Nitartha Digital Library
Tibetan
 
previousབོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ།next

བོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ།

བོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །གསང་ཆེན་རྒྱུད་ནས་བསྔགས་པའི་ཟླ་ཤེལ་རི། །མཁའ་འགྲོའི་ཆར་སྤྲིན་རྟག་ཏུ་འདུ་བས་སུ། །སྐལ་མེད་གནམ་ཐེའི་དཔའ་བཀོང་སྣོད་ལྡན་པའི། །མགྲིན་སྔོན་རབ་དགའ་འབྲུག་སྒྲའི་གཏེར་དེར་འདུད། །ཡང་དག་པར་སྦྱོར་བ་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་བླ་ན་མེད་པའི་རྒྱུད་གཞུང་མཐའ་ཡས་པ་ནས་མིག་ནི་དེ་ཝི་ཀོ་ཊ་སྟེ་ཞེས་བཤད་པ། ནང་མིག་གཉིས་ཀྱི་ཕྱིར་དེ་ཝི་ཀོ་ཊའི་གནས་གཉིས་ཡོད་པའི་མིག་གཡས་པ་དང་སྦྱར་བ་དེ་ནི། རྒྱ་གར་ཤར་ཕྱོགས་པཱ་ཌ་ལི་པུ་ཏྲ་ཞེས་པ་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་པའི་ཡུལ་དེ་ན་ཡོད་ལ། གཡོན་དང་སྦྱར་བའི་གནས་དེ་འདིའོ། །འདི་ལ་ཕྱི་སྐུའི་འཁོར་ལོ་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་གནས་ས་བཞི་ཡོད་དེ། ཤར་མོན་ཁ་སེང་གེ་ན་རིངས་བདུད་རྩི་སྨན་གྱི་ལྗོངས་ཡོད་པ། བཞི་བརྒྱ་རྩ་བཞིའི་ནད་སེལ་བའི་སྨན་ཐམས་ཅད་སྐྱེ་བ། དཀར་མོ་སྐུའི་མཁའ་འགྲོ་མ་རྣམས་ཀྱི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། ལྷོ་ན་སྦས་ཡུལ་མཁན་པ་ལྗོངས། རྩི་བཅུད་འབྲས་བུའི་ཚལ་ཡོད་པ། ལོངས་སྤྱོད་རྒྱས་པའི་དཔལ་ཐམས་ཅད་བསྐྱེད་པ། སེར་མོ་རྒྱས་པའི་མཁའ་འགྲོ་མའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། ནུབ་ན་སྦྲུལ་མཚོ་པདྨ་གླིང་། གཡུ་མཚོ་སློབ་དཔོན་ཆེན་པོས་འགུགས་བྱེད་ཕྱག་གི་རྒྱས་སྤྲས་པ་ཡོད་པ། དམར་མོ་དབང་གི་མཁའ་འགྲོའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། བྱང་དུ་སྨྲ་བོ་ཅོག་པོ་སྒྲོལ་བྱེད་གནམ་ལྕགས་འབར་བའི་རྡོ་རྗེ་ས་ལ་ཟུག་པ་ལྟ་བུ་ཡོད་པ། ལྗང་མོ་ལས་ཀྱི་མཁའ་འགྲོའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། དེ་དག་རྣམས་བསམ་གཏན་པའི་དྲོད་མྱུལ་ཞིང་སྐལ་མེད་ཚར་གཅོད་པ་མྱུལ་ལེ་མ་རྣམས་ཀྱི་གནས་ཏེ་སྤྲུལ་པ་སྐུའི་ཞིང་ངོ་། །དེ་དག་གི་ནང་དུ་གསུང་གི་འཁོར་ལོ་ལོངས་སྐུ་འཇིག་རྟེན་གྱི་ཌཱ་ཀི་མ་གནས་པའི་གནས་བཞི་ཡོད་དེ། ཤར་ཕྱོགས་སུ་འོད་གསལ་གྱི་རྫོང་། རྡོ་རྗེ་ཕག་མོ་གར་མཛད་པ་ལྟ་བུ། ཞི་བའི་ལས་རབ་༼༢ན༣༽འབྱམས་བསྒྲུབ་པའི་གནས། ཉོན་མོངས་པའི་སྤྲིན་འོད་གསལ་གྱི་དབྱིངས་སུ་ཞི་བར་བྱེད་པ། ལྷོ་ཕྱོགས་སུ་དཔལ་སེང་གེའི་རི་རོ་བཅུད་ཀྱི་སྨན་ཐམས་ཅད་སྐྱེ་བ་ལྷའི་དགའ་བའི་ཚལ་ལྟ་བུ། རྒྱས་པའི་ལས་རབ་འབྱམས་བསྒྲུབ་པའི་གནས། དབང་ཕྱུག་ཆེན་པོའི་ལོངས་སྤྱོད་ཐམས་ཅད་ཀྱིས་ཕྱུག་པར་བསྐྱེད་པ། ནུབ་ཏུ་ཚེལ་མ་དཔལ་གྱི་རི་འཆི་མེད་ཚེའི་བུམ་པ་ལྟ་བུ། དབང་གི་ལས་རབ་འབྱམས་བསྒྲུབ་པའི་གནས། འཆི་མེད་ཚེའི་བདུད་རྩི་འབབ་པ། བྱང་དུ་དཔལ་མཁོ་མཐིང་ལྷ་ཁང་བོད་ཁམས་སྤྱིར་གྱི་མི་བསྲུན་པ་ཞུད་པའི་ས་དེ་གནོན་པ་ལྷ་ཁང་ཆེ་པོ་སྤྲུལ་པའི་ཆོས་ཀྱི་རྒྱལ་པོས་རྫུ་འཕྲུལ་གྱིས་བསྒྲུབས་པ། སློབ་དཔོན་ཆེན་པོ་པདྨས་ཆོས་དང་ལོངས་སྤྱོད་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་བཅས་པས་ད་ལྟ་བོད་འབངས་ཐམས་ཅད་ལ་ཕན་བདེའི་ཁུངས་སུ་གྱུར་པ། ཕྱིས་རྒྱལ་བ་ལོ་རས་པ་སོགས་སྨད་འབྲུག་གི་བསྟན་པའི་དར་ས། དྲག་པོ་ལས་ཀྱི་གནས། དེའི་ནང་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་དུང་གི་བྲག་རི་ངོས་ལ་ལྕགས་ཕུར་ཅན་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཡུལ་ཆེན་པོ། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་། གནུབས་ནམ་མཁའི་སྙིང་པོ། བོད་ཀྱི་མཁན་པོ་སྦ་ཡེ་ཤེས་དབང་པོ། རྗེ་བཙུན་རས་ཆུང་ཞབས། ལྷག་པར་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་ཀྱིས་བདུད་ཀྱི་གཡུལ་ཆེན་པོ་བཏུལ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པར་མཛད་པ། འདིའི་ནང་གི་མཆོད་རྟེན་མགོ་ལྔ་པ་བོད་ཁམས་ལ་མཐའ་དམག་བཟློག་པའི་རྟེན་འབྲེལ་དུ། སློབ་དཔོན་གྱིས་ལུང་བསྟན། གཏེར་སྟོན་ཆེན་པོ་གུ་རུ་ཆོས་དབང་གིས་བཞེངས་པ་ཡང་གཏེར་དཔག་ཏུ་མེད་པ་བཞུགས། ཕྱིའི་མཆོད་རྟེན་དམ་པ་ར་ཞིག་གིས་བསྒྲུབས། བྲག་འདི་ལ་གཏེར་ཁ་བསམ་གྱིས་མི་ཁྱབ། ལྷ་མོ་མཁར་དཀྱིལ་འཁོར་གྱི་བདག་པོའི་ཐབས་ཀྱི་ལིངྒ་ཕུལ་བྱུང་རིག་པའི་ཡེ་ཤེས། གཉིས་སུ་མེད་པར་སྙོམས་པར་འཇུག་༼༢བ༤༽་་་་རི་བྱང་ཆུབ་ཀྱི་སྙིང་པོ་སྐལ་བ་དང་ལྡན་པ་ལ་མེ་ལོང་ལ་པྲ་ཕབ་པ་ལྟ་བུར་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རིས་མེད་པར་འཆར་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་རྙེད་པར་འགྱུར་བ། དཔལ་གྱི་ཕུག་རིངས་དཀྱིལ་འཁོར་ཆེན་པོ་གྲུབ་པའི་གནས་སློབ་དཔོན་ཆེན་པོ་པདྨས་རྗེ་འབངས་ཉེར་ལྔ་ལ། སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དབང་བསྐུར། གནུབས་ནམ་མཁའི་སྙིང་པོས་ཡང་དག་གི་དཀྱིལ་འཁོར་ཞལ་ཕྱེ་ནས་མཆོག་གི་དངོས་གྲུབ་བརྙེས་པ་བྲག་སེང་གེ་དཀར་མོ་གནམ་དུ་མཚོང་བ་ལྟ་བུ་ཁམས་གསུམ་ཟིལ་གྱིས་གནོན་པ། དུར་ཁྲོད་ལ་ཁ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས། གཞན་དཔལ་ལེ་ཕུག་དང་། རྡོ་རྗེ་ཕུག་དང་། ཡིད་སྨོན་ཕུག་པ། རྒྱལ་བ་རྒོད་ཚང་པས། སྣང་སྲིད་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ས་དང་གཞན་དཀྱིལ་འཁོར་ཕུག །རོ་སྙོམས་ཕུག །ཉི་ཟླ་ཕུག །ཁྱུང་ཕུག་ལ་སོགས་པ་ཕུག་ཆེན་བརྒྱ་རྩ་བརྒྱད། ལྗོན་ཤིང་ངོ་མཚར་ཅན་བརྒྱ་རྩ་བརྒྱད། ཆུ་སྣ་བརྒྱ་རྩ་བརྒྱད་ཀྱིས་གང་བ་ཀུན་ཁྱབ་རྫུ་འཕྲུལ་བཙན་གྱིས་ལེགས་པར་སྐྱོང་བ་འདི། ད་ལྟ་བོད་ཀྱི་ཡུལ་ན་ངོ་མཚར་བ་ཐམས་ཅད་ཀྱི་དཀྱིད་གཉིས་པའོ། །ཞེས་པདྨ་དཀར་པོས་གནས་ཀྱི་ངོ་མཚར་བའི་འཕྲུལ་གསལ་བར་མཐོང་ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། བར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousབོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ།next