་སྒོ་ནས་མོས་གུས་ལྟེམ་རྐྱང་མེད་པས་གསོལ་བ་འདེབས་ནུས་ན་ལམ་རྐྱེན་གཞན་ལ་རགས་ལས་མི་དགོས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་ནུས་པ་ཡིན། དེ་ལྟར་རྒྱུད་ལ་སྐྱེ་བའི་དཔང་པོ་ཞིག་བསྟན་ན། རྒྱ་གར་འཕགས་པའི་ཡུལ་དུ་ནཱ་རོ་པ། ཀླུའི་བྱང་ཆུབ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་རྣམས་ཡིན། བོད་འདིར་ཡང་སོག་པོ་ལྷ་དཔལ་དང་། ཀུན་མཁྱེན་ཆེན་པོ་དང་། རིག་འཛིན་འཇིགས་མེད་གླིང་པ་ལ་སོགས་པ་རྣམས་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་མཐོང་བར་བྱེད་པ་ལ་ཤེས་པར་བྱ་བ་ལྔ། བླ་མ་སངས་རྒྱས་སུ་ཤེས་པ་དང་གཅིག གང་མཛད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པར་ཤེས་པ་དང་གཉིས། རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པ་དང་གསུམ། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་བཞི། དེ་ལྟར་ཤེས་ནས་གསོལ་བ་བཏབ་ན་ལམ་རྐྱེན་གཞན་ལ་རག་མི་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བར་ཤེས་པ་དང་ལྔ་ལས། དང་པོ་བླ་མ་སངས་རྒྱས་སུ་ཤེས་པ་ལ། དྲང་ངེས་གཉིས་ལས། དྲང་དོན་ལྟར་ན་བླ་མ་འདི་སངས་རྒྱས་སྤྲུལ་པའི་སྐུ་དངོས་ཡིན་ལ། གཞན་རྒྱུད་ཀྱི་བསྡུས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་དོན་དུ་གང་ལ་གང་འདུལ་དུ་སྤྲུལ་པའི་སྐུ་གཟུགས་སྐུ་འདུས་བྱས་གློ་བུར་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་དང་། གདུལ་བྱའི་བསོད་ནམས་ཀྱི་སྟོབས་ཀྱིས་རྟེན་འབྲེལ་དུ་སྣང་བ་ཆུ་ཟླ་ལྟ་བུ་ཡིན་པར་ཤེས་ནས་མོས་གུས་ཀྱིས་གསོལ་བ་བཏབ་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་ཆོས་ཉིད་ཡིན་ཀྱང་། ད་དུང་བླ་མ་དེ་རང་གི་ཤེས་རབ་ཞན་པས་གཟུགས་སྐུ་དངོས་མཚན་དུ་བཟུང་ན་ཡང་། དེ་ཡང་མ་དག་པའི་སྣང་ཞེན་གྱིས་རང་རྒྱུད་པར་སོང་བས་རང་རྒྱུད་ལ་ཡེ་ཤེས་སྐྱེ་བའི་ཉེར་ལེན་རྣམ་པར་དག་པ་མི་འོང་བས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང་། ཞེས་པ་ལྟར་ཡིན་ལ། འོན་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ནི་བཤད་དེ། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་དགེ་བའི་བཤེས་བགྱིད་དེ། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་པ་ནི། མདོ་སྔགས་ཐུན་མོང་གི་ལུགས་ཀྱི་བླ་མ་སངས་རྒྱས་སུ་སྒྲུབ་པ་ཡིན་ལ། ངེས་དོན་ཐུན་མོང་མ་ཡིན་པ་ལྟར་ན་བླ་མ་འདི་སངས་རྒྱས་ཆོས་ཀྱི་སྐུ་དངོས་ཡིན་ཏེ། དེ་ལ་རིགས་པ་དང་ལུང་གཉིས་ལས། དང་པོ་རིགས་པ་ནི། བླ་མའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་གཞི་གནས་ཀྱི་ཡེ་ཤེས་དེ་རྟོགས་རུང་མ་རྟོགས་རུང་ངོ་བོ་ཡེ་དག་གི་སངས་རྒྱས་རྟག་བརྟན་འཕོ་འགྱུར་མེད་པའི་འདུས་མ་བྱས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྷ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་པ་ལྟར་གཞི་འབྲས་དབྱེར་མེད་ཀྱི་སངས་རྒྱས་ཆོས་ཀྱི་སྐུ་དེའི་རྩལ་ལམ་རྣམ་རོལ་སྟོང་པའི་གཟུགས་བརྙན་བླ་མའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བའི་གཟུགས་སྐུ་དངོས་ཡིན། གཟུགས་སྐུའི་ངོ་བོ་ཆོས་སྐུ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ། དོན་ལ་དེ་གཉིས་དབྱེར་མི་ཕྱེད་པ་མཉམ་པ་ཆེན་པོའམ། ཟུང་འཇུག་རྡོ་རྗེ་འཆང་། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པའི་གནད་ཀྱིས། སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆིའོ། །སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །ཞེས་པས། ནང་མཚོན་བྱ་དོན་གྱི་ཡེ་ཤེས་བླ་མའི་ཐུགས་ཆོས་ཀྱི་སྐུ་ཡིན་ལ། དེ་མཚོན་པར་བྱེད་པ་ལ་མཚོན་བྱེད་རྟགས་ཀྱི་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཤར་བ་ཡིན་པས། ཆོས་ཉིད་ཀྱི་རིགས་པས་བླ་མ་སངས་རྒྱས་སུ་འགྲུབ་པ་ཡིན་ལ། ལུང་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས་སོགས། ལུང་མཐའ་ཡས་སོ། །གཉིས་པ་གང་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་ཤེས་པ་ཡིན་ལ། ཐུན་མོང་དང་མཆོག་གི་མཛད་པ་གཉིས། དང་པོ་དེ་ལ་ཞི་རྒྱས་དབང་དྲག་གི་མཛད་པ་བཞི་ལས། དེ་ལ་ཆོས་དང་འཇིག་རྟེན་གཉིས། དང་པོ་འཇིག་རྟེན་གྱི་ལུགས་ཀྱི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་མ་ཤེས་ན་ངའི་བླ་མ་ནི་སངས་རྒྱས་ཡིན་ཀྱང་། མཛད་པ་ནི་སངས་རྒྱས་ཀྱི་མཛད་པ་མ་ཡིན་སྙམ་ན་འགལ་བ་ཡིན་པས། འཇིག་རྟེན་གྱི་ལུགས་ཀྱིས་གྱོད་བཤད། སེམས་ཅན་མི་འདུམ་པ་ལ་སོགས་འདུམ་པར་བྱས་ནས་གཙོ་བོ་གྲོས་དཔོན་ཆེན་པོ་མཛད་ན་ཞི་བའི་མཛད་པ་ཡིན་བསམ། ནོར་བསགས། ས་ཞིང་བཅད། ཁང་པ་བརྩིགས། ཚོང་ཁེ་སྤོག་ལ་སོགས་པ་མཛད་པ་ཐམས་ཅད་རྒྱས་པའི་མཛད་པ་ཡིན་བསམ། ཕོ་འགུགས་མོ་འགུགས་ལ་སོགས་པ་མཛད་ཉིན་རེ་རེ་བཞིན་བུད་མེད་བརྒྱ་ཁྲིད་སོང་ན་ཡང་དབང་གི་མཛད་པ་ཡིན་པར་བལྟ། དམེ་གྱོད་འཁྲུགས་པ་ལ་སོགས་པ་སློང་། ཉིན་རེ་རེ་བཞིན་བཤས་བརྒྱ་རེ་བཤའ་འདུག་ཀྱང་དྲག་པོའི་མཛད་པ་ཡིན་པར་བལྟ། ཡང་འོད་ཟེར་དཀར་པོ་སྤྲོས་ཏེ། ནད་དང་མཚོན་དང་མུ་གེ་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཞི་བར་བྱེད་པ་ཞི་བའི་མཛད་པ། ཡང་འོད་ཟེར་སེར་པོ་སྤྲོས་ཏེ། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལ་སོགས་འབྱོར་དྲུག་རྒྱས་པར་བྱས་པ་རྒྱས་པའི་མཛད་པ། ཡང་འོད་ཟེར་དམར་པོ་སྤྲོས་ཏེ། ཁམས་གསུམ་དབང་དུ་བསྡུས་པ་ལ་སོགས་པའི་མོས་པ་རྣམ་པ་བཞིའི་སྒོ་ནས་དབང་གི་མཛད་པ༑ ཡང་འོད་ཟེར་ལྗང་ནག་སྤྲོས་ཏེ། དགྲ་དང་བགེགས་ཐམས་ཅད་བསད་བསྐྲད་བརླག་པ་ལ་སོགས་པའི་མཛད་པ་ཐམས་ཅད་དྲག་པོའི་མཛད་པ་ཡིན་པར་བལྟ། གཉིས་པ་མཆོག་གི་མཛད་པ་ནི། ཐར་པ་བྱང་ཆུབ་གསུམ་གྱི་ལམ་གདུལ་བྱ་རྣམས་ལ་བསྟན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་མཛད་པ་ཡིན། གསུམ་པ་རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པ་ནི། བདག་ཅག་སྙིགས་མ་ལྔ་བདོ་བའི་འགྲོ་བ་འདས་བའི་སངས་རྒྱས་ཐམས་ཅད་ཀྱི་གདུལ་མ་ནུས་པར་རྡོ་དགུའི་བར་གྱི་ཤོར་ཡུ་བདག་ཅག་ལ་ཐུགས་རྗེ་ཆེན་པོས་གཟིགས་ཏེ་རྗེས་སུ་འཛིན་པའི་ཆེད་དུ་སངས་རྒྱས་རྡོ་རྗེ་འཆང་མི་ལྤགས་གྱོན་པའི་རྣམ་པས་བྱོན་ནས་སྤངས་རྟོགས་ཀྱི་ཡོན་ཏན་ལ་སངས་རྒྱས་ཐམས་ཅད་དང་མཉམ་ཀྱང་། རང་ངོ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན་པས། བླ་མས་ཕན་བྱས་པ་ལྟ་བུ་ཕས་མ་བྱས། མས་མ་བྱས། གྲོགས་དགའ་མཛས་མ་བྱས། འཇིག་རྟེན་ལ་ཕན་པར་གྲགས་པའི་གཙོ་བོ་ཆེན་པོ་སུས་ཀྱང་མ་བྱས། བླ་མས་བདག་ལ་ཕན་ཇི་ལྟར་བྱས་ན། མི་དགེ་བ་སྤངས་པའི་ཚུལ་བསླབ་སྟེ་ངན་སོང་གི་སྒོ་འཕར་བཅད། དགེ་བ་སྒྲུབ་ཚུལ་བསླབ་སྟེ་མཐོ་རིས་དང་ཐར་པའི་ཐེམ་སྐས་བཙུག བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རིགས་ཀྱི་ས་བོན་བཏབ། རིག་པ་ཆོས་སྐུར་ངོ་སྤྲད་ནས་མཐར་ཐུག་ཆོས་སྐུའི་ཕ་ཕོག་སྩོལ་བ་པོ་ཡིན་པས་རང་རེའི་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་དགོས། བཞི་པ་སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་ཀྱིས་སྤྱི་གཟུགས་སུ་ཤེས་པ་ནི། ཕྱི་དཀོན་མཆོག་གསུམ་པོ་ཡང་བླ་མ་ལ་འདུ་བ་ཡིན་ཏེ། བླ་མའི་སྐུ་དགེ་འདུན། གསུང་དམ་པའི་ཆོས། ཐུགས་སངས་རྒྱས་ཡིན་ཏེ། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི༑ ༑ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག ། ཅེས་སོ། ནང་རྩ་བ་གསུམ་གྱི་ངོ་བོ་བླ་མ་ཡིན་ལ། བྱིན་རླབས་ཀྱི་རྩ་བའང་བླ་མ་ཡིན་ཏེ། མཚོན་བྱ་དོན་གྱི་བླ་མ་ཐུགས་ཡེ་ཤེས་ཆེན་པོ། མཚོན་བྱེད་རྟགས་ཀྱི་བླ་མ་སྐུ་སྔགས་པ་དང་རབ་བྱུང་གི་རྣམ་པར་བཞུགས་པ་དེ་ཡིན་ལ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡང་ཆོས་ཉིད་དོན་གྱི་ལྷ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ། ཆོས་ཅན་རྟགས་ཀྱི་ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱང་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་བ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཡང་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེ་རྩལ་ཤར་གྲོལ་འགགས་མེད་དུ་འཆར་བ་ཡིན། བིར་ཝས། སྟོང་ཉིད་སྙིང་རྗེ་གཅིག་པུའི་སྐུ། །སྲིད་གསུམ་བདེ་ཆེན་ངོ་བོ་ཉིད། །སྤྲོས་པའི་དྲི་མ་དང་བྲལ་བ༑ ༑བླ་མ་རྡོ་རྗེ་ཅན་ཞབས་འདུད། །ཅེས་པས། བླ་མའི་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་སྐུ། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྲུང་མ་རྣམས་ཡིན་པས། དེ་ལྟར་སྐྱབས་གནས་རྒྱ་མཚོ་ལྟ་བུ་སྤྲོ་དང་སྡུད་པའི་བྱེད་པོ་བླ་མ་ཡིན་ཏེ། དཔེར་ན་ཉི་མའི་འོད་ཟེར་ཐམས་ཅད་ཀྱི་སྤྲོ་གཞི་ཉི་མ་ཡིན་ལ། འོད་ཟེར་ཐམས་ཅད་ཉི་མའི་ངོ་བོར་འདུ་བ་བཞིན། སྐྱབས་གནས་རྒྱ་མཚོ་ལྟ་བུ་ཡང་ཕར་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ལས་སྤྲོས། ཚུར་བླ་མའི་ཐུགས་ཡེ་ཤེས་ཆེན་པོར་འདུ་བ་ཡིན་པས་སྤྲོས་དང་སྡུད་པའི་སྤྱིའི་གཟུགས་སུ་ཤེས་པར་བྱ་དགོས། ལྔ་པ་དེ་ལྟར་ཤེས་ནས་གསོལ་བ་བཏབ་ན་ལམ་རྐྱེན་གཞན་ལ་རག་མི་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པ་ནི། དེ་ལྟར་སྐྱབས་གནས་རྒྱ་མཚོ་ཉི་མའི་དཀྱིལ་འཁོར་ལྟར་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་འཆར་རུང་། བླ་མ་ལ་བསྡུས་ཏེ་ཐམས་ཅད་བླ་མའི་ངོ་བོར་ཤེས་ཏེ་ཐག་མ་ཆོད་ན། བླ་མ་མར་པས་བླ་མ་ནཱ་རོ་པ་དང་ཡི་དམ་བདེ་མཆོག་འཁོར་ལོ་གཉིས་ལས་ཡི་དམ་ལྷག་པར་བཟུང་བས་ཆོས་བརྒྱུད་ཆུ་བོ་བས་རིང་ཡང་། མི་བརྒྱུད་མེ་ཏོག་བས་ཡལ་སླ་བ་གསུངས་པ་ལྟ་བུ་དང་། ཇོ་མོ་ལྕམ་གྱིས་བླ་མ་གུ་རུ་པདྨ་དང་། ཡི་དམ་རྡོ་རྗེ་ཕུར་པ་གཉིས་ཀྱི་ལྷ་ལྷག་པར་བཟུང་བས་གུ་རུའི་རྗེས་སུ་མ་བཟུང་ཞིང་མཚོ་རྒྱལ་ལ་གཏད་པ་ལྟ་བུ་ཡིན། དེས་ན་སྐྱབས་གནས་རྒྱ་མཚོའི་ཐུགས་རྗེ་ཉི་མའི་ཚ་རེག་ལྟ་བུ་དང་། རང་རྒྱུད་སྤྲ་བ་ལྟ་བུ་དེ་གཉིས་མཚམས་སྦྱར་བའི་མེ་ཤེལ་ལྟ་བུ་དེ་བླ་མ་ཡིན་པས་བླ་མ་སངས་རྒྱས་སུ་མཐོང་བའི་སྒོ་ནས་མོས་གུས་གཞུ་བ་རྡུང་བ་ལྟ་བུའི་ཐངས་ལྷོད་མེད་པར་གསོལ་བ་བཏབ་ན་གོང་དུ་བཤད་པ་ལྟར་བསྐྱེད་རྫོགས་སོགས་ལམ་རྐྱེན་གཞན་ལ་ལྟོས་མི་དགོས་པར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན་པར་ཤེས་པའོ། །འདི་དག་ནི་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཞེས་པའི་དོན་ཡིན་ཀྱང་སྐབས་འདིར་བཤད་པ་ཡིན། དེ་ལྟར་ཤེས་པ་ལྔའི་སྒོ་ནས། བླ་མ་སྒྲུབ་ཚུལ་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་གི་སྒྲུབ་པ་ཐིག་ལེ་རྒྱ་ཅན་རྣམས་དང་། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན། ཕྱི་སྤྲུལ་སྐུའི་སྒྲུབ་པ། ནང་ལོངས་སྐུའི་སྒྲུབ་པ། གསང་བ་མཁའ་འགྲོའི་སྒྲུབ་པ། ཡང་གསང་ཡེ་ཤེས་བླ་མ་མཉམ་བཞག་གིས་སྒྲུབ་པ་རྣམས་ཡིན་ཀྱང་། སྐབས་འདིར་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར་བསྒྲུབ་པ་ཡིན་པས། ཨ་བུའི་ཞལ་ནས། བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། །བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། །ཞེས་དང་། སྐྱབས་མགོན་དགེ་མང་རིན་པོ་ཆེའི་ཞལ་ནས། རྫོགས་པ་ཆེན་པོའི་ལམ་གྱིས་ཉེ་རྒྱུའི་སྤྱོད་པ་མོས་གུས་བླ་མའི་ལམ་གྱི་རྣལ་འབྱོར་འདི་ཡིན་གསུངས་པས། མོས་གུས་བསྐྱེད་དགོས། ཨོ་རྒྱན་ཆེན་པོས། བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །ཅེས་དང་། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། །གསུངས་པ་བཞིན་ནོ། །དེ་ལྟར་མོས་གུས་ཀྱི་སྒོ་ནས་བླ་མ་སྒྲུབ་པའི་ཚུལ་ལ། རྣམ་པ་བསྒྱུར་བ་དང་མི་བསྒྱུར་བའི་ལུགས་གཉིས་ལས། ཀུན་མཁྱེན་བླ་མའི་ལུགས་ལ་རྣམ་པ་མི་བསྒྱུར་བར་གསུངས། གཞན་སྔ་རབས་ཀྱི་བླ་མ་རྣམས་ཀྱིས་གང་ཟག་གམ་དབང་པོའི་ཁྱད་པར་གྱིས། གང་ཟག་ཁྱད་པར་ཅན་རྣམས་ལ་རྣམ་པ་བསྒྱུར་མི་དགོས། དེ་ལས་གཞན་རྣམས་ཀྱིས་དང་པོ་ནས་རྣམ་པ་མ་བསྒྱུར་བར་སངས་རྒྱས་སུ་མི་མཐོང་བས། རྣམ་པ་བསྒྱུར་དགོས་གསུངས། དེ་ལྟར་བསྒོམ་ལུགས་ལ་གསུམ་ལས། བྱིན་རླབས་ཀྱིས་འཇུག་པ་མྱུར་དགོས་ན་ཀུན་འདུས་ནོར་བུའི་ལུགས་དང་། སྐྱབས་འགྲོ་དང་གསོལ་འདེབས་དུས་མཐོ་བརྩེགས་སུ་བསྒོམ་པ་དང་། ཚོགས་བསགས་པའི་དུས་ཁྲོམ་ཚོགས་སུ་བསྒོམ་པ་ཡིན། རང་ལུས་ཀྱང་སྐྱབས་འགྲོ་དང་སྒྲིབ་སྦྱོང་གི་དུས་ཐ་མལ་པ་དང་། བླ་མའི་རྣལ་འབྱོར་གྱི་དུས་སུ། རང་ཉིད་ཡི་དམ་བསྒོམ་པའི་སྤྱི་བོའམ། འཛིན་མེད་ཀྱི་ནམ་མཁར་བསྒོམ་པ་སོགས་བཤད་ཀྱང་། སྐབས་འདིར་རྡོ་རྗེ་རྣལ་འབྱོར་མ་བསྒོམ་དགོས། ཐ་མལ་པའི་རྣམ་པར་བསྒོམ་ན་དེའི་ལོག་རྟོག་གིས་བྱིན་རླབས་འཇུག་པ་ལ་གེགས་བྱེད་པ་ཡིན། དེ་ཡང་ཐུན་དང་ཐུན་མཚམས་ཕྱེས་ནས། ཐུན་གྱི་སྔོན་འགྲོ་རྣམས་སོང་ནས། ཐུན་གྱི་དངོས་གཞི་བླ་མའི་རྣལ་འབྱོར་གྱི། དང་པོ་ཚོགས་ཞིང་གསལ་བ་ནི། ཨེ་མ་ཧོ་ཞེས་པ་ནི་ངོམས་ཤིང་ངོ་མཚར་བའི་ཚིག་ཡིན་ལ། གང་ལ་ངོ་མཚར་ན་སྣང་སྲིད་དག་པ་རབ་འབྱམས་ཀྱི་སྣང་བ་ལ་ངོ་མཚར། སྣང་བ་ལ་ཨ་བུའི་ཞལ་ནས། ལོག་རྟོག་འཁྲུལ་པའི་སྣང་བ་རིགས་དྲུག་གི་སེམས་ཅན་གྱི་ཕྱིན་ཅི་ལོག་གི་འཁྲུལ་ཤེས་ཀྱི་ངོར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱི་མ་དག་འཁྲུལ་པའི་སྣང་བ་འདི་ཡིན་ལ། རྟེན་འབྲེལ་སྒྱུ་མའི་སྣང་བ་ནི་ས་བཅུའི་བྱང་སེམས་རྣམས་ཀྱི་རྗེ་ཐོབ་ཀྱི་ཀུན་རྫོབ་སྒྱུ་མ་དང་ཆུ་ཟླ་ལ་སོགས་པའི་རྣམ་པར་སྣང་བ་རྣམས་ཡིན། དེ་ཡང་ཀུན་རྫོབ་ལ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གཉིས་ལས་འདི་ཀུན་རྫོབ་ཙམ་ཞེས། དེ་དང་དེར་འཛིན་པ་མེད་པའི་སྒྱུ་མའི་དཔེ་བརྒྱད་ཀྱི་སྣང་བ་ལྟ་བུ་ཡིན་ལ། ཡང་དག་ཡེ་ཤེས་ཀྱི་སྣང་བ་ནི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་ཤར་བ་ཡིན། དེ་ཡང་ལོག་རྟོག་འཁྲུལ་པའི་སྣང་བ་དང་། རྟེན་འབྲེལ་སྒྱུ་མའི་སྣང་བ་གཉིས་ནི་སྣང་ཚུལ་ཡིན་ལ། ཡང་དག་ཡེ་ཤེས་ཀྱི་སྣང་བ་གནས་ཚུལ་ཡིན། གནས་སྣང་མཐུན་པ་དངོས་སུ་སྐྱེས་བས་དངོས་སུ་འཆར་མི་ནུས་ལ། འཕགས་པ་རྣམས་ལ་ཅུང་ཟད་མཐུན་པར་འཆར་ལ༑ གནས་སྣང་མཐུན་པ་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་མ་གཏོགས་ཇི་བཞིན་པ་མི་འོང་ཞིང་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་གཟིགས་པ་ཚད་མར་བྱས་ནས་སྣང་སྲིད་དག་པ་རབ་འབྱམས་སྣང་སྲིད་དག་པ་གཞི་བཞུགས་ཀྱི་དཀྱིལ་འཁོར་ལམ་གྱི་སྐབས་འདིར་གཞིར་བཞེངས་སུ་གསལ་འདེབས་པ་ཡིན། དེ་ཡང་སྣང་ཚུལ་འདི་དག་པ་བསྐྱེད་རིམ་གྱི་གསལ་བཏབ་པ་ནི་བློས་བཅོས་མའི་དག་པ་ཡིན་ལ། གནས་ཚུལ་སྐུ་དང་ཡེ་ཤེས་སུ་གསལ་བ་དངོས་པོའི་ཡིན་ལུགས་མ་བཅོས་པའི་དག་པ་ཡིན་པས་སྐབས་འདིར་ཡིན་ལུགས་དག་པ་རབ་འབྱམས་སུ་གནས་པ་གསལ་བཏབ། དེ་ནས་སྣང་ཆ་ནས་དབུས་ཀྱི་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་ནས་མཐའི་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་ཡན་ཆད་རྣམས་མ་འདྲེས་པ་གཙོ་བོ་དང་འཁོར་གྱི་རྣམ་པར་སྣང་ཡང་། ངོ་བོ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་ཡིན་པས། སྐུ་མཚན་དཔེ་ཡོན་ཏན། གསུང་ཚངས་དབྱངས་ཀྱི་ཡོན་ཏན། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དབུས་ཀྱི་བླ་མ་དང་དབྱེར་མེད་པ་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་ཡོངས་སུ་རྫོགས་པར་གསལ། དེ་ནས་ཐ་མལ་གཉིས་འཛིན་གྱི་རྟོག་པ་ལྡོག་པའི་ཆེད་དུ་ཚོགས་ཞིང་སྤྱན་འདྲེན་པའི་ཚིག་བརྗོད་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་སྤྲིན་ཆེན་པོ་ནམ་མཁའ་ནས་བསྐྱོད་པ་བཞིན་དུ་བྱོན་པ་དང་གཞན་ཡང་རང་གི་ཆོས་འབྲེལ་ཐོག་པའི་བླ་མ་ཐམས་ཅད་གཟན་ལ་བྱ་རྒོད་བབ་པ་བཞིན་བྱོན་ནས། རྟེན་བརྟེན་པའི་ལྷ་དང་གཞལ་ཡས་ཁང་སོགས་དེ་དང་དེ་དག་ཏུ་ཐིམ་པར་བསམ་མོ། །མདོ་ལམ་གྱི་བསྐལ་བ་གྲངས་མེད་མང་པོའི་ཚོགས་བསགས་དགོས་པ་དེ། གསང་སྔགས་ཀྱི་ལམ་ནས་སྐད་ཅིག་མ་རེ་རེ་ལ་རྫོགས་འགྲོ་བའི་གནད་ཞིང་དང་བསམ་པ་དག་པ་ལ་ཐུག་པ་ཡིན། གསང་སྔགས་ཀྱི་ཚོགས་གསོག་པའི་ཡུལ་ཡི་དམ་དང་མཁའ་འགྲོ་ལ་སོགས་པ་གཙོ་བོར་མི་བཟུང་ཞིང་། བླ་མ་ཉིད་ཚོགས་བསགས་པའི་ཞིང་མཆོག་དང་རབ་དང་ཕུལ་དུ་བྱུང་བ་ཡིན་པས་ཞིང་དག་པ་དང་། བསམ་པ་དག་པ་གཞན་དོན་ལ་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བ སྒྲུབ་པར་འདོད་པ་ཡིན་ལ། དེ་ཡང་རང་འདོད་ཆེ་ཆེ་ནས་མ་ཡིན་པར་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་གཟིགས་ན་སེམས་ཅན་ཐམས་ཅད་སངས་རྒྱས་པའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པ་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཤས་མི་བཟོད་པ་འབྱུང་བ་ཡིན་ཏེ། ཤ་ཝ་རིས། རྟོགས་པའི་རང་སྤྱོད་རྩིས་མེད་ངང་དེ་ནས། །རྨོངས་པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་བྱུང་། །བདག་གཞན་བཟློག་ནས་ཕན་པ་ཉིད་ལ་སྤྱོད། །ཅེས་པ་བཞིན་ནོ། །དངོས་པོ་དག་པ་ལྷ་སྔགས་ཏིང་ངེ་འཛིན་ལས་སྤྲུལ་བའི་མཆོད་པས་མཆོད་པ་ཡིན། དེས་ན་ཚོགས་བསགས་པའི་སྒོ་ཐམས་ཅད་བསྡུ་ན་ཡན་ལག་བདུན་ལ་འདུ་ལ། དེ་ཡང་བསྡུ་ན་བསགས་སྦྱང་སྤེལ་གསུམ་ལ་འདུ་སྟེ། ཕྱག་འཚལ་སྡིག་བཤགས་གཉིས་སྡིག་པ་སྦྱངས་པའི་ཡན་ལག ཡི་རང་བསྔོ་བ་གཉིས་སྤེལ་བའི་ཡན་ལག གཞན་གསུམ་པོ་ཚོགས་བསགས་པའི་ཡན་ལག་ཡིན་ལ། དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ་ཡིན་ཏེ། ང་རྒྱལ་ནི་གཞན་ལ་ལྟོས་ནས་ང་བཟང་སྙམ་པ་ཡིན་ལ། འཇིག་རྟེན་གྱི་ལུགས་ལ་རིགས་རུས་ཆོ་འབྲང་ལ་སོགས་པའི་སྒོ་ནས་ང་གཞན་དང་མི་འདྲ་ངའི་རིགས་འདི་དང་འདི་ལྟ་བུའོ་ཞེས་ཟེར་ཡང་། བོད་ཀྱི་མི་རྣམས་ལ་རིགས་ལ་མཐོ་དམན་མེད། རུས་ལ་སྦོམ་ཕྲ་མེད། ཤ་ལ་ཆེ་ཆུང་མེད་དེ་ཐམས་ཅད་སྤྲེའུའི་ཚ་བོ་ཡིན་པས་སྤྲེལ་ཕྲུག་ཤ་སྟག་ཡིན། ཆོས་ཀྱི་ལུགས་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་རེ་ཡོད་ན་དེའི་སེམས་ཁེངས་པ་ཡིན་པས། དེ་ནི་ཡོན་ཏན་བདུད་དུ་ལྡང་། ཞེས་པ་ཡིན་པས། དེ་ལྟ་བུའི་ང་རྒྱལ་གྱི་སྒོ་ནས་སྦྱིན་པ་སྦྱིན་ན་བདུད་ཀྱི་སྦྱིན་པ། ཞེས་སྦྱིན་པ་བདུད་དུ་ལྡང་། དེས་མཚོན་ཏེ་ཚུལ་ཁྲིམས་ལ་སོགས་པའི་ཕར་ཕྱིན་དྲུག་པོ་བདུད་དུ་ལྡང་བ་ཡིན། དེས་ན་ང་རྒྱལ་ལྕགས་ཀྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པས། རང་རྒྱུད་ཀྱི་སྐྱོན་མི་མཐོང་། གཞན་རྒྱུད་ཀྱི་ཡོན་ཏན་མི་མཐོང་བས་དེའི་གཉེན་པོ་ཕྱག་འཚལ་བ་ཡིན། དེས་ན་གྲལ་མགོ་མི་རྩོད་པར་དམ་ཉམས་དང་ཚུལ་ཁྲིམས་འཆལ་བ་ཐམས་ཅད་གོང་དུ་བཀུར། ཕྱག་དང་ཞེས་པའི་གནས་སུ་བཞག ཕྱག་དེ་ལ་དབྱེ་ན། རབ་ལྟ་བ་མཇལ་བའི་ཕྱག ཕྱག་འཚལ་བའི་ཡུལ། འཚལ་བ་པོ། འཚལ་བའི་བྱ་བ་དང་གསུམ་པོ་མི་དམིགས་པར་ཤེས་པས་རབ་ལྟ་བས་ཕྱག་འཚལ་བ་ཡིན། འབྲིང་བསྒོམ་པ་གོམས་པའི་ཕྱག་ནི་ལུས་དཔག་མེད་ལ་མགོ་དཔག་མེད་སྤྲུལ། མགོ་དཔག་མེད་ལ་ལྕེ་དཔག་མེད། ལྕེ་དཔག་མེད་ཀྱིས་བསྟོད་པའི་དབྱངས་དཔག་མེད་དུ་སྤྲུལ་ནས་ཕྱག་འཚལ་བ་ཡིན། འདི་བསྐྱེད་རིམ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འདི་ནི་ཐ་མལ་མ་དག་པའི་ལུས་དཔག་མེད་དུ་སྤྲུལ་པ་ཡིན་པས་བསྐྱེད་རིམ་ནི་མ་ཡིན། ཐ་མལ་པ་མོས་གུས་ཀྱི་ཕྱག་ལ་ལུས་ཀྱི་ཕྱག ངག་གི་བསྟོད་པ། ཡིད་ཀྱི་མོས་གུས་ཀྱི་ཕྱག་གསུམ་ལས་ཡིད་ཀྱི་མོས་གུས་གཙོ་ཆེ་བ་ཡིན་པས་སྐྱབས་གནས་རྒྱ་མཚོའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཡིན། ཁྱད་པར་དགེ་འདུན་གྱི་ནང་ལྟ་བུར་དམ་ཚིག་ཉམས་པ་དང་ཚུལ་ཁྲིམས་འཆལ་བ་ཐམས་ཅད་ལ་ཁྱད་གསོད་དང་བརྙས་བཅོས་མི་བྱེད་པར་བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་དགོས། ས་སྙིང་འཁོར་ལོ་བཅུ་པ་ལས། བསླབ་པ་བཟུང་ཡང་རུང་མ་བཟུང་ཡང་རུང་སོགས་དང་། ང་ཡི་རྗེས་འཇུག་ཇི་ལྟར་ཞན་ན་ཡང་། །སྐྱེ་བོ་ཕལ་པ་བརྒྱ་ཡི་དོ་ཟླ་མེད། །ཅེས་པ་བཞིན། བསླབ་པ་མ་བླང་པའི་སྐྱེ་བོ་ཕོ་མོ་ཐམས་ཅད་ལ་འཁོར་བའི་མཐའ་འཇོག་རྒྱུ་མེད་ཀྱང་། བསླབ་པ་བླངས་ཏེ་ཉམས་པར་གྱུར་ན་ཡང་སངས་རྒྱས་མོས་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་ཉན་རང་སོགས་རང་འབྲས་ཐོབ་པར་བཤད་པ་ནི། དཔེར་ན་ཆུ་ན་གནས་པའི་ཉའི་ཁ་ནང་དུ་ལྕགས་ཀྱུ་ཐོགས་པར་གྱུར་ན་སྔ་ཕྱི་མ་ལྟོས་པར་སྐམ་ལ་འདྲེན་རྒྱུ་ཡིན་པ་བཞིན། འདི་ཡང་དེ་དང་མཚུངས་ཏེ་ཐར་པ་དགེ་བའི་ས་བོན་ལྕགས་ཀྱུ་ལྟ་བུ་དེས་ཟིན་པར་གྱུར་པས། སྔ་ཕྱི་མ་ལྟོས་པར་ཐར་པའི་སྐམ་ས་ལ་འདྲེན་ངེས་པ་ཡིན་པས་ན། དད་པ་དང་དག་སྣང་བསྐྱེད་དགོས། གཉིས་པ་མཆོད་པ་ནི། འདོད་ཆགས་དང་སེར་སྣ་གཉིས་ཀའི་གཉེན་པོ་ལ་འགྲོ་དགོས། མཆོད་སྦྱིན་གཉིས་ཀ་མཆོད་པའི་ཕྱོགས་སུ་བསྡུ་དགོས། མཆོད་པའི་སྡོམ་ནི། ཞིང་དང་བསམ་པ་དངོས་པོ་དག་པ་གསུམ་ཡིན། དངོས་པོ་དག་པ་ལ་བདག་པོས་ཡོངས་སུ་བཟུང་མ་བཟུང་གཉིས། བདག་པོས་ཡོངས་སུ་མ་བཟུང་པའི་དངོས་པོ་མཆོད་པར་གསང་ཆེན་ཐབས་ལ་མཁས་པའི་མདོར་གསུངས་པ་ཡིན་ལ་དེས་ན་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཐམས་ཅད་མཆོད་དགོས། དེ་དག་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་པོ་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པ་ལ་འདྲ་བས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་པོ་ཚང་བར་བྱ་བའི་སྒོ་ནས་བདག་པོས་ཡོངས་སུ་བཟུང་མ་བཟུང་གི་དངོས་པོ་ཐམས་ཅད་དང་། དངོས་སུ་འབྱོར་པས་མཚོན་ཏེ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པ་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། རྒྱུན་རིང་བ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། བྱེད་ལས་རྒྱལ་བ་རྣམས་ཀྱིས་དབང་པོ་དྲུག་གིས་སྤྱོད་ཡུལ་དུ་གྱུར་པའི་ཕྱི་ནང་གསང་བའི་མཆོད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་མཆོད་སྤྲིན་དུ་དམིགས་ནས་མཆོད་པ་ཡིན། ཁྱད་པར་ཡིད་སྤྲུལ་གྱི་མཆོད་པ་ནི་སེམས་ཉིད་ཡིད་བཞིན་རིན་པོ་ཆེས་འཆར་ཚུལ་ཡིན་པས་ཁྱད་པར་དུ་འཕགས་པ་ཡིན། དེས་ན་སེམས་ལ་གཏོང་ཕོད་ཡོད་ན་ལོངས་སྤྱོད་ཀྱི་ཕོང་པ་མི་འབྱུང་སྟེ། དགེ་བཤེས་སྤྱན་སྔ་པས། ངས་དང་པོ་སོག་པོ་བཞི་སྦྱོར་གྱི་སྤོས་སྣ་ཚ་ཏིང་ངེ་འགྲོ་བའི་སྤོས་མཆོད་ནས་མཐར་གསེར་སྲང་ལྔ་བརྒྱ་རེའི་རིན་གྱི་སྤོས་དུས་རེ་རེ་མཆོད་རྒྱུ་འོང་བ་ཡིན་གསུངས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། །ཞེས་པས། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་བླ་མ་མཆོད་པ་ནི་མཆོད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པར་བཤད་དོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ལ། སྟོབས་བཞི་ཚང་དགོས་པས། ཕྱིའི་རྟེན་གྱི་སྟོབས་ཚོགས་ཞིང་གསལ་བ་ཡིན། ནང་གི་རྟེན་གྱི་སྟོབས་སྐྱབས་སེམས་ཡིན་ཀྱང་དོན་བསམ་པ་ལས་སྐྱབས་སེམས་ཀྱི་ཚིག་འདོན་མི་དགོས། སུན་འབྱིན་གྱི་སྟོབས་ལ། སྦྱང་བྱ་སྡིག་པའི་སྒོ་དྲུག་པོ་ལ་འགྱོད་སེམས་བསྐྱེད། སོར་ཆུད་ཀྱི་སྟོབས་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་འབུལ། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། སྐབས་འདིར་བསྟན་གྱི་སྡིག་པའི་གཉེན་པོ་ཐམས་ཅད་ཡིན། བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་ནི། གཞན་གྱི་དགེ་བ་བསྒྲུབ་པ་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ལ་སེམས་མི་དགའ་ཞིང་དེ་ལ་འགྲན་སེམས་ཀྱི་ཕྲག་དོག་མེད་པར། རྒྱལ་བ་སྲས་དང་སློབ་མ་ཉན་རང་རིག་པ་འཛིན་པའི་ཚོགས་དང་། གཞན་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བྱེད་དགོས། དེ་ལྟར་ཡི་རང་བྱས་ནས་གཞན་གྱི་དགེ་བའི་རྩ་བ་དེ་མ་ཉམས་མ་གོད་པར་རང་རྒྱུད་ལ་ཐོབ་པ་ཡིན་ཏེ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །དགེ་རྩ་གང་ལ་ཡི་རང་བྱེད་ན་ཟག་བཅས་དང་ཟག་པ་མེད་པའི་དགེ་རྩ་ཐམས་ཅད་ཡིན་ལ། ངོ་བོའི་དབང་དུ་བྱས་ན། དོན་དམ་གྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་མེད་དང་ཀུན་རྫོབ་ཀྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ཟག་བཅས་དང་། ལམ་གྱི་དབང་དུ་བྱས་ན། ཚོགས་སྦྱོར་གྱི་དགེ་རྩ་ཐམས་ཅད་ཟག་བཅས་དང་། མཐོང་སྒོམ་གཉིས་ཀྱི་དགེ་རྩ་ཐམས་ཅད་ཟག་མེད་ཡིན། དགེ་རྩའི་དབང་དུ་བྱས་ན། བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟག་བཅས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཟག་མེད་ཡིན། མཉམ་རྗེས་ཀྱི་དབང་དུ་བྱས་ན། འཕགས་པའི་མཉམ་བཞག་ཟག་མེད་དང་། རྗེས་ཐོབ་ཀྱི་དགེ་རྩ་ཐམས་ཅད་ཟག་བཅས་ཡིན། གྲོགས་ཀྱི་དབང་དུ་བྱས་ན། རྣམ་གྲངས་པ་དང་རྣམ་གྲངས་མིན་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་རྩ་ཐམས་ཅད་ཟག་མེད་དང་། དེ་གཉིས་ཀྱིས་མ་ཟིན་པའི་དགེ་རྩ་ཐམས་ཅད་ཟག་བཅས་ཡིན། མཉམ་རྗེས་དབྱེར་མེད་སྲིད་ཞི་དབྱེར་མེད་ཀྱི་ལྟ་བ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བསྒོམ་སྤྱོད་པ་ཐམས་ཅད་ངོ་བོ་ཟག་མེད་དང་། སྣང་ཚུལ་ཟག་བཅས་ཀྱི་དགེ་བ་ཡིན་པས། མདོར་ན་བདེན་པ་གཉིས་ཀྱིས་བསྡུས་པའི་དུས་གསུམ་གྱི་རྒྱལ་བ་སྲས་བཅས་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་ནས་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་པའམ་ལམ་རང་རང་གི་འབྲས་བུ་ཐོབ་ནས་སེམས་ཅན་གྱི་དོན་མཛད་པ་ཐམས་ཅད་ལ་ཡི་རང་བྱེད། དེ་ནས་སློབ་མ་ཉན་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་ལ་ཡི་རང་བྱེད། དེ་ནས་དུས་གསུམ་གྱི་རིག་པ་འཛིན་པ་རྣམས་ཀྱིས་དང་པོ་ཐུགས་བསྐྱེད། བར་དུ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ། མཐར་རང་འབྲས་མངོན་དུ་གྱུར་པའི་བར་གྱི་དགེ་བ་ཐམས་ཅད་ལ་ཡི་རང་བྱེད། དེ་ནས་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བྱེད། ཡི་རང་ཞེས་པ་དེ་གཞན་གྱི་དགེ་རྩ་ལ་ཕྲག་དོག་མེད་པར་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་ལྟ་བའི་སེམས་དགའ་བ་བསྒོམ་པ་དེ་ཡིན། དེས་ན་ཡན་ལག་བདུན་པོ་དེ་ཁོལ་བུར་བཅད་དེ་ཉམས་སུ་བླང་ན་ཆོག་པས་དེ་བཞིན་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་བླང་དགོས། ལྔ་པ་གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ནམ་མཁའི་མཐས་གཏུག་པའི་ཞིང་ཁམས་རྒྱ་མཚོ་ལྟ་བུ་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས། སྲས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་ཚོགས་དང་བཅས་པ་གདུལ་བྱའི་ལོག་སྒྲུབ་ཀྱི་སྐྱོན་གྱིས་ཐུགས་སྐྱོ་ཞིང་ཆོས་མི་གསུང་པར་བཞུགས་པ་རྣམས་ཀྱི་དྲུང་དུ། རང་གི་ལུས་ཚངས་པ་བརྒྱ་བྱིན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དུང་དཀར་པོ་གཡས་སུ་འཁྱིལ་བ་རྣམས་ཕུལ་ཏེ། དམ་པའི་ཆོས་ཀྱི་རྔ་བརྡུང་དུ་གསོལ། དམ་པའི་ཆོས་ཀྱི་དུང་འབུད་དུ་གསོལ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། དམ་པའི་ཆོས་ཀྱི་དར་ཕྱར་དུ་གསོལ། དམ་པའི་ཆོས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ། ཞེས་གསོལ་བ་བཏབ། ཆོས་འཁོར་གང་བསྐོར་དགོས་ན། དགེ་མང་གསུང་། གདུལ་བྱའི་ཁམས་དབང་བསམ་པ་བཞིན། །ཞེས་པས། གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་དང་བསམ་པའི་བྱེ་བྲག་ལ་ལྟོས་པའི། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་གསུམ་མམ་ནང་གསེས་དགུའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ཡིན། དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། ནམ་མཁའི་མཐས་གཏུག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཛད་པ་བཅུ་གཅིག་པ་མཐར་ཕྱིན། བཅུ་གཉིས་པ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་དང་། སྲས་བྱང་ཆུབ་སེམས་དཔའ་སློབ་མ་ཉན་ཐོས་དང་རང་སངས་རྒྱས། རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་ཞིང་གཞན་དུ་གཤེགས་པར་བཞེད་པ་རྣམས་ལ། ཞུ་བའི་རྟེན་ལྷ་དང་མིའི་དཔལ་འབྱོར་ཐམས་ཅད་གཅིག་ཏུ་སྤུངས་ཏེ་ཕུལ་ནས། སྲིད་པ་ཇི་སྲིད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་ཡིན་དེ་དག་གིས་བསྐལ་བ་རྒྱ་མཚོའི་བར་དུ་བཞུགས་པར་ཞལ་གྱིས་བཞེས་པར་བསམ། དེ་ལྟར་རང་གི་བླ་མ་དང་རྡོ་རྗེ་མཆེད་ལྕམ་རྣམས་ལ་ཞབས་བརྟན་ཕུལ་ན་རང་གི་ཚེ་གེགས་སེལ་བ་ལ་ཤིན་ཏུ་ཟབ་པ་ཡིན། བདུན་པ་ཐེ་ཚོམ་གྱི་གཉེན་པོ་བསྔོ་བ་ལ། བསྔོ་བའི་དཔང་པོ་རྒྱལ་བ་སྲས་བཅས། བསྔོ་རྒྱུའི་དངོས་པོ་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དང་། དེའི་སྟེང་དུ་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་རྩ། སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་གཅིག་ཏུ་བློས་ཡོངས་སུ་བསྡོམས་ཏེ། གང་ལ་བསྔོ་ན་ཡུལ་སེམས་ཅན་ཐམས་ཅད་དང་ཁྱད་པར་ནད་པ་ནད་བདག ཤི་བོ་གཤེད་མ་དང་བཅས་པ་ཐམས་ཅད་ལ། གང་གི་ཆེད་དུ་བསྔོ་ན། ཟུར་གཉིས་སམ་དོན་གཉིས་ཚང་བ་དང་ཁྱད་པར་ཟུར་ཕྱི་མ་འབྲས་བུ་རྣམ་མཁྱེན་ལ་གཙོ བོར་དམིགས་དགོས་ཤིང་། ཇི་ལྟར་བསྔོ་ན་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་མཚན་ཉིད་པ་དང་། རྗེས་མཐུན་པ་གཉིས་ཀྱིས་སྒོ་ནས་བསྔོ་དགོས། ལས་དང་པོ་པ་རྣམས་ཀྱིས་འཁོར་གསུམ་དག་པའི་བསྔོ་བ་མཚན་ཉིད་པ་མི་འོངས་ཀྱང་དེ་དང་རིགས་འདྲ་ཞིག་བྱེད་རྒྱུ་ཡོད་པ་ཡིན། འཕགས་པ་རྣམས་ཀྱིས་འཁོར་གསུམ་དུ་འཛིན་པའི་བློ་དང་ཞེན་པའི་འཁྲིས་མེད་པར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བསྔོ་བ་མཚན་ཉིད་པ་ཡིན། སོ་སྐྱེས་རྣམས་ཀྱིས་དེ་དང་རྗེས་མཐུན་པ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་བའམ། མིན་ཀྱང་རྒྱལ་བ་སྲས་བཅས་ཀྱི་ལད་མོ་བྱས་ནས། འཇམ་དཔལ་དཔའ་བོ་སོགས་བརྗོད་ན་གོ་ཆོད་པར་གསུངས། དེས་ན་བསྔོ་བ་དང་སྨོན་ལམ་གྱིས་འདུན་པ་བསྒྱུར་བ་གལ་ཆེ་མ་གཏོགས་དགེ་རྩའི་འབྲས་བུ་ལུང་མ་བསྟན་ཡིན་པར་གསུངས་པས་འབྲས་བུ་གང་དུ་འཁྱོགས་འགྲོ་མི་ཤེས་པས་མངོན་མཐོ་སོགས་ནས་སངས་རྒྱས་ཀྱི་བར་གྱི་རང་གིས་གང་ཐོབ་པར་འདུན་པའི་འབྲས་བུ་དེ་ཐོབ་པའི་ཆེད་དུ་བསྔོ་དགོས། རྒྱུ་དགེ་རྩ་བསྔོ་རྒྱུ་ཡོད་ན་བསྔོ་བ་དང་། རྒྱུ་བསྔོ་རྒྱུ་མེད་ན་འབྲས་བུ་ལ་སྨོན་པ་སྨོན་ལམ་ཡིན། དེ་ལྟར་རང་གིས་བསྔོ་བ་སྨོན་ལམ་བྱེད་པ་ལ་རྒྱལ་བ་སྲས་བཅས་ཀྱིས་མཐུན་འགྱུར་མཛད་པར་བསམ་པ་གལ་ཆེ༑ གསུམ་པ་ཕུར་ཚུགས་སོགས་ནི། ཕུར་ཚུགས་ནི་སྙིང་ཁུང་རུས་པའི་གཏིང་ནས་ཞེས་བའི་དོན་ཡིན། དངོས་གྲུབ་བསྒྲུབ་པ་ལ། བསྒྲུབ་གཞི། བསྒྲུབ་བྱ། སྒྲུབ་ཐབས། སྒྲུབ་ཚུལ། གྲུབ་པའི་འབྲས་བུ་དང་ལྔ་ལས། བསྒྲུབ་གཞི་བདེ་གཤེགས་སྙིང་པོ་དོན་དམ་ལྷན་སྐྱེས་གཉུག་མའི་སྒོ་གསུམ། དབང་གིས་སྨིན་བྱ། ལྟ་བས་རྟོགས་བྱ། ལམ་གྱིས་ཐོབ་བྱ་སྟེ་བསྒྲུབ་བྱ་དང་གྲུབ་པའི་འབྲས་བུ་དོན་གཅིག་པས། རགས་པ་སྒོ་གསུམ་ཆོས་ཉིད་དང་བཅས་པ་རགས་པའི་རྡོ་རྗེ་བཞི། ཕྲ་བ་རྩ་རླུང་ཐིག་ལེ་བརྟེན་པ་ཆོས་ཉིད་དང་བཅས་པ། ཤིན་ཏུ་ཕྲ་བ་ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་བསྒྲུབ་གཞི་ཡིན། བསྒྲུབ་བྱ་རྡོ་རྗེ་བཞིའི་གོ་འཕང་དེ་ཡིན། དེ་ཡང་རྩ་དག་པ་སྐུ་རྡོ་རྗེའམ་སྤྲུལ་པའི་སྐུ་ཡིན། རླུང་དག་པ་གསུང་རྡོ་རྗེའམ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སེམས་དག་པ་ཐུགས་རྡོ་རྗེའམ་ཆོས་ཀྱི་སྐུ་ཡིན། ཆོས་ཉིད་དག་པ་དབྱེར་མེད་རྡོ་རྗེའམ་ངོ་བོ་ཉིད་སྐུ་ཡིན། སྒྲུབ་ཐབས་ལ་བླ་མའི་སྒྲུབ་པ་དང་། ཡི་དམ་དང་མཁའ་འགྲོའི་སྒྲུབ་པ་སོགས་ལས་འདིར་བླ་མའི་སྒྲུབ་པ་ཡིན། སྒྲུབ་ཚུལ་ཡིད་མོས་གུས་དང་ངག་གསོལ་འདེབས་གཉིས་ཀྱིས་སྒྲུབ་པ་ཡིན། བླ་མ་བརྟེན་ཐབས་མོས་གུས་ཡིན་ཏེ་སོགས། མོས་གུས་འོང་ཐབས། བླ་མའི་སྐུ་གཟུགས་སྐུ། ཐུགས་ཆོས་སྐུ་ཟུང་དུ་འཇུག་པ། ཧེ་དབྱིངས་དང་། ཀ་ཡེ་ཤེས། རུ་ཟུང་དུ་འཇུག་པ་ཡིན་པས། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་སོགས་བླ་མ་སངས་རྒྱས་སུ་ཤེས་པ་ལྔ་པོའི་སྒོ་ནས་མོས་གུས་བསྐྱེད་དགོས། སྐབས་དེར་ཡོན་ཏན་རེ་རེའི་ཆ་ཡང་སོགས། གང་ཡིན་ན། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ཡིན་ལ། ནམ་མཁས་གར་ཁྱབ་ཆོས་སྐུས་ཁྱབ། ཆོས་སྐུས་གར་ཁྱབ་ལོངས་སྐུས་ཁྱབ། ལོངས་སྐུས་གར་ཁྱབ་སྤྲུལ་སྐུས་ཁྱབ་པ་ཡིན། སྐུ་གསུང་ཐུགས་ཐམས་ཅད་པ་ནི་སྐུ་མཚན་དཔེ་གསུང་ཚངས་དབྱངས་ཐུགས་མཁྱེན་བརྩེའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་ཏེ། སྐུ་ས་བཅུའི་བྱང་སེམས་རྣམས་ལ་ལོངས་སྐུ་དང་། དེ་ལས་གཞན་པ་རྣམས་སྤྲུལ་སྐུ་དང་སྤྲུལ་པ་སྣ་ཚོགས་སྟོན་པ་ནི། དཔེར་ན། དེ་བཞིན་གཤེགས་པའི་དབུ་བཙུག་ཏོར་བལྟར་མི་མངོན་པ་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དེ་སྟེང་ཕྱོགས་ཀྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ནས་བལྟས་ཀྱང་མཐར་མི་མངོན་ལ། རེས་འགའ་དབུལ་མོའི་པང་དུ་ལེན་ཅིང་འཛིན་རྒྱུ་ལྟ་བུ་ཡོད་པ་ལྟར་ཡིན་པས་ཤེས་བྱའི་རྣམ་པ་ཡོད་དགུར་འཆར་བ་ཡིན། གསུང་རྣམ་པ་ཐམས་ཅད་པ་ལྷའི་སྐད་དང་ཀླུའི་སྐད་ལ་སོགས་པ་སྒྲའི་རྣམ་པ་ཡོད་དོ་ཅོག་ཏུ་འཆར་བ་ཡིན། ཐུགས་རྣམ་པ་ཐམས་ཅད་པའི་མཁྱེན་བརྩེ་ནུས་གསུམ་ལས་མ་གཡོས་བཞིན། བདག་གི་ངོར་ཆགས་པ་སྡང་བ་སོགས་འཆར་བ་ཡིན། དངོས་གྲུབ་སྒྲུབ་པའི་དུས་སུ་རྗེ་བཙུན་གུ་རུ་རིན་པོ་ཆེ་སོགས་གསོལ་འདེབས་ཀྱི་འཛབ་ཡིན་པས། ལེའུ་བདུན་མ་འདོན་དུས་ལེའུ་རེ་རེ་བཞིན་དུ་རང་རང་འདོན་པར་གསུངས་པའི་དུས་དང་བསྒྲགས་ཏེ་འདོན་པར་བྱ་དགོས། སྒྲུབ་པའི་འབྲས་བུ་གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་རྡོ་རྗེ་བཞིའི་གོ་འཕང་མངོན་དུ་འགྱུར་བ་རྣམས་ཡིན་ཀྱང་། སྐབས་འདིར་དེ་ལྟར་སྒྲུབ་ཅིང་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་དོན་བརྒྱུད་ཀྱི་དགོངས་པ་འཕོ་བ་སེམས་ལ་ཞུགས་ཏེ་གནས་ལུགས་རང་ངོ་མཐོང་བ་ཡིན་པས། དེ་ཡང་རྟོགས་པ་སྐྱེ་བའི་རྟགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དད་པ་དང་ངེས་འབྱུང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་རྣམས་འབྱུང་བ་ཡིན་ཀྱང་། རྟོགས་པ་སྐྱེས་རྟགས་ཡོན་ཏན་སྔོན་ལ་འོང་བ་དང་། དང་པོ་རྟོགས་པ་སྐྱེས་ནས་ཡོན་ཏན་ཕྱི་ནས་འབྱུང་བ་གཉིས་ཡོད་པས། ཉམས་དང་རྟོགས་པ་ཤན་ཕྱེས་ནས། ཆོས་ཉིད་ཀྱི་རྟོགས་པ་སྐྱེ་བ་ནི་སྒྲུབ་པའི་འབྲས་བུ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། ཉམས་དང་རྟོགས་པའི་དབྱེ་བ་མ་ཤེས་ན། །གོམས་པའི་ཉམས་ལ་རྟོགས་པར་འཛིན་ནས་འཁྲུལ། །རྟོགས་ན་དུས་ཀུན་བཟང་ངན་འཕོ་འགྱུར་མེད། ། དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། །ཞེས་སོ། །དབང་བཞི་བླང་བ་འདི་ལམ་དབང་ཡིན། སྤྱིར་དབང་ལ་གཞི་དབང་ལམ་དབང་འབྲས་དབང་གསུམ་ལས། དང་པོ་གཞི་དབང་ནི་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་རྟོགས་ན་མྱ་ངན་ལས་འདས་པ་ལ་དབང་བྱེད། མ་རྟོགས་ན་ཁམས་གསུམ་འཁོར་བར་དབང་བྱེད་པའི་སྒོ་ནས་གཞི་དབང་ཞེས། ལམ་དབང་གི་གཞི་དབང་བསྐུར་བའི་སྨིན་བྱ་དངོས་དེ་ཡིན། ལམ་དབང་ལ་གསུམ། ལམ་དབང་གི་གཞི་དབང་ནི་དང་པོ་བླ་མ་མཚན་ཉིད་དང་ལྡན་པས་རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་ལྟ་བུ་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་བའི་དུས་སུ་རབ་དབང་དོན་གྱི་ལྟ་བ་རྟོགས། འབྲིང་བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྐྱེས། ཐ་ན་ཡང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངེས་ཤེས་ཀྱི་བློ་གཞན་གྱིས་མི་འཕྲོག་པ་སྐྱེ་དགོས་པས། དེ་ལྟ་བུའི་དབང་བཞི་ཐོབ་ན་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་དུ་གྱུར་པའི་དབང་གི་གོ་ཆོད་ལ། དེ་ལྟ་བུ་མ་ཡིན་པར་ཐོབ་ཐོབ་ཞུས་ཞུས་མང་པོ་སེམས་རྒྱུད་སྤུ་གང་གིས་ཡར་སྐྱེད་མེད་པའི་དབང་ཞུས་ཞུས་ནས་མགོ་ལེབ་ལེབ་མ་སོང་གི་བར་དུ་དབང་ཞུས་པས་དབང་གི་གོ་མི་ཆོད། ལམ་དབང་གི་ལམ་དབང་ནི། དེ་ལྟ་བུའི་དབང་དེ་ཐོབ་ནས་བཟུང་གཞན་ལ་དབང་ཞུས་ཀྱང་རུང་། རང་གིས་བདག་འཇུག་སོགས་བླང་ཡང་རུང་། ཐམས་ཅད་སྔགས་ཀྱི་གསོ་སྦྱོང་དང་ལམ་དབང་ཡིན། ལམ་དབང་གི་འབྲས་དབང་འོད་ཟེར་ཆེན་པོའི་དབང་ངམ་སྔགས་ཀྱི་ཟབ་གསལ་གཉིས་སུ་མེད་པའི་དབང་གསུམ་བསྐུར་ནས་དབང་དོན་གྱི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་སྒྲིབ་པའམ་སྣང་གསུམ་འཕོ་བའི་བག་ཆགས་ཐམས་ཅད་བཅོམ་བྱེད་ཀྱི་དབང་དེ་ཡིན། གཞི་ལམ་འབྲས་གསུམ་གྱི་འབྲས་དབང་ནི༑ ལམ་གྱི་འབྲས་དབང་དེའི་སྐད་ཅིག་ཕྱི་མར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་ནས་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ནོ། །འདིར་ལམ་དབང་གི་ལམ་དབང་ཡིན་པས། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་སོགས། འོད་ཟེར་ཟླ་འོད་ལྟ་བུ་དག་བྱ། ལུས་ཀྱི་སྲོག་གཅོད་སོགས་གསུམ་དང་། ལུས་སྐྱེད་བྱེད་རྩ་ཡི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་དབང་ཐོབ། དབང་དོན་གྱི་ཡེ་ཤེས་རྟོགས་ཚོགས་སྒྱུ་འཕྲུལ་དྲྭ་བར་དག སྣང་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྲོལ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་གནས་སྐབས་རྣམ་སྨིན་དང་མཐར་ཐུག་སྤྲུལ་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག ཨཱཿཡིག་ལས་འོད་ཟེར་གློག་དམར་ལྟར་འཕྲོས། ངག་གི་རྫུན་སོགས་བཞི་དང་། ངག་སྐྱེད་བྱེད་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེ་སོགས། དབང་དོན་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རླུང་འབྱུང་འཇུག་གནས་གསུམ་སྔགས་སུ་གྲོལ། ཧཱུྃ་ཡིག་ལས་འོད་ཟེར་སྦོས་རིང་གི་དུད་པ་ལྟ་བུ། ཡིད་ཀྱི་བརྣབ་སེམས་སོགས་གསུམ་དང་ཡིད་སྐྱེད་བྱེད་ཐིག་ལེའི་སྒྲིབ་པ་དག་སོགས། དབང་དོན་གྱི་ཡེ་ཤེས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རྟོགས་ཚོགས་བདེ་སྟོང་གི་ངང་དུ་གྲོལ། ཧཱུྃ་ཡིག་ལས་ཧཱུྃ་ཡིག་གཉིས་པ་སོགས། ཀུན་གཞིའི་ལས་དང་ཀུན་བཞིའི་རྣམ་པར་ཤེས་པའི་སྒྲིབ་པ་དང་འཁོར་གསུམ་དུ་འཛིན་པ་ཤེས་བྱའི་སྒྲིབ་པ་དག་སོགས། དབང་དོན་རང་བྱུང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན། ཟླ་བས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། ། ཞེས་དང་། ཨ་བུའི་ཞལ་ནས། ཕུང་པོའི་མཚན་ཉིད་དབྱིངས་ཀྱི་སྤངས་ཞེ་ན། །དེ་ལས་གཞན་དུ་ཕུང་པོའི་སྟོང་བས་ཅི། །བརྟགས་པས་སྟོང་པ་མཐར་ཐུག་དོན་མིན་ན། །ཞེས་པའི། ཡེ་ཤེས་རྒྱུད་ལ་སྐྱེས། སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཆོས་ཉིད་དུ་གྲོལ་སོགས་སོ། །བསྡུ་རིམ་ནི། འདུན་པའི་འཕོ་བ་དང་གནད་གཅིག་པས། ནམ་ཞིག་སོགས་བསྡུ་རིམ་ལ་གསལ་སྣང་ཐོན་པ་རྫོགས་རིམ་ཐུན་མོང་བའི་ཕྲ་བའི་རྣལ་འབྱོར་ཡིན་ནོ། །རྗེས་ཐོབ་ཟ་ཉལ་འགྲོ་འདུག་ལ་སོགས་པ་རྣམས་ལ་ལམ་དུ་འཁྱེར་དགོས། མདོར་ན་དག་སྣང་ལམ་དུ་ཁྱེར་དགོས་པ་ཡིན། དེས་ན་སྐྱིད་སྡུག་རྒྱུ་འབྲས་གཉིས་ཀ་བླ་མའི་མོས་གུས་ཀྱིས་ལམ་དུ་ཁྱེར་དགོས། སྐྱིད་རྒྱུ་འབྲས་གཉིས་བྱུང་ན་བླ་མའི་བཀའ་དྲིན་དྲན་ནས་གསོལ་བ་འདེབས། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་ནས་ཐམས་ཅད་བླ་མའི་བཀའ་དྲིན་དུ་བལྟ། སྡུག་རྒྱུ་འབྲས་གཉིས་བྱུང་ན་བླ་མའི་མོས་གུས་ཀྱིས་ལམ་དུ་ཁྱེར་དགོས། དད་པ་དང་མོས་གུས་སོགས་མ་འོང་ན་བླ་མ་ལ་གསོལ་བ་བཏབ་སྟེ་དད་པ་མོས་གུས་སོགས་འོང་བར་གསོལ་བ་འདེབས། བྱིང་ན་བླ་མ་ལ་གསོལ་བ་འདེབས། རྒོད་ན་བླ་མ་ལ་གསོལ་བ་འདེབས། ལུས་གནད་ལྟ་སྟངས་ཀྱང་བྱིང་རྒོད་ཀྱི་གཉེན་པོ་བཞིན་བསྟེན། ལྟ་བ་ལ་ལེགས་ཉེས་ཐེ་ཚོམ་བྱུང་ན་བླ་མ་ལ་གསོལ་བ་འདེབས། བསྒོམ་པ་ལ་བཟང་ངན་བྱུང་ན་བླ་མ་ལ་གསོལ་བ་འདེབས། སྤྱོད་པ་ལ་བླང་དོར་བྱུང་ན་བླ་མ་ལ་གསོལ་བ་འདེབས། ལྟ་སྒོམ་སྤྱོད་གསུམ་གྱི་གེགས་གཉིས་འཛིན་བྱུང་ན་བླ་མ་ལ་གསོལ་བ་འདེབས། ན་ཚ་དང་གདོན་བགེགས་ལ་སོགས་པའི་མི་འདོད་པ་ཅི་བྱུང་བ་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བ་ཡིན་པའི་དག་སྣང་གིས་འདྲེ་དང་རྒྱལ་འགོང་ལ་སོགས་པ་བླ་མར་བསྒོམ་སྟེ་གསོལ་བ་འདེབས། དེས་ན་ཁམས་འདུས་དད་པས་གསོ། རྐྱེན་ངན་ལམ་དུ་ཁྱེར་གསུངས་པ་བཞིན། མདོར་ན་སྐྱིད་ཁྱག་སྡུག་ཁྱག་ཞིག་གི་སྒོ་ནས་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ནས་མོས་གུས་དང་གསོལ་འདེབས་བྱེད་པ་ཡིན་ནོ། །


previousདྲུག་པ། བླ་མའི་རྣལ་འབྱོར།next