Nitartha Digital Library
Tibetan
 
previousབདུན་པ། ཉེ་ལམ་འཕོ་བའི་རིམ་པ།next

བདུན་པ། ཉེ་ལམ་འཕོ་བའི་རིམ་པ།

དངོས་གཞིའི་ཆ་ལག་འཕོ་བ་ནི། རིག་པ་རྐྱེན་ཁར་འཆོར་དུས་སུ་འཕོ་ལུང་དགོས་ལ༑ མི་འཆོར་བར་རིག་པ་གཏན་སྲིད་ཟིན་དུས་འཕོ་བ་མི་དགོས། དེས་ན། ལམ་སྦྱང་པ་དམན་ལ་འཕོ་བས་བསུ། ཞེས་པ་རྫོགས་རིམ་ནཱ་རོ་ཆོས་དྲུག་ལས་བློ་ཆོད་འཕོ་བ་ཡིན་ཏེ། དཔེར་ན་མ་གཅིག་ལ་བུ་བདུན་ཡོད་ཀྱང་བུ་གཅིག་ན་བ་ལ་ལྷག་པར་བརྩེ་བ་བཞིན། ལས་དང་ཉོན་མོངས་པའི་ཤུགས་དྲགས་པོའི་སེམས་ཅན་རྣམས་ལ་རྒྱལ་བ་རྣམས་ཤིན་ཏུ་བརྩེ་བས་སྡིག་པོ་ཆེ་བཙན་ཐབས་སུ་འཕོ་བའི་གདམས་པ་མ་བསྒོམ་སངས་རྒྱས་ཟེར་ཀྱང་བསྐྱེད་རྫོགས་གཞན་བསྒོམ་མི་དགོས་མ་གཏོགས་འཕོ་བ་རང་གི་དམིགས་པ་བསྒོམ་དགོས། རབ་ཆོས་སྐུ་རྒྱས་འདེབས་ཀྱི་འཕོ་བའི་གང་ཟག་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པ་རྣམས་ཀྱི་འཕོ་ལུགས་ཡིན་ཏེ་ཚེ་འདི་ལ་གནས་ལུགས་མ་བཅོས་པའི་ལྟ་བ་རྒྱུད་ལ་སྐྱེས་ནས་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བའི་གང་ཟག་དེ་ཀ་དག་ཁྲེགས་ཆོད་ཀྱི་གྲོང་འཕོ་གྲོང་འཇུག་གི་འཕོ་བའི་མན་ངག་གིས་འཕོ་བའམ། ལྷུན་གྲུབ་ཐོད་རྒལ་གྱིས་འོད་གསལ་སྦུབ་འཇུག་གི་མན་ངག་གིས་འཕོ་བ་ཡིན། དེ་ལྟར་རིག་པ་ལ་རང་དབང་མ་ཐོབ་ཅིང་ཉིན་སྣང་ཙམ་ཆོད་ཀྱང་མཚན་སྣང་མི་ཆོད་པའི་གང་ཟག་དམ་ཚིག་རྣམ་པར་དག་པ་དེ་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་དང་སྣང་མཆེད་ཐོབ་གསུམ་རྣམས་རྫོགས་པའི་རྗེས་སུ་འཆི་སྲིད་ཆོས་སྐུའི་འོད་གསལ་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་གཞི་དུས་མའི་འོད་གསལ་འཆར་ཞིང་ཚེ་འདིའི་འོད་གསལ་བུ་ལྟ་བུའི་སྐྱེལ་མ་བྱས་ནས་འོད་གསལ་མ་བུ་མཇལ་ཞིང་ཀ་དག་དང་པོའི་གཞི་ཐོག་ཏུ་གྲོལ་བ་ཡིན། ཐོད་རྒལ་གྱི་ཉམས་སྣང་གོང་འཕེལ་གྱི་སྣེ་ཟིན་པའི་གང་ཟག་དེ་འཆི་བའི་ཚེ་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་དུས་ད་ལྟ་རྟོགས་པ་མ་རྟོགས་པའི་སྟོབས་ཀྱིས་འཆི་སྲིད་ཀྱི་འོད་གསལ་དང་པོ་ངོས་མི་ཟིན་ཅིང་གྲོལ་མི་ཐུབ་ལ་ཆོས་ཉིད་དག་པའི་བར་དོ་འཆར་དུས་ངོ་ཤེས་ཤིང་མཉམ་པར་བཞག་པས་ལྷུན་གྲུབ་ཀྱི་སྣང་བ་ལས་གྲོལ་བ་ཡིན། དེས་ན་རབ་ཚེ་འདིར་གྲོལ་བ་དང་འབྲིང་བར་དོར་གྲོལ་བ་གཉིས་ཀ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའི་གྲངས་སུ་བགྲང་བ་ཡིན། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། རྫོགས་རིམ་གྱི་ཡེ་ཤེས་ཀྱི་སྣེ་ཟིན་པ་སྦྱོར་ལམ་ངེས་འབྱེད་ཆ་བཞི་གང་ལ་སླེབས་པ་སྦྱོར་ལམ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྒྱུ་ལུས་ལ་འཇུག་ལྡང་ནུས་པའམ། མིན་ཀྱང་ངོ་སྤྲོད་ནས་རྩལ་སྣང་དག་པ་ལྷའི་བསྐྱེད་རྫོགས་ཟུང་འཇུག་ལ་གོམས་པ་དེ་འཆི་ཁར་བསྐྱེད་རིམ་བསྡུ་རིམ་བྱེད་པ་ལྟར་སྒྱུ་ལུས་འོད་གསལ་དུ་བསྡུས་ནས། ཚེ་འདིར་དཔེ་འོད་གསལ་རྒྱུད་ལ་སྐྱེ་ཡོད་ན་བར་དོ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཡི་དམ་གྱི་སྐུ་སློབ་པའི་ཟུང་འཇུག་ཕྱག་ཆེན་ལ་ལྡང་ནས་གྲོལ་བ་རྣམས་ཡིན། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེས་འཕོ་བ་ནི་དབང་ཐོབ་དམ་ཚིག་དང་ལྡན་པ་ལྟ་བ་ལ་གོ་བ་ལེགས་པར་ཆགས་པའི་ཚོགས་ལམ་པ་ལས་དང་པོ་པ་བསྐྱེད་རིམ་ལ་ཡང་མོས་པ་ཙམ་ལམ་དུ་བྱེད་པ་དེས་འཆི་སྲིད་ཀྱི་འོད་གསལ་དང་ཆོས་ཉིད་གཉིས་ལ་གྲོལ་བའི་གདེང་མེད་ཀྱང་བར་དོར་སྐྱབས་འགྲོ་དང་བླ་མ་ལ་གསོལ་བ་འདེབས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་དགག་བཟང་པོ་འདམ་ཞིང་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་འཕེན་པས་དག་པའི་ཞིང་དུ་འཕོ་བའམ་མིན་ཀྱང་ཕ་མ་ཆོས་ལྡན་གྱི་མངལ་དུ་སྐྱེ་བ་སྤྲུལ་པའི་སྐུར་སྐྱེ་བ་ལེན་ཅིང་ཕྱི་མ་དེར་གྲོལ་བ་ཡིན། ཐ་མལ་པ་འདུ་ཤེས་སུམ་ལྡན་གྱི་འཕོ་བ་ནི་ལས་དང་པོ་པ་དམ་པའི་ཆོས་ལ་མོས་པ་ཙམ་བྱེད་པ། སྐྱེ་འཆི་བར་དོ་ཕྱི་མ་རྣམས་ཀྱི་གྲོལ་བའི་ལམ་རྟགས་དང་མི་ལྡན་པ་རྣམས་ཀྱི་འཕོ་ལུགས་ཡིན། འདུ་ཤེས་གསུམ་ནི། རྩ་དབུ་མ་ལ་ལམ་གྱི་འདུས་ཤེས། གནས་བདེ་བ་ཅན་ལ་གནས་ཀྱི་འདུ་ཤེས། རྣམ་པར་ཤེས་པ་ལ་མགྲོན་པོའི་འདུ་ཤེས་གསུམ་གྱི་སྒོ་ནས་འཕོ་བ་ཡིན། དེ་ལྟར་འཕོ་བ་ལ་འཆི་ལྟས་བྱུང་ན་ལན་གསུམ་དུ་བཟློག་ཨེ་ཐུབ་བལྟ། དེ་ནས་བཟློག་མ་ནུས་ན་ཡོ་བྱད་ཐམས་ཅད་སྤོང་དག་བྱེད་ཁོམས་ན་སྤོང་དག་བྱེད། མ་ཁོམས་ན་བློས་ཡོངས་སུ་བཏང་སྟེ་ཆགས་ཞེན་མེད་པར་བྱ་དགོས། གཤིན་པོ་རྗེས་འཛིན་གྱི་འཕོ་བ་ནི་རྟོགས་པ་མཆོག་ལྡན་གྱི་གང་ཟག་ཅིག་དགོས། འཕོ་བ་འདེབས་པའི་དུས་ཀྱང་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་འཕོ་བ་འདེབས་མཁན་དེ་རྟོགས་པ་དང་མ་ལྡན་ཀྱང་འཕོ་བའི་དམིགས་པ་ཐེབ་པ་ཞིག་ཡིན་ན་ཕན་ཐོགས། དོན་དམ་བྱང་སེམས་དང་མ་ལྡན་ཀྱང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡོད་ན་ཕན་ཐོགས། མ་ཐོགས་ཀྱང་སེམས་དགེ་བ་ལ་ཉེས་པ་མེད་གསུངས་པ་བཞིན་ནོ། ། དེས་ན་འཆི་སྲིད་ཆོས་སྐུའི་ལམ་ཁྱེར་ཁྲེགས་ཆོད་ཡིན། ཆོས་ཉིད་དག་པའི་བར་དོའི་ལམ་ཁྱེར་ཐོད་རྒལ། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་འཕོ་བ་དང་དག་སྣང་གཉིས་ཡིན། དེ་ལྟ་བུའི་འཕོ་བ་དེ་ལ་སྦྱོང་བ་དང་ལས་ལ་སྦྱར་བ་གཉིས། སྦྱོང་དུས་རྟགས་མ་ཐོན་གྱི་བར་དུ་སྦྱང། དེ་ནས་མི་འཇོག་པར་སྲོད་ཀྱི་ཐུན་གྱི་མཇུག་རེ་རེ་བཞིན་དུ་འཕོ་བའི་ངག་འདོན་མ་བཏོན་ཀྱང་དམིགས་པ་ཚར་རེ་ཆགས་མེད་བྱེད་དགོས། ལས་ལ་སྦྱར་བ་འཆི་བའི་ནད་ཀྱི་ཐེབ་ནས་འཆི་ཁ་ལ་རང་གིས་རང་ཉིད་དག་པའི་ཞིང་དུ་འཕོ་བ་ཡིན་པས། ཐིམ་རིམ་སྐབས། སྣང་བའི་འོད་གསལ་གྱི་དུས་སྒོ་ལྔའི་ཤེས་པ་ཡིད་ཤེས་ལ་ཐིམ། མཆེད་པའི་དུས་ཡིད་ཤེས་ཉོན་ཡིད་ལ་ཐིམ། ཐོབ་པའི་དུས་ཉོན་ཡིད་ཀུན་གཞི་ལ་ཐིམ། ཉེར་ཐོབ་ཀྱི་དུས་ཀུན་གཞི་འོད་གསལ་ལ་ཐིམ་པ་ཡིན། ཡོ་བྱད་སྤོང་དག་བྱེད། ཐོག་མེད་ནས་བསགས་པའི་སྡིག་པ་ལ་བཤགས་སྦྱངས་བྱས་ནས། སྡིག་པ་ལ་ཆུང་བའི་འདུ་ཤེས་བསྐྱེད། དགེ་བ་ལ་ཆེ་བའི་འདུ་ཤེས་བསྐྱེད། ཁྱད་པར་བླ་མ་དང་མཆེད་གྲོགས་དང་འགལ་བ་ལ་བཤགས་པ་བྱེད། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་དང་དགེ་བའི་བཤེས་གཉེན་མཇལ་བར་སྨོན་ལམ་འདེབས། འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་མི་འཇིགས་པར་དཔའ་གདེངས་བསྐྱེད་དེ་བདག་ད་སྔོན་སྐྱེ་ཤི་གྲངས་མེད་བྱེད་པ་དང་ད་རེས་མི་འདྲ་སྟེ། བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་པ་ཐོབ་ནས་འཕོ་བའི་མན་ངག་དང་ལྡན་པས་དག་པའི་ཞིང་ཁམས་རྣམས་ལ་འགྲོ་བའི་གདམས་པ་ཡོད་པས་ད་རེ་དགའ་སྙམ་དུ་སེམས་དཔའ་བསྐྱེད་དགོས། སྦྱོང་དུས་ཐུན་དང་ཐུན་མཚམས་ཕྱེ་ནས་དུས་སྲོད་དང་ཕྱི་དྲོའི་དུས་ལ་སྦྱང་དགོས། སྔོན་འགྲོ་རྫོགས་ནས་རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག་ཅེས་པའི་མཚམས་སུ་འཕོ་བ་སྦྱངས། ཐུན་གྱི་ཆ་གསུམ་གྱི་ཆ་སྔ་མ་གཉིས་ལ་དམིགས་པ་ཁོ་ན་འཛིན། ཕྱི་མ་ཆ་གཅིག་ལ་འདོན་བསྒོམ་སྦྲགས་མ་བྱེད། ཧི་ཀ་ནི་ཚེ་བསྟུང་བའི་སྒྲ་ཞིག་ཡིན། དེ་དུས་ལྟེ་འོག་གི་རླུང་འཐེན། སྟོད་རླུང་བརྒྱང་། མིག་ཧད་པོ ར་གྱེན་དུ་བལྟ་བ་དགོས། རླུང་སེམས་ཞེས་པ་གཡོ་བའི་ཆ་ནས་རླུང་། ཤེས་པའི་ཆ་ནས་སེམས་ཞེས་བཏགས་ཀྱང་ངོ་བོ་གཅིག་ཡིན་པས་གསང་བ་སེམས་ཀྱི་སྟོང་རའམ་རླུང་སེམས་བསྡུ་བའི་དུས་སེམས་དེ་ཧྲཱིཿཡིག་དམར་པོར་གྱུར་སོང་བར་བསམ་པ་ལས་གཞན་ཞིག་བལྟས་ཡོད་པའི་རྣམ་པ་བསམ་མི་ཉན། འོད་དཔག་མེད་ཀྱི་ཁྲི་རྨ་བྱ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་བར་རྣམས་སུ་རིགས་ལྔའི་ཕྱག་མཚན་འཁོར་ལོ་རྡོ་རྗེ་སོགས་གསལ། ཀློང་སྙིང་ལ་འོད་དཔག་མེད་གཙོ་བོ་གཅིག་པུ། གནམ་ཆོས་ལ་སེམས་དཔའ་གཉིས། འཇའ་ཟུག་མ་ལ་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་གསལ། འདུན་པའི་འཕོ་བ་ཟ་ཉལ་འགྲོ་འདུག་ལ་སོགས་པ་དུས་དང་རྣམ་པ་ཀུན་ཏུ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་རྟག་ཏུ་རིག་པ་སྤྱི་བོར་གཏད་པ་ཡིན། དེ་ལྟར་སྦྱང་ནས་འཕོ་བའི་གེགས་བྱུང་དུས། སྟེང་རླུང་མནན། འོག་རླུང་གློད། ལྟེ་བའི་རླུང་བརྒྱང་། འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ། སེམས་རྐང་མཐིལ་དུ་གཏད། ལྟ་སྟངས་ཀྱང་ཐུར་དུ་ཕབ་ནས་བལྟས་ན་གེགས་སེལ་བ་ཡིན། དེ་ལྟར་མཚུངས་མེད་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ལུང་རྟོགས་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རང་ལོ་བཅོ་བརྒྱད་ཐོག་འཇུག་པ་སེམས་བསྐྱེད་མན་ཆད་རྒྱས་པར་ཐོབ་ནས་ཡན་ཆད་རྣམས་མ་ཐོབ། དེའི་ཕྱིར་ལོ་ཟླ་བ་གཉིས་ཀྱི་བར་དུ་རྒྱས་བཤད་མཛད་ནས་རྡོར་སེམས་ཡན་ཆད་ཚང་བར་ཐོབ་དུས་བླ་མ་སྐུ་ཁམས་འཁྲུགས་ནས་མཇུག་མ་རྫོགས་ཀྱང་། དོན་དུ་སྔ་ཕྱི་གཉིས་ཀ་བྱས་ནས་ཆ་ཚང་བ་ཞིག་ཐོབ་པ་ཡིན་པས་དེ་དུས་ཀྱི་ཟིན་བྲིས་མགོ་མེད་མཇུག་མེད་ཅིག་ཡོད་པ་དེ་མཁན་རིན་པོ་ཆེ་པདྨ་རྒྱལ་མཚན་དང་། སྤྲུལ་སྐུ་པད་ནོར་རྣམ་པ་གཉིས་ཀྱིས་དོན་གཉེར་ཆེར་མཛད་ནས་བྲི་དགོས་ཞེས་བཀས་བསྐུལ་བ་དང་། བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེ་སྟོབས་ལྡན་གྱིས་བཀའ་ཕེབས་སྤྱི་བོར་བསྩལ་བས་བཀའ་ནན་ལྡོག་ཏུ་མ་བཟོད་ནས་ཤ་ཟིང་སྤུ་ཟིང་བྱས་ནས་བྲིས་པས་ཀུན་ལ་ཁ་དགེ་བར་གྱུར་ཅིག། །།


previousབདུན་པ། ཉེ་ལམ་འཕོ་བའི་རིམ་པ།next