Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས།next

ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས།

ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས་ཞེས་བྱ་བ་བཞུགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མུན་པ་གཏན་སངས་ཀུན་གཟིགས་པདྨའི་འདབ། །རྒྱས་པའི་སྤྱན་རས་དོན་བཞིན་སྟོན་བཙའ་བས། །སྣང་བའི་བླ་མ་འཕགས་པའི་རྒྱུ་སྐར་ཚོགས། །ཞབས་རྗེས་སྙེག་པ་དཔེ་ཟླ་མེད་གང་དང་། །དེ་ནོར་མ་མོ་འོད་སྲུངས་ཀྱིས་བསྡུས་པ། །དགྲ་བཅོམ་རྣམས་ཀྱིས་བཤད་པའི་མཛོད་སྦྱར་ལས། །གཅེས་པ་རྩ་འགྲེལ་མཆོད་སྦྱིན་འདིར་བཀོལ་བ། །དབྱིག་གཉེན་དཔལ་ལྡན་དེ་ལའང་ཕྱག་འཚལ་ལོ། །འཇམ་མགོན་གྲུབ་པའི་མིག་སྨན་གྱིས། །ཤེས་རབ་སྤྱན་ལ་མཐུ་བསྐྱེད་པས། །གཞུང་ལུགས་ཀུན་གྱི་ངང་ཚུལ་གཏེར། །མངོན་སུམ་གྱུར་པ་འདི་ན་འདོན། །བཤད་པར་བྱ་བ་འདིའི་མཚན། སྐད་གཉིས་ཤན་སྦྱར་ན། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀཱོ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ནི་འགྱུར་མཛད་པས་སོ། །འདི་ལ་སློབ་དཔོན་བསྟན་བཅོས་རྩོམ་པར་བཞེད་པ། བཞེད་པ་ལྟར་བརྩམ་པའི་བསྟན་བཅོས། དེ་མཐར་སོན་པའི་ཚུལ་གསུམ་ལས། དང་པོ་ལ། སྟོན་པའི་ཡོན་ཏན་བརྗོད་པ་སྔོན་དུ་བཏང་བའི་ཕྱག །ཇི་ལྟར་རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་ནི༑ རང་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱིས་སྟོན་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ། དང་པོ་རང་གི་དོན་ལས་བསྟོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་ཏེ། ཇི་སྐད་དུ། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་འགྱུར་བའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ་ཞེས་པས་སོ། །དེས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཉོན་མོངས་པ་ཅན་གྱི་མུན་པ་ཙམ་ལས་གཞན་མ་བཅོམ་པར་བསྟན་ཏེ། ཇི་སྐད་དུ། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་པས་སོ། །གཉིས་པ་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་བསྟོད་པ་ནི། འཁོར་བ་ནི་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་། བརྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུ་སྟེ། དེར་བྱིང་བ་སྐྱབས་མེད་པ་ལས་འགྲོ་བ་བཅོམ་ལྡན་འདས་ཀྱི་ཕྱག་བརྐྱང་བ་དག་གིས། སྐལ་པ་ཇི་ལྟ་བ་བཞིན་དུ་དྲངས་པར་མཛད་པ་དེ་ཡང་དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྟོན་པས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བས་ཡིན་གྱི། རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །དེའི་ཕྱིར་སྟོན་པ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་ཇི་ལྟར་རྩོམ་པར་དམ་བཅའ་བ་ནི། ཕྱག་བྱས་ནས་ཅི་བྱ་ཞེ་ན། སློབ་མ་འཆོས་པས་བསྟན་བཅོས་ཏེ་རབ་ཏུ་བཤད་པར་བྱ། དེ་གང་། ཆོས་མངོན་མཛོད་ཀྱི་ཚིག་ལེའུར་བྱས་པའོ། །གཉིས་པ་བཞེད་པ་ལྟར་བརྩམས་པའི་བསྟན་བཅོས་ལ། བཤད་བྱའི་ཆོས་མངོན་པ་ངོས་བཟུང་༑ དེ་གཏན་ལ་འབེབས་པའི་ཚུལ་གཉིས་ལས། དང་པོ་ནི། ཆོས་མངོན་པ་ཞེས་བྱ་བ་འདི་གང་ལ་བྱ་ཞེ་ན། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ། དྲི་མ་ནི་ཟག་པ་ཡིན་ལ། དེ་མེད་པ་རྗེས་འབྲང་དང་བཅས་པ་སྟེ། ཟག་པ་མེད་པའི་ཕུང་པོ་ལྔ་པོ་ལ་དོན་དམ་པའི་ཆོས་མངོན་པ་ཞེས་བྱ་བ་ཡིན་ནོ། །དེ་ཐོབ་བྱ་དེའི་དོན་དུ་སྦྱོར་བའི་ཕྱིར་ཐོས་བསམ་སྒོམ་པ་ལས་བྱུང་བ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་ཟག་བཅས་རྗེས་འབྲང་དང་བཅས་པ་གང་དང་། བསྟན་བཅོས་ཀྱི་གཞུང་གང་ལ་བརྡའི་ཆོས་མངོན་པར་བཞག་གོ །ངེས་པའི་ཚིག་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་དང་། དོན་དམ་པའི་ཆོས་མྱ་ངན་ལས་འདས་པའམ་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པ། རྒྱུ་མཚན་དེའི་ཕྱིར་ཆོས་མངོན་པའོ། །བསྟན་བཅོས་འདི་ཆོས་མངོན་པའི་མཛོད་ཡིན་ཏེ། འདིར་ཆོས་མངོན་པ་དེ་དོན་དུ་བྱས་ནས་ཡང་དག་པར་བསྟན་པས་དེ་འདིར་ཆུད་པའི་ཕྱིར་ཏེ། ནོར་གཅེས་པ་དག་ནང་དུ་འཇོག་པ་དེ་ལ་མཛོད་ཅེས་གྲགས་པས་སམ། ཆོས་མངོན་པ་དེ་ལས་འདི་ཕྱུང་བས་འདིའི་གནས་ཆོས་མངོན་པ་དེ་ཡིན་པས་ནོར་གཅེས་པ་འདོན་ས་ལ་མཛོད་དུ་གྲགས་པ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱིས་སྦྱར་བའི་བྱེ་བྲག་ཏུ་བཤད་པ་ཆེན་མོ་ཆོས་མངོན་པའི་མཛོད་དོ། །གཉིས་པ་དེ་གཏན་ལ་འབེབས་པའི་ཚུལ་ལ། སྤྲོ་བའི་ཕྱིར་དགོས་དོན། འཇུག་བདེ་བའི་ཕྱིར་བསྡུས་དོན། ལེགས་པར་ཤེས་པའི་ཕྱིར་ཚིག་དོན་གསུམ་ལས་དང་པོ་ནི། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མེད་པར་ཉོན་མོངས་པ་རྣམས། རྒྱུ་མཚན་གང་གི་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་མ་ཞི་བས་ཀྱང་འཇིག་རྟེན་རྣམས་སྲིད་པའི་རྒྱ་མཚོ་འདིར་འཁྱམས་པའོ། །དེ་བས་ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་ཆོས་རབ་ཏུ་རྣམ་པར་འབྱེད་མི་ནུས་པར་གཟིགས་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེའི་ཕྱིར་དུ་ཆོས་མངོན་པ་འདི་ནི་སྟོན་པས་གསུངས་སོ། །ལོ་ཞེས་པ་བྱེ་བྲག་སྨྲ་བ་རྣམས། དེ་ནི་བཅོམ་ལྡན་འདས་ཀྱིས་གསིལ་བུར་བཤད་ལ༑ བཙུན་པ་ཀ་ཏྱའི་བུ་ལ་སོགས་པས་བསྡུས་ནས་བཞག་སྟེ་བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་སྡེ་སྡེ་ཚན་དུ་བྱས་པ་བཞིན་ནོ་ཞེས་ཟེར་བ་ལ་སྙེག་གོ། །གཉིས་པ་འཇུག་བདེ་བའི་ཕྱིར་དུ་བསྡུས་དོན་བཤད་པ་ནི། གང་དག་ཆོས་མངོན་པར་བསྟན་པ་ལ་རག་ལས་པའི་རབ་ཏུ་རྣམ་པར་འབྱེད་པར་བྱ་རྒྱུའི་ཆོས་ནི་ཟག་བཅས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་སོ། །ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་ཀྱི་ཆོས་རྣམས་ནི་ཟག་བཅས་ཏེ། གང་གི་ཕྱིར་ན་དེ་དག་ཟག་བཅས་སུ་འཇོག །དེ་དག་ལ་དམིགས་པས་ཟག་པ་རྣམས་ཀུན་ཏུ་རྒྱས་པར་འགྱུར་བས་སོ༑ །འོ་ན་འགོག་ལམ་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བའི་ཕྱིར། དེ་གཉིས་ཀྱང་ཟག་བཅས་སུ་མི་ཐལ་ལམ་ཞེ་ན་མི་འགྱུར་ཏེ། དེ་གཉིས་ལ་དམིགས་པས་ཟག་པ་སྐྱེ་བར་འདོད་མོད་ཀྱང་རྒྱས་པར་མི་འགྱུར་བས་སོ། །ཟག་པ་མེད་པ་ནི་འདུས་བྱས་ལས་ལམ་གྱི་བདེན་པ་དང་། འདུས་མ་བྱས་པ་རྣམ་པ་གསུམ་ཡང་ཡིན་ཏེ། གསུམ་ནི་ནམ་མཁའ་དང་ནི་སོ་སོར་བརྟགས་པའི་དང་༑ སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་སོ། །དེ་ལ་ནམ་མཁའ་ནི་མི་སྒྲིབ་པ་སྟེ་གང་ན་གཟུགས་ཀྱི་གོ་འབྱེད་པའོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ །དེས་ཐོབ་པར་བྱ་བའི་འགོག་པ་ནི། གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བའོ། །དེ་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བརྗོད་པ་བཞིན་ནོ། །ཅི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་སོ་སོར་བརྟགས་པས་འགོག་པ་གཅིག་ཁོ་ནའམ་མང་པོ་ཞེ་ན༑ ལྡན་པའི་ཆོས་སོ་སོ་ཇི་སྙེད་པ་ཡོད་པས་བྲལ་བའི་རྫས་རྣམས་ཀྱང་སོ་སོ་དེ་སྙེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའམ་ཉོན་མོངས་པའི་འགོག་པ་མངོན་སུམ་དུ་བྱས་པས་ཉོན་མོངས་པ་ཐམས་ཅད་ཀྱི་འགོག་པ་མངོན་སུམ་དུ་བྱེད་པར་ཐལ་བར་འགྱུར་ཞིང་ལྷག་པའི་གཉེན་པོ་སྒོམ་པ་དོན་མེད་པར་འགྱུར་རོ། །འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། ཚིག་འདིའི་དོན་འདི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ལ་འདི་ཡང་གང་གི་འདྲ་བའི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡིན་གྱི། འདི་ལ་གང་ཡང་འདྲ་བ་གང་ཡང་མེད་དོ་ཞེས་བྱ་བ་མ་ཡིན་ནོ། །ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་འགོག་པ་བྲལ་བ་ལས་གཞན་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མིན་པས་འགོག་པའོ། །དེ་ཡང་སོ་སོར་བརྟགས་པ་ལས་ཐོབ་པ་མ་ཡིན་པ་དང་། རྐྱེན་མ་ཚང་བ་ལས་ཐོབ་པ་ཡིན་ཏེ། དཔེར་ན་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་པའི་གཟུགས་གཞན་རྣམས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་གང་ཡིན་པ་དག་ནི་འདས་པར་འགྱུར་ལ་དེ་དག་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་བར་མི་ནུས་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་མེད་པའི་ཕྱིར་རོ། །གསུམ་པ་ལེགས་པར་ཤེས་པའི་ཕྱིར་ཚིག་དོན་ལ། ཁམས་བསྟན་པའི་གནས། དབང་པོ་བསྟན་པའི། འཇིག་རྟེན་བསྟན་པའི། ལས་བསྟན་པའི། ཕྲ་རྒྱས་བསྟན་པའི། ལམ་དང་གང་ཟག་བསྟན་པའི། ཡེ་ཤེས་བསྟན་པའི། སྙོམས་འཇུག་བསྟན་པའི་གནས་བརྒྱད་ལས། དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་ཏེ། རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །དེ་དག་ཀྱང་གཟུགས་ཀྱི་ཕུང་པོ་དང་ལ་སོགས་པ༑ ཚོར་བའི། འདུ་ཤེས་ཀྱི། འདུ་བྱེད་ཀྱི། རྣམ་པར་ཤེས་པའི་ཕུང་པོ་ལྔ་དེ་དག་ཉིད་ནི་འདུས་བྱས་སོ། །འདས་ད་ལྟ་མ་འོངས་པས་སམ་མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་དུས་རྣམས་དང་༑ གཏམ་ནི་ངག །དེའི་གཞི་ནི་མིང་སྟེ་དོན་དང་བཅས་པའི་གཞི་སྨོས་པས་འདུས་བྱས་ནི་གཏམ་གྱི་གཞི། གདོན་མི་ཟ་བར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ། །དེ་འདི་ལ་ཡོད་པས་ངེས་པར་འབྱུང་བཅས་སོ། །རྒྱུ་དང་བཅས་པའི་ཕྱིར་གཞི་དང་བཅས་པ་དག་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གཞི་ཞེས་བྱ་བའི་སྒྲ་ནི་རྒྱུའི་ཚིག་ཡིན་ནོ་ཞེས་ཟེར་རོ། །དེ་དག་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་དག་ཡིན་ནོ། །འདུས་བྱས་གང་དག་གིས་ནང་གི་ཟག་པ་དང་བཅས་པ་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་དེ་དག་ཉེ་བར་ལེན་པའི་ཕུང་པོ། ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས། དེ་དག་ལས་བྱུང་བའི་ཕྱིར་ཡང་ཉེ་བར་ལེན་པའི་ཕུང་པོའོ། །འཐབ་པ་ནི་ཉོན་མོངས་པ་རྣམས་ཏེ་བདག་དང་གཞན་ལ་གནོད་པའི་ཕྱིར་རོ། །དེ་དག་གིས་རྒྱས་པར་བྱས་པའི་ཕྱིར་འཐབ་བཅས་ཀྱང་ཏེ་ཟག་པ་དང་བཅས་པ་བཞིན་ནོ། །འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་དེ་འདི་ལས་ཀུན་འབྱུང་བས་ཀུན་འབྱུང་དང་། འཇིག་པས་འཇིག་རྟེན་དང་། འདི་ལ་ལྟ་བ་རྒྱས་པར་འགྱུར་བའི་སྒོ་ནས་གནས་པ་ན་ལྟ་བའི་གནས་པ་དང་། འབྱུང་བས་ན་སྲིད་པའང་སྟེ། དེ་དག་ཟག་པ་དང་བཅས་པའི་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རྣམ་གྲངས་དོན་དང་མཐུན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཞི་ཕུང་ཁམས་སྐྱེ་མཆེད། དེ་དག་གི་མཚན་ཉིད། གོ་རིམ༑ ཕྱོགས་མཐུན་བསྡུ་བ། ཞིབ་མོར་བཤད་པ་ལྔ་ལས། དང་པོ་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་དང་། རྣམ་པ་རིག་བྱེད་མིན་པ་ཉིད་དོ། །དེ་དག་རྣམས་ཀྱི་ནང་ནས་དབང་པོ་ལྔ་ནི། གཟུགས་ཀྱི་རྣམ་པར་ཤེས་པ་སོགས་ཀྱི་རྟེན་དུ་གྱུར་པ་མིག་ལ་སོགས་གཟུགས་དང་བའི་བདག་ཉིད་རྣམས་ཏེ། དེ་ལུང་ལས། དགེ་སློང་དག་མིག་ནི་ནང་གི་སྐྱེ་མཆེད་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བའོ། །ཞེས་སོགས་གསུངས་པས་སོ། །དོན་ལྔ་ལས༑ རེ་ཞིག་གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་དག་དབྱིབས། དང་པོ་བཞི་ཏེ་སྔོན་པོ་ལ་སོགས་པའོ། །གཞན་ནི་དེའི་བྱེ་བྲག་གོ །དབྱིབས་ནི་བརྒྱད་དེ། རིང་པོ་ནས་ཕྱ་ལེ་མ་ཡིན་པ་ལ་ཐུག་པའོ། །ཡང་ན་གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་རྣམ་པ་ཉི་ཤུ་སྟེ། སྔོ། སེར། དམར། དཀར། རིང་། ཐུང་། ལྷམ་པ། ཟླུམ་པོ། མཐོ། དམའ། ཕྱ་ལེ༑ ཕྱ་ལེ་མ་ཡིན་པ། སྤྲིན། དུ་བ། རྡུལ། ཁུག་སྣ། གྲིབ་མ། ཉི་མ། སྣང་མུན་ནོ། །དང་པོ་བཞི་དང་ཐ་མ་བཞི་ཁ་དོག་ཁོ་ན། རིང་སོགས་བརྒྱད་དབྱིབས་ཁོ་ན༑ ལྷག་མ་བཞི་གཉིས་ཀའོ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། སེམས་ཅན་དང་། སེམས་ཅན་མ་ཡིན་པར་སྟོན་པ་རྣམ་པ་བཞི༑ དེ་ཡིད་དུ་འོང་མི་འོང་དུ་ཕྱེ་བས་སོ། །རོ་ནི་རྣམ་པ་དྲུག་སྟེ། མངར་སྐྱུར། ལན་ཚྭ། ཚ། ཁ། བསྐ་བའོ། །དྲི་རྣམ་པ་བཞི་སྟེ། དྲི་ཞིམ་པ། ང་བ། མཉམ་པ༑ མི་མཉམ་པའོ། །རེག་བྱ་བཅུ་གཅིག་སྟེ། འབྱུང་བ་བཞི། འཇམ། རྩུབ། ལྕི། ཡང་། གྲང་། བཀྲེས། སྐོམ་པ་བཅུ་གཅིག་གི་བདག་ཉིད། གཟུགས་ཁམས་ན་ཕྱི་མ་གཉིས་མེད་དོ། །སེམས་གཡེང་བ་དང་། སེམས་མེད་པ་སྟེ་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་འཇུག་ལ་གནས་པ། ཡང་ཞེས་པ་མ་ཡེངས་སེམས་བཅས་ཀྱི་སྐབས་ཐམས་ཅད། དགེ་བ་དང་མི་དགེ་བ། རྗེས་སུ་འབྲེལ་བ་གང་གི་རྒྱུན་འབྱུང་བ་ཆེན་པོ་རྣམས་རྒྱུ་བྱས་པ་དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་། རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མིན་པར་བརྗོད་དོ། །ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཀྱང་འདིར་གཏོགས། འབྱུང་བ་ཆེ་རྣམས་ཞེས་སྨོས་པ་དེ་གང་། འབྱུང་བ་དག་ནི་སའི་ཁམས་དང་། ཆུ་དང་མེ་དང་རླུང་ཁམས་རྣམས། བཞི་པོ་དེ་དག་ནི་རང་གི་མཚན་ཉིད་དང་། རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་སོ༑ །གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རིགས་པའི་ཕྱིར་ན་ཆེན་པོའམ་བྱ་བ་ལ་ཤས་ཆེ་བ་དེ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ། །དེ་དག་གི་ལས། འཛིན་པ་ལ་སོགས་པ་སྡུད་སྨིན་གཡོ་བའི་ལས་སུ་གྲུབ་བོ། །འདིའི་རང་བཞིན་ལས་ཀྱིས་གསལ་ཏེ་སྲ་གཤེར་དྲོ་ཉིད་གཡོ་བ་རྣམས་ཀྱིས་སོ། །འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དང་དབྱིབས་བསྟན་ནས་དེ་ལས་ཞེས་བརྗོད་ཅིང་། དེ་བཞིན་ཆུ་དང་མེ་ལ་ཡང་ངོ་། །རླུང་ཚོགས་ཁམས་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་ཀྱང་རླུང་དུ་འདོགས་པ་ཡིན་ཞིང་། ཁ་དོག་དབྱིབས་ལའང་བརྗོད་པ་སྔར་གྱི་དེ་དང་འདྲ་བའང་ཡིན་ནོ། །དེ་དག་སྟོན་པས། དགེ་སློང་དག གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན༑ ལག་པའི་འདུས་ཏེ་རེག་པས་རེག་ན་ཡང་གཟུགས་སུ་རུང་ངོ་ཞེས་རྒྱས་པར་གསུངས། སློབ་དཔོན་གཟུགས་སུ་རུང་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བའི་ཐ་ཚིག་སྟེ་དང་༑ གཟུགས་ཀྱི་གནོད་པ་གང་ཞེ་ན་ཡོངས་སུ་འགྱུར་བ་བསྐྱེད་པའོ་ཞེས་གསུང་། གཟུགས་ཕུང་དུ་བསྟན་པའི་དབང་དོན་དེ་དག་ཁོ་ན་ལ། སྐྱེ་མཆེད་བཅུ་དང་ནི་ཁམས་བཅུར་འདོད་དེ༑ མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་སོགས་དང་། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་ཞེས་འདོན་པས་སོ། །ཚོར་བ་ནི་མྱོང་བའོ་སྟེ། བདེ་བ་དང་སྡུག་བསྔལ་དང་༑ བཏང་སྙོམས་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུ་གསུངས་པ་དྲུག་གོ །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ་སྟེ། གང་སྔོན་པོའོ་སྙམ་དུ་འདུ་ཤེས་པ་སོགས་ཏེ་འདུ་ཤེས་ཀྱི་ཚོགས་དྲུག་ཏུ་ཕྱེའོ། །འདུ་བྱེད་ནི། ཕུང་པོ་བཞི་ལས་གཞན་པའི་འདུ་བྱེད་རྣམས་ཏེ་སེམས་དཔའི་ཚོགས་དྲུག་དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་པས། སྟོན་པས། འདུས་བྱས་མངོན་པར་འདུ་བྱེད་དེ། དེ་ལྟ་བས་ན་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་གསུངས། དེ་ལྟ་མ་ཡིན་ན་སེམས་ལས་བྱུང་བ་ལྷག་མ་རྣམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཕུང་པོར་མ་འདུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཉིད་དུ་མི་འགྱུར་བས་ཡོངས་སུ་ཤེས་པ་དང་སྤང་བར་མི་འགྱུར་རོ། །ཕུང་པོ་ཕྱི་མ་དེ་གསུམ་དང་། རྣམ་རིག་བྱེད་མིན་དང་། འདུས་མ་བྱས་རྣམས་དང་བཅས་པ་རྫས་བདུན་ནི། ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཤེས་བྱའོ། །རྣམ་ཤེས་ཀྱི་ཕུང་པོ་ནི་ཡུལ་དང་ཡུལ་ལ་སོ་སོར་རྣམ་པར་རིག་ཅིང་དམིགས་པའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན་ནོ། །དེ་ཀས་ཁམས་བདུན་དག་དུའང་འདོད་པ་སྟེ། མིག་གི་རྣམ་པར་ཤེས་པ་སོགས་དྲུག་དང་ཡིད་ཀྱི་ཁམས་སོ། །རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། དྲུག་པོ་གང་དང་གང་འདས་མ་ཐག་པ་ཡི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་གྱུར་པ་དང་། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ། །འོ་ན་རྣམ་ཤེས་ཀྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་རྫས་སུ་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ན། ཅིའི་ཕྱིར་ཁམས་བཅོ་བརྒྱད་དུ་བཞག་ཅེ་ན། རྣམ་པར་ཤེས་པ་ལྔ་པོ་དག་གི་རྟེན་ལྔ་ནི་མིག་གི་ཁམས་ལ་སོགས་པ་ཡིན་ན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་གཞན་མེད་དོ། །དེའི་ཕྱིར་དེའི་རྟེན་རབ་ཏུ་སྒྲུབ་པའི་ཕྱིར་ཡིད་ཀྱི་ཁམས་བསྟན་ལ། དེ་ལྟར་རྟེན་དང་བརྟེན་པ་དང་དམིགས་པ་དྲུག་ཚན་རྣམ་པར་གཞག་པས་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དོ། །སྤྱིར་ཕུང་པོས་འདུས་བྱས་ཐམས་ཅད་དང་། ཉེར་ལེན་ཕུང་པོས་ནི་ཟག་བཅས་ཐམས་ཅད་དང་། ཡང་གཟུགས་ཀྱི་ཕུང་པོ་དང་ནི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་གཅིག་གིས་ནི་ཆོས་ཐམས་ཅད་བསྡུས་ཏེ། གསུམ་པོ་དེར་འདུས་ཞེས་པའོ། །བསྡུས་པ་དེ་ཡང་རང་གི་ངོ་བོ་ཉིད་ཀྱིས་བསྡུས་ཏེ་གཞན་གྱི་དངོས་དང་མི་ལྡན་པའི་ཕྱིར། དེ་ཡིན་ནས་བསྡུས་སོ་ཞེས་པའི་ཐ་ཚིགམིག་དང་རྣ་བ་སྣ་དག་གཉིས་གཉིས་ཡོད་པའི་ཕྱིར་ཁམས་ཉེར་གཅིག་ཏུ་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། མིག་ལ་སོགས་པ་གཉིས་མོད་ཀྱི། དེ་ལ་རིགས་འདྲ་བ་གཉིས་ཀ་མིག་ཡིན་པ་དང་། སྤྱོད་ཡུལ་འདྲ་བ་གཉིས་ཀའི་ཡུལ་གཟུགས་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པ་འདྲ་བ་ནི་གཉིས་ཀ་མིག་གི་རྣམ་པར་ཤེས་པའི་རྟེན་དུ་འདྲ་བའི་ཕྱིར་ན། མིག་གི་ཁམས་གཅིག་ཉིད་དུ་བཞག་ལ། རྟེན་མཛེས་པར་བྱ་བའི་ཕྱིར་ན་གཉིས་བྱུང་ངོ་། །དེ་བཞིན་རྣ་བ་སྣ་ཡང་ཤེས་པར་བྱའོ༑ །གཉིས་པ་དེ་དག་གི་མཚན་ཉིད་ནི། སྤུངས་པའི་དོན་གྱིས་ཕུང་པོ་ཞེས་བཞག་ཏེ། །མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་། འདས་པའམ་མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ་ཕྱིའི་འམ་རགས་པའམ་ཕྲ་བའམ། ངན་པའམ་གྱ་ནོམ་པའམ་ཐག་རིང་བ་ན་ཡོད་པ་གང་ཡིན་པའམ་ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ༑ གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་གྱི་སྐྱེ་མཆེད་བཞག་ལ། དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་ཏེ། རྒྱས་པར་བྱེད་པའི་ཐ་ཚིག་གོ །རིགས་ཀྱི་དོན་གྱིས་ཁམས་སུ་བཞག་པ་རྣམས་ཡིན་ཏེ། རིགས་མང་པོ་དག་ཡོད་པ་ལ་ཁམས་ཞེས་བརྗོད་པས་སོ། །གསུམ་པ་གོ་རིམ་ནི། ཅིའི་ཕྱིར་སྟོན་པས་ཕུང་པོ་སྐྱེ་མཆེད་ཁམས་ཞེས་རྣམ་པ་གསུམ་སྟོན་པར་མཛད་ཅེ་ན། གདུལ་བ་རྣམས་ཀྱི་རྨོངས་པ་རྣམ་པ་གསུམ་དང་དབང་པོ་གསུམ་དང་། འདོད་པ་རྣམ་པ་གསུམ་གྱི་གོ་རིམ་བཞིན་དུ་ཕུང་པོ་ལ་སོགས་པ་གསུམ་བསྟན་ནོ། །རྨོངས་པ་གསུམ་ནི། ཁ་ཅིག་སེམས་ལས་བྱུང་བ་རྣམས་ལ་རིལ་པོའི་བདག་ཏུ་འཛིན་པས་རྨོངས། ཁ་ཅིག་གཟུགས་ཁོ་ན་ལ། ཁ་ཅིག་གཟུགས་དང་སེམས་དག་ལའོ། །དབང་པོ་གསུམ་ནི་རྣོ་འབྲིང་རཏལ་བའོ། །འདོད་པ་གསུམ་ནི་ཚིག་བསྡུས་པ་བར་མ་རྒྱ་ཆེན་པོ་འདོད་པའོ། །ཅིའི་ཕྱིར་སེམས་ལས་བྱུང་བ་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོ་བསྡུས་ལ། དེ་ལས་ཚོར་བ་དང་འདུ་ཤེས་ལོགས་ཤིག་ཏུ་ཕུང་པོར་བཞག་ཅེ་ན། རྩོད་པའི་རྩ་བར་གྱུར་པ་དང་འཁོར་བའི་རྒྱུའི་གཙོ་བོ་ནི་ཕྱིར་དང་གོ་རིམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྩོད་པའི་རྩ་བ་དག་ནི་གཉིས་ཏེ། འདོད་པ་ལ་ལྷག་པར་ཞེན་པ་དང་། །ལྟ་བ་ལ་ལྷག་པར་ཞེན་པའོ། །དེ་གཉིས་ཀྱི་རྒྱུའི་གཙོ་བོ་གོ་རིམ་བཞིན་དུ་ཚོར་བ་དང་འདུ་ཤེས་དག་སྟེ་ཚོར་བ་རོ་མྱང་བའི་དབང་གིས་ནི་འདོད་པ་རྣམས་ལ་མངོན་པར་ཞེན་ལ། འདུ་ཤེས་ཕྱིན་ཅི་ལོག་གིས་ནི་ལྟ་བ་རྣམས་ལ་དང་། གང་ཡང་ཕུང་པོའི་གོ་རིམ་གྱི་རྒྱུ་སྟོན་པར་འགྱུར་བའི་གོ་རིམ་གྱི་རྒྱུ་དེའི་ཕྱིར་ཡང་འདི་གཉིས་ལོགས་ཞིག་ཏུ་ཕུང་པོ་བྱས་པར་རིག་པར་བྱ་སྟེ་ཞེས་པས་སོ༑ །ཅིའི་ཕྱིར་སྐྱེ་མཆེད་དང་ཁམས་སུ་འདུས་མ་བྱས་བཤད་ལ། ཕུང་པོ་དག་ཏུ་ནི་མ་ཡིན་ཞེ་ན། ཕུང་པོ་དག་གི་ནང་དུ་འདུས་མ་བྱས་མི་བརྗོད་པ་ནི། དེ་ནི་གཟུགས་མ་ཡིན་པ་ནས་རྣམ་ཤེས་ཀྱི་བར་དུ་མ་ཡིན་ཞིང་། འདི་ལ་སྤུངས་པ་དང་། ཀུན་ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཉེར་ལེན་གྱི་ཕུང་པོ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་ཤེས་པར་བྱ་བའི་ཕྱིར་ཕུང་པོ་ཞེས་བྱ་ན། འདུས་མ་བྱས་ནི་དོན་དུ་དེ་གསུམ་ཀར་མི་རུང་བའི་ཕྱིར་དེ་དག་ཏུ་མ་བཤད་དོ། །ཅིའི་ཕྱིར་ཕུང་པོ་རྣམས་གོ་རིམ་དེ་ལྟར་བཞག་ཅེ་ན། གོ་རིམ་ནི་རགས་པས་དང་། ཀུན་ནས་ཉོན་མོངས་པས་དང་། སྣོད་ལ་སོགས་པའི་དོན་དང་། ཁམས་ཀྱི་རིམ་པ་ཇི་བཞིན་ནོ། །གཟུགས་ནི་ཐོགས་པ་དང་བཅས་པའི་ཕྱིར་ཐམས་ཅད་བས་རགས་ལ༑ གཟུགས་ཅན་མ་ཡིན་པའི་ནང་ན་ཚོར་བ་རྒྱུ་བ་རགས་ཤིང་། འདུ་ཤེས་ལྷག་མ་གཉིས་ལས་ཆེས་རགས་ལ། རྣམ་པར་ཤེས་པ་ལས་འདུ་བྱེད་ཀྱང་རགས་པའི་ཕྱིར་རགས་རགས་ནས་སྔར་བཤད་དོ། །ཡང་ཐོག་མ་མེད་པའི་འཁོར་བ་ན་ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་ཞིང་ཚོར་བའི་རོ་མྱང་བ་ལ་ཆགས་ལ། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་ཡིན་ལ། དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས། སེམས་ཀྱང་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས་པས་དང་། ཡང་གཟུགས་ལ་སོགས་པའི་ཕུང་པོ་ནི་སྣོད་དང་ཟས་དང་ཚོད་མ་དང་༑ བྱིན་པོ་དང་ཟ་བ་པོ་ལྟ་བུས་སམ། ཡང་འདོད་པའི་ཡོན་ཏན་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས། ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས། འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་གསུམ། འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་རྩེ། འདི་དག་ནི་རྣམ་པར་ཤེས་པས་གནས་སོ་ཞེས་ཕུང་པོའི་གོ་རིམ་ཞིང་དང་ས་བོན་གྱི་གོ་རིམ་ལྟ་བུར་བསྟན་པས་ཕུང་པོ་ནི་ལྔ་བས་མི་མང་མི་ཉུང་། སྐྱེ་མཆེད་ཀྱི་གོ་རིམ་ཀྱང་དེའི་དབང་ཉིད་ཀྱིས་ན་དེའི་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་གོ་རིམ་དུ་འགྱུར་རོ། །དྲུག་པོ་དེ་དག་ལས་ད་ལྟ་བའི་དོན་ཡུལ་དུ་བྱེད་པའི་ཕྱིར་མིག་སོགས་དང་པོ་ལྔ། ཡིད་ཀྱི་ཡུལ་ནི་མ་ངེས་པས་དུས་གསུམ་པ་དང་དུས་མེད་ཅི་རིགས་སོ། །དང་པོ་ལྔའི་ནང་ནས་འབྱུང་བ་ལས་གྱུར་པའི་དོན་ཡུལ་དུ་བྱེད་པའི་ཕྱིར་བཞི་སྔར་སྨོས་ལ། ལུས་ཀྱི་ཡུལ། འབྱུང་བའམ་འབྱུང་འགྱུར་རམ་གཉིས་ཀ་ཅི་རིགས་སོ། །བཞི་ལས་གཞན་ནི་མིག་སྣ་གཉིས་ཡུལ་རྒྱང་ཆེས་རིང་བས་སྔར་བཤད་ཅིང་༑ དེ་ལས་ཀྱང་མིག་རྒྱང་རིང་པའི་ཕྱིར་ཆེས་སྔ་བར་སྣ་ཡང་ལྕེ་ལས་ཆེས་མྱུར་བར་འཇུག་པའི་ཕྱིར་སྔོན་དུ་བཤད་དོ། །ཡང་ན་མཐོ་དམའ་ཇི་ལྟར་གནས་པ་བཞིན་གྱི་རིམ་པས་སོ། །ཅིའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད། ཐམས་ཅད་ཀྱང་ཆོས་ཀྱི་ཡིན་ན། གཅིག་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་ཞེ་ན། ཅི་ནས་ཀྱང་ཡུལ་དང་ཡུལ་ཅན་ཉིད་དུ་རྣམ་པར་བཞག་པའི་སྒོ་ནས་བཅུ་པོ་འདི་དག་སོ་སོར་སྐྱེ་མཆེད་ཉིད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བས་བྱེ་བྲག་གི་དོན་དང་། མིག་སོགས་སུ་མིང་མ་བཏགས་ལ་གཟུགས་ནི་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་འགྱུར་ལ། དེ་ནི་གཙོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་འདིར་ཚོར་བ་ལ་སོགས་པའི་ཆོས་མང་པོ་བ་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་པའི་ཕྱིར་ཆོས་ཀྱི་སྒྲ་སྤྱིར་བརྗོད་པས་ན། གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། གཅིག་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་དོ། །བཞི་པ་ཕྱོགས་མཐུན་བསྡུ་བ་ནི། མདོ་དག་ལས་ཕུང་པོ་དང་ཁམས་ཞེས་གསུངས་པ་གཞན་དང་གཞན་དག་ཀྱང་དམིགས་ན། ཅི་དེ་རྣམས་འདིར་བཤད་པའི་ཕུང་ཁམས་ཀྱིས་བསྡུས་སམ་མ་བསྡུས་སྙམ་ན་བསྡུས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་གི་ལྷག་པ་དག་ཏུ་བཞག་པ་གང་རྣམས་ཐུབ་པས་གསུང་པ་ཚིག་གི་རང་བཞིན་དུ་འདོད་པ་དེ་དག་གི་ལྟར་ན་གཟུགས་ཀྱི་ཕུང་པོར་བསྡུ་བ་དང་། དེ་མིང་ཡིན་པར་འདོད་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་སོ། །ཆོས་ཀྱི་ཕུང་པོའི་ཚད་གང་ཞེ་ན། ཁ་ཅིག་བསྟན་བཅོས་མངོན་པའི་ཚད་ཅེས་ཟེར། དེ་ན་ཤློ་ཀ་དྲུག་སྟོང་ངོ་། །གཞན་དག་ཕུང་པོ་ལ་སོགས་པ་གཏམ་རེ་ཡིན་པར་འདོད་ལ༑ ཡིན་ལུགས་ལ། སེམས་ཅན་ལ་སྤྱོད་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་ང་རྒྱལ་ལ་སོགས་པ་བརྒྱད་ཁྲི་ཡོད་དེ། དེ་རྣམས་ཀྱི་གཉེན་པོར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་དེ་དང་གྲངས་མཐུན་པར་གསུངས་སོ། །དེ་ལྟར་ཆོས་ཕུང་རྣམས་འདིར་བསྟན་གྱི་ཕུང་པོར་འདུས་པ་དེ་བཞིན། གཞན་ཡང་ཅི་རིགས་པར་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱི་མཚན་ཉིད་དང་ནི༑ དེ་རང་རང་གི་མཚན་ཉིད་ལེགས་པར་དཔྱད་དེ་ཇི་སྐད་བཤད་པ་འདིར་བསྡུ་བར་བྱ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི། རྣམ་པར་གྲོལ་བའི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལྔ་ལས། དང་པོ་གཟུགས་ཕུང་། ལྷག་མ་བཞི་འདུ་བྱེད། ཟད་པར་གྱི་སྐྱེ་མཆེད་བཅུ་ལས་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དུ། དེའང་འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད། ཟིལ་གནོན་གྱི་སྐྱེ་མཆེད་དེ་དང་འདྲ། ཟད་པར་ནམ་མཁའ་རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས་སོགས་ཕུང་པོ་བཞིའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད། རྣམ་པར་གྲོལ་བ་སྐྱེ་མཆེད་ལྔ་པོ་དག་ནི་ཤེས་རབ་ཡིན་པས་ཆོས་ཀྱི་སྐྱེ་མཆེད། འཁོར་དང་བཅས་ན་སྒྲ་ཡིད་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱི། སྐྱེ་མཆེད་གཉིས་ལས་འདུ་ཤེས་མེད་པའི་སེམས་ཅན་ནི་དྲི་རོ་མེད་པས་སྐྱེ་མཆེད་བཅུ་གཉིས། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེར་འགྲོ་ཆོས་ཀྱི་སྐྱེ་མཆེད། དེ་བཞིན་ཁམས་མང་པོ་པ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་ཅི་རིགས་པར་བསྡུ་བར་བྱའོ། །དེ་ས་སོགས་ཁམས་དྲུག་ལས་ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཁམས་གཉིས་ཀྱི་དང་པོ་སྒོ་དང་སྐར་ཁུང་སོགས་ཀྱི་བུ་ག་ནམ་མཁའི་ཁམས་ཞེས་བྱ་ལ། དེ་ཡང་སྣང་བ་དང་མུན་པའམ་ཉིན་མོ་དང་མཚན་མོ་དག་ཡིན་ལོ༑ གཟུགས་ཀྱི་ཁམས་ཟག་པ་དང་བཅས་པའི་རྣམ་ཤེས་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། འདི་ལྟར་ཁམས་དྲུག་པོ་འདི་དག་ནི་སྐྱེ་བའི་རྟེན་ཡིན་པར་འདོད་དེ། དེ་དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་གཞིར་གྱུར་པ་དེ། ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེའི་དང་པོ་བཞི་རེག་བྱའི་ཁམས་སུ། ལྔ་པ་གཟུགས་ཀྱི༑ དྲུག་པ་རྣམ་པར་ཤེས་པའི་ཁམས་བདུན་དུ་འདུས་སོ། །ལྔ་པ་ཞིབ་མོར་བཤད་པ་ནི། ཁམས་བཅོ་བརྒྱད་པོ་དེ་དག་ལས། འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་དུ་ཡོད་པ༑ འདིར་ནི་གཟུགས་གཅིག་པུ། ལྷག་མ་ཀུན་བསྟན་དུ་མེད་པའོ། །དེའི་ཐོགས་པ་དང་བཅས་པ་ནི། གཟུགས་ཅན་གྱི་ཁམས་བཅུ་ཀ །ཐོགས་པ་ཞེས་བྱ་བ་ནི་རྡུགས་པ་ཏེ། དེ་ཡང་རྣམ་པ་གསུམ་སྟེ། སྒྲིབ་ཐོགས། ཡུལ་ཐོགས། དམིགས་པ་ལ་ཐོགས་པའོ། །དང་པོ་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་ཕན་ཚུན་སྒྲིབ་པའོ། །གཉིས་པ་མིག་ལ་སོགས་པའི་ཡུལ་ཅན་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་ཐོགས་པ། གསུམ་པ་སེམས་ལས་བྱུང་བ་རྣམས་རང་གི་དམིགས་པ་དག་ལ་ཐོགས་པའོ། །ཡུལ་དང་དམིགས་པའི་ཁྱད་པར་ནི། གང་ལ་གང་ཞིག་བྱེད་པ་དེ་ནི་ཡུལ་ཡིན་ལ། གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །ཡུལ་དང་དམིགས་པ་ལ་ཐོགས་པ་དེ་རྣམས་ནི་རང་གི་ཡུལ་དེ་ལས་གཞན་དུ་མི་འཇུག་པའོ། །ཁམས་བཅོ་བརྒྱད་ལས་དགེའམ་མི་དགེ་བར་ལུང་བསྟན་དུ་མེད་པས་ལུང་མ་བསྟན་ཏེ། དེ་ནི་བརྒྱད་དེ་ཐོགས་བཅས་བཅུ་པོ་དེ་དག་ཉིད་ལས་གཟུགས་སྒྲ་མ་གཏོགས་པའི། གཞན་གསུམ་ཀར་ཏེ། དགེ་བར་རམ། མི་དགེ་བར་རམ། ལུང་དུ་མ་བསྟན་པར་རོ། །བཅོ་བརྒྱད་པོ་དེ་དག་ལས་འདོད་པར་གཏོགས་པ་དུ༑ གཟུགས་སུ། གཟུགས་མེད་དུ་རྟོགས་པ་དུ་ཞེ་ན། འདོད་ཁམས་སུ་གཏོགས་པ་ནི་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ་སྟེ། དྲི་དང་རོ་དང་སྣ་དང་ནི་ལྕེའི་རྣམ་པར་ཤེས་པའི་ཁམས་མ་གཏོགས་པའོ། །གཟུགས་མེད་དུ་རྟོགས་པ་ནི་ཡིད་དང་ནི་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཁོ་ནའོ། །ཁམས་བཅོ་བརྒྱད་ལས། ཡིད། ཆོས། ཡིད་ཀྱི་རྣམ་ཤེས་དེ་གསུམ་གྱི་ཟག་བཅས་དང་ཟག་པ་མེད་པ་གཉིས་ཀ །ལྷག་མ་བཅོ་ལྔ་རྣམས་ནི་ཟག་བཅས་སོ། །དེ་དག་ལས་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་རྟག་ཏུ་མཚུངས་པར་ལྡན་པ་ནི་རྣམ་པར་ཤེས་པའི་ཁམས་ལྔ་ཡིན་ཏེ། འདི་ལྟར་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར་རྩིང་བའོ། །ཐ་མ་ཡིད་ཀྱི་ཁམས། ཆོས་ཀྱི་ཁམས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ནི༑ འདོད་ཁམས་དང་བསམ་གཏན་དང་པོ་ན་ནི་རྟོག་དཔྱོད་དང་བཅས་པ། བསམ་གཏན་ཁྱད་པར་ཅན་ན་རྟོག་པ་མེད་ཅིང་དཔྱོད་པ་ཙམ། བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་རྣམ་པ་གསུམ་མོ། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་པོ་རྣམས་ནི་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རྟོག་དཔྱོད་གཉིས་ཀ་སྤངས་པ། སྤྱིར་རྣམ་པར་རྟོག་པ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་དང་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ལས་དེ་དག་ལ་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཀྱི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པས་ན་རྣམ་པར་མི་རྟོག་པའམ་རྣམ་རྟོག་མེད་པ་ཞེས་བྱའོ། །དང་པོ་ནི་སེམས་བྱུང་དུ་འཆད་དོ། །གཞན་དེ་དག་གི་རང་བཞིན་ཅི་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ། མཉམ་པར་བཞག་པ་མ་ཡིན་པ་ནི་གཡེང་བ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །ཡིད་ཀྱི་དྲན་པ་ཉིད། མཉམ་པར་བཞག་པ་དང་མཉམ་པར་བཞག་པ་མ་ཡིན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཉིད། དམིགས་པ་དང་བཅས་པ་ནི། སེམས་ཀྱི་ཁམས་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དྲུག་དང་༑ ཡིད་ཀྱི་ཁམས་བདུན་ནི་ཡུལ་འཛིན་གྱི་དམིགས་པ་དང་བཅས་པ་ཡིན་ནོ། །ཆོས་ཀྱི་ཁམས་ཀྱི་ཕྱེད་ཀྱང་ཡིན་ཏེ་སེམས་ལས་བྱུང་བ་དག་གོ །མ་ཟིན་པ་དགུ་སྟེ་དམིགས་བཅས་ཕྱེད་དང་བརྒྱད་པོ་དེ་དག་རྣམས་དང་། སྒྲའི་ཁམས་སོ། །དགུ་པོ་གཞན། མིག་རྣ་བ་སྣ་ལྕེ་ལུས་ད་ལྟར་བྱུང་བ་རྣམས་ནི་ཟིན་པ། འདས་མ་འོངས་རྣམས་མ་ཟིན་པ། གཟུགས་དྲི་རོ་རེག་བྱའི་ཁམས་ད་ལྟར་བྱུང་བ་དབང་པོ་དང་ཐ་མི་དད་པ་རྣམས་ནི་ཟིན་པ། གཞན་དག་ནི་མ་ཟིན་པ་སྟེ། དེས་རྣམ་པ་གཉིས་པའོ། །ཟིན་པའི་དོན་ཇི་སྐད་དུ། ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་གྱི་དངོས་པོར་ཉེ་བར་གཟུང་བ་སྟེ། འཇིག་རྟེན་ན་སེམས་པ་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ། །ཞེས་སོ། ཁམས་དུ༑ འབྱུང་བ་དུ། འབྱུང་གྱུར་ཞེ་ན། རེག་བྱ་ནི་རྣམ་པ་གཉིས་ཀ་ཡིན་ཏེ། འབྱུང་བ་དག་ནི་བཞི། འབྱུང་འགྱུར་འཇམ་པ་ཉིད་ལ་སོགས་པ་རྣམ་པ་བདུན་ནོ། །ལྷག་མ་གཟུགས་ཅན་དབང་པོ་ལྔའི་ཁམས་ཡུལ་བཞི། དགུ་པོ་ནི། འབྱུང་གྱུར་ཁོ་ན། ཆོས་ཁམས་ཀྱི་ཕྱོགས་གཅིག་ཀྱང་སྟེ་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་གྱུར་རོ། །གཟུགས་ཅན་བཅུའི་དབང་ཡུལ་གྱི་ཁམས་དག་ནི་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་བསགས་པའོ། །གཅོད་བྱེད་དང་གཅད་པར་བྱ་བ་ཉིད་ནི་ཕྱི་རོལ་གྱི་ནི་ཁམས་གཟུགས་དྲི་རོ་རེག་བཞི་ཡིན་ལ། དགྲ་སྟ་དང་ཤིང་ལྟ་བུ། དེ་བཞིན་བསྲེག་བྱ་འཇལ་བར་བྱེད་པ་ཡང་ཕྱི་རོལ་གྱི་ཁམས་བཞི་པོ་དེའོ། །སྲེག་པ་དང་གཞལ་བ་ལ་མི་མཐུན་པར་སྨྲ་སྟེ། ཁ་ཅིག་མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་དང་། ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ནོ་ཞེས་བརྗོད་པའོ། །རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་དང་། རྒྱས་པ་ལས་བྱུང་བ་ནང་གི་ཁམས་ལྔ། སྒྲ་ནི་རྒྱས་པ་དང་རྒྱུ་མཐུན་ལས་བྱུང་གི་རྣམ་སྨིན་ལས་སྐྱེས་པ་མིན་ཏེ། འདོད་དགུར་འབྱུང་བའི་ཕྱིར་རོ། །སྐལ་མཉམ་དང་ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་སྟེ། སེམས་ཀྱི་ཁམས་བདུན་ཆོས་ཁམས་སོ། །དེ་དག་རྣམ་པར་སྨིན་པ་ལས་བྱུང་བ་རྣམ་སྨིན་སྐྱེས་སོ། །ཐོགས་པ་མེད་པ་བརྒྱད་པོ་དེ་རྒྱས་པ་ལས་བྱུང་བ་ནི་མེད་དོ། །གཞན་གཟུགས་དྲི་རོ་རེག་བཞི་རྣམ་སྨིན་རྒྱས་པ་རྒྱུ་མཐུན་པ་གསུམ་ཀ་ལས་སོ། །འདུས་མ་བྱས་ནི་རྟག་པའི་ཕྱིར་རྫས་སོ། །དེ་ཡང་ཆོས་ཀྱི་ཁམས་ལ་ཡོད་པས་དེ་ཆོས་ཀྱི་ཁམས་རྫས་དང་ལྡན་པ་མཐའ་གཅིག་ཡིན་ནོ། །ཐ་མ་གསུམ་ཡིད་ཁམས་ཆོས་ཁམས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ཟག་པ་མེད་པའི་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་སྐད་ཅིག་མ་སྟེ་རྒྱུ་མཐུན་པ་ལས་འབྱུང་བ་མ་ཡིན་ནོ། །འདུས་བྱས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ། །གང་མིག་གི་ཁམས་དང་མི་ལྡན་པ་ལས་ལྡན་པ་ཐོབ་པ་དེ་མིག་གི་རྣམ་པར་ཤེས་པ་དང་ཡང་ཡིན་ནམ། གང་མིག་གི་རྣམ་པར་ཤེས་པ་དང་ཡིན་པ་དེ་མིག་གི་ཁམས་དང་ཡང་ཡིན་ནམ་ཞེ་ན། མིག་དང་ནི་རྣམ་ཤེས་ཁམས་དག་སོ་སོ། མིག་གི་ཁམས་དང་ཡིན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པའང་ཡོད་དེ༑ འདོད་པའི་ཁམས་ནི་རིམ་གྱིས་མིག་གི་དབང་པོ་འཐོབ་པ་དང་། གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ནའོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ་མིག་གི་ཁམས་དང་མ་ཡིན་པའང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་དང་། དེ་དག་ནས་ཤི་འཕོས་ནས་འོག་མར་སྐྱེས་པ་ནའོ། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད་དེ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །ནང་གི་ཁམས་བཅུ་གཉིས༑ གཟུགས་ལ་སོགས་པ་མ་གཏོགས་པ། རྣམ་ཤེས་དྲུག །རྟེན་དྲུག་གོ །གཟུགས་སོགས་ཡུལ་གྱི་ཁམས་དྲུག་པོ་ཕྱིའོ། །གང་ཞིག་རྣམ་པར་ཤེས་པ་གང་གི་ཡུལ་དུ་ངེས་ལ༑ གལ་ཏེ་དེ་ལ་རྣམ་པར་ཤེས་པ་དེ་སྐྱེ་བའམ། སྐྱེ་བའི་ཆོས་ཅན་གྱི་ཡུལ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་ལ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ལ་ནི་གདོན་མི་ཟ་བ་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་སེམས་འདི་སྐྱེའོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པ་ཆོས་ཐམས་ཅད་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་དེ་ཡང་སེམས་ཀྱི་སྐད་ཅིག་མ་གཞན་གྱི་དམིགས་པ་ཡིན་པས་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་ཏེ། དེ་བས་ན་ཆོས་ཞེས་བྱ་བའི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པའོ། །ལྷག་མ་མིག་ནས་ཡིད་ཀྱི་བར་ནི་རང་གི་ཡུལ་ལ་བྱེད་པས་དེ་དག་རྟེན་བཅས་སུ་བཞག་གོ །དེ་དང་མཚུངས་པ་དག་ཀྱང་ཡིན་ཞེས་པ་ཅི་ཡིན་ན། གང་ཞིག་རང་གི་ལས་མི་བྱེད་པའོ། །དཔེར་ན་གཟུགས་ནི་གང་ཞིག་ལྟ་བ་དེའི་བརྟེན་པ་དང་བཅས་པ་ཡིན་ལ། གང་མི་ལྟ་བ་དེའི་ནི་དེ་དང་མཚུངས་པ་ཡིན་པ་ལྟ་བུའོ། །ཁམས་དེ་དག་ལས་གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བར་བྱ་བ་ཡིན་ལ། རྣམ་ཤེས་ཀྱི་ཁམས་ལྔ་ཡང་དེའོ། །ཐ་མ་གསུམ་ཡིད་ཁམས་ཆོས་ཁམས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་པོ་འདི་དག་རྣམ་པ་གསུམ་སྟེ། ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དག་དང་ལྷན་ཅིག་འབྱུང་བ་དང་། དེ་དག་གི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་རྣམས་ནི། མཐོང་བས་སྤང་བར་བྱ་བ། ཟག་པ་དང་བཅས་པ་ལྷག་མ་དག་ནི་སྒོམ་པས་སྤང་བར་བྱ་བ། ཟག་མེད་རྣམས་སྤང་བྱ་མ་ཡིན་པའོ། །སོ་སྐྱེ་དང་ངན་སོང་བའི་ལུས་ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་མཐོང་སྤངས་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་དག་ཉོན་མོངས་ཅན་མིན་དེས་མཐོང་སྤངས་མིན་ལ། ཉོན་མོངས་ཅན་གཟུགས་མིན་ལ། དེ་དག་གཟུགས་ཡིན་པས་ཀྱང་ངོ་། །དྲུག་པ་ཡིད་ཀྱི་སྐྱེ་མཆེད་མིན་པ་ལས་སྐྱེས་པས་མཐོང་སྤངས་མིན་ནོ། །ཁམས་དེ་དག་ལ་ལྟ་བ་ནི་དུ་ཞེ་ན། མིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་ལྟ་བ་ཡིན་ཏེ། འཇིག་ལྟ་སོགས་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། སློབ་པའི། མི་སློབ་པའི་ལྟ་བ་རྣམ་པ་བརྒྱད་དོ༑ །དང་པོ་ལྔ་ཕྲ་རྒྱས་སུ་འཆད་ལ། དྲུག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་པ་དང་བཅས་པ་ཡིན་ལ། དེ་སྤྲིན་པ་དང་སྤྲིན་པ་མེད་པའི་མཚན་མོ་དང་ཉིན་མོ་གཟུགས་ལ་ལྟ་བ་བཞིན་དུ་འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ལ་ལྟ་བས་ལྟ་བའོ། །བདུན་བརྒྱད་ནི་སློབ་པ་དང་མི་སློབ་པའི་ཟག་པ་མེད་པའི་ཆོས་ལ་ལྟ་བས་ལྟ་བར་བཞག་གོ །ཅིའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བར་བཞག །ཤེས་རབ་གཞན་ཡང་མིན་ཞེ་ན། རྟོག་པར་བྱེད་པ་ནི་ལྟ་བ་སྟེ། ངེས་པར་སེམས་པ་ལ་ཞུགས་པ་དག་ལྟ་བ་ཡིན་ན་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་སྐྱེས་པའི་བློ་ཤེས་རབ་ནི་ངེས་པར་རྟོག་པ་མེད་པའི་ཕྱིར་ལྟ་བ་མ་ཡིན་ནོ། །འོ་ན་མིག་ཀྱང་རྟོག་པར་བྱེད་པ་ཉིད་མེད་ན་ཇི་ལྟར་ལྟ་བ་ཡིན་ཞེ་ན། མིག་གིས་གཟུགས་རྣམས་མཐོང་བས་གཟུགས་ལ་ལྟ་བའི་དོན་དེས་དེ་ལྟ་བར་བཞག་གོ །མིག་ཐམས་ཅད་ཀྱིས་སམ་ཞེ་ན་མིན་ཏེ། རྟེན་རྣམ་པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །འོ་ན་མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རམ་ཞེ་ན། དེ་ལ་བརྟེན་པའི་རྣམ་པར་ཤེས་པས་མཐོང་ངོ་ཞེས་ངེས་པར་བྱ་ནུས་པ་མིན་ནོ། །གང་གི་ཕྱིར་ན་བར་དུ་ཆོད་པ་ཡི། གཟུགས་ནི་མཐོང་བ་མིན་ཕྱིར་རོ། །རྣམ་ཤེས་ཀྱིས་མཐོང་ན་དེ་ནི་ཐོགས་པ་མེད་པའི་ཕྱིར༑ རྩིག་སོགས་ཀྱིས་བསྒྲིབ་པའི་གཟུགས་མཐོང་བར་འགྱུར་རོ། །དེ་བས་ན་མིག་གི་སྒོ་ནས་མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་སྟེ། བྱེ་བྲག་ཏུ་བཤད་པ་ལས། མིག་དང་ཕྲད་ཅིང་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ལ་མཐོང་བ་ཞེས་བྱའོ་གསུངས། མདོ་སྡེ་པ་ན་རེ། ནམ་མཁའ་ལྡད་པ་འདིས་ཅི་དགོས། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེ་ལ་ལྟ་བ་ནི་སུ་ཞིག་ཡིན། ལྟ་བ་ནི་གང་ཞིག་ཡིན་ཏེ། འདི་ནི་བྱེད་པ་མེད་པ་དང་། ཆོས་ཙམ་དང་། རྒྱུ་དང་འབྲས་བུ་ཙམ་དུ་ཟད་པ། དེ་ལ་ཐ་སྙད་གདགས་པའི་དོན་དུ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ་། །རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ཞེས་ཟེར་རོ། །མིག་གཅིག་གིས་ཡུལ་རྣམས་མཐོང་ངམ་གཉིས་ཀས་ཞེ་ན་ནི། གཉིས་ཀ་དག་གིས་ཀྱང་། མཐོང་བ་སྟེ་གསལ་བར་མཐོང་ཕྱིར་རོ། །ཕྱོགས་གཅིག་བཙུམ་ན་དཔེར་ན་ཟླ་གཉིས་སུ་སྣང་བ་བཞིན་ནོ། །མིག་སོགས་དེ་རང་ཡུལ་དང་ཕྲད་ནས་སམ་མ་ཕྲད་པར་མཐོང་ཞེ་ན། མིག་དང་ཡིད་དང་རྣ་བ་ནི། ཡུལ་དང་མ་ཕྲད་པར་རོ། །ལྷག་མ་གསུམ་གཞན་དུ་ཕྲད་པ་སྟེ། སྣ་ལ་སོགས་པ་གསུམ་གྱིས་ནི༑ ཡུལ་ནི་མཉམ་པར་འཛིན་པར་འདོད་པས་སོ། །ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་འདས་པ་སྟེ་འགགས་མ་ཐག་པའི་ཡིད། མིག་སོགས་རྣམ་ཤེས་ལྔ་རྣམས་ཀྱིས་དེ་དག་གི་རྟེན་དང་ལྷན་ཅིག་སྐྱེས་པའང་ཡིན་ནོ། །ཅི་དབང་པོ་དང་ཡུལ་གཉིས་ཀ་ལ་རག་ལུས་ན། མིག་སོགས་ཁོ་ན་རྟེན་དུ་བཞག་ཅེ་ན། མིག་སོགས་དེ་དག་གྱུར་པས་རྣམ་ཤེས་རྣམས་འགྱུར་བ་སྟེ་ཕན་གནོད༑ གསལ་མི་གསལ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །གཟུགས་སོགས་འགྱུར་བས་དེ་དག་འགྱུར་པ་མ་ཡིན་ནོ། །མིག་གི་རྣམ་ཤེས་སོགས་བརྗོད། གཟུགས་ཀྱི་རྣམ་ཤེས་ཞེས་མི་བརྗོད་པ་ཅི་ཞེ་ན། མིག་ལ་སོགས་ལྔ་ནི་རྣམ་པར་ཤེས་པ་གཞན་གྱི་རྟེན་དུ་འགྱུར་བར་མི་ནུས་ལ། གཟུགས་སོགས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་བ་དེའི་ཕྱིར་དང་། ཐུན་མོང་མ་ཡིན་པའི་ཕྱིར་གྱིས་དེ་དག་གིས་ནི་རྣམ་ཤེས་བསྟན་པ་ཡིན་གྱི་གཟུགས་ལ་སོགས་པས་ནི་མ་ཡིན་ནོ། །དཔེར་ན་རྔ་བོ་ཆེའི་སྒྲ་དང་། ནས་མྱུག་བཞིན་ནོ། །ཡང་ལུས་གང་ལ་གནས་ཏེ་མིག་གི་གཟུགས་རྣམས་ལྟ་བ་ན་ཅི་ལུས་དང་མིག་དང་གཟུགས་དང་རྣམ་པར་ཤེས་པ་དེ་རྣམས་ས་གཅིག་པ་ཁོ་ན་ཞིག་ཡིན་ནམ། འོན་ཏེ་གཞན་གྱིས་ས་པ་ཡིན་ཞེ་ན། ཐམས་ཅད་ལ་བྱེ་བྲག་ཡོད་དེ། ལུས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་བར་ས་ལྔ་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོའི་ས་པ་གཉིས་སོ། །བསམ་གཏན་གཉིས་པ་ཡན་ཆད་ན་མེད་དོ། །མིག་ཤེས་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་ཡིན་ལ། དེ་ཡན་ཆད་ན་རྟོག་དཔྱོད་གཉིས་ཀ་མེད་པའི་ཕྱིར་རོ། །ས་གོང་མའི་ལུས་ཡིན་པ་ལ། ས་དེའི་ས་པའམ་གོང་མའི་མིག་ཡིན་གྱིས་འོག་མ་པའི་མ་ཡིན། འདིའི་མིག་ཡུལ་ནི་དེའི་ས་པའམ་ས་འོག་མ་པའི་གཟུགས་ཡིན་ནོ། །ས་འོག་མ་པའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ལ། རྣམ་པར་ཤེས་པའང་གོང་མ་ནི་མིག་གི་མ་ཡིན་ཏེ་གཟུགས་གཞན་ནོ། །བཤད་མ་ཐག་པ་མིག་གི་རྣམ་པར་ཤེས་པ་དེའི་ཡུལ་ནི་གོང་འོག་རང་སའི་གཟུགས་དང་ལུས་ཀྱིའང་གཟུགས་དང་། རྣམ་པར་ཤེས་པ་གཉིས་ཀ་ཐམས་ཅད་དུའོ། །ཇི་ལྟར་མིག་བཞིན་རྣ་བའང་དེ་བཞིན། སྣ་ལྕེ་ལུས་ཀྱི་ཁམས་གསུམ་དག་ནི། རྟེན་དང་དབང་ཡུལ་རྣམ་ཤེས་ཐམས་ཅད་རང་གི་ས་པ་ཉིད་ཅེས་སྤྱིར་བསྟན་ནས། བྱེ་བྲག་དབྱེ་བ། ལུས་དང་ལུས་ཀྱི་ཁམས་དང་། རེག་བྱ་ནི་རྟག་ཏུ་རང་གི་ས་པ་ལུས་ཀྱི་རྣམ་པར་ཤེས་པ་ནི་ཁ་ཅིག་རང་གི་ས་པ་སྟེ་འདོད་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱི་ལྟ་བུ། ཁ་ཅིག་ས་འོག་མ་པ་ཡིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱི་ལྟ་བུ་དང་། ཡིད་མ་ངེས་ཏེ། རེས་འགའ་ནི་ལུས་དང་ཡིད་ཀྱི་རྣམ་ཤེས་དང་། ཆོས་དག་དང་མཚུངས་པའི་ས་པའི་ཡིད། རེས་འགའ་ས་གོང་མ་དང་། འོག་མ་དང་༑ ས་ལྔ་པའི་ལུས་ལ་ཡང་སྙོམ་པར་འཇུག་པ་དང་། སྐྱེ་བའི་ཚེ་ཡིད་ལ་སོགས་པ་ཅི་རིགས་པས་ཐམས་ཅད་པ་དག་ཡིན་ནོ། །ཕྱིའི་ལྔ་སྟེ། གཟུགས་སོགས་ལྔ། གྲངས་བཞིན་དུ་མིག་སོགས་ལྔ་སོ་སོའི་རྣམ་པར་ཤེས་པ་དག་གི་ཉམས་སུ་མྱོངས་ནས་ཡིད་ཀྱི་རྣམ་པར་ཤེས་པས་གཉིས་ཀྱི་རྣམ་པར་ཤེས་པའོ། །ཁམས་ལྷག་མ་བཅུ་གསུམ་ནི་རྣམ་ཤེས་ལྔའི་ཡུལ་མ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །ཁམས་དེ་དག་ལས་རིལ་པོར་རྟག་པ་ནི་མེད་མོད། འོན་ཀྱང་ཆོས་ཁམས་ཀྱི་ཕྱོགས་གཅིག་པ་འདུས་མ་བྱས་ཆོས་རྟག་པའོ། །ལྷག་མ་ཐམས་ཅད་མི་རྟག་པ་ཡིན་ནོ། །མདོ་ལས་དབང་པོ་ཉི་ཤུ་རྩ་གཉིས་གསུངས་ཏེ། མིག་རྣ་བ་སྣ་ལྕེ་ལུས་ཡིད། མོ་དབང་ཕོ་དབང་༑ སྲོག་དབང་། བདེ་བའི་དབང་པོ། སྡུག་བསྔལ་གྱི། ཡིད་བདེ་བའི། ཡིད་མི་བདེ་བའི། བཏང་སྙོམས་ཀྱི། དད་པའི། བརྩོན་འགྲུས་ཀྱི། དྲན་པའི། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི། ཀུན་ཤེས་པའི། ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམས་སོ། །དེ་ལས་ཆོས་ཀྱི་ཕྱེད་ནི་སྲོག་གི་དབང་པོ་མན་བཅུ་གཅིག་དང་། གསུམ་པོ་དག་གི་ཆ་སྟེ། གང་དག་ནི་བཅུ་གཉིས་ནང་གིར་བཤད་པ་མིག་སོགས་རང་གི་མིང་སྨོས་པ་ལྔ་དང་། ཡིད་དབང་ནི་སེམས་ཀྱི་ཁམས་བདུན་ནོ། །ཕོ་མོའི་དབང་པོ་ནི་ལུས་ཀྱི་ཁམས་ཀྱི་ཕྱོགས་ཡིན་ནོ། །ལྷག་མ་ཁམས་ལྔ་པོ་དང་། ཆོས་ཀྱི་ཕྱོགས་ལྷག་མ་ནི་དབང་པོ་མ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ།། །། གཉིས་པ་དབང་པོ་བཤད་པ་ལ། དབང་པོའི་ངོ་བོ་དང་། རྣམ་པར་འབྱེད་པ་གཉིས་ལས་དང་པོ་ནི། དབང་ནི་དབང་ཕྱུག་དམ་པ་ཡིན་ལ༑ དེས་དབང་བྱེད་པས་དབང་པོ། འདི་དག་ལས་གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་རྣ་བ་སྣ་ལྕེ་ལུས་ལྔ་པོ་རྣམས་ནི། ལུས་མཛེས་པར་བྱ་བ་དང་། ལུས་ཡོངས་སུ་བསྲུང་བ་དང་༑ རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་རྒྱུ་ཉིད་དེ་དོན་བཞི་ལ་དབང་བྱེད། ཕོ་དང་མོ་དང་སྲོག་དང་ཡིད་དབང་བཞི་རྣམས་རེ་རེ་བཞིན། དོན་གཉིས་ལ། དང་པོ་གཉིས། སེམས་ཅན་གྱི་བྱེ་བྲག་འབྱེད་པ་དང་། ཁྱད་པར་དག་ལ་དབང་བྱེད། ཕྱི་མ་གཉིས་རིས་མཐུན་པར་མཚམས་སྦྱོར་བ་དང་། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་ལ། བདེ་སོགས་ལྔ་དང་། དད་སོགས་བརྒྱད་པོ་དེ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་དབང་བྱེད། མིག་སོགས་ལྔ་པོ་དག་ནི་རང་རང་གི་དོན་ལ་དམིགས་པར་བྱ་བ་ལ་དང་། ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དབང་པོ་དྲུག་གོ །མོ་ཉིད་དང་ཕོ་ཉིད་ལ་དབང་བྱེད་པའི་ཕྱིར་ལུས་ཀྱི་དབང་པོ་ཁོ་ན་ལས་མོ་དང་ཕོ་དབང་དག་སྟེ། དེ་གཉིས་ལུས་ཀྱི་དབང་པོའི་ཆ་འགའོ། །རིས་མཐུན་པར་གནས་པ་ལ་དབང་བྱེད་པས་སྲོག་དབང་དང་། དེ་བཞིན་ཀུན་ནས་ཉོན་མོངས་པར་བྱེད་པ་ལ་དབང་བྱེད་པས་ཚོར་བ་རྣམས་དང་ནི། རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར། དད་སོགས་དབང་པོ་ལྔར་འདོད་དོ། །མདོ་ལས། བདེ་བའི་ཚོར་བ་ལས་ནི་འདོད་ཆགས་རྒྱས་པར་འགྱུར། སྡུག་བསྔལ་ལས་ནི་ཁོང་ཁྲོ་བ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལས་ནི་མ་རིག་པ་ཞེས་བྱའོ་དང་། དད་སོགས་ལྔ་ནི་ཇི་སྐད་དུ༑ འདི་ལྟར་དེ་དག་གི་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ལ། ལམ་ཡང་འདྲེན་པར་བྱེད་དོ་ཞེས་པས་སོ། །མྱང་ངན་འདས་པ་སོགས་གོང་མ་ནས་གོང་མར་སོང་བ་འཐོབ་པ་ལ་ནི་དབང་བྱེད་པའི་ཕྱིར། ཀུན་ཤེས་བྱེད་དང་། ཀུན་ཤེས་དང་། དེ་བཞིན་ཀུན་ཤེས་ལྡན་པ་སོ་སོ་དབང་པོ་ཡིན་ཏེ། དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་ཐོབ་པ་ལ་དབང་བྱེད་དོ། །ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཐོབ་པར་བྱེད་པ་ལ་དབང་བྱེད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ལ་དབང་བྱེད་དོ། །སེམས་རྣམ་པར་མ་གྲོལ་བ་ལ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་རྣམ་གྲངས་བསྟན་ཏེ། ཀུན་ཤེས་པར་བྱེད་པའི་དབང་པོ་ནི་མཐོང་བས་སྤང་བར་བྱ་བ་སྤོང་བ་ལ་དབང་བྱེད། ཀུན་ཤེས་པའི་དབང་པོ་ནི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་དབང་བྱེད། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་དབང་བྱེད་དེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་ཉམས་སུ་མྱོང་བའི་ཕྱིར་རོ། །གཞན་དག་མ་རིག་པ་སོགས་ཀྱང་འདུ་བྱེད་ལ་སོགས་པ་ལ་དབང་བྱེད་པས། དེའི་ཕྱིར་དེ་དག་ཀྱང་དབང་པོ་ཉིད་དུ་ཁ་བསྐང་དགོས་སོ་ཞེས་འཛེར་བསྐང་བར་མི་བྱ་སྟེ། འདིར་ནི་སེམས་ཀྱི་རྟེན་ནི་དབང་པོ་དྲུག་སྟེ། སྐྱེ་མཆེད་དྲུག་པོ་དེ་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་པས་དང་། མོ་དང་ཕོ་ནི་སེམས་ཅན་དེའི་བྱེ་བྲག་འབྱེད་པ་དང་། སྲོག་ནི་གནས་པར་དང་། ཚོར་བ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཉིད་དང་། དད་སོགས་ལྔས་ནི་རྣམ་པར་བྱང་བའི་ཚོགས་རྫོགས་པར་བྱེད་པ་དང་། གསུམ་གྱིས་རྣམ་པར་བྱང་བར་བྱེད་པ། དབང་པོ་དག་ཀྱང་དེ་སྙེད་དུ་བཞག་གོ །ཡང་ན་གཞན་དག་ན་རེ། འཇུག་པའི་རྟེན་དབང་པོ་དྲུག་དང་ནི། སྐྱེ་བ་མོ་དང་ཕོའི་དང་། གནས་པ་སྲོག་དང་ཉེར་སྤྱོད་ལས་ཚོར་བ་རྣམས་ཏེ་བཅུ་བཞི། དེ་བཞིན་དེ་ལ་ལྡོག་པའི་རྟེན་ལ་དབང་པོ་རྣམས་ནི་དེ་ལས་གཞན་ཡིན་ཏེ་དད་པ་ལ་སོགས་པ་བརྒྱད་དོ། །དབང་པོ་ཉེར་གཉིས་ལས་མིག་སོགས་བསྟན་ཟིན་རྣམས་དང་། སྲོག་དབང་ལྡན་པ་མིན་པར་དང་། དད་སོགས་སེམས་བྱུང་གི་སྐབས་སུ་འཆད་ལ། འདིར་ལྷག་མ་བརྒྱད་སྟོན་ཏེ། ལུས་ཀྱི་ཚོར་བ་སིམ་པ་མ་ཡིན་པ་གང་ནི་གནོད་པ་བྱེད་པ་སྟེ། སྡུག་བསྔལ་གྱི་དབང་པོའོ། །ལུས་ཀྱི་ཚོར་བ་སིམ་པ་ནི་ཕན་འདོགས་པ་སྟེ་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་བདེ་བའི་དབང་པོ། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་མེད་དོ། །གཞན་འདོད་ཁམས་དང་། བསམ་གཏན་དང་པོ་གཉིས་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་གང་ཡིན་པ་དེ་ཡིད་བདེ་བའི་དབང་པོ་ཡིན་ནོ། །བསམ་གཏན་གསུམ་པར་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བའི་དབང་པོ་ཁོ་ན་ཡིན་གྱི་ཡིད་བདེ་བ་ནི་མ་ཡིན་ཏེ་དགའ་བ་ནི་ཡིད་བདེ་བ་ལ་བྱ་བའོ། །སེམས་ཀྱི་སིམ་པ་མ་ཡིན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །བཏང་སྙོམས་ཀྱི་དབང་པོ་ནི༑ སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མིན་པ་ཚོར་བ་བར་མའོ། །ཅི་དེ་ལུས་ཀྱིའམ་སེམས་ཀྱི་ཞེ་ན། སེམས་བདེ་སྡུག་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་སྐྱེ་ཡི་ལུས་ཀྱི་ནི་མ་ཡིན། ཡུལ་གྱི་དབང་གིས་ནི་དགྲ་བཅོམ་པ་རྣམས་ལ་སྐྱེ་བས་དེའི་ཕྱིར་དེ་དག་མང་པོ་ཉིད་དུ་ཐ་དད་ཀྱི་ལུས་དང་སེམས་ཀྱི་བཏང་སྙོམས་གཉིས་ཀ་རྣམ་པར་མི་རྟོག་པ་ཁོ་ན་རང་གི་ངང་གིས་སྐྱེ་བའི་ཕྱིར་གཅིག་ཏུ་བྱས་སོ། །ལུས་སམ་སེམས་ཀྱི་བདེ་བ་ཡང་གཞན་དུ་ཕན་འདོགས་དེ་བཞིན་ལུས་དང་སེམས་ཀྱི་སྡུག་བསྔལ་ཡང་གཞན་དུ་གནོད་པར་བྱེད་ལ། བཏང་སྙོམས་ལ་ནི་བྱེ་བྲག་དེ་མེད་དོ། །མཐོང་ལམ་སྒོམ་ལམ་མི་སློབ་ལམ་ལ། ཡིད་དང་བདེ་བ་དང་། ཡིད་བདེ་དང་བཏང་སྙོམས་དང་། དད་སོགས་དབང་པོ་ལྔ་སྟེ་དགུ་པོ་དེ་དག་དབང་པོ་གསུམ་དུ་བཞག་པ་ཡིན་ཏེ། མཐོང་ལམ་དུ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། སྒོམ་ལམ་ལ་ཀུན་ཤེས་པའི་དབང་པོ། མི་སློབ་ལམ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བར་ཞུགས་པ་བཞིན་ནོ། །སྒོམ་པའི་ལམ་ལ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་ཕྱིར་དེ་ཉིད་ཀུན་ཤེས་པར་བྱེད་དོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་སོ་སྙམ་དུ་རྟོགས་པ་ནི་ཀུན་ཤེས་པ་སྟེ། དེ་འདི་ལ་ཡོད་པས་སམ་འདི་ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་ཀུན་ཤེས་པ་དང་ལྡན་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱར་མེད་དོ་སྙམ་པ་སྟེ། དེ་ལྟ་བུའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ནོ། །གཉིས་པ་རྣམ་པར་འབྱེད་པ་ལ། དབང་པོའི་རྣམ་པའི་བྱེ་བྲག་དང་། འདུས་བྱས་ཀྱི་སྐྱེ་སོགས་ལ་དཔྱད་པ་གཉིས་ལས། དང་པོ་ལ། རྣམ་པ། རྙེད་པ། གཏོང་བ། ཐོབ་ཚུལ། ལྡན་པ་བཤད་པ་ལྔ་ལས། དང་པོ་ནི། དབང་པོ་དེ་དག་ལས་ཟག་པ་མེད་པ་དུ་ཞེ་ན། ཀུན་ཤེས་པར་བྱེད་པའི་དབང་པོ་སོགས་གསུམ་ནི་དྲི་མ་མེད་པ་ཁོ་ན་སྟེ། ཟག་མེད། གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་དང་། ཡིད་མི་བདེ་བའི་དབང་པོ་དག་ནི་ཟག་པ་དང་བཅས་པ་ཁོ་ན༑ ཡིད་དང་བདེ་བ་དང་ཡིད་བདེ་དང་། བཏང་སྙོམས་དང་། དད་སོགས་ལྔ་སྟེ་དགུ་པོ་ཟག་པ་དང་། ཟག་པ་མེད་པ་རྣམ་པ་གཉིས་ཀའོ། །དབང་པོ་དུ་ནི་རྣམ་སྨིན་ཡིན། སྲོག་ནི་རྣམ་སྨིན་ནོ། །འོ་ན་དགྲ་བཅོམ་པ་ཚེའི་འདུ་བྱེད་དག་འཇོག་པར་བྱེད་པའི་སྲོག་གི་དབང་པོ་གང་ཡིན་པ་དེ། གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། བསྟན་བཅོས་ལས་དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པར་འགྱུར་རོ་ཞེས་དང་། ཡང་དེའི་ཚེའི་འདུ་བྱེད་དག་ཇི་ལྟར་གཏོང་བའི་དེ་གང་ཞེ་ན། ཚེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་འགྱུར་བར་བཤད་ལ། སློབ་དཔོན་དེ་དག་གི་དེ་ལྟ་བུ་དེ་ནི་ཏིང་ངེ་འཛིན་གྱི་མཐུ་ཁོ་ན་སྟེ། དེས་སྔོན་གྱི་ལས་ལས་སྐྱེས་པའི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱིས་གནས་པའི་དུས་འཕེན་པ་ནི་ཟློག་པར་བྱེད་ལ། སྔོན་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་སའི་འཕེན་པ་ནི་འཕེན་པར་བྱེད་དེ། དེ་ལྟ་བས་ན་སྲོག་གི་དབང་པོ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ། དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ནོ་ཞེས་གསུང་། མདོ་ལས་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་གསུངས་པ་ཅི་ཞེ་ན། ཇི་སྐད་དུ༑ གང་དག་གི་རིས་མཐུན་པར་གནས་པར་གྱུར་པ་ནི་ཚེའི་འདུ་བྱེད་དག་ཡིན་ལ། གང་དག་གི་དུས་གཞན་གྱི་བར་དུ་འཚོ་བ་དེ་དག་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ། །མང་པོའི་ཚིག་ནི་ཚེ་དང་སྲོག་གི་འདུ་བྱེད་ཀྱི་སྐད་ཅིག་མ་མང་པོ་རྣམས་ལ་གཏོང་ཞིང་བྱིན་གྱིས་རློབ་པའི་ཕྱིར་ཏེ། སྐད་ཅིག་མ་གཅིག་ལ་ནི་གཏོང་བའམ་བྱིན་གྱི་རློབ་པ་མེད་དོ་ཞེས་དང་༑ ཡང་འཆི་བ་ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ནི་བཏང་ལ། ཚེ་ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ནི་ཟླ་བ་གསུམ་ཁོ་ན་བྱིན་གྱི་བརླབས་ཏེ་ཕྱིན་ཆད་ནི་འདུལ་བའི་དོན་མེད་པའི་ཕྱིར་ནི་མ་ཡིན་ནོ། །གང་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་ལྟར་བསྒོམས་པ་དག་གིས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པ་བཞུགས་པར་བྱའོ་ཞེས། དམ་བཅས་པ་དེ་ཡང་བསྒྲུབ་པའི་ཕྱིར་རོ༑ །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཕུང་པོ་དང་འཆི་བདག་གི་བདུད་དག་ལས་རྒྱལ་བར་བསྟན་པའི་ཕྱིར་རོ་ཞེས་ཟེར། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉོན་མོངས་པ་དང་ལྷའི་བུའི་བདུད་དག་ལས་རྒྱལ་ལོ་ཞེས་གསུངས་སོ། །དད་སོགས་ཐ་མ་བརྒྱད་དང་། ཡིད་མི་བདེ་མ་གཏོགས་པའི་ལྷག་མ་སྟེ་བཅུ་གཉིས་རྣམ་པ་གཉིས་ཏེ། མིག་སོགས་བདུན་རྒྱས་པ་ལས་བྱུང་བ་ནི་རྣམ་སྨིན་མ་ཡིན་ལ༑ ལྷག་མ་རྣམས་རྣམ་སྨིན་ནོ། །ཡིད་སྡུག་བསྔལ་བདེ་བ་ཡིད་བདེ་བཏང་སྙོམས་དགེ་བ་དང་ཉོན་མོངས་པ་ཅན་རྣམས་དང་། སྤྱོད་ལམ་པ་དང་། བཟོའི་གནས་དང་། སྤྲུལ་པ་རྣམས་རྣམ་སྨིན་མ་ཡིན་པ། ལྷག་མ་རྣམས་རྣམ་སྨིན། སྲོག་གི་དབང་པོ་དང་མིག་ལ་སོགས་པ་བཅུ་གཉིས་མ་གཏོགས་ལྷག་མ་རྣམས་ནི་རྣམ་སྨིན་མ་ཡིན་པའོ། །དབང་པོ་དུ་རྣམ་སྨིན་དང་བཅས་པ་ཡིན་ཞེ་ན། ཡིད་མི་བདེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ནའོ། །ཡིད་དང་བདེ་བ་ཡིད་བདེ་བཏང་སྙོམས། ཚོར་བ་གང་ཡིད་མི་བདེ་བ་ལས་གཞན་པ་དང་། དད་ལ་སོགས་བརྩོན་དྲན་ཏིང་ཤེས་རབ་བཅུ་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་རྣམས་རྣམ་སྨིན་དང་བཅས་པ། ཟག་མེད་རྣམས་ནི་རྣམ་སྨིན་མེད་པའོ། །སྡུག་བསྔལ་གྱི་དབང་པོ་རྣམ་སྨིན་དང་བཅས་པ༑ ལུང་དུ་མ་བསྟན་པ་ནི་རྣམ་སྨིན་མེད་པའོ། །དུ་དགེ་སྡིག་ལུང་མ་བསྟན་ན་ཞེ་ན། མཐའ་གཅིག་ཏུ་དགེ་བ་ཡིན་པ། དད་སོགས་ཕྱི་མ་བརྒྱད་དོ། །ཡིད་མི་བདེ་བ་ནི་དགེ་མི་དགེ་རྣམ་པ་གཉིས་ཁོ་ནར་དབྱེ་བར་འདོད་ལ། ཡིད་དང་ཚོར་བ་གཞན་བཞི་ལ་ནི། དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཀ་དང་། གཞན་མིག་སོགས་བདུན་སྲོག་ནི་རྣམ་པར་གཅིག་སྟེ་ལུང་མ་བསྟན་ཁོ་ནའོ། །དབང་པོ་རྣམས་ལས་དབང་པོ་གང་ཁམས་གང་དུ་གཏོགས་ན། ཐ་མ་གསུམ་ནི་དྲི་མེད་ཁོ་ན་དེ་མ་གཏོགས་པ་བཅུ་དགུ་ནི་འདོད་པར་གཏོགས་པ། ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་དང་ཟག་མེད་དག་མ་གཏོགས་བཅོ་ལྔ་གཟུགས་ཁམས་སུ་གཏོགས། དབང་པོ་གཟུགས་ཅན་ལྔ་དང་བདེ་བ་དང་ཟག་པ་མེད་པ་མ་གཏོགས་པ་གཟུགས་མེད་དུ་གཏོགས་ཏེ། དེ་ན་ཡིད་དང་སྲོག་དང་། བཏང་སྙོམས་དང་དད་སོགས་ལྔ་སྟེ་བརྒྱད་ཡོད་གཞན་དག་མེད་པས་སོ། །དབང་པོ་དུ་མཐོང་སྤང་། དུ་སྒོམ་སྤང་། དུ་སྤང་བྱ་མ་ཡིན་ཞེ་ན། ཡིད་དང་ཚོར་བའི་གསུམ་རྣམ་པ་གསུམ་མོ། །མཐོང་སྒོམ་གཉིས་ཀྱི་སྤང་བྱ་ཡིད་མི་བདེ། མིག་སོགས་བདུན་སྲོག །སྡུག་བསྔལ་གྱི་དབང་པོ་དགུ་ནི་སྒོམ་པས་སྤང་བྱ༑ དད་སོགས་ལྔ་པོ་ནི་ཟག་བཅས་ཟག་མེད་གཉིས་ཀ་བས་སྒོམ་པས་སྤང་བར་བྱ་བ་དང་། སྤང་བྱ་མིན་པའོ། ཡང་ཐ་མ་གསུམ་མཐའ་གཅིག་ཏུ་སྤང་བྱ་མིན་པ་ཉིད་དོ། །གཉིས་པ་རྙེད་པ་བཤད་པ་ནི། ཁམས་གང་དུ་དང་པོ་ཉིད་དུ་དབང་པོ་རྣམ་པར་སྨིན་པ་དུ་ཞིག་རྙེད་ཅེ་ན། འདོད་པར་དང་པོར་རྣམ་སྨིན་གཉིས་རྙེད་དེ། ལུས་དབང་དང་སྲོག་དབང་ངོ་། །དེ་དག་ཀྱང་སྐྱེ་གནས་དང་པོ་གསུམ་དུ་སྐྱེ་བ་དག་གིས་རྙེད་པ་དེ། བརྫུས་ཏེ་སྐྱེ་བས་མིན་ནོ། །ཅིའི་ཕྱིར་ཡིད་དང་བཏང་སྙོམས་དག་གི་མ་ཡིན་ཞེ་ན། དེ་གཉིས་ནི་ཉིང་མཚམས་སྦྱོར་བའི་ཚེ་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །བརྫུས་སྐྱེས་དག་གིས་དུ་ཞིག་ཐོབ་སྟེ། དེ་ཡིས་མཚན་མེད་པ་དག་གིས་བསྐལ་པ་དང་པོ་པ་རྣམས་ལྟ་བུ་དྲུག་གམ་སྟེ་མིག་གི་སོགས་ལྔ་དང་སྲོག་དབང་༑ གལ་ཏེ་མཚན་གཅིག་པ་ལྷ་སོགས་དག་ན་བདུན་ནམ། གལ་ཏེ་མཚན་གཉིས་པ་དག་ཡིན་ན། བརྒྱད། བརྫུས་སྐྱེས་ལ་ཡང་མཚན་གཉིས་པ་ཡོད་དམ་ཞེ་ན་ངན་སོང་དག་ན་ཡོད་དོ༑ །གཟུགས་ཀྱི་ཁམས་ན་མཚན་མེད་པར་བཤད་པ་དྲུག་གོ །གོང་མ་གཟུགས་མེད་པར་ནི་སྲོག་གི་དབང་པོ་གཅིག་ཁོ་ན་རྣམ་པར་སྨིན་པ་ཐོབ་སྟེ་གཞན་ནི་མ་ཡིན་ནོ། །གསུམ་པ་གཏོང་བ་བཤད་པ་ནི། ཁམས་གང་དུ་འཆི་ན་དབང་པོ་དུ་ཞིག་ཐ་མར་གཏོང་ཞེ་ན། གཟུགས་མེད་དག་ཏུ་འཆི་བ་ནི། སྲོག་དང་ཡིད་དང་བཏང་སྙོམས་ཉིད་འགག་པར་འགྱུར་རོ། །གཟུགས་ཁམས་སུ་འཆི་ན་དེའི་ཁར་མིག་སོགས་བསྣན་པའི་དབང་པོ་བརྒྱད་འགག་གོ །བརྫུས་ཏེ་སྐྱེ་བ་རྣམས་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ། །འདོད་པ་མཚན་གཉིས་པ་བ་ཞིག་འཆི་ན་བརྒྱད་པོ་དེ་དང་ཕོ་མོའི་དབང་པོ་བཅུ་འགག་པའམ་མཚན་གཅིག་པ་ཞིག་འཆི་ན་དགུའོ། །མཚན་མེད་པ་ཞིག་འཆི་ན་བརྒྱད་དོ། །དེ་ཡང་ཅིག་ཅར་འཆི་བ་ལ་ཡིན་ལ་རིམ་གྱིས་འཆི་བ་དེ་དག་ལ་བཞི་སྟེ། ལུས་སྲོག་ཡིད་བཏང་སྙོམས་ཏེ། དེ་རྣམས་ལ་སོ་སོར་འགག་པ་མེད་པས་སོ། །ཉོན་མོངས་པ་ཅན་ལུང་དུ་མ་བསྟན་པ་སེམས་ལ་གནས་པའི་འཆི་ཚུལ་དེ་ཡིན་ལ། དགེ་བའི་སེམས་ལ་གནས་པ་འཆི་བ་དེའི་ཚེ། ཐམས་ཅད་དག་ཏུ་ཇི་སྐད་བཤད་པའི་དབང་པོ་རྣམས་དང་། ལྷག་པར་དད་སོགས་ལྔ་འགག །དེ་རྣམས་དགེ་བའི་སེམས་ལ་གདོན་མི་ཟ་བར་ཡོད་པས་སོ། །དེ་ལྟར་གཟུགས་མེད་བརྒྱད། གཟུགས་ན་བཅུ་འགག་གོ །བཞི་པ་ཐོབ་ཚུལ་ནི། འབྲས་བུ་ཐ་མ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་གཉིས། དེ་ལས་རྒྱུན་དུ་ཞུགས་པ་ནི། དད་སོགས་དང་། ཀུན་ཤེས་ལྡན་པའི་དབང་པོ་མ་གཏོགས་པ་དག་དང་། ཡིད་བཏང་སྙོམས་ཀྱི་དབང་པོ་དག་དང་དགུས་ཐོབ་སྟེ༑ ཀུན་ཤེས་པར་བྱེད་པའི་དབང་པོ་ནི་བར་ཆད་མེད་པའི་ལམ། ཀུན་ཤེས་པའི་དབང་པོ་ནི་རྣམ་པར་གྲོལ་བའི་ལམ་ལ་སྟེ། གོ་རིམ་བཞིན་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་དད་སོགས་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དག་དང་། ཡིད་དབང་། བདེ་བ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང་དགུས་ཐོབ་བོ། །བར་པ་ཕྱིར་འོང་ངམ་ཕྱིར་མི་འོང་གི་འབྲས་བུ་གཉིས་ནི་རིམ་གྱིས་ཐོབ་པ་དེ་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་ནི་དད་སོགས་ལྔ། བཏང་སྙོམས་ཡིད་དབང་སྟེ་བདུན་དག་གིས་ཐོབ་པ་དང་། དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་ན་ནི་དབང་པོ་བརྒྱད་ཀྱིས་ཐོབ་སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་དང་། ཅི་སྟེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་ནི་དགུས་ཐོབ་སྟེ། དགུ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་གང་གིས་ཐོབ་པ་དེས་སོ། །ཆོས་མངོན་པ་ལས། བཅུ་གཅིག་དག་གིས་ཐོབ་བོ་ཞེས་བཤད་པ་ལས༑ འདིར་དགྲ་བཅོམ། དབང་པོ་དགུས་ཐོབ་པར་བཤད་ཅེ་ན། དེ་ནི་དགུ་ཁོ་ནས་ཐོབ་སྟེ། བཅུ་གཅིག་དག་གིས་ཞེས་བཤད་པ་ནི། ཡོངས་སུ་ཉམས་ཤིང་། ཡོངས་སུ་ཉམས་ནས༑ བདེ་དང་བཏང་སྙོམས་ཀྱི་དབང་པོ་དག་གིས་དགྲ་བཅོམ་ཉིད་ཐོབ་པ་འགའ་ཞིག་སྲིད་པའི་ཕྱིར་བཤད་པ་ཡིན་གྱི་བདེ་བ་ལ་སོགས་པ་དུས་གཅིག་ཏུ་སྲིད་པ་ནི་མེད་དོ། །ཕྱིར་མི་འོང་ལའང་མི་ཐལ་ལམ་ཞེ་ན། ཐལ་བ་མེད་དེ། དེ་ནི་ཡོངས་སུ་ཉམས་ཕན་ཆད་བདེ་བའི་དབང་པོས་ཐོབ་པ་མེད་དོ། །འདོད་ཆགས་དང་བྲལ་བ་སྔོན་སོང་ལ་ནི་ཡོངས་སུ་ཉམས་པར་འགྱུར་བ་ཡང་མེད་དེ། དེའི་འདོད་ཆགས་དང་བྲལ་བ་ནི་ལམ་གཉིས་ཀྱིས་ཐོབ་པའི་ཕྱིར་རོ། །ལྔ་པ་ལྡན་པ་ནི། བཏང་སྙོམས་དང་ནི་སྲོག་དང་ནི་ཡིད་འདི་དག་ལས་གང་རུང་དང་ལྡན་པ་དེ་ནི་ངེས་པར་དབང་པོ་དེ་དག་གསུམ་དང་ལྡན་པ་ཡིན་ནོ། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་གྱི། ལྷག་མ་རྣམས་དང་ནི་མ་ངེས་ཏེ། ལྡན་པའང་ཡོད་མི་ལྡན་པའང་ཡོད་དོ༑ །དེ་ཡང་མིག་རྣ་བ་སྣ་ལྕེ་ལུས་ཕོ་མོའི་དབང་པོ་དང་ནི་གཟུགས་མེད་པར་སྐྱེས་པ་དང་མི་ལྡན། འདོད་པའི་ཁམས་ན་ནི་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་དག་དང་མི་ལྡན༑ ཕོ་མོའི་དབང་པོ་གཟུགས་སུ་སྐྱེས་པ་དང་མི་ལྡན །བདེ་བའི་དབང་པོ་བསམ་གཏན་བཞི་བ་དང་། གཟུགས་མེད་དུ་སྐྱེས་པའི་སོ་སྐྱེ་དང་མི་ལྡན། ཡིད་བདེའི་དབང་པོ་དང་ནི་བསམ་གཏན་གསུམ་པ། བཞི་པ་གཟུགས་མེད་ཀྱི་སོ་སྐྱེ་ཁོ་ན་དང་མི་ལྡན། སྡུག་བསྔལ་གྱི་དབང་པོ་ཁམས་གོང་གཉིས་ཀར་མི་ལྡན། ཡིད་མི་བདེ་འདོད་པའི་འདོད་ཆགས་དང་བྲལ་བ་དང་༑ དད་སོགས་དགེ་རྩ་ཆད་པ་དང་མི་ལྡན། ཀུན་ཤེས་པར་བྱེད་པའི་དབང་པོ་སོ་སོ་སྐྱེ་བོ་དང་། འབྲས་གནས་ལ་མི་ལྡན། ཀུན་ཤེས་པའི་དབང་པོ་དང་ནི་སོ་སྐྱེ་དང་མཐོང་བ་དང་མི་སློབ་པའི་ལམ་ལ་གནས་པ་རྣམས་དང་མི་ལྡན། ཀུན་ཤེས་པ་དང་ལྡན་པའི་དབང་པོ། སོ་སྐྱེ་སློབ་པ་དག་དང་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་སུ་ཇི་ལྟར་བཤད་པ་དང་ལྡན་ནོ། །བདེ་བའམ་ལུས་དབང་པོ་དང་ལྡན་པ་ལ་བཏང་སྙོམས་སོགས་གསུམ་བདེ་བའི་དབང་པོ་བཞི་དག་དང་ལྡན། ལུས་དབང་ལྡན་པའང་དེ་གསུམ་དང་ལུས་དབང་དེ་བཞིན་ལྡན། མིག་དབང་ལྡན་པ་ལ། བཏང་སྙོམས་སྲོག་ཡིད་ལུས་མིག་དབང་ལྔ་དང་ལྡན། སོགས་པ། རྣ་བ་ལྡན་པ། སྣ་ལྕེའི་དབང་པོ་ལྡན་པ་དག་ཀྱང་། རེ་རེ་བཞིན་ལྔ་ལྡན། ཡིད་བདེ་ལྡན་པ་ཡང་ལྔ་ལྡན་ཏེ༑ བཏང་སྙོམས་སྲོག་ཡིད་དང་བདེ་བ། ཡིད་བདེ་ལྔའོ། །སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་བདུན་དང་སྟེ། ལུས་སྲོག་ཡིད་ཚོར་བའི་དབང་པོ་བཞི་དང་ལྡན་ནོ། །མོ་ཡི་དབང་ལྡན་ལ༑ གོང་གི་བདུན་དེ་ཉིད་དེ་བརྒྱད་དང་ལྡན་ནོ། །སོགས་པ། ཕོའི་དབང་པོ་དང་། ཡིད་མི་བདེའི་དབང་པོ་ཡང་སྔ་མ་བདུན་དང་རང་རང་བསྣན་པས་བརྒྱད། དད་པ་སོགས་ལྔ་པོ་ལ་ཡང་བརྒྱད་དང་ལྡན་ཏེ། ལྔ་པོ་དེ་དག་དང་། བཏང་སྙོམས་དང་། སྲོག་དང་ཡིད་དག་གོ །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ལ་ནི་བདེ་བ། ཡིད་བདེ་བཏང་སྙོམས་སྲོག་ཡིད་དད་སོགས་ལྔ། ཀུན་ཤེས་པའི་དབང་པོ་རང་དང་བཅུ་གཅིག་དང་ལྡན་ནོ། །ཀུན་ཤེས་པའི་དབང་པོའང་དེ་བཞིན། ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པ་ལ༑ བཅུ་གསུམ་དག་དང་ལྡན་པ་ཡིན་ཏེ། ཡིད་སྲོག་ལུས་ཚོར་བ་བཞི་དད་སོགས་ལྔ། དེ་ཉིད་རང་ངོ་། །དགེ་མེད་དགེ་རྩ་ཀུན་ཏུ་ཆད་པ་སྟེ། དེ་ནང་ན་ཉུང་བ་དང་ལྡན་པ་ལུས་དང་ཚོར་བ་ལྔ་དག་དང་། སྲོག་ཡིད་བརྒྱད་དང་ལྡན། གཟུགས་མེད་པའི་བྱིས་པ་སོ་སྐྱེའང་དེ་བཞིན་བརྒྱད་དང་ལྡན་ཏེ་བཏང་སྙོམས་སྲོག་ཡིད་དགེ་བ་དད་སོགས་རྣམས་དང་ངོ་། །གང་ཞིག་ནང་ན་དབང་པོ་མང་པོར་ལྡན་ལ། བཅུ་དགུ་དང་ལྡན་ཏེ། དྲི་མ་མེད་པ་རྣམས་མ་གཏོགས་པའོ། །དེ་ཡང་མཚན་གཉིས་པའི་དབང་དུ་བྱས་སོ། །འཕགས་པ་ཆགས་བཅས་ཀྱང་། མཚན་གཅིག །དྲི་མ་མེད་པ་ཀུན་ཤེས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གཉིས་མ་གཏོགས་པའོ། །གཉིས་པ་འདུས་བྱས་ཀྱི་སྐྱེ་སོགས་ལ་དཔྱད་པ་ལ། གཟུགས་ཅན་རྣམས་ཀྱི་ལྷན་ཅིག་སྐྱེ་བ། སེམས་དང་སེམས་ལས་བྱུང་བ། མི་ལྡན་པའི་འདུ་བྱེད་བཤད་པ་གསུམ་ལས། དང་པོ་ནི། ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །དེ་འདོད་པའི་ཁམས་ནི་དབང་པོ་ཡང་མེད་པ་དང་སྒྲ་ཡང་མེད་པ་ཞིག་ཡིན་ན་ནི་རྡུལ་རྫས་བརྒྱད་དང་ལྡན་པ་ཡིན་ཏེ། རྫས་བརྒྱད་ནི་འབྱུང་བ་བཞི། འབྱུང་འགྱུར་བཞི་དག་གོ །རྡུལ་ཕྲ་རབ་ལུས་ཀྱི་དབང་པོ་དང་ལྡན་ལ། སྒྲ་མེད་པ་ཞིག་ནི་རྫས་དགུ་སྟེ་སྔར་གྱི་ཁར་ལུས་དབང་བསྣན་པས་སོ། །མིག་སོགས་དབང་པོ་གཞན་གྱི་རྡུལ་ཕྲ་རབ་གང་ལ་ལྡན་པ་དེ་ལ་ནི་རྫས་བཅུ་སྟེ། དགུ་པོ་དེ་དང་མིག་སོགས་རང་རང་གིས་སོ། །རྡུལ་ཕྲ་རབ་དེ་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན། གོ་རིམ་བཞིན་རྫས་དགུ། བཅུ། བཅུ་གཅིག་དང་ལྡན་པར་རོ༑ དབང་པོ་དང་ཐ་མི་དད་པའི་སྒྲ་ཡང་ཡོད་དེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་གང་ཡིན་པའོ། འབྱུང་བ་དེ་དག་ཐ་མི་དད་པར་ཡོད་ཀྱང་། གང་ན་ཆེས་གསལ་ཞིང་མཐུའི་སྒོ་ནས་ཤས་ཆེ་བ་དེ་ནི་དེ་ནི་སྲ་བའམ་གཤེར་བ་ལ་སོགས་པར་དམིགས་སོ། །གཟུགས་ཁམས་ན་དྲི་རོ་མེད་པས་དེ་ན་ཡོད་པའི་རྡུལ་ཕྲ་རབ་ནི་རྫས་དྲུག་དང་བདུན་དང་བརྒྱད་ལྡན་ནོ། །གཉིས་པ་སེམས་དང་སེམས་བྱུང་བཤད་པ་ལ་སེམས་བྱུང་། དེ་འཁོར་དུ་བྱུང་ཚུལ་གཉིས་ལས། དང་པོ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་མེད་ན་འབྱུང་བར་མི་ནུས་པས་ངེས་པར་གང་སྐྱེ་བ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་རྣམས་དང་ལྷན་ཅིག་སྐྱེའོ། །ཐོབ་པའམ་ནི། སེམས་ཅན་དུ་སྟོན་པ་ཁོ་ན་དང་ལྷན་ཅིག་སྐྱེ་ཡི་གཞན་དང་ནི་མ་ཡིན་ནོ༑ །སེམས་ལས་བྱུང་བ་ཞེས་སྨོས་ན། དེ་དག་གང་ཡིན་ཞེ་ན་སེམས་ལས་བྱུང་བ་ནི་རྣམ་པ་ལྔ་སྟེ། ས་མང་པོ་པ་དག་དང་། ལ་སོགས་པ། དགེ་བའི་ས་མང་པོ་པ་རྣམས་དང་༑ ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། མི་དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། ཐ་དད་པའི་ཕྱིར་རྣམ་པར་དབྱེ་བ་ལྔར་བྱས་སོ། །དེ་ལས་དང་པོ་ནི། ཇི་སྐད་དུ། ས་ཞེས་བྱ་བ་ནི་གོ་སྐབས་ཀྱི་ཡུལ་ཏེ་གང་ཞིག་གང་ནི་གོ་སྐབས་ཀྱི་ཡུལ་ཡིན་པ་དེ་ནི་དེའི་ས་ཞེས་བྱའོ། །དེ་ལ་འདི་དག་ལ་ས་མང་པོ་ཡོད་པས་ན་ས་མང་པོ་པ་རྣམས་ཏེ། གང་དག་སེམས་ཐམས་ཅད་ལ་འབྱུང་བའོ། །ཞེས་སོ། །དེ་དག་གང་ཞེ་ན་ཚོར་བ་དང་། སེམས་པ་དང་། འདུ་ཤེས་དང་། འདུན་པ་དང་། རེག་པ་དང་། བློ་གྲོས་དང་༑ དྲན་པ་དང་། ཡིད་ལ་བྱེད་པ་དང་། མོས་དང་། ཏིང་ངེ་འཛིན་ནོ། །དེ་དག་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ལ་ཚོགས་པར་འབྱུང་ངོ་། །དེ་ལས་ཚོར་བ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་སྡུག་བཏང་སྙོམས་པའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ། །འདུ་ཤེས་ནི་འདུས་ནས་ཤེས་པ་སྟེ། ཡུལ་ལ་མཚན་མར་འཛིན་པའོ། །འདུན་པ་ནི་བྱེད་འདོད་པའོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པའི་རེག་པའོ། །བློ་གྲོས་ནི་ཤེས་རབ་སྟེ་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །མོས་པ་ནི་འདོད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །གཉིས་པ་ནི། འདི་དག་ལ་དགེ་བའི་ས་མང་པོ་ཡོད་པས་འདི་དག་ནི་དགེ་བའི་ས་མང་པོ་པ་དག་ཡིན་ཏེ། དད་པ་དང་བག་ཡོད་པ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། རྩ་བ་གཉིས་ནི༑ ཆགས་པ་མེད་པ་དང་། ཞེ་སྡང་མེད་པའོ། །རྣམ་པར་མི་འཚེ་བ་དང་། བརྩོན་འགྲུས་ཏེ་བཅུ་པོ་འདི་རྟག་ཏུ་དགེ་བའི་སེམས་ལ་འབྱུང་ངོ་། །དད་པ་ནི་སེམས་དང་བ། བག་ཡོད་པ་དགེ་བའི་ཆོས་རྣམས་བསྒོམ་པའི་སེམས་ཀུན་ནས་བསྲུང་བ། ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ། ལུས་ཤིན་སྦྱངས་ཚོར་བར་ཟད་དོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པ་ཉིད་དོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་འོག་ནས་བཤད་ལ། འདོད་ཆགས་དང་ཞེ་སྡང་མེད་པ། མ་ཆགས་པ་དང་མི་སྡང་བའོ༑ །གཏི་མུག་མེད་པ་ཡོད་ཀྱང་ཤེས་རབ་ཏུ་གཏོགས་སོ། །རྣམ་པར་མི་འཚེ་བ་ནི་མཐོ་མི་འཚམ་པའོ། །བརྩོན་འགྲུས་ནི་སེམས་མངོན་པར་སྤྲོ་བའོ། །གསུམ་པ་ནི། འདི་དག་ལ་ཉོན་མོངས་པའི་ས་མང་པོ་ཡོད་པས་ཉོན་མོངས་པའི་ས་མང་པོ་པ་ཞེས་བྱ། གང་ཞེ་ན། རྨོངས་པ་དང་། བག་མེད་པ་དང་། ལེ་ལོ་དང་། མ་དད་པ་དང་། རྨུགས་པ་དང་རྒོད་པ་སྟེ་དྲུག་གོ །འདི་དག་ཉོན་མོངས་པ་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བ་ཡིན་ནོ། །དེ་ལ་རྨོངས་པ་ནི་མ་རིག་པའམ། མི་ཤེས་པའམ། མི་གསལ་བའོ། །བག་མེད་པ་ནི། དགེ་བའི་ཆོས་རྣམས་མི་སྒོམ་པ་སྟེ། སྒོམ་པའི་མི་མཐུན་ཕྱོགས་ཀྱི་ཆོས་སོ། །ལེ་ལོ་ནི་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སོ། །མ་དད་པ་ནི་སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས། རྨུགས་པ་ནི་ལུས་ལྕི་བ་ཉིད་དང་། སེམས་ལྕི་བ་ཉི་དེ། ལུས་དང་སེམས་ལས་སུ་མི་རུང་བའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་ཉིད་དོ། །བཞི་པ་ནི༑ མི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བ་གཉིས་པོ་ནི་མི་དགེ་བའི་ས་ཆེན་པོ་པ་དག་སྟེ། ཁྲེལ་མེད་དང་ངོ་ཚ་མེད་པའོ། །མཚན་ཉིད་འོག་ཏུ་བཤད་ལ། ལྔ་པ་ནི། ཁྲོ་བ་དང་༑ འཁོན་དུ་འཛིན་པ་དང་། གཡོ་དང་ནི། ཕྲག་དོག །འཚིག་པ་དང་། འཆབ་པ་དང་། སེར་སྣ་དང་། སྒྱུ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་ནི། འདི་དག་ལ་ཉོན་མོངས་པ་ཆུང་ངུའི་ས་ཡོད་པས་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ་མ་རིག་པ་ཙམ་དང་སྒོམ་པས་སྤང་བྱ་དང་། ཡིད་ཀྱི་ས་པ་ཁོ་ན་དང་མཚུངས་པར་ལྡན་ནོ། །འདི་དག་གི་མཚན་ཉིད་ཉེ་ཉོན་དུ་འཆད་དོ། །གཉིས་པ་དེ་འཁོར་དུ་འབྱུང་ཚུལ་ནི། རྟོག་དཔྱོད་འགྱོད་གཉིད་སོགས་མ་ངེས་པ་གཞན་དག་ཀྱང་ཡོད་པས་དེ་ལ་སེམས་གང་ལ་སེམས་ལས་བྱུང་བ་དུ་ཞིག་ངེས་པར་འབྱུང་ཞེ་ན། རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི་རྣམ་པ་ལྔ་སྟེ། དགེ་བ་དང་མི་དགེ་བ་གཉིས་ཏེ་མ་འདྲེས་པ་དང་། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དང་། ལུང་དུ་མ་བསྟན་པ་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། དེ་ལ་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ལ་ནི་ངེས་པར་རྟོག་དང་དཔྱོད་དང་བཅས་པའི་ཕྱིར་སེམས་ལས་བྱུང་བ་ཉི་ཤུ་གཉིས་ངེས་པར་འབྱུང་ངོ་། །དེའང་ས་མང་པོ་པ་བཅུ། དགེ་བའི་ས་མང་པོ་པ་བཅུ། རྟོག་དཔྱོད་གཉིས་སོ། །དགེ་བའི་སེམས་ཐམས་ཅད་ལ་འགྱོད་པ་མེད་པས། གང་ལ་ལ་དག་ཏུ་ཡོད་པ་དེར་འགྱོད་པ་བསྣན་ནས་ཉེར་གསུམ། ངན་པར་བྱས་པའི་ངོ་བོ་ཉིད་འགྱོད་པའོ། །འདིར་ནི་འགྱོད་པ་ལ་དམིགས་པའི་ཆོས་ཡིད་ལ་བཅགས་པ་ལ་འགྱོད་པ་ཞེས་བྱའོ། །དགེ་བ་མ་བྱས་པ་དང་། མི་དགེ་པ་བྱས་ནས་གདུང་བ་གང་ཡིན་འགྱོད་པ་དགེ་བའོ། །ལྡོག་པ་ནི་མི་དགེ་བའོ། །མི་དགེ་བ་ནི་མ་འདྲེས་པའི་སེམས་གང་ལ་སེམས་བྱུང་ཉི་ཤུ་འབྱུང་སྟེ་ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་པ་དྲུག །མི་དགེ་བའི་ས་མང་པོ་པ་གཉིས། རྟོག་དཔྱོད་དོ། །མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལ་མ་རིག་པ་འབའ་ཞིག་ཡོད་ལ། འདོད་ཆགས་སོགས་ཉོན་མོངས་གཞན་མེད་པ་དང་། མི་དགེ་བའི་སེམས་ལྟ་བ་དང་ལྡན་པ་ལའང་ཉི་ཤུ་འབྱུང་སྟེ། མ་འདྲེས་པ་ལ་འབྱུང་བ་གང་དག་གོ །འདོད་ཆགས་སམ་ཁོང་ཁྲོ་བའམ་ང་རྒྱལ་ལམ། ཐེ་ཚོམ་ཡང་རུང་། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ་དེ་ལ་ཉེར་གཅིག་འབྱུང་སྟེ། ཁྲོ་སོགས་དང་། འགྱོད་པ་དང་ནི་ཉི་ཤུ་གཅིག་གོ །འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པའི་སེམས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལ་བཅོ་བརྒྱད་འབྱུང་སྟེ༑ ས་མང་པོ་པ་བཅུ། ཉོན་མོངས་པའི་ས་མང་པོ་པ་དྲུག །རྟོག་དཔྱོད་དོ། །ལུང་མ་བསྟན་དེ་ལས་གཞན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལ་སེམས་བྱུང་བཅུ་གཉིས་ཏེ་ས་མང་པོ་པ་བཅུ་དང་། རྟོག་དཔྱོད་དག་ཏུ་འདོད་དོ། །གཉིད་ནི་དགེ་མི་དགེ་དང་ལུང་དུ་མ་བསྟན་པ་ཀུན་ལ་ཡིན་པའི་ཕྱིར་ཇི་སྐད་བཤད་པའི་སེམས་ཐམས་ཅད་དང་མི་འགལ་ཕྱིར་གང་ལ་ཡོད་པ་དེ་ལ་དེ་བསྣན་པས་ཉེར་གཉིས་འབྱུང་བ་ལ། རྩ་གསུམ། རྩ་གསུམ་འབྱུང་བ་རྩ་བཞིའོ། །གཟུགས་ཀྱི་དབང་དུ་བྱས་ནས། དེ་ལས་འགྱོད་གཉིད་མི་དགེ་རྣམས། གཡོ་སྒྱུ་རྒྱགས་པ་མ་གཏོགས་ཁྲོ་བ་ལ་སོགས་པ་བདུན་དང་། ཁོང་ཁྲོ་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་རྣམས། བསམ་གཏན་དང་པོ་དག་ན་མེད་དོ། །དེ་དག་གི་ཁར་རྟོག་པའང་བསམ་གཏན་ཁྱད་པར་ཅན་ན་མེད་དོ། །དེ་ཡི་གོང་། བསམ་གཏན་གཉིས་པ་སོགས་དང་། གཟུགས་མེད་པ་དག་ན་ཇི་སྐད་བཀག་པ་དང་། དཔྱོད་པ་མེད་ལ། ཡང་ཞེས་པས་གཡོ་དང་སྒྱུ་ཡང་མེད། ཚངས་ཆེན་གྱི་བར་དུ་སྒྱུ་ཡོད་པར་འབྱུང་གི འཁོར་དང་འབྲེལ་བ་མ་ཡིན་པའི་ཕྱིར་གོང་ན་ནི་མེད་དེ། དེ་ནི་རང་གི་འཁོར་གྱི་ནང་དུ་དགེ་སློང་རྟ་ཐུལ་གྱིས་འབྱུང་བ་ཆེན་པོ་འདི་དག་མ་ལུས་པ་གང་དུ་འགག་པར་འགྱུར་ཞེས་དྲི་བ་དྲིས་པ་དང་། མི་ཤེས་པས་ཁོ་བོ་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ །བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པར་བྱེད་པའོ། །འབྱིན་པ་པོའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུའོ། །ཞེས་གཏམ་རླུང་ལ་བསྐུར་བས་སོ། །སེམས་ལས་བྱུང་བ་ཁ་ཅིག་གི་ཐ་དད་འབྱུང་བ་ཅི་ལྟ་བུ་ཞེ་ན། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཐ་དད་དུ་བྱ་བ་ནི། ཡོན་ཏན་དང་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ཉིད་བཀུར་བ་མེད་པ་དང་། འཇིགས་པས་དབང་མི་སྒྱུར་བ་ནི། ངོ་ཚ་མེད་པ་གུས་པའི་མི་མཐུན་ཕྱོགས་སོ༑ །ཁྲེལ་མེད་པ། ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་སྟེ། དེ་ལ་འཇིག་པར་མི་ལྟ་བའོ། །འདིར་གཞན་དག་ན་རེ། བདག་ལ་བལྟོས་ནས་ཉེས་པ་རྣམས་ཀྱིས་མི་འཛེམ་པ་ངོ་ཚ་མེད་པ་ཡིན་ལ། གཞན་ལ་བལྟོས་ནས་ནི་ཁྲེལ་མེད་པ་ཡིན་ནོ་ཟེར། གང་ལྟར་ནའང་། ཟློག་པ་ནི་ངོ་ཚ་དང་ཁྲེལ་ཡོད་དོ། །དགའ་བ་དང་དད་པའི་ཐ་དད་པ་ནི། དགའ་བ་ནི་རྣམ་པ་གཉིས་ཏེ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ་དང་པོ་ནི་སྲེད་པ་སྟེ་བུ་དང་བུ་མོ་སོགས་ལ་དགའ་བ་ལྟ་བུའོ། །གཉིས་པ་ནི་དད་པ་སྟེ་སྟོན་པ་དང་། བླ་མ་དང་༑ ཡོན་ཏན་རྣམས་ལ་དགའ་བ་ལྟ་བུའོ། །དད་པ་ཡིན་ལ་དགའ་བ་མ་ཡིན་པ་ཡོད་དེ། སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་དད་པ་ལྟ་བུའོ། །གུས་པ་ཉིད་ངོ་ཚ་ཤེས་པ༑ དགའ་བ་དང་གུས་པ་དེ་གཉིས་འདོད་པ་དང་གཟུགས་དག་ན་ཡོད། སྐྱེ་མཆེད་ན་མེད་དོ། །རྟོག་དཔྱོད་ཀྱི་ཐ་དད་པ་ནི། རྟོག་པ་སེམས་རྩིང་བ། དཔྱོད་པ་སེམས་ཞིབ་པ་ཉིད། ང་རྒྱལ་དང་རྒྱགས་པའི་ཐ་དད་པ། ང་རྒྱལ་ནི་ཕ་རོལ་པོ་ལས་གང་ཡང་རུང་བའི་ཁྱད་པར་ཞིག་ཡོངས་སུ་བརྟགས་ནས་སེམས་ཁེངས་པའོ། །རྒྱགས་པ་ནི། རང་གི་ཆོས་རྣམས་ཁོ་ན་ལ་ཆགས་པ་ཡི། སེམས་ནི་ཡོངས་སུ་གཏུགས་པའོ། །འབྱེད་པས་སེམས་དང་། ཤེས་པས་ན་ཡིད་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པའོ། །དེ་གསུམ་ནི་དོན་གཅིག་པ་དེ་བཞིན་སེམས་དང་སེམས་ལས་བྱུང་བ་དང་། རྟེན་དང་དམིགས་པ་དང་། རྣམ་པ་དང་བཅས་པ་དང་། མཚུངས་པར་ལྡན་པའང་དོན་གཅིག་སྟེ། སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་དབང་པོ་ལ་བརྟེན་པའི་ཕྱིར། རྟེན་དང་བཅས་པ་དག་ཅེས་བྱ། ཡུལ་ལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ། དམིགས་པ་དེ་ཉིད་ལ་རྣམས་པ་རེ་རེ་ནས་དཔྱོད་པའི་ཕྱིར་རྣམ་པ་དང་བཅས་པ། མཉམ་པ་དང་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་དག་གོ །རྣམ་པ་གང་དག་གིས་མཚུངས་པར་ལྡན་ཞེ་ན། རྣམ་པ་ལྔ་སྟེ། རྟེན་དམིགས་པ་རྣམ་པ་དུས་རྫས་མཚུངས་པ་དག་གིས་མཚུངས་པར་ལྡན་ནོ། །རྫས་མཚུངས་གང་ཞེ་ན། ཇི་ལྟར་སེམས་གཅིག་ཡིན་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་རེ་རེ་ཡིན་ནོ། །གསུམ་པ་མི་ལྡན་པའི་འདུ་བྱེད་ལ། མིང་གི་སྒོ་ནས་མདོར་བསྟན་རེ་རེའི་རྣམ་གཞག་རྒྱས་པ་བཤད་པ་གཉིས་ལས་དང་པོ་ནི་འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་མི་ལྡན་པའི་འདུ་བྱེད་རྣམས་ཞེས་བྱའོ། །དེ་ཡང་ཐོབ་དང་མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་དེའི་འགོག་པའི་སྙོམས་འཇུག་དག་དང་། སྲོག་དང་མཚན་ཉིད་རྣམས་དང་ནི། མིང་གི་ཚོགས་ལ་སོགས་པ་ཡང་ངོ་། །གཉིས་པ་རེ་རེའི་རྣམ་གཞག་རྒྱས་པར་བཤད་པ་ནི། ཐོབ་པ་ཞེས་བྱ་བ་ནི་གཉིས་ཏེ། མ་ཐོབ་པ་དང་ཉམས་པ་ལས་རྙེད་པ་དང་། ཐོབ་ནས་ལྡན་པའོ། །ཟློག་པ་ནི་མ་ཐོབ་པའོ། །ཐོབ་པ་དང་མ་ཐོབ་པ་གང་གིས་ཡིན་ན། རང་རྒྱུད་དུ་གཏོགས་པ་འདུས་བྱས་རྣམས་ཀྱིས་སོ། །གཞན་རྒྱུད་དང་རྒྱུད་དུ་མ་གཏོགས་པ་གཉིས་ནི་མ་ཡིན་ནོ། །འདུས་མ་བྱས་པ། འགོག་པ་གཉིས་ཀྱི་ནང་ནས་བརྟགས་མིན་ནི་སེམས་ཅན་ཐམས་ཅན་དང་ལྡན་ཏེ། ཆོས་མངོན་པ་ལས། ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ་སེམས་ཅན་ཐམས་ཅད་དོ་ཞེས་བསྟན་ནོ། །སོ་སོར་བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་སོ་སྐྱེ་ཁ་ཅིག་ཀྱང་ཡིན་ནོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་པས་འདི་ལ་ཐོབ་པ་མེད་དོ། །གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དོ། །ཐོབ་པ་ཞེས་རྫས་གཞན་ཅུང་ཟད་ཅིག་ཡོད་པར་ག་ལས་ཤེས། མདོ་ལས་ཏེ། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང་སོ་སོར་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །ཐོབ་པ་དེ་ཡང་དུས་གསུམ་པ་འདས་པའང་ཡོད། མ་འོངས་པའང་ཡོད་ད་ལྟར་བྱུང་བའང་ཡོད་པ་ཡིས་སོ་སོར་རྣམ་པ་གསུམ། དགེ་བ་དང་ལ་སོགས་པ་མི་དགེ་བ་དང་། ལུང་མ་བསྟན་པ་གསུམ་གྱི་ཐོབ་པ་ནི་རིམ་པ་བཞིན་དགེ་བ་ལ་སོགས་པ་གསུམ་པོ་དང་ཡིན་ནོ། །འདོད་སོགས་ཁམས་དེར་རྟོགས་པ་དེ་རྣམས་ཀྱིས་ཐོབ་པ་ནི་འདོད་སོགས་དེ་རང་གི་ཁམས་ཡིན་པའོ། །དེ་མ་གཏོགས་པ་ཟག་པ་མེད་པའི་ཆོས་རྣམས་ཀྱིས་ཐོབ་པ་ནི་རྣམ་པ་བཞི་སྟེ། བརྟགས་མིན་གྱི་འགོག་པའི་ནི་ཁམས་གསུམ་པ༑ བརྟགས་འགོག་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའང་ཡིན་ལ། ཟག་པ་མེད་པའང་ཡིན་ནོ། །ལམ་བདེན་གྱི་ནི་ཟག་མེད་ཉིད་དོ། །སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་སློབ་པ༑ མི་སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་མི་སློབ་པའོ། །སློབ་དང་མི་སློབ་གང་ཡང་མིན་པའི་ཐོབ་པ་ནི་གསུམ་སྟེ། ཟག་བཅས་རྣམས་དང་། བརྟགས་མིན་གྱི་འགོག་པ། འཕགས་པ་མ་ཡིན་པས་ཐོབ་པའི་སོ་སོར་བརྟགས་འགོག་གོ །དེ་སློབ་ལམ་དུ་ཐོབ་པ་སློབ་པའི། མི་སློབ་ལམ་གྱིས་ཐོབ་པ་མི་སློབ་པའི། མཐོང་སྒོམ་གྱི་སྤང་བྱས་ཐོབ་པ་མཐོང་སྒོམ་གྱི་སྤང་བྱ་ཉིད་དོ། །སྤང་བྱ་མིན་པའི་ཐོབ་པ་བརྟགས་མིན་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་འགོག་རྣམ་པ་གཉིས་སུ་འདོད་པ་དེ་སྒོམ་སྤངས་སོ། །དེ་ཉིད་འཕགས་ལམ་གྱིས་ཐོབ་པའི་དང་༑ ལམ་བདེན་ནི་ཟག་མེད་དེ་སྤང་བྱ་མ་ཡིན་པའོ། །དུས་གསུམ་པ་ཞེས་བསྟན་པ་དེའི་དམིགས་བསལ། ལུང་བསྟན་མིན་པ་མ་བསྒྲིབས་རྣམས་ཀྱི་ཐོབ་པ་ནི་སྟོབས་ཆུང་བའི་ཕྱིར་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། སྔར་དང་ཕྱིས་སྐྱེ་བ་མིན་ལ། དེས་ན་དེ་དག་འདས་པ་རྣམས་ཀྱི་འདས་པ་ཁོ་ན། མ་འོངས་པ་མ་འོངས་པ་ཁོ་ན་ད་ལྟར་བྱུང་བ་ད་ལྟར་བ་ཁོ་ནའོ། །མ་བསྒྲིབས་ལ་ལུང་མ་བསྟན་ཐམས་ཅད་ཀྱི་དེ་དང་འདྲའམ་ཞེ་ན། མངོན་པར་ཤེས་པ་ལུང་མ་བསྟན་གཉིས་དང་། སྤྲུལ་པའི་སེམས་མ་གཏོགས་པ་ཐམས་ཅད་འདྲའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ཀྱི་རྣམ་པ་རིག་བྱེད་ཀྱི་ཐོབ་པའང་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། ཆེན་པོས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་སློབ་པས་སྟོབས་ཆུང་བས་གྲུབ་པའི་ཕྱིར་རོ། །ལུང་མ་བསྟན་གྱི་ཐོབ་པ་ལ་བྱེ་བྲག་དེ་ལྟ་བུ་དགེ་མི་དགེ་རྣམས་ཀྱིས་ཐོབ་པ་ལའང་བྱེ་བྲག་ཡོད་དམ་ཞེ་ན་ཡོད་དེ། འདོད་པ་ན་གཟུགས་ཀྱི་ཐོབ་པ་ནི་རྣམ་པ་ཀུན་ཏུ་སྔར་ནི་སྐྱེ་བ་མེད་དོ། །ལྷན་ཅིག་པ་དང་ཕྱིས་སྐྱེ་བ་ནི་ཡོད་དོ༑ །ཅི་མ་ཐོབ་པའང་ཐོབ་པ་བཞིན་དུ་རྣམ་པའི་བྱེ་བྲག་ཡོད་དམ་མེད་དོ། །ཅེས་ན། མི་ཐོབ་པ་ཐམས་ཅད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན། དུས་ཀྱི་བྱེ་བྲག་གིས་ནི། འདས་པ་དང་མ་སྐྱེས་ཀྱི་དེ་རྣམས་དུས་གསུམ་པ། ད་ལྟར་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་མེད་དོ། །འདོད་སོགས་གཟུགས་གཟུགས་མེད་དུ་གཏོགས་པ་དང་། མ་གཏོགས་པ་དྲི་མེད་ཀྱིའང་དེ་དང་འདྲའོ། །མ་ཐོབ་པ་ཟག་པ་མེད་པ་ནི་འགའ་ཡང་མེད་དོ། །ལམ་མ་ཐོབ་པ་སོ་སོ་ཡི་སྐྱེ་བོར་འདོད་དེ། བསྟན་བཅོས་ལས། སོ་སོ་སྐྱེ་བོ་ཉིད་གང་ཞེ་ན་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ། །ཞེས་འབྱུང་བས་སོ། །མ་ཐོབ་པ་གང་གིས་ཉམས་པར་འགྱུར་ན། སོ་སོ་སྐྱེ་བོ་འཕགས་པའི་ལམ། དེ་ཐོབ་པ་དང་། ས་འཕོས་ནས་ནི་གཞན་དག་གི་ཡང་མ་ཐོབ་པ་རྣམ་པར་ཉམས་པར་འགྱུར་རོ། །འདིར་དཔྱད་པ་ཇི་སྐད་དུ། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཐོབ་པ་དང་མ་ཐོབ་པ་ཡོད་དམ། གཉིས་ཀའི་ཡང་གཉིས་ཡོད་དོ༑ །དེ་ལྟ་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མིན་ནམ། ཕན་ཚུན་ལྡན་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ། །ཆོས་བདག་ཉིད་རྟོགས་པ་གསུམ་སྐྱེ་སྟེ། ཆོས་དེ་དང་དེའི་ཐོབ་པ་དང་། ཐོབ་པའི་ཐོབ་པའོ། །དེ་ལ་ཐོབ་ལ་སྐྱེས་པས་ཆོས་དེ་དང་། ཐོབ་པའི་ཐོབ་པ་དང་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པ་སྐྱེས་པས་ཐོབ་པ་ཁོན་དང་ལྡན་པར་འགྱུར་བས་དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དེ་ལྟར་བྱས་ན་སྐད་ཅིག་མ་གཉིས་པ་ལ་དགེ་བའང་རུང་། ཉོན་མོངས་པ་ཅན་ཡང་རུང་། ཆོས་བདག་ཉིད་གཏོགས་པར་གསུམ་གྱི་ཐོབ་པ་གསུམ་སྐྱེ་བར་འགྱུར་ལ། དེ་དག་གི་རྗེས་ཀྱི་ཐོབ་པའང་གསུམ་ཡིན་པས་དྲུག་ཏུ་འགྱུར་རོ། །སྐད་ཅིག་མ་གསུམ་པ་ལ་ནི་སྐད་ཅིག་མ་དང་པོ་དང་། གཉིས་པ་ལ་སྐྱེས་པའི་རྫས་རྣམས་ཀྱི་ཐོབ་པ་དགུ་པོ་རྗེས་ཀྱི་ཐོབ་པ་དང་བཅས་པས་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐོབ་པ་རྣམས་གོང་ནས་གོང་དུ་སྤེལ་བའི་འདྲེས་ཀྱིས་བསྐྱེད་ན་སྲོག་ཆགས་གཅིག་ལ་ཡང་སྐད་ཅིག་ལ་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། སྐྱེས་ནས་ཐོབ་པའི་དགེ་བའི་སྐད་ཅིག་མ་མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བར་བཅས་པ་ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པ་ཐམས་ཅད་ཀྱི་མཐའ་ཡས་པ་དག་སྐྱེ་བར་འགྱུར་བས་སེམས་ཅན་རྣམས་ཀྱི་སོ་སོའི་རྒྱུད་ཀྱི་ལུས་ཀྱི་སྐད་ཅིག་མ་ལ་རྫས་མཐའ་ཡས་པ་ཅན་དག་འབྱུང་ངོ་། །ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་ཞིག་སྟེ། དེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི། དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པ་ཡིས་ནི་ནམ་མཁའ་ལ་གོ་སྐབས་ཡོད་པར་མི་འགྱུར་རོ། །སྐལ་བ་དང་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འདྲ་བའོ་སྟེ། བསྟན་བཅོས་ལས། འདིའི་མིང་། རིས་མཐུན་པ་ཞེས་འབྱུང་ངོ་། །དེ་ཡང་ཐ་དད་པ་མ་ཡིན་པ་དང་༑ ཐ་དད་པའོ། །དང་པོ་སེམས་ཅན་ཐམས་ཅད་སེམས་ཅན་དུ་སྐལ་བ་མཉམ་པ་ཡིན་ཏེ། ཐམས་ཅད་ལ་སེམས་རེ་ཡོད་པའི་ཕྱིར་རོ། །གཉིས་པ་ནི་དེ་དག་ཉིད་ཁམས་དང་ས་དང་འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་ཕོ་དང་མོ་དང་། དགེ་བསྙེན་དང་། དགེ་སློང་དང་། སློབ་མི་སློབ་སོགས་པའི་བྱེ་བྲག་གིས་སོ་སོར་ངེས་པའོ། །ཆོས་ཀྱི་སྐལ་བ་མཉམ་པ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀྱིས་སོ། །འདུ་ཤེས་མེད་པ་པའི་ལྷ་དག་གི་ནང་ནས་འདུ་ཤེས་མེད་པར་སྐྱེས་པ། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པའོ། །དེ་གང་གི་རྣམ་སྨིན་ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འོ། །དེ་གར་གནས། འབྲས་བུ་ཆེའི་གནས་ཀྱི་ཕྱོགས་གཅིག་ན་སྟེ་བསམ་གཏན་ཁྱད་པར་ཅན་བཞིན་ནོ། །དེ་དག་ནམ་ཡང་འདུ་ཤེས་ཅན་དུ་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེ་དག་ཡུན་རིང་པོར་གཉིད་ཀྱིས་ལོག་པ་ལས་སངས་པ་བཞིན་དུ། དེ་ནས་ཤི་འཕོས་ནས་སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་། སྔོན་མེད་པ་མ་བསགས་པའི་ཕྱིར་མདའ་འཕངས་པ་ཤུགས་ཟད་པ་དག་ས་ལ་ལྟུང་བ་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །གང་ཞིག་དེར་སྐྱེས་པ་དེ་ལ་གདོན་མི་ཟ་བར་འདོད་པར་སྐྱེ་བ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོད་པ་ཉིད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སེམས་སེམས་བྱུང་རྣམས་འགོག་པ་འདུ་ཤེས་མེད་པར་བཤད་པ་དེ་བཞིན། འདུ་ཤེས་མེད་པ་ཅན་གྱི་སྙོམས་འཇུག་ཡིན་པས་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་ཡིན་ནོ། །སྙོམས་འཇུག་དེ་ཡང་བསམ་གཏན་ཐ་མ་བསམ་གཏན་བཞི་པར་ཏེ། ས་གཞན་ལ་ནི་མ་ཡིན་ནོ། ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག །འདི་ལ་ངེས་པར་འབྱུང་འདོད་པས་ཏེ། ཐར་པ་འདོད་པས་དེ་ལ་སྙོམས་པར་འཇུག་གོ །འདུ་ཤེས་མེད་པ་པ་ནི་རྣམ་སྨིན་ཡིན་པའི་ཕྱིར་ལུང་མ་བསྟན་པའོ། །དེའི་སྙོམས་འཇུག་དེ་ནི་དགེ་བའོ། །དེ་དགེ་བ་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ན་ཉིད་ཡིན་གྱི་མཐོང་ཆོས་དང་ལན་གྲངས་གཞན་ལ་མྱོང་འགྱུར་ནི་མ་ཡིན་ནོ། །སོ་སོ་སྐྱེ་བོ་ཁོ་ནའི་ཡིན་གྱི་འཕགས་པའི་མ་ཡིན་ཏེ། འཕགས་པ་རྣམས་འདི་ལ་རྣམ་པར་ལྟུང་བའི་གནས་ལྟ་བུར་གཟིགས་པས་སྙོམས་འཇུག་དེ་ལ་མི་འཇུག་པས་སོ། །འཕགས་པ་བསམ་གཏན་བཞི་པ་ཐོབ་ནས་བསམ་གཏན་བཞིན་དུ་འདས་པ་དང་མ་འོངས་པ་དག་ཀྱང་ཐོབ་བམ་ཞེ་ན་མིན་ཏེ་སོ་ཐར་སྡོམ་པ་བཞིན་དུ་ད་ལྟར་གྱི་དུས་གཅིག་པུ་ཁོ་ན་ཐོབ་བོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའང་དེ་བཞིན། སེམས་སེམས་བྱུང་རྣམས་འགོག་པ་ཉིད་དོ། །འདུ་ཤེས་མེད་དང་འདིའི་ཁྱད་པར་ནི༑ ཞི་བར་གནས་པའི་དོན་དུ་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་གི དེ་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་དང་། དེ་བསམ་གཏན་བཞི་པའི་ས་པ་ཡིན་གྱི། འདི་ནི་སྲིད་རྩེར་སྐྱེ་བས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ས་པ་ཁོ་ན་ཡིན་ནོ། །འདི་ནི་དགེ་བ་ཁོ་ནའོ། །འོན་ཀྱང་སྐྱེས་ནས་དང་། ལན་གྲངས་གཞན་ལ་སྟེ། དུས་གཉིས་སུ་མྱོང་བར་འགྱུར་བ་དང་། རྣམ་པར་སྨིན་པའི་ཕྱིར་མ་ངེས་པའང་ཡིན་ནོ། །འཕགས་པའི་ཡང་འདི་ནི་འདོད་ཆགས་དང་བྲལ་བས་ཐོབ་པར་བྱེད་པ་མ་ཡིན་སྟེ། སྦྱོར་བས་ཐོབ་པར་བྱ་བ་ཁོ་ན་ཡིན་པས་འདས་པ་ཡང་མི་ཐོབ། མ་འོངས་པའང་མི་ཐོབ་སྟེ། དེ་ནི་སེམས་ཀྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །ཅི་བཅོམ་ལྡན་འདས་ཀྱིའང་སྦྱོར་བྱུང་ཡིན་ནམ་ཞེ་ན༑ མིན་ཏེ། ཐུབ་པའི་ནི་འདི་བྱང་ཆུབ་ཀྱི་ཐོབ་བྱ་སྟེ། ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་སོ། །ཇི་སྐད་དུ་དེས་ན་སངས་རྒྱས་རྣམས་ཀྱིས་ནི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་ལ། དེ་དག་གི་ཡོན་ཏན་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བཞེད་པ་ཙམ་ལ་རག་ལུས་པ་ཡིན་པས་དེ་ལྟ་བས་ན་དེ་དག་གི་ཐམས་ཅད་ནི་འདོད་ཆགས་དང་བྲལ་བས་བརྙེས་པ་ཡིན་ནོ༑ །དེ་ནི་ཡང་བཅོམ་ལྡན་འདས་ཀྱི་འགོག་པའི་སྙོམས་པར་འཇུག་པ་མ་བསྐྱེད་ན་ཟད་པ་མཁྱེན་པའི་དུས་སུ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཇི་ལྟར་འགྲུབ་ཅེ་ན། འགྲུབ་སྟེ་བསྐྱེད་ཟིན་པ་བཞིན་དུ་དེ་ལ་མངའ་བའི་ཕྱིར་རོ། །དེས་དང་པོར་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་རྗེས་སུ་ཐོབ་པའི་ཕྱིར་རོ། །སུམ་ཅུ་རྩ་བཞི་ནི་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་དང་། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ན་ཉོན་མོངས་པའི་རྣམ་པ་དགུ་སྤོང་བར་བྱེད་པའི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་དགུ་སྐྱེ་བའི་ཕྱིར་བཅོ་བརྒྱད་དོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་དེ་ངེས་པ་ལ་འཇུག་པའི་ཕྱིར་ས་འོག་མ་པའི་ཉོན་མོངས་པ་རྣམས་ནི་ཡང་སྤང་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་བར་སྐབས་འདིར་མི་འདྲ་བའི་སེམས་མི་སྲིད་པས་འགོག་པའི་སྙོམས་པར་འཇུག་པ་མི་རུང་ངོ་། །འདུ་ཤེས་མེད་པ་དང་འགོག་སྙོམས་གཉིས་ཀའང་འདོད་པའི་ཁམས་དང་གཟུགས་ཁམས་ལ་བརྟེན་པ་ཅན་ནོ། །དེ་ཡང་ཁྱད་པར། འགོག་པ་དང་པོ་མིའི་ནང་དུ་བསྐྱེད། ཕྱིས་ནི་ཡོངས་སུ་ཉམས་པ་དག་གིས་གཟུགས་ཀྱི་ཁམས་སུ་ཡང་བསྐྱེད་དོ༑ །སྲོག་གང་ཞེ་ན་ནི། ཁམས་གསུམ་པའི་ཚེ་ཡིན་ལ། དེ་ལ་དྲོད་དང་ནི་རྣམ་པར་ཤེས་པའི་རྟེན་དུ་འགྱུར་བའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེའོ། །མཚན་ཉིད་དག་ནི་སྐྱེ་བ་དང་༑ རྒ་བ་དང་གནས་པ་དང་། མི་རྟག་ཉིད་དེ་བཞི་པོ་འདི་རྣམས་འདུས་བྱས་སྤྱིའི་མཚན་ཉིད་ཡིན་ཏེ། གང་ལ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་སུ་བཞག་པས་སོ། །ཟློག་པ་འདུས་མ་བྱས་སོ། །དེ་ལ་སྐྱེ་བས་ཆོས་དེ་བསྐྱེད་པར་བྱེད་པའོ། །གནས་པས་ནི་གནས་པར་བྱེད་པའོ། །རྒས་པ་ནི་བརྙིངས་པར་བྱེད་པའོ། །མི་རྟག་པས་ནི་འཇིག་པར་བྱེད་པའོ། །དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང་ལ་སོགས་པ་རྒ་བའི་རྒ་བ། གནས་པའི་གནས་པ། མི་རྟག་པ་ཉིད་ཀྱིས་མི་རྟག་པ་ཉིད་ཅེས་བྱ་བ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཡོད་དོ། །དེ་ལ་ཡང་སྐྱེ་སོགས་གཞན་དུ་ཐལ་བའི་ཕྱིར་རེ་རེ་ལ་ཡང་མཚན་ཉིད་བཞི་པ་དང་། དེས་མཐའ་ཐུག་པ་མེད་པ་ཐལ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྐྱེ་བ་ལ་སོགས་པ་དེ་དག་ནི་ཆོས་བརྒྱད་ལ་འཇུག་པ་དང་༑ སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་འཇུག་སྟེ། ཇི་ལྟར་ཞེ་ན། ཆོས་བདག་ཉིད་གཏོགས་པར་མཚན་ཉིད་བརྒྱད་དང་ལྷན་ཅིག་སྟེ་དགུ་སྐྱེ་ལ། དེ་ལ་སྐྱེ་བས་ནི་བདག་ཉིད་མ་གཏོགས་པའི་ཆོས་གཞན་བརྒྱད་བསྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་སྐྱེ་བ་དེ་ཁོ་ན་སྐྱེ་བར་བྱེད་དོ། །དེ་བཞིན་ལྷག་མ་གསུམ་ལའང་འགྲེའོ། །དེས་ཐུག་པ་མེད་པར་ཐལ་བ་མ་ཡིན་ནོ༑ །འཇུག་པ་ནི་བྱ་བ་བྱེད་པའོ། །སྐྱེ་བས་མ་འོངས་པའི་སྐྱེ་བར་བྱ་བ་བསྐྱེད་པར་བྱེད་པ་ཡིན་ན་མ་འོངས་པ་ཐམས་ཅད་ཅིག་ཅར་དུ་ཅིའི་ཕྱིར་མི་བསྐྱེད་ཅེ་ན། རྒྱུ་དང་རྐྱེན་དག་ཚོགས་པ་མེད་པར་ནི་སྐྱེ་བས་བསྐྱེད་བྱ་སྐྱེད་པར་བྱེད་པ་མིན། མིང་གི་ཚོགས་ལ་སོགས་པ་གང་ཞེ་ན་ནི། དེ་ལ་མིང་བྱེད་པ་ནི་མིང་སྟེ། དཔེར་ན་གཟུགས་ཞེས་བྱ་བ་ལྟ་བུ་དང་། ངག་ནི་ཚིག་སྟེ༑ དཔེར་ན་ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཅི་ཙམ་གྱི་དོན་ཡོངས་སུ་རྫོགས་པ་སྟེ་གང་གི་བྱ་བ་དང་། ཡོན་ཏན་དང་། དུས་ཀྱི་འབྲེལ་བའི་ཁྱད་པར་གཏོགས་པར་འགྱུར་བ་དང་། ཡི་གེ་ནི་ཕྱི་མོ་སྟེ། དཔེར་ན་ཨ་ཞེས་པ་ལྟ་བུ། ཚོགས་ནི་མིང་མང་པོའི་དོན་དེ་ལ་མིང་གི་ཚོགས་ཏེ། དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་དག་ཅེས་པ་ལྟ་བུ། ཚིག་གི་ཚོགས་ནི། དཔེར་ན་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་དག་གོ །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་པ་ལྟ་བུ། ཡི་གེའི་ཚོགས་ནི། དཔེར་ན་ཀ་ཁ་ག་གྷ་ང་ལྟ་བུའོ། །མིང་གི་ཚོགས་ལ་སོགས་པ་འདི་དག་ལྡན་པའམ། སེམས་ཅན་དུ་སྟོན་པའམ། སེམས་ཅན་དུ་སྟོན་པ་མ་ཡིན་པའམ། རྣམ་པར་སྨིན་པ་ལས་སྐྱེས་པའམ། རྒྱས་པ་ལས་འབྱུང་བའམ། རྒྱུ་མཐུན་པ་ལས་འབྱུང་བའམ། དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་དག་གང་ཞེ་ན། རིམ་པ་བཞིན་འདི་དག་ནི་འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་ཡིན་ལ། དེ་དག་ནི་སེམས་ཅན་དུ་སྟོན་པ་ཡིན་ནོ། །གང་ཞིག་བརྗོད་པར་བྱེད་པ་དེ་དག་དང་ལྡན་གྱི། བརྗོད་པར་བྱ་བ་གང་ཡིན་པ་དང་མ་ཡིན་ནོ། །རྒྱུ་མཐུན་པ་ལས་བྱུང་བ་དང་༑ མ་བསྒྲིབས་ལ་ལུང་དུ་བསྟན་པ་མིན་པ་གསུམ་ཡིན་པ་དེ་བཞིན་སྐལ་མཉམ་དེ་ནི་རྒྱུ་མཐུན་པ་ལས་བྱུང་བ་འབའ་ཞིག་མ་ཡིན་གྱི་རྣམ་པར་སྨིན་པ་ལས་བྱུང་བའང་ཡིན་ལ། ཁམས་གསུམ་པ་སྟེ་འདོད་གཟུགས་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །ཐོབ་པ་རྣམས་ནི་རྣམ་པ་གཉིས་ཏེ། རྒྱུ་མཐུན་དང་རྣམ་སྨིན་ལས་སྐྱེས་པ་དག་གོ །མཚན་ཉིད་རྣམས་ཀྱང་ཐོབ་པ་བཞིན་རྣམ་པ་གཉིས་སོ། །སེམས་མེད་པའི་སྙོམས་འཇུག་གཉིས་དང་མི་ལྡན་པ་དག་རྒྱུ་མཐུན་ཁོ་ན་ལས་བྱུང་བའོ། །སྔར་རྒྱུ་དང་རྐྱེན་དག་མེད་པར་ནི་སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན་ཞེས་བཤད་པའི་རྒྱུ་རྣམས་ནི་གང་། རྐྱེན་རྣམས་ནི་གང་ཞེ་ན། བྱེད་པའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་༑ རྣམ་པར་སྨིན་པའི་རྒྱུ་དང་བཅས་པའོ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད་དོ། །རིམ་པ་བཞིན། རང་གི་ངོ་བོ་ལས་གཞན་པའི་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུ་ཡིན་ཏེ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཆོས་ལྷན་ཅིག་ཏུ་འབྱུང་བ་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་ཇི་ལྟ་བུ་ཞེ་ན༑ འབྱུང་བ་ཆེན་པོ་བཞི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞིན་ནམ། སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ཡིན་པ་དང་། དེ་དག་ཀྱང་སེམས་ཀྱི་ཡིན་པ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའི་ཡིན་ལ། དེ་ཡང་དེ་དག་གི་ཡིན་པ་བཞིན། དེ་ལྟར་ན་འདུས་བྱས་ཐམས་ཅད་ནི་ཅི་རིགས་པར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་ནོ། །སེམས་ཀྱི་རྗེས་སུ་འཇུག་པའི་མཚན་གཞི། སེམས་ལས་བྱུང་བ་ཐམས་ཅད་དང་། བསམ་ཟག་གི་སྡོམ་པ་གཉིས་དང་། སེམས་དང་སེམས་དེ་དག་གི་སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །འཇུག་ཚུལ་ནི། དུས་དང་ནི་སེམས་དང་སྐྱེ་གནས་འགག་པ་གཅིག་པ་ཉིད་དང་། དུས་ལྷན་ཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ། །འབྲས་བུ་སོགས་པས་ནི། འབྲས་བུ་དང་རྣམ་སྨིན་རྒྱུ་མཐུན་ལྷན་ཅིག་པ་ཉིད་ཀྱིས་ཏེ། དགེ་བ་ལ་སོགས་པ་གསུམ་གྱིས་སེམས་ལ། དགེ་མི་དགེ་ལུང་དུ་མ་བསྟན་པ་ཉིད་ཀྱིས་སོ༑ །དེ་ལྟར་རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །དེ་ལ་སེམས་ནང་ན་ཉུང་བ་ནི་ཆོས་ལྔ་བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ས་མང་པོ་པ་བཅུ། དེ་དག་གི་མཚན་ཉིད་བཞི་བཅུ། རང་གི་མཚན་ཉིད་དང་མཐུན་པའི་མཚན་ཉིད་བརྒྱད་ཀྱི་ཡིན་ལ། དེའི་ལྷན་ཅིག་འབྱུང་བའི་རྒྱུ་ནི་རང་གི་མཐུན་པའི་མཚན་ཉིད་བརྒྱད་མ་གཏོགས་པའི་ཆོས་ལྔ་བཅུ་རྩ་བཞིའོ༑ །སྐལ་བ་དང་མཉམ་པའི་རྒྱུ་ནི་ཆོས་འདྲ་བ་རྣམས་སོ། །དགེ་བའི་ཕུང་པོ་དག་ནི་དགེ་བ་རྣམས་ཀྱི་ཡིན་པ་བཞིན། ཉོན་མོངས་པ་ཅན་རྣམས་དང་། ལུང་མ་བསྟན་རྣམས་ཀྱང་རང་རང་རྣམས་ཀྱི་ཡིན་ནོ། །འདྲ་བ་ཐམས་ཅད་ཡིན་ནམ་ཞེ་ན་མིན་ཏེ། འདི་ལ་རང་གི་རིས་དང་ས་ཡོད་པའོ། །རིས་ལྔ་སྟེ། མཐོང་སྤང་། སྒོམ་སྤང་། འདོད་སྤྱོད། བསམ་གཏན་དང་པོ། དེ་ནས་སྲིད་རྩེའི་བར་དག་བསྡོམས་པའོ། །ས་ནི་དགུ་སྟེ་འདོད་ཁམས་བསམ་གཏན་གཟུགས་མེད་བརྒྱད་དོ། །དེ་ལ་སྔར་སྐྱེ་བ་རྣམས་ཕྱི་མ་བསྐྱེད་པ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །སྐལ་མཉམ་རང་གི་ས་པར་ངེས་སམ་ཞེ་ན་ཟག་བཅས་ལ་ངེས་སོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་བསམ་གཏན་བཞི། གཟུགས་མེད་གསུམ་སྟེ་ས་དགུའི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དེ་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེ་དག་ཏུ་གཏོགས་པ་མ་ཡིན་ཏེ། དེ་བས་ས་གཞན་པའི་རིས་མཐུན་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དེ་ཡང་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་གྱི་ཆུང་ངུའི་རྒྱུ་ནི་མ་ཡིན་ནོ། །མཉམ་པ་དང་ཁྱད་པར་ཅན་ཡང་ཅི་ཞིག་ན། དབང་པོ་དང་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་སོ། །དེ་ལམ་ཁོ་ནའི་དབང་དུ་བྱས་སམ་ཞེ་ན་མིན་ཏེ། འཇིག་རྟེན་པ་དག་ཀྱང་སྦྱོར་བ་ལས་བྱུང་བའི་ཡོན་ཏན་དེ་དག་ཀྱང་མཉམ་པ་དང་། ཁྱད་པར་ཅན་དེ་གཉིས་དེ་ཁོ་ནའི་རྒྱུ་ཡིན་གྱི། དམན་པ་རྣམས་ཀྱི་མ་ཡིན་ནོ། །སྦྱོར་བྱུང་གང་ཐོས་དང་བསམ་བྱུང་ལ་སོགས་པ་སྒོམ་པ་ལས་བྱུང་བ་བསྡུས་སོ། །མཚུངས་ལྡན་རྒྱུ་ནི་གང་ཞེ་ན། སེམས་དག་དང་སེམས་ལས་བྱུང་བའི་ནང་ནས་གང་དག་ལ་རྟེན་མཚུངས་པ་ཡོད་པའི་སེམས་དང་སེམས་ལས་བྱུང་བ་ཅན་རྣམས་སོ། །དེ་དག་ནི་ཕན་ཚུན་དེ་མཚུངས་པར་ལྡན་པའི་རྒྱུ་ཡིན་ནོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོའི་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དག་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་ཀྱིའང་ཡིན་པ་ལྟ་བུ། མཚུངས་ལྡན་གྱི་རྒྱུ་གང་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ཞིང་། དེ་གཉིས་ཀྱི་ཁྱད་པར་ཡང་ཕན་ཚུན་འབྲས་བུའི་དོན་གྱིས་ན་ལྷན་ཅིག་འབྱུང་བའི་རྒྱུར་དང་། མགྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་བ་བཞིན། མཚུངས་པ་ལྔས་མཚུངས་པར་ལྡན་པའི་དོན་གྱིས་ན་མཚུངས་ལྡན་གྱི་རྒྱུར་བཞག་གོ །མགྲོན་པོ་དེ་དག་དེ་ཉིད་ཟས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའི་བྱ་བ་འདྲ་བ་སྦྱོར་བ་ཡིན་ནོ། །གཅིག་མེད་ན་ཡང་ཐམས་ཅད་མཚུངས་པར་མི་ལྡན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱ་བ་གང་ཞེ་ན། རང་གི་ས་པའི་ཉོན་མོངས་པ་ཅན་གྱི་ཆོས་སྔར་སྐྱེས་པ་རྣམས་ཉོན་མོངས་པ་ཅན་གྱི་ཆོས་ཕྱི་མ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །ཀུན་འགྲོ་ཉོན་མོངས་པ་ལྔ་འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་སམ། རིས་གཞན་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་སྐལ་མཉམ་གྱི་རྒྱུ་ལས་ལོགས་ཤིག་ཏུ་བཞག་གོ །རྣམ་པར་སྨིན་པའི་རྒྱུ་ནི་མི་དགེ་བ་རྣམས་དང་། དགེ་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཁོ་ན་སྟེ། རྣམ་པར་སྨིན་པའི་ཆོས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལུང་མ་བསྟན་རྣམས་མ་ཡིན༑ སྟོབས་ཆུང་བའི་ཕྱིར་ཏེ་ས་བོན་རུལ་པ་བཞིན་ནོ། །ཟག་པ་མེད་པ་ཡང་མ་ཡིན། སྲེད་པས་མངོན་པར་མ་བརླན་པའི་ཕྱིར་ཏེ། མངོན་པར་མ་བརླན་པའི་ས་བོན་གྲུང་པོ་བཞིན༑ རྣམ་པར་སྨིན་པ་ཞེས་བྱ་བ་ཡང་མི་འདྲ་བར་སྨིན་པས་རྣམ་པར་སྨིན་པ་ཞེས་བཞག་གོ །རྒྱུ་དེ་དག་གི་དུས་ངེས་པ་མདོར་བྱས་པ། ཀུན་འགྲོ་དང་སྐལ་མཉམ་དུས་གཉིས་པ་སྟེ་འདས་པ་དང་ད་ལྟར་བྱུང་བ་ཁོ་ན་ཡིན་གྱི། མ་འོངས་པ་དག་ནི་མེད་དོ། །ལྷན་ཅིག་འབྱུང་རྒྱུ། མཚུངས་ལྡན། རྣམ་སྨིན་གསུམ་པོ་དག་ནི་དུས་གསུམ་པ་ཡིན་ནོ༑ །བྱེད་རྒྱུའི་རྒྱུའི་དུས་མ་བསྟན་པས་དུས་ཐམས་ཅད་པ་དང་། དུས་མེད་པར་ཡང་རིག་པར་བྱའོ། །རྒྱུ་དེ་དག་གང་ཡིན་པའི་འབྲས་བུ་ཅི་ཞེ་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་བྲལ་བ་དང་བཅས་པ་འབྲས་བུ་ཡིན་ཏེ། བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སོ་སོར་བརྟགས་པས་འགོག་པའོ་ཞེས་འབྱུང་བས་སོ། །དེ་ལྟ་ན་འདུས་མ་བྱས་འབྲས་བུ་ཡིན་ཕྱིར་དེ་གང་གི་འབྲས་བུ་ཡིན་པའི་རྒྱུར་ཡང་འགྱུར་ལ། རྒྱུ་ཡིན་པའི་ཕྱིར་དེ་གང་གི་རྒྱུ་ཡིན་པའི་འབྲས་བུར་ཡང་འགྱུར་བ་འདི་གང་ལ་ཞེ་ན། རྒྱུ་འབྲས་དག་འདུས་བྱས་ཁོ་ན་ལ་ཡིན་གྱི། འདུས་མ་བྱས་ལ་དེ་དག་མེད་དོ། །དེའི་ཕྱིར་རྒྱུ་དྲུག་ལས་མི་སྲིད་པ་དང་། འབྲས་བུ་ལྔ་ལས་མི་སྲིད་དོ། །ལམ་བྲལ་བའི་བྱེད་རྒྱུའི་རྒྱུར་མི་འདོད་པ་ཅི་ཞེ་ན༑ འདི་ལྟར་དེ་ནི་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་རྣམ་པར་བཞག་པ་ཡིན་ན་འདུས་མ་བྱས་ནི་སྐྱེ་བ་དང་ལྡན་པ་མ་ཡིན་ནོ། །འོ་ན་དེ་གང་གི་འམ། ཇི་ལྟར་ན་འབྲས་བུ་ཡིན་ཞེ་ན། ལམ་གྱི་འབྲས་བུ་ཡིན་ཏེ་དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །འོ་ན་ནི་དེ་ཁོ་ན་ལ་ནུས་པའི་ཕྱིར་ཐོབ་པ་ཁོ་ན་ལམ་གྱི་འབྲས་བུ་ཡིན་གྱི་བྲལ་ནི་མ་ཡིན་ནོ་ཞེ་ན། ཐོབ་པ་ལ་ཡང་དེའི་ནུས་པ་གཞན་ལ་བྲལ་བ་ལ་ཡང་གཞན་ཏེ། ཐོབ་པ་ལ་དེ་ཇི་ལྟར་ནུས་ཞེ་ན་བསྐྱེད་བའི་ཕྱིར་རོ། །བྲལ་བ་ལ་ཇི་ལྟར་ཞེ་ན་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་རེ་ཞིག་ལམ་ནི་འདིའི་རྒྱུ་མ་ཡིན་ཞིང་༑ བྲལ་བ་ནི་འདིའི་འབྲས་བུ་ཡིན་ནོ། །འདུས་བྱས་དེ་དག་ལས་གང་གི་རྒྱུ་གང་ཡིན་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི། རྒྱུ་དྲུག་ལས་ཐ་མའི་ཡིན་ལ། བདག་པོའི་འབྲས་བུ་ནི་དང་པོའི་ཡིན། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི་འདི་གཉིས་རྒྱུ་དང་དེའི་འབྲས་བུ་ཡིན་པའི་ཕྱིར་དང་། སྐྱེས་བུའི་ངོ་བོ་ལས་མི་གཞན་པའི་ཕྱིར། སྐྱེས་བུ་བྱེད་པ་ནི་སྐྱེས་བུ་ཉིད་ཡིན་ལ༑ དེའི་འབྲས་བུ་ནི་སྐྱེས་བུ་བའོ། །དེ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་ཡིན་ལ། ཆོས་གང་གི་བྱེད་པ་གང་ཡིན་པ་དེ་སྐྱེས་བུའི་བྱེད་པ་ལྟ་བུ་ནི་སྐྱེས་བུ་བྱེད་པ་སྟེ༑ དཔེར་ན་སྨན་བྱ་རོག་རྐང་དང་། མི་གླང་པོ་ཆེ་མྱོས་པ་ཞེས་བྱ་བ་བཞིན་ནོ། ཅི་གཞན་དག་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་དམ། གཉིས་ཁོ་ནའི་ཡིན་ཞེ་ན་རྣམ་སྨིན་གྱི་རྒྱུ་མ་གཏོགས་གཞན་ལའང་ཡོད་ལ། དེ་ལ་ནི་མེད་དེ། སྐྱེས་བུ་བྱེད་པ་ནི་ལྷན་ཅིག་འབྱུང་བའམ། དེ་མ་ཐག་ཏུ་འབྱུང་བ་ཡིན་ན་རྣམ་སྨིན་ནི་དེ་ལྟ་མིན་པས་སོ། །རྣམ་སྨིན་གྱི་འབྲས་བུ་ནི། རྒྱུ་དགེ་བ་དང་མི་དགེ་བ་ནི་ལུང་དུ་བསྟན་པས། གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང་། དེ་མ་ཐག་ཏུ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་སྟེ་ངོ་བོ་མ་བསྒྲིབས་ལ༑ ལུང་དུ་མ་བསྟན་པའི་ཆོས་སོ། །དེ་སེམས་ཅན་དུ་སྟོན་པར་བརྗོད་དོ། །སེམས་ཅན་དུ་སྟོན་པ་མ་ཡིན་པའི་དོན་ལས་ལས་སྐྱེས་པ་རྣམ་པར་སྨིན་པ་མ་ཡིན་ཞེ་ན་ཐུན་མོང་བའི་ཕྱིར་ཏེ༑ དེ་ནི་གཞན་གྱིས་ཀྱང་དེ་བཞིན་དུ་ཡོངས་སུ་དཔྱད་པར་ནུས་སོ། །རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པ་སྟེ། གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བ་ནི་མེད་པའི་ཕྱིར་རོ། །བདག་པོའི་འབྲས་བུ་ཅིའི་ཕྱིར་མྱོང་ཞེ་ན་ཐུན་མོང་གི་ལས་ལས་བྱུང་བའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་རྒྱུ་དང་འདྲ་བའི་ཆོས་ཡིན་པའོ། །འོ་ན་ཀུན་འགྲོའི་རྒྱུའི་འབྲས་བུ་ཡང་འདྲ་བ་ཡིན་ན་ཅིའི་ཕྱིར་དེ་སྐལ་མཉམ་གྱི་རྒྱུར་མི་འདོད་ཅེ་ན། དེ་ནི་ས་དང་ཉོན་མོངས་པ་ཅན་ལས་འདྲ་བ་ཡིན་གྱི། རྣམ་པ་ལས་ཀྱང་ནི་མ་ཡིན་པས་སོ། །རྣམ་པ་ལས་ཀྱང་འདྲ་ན་སྐལ་མཉམ་དུ་འགྱུར་རོ། །བྲལ་བའི་འབྲས་བུ་ནི་བློ་ཡིས་སོ་སོར་བརྟགས་པས་འགོག་པའམ་ཟད་པའོ། །དེ་ཡང་གང་གི་སྟོབས་ཀྱིས་ཐོབ་པ་དཔེར་ན་ས་འོག་མ་པའི་སྦྱོར་བའི་སེམས་གང་གི་སྟོབས་ཀྱིས་གོང་མ་པའི་ཏིང་ངེ་འཛིན་གང་སྐྱེ་བའི་འབྲས་བུའམ། ཟག་པ་དང་བཅས་པའི་ཟག་པ་མེད་པ་དང་། བསམ་གཏན་གྱི་སེམས་ཀྱི་སྟོབས་ཀྱི་སྤྲུལ་པའི་སེམས་གང་སྐྱེ་བ་དེ་ལྟ་བུ། སྐྱེས་བུའི་བྱེད་པ་ལས་སྐྱེས་པ་ཞེས་བྱ་ལ། སྔོན་བྱུང་མིན་པའི་འདུས་བྱས་ཀྱི་ཆོས་ནི་འདུས་བྱས་ཁོ་ནའི་བདག་པོའི་འབྲས་བུའོ། །རྒྱུ་འདི་དག་ལས་རྒྱུ་གང་ཞིག་དུས་གང་དུ་འབྲས་བུ་འཛིན་ཏམ་འབྱིན་ཞེ་ན༑ ལྔ་པོ་ད་ལྟར་འབྲས་བུ་འཛིན་ཏེ་གཟུང་ཟིན་པའི་འདས་པ་རྣམས་ཀྱང་མ་ཡིན། སྐྱེས་བུ་བྱེད་པ་མ་ཡིན་པའི་ཕྱིར་མི་འོངས་པ་རྣམས་ཀྱང་མ་ཡིན་པའོ། །བྱེད་རྒྱུའི་རྒྱུ་ཡང་འདྲ་མོད་ཀྱི༑ དེ་ནི་འབྲས་བུ་དང་བཅས་པར་མ་ངེས་པས་མ་བརྗོད་དོ། །ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གཉིས་ནི་ད་ལྟར་འབྲས་བུ་རབ་ཏུ་འབྱིན་པར་བྱེད་དེ། འདི་གཉིས་འབྲས་བུ་འཛིན་པ་དང་འབྱིན་པ་དུས་མཉམ་པ་ཁོ་ནའོ། །སྐལ་མཉམ་ཀུན་འགྲོ། ད་ལྟར་གྱི་དང་འདས་པ་དག་གི་འབྲས་བུ་འབྱིན་པར་བྱེད་དོ། །རྣམ་སྨིན་གྱི་རྒྱུ་གཅིག་གིས་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་པར་འགྱུར། ཆོས་གང་། རྒྱུ་དུ་དག་གིས་བསྐྱེད་ཅེ་ན། ཆོས་ནི་རྣམ་པ་བཞི་སྟེ། ཉོན་མོངས་པ་ཅན་རྣམས་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང་༑ ཟག་པ་མེད་པའི་དང་པོ་རྣམས་དང་། དེ་དག་གི་ལྷག་མ་རྣམས་སོ། །ལྷག་མ་ཡང་རྣམ་སྨིན་མ་གཏོགས་པའི་ལུང་མ་བསྟན་རྣམས་དང་། ཟག་པ་མེད་པའི་སྐད་ཅིག་མ་དང་པོ་མ་གཏོགས་པའི་འཕགས་ཆོས་དང་དགེ་བ་ཟག་བཅས་རྣམས་སོ། །རིམ་པ་བཞིན་ཉོན་མོངས་ཅན་རྣམས་རྣམ་སྨིན་གྱི་རྒྱུ་མ་གཏོགས་ལྷག་མ་ལྔ་ལས་སྐྱེའོ། །རྣམ་སྨིན་ལས་སྐྱེས་པ་རྣམས་ནི་ཀུན་འགྲོ་མ་གཏོགས་པ་ལྔ་ལས་ཆོས་ལྷག་མ་རྣམས་ནི་རྣམ་སྨིན་ཀུན་འགྲོ་དེ་གཉིས་མ་གཏོགས་པ་བཞི་ལས། ཟག་མེད་དང་པོ་རྣམས་ནི་དེ་གཉིས་དང་སྐལ་མཉམ་མ་གཏོགས་པའི་གསུམ་ལྷག་ལས་སྐྱེའོ༑ །ཆོས་བཞི་པོ་དེ་ཡང་སེམས་དང་སེམས་ལས་བྱུང་བ་ཡིན་ལ། སེམས་དང་ལྡན་པ་མ་ཡིན་པ་དང་གཟུགས་ཅན་གྱི་ཆོས་དེ་དག །མཚུངས་ལྡན་གཅིག་པོ་མ་གཏོགས་པ་གཞན་ལྔ་ལས་སྐྱེ་བ་སེམས་དང་སེམས་ལས་བྱུང་བ་དེ་བཞིན་ནོ། །རྐྱེན་གང་ཞེ་ན་ནི་བཞི་པོ་དག་ཏུ་གསུང་སྟེ་མདོ་ལས། རྐྱེན་ཉིད་ནི་བཞི་སྟེ། རྒྱུའི་རྐྱེན་ཉིད་དང་། དེ་མ་ཐག་པའི་རྐྱེན་ཉིད་དང་༑ དམིགས་པའི་རྐྱེན་ཉིད་དང་། བདག་པོའི་རྐྱེན་ཉིད་དོ་ཞེས་པས་སོ། །རྐྱེན་དུ་འདྲ་བ་ནི་རྐྱེན་ཉིད་དོ། །དེ་ལ་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན་ཏེ། བྱེད་རྒྱུ་བཞག་པའོ། དགྲ་བཅོམ་པའི་ཐ་མ་མ་གཏོམས་པ་སེམས་དང་སེམས་བྱུང་སྐྱེས་པ་སྔ་མ་གཞན་དག་གི་བར་མ་ཆོད་པ་རྣམས་ནི་མཚུངས་པའང་ཡིན་ལ། དེ་མ་ཐག་པའང་ཡིན་པས་མཚུངས་པ་དེ་མ་ཐག་རྐྱེན་ནོ། །དམིགས་པའི་རྐྱེན་ནི་ཡུལ་ལྔ་དང་ཆོས་ཐམས་ཅད་དོ། །ཆོས་གང་ཞིག་ཆོས་གང་གི་དམིགས་པ་ཡིན་པའི་ཆོས་དེ་ནི་མི་དམིགས་ཀྱང་མཚན་ཉིད་ཡིན་པའི་ཕྱིར་ནམ་ཡང་དམིགས་པ་མ་ཡིན་པ་མ་ཡིན་ཏེ༑ དཔེར་ན་ཤིང་ལ་སོགས་པ་མི་སྲེག་ཀྱང་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་བུད་ཤིང་ཞེས་བྱ་བ་ལྟ་བུའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་སྐྱེ་མཆེད་དང་རྫས་དང་སྐད་ཅིག་མ་ངེས་པས་དམིགས་པ་ལ་བདག་ཉིད་ཇི་ལྟ་བར་ངེས་པ་འདི་དག་ཅི་རྟེན་ངེས་པས་ཀྱང་ངེས་པ་ཞིག་ཡིན་ནམ་ཞེ་ན་དེ་བཞིན་ཏེ། སྐྱེས་པ་རྣམས་ནི་རྟེན་དང་ལྷན་ཅིག་པ་དག་ཡིན། མ་སྐྱེས་པ་དང་འདས་པ་རྣམས་ནི་རྟེན་དང་མ་འབྲེལ་བ་དག་ཡིན་ནོ། །བྱེད་རྒྱུ་ཞེས་བྱ་བ་ནི་བདག་པོའི་རྐྱེན་དུ་བཤད་དོ། །རྐྱེན་འདི་ནི་ལྷག་པ་ཡིན་པས་བདག་པོའི་རྐྱེན་ཏེ། དམིགས་རྐྱེན་ཆོས་ཐམས་ཅད་ཡིན་ལ། བདག་རྐྱེན་ཡང་རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་ཡིན་ན་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དང་པོ་ནི། དམིགས་པ་པོར་མི་རུང་། ཕྱི་མ་རུང་བས་སོ། །རྐྱེན་དེ་དག་བྱ་བ་བྱེད་པ་ན་གནས་སྐབས་གང་གི་ཆོས་ལ་བྱེད་ན། རྒྱུའི་རྐྱེན་སྔར་བཤད་པ་ལས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་འགག་པ་ལ་བྱ་བ་བྱེད་དོ༑ །འགག་པ་ནི་ད་ལྟ་བ་སྟེ་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གསུམ་པོ་ནི་མ་འོངས་པ་སྟེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལའོ། །དེ་ལས་གཞན་པའི་རྐྱེན་དག་བྱེད་པའི་ཚུལ་གཉིས་སུ་བྱས་ནས་བཤད་པ་དེ་ལས་ཟློག་པ་ཡིན་ཏེ། མཚུངས་པ་དེ་མ་ཐག་རྐྱེན་གྱིས་སྐབས་འབྱེད་པའི་ཕྱིར། སྐྱེ་བ་ལ་བྱ་བ་བྱེད་དོ། །དམིགས་རྐྱེན་ནི་ད་ལྟར་གྱི་སེམས་སེམས་ལས་བྱུང་བ་རྣམས་ཀྱི་འཛིན་པའི་ཕྱིར་འགག་པ་ལ་བྱ་བ་བྱེད། བདག་རྐྱེན་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་འདིའི་བྱ་བ་འདི་ཉིད་ཡིན་ནོ། །ཆོས་གང་ཞིག་རྐྱེན་དུ་ཞིག་གིས་བསྐྱེད་ན། བཞི་ཡིས་སེམས་དང་སེམས་བྱུང་རྣམས་སོ། །དམིགས་རྐྱེན་བཞག་པའི་གསུམ་གྱིས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་སོ༑ །གཞན་ལྡན་པ་མ་ཡིན་པ་དང་གཟུགས་ཅན་རྣམས་ནི་རྒྱུའི་དང་བདག་པོའི་རྐྱེན་གཉིས་པོ་དག་ལས་སྐྱེས་སོ། །རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་འདུས་བྱས་དག་སྐྱེ་ཡི། དབང་ཕྱུག་དང་སོགས་པ་སྐྱེས་བུ་དང་། གཙོ་བོ་སོགས་ལས་བྱུང་བ་མིན་ནོ། །གཏན་ཚིགས་ཅིས་ན། རིམ་པའི་ཕྱིར་གལ་ཏེ་དབང་ཕྱུག་གམ་གཞན་ཡང་རུང་སྟེ། རྒྱུ་གཅིག་པུ་ཁོ་ན་ཞིག་ཡིན་ན་འགྲོ་བ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་འགྱུར་བ་ཞིག་ན་དངོས་པོ་རྣམས་རིམ་གྱིས་འབྱུང་བར་སྣང་ངོ་སོགས་ནི། འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག །འདི་ནི་འགག་པར་གྱུར་ཅིག །འདི་ནི་ཕྱིས་སྐྱེ་བར་གྱུར་ཅིག་ཅེས་དབང་ཕྱུག་གི་འདོད་པའི་དབང་གིས་ཡིན་ན་འདོད་པ་ཐ་དད་པའི་ཕྱིར་རྒྱུ་གཅིག་དུ་མར་འགྱུར་ལ། འདོད་པ་ཐ་དད་པ་དེ་དག་ཀྱང་དེའི་རྒྱུ་དབང་ཕྱུག་ལ། ཐ་དད་པ་མེད་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ། །འོན་ཏེ་རྒྱུ་གཞན་ལ་བལྟོས་ན་ནི་དབང་ཕྱུག་རྒྱུ་མ་ཡིན་པ་ནི་ཁོ་ནར་འགྱུར་ལ། དེ་དག་ཀྱང་རིམ་གྱིས་སྐྱེ་བ་ལ་རྒྱུ་གཞན་གྱི་བྱེ་བྲག་ལ་བལྟོས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་བས། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱེ་བྲག་མཐའ་ཡས་པ་ཐོག་མ་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར། དབང་ཕྱུག་གི་རྒྱུར་མོས་པ་འདི་ནི་ཤཱཀྱའི་སྲས་པོའི་ལུགས་ཁོ་ན་ལས་མ་འདས་པ་ཡིན་ནོ། །ཞེས་སོགས་ཀྱིས་དགག་པའོ། །གཉིས་པོ་དག་ལས་སྐྱེ་ཞེས་ཇི་ལྟར་ན། དེ་རྣམས་ཀྱི་རྒྱུ་འབྱུང་བ་རྣམས་ཡིན་ཞེ་ན་རྣམ་པ་གཉིས་ཀྱིས་ཏེ། སྐལ་མཉམ་དང་ལྷན་ཅིག་འབྱུང་བས་སོ། །ཅིས་འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ཡིན་ཞེ་ན། རྣམ་པ་ལྔ་སྟེ། ལྔ་ནི། བསྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང་༑ །སྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་བྱེད་པའི་རྒྱུ་ཁོ་ན་ལྔར་ཕྱེའོ། །འབྱུང་འགྱུར་ལྷན་ཅིག་འབྱུང་བ་སྐལ་མཉམ། རྣམ་སྨིན་རྣམ་པ་གསུམ་སྟེ། དེ་ལས་ལྷན་ཅིག་འབྱུང་བ་ལུས་ངག་གི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དུ་ཡིན་གྱི། རྒྱུར་བྱས་པའི་གཟུགས་གཞན་ནི་མ་ཡིན་ནོ། །སྐལ་མཉམ་རྒྱུ་ནི་སྔར་བྱུང་བ་ཐམས་ཅད་པའོ། །རྣམ་པར་སྨིན་པའི་རྒྱུ་ནི་ལུས་ངག་གི་ལས་གང་གི་རྣམ་སྨིན་མིག་སོགས་ཡིན་ནོ། །འབྱུང་བ་ལས་གྱུར་པའི་གཟུགས་འབྱུང་བ་རྣམས་ཀྱི་དེ་རྣམ་པར་སྨིན་པ་གཅིག་པུ་རྒྱུ། སེམས་སེམས་བྱུང་བྱེ་བྲག་མེད་པར་མཚུངས་པ་དེ་མ་ཐག་རྐྱེན་དུ་བཤད་ཀྱི། སེམས་གང་གི་འཇུག་ཐོགས་གང་འབྱུང་མ་བཤད་པས་དེ་བརྗོད་པ། དེ་ལ་རེ་ཞིག་མདོར་བསྡུ་ན་སེམས་བཅུ་གཉིས་ཏེ། ཇི་ལྟར་ཞེ་ན། འདོད་པའི་ཁམས་ན་ཡིད་སེམས་བཞི་སྟེ། དགེ་དང་མི་དགེ་དང་། བསྒྲིབས་ལ་ལུང་མ་བསྟན་པ་དང་ནི་མ་བསྒྲིབས་ལུང་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་དག་ན་མི་དགེ་བ་ལས་གཞན་པ་གསུམ་ཡོད་དེ་བཅུ་ཟག་བཅས་ཀྱི་སེམས། ཟག་མེད་སློབ་པ་དང་མི་སློབ་པ་གཉིས་དང་བཅུ་གཉིས་སོ། །འདོད་སེམས་དགེ་བ་ལས་དེའི་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། རང་གི་ས་པ་བཞི་གཟུགས་ན་སྤྱོད་པ་གཉིས་ཏེ་སྙོམས་པར་འཇུག་ཚེ་དགེ་བ། ཉིང་མཚམས་སྦྱོར་ཚེ་བསྒྲིབས་པའོ། །གཟུགས་མེད་སྤྱོད་པ་ནི་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་ཁོ་ན། གཟུགས་མེད་ན་སྤྱོད་པ་དེ་འདོད་པའི་ཁམས་ནས་བཞི་རིང་བ་སྟེ་རྟེན་རྣམ་དམིགས་གཉེན་པོས་སོ། །སློབ་པ་དང་མི་སློབ་པས་དགུའོ། །འདོད་པའི་དགེ་སེམས་དེ་ནི་བརྒྱད་ཀྱི་མཇུག་ཐོགས་ཁོ་ན་ལ་འབྱུང་སྟེ༑ རང་གི་ས་པ་བཞི་དང་གཟུགས་སྤྱོད་གཉིས་ལས་ལྡང་བའི་ཚེ་དགེ་བ། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བས་འོག་མའི་དགེ་བ་ལ་བརྟེན་པའི་ཕྱིར་བསྒྲིབས་པ། ལྡང་བའི་ཚེ་སློབ་པ་དང་མི་སློབ་པ་དག་ལས་སོ། །འདོད་པར་ཉིང་མཚམས་སྦྱོར་ན་གཟུགས་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་རྗེས་སུ་མི་དགེ་བའི་སེམས་བཅུས་དེ་ལས་མཇུག་ཐོགས་སུ་རང་རང་གི་ས་པ་བཞི་སྟེ། བསྒྲིབས་དེ་བཞིན་མི་དགེ་བའི་བཅུ་པོ་ཁོ་ནའི་མཇུག་ཐོགས་སུ་བཞི་ཁོ་ན། འདོད་པ་ན་མ་བསྒྲིབས་པ་ལྔ་དག་ལས་མཇུག་ཐོགས་སུ་རང་གི་ས་པ་བཞི། གཟུགས་ཀྱི་དགེ་བ་ལས་སྤྲུལ་པའི་སེམས་སོ། །དེ་ལས་མཇུག་ཐོགས་ལ་འདོད་པའི་མ་བསྒྲིབས་ལུང་མ་བསྟན་ལས་ནི་རང་གི་ས་པ་བཞི་གཟུགས་སྤྱོད་གཉིས་ཏེ་སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ། ཉིང་མཚམས་སྦྱོར་ཚེ་ཉོན་མོངས་ཅན། ཉིང་མཚམས་སྦྱོར་ཚེ་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་ཅན་སེམས་དེ་བདུན་ནོ། །གཟུགས་ན་དགེ་བའི་སེམས་ལས༑ མཇུག་ཐོགས་སུ་སེམས་བཅུ་གཅིག་སྟེ། གཟུགས་ན་སྤྱོད་པའི་དགེ་སེམས་དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་སྤྱོད་ཉོན་མོངས་པ་ཅན་གཉིས་དང་། གཟུགས་མེད་ན་སྤྱོད་པའི་མ་བསྒྲིབས་པ་མ་གཏོགས་པའོ། །གཟུགས་ན་བསྒྲིབས་པ་ལུང་མ་བསྟན་བརྒྱད་ལས་ཏེ། འདོད་སྤྱོད་ཉོན་མོངས་ཅན་གཉིས་དང་། སློབ་མི་སློབ་གཉིས་མ་གཏོགས་པའོ། །དེ་ལས་དྲུག་སྟེ་རང་གི་ས་པ་གསུམ། འདོད་པ་ན་སྤྱོད་པའི་མ་བསྒྲིབས་པ་མ་གཏོགས་པའོ། །གཟུགས་ཀྱི་མ་བསྒྲིབས་པ་ནི་གསུམ་འབྱུང་སྟེ། རང་གི་ས་པ་དག་ཁོ་ན་ལས་སོ། །དེ་ལས་དྲུག་སྟེ་རང་གི་ས་པ་གསུམ་འདོད་པ་གཟུགས་མེད་ཀྱི་ཉོན་མོངས་ཅན་ནོ། །གཟུགས་ཀྱི་མ་བསྒྲིབས་པ་ཇི་ལྟར་གཟུགས་མེད་པའང་དེ་ཡི་ཚུལ་ལོ། །གཟུགས་མེད་ཀྱི་དགེ་བ་ལས་སེམས་དགུ་སྤྱོད་དེ། འདོད་པའི་དགེ་བ་དང་། མ་བསྒྲིབས་པ། གཟུགས་ཀྱི་མ་བསྒྲིབས་པ་མ་གཏོགས་སོ། །དེ་དྲུག་གི་གཟུགས་མེད་ན་སྤྱོད་པའི་དགེ་བ་ནི་རང་གི་ས་པ་གསུམ། གཟུགས་ཀྱི་དགེ་བ་དང་། སློབ་མི་སློབ་དག་ལས་སོ། །གཟུགས་མེད་ཀྱི་བསྒྲིབས་པ་ལས་བདུན་ཏེ་རང་གི་ས་པ་གསུམ། གཟུགས་སྤྱོད་དགེ་བ་དང་། བསྒྲིབས་པ། འདོད་སྤྱོད་ཉོན་མོངས་ཅན་གཉིས་སོ༑ །དེ་ཡང་དེ་བཞིན་བདུན་ཁོ་ན་ལས་འབྱུང་སྟེ། འདོད་གཟུགས་ཀྱི་ཉོན་མོངས་རྣམས་དང་། སློབ་མི་སློབ་དག་མ་གཏོགས་སོ། །སློབ་པ་ཁམས་གསུམ་པའི་དགེ་བ་དང་སློབ་པ་བཞི་ལས་སོ། །མི་སློབ་པ་ནི་སྔར་གྱི་བཞི་དང་མི་སློབ་པ་ལྔ་ལས་སོ། །མི་སློབ་པའི་སེམས་དེ་ལས་མཇུག་ཐོགས་སུ་སེམས་ནི་བཞི་དག་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་དང་མི་སློབ་པའོ༑ །སེམས་བཅུ་གཉིས་དེ་དག་ཉི་ཤུར་ཡང་བཤད་དེ། ཇི་ལྟར་བྱས་ཏེ་ཞེ་ན་ཁམས་གསུམ་པོ་དག་ཏུ་སྐྱེས་ནས་ཐོབ་པ་དང་། སྦྱོར་ལས་བྱུང་བའི་དགེ་བའི་སེམས་རྣམ་པ་གཉིས་སུ་ཕྱེ་ནས་སོ། །རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་སེམས་དང་བཞིར་དབྱེ་བ་ནི་འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལུང་བསྟན་མིན་རྣམ་པ་བཞིའོ། །གཟུགས་ན་རྣམ་པ་གསུམ་དབྱེ་སྟེ་བཟོ་མ་གཏོགས་པའོ། །དེ་ལྟར་དགེ་བ་དྲུག །མ་བསྒྲིབས་ལུང་བསྟན་མིན་པ་ལ་བདུན་དུ་ཕྱེ་ནས་ཉི་ཤུར་འགྱུར་རོ། །བཅུ་གཉིས་བཤད་པའི་སེམས་གང་ལས་དུ་ཞིག་རྙེད་ན། ཁམས་གསུམ་པའི་ཉོན་མོངས་ཅན་ཞེས་སྤྱིར་བསྟན། བྱེ་བྲག་ཕྱེ་ན། འདོད་པའི་ཉོན་མོངས་ཅན་སེམས་མངོན་དུ་གྱུར་ན། སེམས་དྲུག་པོ་འདི་དག་དང་མི་ལྡན་པ་ལས་རྙེད་དེ། ཐེ་ཚོམ་གྱིས་དགེ་བའི་རྩ་བའི་ཉིང་མཚམས་སྦྱོར་བ་དང་། ཁམས་སུ་སླར་ལྡོག་པ་ལས་འདོད་ཁམས་ཀྱི་དགེ་བ་ཁམས་སུ་སླར་ལྡོག་པ་དང་ཡོངས་སུ་ཉམས་པ་ལས་མི་དགེ་བ་དང་། བསྒྲིབས་ལ་ལུང་བསྟན་མིན་པ་དག་དང་། གཟུགས་སྤྱོད་ཉོན་མོངས་ཅན་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་སྤྱོད་པའི་ཉོན་མོངས་ཅན་དང་སློབ་པའོ༑ །གཟུགས་ཀྱི་ཉོན་མོངས་ཅན་ལ་ཡང་དྲུག་རྙེད་དེ། ཁམས་སུ་སླར་ལྡོག་པ་ལས་གཟུགས་ན་སྤྱོད་པ་གསུམ། འདོད་སྤྱོད་མ་བསྒྲིབས་པ། ཡོངས་སུ་ཉམས་པ་ལས་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་ཅན་དང་སློབ་པའོ། །གཟུགས་མེད་ཀྱི་ཉོན་མོངས་ཅན་ལ་ནི་གཉིས་རྙེད་དེ། ཡོངས་སུ་ཉམས་པ་ལས་ཉོན་མོངས་ཅན་ཉིད་དང་སློབ་པའོ། །གཟུགས་ན་སྤྱོད་པ་ལ་སྐྱེས་པའི་དགེ་བ་ལ། དེའི་དགེ་བ་དེ་ཉིད་དང་འདོད་གཟུགས་ཀྱི་མ་བསྒྲིབས་པ་གསུམ་དག་གོ །སློབ་པ་ལ་བཞི་སྟེ། སློབ་པ་དེ་ཉིད་དང་། འཕགས་པའི་ལམ་གྱིས་འདོད་གཟུགས་ལ་ཆགས་བྲལ་བྱེད་ན་འདོད་གཟུགས་ཀྱི་མ་བསྒྲིབས་ལུང་མ་བསྟན་དག་དང་། གཟུགས་མེད་པའི་དགེ་བའོ། །ལྷག་མ་དེའི་སེམས་གང་ལ་རྙེད་པ་མ་བཤད་པ་དེ་ལ་ནི་དེ་ཉིད་རྙེད་པ་བལྟ་བ་བྱའོ། །དེ་ཡང་༑ ཉོན་མོངས་ཅན་ཀྱི་སེམས་ལ་ནི། །མཁས་པ་རྣམས་ཀྱིས་དགུ་རྙེད་བརྗོད། །དགེ་བའི་སེམས་ལ་བདུན་ཡིན་ཏེ། །ལུང་མ་བསྟན་ལ་དེ་ཉིད་དོ། །ངེས་འཇུག་དགྲ་བཅོམ་ཉིད་ཀྱི་ཚེ༑ །སློབ་པ་དང་ནི་མི་སློབ་པའོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ།། །། གསུམ་པ་འཇིག་རྟེན་བསྟན་པ་ལ༑ འཇིག་རྟེན་ཁམས་གསུམ་དུ་རྣམ་པར་གཞག །དེ་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ལེགས་པར་བཤད་པ་གཉིས་ལས་དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་སྟེ། །རྒྱལ་ཆེན་བཞི་པ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ་བ། དགའ་ལྡན་པ། འཕྲུལ་དགའ་བ། གཞན་འཕྲུལ་དབང་བྱེད་པའོ། །དེ་དག་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ནི་འདོད་པའི་ཁམས་སུ་བཞག་པ་ཡིན་ནོ། །དེ་ལ་གནས་དུ་ཞིག་ཡོད་ན། དམྱལ་བ་ལ་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་༑ ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། མི་རྣམས་ལ། གླིང་བཞི་སྟེ། ལྷོ་གླིང་། ཤར་གླིང་། བྱང་གླིང་༑ ནུབ་གླིང་དབྱེ་བ་ལས་དེ་ཉི་ཤུའོ། །གོང་མའི་གནས་དག་བཅུ་བདུན་དང་། དེར་གནས་པ་ནི། གཟུགས་ཁམས་ཡིན་ལ། དེར་སོ་སོ་ཡི་བསམ་གཏན་དང་པོའི་ས་ནི་གསུམ་ཏེ་ཚངས་རིས། ཚངས་པའི་མདུན་ན་འདོན། ཚངས་པ་ཆེན་པོའོ། །བསམ་གཏན་གཉིས་པའི་ས་གསུམ་སྟེ། འོད་ཆུང་། ཚད་མེད་འོད། འོད་གསལ་ལོ། །བསམ་གཏན་གསུམ་པའི་ས་ནི་གསུམ་སྟེ། དགེ་ཆུང་། ཚད་མེད་དགེ དགེ་རྒྱས་རྣམས་སོ། །བསམ་གཏན་བཞི་པའི་ས་ནི་བརྒྱད་ཡིན་ཏེ། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ༑ མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་རྣམས་སོ། །ཁ་ཆེ་བ་རྣམས་ན་རེ། བཅུ་དྲུག་ཡིན་ཏེ། ཚངས་པའི་མདུན་ན་འདོན་ཁོ་ན་དག་ན་ཚངས་པ་ཆེན་པོའི་གནས་མཆོག་ཏུ་གྱུར་བ་གཙོ་བོ་གཅིག་པ་ཅན་ཅིག་སྤགས་པ་བཞིན་དུ་མངོན་པར་གྲུབ་ཀྱི་ས་གཞན་ནི་མེད་དོ་ཟེར་རོ། །གཟུགས་མེད་ཁམས་ན་གནས་ཀྱིས་ཕྱེ་བའི་བླ་འོག་ནི་མེད་དོ། །སྐྱེ་བ་ལས་ནི་ཕྱེ་བ་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ༑ །ཇི་སྐད་དུ་ཏིང་ངེ་འཛིན་ཐོབ་པ་རྣམས་ཡུལ་གང་དུ་འཆི་འཕོ་བ་དེ་ཉིད་དུ་སྐྱེ་ལ། ཡང་དེ་ནས་འཆི་འཕོ་བ་རྣམས་ཀྱི་སྲིད་པ་བར་མ་ཡང་དེ་ཉིད་དུ་གྲུབ་པོ། །ཞེས་སོ། །ཇི་ལྟར་གཟུགས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་གཟུགས་ལ་བརྟེན་ནས་འཇུག་པ་དེ་ལྟར་གཟུགས་མེད་པ་དག་ན་ཅི་ལ་བརྟེན་ནས་འཇུག་ཅེ་ན། དེར་ནི་རིས་མཐུན་པ་དང་སྲོག་གི་དབང་པོ་ལ་སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན་ནོ། །འོ་ན། གཟུགས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱང་དེ་གཉིས་ལ་བརྟེན་ནས་འཇུག་པར་མི་འགྱུར་རམ། མིན་ཏེ་སྟོབས་ཆུང་བས་དང་། འདི་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་ཤིང་། སྙོམས་པར་འཇུག་པ་དེ་ཡང་གཟུགས་དང་བྲལ་བའི་འདུ་ཤེས་ཅན་ཡིན་པས་སོ། །འདོད་པ་དང་ལྡན་པའི་ཕྱིར་དང་རང་གི་མཚན་ཉིད་འཛིན་པས་ཁམས་ཏེ་འདོད་ཁམས། གཟུགས་དང་ལྡན་པའི་ཕྱིར་གཟུགས་ཁམས། གང་ན་གཟུགས་རུང་བ་མེད་པས་དེ་དང་ལྡན་པའི་ཁམས་ནི་གཟུགས་མེད་པའི་ཁམས་སོ། །ཅི་ཁམས་གསུམ་ན་སྤྱོད་པ་ཐམས་ཅད་འདོད་པ་སོགས་དང་ལྡན་པ་ཡིན་ནམ་ཞེ་ན་མིན་ཏེ། གང་དག་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དག་རྒྱས་པར་འགྱུར་བའོ། ཇི་སྐད་དུ། ཁམས་གསུམ་གཅིག་ཁོ་ན་ཞིག་ཡིན་ནམ་ཞེ་ན་ཁམས་གསུམ་རྣམས་ལ་མཐའ་མེད་དེ། ནམ་མཁའ་ཇི་ཙམ་པ་འཇིག་རྟེན་གྱི་ཁམས་ཀྱང་དེ་ཙམ་མོ། །དེ་ཉིད་ཀྱི་ཕྱིར་སྔོན་མེད་པའི་སེམས་ཅན་འབྱུང་བ་ཡང་མེད་ལ། སངས་རྒྱས་འབྱུང་བ་རེ་རེས་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་། སེམས་ཅན་རྣམས་ཡོངས་སུ་གཏུགས་པ་མེད་དེ་ནམ་མཁའ་བཞིན་ནོ། །འཇིག་རྟེན་ཁམས་ཇི་ལྟར་གནས་ཞེ་ན། ཐད་ཀར་གནས་ཏེ་སྟེང་དང་འོག་ཅེས་མ་གསུངས་སོ། །གཞན་དག་ན་རེ། སྡེ་པ་གཞན་དག་ལས་འབྱུང་བའི་ཕྱིར་སྟེང་དང་འོག་དག་ནའང་ཡོད་དེ། འོག་མིན་གྱི་གོང་དུ་ཡང་འདོད་པའི་ཁམས་ཡོད་ལ། འདོད་ཁམས་ཀྱི་འོག་ན་ཡང་འོག་མིན་ཡོད་དོ་ཟེར་རོ། །གང་འདོད་པའི་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་ནི་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ཡིན་ཏེ། གཟུགས་དང་གཟུགས་མེད་པ་དག་གིས་ཀྱང་དེ་དག་འདྲའོ། །གཉིས་པ་དེ་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ལེགས་པར་བཤད་པ་ལ། སྐྱེ་བ་བཅུད་ཀྱི་སེམས་ཅན། སྐྱེད་བྱེད་རྟེན་ཅིང་འབྲེལ་འབྱུང་། སྐྱེ་བའི་གནས་སྣོད་ཀྱི་འཇིག་རྟེན་བཤད་པ་གསུམ་ལས་དང་པོ་ནི། ཁམས་གསུམ་པོ་དེར་ནི། དམྱལ་བ་སོགས་འགྲོ་བ་ལྔ། རང་གི་མིང་གིས་བསྟན་པ་དེ་དག་སྐྱེ་ལ། འདོད་པའི་འདོད་ཁམས་དག་ཏུ་ལྔ་ཀ་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་མི་ལྷའོ། །ཁམས་གཉིས་ན་ནི་ལྷའི་འགྲོ་བ་གཅིག་པུའོ། །ཅི་འགྲོ་བ་ལ་མ་གཏོགས་པའི་ཁམས་དག་ཡོད་དམ་ཞེ་ན་ཡོད་དེ། དགེ་བ་དང་ཉོན་མོངས་ཅན། སྣོད་སྲིད་པ་བར་མ་དག་ཁམས་ཡིན་ལ་འགྲོ་བ་མིན་པས་སོ། །འགྲོ་བ་ལྔ་པོ་དག་ནི་ཉོན་མོངས་པ་ཅན་མིན་ཏེ༑ མ་བསྒྲིབས་པའི་ལུང་མ་བསྟན་མིན་ཁོ་ན་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ཡིན་ཀྱང་བར་སྲིད་མིན་ཏེ། གདགས་པ་ལས། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཞེ་ན་སྲིད་པ་བར་མའོ། །ཞེས་སོ། །འགྲོ་བ་ལྔ་པོ་ཁམས་གསུམ་འདིར། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པར་ཡོད་དེ། མི་རྣམས་དང་། འདོད་ལྷ་རྣམས་དང་། བསམ་གཏན་དང་པོ་པ་དང་པོར་བྱུང་བ་མ་གཏོགས་པའོ། །འདི་ནི་རྣམ་པར་ཤེས་པའི་གནས་པ་དང་པོའོ། །ཁ་དོག་དང་རྟགས་དང་དབྱིབས་དུ་མའི་ཕྱིར་ལུས་ཐ་དད་པར་བཞག །བདེ་བ་སྡུག་བསྔལ་བ། བཏང་སྙོམས་པ་འདུ་ཤེས་དུ་མའི་ཕྱིར་འདུ་ཤེས་ཐ་དད་པའོ། །ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ །རྣམ་པར་ཤེས་པས་གནས་པ་གཉིས་པའོ། །དང་པོར་བྱུང་བ་དེ་དག་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ནི་ཚངས་པ་འདིས་ཕྱུང་ངོ་སྙམ་དུ་འདུ་ཤེས་པར་འགྱུར་ལ། ཚངས་པ་ཡང་འདི་སྙམ་དུ་འདི་དག་ནི་བདག་གིས་ཕྱུང་ངོ་སྙམ་དུ་སེམས་པས་འདུ་ཤེས་ཀྱི་རྒྱུ་བ་ཐ་མི་དད་པའི་ཕྱིར་འདུ་ཤེས་གཅིག་པ་དག་ཡིན་ནོ༑ །ཚངས་པ་ཆེན་པོ་ཆུ་ཞེང་དང་དབྱིབས་ཀྱི་ལུས་དང་ཚིག་ཏུ་བརྗོད་པ་དང་གོས་གྱོན་པ་ཡང་གཞན་ཡིན་ལ། དེའི་འཁོར་གྱི་ཡང་གཞན་ཡིན་པས་ན་ལུས་ཐ་དད་པ་དག་ཡིན་ནོ། །དེ་ལས་ཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཡོད་དེ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ། །དེ་དག་ཁ་དོག་རྟགས་དབྱིབས་ཐ་མི་དད་པས་ལུས་གཅིག་པ༑ འདི་དག་དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ནས་ཉེར་བསྡོགས་ལས། བཏང་སྙོམས་ཀྱི་དབང་པོ་མངོན་དུ་བྱེད་ལ། ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱི་དབང་པོས་སྐྱོ་ནས་ནི་དངོས་བཞིའི་ས་ལ་ཡིད་བདེ་བའི་དབང་པོ་མངོན་དུ་བྱེད་པའི་ཕྱིར་འདུ་ཤེས་ཐ་དད་པའོ། །འདི་དགེ་རྒྱས་ལ་ཡང་ཐལ་བར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེ་དག་ནི་བདེ་བ་དེས་ཡོངས་སུ་སྐྱོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་བདེ་བ་དེ་ནི་ཞི་བ་ཡིན་ལ། ཡིད་བདེ་བ་ནི་སེམས་གཡོ་བར་བྱེད་པ་ཡིན་པས་མ་ཞི་བ་ཡིན་པའི་ཕྱིར་རོ། །མདོ་སྡེ་པ། དེ་གཉིས་ཀྱི་མ་ཡིན་གྱི་འོད་གསལ་བའི་ལྷའི་རིས་དེ་ན་སེམས་ཅན་གང་དང་སྐྱེས་ནས་རིང་པོར་མ་ལོན་པ་འཇིག་རྟེན་འདི་འཇིག་པ་ལ་མི་མཁས་ཤིང་འཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་མེ་ལྕེ་དེས་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་འདིར་འོང་བར་གྱུར་ན་མི་རུང་ངོ་ཞེས་སྐྲག་ནས་ཡི་ཆད་ཅིང་སྐྱོ་བར་འགྱུར་རོ། །དེ་ན་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འདི་འཇིགས་པ་དང་འཆགས་པ་ལ་མཁས་པ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག །མེ་ལྕེ་འདི་ནི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པར་བྱེད་པས་འདུ་ཤེས་ཐ་དད་པ་ཡིན་ནོ་ཟེར་རོ། །ལུས་ཀྱང་གཅིག་ལ་འདུ་ཤེས་གཅིག་པ་ཡོད་དེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་རྣམ་པར་ཤེས་པས་གནས་པ་བཞི་པའོ། །འདུ་ཤེས་གཅིག་པ་ནི་བདེ་བར་འདུ་ཤེས་པ་དག་གོ །བསམ་གཏན་དང་པོ་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་འདུ་ཤེས་གཅིག་པ། གཉིས་པ་དགེ་བའི་འདུ་ཤེས་སུ༑ གསུམ་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འདུ་ཤེས་སུ་འདུ་ཤེས་གཅིག་པ་ཡིན་ནོ། །གཟུགས་ཅན་མ་ཡིན་པའམ་གཟུགས་མེད་གསུམ་པོ་དག །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ༑ དེ་དག་གི་རྣམ་པར་ཤེས་པས་གནས་པ་བདུན་ནོ། །འདི་ལ་རྣམ་པར་ཤེས་པ་གནས་པ་གང་ཡིན་ཞེ་ན། ཅི་རིགས་པར་དེ་དག་དང་ལྡན་པའི་ཕུང་པོ་ལྔ་དང་བཞི་ཡིན་ནོ། །ལྷག་མ་ངན་འགྲོ་རྣམས་དང་། བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོའོ། །འདི་དག་ན་རྣམ་པར་ཤེས་པ་འཇོམས་པར་བྱེད་པ་དག་ཡོད་པས་དེའི་ཕྱིར་རྣམ་པར་ཤེས་པས་གནས་པ་མིན་ནོ། །ཅིས་འཇོམས་ན་ངན་འགྲོ་དག་སྡུག་བསྔལ་གྱི་ཚོར་བས་གནོད་པར་བྱེད་པ་ཡིན་ནོ། །བསམ་གཏན་བཞི་པར་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་དང་། སྲིད་པའི་རྩེ་མོར་ནི་འགོག་པའི་སྙོམས་པར་འཇུག་པས་ཏེ། སེམས་ཀྱི་རྒྱུན་གཅོད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བདུན་དང་། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ་སེམས་ཅན་གྱི་གནས་པ་དགུར་བཤད་དོ། །འདི་དག་ཏུ་སེམས་ཅན་རྣམས་རང་དགས་ཀུན་ཏུ་གནས་པའི་ཕྱིར་རོ། །དེ་དག་ཏུ་མི་འདོད་བཞིན་དུ་གནས་པའི་ཕྱིར་གཞན་ངན་སོང་ནི་སེམས་ཅན་གྱི་གནས་མིན་ཏེ་བཙོན་ར་བཞིན་ནོ། །མདོ་གཞན་ལས་གནས་པ་དག་གི་ཡང་བཞིར་གསུངས་ཏེ། རྣམ་པར་ཤེས་པས་གནས་པ་གཟུགས་སུ་ཉེར་འགྲོ་དང་། ཚོར་བར་ཉེར་འགྲོ་དང་འདུ་ཤེས་སུ་ཉེར་འགྲོ་དང་༑ འདུ་བྱེད་དུ་ཉེར་འགྲོའོ། །དེ་དག་གི་རང་བཞིན་གོ་རིམ་བཞིན་ཟག་པ་དང་བཅས་པའི་ཕུང་པོ་བཞི། དེ་དག་ཀྱང་རང་གི་ས་པ་ཉིད་དེ་ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན༑ གནས་པ་ནི་བརྟེན་པ་ཡིན་ན། སྐལ་བ་མི་མཉམ་པའི་ས་པའི་ཕུང་པོ་དག་ལ་ནི་རྣམ་པར་ཤེས་པ་སྲེད་པའི་དབང་གིས་མི་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འབའ་ཞིག་རྣམ་པར་ཤེས་པས་གནས་པར་མ་བཞག་ཅེ་ན། བྱེ་སྨྲ་རྣམས་ན་རེ། གནས་པ་པོ་ཉིད་ལ་ནི་གནས་པ་ཞེས་མི་བྱ་སྟེ། དཔེར་ན་རྒྱལ་པོ་ཉིད་རྒྱལ་པོའི་རྟེན་མ་ཡིན་པ་བཞིན་ནམ༑ ཆོས་གང་དག་ལ་རྣམ་པར་ཤེས་པ་གནས་ནས་གྲུ་དང་མཉན་པའི་ཚུལ་དུ་འགྲོ་བར་བྱེད་པའི་ཆོས་རྣམ་པར་ཤེས་པས་གནས་པ་དག་ཅེས་བཤད་ན། རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་གནས་ནས་འགྲོ་བར་བྱེད་པ་ནི་མ་ཡིན་པ་དེའི་ཕྱིར་མ་བཤད་དོ། །ཡང་རྣམ་པར་ཤེས་པ་གནས་པ་བཞི་ནི་ཞིང་། ཉེར་ལེན་དང་བཅས་པའི་རྣམ་ཤེས་ཟད་པར་ནི་ས་བོན་གྱི་ངོ་བོར་བརྟན་པས་ས་བོན་ཉིད་ཞིང་དུ་འགྱུར་བ་མ་ཡིན་པས་ཀྱང་། བསྡུ་ན་རྣམ་ཤེས་ཀྱི་གནས་པ་བདུན་གྱིས་བཞིའམ་བཞིས་བདུན་ཞེ་ན། མུ་ནི་བཞི་ཡིན་ནོ། །ཇི་ལྟར་ན་མུ་དང་པོ་བདུན་དག་ཏུ་རྣམ་པར་ཤེས་པ་གང་ཡིན་པའོ། །གཉིས་པ་ནི། ངན་སོང་བསམ་གཏན་བཞི་པ་སྲིད་རྩེ་ན་རྣམ་ཤེས་མ་གཏོགས་པའི་ཕུང་པོ་རྣམས་སོ། །གསུམ་པ་ནི། བདུན་པོ་དག་ཏུ་ཕུང་པོ་བཞི་རྣམས་སོ། །བཞི་པ་ནི༑ རྣམ་པ་དེ་དག་མ་གཏོགས་པའོ། །ཁམས་གསུམ་དེར་ནི་སྒོ་ང་ལས་སྐྱེས་པ་སོགས་པ། སེམས་ཅན་མངལ་སྐྱེས། དྲོད་གཤེར་སྐྱེས། བརྫུས་ཏེ་སྐྱེ་བས་སྐྱེ་གནས་བཞི་དག་ཏུ་སྐྱེ་བ་ཡིན་ནོ། །མི་རྣམས་དང་དུད་འགྲོ་ལ་རྣམ་པ་བཞི་ཀ་ཡོད་ལ། དམྱལ་བ་རྣམས་དང་ལྷ་རྣམས་དང་། སྲིད་པ་བར་མ་རྣམས་བརྫུས་སྟེ་སྐྱེ་བ་ཁོ་ན། ཡི་དྭགས་མངལ་ནས་སྐྱེ་བའང་ཞེས་པས་མངལ་ནས་སྐྱེ་བ་འགའ་ཞིག་ཀྱང་ཡོད་པར་བསྟན་ནོ། །སྐྱེ་གནས་ཐམས་ཅད་ཀྱི་བཟང་ཤོས་བརྫུས་སྐྱེས་སོ། །ཇི་སྐད་དུ། འོ་ན་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་དབང་ཐོབ་པ་ཡང་མངལ་གྱི་སྐྱེ་གནས་ལ་བརྟེན་ཞེ་ན། དེ་ལྟར་མཛད་ན་དོན་ཆེན་པོ་གཟིགས་པ་ཡིན་ཏེ། ཉེ་དུ་དང་འབྲེལ་བས་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུང་པའི་ཕྱིར་དང་། འདི་ནི་འཁོར་ལོར་བསྒྱུར་བའི་རིགས་ཡིན་ནོ་ཞེས་གཞན་དག་རིམ་གྲོ་སྐྱེད་དུ་གཞུག་པའི་ཕྱིར་དང་། མིར་གྱུར་པ་དག་གིས་ཀྱང་གྲུབ་པ་འདི་ཐོབ་བོ་ཞེས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་རིགས་དང་གདུང་མེད་ན། ཇི་ལྟར་གཞན་མུ་སྟེགས་ཅན་ན་རེ་བསྐལ་པ་བརྒྱ་འདས་ནས་སྒྱུ་མ་མཁན་འདི་ལྟ་བུ་ཞིག་འཇིག་རྟེན་དུ་བྱུང་ནས་སྒྱུ་མས་འཇིག་རྟེན་ཟའོ་ཞེས་ཁ་ཟེར་བ་ལྟར་འདི་སུ་ཞིག་ཡིན། སྒྱུ་མའི་སྐྱེས་བུའམ། འོན་ཏེ་ཤ་ཟ་ཞིག་ཅེས་དེ་སྙམ་དུ་ཡོངས་སུ་རྟོག་པར་འགྱུར་རོ་ཞེས་སོ། །སྐྱེ་གནས་བཞི་ལས་བརྫུས་ཏེ་སྐྱེ་བ་མང་བ་ཡིན་ནོ། །སྲིད་པ་བར་མ་གང་ཞེ་ན། འདིར་གང་འཆི་བ་དང་གཞན་དུ་སྐྱེ་བ་ཡི། སྲིད་པའི་བར་དུ་འབྱུང་བ་གང་ཡིན་པའོ། །གསོན་པ་ནི་བྱུང་བ་ཡིན་ན་བགྲོད་པར་བྱ་བའི་ཡུལ་དུ་མ་ཕྱིན་པའི་ཕྱིར༑ སྲིད་པ་བར་མ་ནི་སྐྱེས་པ་ཡིན་ལ་བྱུང་བ་ནི་མ་ཡིན་ནོ། །བགྲོད་པར་བྱ་བའི་ཡུལ་ནི། གང་དུ་རྣམ་པར་སྨིན་པ་འཕངས་པ་མངོན་ཞིང་རྫོགས་པའོ། །སྡེ་པ་གཞན་ན་རེ་འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པ་འབྱུང་ངོ་། །ཞེས་ཟེར་རོ། །རིགས་པ་དང་ལུང་གིས་དེ་མི་འཐད་དོ། །རིགས་པ་ནི་འཆི་བའི་སྲིད་པ་ཆད་པ་ལས་སྐྱེ་བའི་སྲིད་པ་འབྱུང་བ་མིན་ཏེ། རྒྱུན་གྱི་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་ཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་སྟེ། འབྲུའི་རྒྱུན་དང་ཆོས་མཐུན་པའི་ཕྱིར་རོ། །ཆད་ནས་འབྱུང་བ་མཐོང་སྟེ་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ལས་གཟུགས་བརྙན་ལྟ་བུའོ་ཟེར་ན། གཟུགས་བརྙན་མ་གྲུབ་ཕྱིར་དང་། མི་འདྲའི་ཕྱིར་ན་དེ་འདིའི་དཔེར་རུང་བ་མ་ཡིན་ནོ། །གཅིག་ན་ལྷན་ཅིག་པས་གཉིས་མེད་པའི་ཕྱིར་དང་༑ གཟུགས་བརྙན་གཟུགས་ཀྱི་རྒྱུན་མིན་པའི་ཕྱིར་དང་། གཟུགས་བརྙན་ནི་གཉིས་ལས་འབྱུང་ཕྱིར་དཔེ་མི་འདྲ་བ་ཡིན་ནོ། །ལུང་ནི་མགུར་ནས་གསུངས་ཕྱིར་ཡོད་དེ། མདོ་ལས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི། ཡི་དྭགས་ཀྱི། ལྷའི། མིའི། ལས་ཀྱི། སྲིད་པ་བར་མའོ་ཞེས་གསུངས་པས་མདོ་འདི་ནི་དེ་དག་མི་འདོན་ཏོ་ཞེ་ན། འོ་ན་གནས་གསུམ་མངོན་དུ་གྱུར་བས་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པའི་སྲིད་པ་བར་མ་མ་གཏོགས་པ་དྲི་ཟ་གཞན་གང་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་ཕྱིར་མི་འོང་ལྔར་གསུངས་པས་སྲིད་པ་བར་མ་མེད་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བར་འགྱུར་བ་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བའི་མདོ་འདི་ལས་ཀྱང་གྲུབ་བོ། །འགྲོ་བ་གང་དུ་འགྲོ་བར་འགྱུར་པའི་སྲིད་པ་བར་མའི་ཤ་ཚུགས་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་ལས་གང་གི་འགྲོ་བ་འཕེན་པ་ཉིད་ཀྱིས་དེར་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་ཡང་འཕེན་པས་འཕེན་པ་གཅིག་པ་དེའི་ཕྱིར་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་འགྲོ་བ་དེར༑ དེའི་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བ་དེའི་ཤ་ཚུགས་ཅན་ལྟ་བུར་འགྱུར་རོ། །དེའི་བོངས་ཚད་ནི་བྱིས་པ་ལོ་ལྔ་དྲུག་ལོན་པ་ལྟ་བུ། དེ་ཡང་དབང་པོ་གསལ་བ་ཡིན་ནོ། །སྲིད་པ་ཞེས་པ་ནི་བྱེ་བྲག་མེད་པར་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བཞག་ལ། དེ་རྣམ་པ་བཞིར་ཕྱེ་བའི་བར་སྲིད་དེ་ཡིན་ལ། སྐྱེ་བའི་སྲིད་པ་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །དུས་སྔ་མའི་སྲིད་པའམ་སྔོན་དུས་ཀྱི་སྲིད་པ་དེ་ནི། སྐྱེ་བའི་སྐད་ཅིག་མ་དེ་ཕན་ཆད་ནས་འཆི་བའི་སྔོན་རོལ་ཚུན་ཆད་དོ། །སྐད་ཅིག་ཐ་མ་ནི་འཆི་བའི་སྲིད་པའོ༑ །སྲིད་པ་བར་མ་དེ་ཡང་རིས་མཐུན་པས་ཕན་ཚུན་མཐོང་ངོ་། །གང་དག་ལྷའི་མིག་ཤིན་ཏུ་རྣམ་པར་དག་པའི་མངོན་ཤེས་གྲུབ་པས་མཐོང་། རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ། དེ་ལས་ཀྱི་བྱེད་པ་ནི་ལས་ཀྱི་རྫུ་འཕྲུལ། དེའི་ཤུགས་ནི་མགྱོགས་པ་དེ་དེ་དང་འདི་ལྡན་པའོ། །དབང་པོ་ཀུན་ཚང་བ་ཐོགས་པ་མེད་པ་དང་ལྡན་པ་སྟེ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཟློག་པའི་ཕྱིར༑ དེ་འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེ་ལས་རྣམ་པ་ཐམས་ཅད་དུ་མི་ལྡོག་སྟེ། མིའི་བར་སྲིད་དུ་གྲུབ་པ་མི་ཉིད་ལས་ལྷ་ལྟ་བུར་མི་འགྲོ་བས་སོ། །འདོད་པའི་བར་སྲིད་དེ་ཁམས་ཀྱི་ཟས་ཟའམ་ཞེ་ན། དེ་ནི་རགས་པ་ནི་མ་ཡིན། ཇི་ལྟ་བུ་ན་དྲི་ཟའོ། །དབང་ཆུང་བ་དྲི་མི་ཞིམ་པ། དབང་ཆེ་བ་དྲི་ཞིམ་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདི་ནི་སྲིད་པ་འཚོལ་བ་ཡིན་པའི་ཕྱིར་མྱུར་བ་ཁོ་ནར་སོང་སྟེ། ཉིང་མཚམས་སྦྱོར་བས་ན་དུས་ཐུང་ངུར་གནས་སོ། །དེས་སྐྱེ་སྲིད་ཇི་ལྟར་འཚོལ་ཞེ་ན། བློ་ནི་ཕྱིན་ཅི་ལོག་གྱུར་པས་ཏེ། གདགས་པ་ལས། དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པའི་སེམས་གང་ཡང་རུང་བ་ཞིག་མངོན་དུ་འགྱུར་བ་ཡིན་ནོ་ཞེས་པས། དེ་གཉིས་ཀྱིས་རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ་བ་ཡིན་ནོ། །དྲོད་གཤེར་ལས་སྐྱེ་ན། ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གནས་གཙང་བར་རམ་མི་གཙང་བར་དྲི་འདོད་པས་འགྲོ་བ་དང་། བརྫུས་སྐྱེས་གནས་ལ་མངོན་པར་འདོད་པས་སོ༑ །གཞན་བརྫུས་སྐྱེས་དེའི་ནང་ནས་དམྱལ་བ་ཚ་བར་སྐྱེ་འགྱུར་དེ་རླུང་དང་ཆར་པ་ཤིན་ཏུ་གྲང་མོ་དག་གིས་བཏགས་ནས་ཉེན་པ་དང་། དམྱལ་བ་དག་ན་མེ་འབར་བ་མཐོང་སྟེ་དྲོ་བར་འདོད་དེ་དེར་རྒྱུག་གོ །ཡང་རླུང་ཚ་བ་དང་ཉི་མ་དང་མེས་གདུང་བ་དག་གིས་ཉེན་པ་དང་། དམྱལ་བ་དག་ན་བསིལ་བ་མཐོང་ནས་བསིལ་བ་འདོད་པས་རྒྱུག་གོ །དེ་ལ་ལྷའི་སྲིད་པ་བར་མ་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོ། དམྱལ་བ་ཡི་ནི་སྤྱིའུ་ཚུགས་སུ་ཡིན་ལ། རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ་བ་བར་སྲིད་ཐམས་ཅད་དམ་ཞེ་ན། མདོ་ལས་མངལ་དུ་འཇུག་པ་བཞི་ཞེས་གསུངས་པས་གཅིག་ནི་ཤེས་བཞིན་དུ་འཇུག་པ་ཤེས། གཞན་འགའ་ཞིག་ནི་གནས་པ་ཡང་། གཞན་ནི་འབྱུང་བའང་ཤེས་པས་ཡང་ཞེས་པ་འཇུག་པའོ། །གཞན་ནི་ཐམས་ཅད་རྨོངས་པས་ཏེ་གནས་འཇུག་གཉིས་ཀ་ཤེས་བཞིན་མ་ཡིན་པའོ། །སེམས་ཅན་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་རྨོངས་པའོ། །མངལ་དུ་འཇུག་པ་གསུམ་དག་སྟེ། འཁོར་ལོ་སྒྱུར་བ་དང་། རང་བྱུང་གཉིས་ཏེ་རང་རྒྱལ་དང་རྫོགས་པའི་སངས་རྒྱས་སོ། །དེ་ལ་དང་པོ་འཇུག་པ་ཁོ་ན་ཤེས་ལ། གནས་འབྱུང་མིན། གཉིས་པ་གནས་འཇུག་ཤེས་བཞིན། སངས་རྒྱས་ནི་འབྱུང་བ་ཡང་ངོ་། །ལས་སམ་བསོད་ནམས་རྒྱ་ཆེན་པོ་བསགས་པ་རྣམས་དང་པོ། ཡེ་ཤེས་རྒྱ་ཆེན་པོ་ཐོབ་པ་རྣམས་ནི་གཉིས་པ། བསོད་ནམས་དང་ཡེ་ཤེས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་ན་གསུམ་པ་སྟེ་གོ་རིམ་བཞིན་ནོ། །ལྷག་མ་རྣམས་ནི་བཞི་པ་ཡིན་ནོ། །གཉིས་པ་སྐྱེད་བྱེད་རྟེན་ཅིང་འབྲེལ་འབྱུང་བཤད་པ་ནི། འདིར་ཕྱི་རོལ་པ་རྣམས་གལ་ཏེ་སེམས་ཅན་འཇིག་རྟེན་གཞན་དུ་འཕོའོ་ཞེས་བྱ་བར་དམ་བཅས་ན་བདག་གྲུབ་པ་ཡིན་ནོ་ཞེས་བདག་ཏུ་སྨྲ་བ་ཡོངས་སུ་གཟུང་ནས་རྒོལ་ཏེ། དེ་དགག་པ། བདག་ཇི་ལྟ་བུ་ཞིག་ཅེ་ན། གང་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་ཉིང་མཚམས་སྦྱོར་རོ་ཞེས་བྱ་བར་ཡོངས་སུ་རྟོག་པ་ནང་གི་བྱེད་པའི་སྐྱེས་བུ་དེ་ལྟ་བུ་དེ་མེད་དེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ༑ །ཆོས་བརྡར་བཏགས་པ་མ་གཏོགས་པ་གང་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་ཉིང་མཚམས་སྦྱོར་བར་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་བརྡར་བཏགས་པ་ནི་འདི་ཡིན་ཏེ༑ འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ངོ་། །ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱས་པར་གསུངས་སོ། །འོ་ན་བདག་ཇི་ལྟ་བུ་ཞིག་མི་དགག་ཅེ་ན། གལ་ཏེ་ཕུང་པོ་ཙམ་ཉིད་ལ་བདག་ཅེས་འདོགས་ན་དེ་ལ་ནི་དགག་པ་མེད་དོ། །དེ་ལྟ་ན་ཕུང་པོ་དག་འཇིག་རྟེན་གཞན་དུ་འཕོའོ་ཞེས་བྱ་བར་འགྱུར་རོ་ཞེ་ན། མི་འཕོ་ཡི་ཕུང་པོ་རྣམས་ནི་སྐད་ཅིག་མ་སྟེ། དེ་དག་ལ་འཕོ་བའི་མཐུ་མེད་ཀྱི་ཉོན་མོངས་པ་དང་ལས་རྣམས་ཀྱིས་མངོན་པར་འདུས་བྱས་པའམ་ཡོངས་སུ་བགོས་པའི་ཕུང་པོ་ཙམ་གྱི་སྲིད་པ་བར་མ་ཞེས་བྱ་བའི་རྒྱུན་གྱིས་ཏེ། དཔེར་ན་མར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན་དུ་མའི་མངལ་དུ་འགྲོ་བས་འདི་ལ་ཉེས་པ་མེད་དོ། །ཚེའི་ལས་ཐ་དད་པའི་ཕྱིར་ཕུང་པོའི་རྒྱུན་ཐམས་ཅད་ཀྱི་འཕེན་པ་འདྲ་བ་ནི་མ་ཡིན་པ་དེའི་ཕྱིར། གང་གིས་ཇི་ལྟར་འཕངས་པ་བཞིན། དེ་སྲིད་དུ་རིམ་གྱི་རྒྱུན་གྱིས་སྐྱེས་ནས་ཡང་ལས་དང་ཉོན་མོངས་བསགས་ནས་ཡང་བར་སྲིད་ཀྱི་རྒྱུན་གྱིས་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་བ་ཡིན་ནོ། །རྣམ་པ་དེ་ལྟས་ལས་དང་ཉོན་མོངས་པའི་རྒྱུ་ལས་སྐྱེས་པའི་སྐྱེ་བ་དང་། ཡང་དེ་ལས་བྱུང་བའི་ལས་དང་ཉོན་མོངས་པ་དང་། ཡང་དེ་དག་ལས་སྐྱེ་བ་ཡིན་པས་ན་སྲིད་པའི་འཁོར་ལོ་ཐོག་མ་མེད་པ་ཡིན་པར་རིག་པར་བྱའོ། །ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་བསྟན་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་༑ སྐྱེ་བ་དང་རྒ་ཤིའོ། །ཆ་གསུམ་མོ་ནི། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་དག་སྟེ། འདས་མ་འོངས་ད་ལྟར་བྱུང་བའི་སྐྱེ་བ་དག་ཡིན་ནོ། །དེ་གསུམ་དུ་ཡན་ལག་བཅུ་གཉིས་ཇི་ལྟར་རྣམ་པར་བཞག་ཅེ་ན། སྔོན་དང་ཕྱི་མཐར་གཉིས་གཉིས་དང་ཏེ། མ་རིག་པ་དང་འདུ་བྱེད་ནི་སྔོན་གྱི་མཐར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐར་རོ། །བར་དུ་བརྒྱད་ནི་ལྷག་མའོ། །ཅི་ཐམས་ཅད་ཀྱི་སྐྱེ་བ་འདི་ལ་ཡན་ལག་བརྒྱད་པོ་འདི་དག་ཡོད་དམ་ཞེ་ན། ཡོངས་རྫོགས་ལྡན་ལ། འདི་གང་ཟག་གང་ཞིག་གནས་སྐབས་ཀྱི་བྱེ་བྲག་འདི་ཐམས་ཅད་ལ་རེག་པ་དེ་ལ་དགོངས་ནས་ཡིན་ནོ། །དེ་ཡང་འདོད་སྤྱོད་ཁོ་ནའི་དབང་དུ་བྱས་སོ། །ཡང་སྔོན་མཐའ་ཕྱི་མཐའ་གཉིས་སུ་བསྡུ་བའི་ཚེ་ཚོར་བ་ལ་ཐུག་པ་བདུན་སྔོན་མཐའ་དང་། ལྔ་ནི་ཕྱི་མཐའོ༑ །མ་རིག་ཉོན་མོངས་སྔོན་གྱི་གནས་སྐབས་ཏེ་ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱ་སྟེ་ལྷན་ཅིག་སྤྱོད་པའི་ཕྱིར་དང་དེའི་དབང་གིས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར། རྒྱལ་པོ་གཤེགས་སོ་ཞེས་བྱས་ན་ཞབས་འབྲིང་པའང་འོང་བར་གྲུབ་པ་བཞིན་ནོ། །འདུ་བྱེད་དག་ནི་ཚེ་སྔོན་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་འདུ་བྱེད་རྣམས་ཞེས་བྱ་སྟེ་ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་པར་ཤེས་པ་ནི་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་ནི་ཉིང་མཚམས་སྦྱར་བའི་སེམས་དེ་ཕན་ཆད་ནས་ཇི་སྲིད་སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ་ཞེས་པའི་བར་གྱི་གནས་སྐབས་སོ། །དེ་ནི་སྐྱེ་མཆེད་དྲུག །དེ་དོད་པ་ནས་ཇི་སྲིད་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་དོ། །རེག་པ་ནི་གསུམ་འདུས་ཏེ་བདེ་སྡུག་ལ་སོགས་པ་བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་ཤེས་པར་ནུས་པ་ཚུན་ཆད་དོ། །ཚོར་བ་ནི་ཡོངས་སུ་ཤེས་ནུས་པ་ནས་ཇི་སྲིད་འཁྲིག་པའི་འདོད་ཆགས་ཀུན་ཏུ་མི་སྤྱོད་པའི་བར་རོ། །སྲེད་པ་ནི། ལོངས་སྤྱོད་འདོད་པའི་ཕྲག་དོག་དང་༑ འཁྲིག་པའི་ཆགས་པ་ཅན་གྱི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་འཚོལ་བ་ལ་ཞུགས་པའོ། །ཉེ་བར་ལེན་པ་ནི་གནས་སྐབས་གང་དུ་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་འཚོལ་བ་ལ་རྒྱུག་པའོ། །དེ་ལྟར་ཡོངས་སུ་རྒྱུག་པ། དེ་སྲིད་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པ་དེ་ནི་སྲིད་པ་ཡིན་ནོ། །ལས་དེ་ཡང་འདི་ནས་ཚེ་འཕོས་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བ་ནི་སྐྱེ་བ་ཡིན། འདི་ལ་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ། །སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་ཀྱི་བར་ནི་རྒ་ཤི་སྟེ། འདི་ལ་ཡན་ལག་བཞི་པོ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་ཏུ་རྒ་ཤི་ཡིན་ནོ། །རྟེན་འབྲེལ་དེ་རྣམ་པ་བཞིར་བརྗོད་དེ། སྐད་ཅིག་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་ཅན་དང་། གནས་སྐབས་པའོ། །དང་པོ་ནི། སྐད་ཅིག་པ་དང་འབྲེལ་བ་ཅན་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །གནས་སྐབས་པ་ནི་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་སྐབས་ཚེ་གསུམ་བར་ཆད་མེད་པར་འབྲེལ་བ་དག་གོ །དེ་ཉིད་རྒྱུན་ཆགས་པ་ཡང་ཡིན་ལ། དེ་རྣམས་ལས་འདི་ནི་གང་ལ་དགོངས་ཞེ་ན། གནས་སྐབས་པར་འདོད་ལོ༑ གལ་ཏེ་ཡན་ལག་དང་། ཡན་ལག་ལ་ཕུང་པོ་ལྔ་ཆར་ཡོད་ན། ཅིའི་ཕྱིར་མ་རིག་པ་ལ་སོགས་པར་བསྒྲགས་ཞེ་ན། མ་རིག་པ་གཙོ་བོ་ཡིན་པའི་གནས་སྐབས་དེའི་ཚེ་ནི་མ་རིག་པ་བཤད་ལ། འདུ་བྱེད་གཙོ་བོ་ཡིན་པར་ནི་འདུ་བྱེད་ནས་རྒ་ཤིའི་བར་གྱི་ཡན་ལག་བསྒྲགས་པས་ཉེས་པ་མེད་དོ། །སྔོན་དང་ཕྱི་མཐའ་བར་དག་ལ་རྨོངས་པ་གསུམ་པོ་རྣམ་པར་ཟློག་པའི་ཕྱིར་མདོ་ལས་རྟེན་འབྲེལ་སེམས་ཅན་དུ་སྟོན་པ་ཁོ་ན་ཆ་གསུམ་དུ་གསུངས་སོ། །བཅུ་གཉིས་པོ་ཉོན་མོངས་ལས་གཞི་གསུམ་དུ་བཞག་པའི་ཉོན་མོངས་གསུམ་མོ་སྟེ། མ་རིག་སྲེད་ལེན། ལས་གཉིས་སོ་སྟེ། འདུ་བྱེད་སྲིད་པ། གཞི་བདུན་ཏེ་ལྷག་མ་རྣམས་སོ། །དེ་དག་ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་གཞི་ཞེས་བྱའོ། གཞི་ཡིན་པ་དེ་བཞིན་དེ་བདུན་འབྲས་བུ་ཡིན་ནོ། །ཉོན་མོངས་དང་ལས་སུ་གཞག་པ་ལྔ་ནི་རྒྱུར་གྱུར་པའོ། །ཅིའི་ཕྱིར་གཞི་རྣམ་པ་ལྔ་དང་། ཉོན་མོངས་པ་རྣམ་པ་གཉིས་ཐ་དད་པའི་ཕྱིར་དབུས་སུ་ནི་རྒྱུ་དང་འབྲས་བུ་དག་རྒྱ་བསྐྱེད་ལ། མ་འོངས་པའི་དུས་ནི་རྣམ་པ་གཉིས་ཐ་དད་པའི་ཕྱིར་འབྲས་བུ་མདོར་བསྡུས། འདས་པའི་དུས་སུ་ནི་ཉོན་མོངས་པ་སྒོ་གཅིག་ཏུ་བསྟན་པའི་ཕྱིར་རྒྱུ་མདོར་བསྡུས་ཞེ་ན༑ སྔོན་དང་ཕྱི་མཐའ་གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ་དེ་ནི་བར་མ་ཁོ་ནའི་རྗེས་སུ་དཔག་པར་ནུས་པ་ལས་རྒྱས་པར་མ་བཤད་པ་ཡིན་ནོ། །ཡན་ལག་བཅུ་གཉིས་སུ་མ་རིག་པའི་རྒྱུ་མ་བསྟན་པའི་ཕྱིར་འཁོར་བ་ཐོག་མ་ཅན་དང་། རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་མཐའ་དང་ལྡན་པར་འགྱུར་བའམ་ཡང་ན་ཡན་ལག་གཞན་གྱིས་ཁ་བསྐང་དགོས་སོ། །དེ་ལ་ཡང་གཞན་ཞིག་ཡོད་ན་ཐུག་པ་མེད་པར་འགྱུར་རོ་ཞེ་ན། སྟོན་པས་ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་སྲེད་པའོ། ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་སྲིད་པ་དང་། མ་རིག་པ་ལས་བྱ་བ་འདུ་བྱེད་རྣམས་ཉིད་དོ། །ལས་དེ་ལས་གཞི་སྟེ་འདུ་བྱེད་རྣམས་ལས་རྣམ་པར་ཤེས་པ་དང་། སྲིད་པ་ལས་སྐྱེ་བའོ། །གཞི་ལས་གཞི་སྟེ་རྣམ་པར་ཤེས་པ་ལས་མིང་དང་༑ གཟུགས་ནས་རེག་པ་ལས་ཚོར་བའི་བར་དང་། སྐྱེ་བ་ལས་རྒ་ཤིའོ། །གཞི་ལས་ཉོན་མོངས་པ་སྟེ། ཚོར་བ་ལས་སྲེད་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་རྣམ་པར་གཞག་པ་ཡིན་པས་མ་རིག་པ་ཉོན་མོངས་པའི་རང་བཞིན་ཡང་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ། །རྒ་ཤི་ནི་ཚོར་བ་ལ་ཐུག་པའི་གཞི་ལས་ཀྱང་ཉོན་མོངས་པ་འབྱུང་ངོ་། །ཞེས་བསྟན་པ་ཡིན་པས། ཡང་འདི་ལ་ཁ་བསྐང་བར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ༑ །འདིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་ཡིན་ཏེ་འདི་ལས་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འབྲས་བུ་ཡིན་པར་འདོད་དེ། དེ་ལས་བྱུང་བའི་ཕྱིར་རོ། །དེས་ན་གང་ལ་བལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དེ་ཉིད་ལ་བལྟོས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཏེ། ཕ་དང་བུ་བཞིན་ནོ། །དེ་བས་ན་རྟེན་འབྲེལ་གྱི་ཚིག་དོན་རྟེན་ཅིང་འབྲེལ་པ་ཞེས་བྱ་བ་ནི་ཕྲད་པ། ཨི་ཏི་ནི་འགྲོ་བ། ཉེ་སྒྱུར་གྱི་སྐད་ཀྱི་བྱིངས་ཀྱི་དོན་ཡོངས་སུ་འགྱུར་པའི་ཕྱིར་ཕྲད་ནས་ཞེས་བྱ་བའི་དོན་དེ་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱའོ། །པ་ད་ནི་ཡོད་པའི་དོན་ནོ། །སམ་དང་ཨུད་གོང་ན་ཡོད་ན་འབྱུང་བའི་དོན་ནོ། །དེས་ན་ཕྲད་ནས་འབྱུང་བའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དེ་ནི་མི་རུང་སྟེ༑ གལ་ཏེ་འབྱུང་སྔོན་ཕྲད་ནས་ཡིན། །མེད་ཕྱིར་རུང་བ་མ་ཡིན་ནོ། །གལ་ཏེ་ལྷན་ཅིག་འདི་དེ་ནི། །མ་གྲུབ་སྔོན་དུ་བྱེད་ཕྱིར་རོ། །དེས་ན་ཇི་སྐད་དུ། རྟེན་ཅིང་འབྲེལ་བ་ནི་ཟློས་པའི་དོན་ཡིན་ནོ། །སམ་ནི་འདུ་བའི་དོན་ཡིན་ནོ། །ཨཱི་ཏྱ་ནི་འགྲོ་བར་རུང་བ་ཏེ་མི་སྡོད་པའོ། །ཨུཏ་གོང་ན་ཡོད་པའི་པ་ད་ནི་འབྱུང་བའི་དོན་ཏེ། འདི་སྐད་དུ། ཚོགས་པ་དེ་དང་དེ་ན་འགྲོ་བར་རུང་བ་རྣམས་འདུས་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བཤད་དོ། །རིག་པའི་མི་མཐུན་ཕྱོགས་སུ་གྱུར་པ། རིག་པ་ལས་གཞན་པ་གང་ཡིན་པ་མ་རིག་པ་སྟེ། དཔེར་ན་མཛའ་བ་ལས་ཟློག་པ་མི་མཛའ་བ་ཡིན་པ་དང་། བདེན་པོ་ལས་ཟློག་པ་བརྫུན་ཡིན་པ་སོགས་བཞིན་ཏེ། མདོ་ལས། མ་རིག་པ་ནི་ཀུན་ཏུ་སྦྱོར་བ་དང་། སོགས་པ་འཆིང་བ་དང་། ཕྲ་རྒྱས་དང་༑ ཆུ་བོ་དང་སྦྱོར་བ་ཞེས་གསུངས་པའི་ཕྱིར་གལ་ཏེ་དེ་ཤེས་རབ་ངན་པ་ཡིན་ལ། བུ་ངན་པ་ལ་བུ་མ་ཡིན་ནོ་ཞེས་བསྒྲགས་པ་བཞིན་ནོ་ཞེ་ན། སྨད་པའི་ཤེས་རབ་དེ་ནི་ཉོན་མོངས་པ་ཅན་མིན་ལ། དེས་ལྟ་བ་ཡིན་པའི་ཕྱིར་མ་རིག་པར་མི་རུང་ངོ་། །མ་རིག་པ་ཤེས་རབ་ཡིན་པར་གྱུར་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པར་འགྱུར་ལ། འདི་ལྟ་བ་དེ་དང་མཚུངས་ལྡན་ཡིན་པའི་ཕྱིར་རོ། །མདོ་ལས་ཀྱང་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས་བསྟན་པའི་ཕྱིར་རོ། །མིང་ནི་འཇིག་རྟེན་ན་གྲགས་པ་གང་ཡིན་པ་དེ། དོན་དེ་དང་དེ་དག་གོ་བར་བྱེད་པ་ཙམ་ཡིན་པས་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །རེག་དྲུག་ནི། དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་འདུས་པ་ལས་འབྱུང་བ་ཡིན་ནོ། །དེ་ལས་མིག་རྣ་བ་སྣ་ལྕེ་ལུས་ཀྱི་འདུས་ཏེ་རེག་པ་ལྔ་ནི་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ཐོགས་པའི་རེག་པ་ཡིན། དྲུག་པ་ཡིད་ཀྱི་འདུས་ཏེ་རེག་པ་ནི། བླ་གདགས་ཀྱི་ཚིག་མིང་ལ་བྱ། དེ་ལྷག་པར་འདིའི་དམིགས་པ་ཡིན་པས་དེའི་ཕྱིར་ཚིག་བླ་གདགས་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ། །ཇི་སྐད་དུ། མིག་གི་རྣམ་པར་ཤེས་པས་ནི་སྔོན་པོ་རྣམ་པར་ཤེས་ཀྱི་སྔོན་པོའོ་ཞེས་བྱ་བར་ནི་མི་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་སྔོན་པོ་ཡང་རྣམ་པར་ཤེས་ལ། སྔོན་པོའོ་ཞེས་བྱ་བར་ཡང་རྣམ་པར་ཤེས་སོ་ཞེས་གསུངས་པས་སོ། །དྲུག་པོ་དེ་དག་རིག་པའི་རེག་པ་དང་། མ་རིག་པའི་རེག་པ་དང་། གཞན་གཉིས་ཀ་མིན་པའི་རེག་པ་གསུམ་དུ་འགྱུར་ལ། དང་པོ་དྲི་མེད་དེ་ཟག་མེད་ཀྱི་རེག་པ། གཉིས་པ་ཉོན་མོངས་པ་ཅན་གྱི་རེག་པ། ལྷག་མ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་ནོ། །བར་མ་དེ་གཉིས་སུ་འགྱུར་ཏེ། གནོད་སེམས་དང་རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་རེག་པའོ། །ཡང་ཐམས་ཅད་བསྡུ་ན་བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་ལ་སོགས་པ་སྡུག་བསྔལ་མྱོང་བར་འགྱུར་བའི་དང་། བཏང་སྙོམས་མྱོང་བར་འགྱུར་བའི་གསུམ། དེ་ལྟར་རེག་པ་ལས་འབྱུང་བའི་ཕྱིར་ཚོར་བ་ཡང་དྲུག་སྟེ། དེའི་དང་པོ་ལྔ་ནི་ལུས་ཀྱི་ཚོར་བའོ། །སེམས་ཙམ་ལ་བརྟེན་པའི་ཕྱིར་གཞན་དྲུག་པ་ནི་སེམས་ཀྱི་ཚོར་བའོ། །ཚོར་རེག་བྱེ་སྨྲ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པས་དུས་མཉམ་དུ་འདོད་དོ། །ཚོར་བ་དེ་ཉིད་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དུ་རྣམ་པར་གཞག་པ་ལས་རྣམ་པ་དག་ནི་ཡང་བཅོ་བརྒྱད་དོ། །ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག །ཡིད་མི་བདེ་བའི་དྲུག །བཏང་སྙོམས་ཀྱི་དྲུག་གོ །འདོད་པའི་ཁམས་ན་ནི་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། དེ་དག་རང་དམིགས་ཅན་ནོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པ་གཟུགས་ཅན་གྱི་སྤྱོད་ཡུལ་དུ་བཅུ་གཉིས་སོ། །གོང་མ་གཟུགས་མེད་པ་ནི་ཆོས་ལ་ཉེ་བར་རྒྱུ་བ་གསུམ་གྱི་དམིགས་པ་ཡིན་ཏེ། དེ་ན་གཟུགས་སོགས་མེད་པའི་ཕྱིར་རོ། །བསམ་གཏན་དང་པོ་གཉིས་ན་ནི་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་རྣམས་མ་གཏོགས་བཅུ་གཉིས། འདོད་པར་འགྲོ་བ་རྣམས་ཏེ་འདོད་པའི་ཁམས་རང་ལ་དམིགས་པའོ། །ཡང་ན་ཡུལ་རྣམ་པར་འཛིན་པའི་དོན་ལ་སྦྱོར་བས་ཀྱང་ངོ་། །གཟུགས་ཀྱི་ཁམས་རང་དེ་དག་གི་རང་བཞིན་ཡིན་ལ། ཡིད་དེ་ནི་ཡིད་ཀྱི་ཉེ་རྒྱུའི་དམིགས་པ་ཡིན་པས་བརྒྱད་དོ༑ །གཟུགས་མེད་པ་ཆོས་ལ་ཉེ་བར་རྒྱུ་བའི་དམིགས་པ་ཡིན་ཏེ་གཉིས་ཀྱིའོ། །བསམ་གཏན་གསུམ་བཞི་གཉིས་ན་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་ཁོ་ན་གཞན་དག་ནི་མེད་དོ། །དེ་དག་དྲུག་གི་དམིགས་པ་ནི་འདོད་པའི་ཁམས་སོ། །གཟུགས་ཀྱི་ཁམས་རང་གི་བཞིའི་དམིགས་པ་སྟེ། དེ་ན་དྲི་རོ་མེད་པའོ། །གོང་མ་གཟུགས་མེད་ནི་ཆོས་ལ་ཉེ་བར་རྒྱུ་བ་གཅིག་གི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་དུ་ནི་གཟུགས་སྒྲ་རེག་ཆོས་ལ་ཉེ་བར་རྒྱུ་བ་བཞི། གཟུགས་འགྲོ་དང་གོང་མ་གཟུགས་མེད་དུ་འགྲོ་བ་ཆོས་ལ་ཉེ་རྒྱུ་གཅིག་གོ །གཟུགས་མེད་པའི་དངོས་གཞི་ནི་ཆོས་ལ་ཉེ་རྒྱུ་གཅིག་གོ །དེ་ཡང་རང་ཡུལ་ཅན་ཏེ་གཟུགས་མེད་པའི་ཁམས་ཁོ་ན་ལ་སྟེ་ཁམས་འོག་མ་ལ་དམིགས་པ་མ་ཡིན་ནོ། །ཡིད་ཀྱི་ཉེ་རྒྱུ་བཅོ་བརྒྱད་པོ་ཐམས་ཅད་ཟག་པ་དང་བཅས་པ་ཁོ་ནའོ། །ཡན་ལག་ལྷག་མ་མི་བརྗོད་པ་ཅི་ཞེ་ན་རྣམ་ཤེས་དང་སྐྱེ་མཆེད་དྲུག་གོ །བཤད་ཟིན་པ་དང་། འདུ་བྱེད་སྲིད་པ་ལས་ཀྱི་མཛོད། སྲེད་ལེན་ཉོན་མོངས་པའི་མཛོད་དུ་འཆད་པར་འགྱུར་བ་ལས་ཡན་ལག་གཞན་མ་བསྟན་ནོ། །སྔར་རྟེན་འབྱུང་དེ་ཉོན་མོངས་ལས་གཞི་རྣམས་སུ་བཤད་པ་འདིར་ནི༑ ཉོན་མོངས་པ་ལས་ཉོན་མོངས་པ་དང་ལས་དང་གཞི་རྣམས་སྐྱེ་བ། ས་བོན་ལས་སྡོང་བུ་དང་ལོ་མ་ལ་སོགས་པ་སྐྱེ་བ་བཞིན་ནོ། །དཔེར་ན་ཀླུ་གནས་པའི་མཚོ་བསྐམས་པར་མི་འགྱུར་བ་བཞིན༑ ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་ཡང་མི་སྐམ་མོ། །ལྗོན་ཤིང་རྩ་བ་ནས་མ་ཕྱུང་བ་རྣམས་བཅད་ཅིང་བཅད་ཀྱང་སླར་སྐྱེ་བར་འགྱུར་བ་བཞིན། ཉོན་མོངས་པ་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་དེ་བཞིན་ནོ། །ལྗོན་ཤིང་རྣམས་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་སྐྱེད་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་པ་རྣམས་ཀྱང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་ནོ། །ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་སྐྱེ་བར་ནུས་ཀྱི། འབའ་ཞིག་པ་དག་ནི་མ་ཡིན་པ་བཞིན་ཉོན་མོངས་པས་ཐོབ་པའི་ཤུན་པ་དང་བཅས་པའི་ལས་རྣམས་ནི་སྐྱེ་བ་བཞིན་དུ་སྐྱེ་བར་ནུས་ཀྱི། འབའ་ཞིག་པ་ནི་མ་ཡིན་ནོ། །ལས་ནི་ཤུན་པ་དང་བཅས་པའི་འབྲས་བུ་དང་འདྲ་སྟེ། ཉོན་མོངས་པའི་ཤུན་པ་དང་བཅས་པའོ། །དེ་བཞིན་སྨན་དག་འབྲས་བུ་སྨིན་པ་མཐར་ཕྱིན་པ་དང་ལྡན། དེ་བཞིན་དུ་ལས་རྣམས་ཀྱང་རྣམ་པར་སྨིན་ནས་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པ་ཡིན་ནོ། །དཔེར་ན་མེ་ཏོག་འབྲས་བུ་བསྐྱེད་པར་བྱ་བ་ལ༑ ཉེ་བའི་རྒྱུ་ཡིན་པ་བཞིན། ལས་རྣམས་ཀྱང་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་དེ་བཞིན་ནོ། །རྣམ་པར་སྨིན་པ་ཞེས་བྱ་བའི་གཞི་ནི་བཟའ་བཏུང་གྲུབ་པ་བཞིན་རྣམ་པར་སྨིན་ཟིན་པས་གདོད་ཚེ་རབས་གཞན་དུ་རྣམ་པར་སྨིན་པར་འབྲེལ་པ་མེད་དོ། །འབྲེལ་ན་ཐར་བར་ཡང་མི་འགྱུར་རོ། །སྲིད་པ་བཞི་པོ་དེ་དག་ལས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་གང་ཞེ་ན། རང་གི་ས་པའི་ཉོན་མོངས་པ་ཀུན་གྱི་ས་ཡིན་ལ། ཀུན་ནས་དཀྲིས་པ་ཆིག་སྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །སྲིད་པ་བར་མ་སོགས་གཞན་རྣམས་གསུམ་པོ་ནི་དགེ་བ་དང་ཉོན་མོངས་ཅན། ལུང་མ་བསྟན་གསུམ་ཆར་ཡིན་ནོ། །སྲིད་པ་འདི་རྣམས་ལས་གང་ཞིག་གང་དང་ལྡན་ཞེ་ན། གཟུགས་མེད་སྲིད་པ་བར་མ་དོ་མ་གཏོགས་པ་གསུམ། གཞན་འདོད་གཟུགས་ལ་སྲིད་པ་བཞི་པོ་ཐམས་ཅད་ཡོད་དོ། །འགྲོ་བ་སེམས་ཅན་རྣམས་ཇི་ལྟར་གནས་པ་ཡིན་ཞེ་ན། ཟས་ཀྱིས་གནས་པ་ཡིན་ཏེ། ཟས་ནི་བཞི་སྟེ། ཁམ་ཀྱི་ཟས། རེག་པའི། ཡིད་ལ་སེམས་པའི༑ རྣམ་པར་ཤེས་པའི་ཟས་སོ། །དང་པོ་ཁམ་ཀྱི་ཟས་ནི་རགས་ཕྲ་གཉིས། འདོད་པ་ན་སྤྱོད་པའི་ཁམས་ན་ནི་དྲི་རོ་རེག་གི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ་སྟེ། སྣ་ལྕེ་ལུས་ཀྱི་ཁམ་དུ་བཅད་ནས་ཁམ་དུ་བྱས་ནས་མིད་པའི་ཕྱིར་ཁམ་གྱི་ཟས་སོ། །གཟུགས་ཀྱི་སྐྱེ་མཆེད་ནི་ཟས་མ་ཡིན། རང་གི་དབང་པོ་དང་། དེའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་ཕན་མི་འདོགས་ཤིང་༑ གྲོལ་བ་ཕྱིར་མི་འོངས་དང་། དགྲ་བཅོམ་པ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བ་རྣམས་ལ་མི་ཕན་ཕྱིར། རེག་པ་གསུམ་འདུས་པ་ལས་བྱུང་བ་དང་། སེམས་པ་ཡིད་ཀྱི་ལས་དང་༑ རྣམ་པར་ཤེས་པ་ཟག་པ་དང་བཅས་པ་ནི་ཟས་ཡིན་ཏེ། ཁམས་གསུམ་ཀ་དག་ནའོ། །ཟས་ནི་སྲིད་པ་གསོ་བར་བྱེད་པའི་དོན་ཡིན་ལ། ཟག་མེད་རྣམས་དེ་ཟད་པར་བྱ་བའི་ཕྱིར་སྐྱེས་པས་ཟས་མ་ཡིན་ནོ། །བྱུང་བ་ནི་སེམས་ཅན་དུ་སྐྱེས་པ་རྣམས་ཡིན་ན་སྲིད་པ་འཚོལ་བ་ནི་གང་ཞེ་ན། ཁུ་ཆུ་དང་ཁྲག་ལ་སོགས་པ་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་པས་དེ་ནི་ཡིད་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བ་དང་། སྲིད་པ་འཚོལ་བའི་ངང་ཚུལ་ཡིན་པའི་ཕྱིར་སྲིད་འཚོལ་དང་། དྲི་ཟ་བའི་ཕྱིར་དྲི་ཟ་དང་། འཆི་སྲིད་དང་སྐྱེ་བའི་བར་དུ་བྱུང་བས་སྲིད་པ་བར་མ་དང་། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། བརྗོད་པ་དེ་དག་གིས་བར་སྲིད་ཁོ་ན་བསྟན་ནོ། །ཅིའི་ཕྱིར་ཟས་བཞི་ཁོ་ན་ཞེ་ན། འདི་ལ་གནས་ནི་དབང་པོ་དང་བཅས་པའི་ལུས་དང་༑ བརྟེན་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། དེར་རིམ་པ་བཞིན་རྒྱས་པར་བྱེད་པའི་དོན་དུ་ཁམས་དང་རེག་བྱ་གཉིས་སོ། །དེ་གཉིས་སྐྱེས་པའི་སྲིད་པ་གསོ་བར་བྱ་བ་ལ་གཙོ་བོ་ཡིན་ནོ། །ཡིད་ལ་སེམས་པས་ནི་ཡང་སྲིད་པ་གཞན་འཕེན་པ་དང་། འཕངས་ཟིན་པ་ནི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་གྲུབ་པ་ཡིས་དོན་དུ་སེམས་པ་དང་རྣམ་ཤེས་གཉིས་ཏེ་གོ་རིམ་བཞིན་དུ་བསྟན་ནོ། །འདི་གཉིས་མ་སྐྱེས་པའི་སྲིད་པ་བསྐྱེད་པ་ལ་གཙོ་བོ་ཡིན་ནོ། །ཟས་སྔ་མ་གཉིས་སྐྱེས་ཟིན་གསོ་བས་མ་མ་ལྟ་བུ་དང་། ཕྱི་མ་གཉིས་བསྐྱེད་པར་བྱེད་པས་མ་ལྟ་བུའོ། །ད་ནི་དེ་དག་སེམས་གང་ལ་གནས་ཏེ་འཆི་འཕོ་བ་དང་སྐྱེ་བ་ཡིན་ཞེ་ན། དགེ་བའི་རྩ་བ་ཡང་དག་པར་མཆོད་པ་དང་༑ དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་། ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་ཉམས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་ཆོས་དྲུག་པོ་འདི་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་འདོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །སྲིད་པ་བར་མར་ཉིང་མཚམས་སྦྱོར་བའང་དེའོ། །འཆི་འཕོ་སྐྱེ་བ་ཚོར་བ་བཏང་སྙོམས་ལ་སྟེ་མི་གསལ་བའི་ཕྱིར་རོ༑ །མཉམ་པར་བཞག་པ་རྩེ་གཅིག་པའི་སེམས་ལའང་འཆི་འཕོའམ་སྐྱེ་བ་མེད་ལ། སེམས་མེད་པ་ལ་ཡང་དེ་མེད་དོ། །འཆི་བའི་སྲིད་པ་དེ་ཡང་རྣམ་པ་གསུམ་སྟེ། མྱ་ངན་འདས་པ་དགྲ་བཅོམ་པ་ལུང་བསྟན་མིན་པ་ཁོ་ན་ལ་སྟེ་འདོད་པའི་ཁམས་ན་རྣམ་པར་སྨིན་པའི་བཏང་སྙོམས་ཡོད་ན་རྣམ་པར་སྨིན་པའི་སེམས་ལ་གནས་སོ། །ཅི་སྟེ་མེད་ན་ནི་སྤྱོད་ལམ་པ་ཁོ་ན་ལ་སྟེ་གཉིས་སོ༑ །འཆི་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་ཤེས་འགག་ཅེ་ན་ཅིག་ཅར་འཆི་ན་ནི་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་མོད་ལ་འགག་པར་འགྱུར་རོ། །རིམ་གྱིས་ན་འོག་ཏུ་འགྲོ་བ་ངན་སོང་༑ མིར་འགྲོ་བ། ལྷར་འགྲོ་བ། མི་སྐྱེ་བ་དགྲ་བཅོམ་རྣམས་གྲངས་རིམ་གྱིས་འཆི་ན་རྐང་པ་དང་ལྟེ་བ་དང་། སྙིང་ཁར་ཡིད་འཆི་འཕོའོ། །ཕྱི་མ་ལ་གཞན་དག་སྤྱི་བོར་ཟེར་རོ། །འཆི་བའི་ལུས་ཀྱི་དབང་པོ་ནི། རྡོ་ལེབ་བསྲེགས་པའི་ཐོག་ཏུ་ཆུས་བཏབ་པ་ཞུམ་པར་འགྱུར་བ་བཞིན་དུ་རྐང་པ་ལ་སོགས་པ་ལ་ནུབ་པར་འགྱུར་རོ། །གནད་གཅོད་པའི་ཚོར་བས་ཉེན་པ་དག་དེ་ལྟར་རིམ་གྱིས་འཆི་ལ། གནད་གཅོད་པ་ནི་ཆུ་སོགས་པ་མེ་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པས་མཚོན་བརྡར་བས་བཏབ་པ་དང་འདྲ་བར་ཚོར་བ་མི་བཟད་པ་དག་གིས་བཅད་པ་ཡིན་གྱི། ཤིང་གཅོད་པ་ལྟ་བུ་ནི་མ་ཡིན་ནོ། །ཅིའི་ཕྱིར་སའི་ཁམས་ཀྱི་མ་ཡིན་ཞེ་ན། སྐྱོན་བཞི་པ་མེད་པའི་ཕྱིར་ཏེ། རླུང་མཁྲིས་བད་ཀན་གསུམ། སྐྱོན་དེའང་གཙོ་བོར་ཁམས་དེ་གསུམ་ཡིན་པས་སོ། །ལྷ་ལ་འཆི་བའི་ལྟས་ལྔ་སྟེ། གོས་དྲི་མ་ཅན་དུ་འགྱུར། མེ་ཏོག་གི་འཕྲེང་བ་རྙིངས་པར་འགྱུར། མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ང་བ་འབྱུང་བར་འགྱུར། རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །སེམས་ཅན་གྱི་འཇིག་རྟེན་འདི་ལྟར་སྐྱེ་བ་དང་གནས་པ་དང་། འཆི་འཕོ་བ་ན་བཅོམ་ལྡན་འདས་ཀྱི་ཚོགས་གསུམ་དུ་བཞག་སྟེ། ཚོགས་གསུམ་ནི། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་སོ། །སྡིག་པའི་ཆོས་ལས་རིང་དུ་སོང་བས་འཕགས་པ་སྟེ། གཏན་དུ་བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་རོ། །དེ་ཡང་གང་ཟག་ལ་ཟག་པ་མེད་པའི་ལམ་སྐྱེས་པ་དེ་དག་གི་ཉོན་མོངས་པ་ཟད་པར་ངེས་པའི་ཕྱིར་ཡང་དག་པར་ངེས་པའོ། །མཚམས་མེད་བྱེད་པ་དག་ནི་དམྱལ་བར་ངེས་པའི་ཕྱིར་ལོག་པ་ཉིད་དུ་ངེས་པ། དེ་གཉིས་ལས་གཞན་པ་ནི་མ་ངེས་པ་ཡིན་ནོ། །གསུམ་པ་དེར་སྐྱེ་བ་སྣོད་ཀྱི་འཇིག་རྟེན་བཤད་པ་ལ། སྣོད་ཀྱི་འཇིག་རྟེན། ལུས་དང་ཚེ། འཇལ་བྱེད་ཀྱི་ཚད། བསྐལ་པའི་རྣམ་གཞག་བཤད་པ་བཞི་ལས། དང་པོ་ནི། དེ་ལ་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་གནས་པར་འདོད་པའི་འོག་དག་གི་གཞི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་མངོན་པར་གྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་དྲུག་འབུམ༑ རྒྱར་ནི་གྲངས་མེད་དོ། །ཚན་པོ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་བ་ཡིན་ནོ། །དེའི་སྟེང་ན་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་དེའི་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ། དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །ཆུ་དེ་ཐད་ཀར་མི་བོ་བ་ནི་ལས་ཀྱི་དབང་གིས་སོ། །དེར་ལས་ཀྱི་མཐུ་ལས་བྱུང་བའི་རླུང་དག་གིས་དེ་ཀུན་ནས་དཀྲུགས་པས་འོ་མ་སྐོལ་བས་སྤྲིས་མ་ཆགས་པ་ལྟ་བུར། འོག་མ་ཆུ་སྟེང་མ་གསེར་གྱི་ས་གཞིར་ཏེ་གཉིས་སུ་གྱུར་པའི་ཕྱིས་ནི་ཆུའི་དཀྱིལ་འཁོར་ཀྱི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། ལྷག་མ་དག་ནི་གསེར་གྱི་དཀྱིལ་འཁོར་གྱི་རྔམས་སུ་འགྱུར་ཏེ་གསུམ་འབུམ་ཉི་ཁྲིའོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་རྒྱ་མཉམ་ལ། རྒྱའི་ཤར་ནུབ་ཀྱི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་སོ། །ཁོར་ཡུག་ཏུ་ནི་ཟླུམ་པོ་ཡིན་པས་གསུམ་འགྱུར་རོ། །དེ་ཙ་ན་དཔག་ཚད་ས་ལ་ཕྲག་གསུམ་དང་འབུམ་ཕྲག་དྲུག་ཁྲི་སུམ་བརྒྱ་ལྔ་བཅུའོ། །གསེར་གྱི་ས་གཞི་སྟེང་དུ། ཆར་པའི་རྒྱུན་དག་བབ་སྟེ་ས་བོན་རྣམ་པ་སྣ་ཚོགས་ཡོད་པའི་ཆུ་དེ་དག་མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་བསྲུབས་པས། དེ་ལ་དབུས་ན་ལྷུན་པོ། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་བལྟ་ན་སྡུག་རི་དང་། རྟ་རྣ་དང་ནི་རྣམ་འདུད་དང་། མུ་ཁྱུད་འཛིན་རིས་ར་བ་རིམ་པ་བདུན་བསྐོར་བ་ལྟ་བུའོ། །དེ་ནས་ནི་ཕྱི་ལ་གླིང་རྣམས་ཡིན་ནོ། །དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་སྟེ། ནང་མའི་རི་བདུན་གསེར་ཡིན། ཕྱི་མ་དེ་ལྕགས་སོ། །ལྷུན་པོ་ནི་རིན་ཆེན་གསེར་དངུལ་བཻཌཱུརྻ་ཤེལ་བཞིའི་རང་བཞིན་ངོས་བཞི་དེ་ལྟ་བུའི་མཐུས་དེ་ཕྱོགས་ཀྱི་ནམ་མཁའ་དེའི་ཁ་དོག་ཏུ་སྣང་བ་ལས་འདི་ཕྱོགས་བཻཌཱུརྻ་དེས་ནམ་མཁའ་སྔོན་པོར་སྣང་ངོ་། །དེ་དག་ཆུའི་ནང་དུ་ནི་དཔག་ཚད་བརྒྱད་ཁྲི་དག་ནུབ་བོ། །རི་རབ་དེ་བཞིན་ཆུ་ལས་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པས་འཕང་དུ་འབུམ་དྲུག་ཁྲིའོ། །ལྷག་མ་བརྒྱད་པོའི་འཕང་དུ་ཆུ་ལས་འཐོན་པ་ཕྱེད་ཕྱེད་དབྲི་བས་ཏེ། རི་རབ་ཀྱི་ཕྱེད་གཉའ་ཤིང་འཛིན། དེའི་ཕྱེད་གཤོལ་མདའ་འཛིན་ནས་ཁོར་ཡུག་གི་བར་ཕྱི་མ་དེ་ལ་སུམ་བརྒྱ་ཕྱེད་དང་བཅུ་གསུམ་མོ། །དེ་དག་ཆུ་ལས་ཇི་ཙམ་གྱེན་དུ་འཕགས་པ་རྔམས་སུ་རྒྱར་ཡང་རང་རང་འཕང་དང་མཉམ་མོ། །རི་དེ་དག་གི་བར་དུ་ནི་ཆུ་འོབས་ལྟ་བུར་བསྐོར་བའི་བདུན་ནི་རོལ་པའི་མཚོ་ཡིན་ཏེ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་འབའ་ཞིག་གོ །ཡན་ལག་བརྒྱད་ནི། བསིལ། ཞིམ། ཡང་། འཇམ། དང་བ། དྲི་ང་མེད་པ། འཐུངས་ན་མགྲིན་པ་དང་ལྟོ་བར་མི་གནོད་པའོ། །དེ་དག་ལས་དང་པོའི་ཁ་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །རོལ་མཚོ་དེ་དག་ནི་ནང་གི་རྒྱ་མཚོ་ཡིན་ལ། དེ་ཡང་ཟླུམ་པོ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དབྲི་སྟེ། གཉིས་པའི་ཁ་ཞེང་དང་པོའི་ཕྱེད་བཞི་ཁྲི་ནས། བདུན་པའི་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ། །ལྷག་མ་མུ་ཁྱུད་འཛིན་གྱི་ཕྱི་ཁོར་ཡུག་གི་ནང་དུ་གནས་པ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ལ། ཚྭ་ཆུའི་རང་བཞིན་ནོ། །དེའི་ཁ་ཞེང་འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི་ཉི་ཤུ་གཉིས་རྣམས་ཆུ་འོབས་ལྟ་བུར་བསྐོར་རོ། །དེ་ལ་ནི་གླིང་རྣམས་གནས་པའི་ལྷོ་འདིའི་ཕྱོགས་སུ་འཛམ་བུ་གླིང་སྟེ་ངོས་གསུམ་ལ་སྟོང་ཕྲག་གཉིས་གཉིས་སོ། །ཤིང་རྟའི་དབྱིབས་ཡིན་པས་ངོས་ཕྱི་ལ་བསྟན་པ་གཅིག་ལ་དཔག་ཚད་ཕྱེད་དང་བཞི། ཤར་གྱི་ཕྱོགས་སུ་ལུས་འཕགས་ཀྱི་གླིང་ནི་ཟླ་གམ་འདྲ། ངོས་གསུམ་འདི་དང་འདྲ་ལ། ཆུང་ཤོས་ཕྱོགས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ནུབ་ཀྱི་ཕྱོགས་སུ་བ་ལང་སྤྱོད་པའི་གླིང་ཟླུམ་པོ་སྟེ། ཕྱི་སྐོར་ལ་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེ་དབུས་ཐད་ཀར་སྟོང་ཕྲག་ཕྱེད་དང་གསུམ་བྱང་གི་ཕྱོགས་སུ་སྒྲ་མི་སྙན་སྟོང་ཕྲག་བརྒྱད་དེ། གྲུ་བཞི་པ་ངོས་མཉམ་པའོ། །གླིང་གི་དབྱིབས་ཅི་འདྲ་བས་དེར་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་ཀྱང་དེ་འདྲ་བར་བཤད་དོ། །དེ་ཡི་བར་གྱི་གླིང་བརྒྱད་ནི་གླིང་གཡོག་ཅེས་བྱ་སྟེ། ལུས་དང་ལུས་འཕགས་གཉིས་ཤར་གླིང་གི་འཁོར། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བྱང་གླིང་དང་ནི། རྔ་ཡབ་དང་ནི་རྔ་ཡབ་གཞན་ལྷོ་གླིང་གི གཡོ་ལྡན་དང་ནི་ལམ་མཆོག་འགྲོ་ནུབ་གླིང་གི་འཁོར་ཡིན་ལ། ཚད་དབྱིབས་དབུས་མ་དང་མཐུན་ནོ། །ཐམས་ཅད་ན་མི་གནས་སོ། །ཁ་ཅིག་ལྷོ་ནུབ་ན་སྲིན་པོ་དག་གནས་སོ་ཟེར་རོ། །འཛམ་བུ་གླིང་འདི་ཀའི་ནང་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི་ཕར་སྤོས་ངད་ལྡང་བའི་རིའི་ཚུར་རོལ་དེ་གཉིས་ཀྱི་བར་ན་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་ཡོད། མིང་མ་དྲོས་པ་ཞེས་བྱ་བ། དེ་ཡང་གདྒཱ་དང་། སིནྡྷུ་དང་། སཱི་ཏ་དང་། པཀྵུ་སྟེ་ཆུ་བོ་ཆེན་པོ་བཞི་འབབ་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ཡོད་དོ། །དེའི་དྲུང་ན་གང་ལ་འབྲས་བུ་དམར་པོ་དག་ཡོད་པའི་ཤིང་འཛམ་བུ་ཞེས་བྱ་བ་སྐྱེས་ཏེ། དེའི་དབང་གིས་འདི་ལ་འཛམ་བུའི་གླིང་དུ་གྲགས་སོ། །འཛམ་བུ་གླིང་འདི་ཉིད་ཀྱི་འོག་སྟོང་ཕྲག་ཉི་ཤུ་ན་དམྱལ་བ་མནར་མེད་པ་ཡོད་དེ། གནམ་འཕང་དང་རྒྱ་མཉམ་མོ། །དེའི་འོག་གཞི་ཡང་དེ་ཙམ་མོ། །འདི་ནས་ནི་དཔག་ཚད་བཞི་ཁྲི་ཡོད་དོ། །དེ་ནི་སྡུག་བསྔལ་བར་ཆད་མེད་པར་མནར་བའི་ཕྱིར་མནར་མེད་པ་ཞེས་བྱའོ། །དེའི་སྟེང་ན་དམྱལ་བ་གཞན་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཏེ་བདུན་པོ་རྣམས་སྡུག་བསྔལ་ལ་བར་ཆད་དང་བཅས་པ་སྟེ། ཡང་སོས་ན་ནི་ལུས་རྣམས་བཅད་ཅིང་ཕུག་ལ་གཏགས་ཀྱང་རླུང་གྲང་མོ་དག་ལངས་ནས་སེམས་ཅན་དེ་དག་ཡང་སོས་པར་འགྱུར་བ་སོགས་ཡིན་ལ། དེ་ཡང་རབ་ཏུ་ཚ་བ་ནས་ཡང་སོས་ཀྱི་བར་གོང་ནས་གོང་དུའོ། །བརྒྱད་པོའི་དམྱལ་བ་དག་ཏུ་གནོད་པ་བྱས་ནས་ཡང་འདི་དག་གནོད་པ་བྱེད་པས་ཀུན་ལ་ལྷག་མའི་གནས་བཅུ་དྲུག་སྟེ། གང་ཞེ་ན། དེ་དག་གི་ངོས་བཞིའི་དབྱེ་བས་ཏེ་རེ་རེ་ན། མེ་མ་མུར་པུས་མོ་ནུབ་ཙམ་གང་དུ་སེམས་ཅན་དེ་དག་གི་རྐང་པ་བཞག་ན། པགས་པ་དང་ཤ་ཁྲག་ཞིག་པར་འགྱུར་ལ། རྐང་པ་བཏེག་ན་པགས་པ་དང་ཤ་ཁྲག་སླར་སྐྱེ་བ་དང་། རོ་མྱགས་སྐྱག་པའི་འདམ་རྫབ་འབུ་མཆུ་རྣོན་པོ་ལུས་དཀར་ལ་མགོ་ནག་པ་དག་གིས་རུས་པའི་བར་དུ་འབིགས་པར་བྱེད་པ་དང་། སྤུ་གྲིའི་སོས་གཏམས་པའི་ལམ་པོ་ཆེ་གང་དུ་འགྲོ་བ་ན་པགས་པ་དང་ཤ་ཁྲག་ཞིག་པར་འགྱུར་བ་སོགས་པ་ལོ་མ་རལ་གྲི་ལྟ་བུའི་ནགས་ཁྲོད་དུ་རལ་གྲི་རྣོན་པོ་རྣམས་ལྷུང་བས་ཡན་ལག་དང་ཉིང་ལག་གཅོད་པ་དང་། ཁྱི་སྲེ་བོ་རྣམས་ཀྱིས་ཀྱང་ཟ་བར་བྱེད་པ་དང་། ལྕགས་ཀྱི་ཤལ་མ་ལི་ལྕགས་ཚེར་རྣོན་པོ་སོར་བཅུ་དྲུག་པ་གོང་དུ་འཛེག་པ་ན་ནི་ཚེར་མ་ཐུར་དུ་ཁ་བལྟས་ཏེ་འབབ་པ་ན་གྱེན་དུ་ཁ་བལྟས་ཏེ་འཛུག་པ། ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཕྱུང་ཏེ་ཟ་བ་རྣམས་མཚོན་ཆ་མངོན་པར་འབབ་པ་འདྲ་བའི་ཕྱིར་གཅིག་ཏུ་བྱའོ། །བཞི་པ་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་འགྲམ་ན་སྐྱེས་བུ་མཚོན་ཆ་ཐོགས་པས་བསྲུང་ཞིང་། སྟེང་འོག་སྣམ་ལོགས་གར་འགྲོ་ཡང་བརྡུང་ཞིང་འཚེད་པར་བྱེད་པའོ། །དེ་དག་གིས་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་བའོ། །ཆུ་བུར་ཅན་ལ་སོགས་པ་ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ་གྲང་དམྱལ་བརྒྱད་ནི་གཞན་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ནའོ། །མིང་འདི་རྣམས་སེམས་ཅན་གྲང་བ་མི་བཟད་པས་ཉེན་པས་དེ་དག་གི་ལུས་དང་སྒྲ་འགྱུར་བ་དང་མཐུན་པས་གྲང་བའི་དམྱལ་བའོ། །འཛམ་བུའི་གླིང་འདི་ཙམ་གྱི་འོག་ན་མནར་མེད་པའི་གོ་དེ་ཙམ་ཡངས་པ་ཅི་ཤོང་ཞེ་ན། གླིང་རྣམས་ནི་འབྲུའི་ཕུང་པོ་བཞིན་ཞབས་རྒྱ་ཆེ་བ་ཡིན་ལ། དེའི་ཕྱིར་རྒྱ་མཚོ་ཆེན་པོ་ནི་རིམ་གྱིས་གཞོལ་བ་ཡིན་ཞེས་གྲག་གོ །དམྱལ་བ་བཅུ་དྲུག་པོ་ནི་སྤྱིའི་ལས་ཀྱིས་གྲུབ་པ་ཡིན་ལ། ཉི་ཚེ་བའི་དམྱལ་བ་རྣམས་ནི་སོ་སོའི་ལས་དག་གིས་གྲུབ་པས། རྣམ་པ་དུ་མ་ཡོད་ལ་གནས་ངེས་པ་མེད་དོ། །ཡི་དྭགས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ལ། དེའི་གནས་ནི་འཛམ་བུ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པར་ཡོད་དོ་གཞན་དེ་ལས་འཕྲོས་པའོ། །དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་སྟེ། དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོའོ། །གཞན་ནི་འཕྲོས་པའོ། །སེམས་ཅན་ཐུན་མོང་བའི་ལས་དབང་གིས་བར་སྣང་ལ་ཉི་ཟླ་གཟའ་སྐར་རྣམས་དང་། འཕུལ་བར་བྱེད་པའི་རླུང་དག་གྲུབ་སྟེ། རི་རབ་ལ་རླུང་གིས་འཁོར་ལོ་བཞིན་དུ་འཁོར་རོ། །ཉི་ཟླ་དང་འདིའི་བར་ཐག་དེ་གཉིས་ལྷུན་པོའི་ཕྱེད་ན་རྒྱུ་བས་བཞི་ཁྲི༑ དེ་གཉིས་ཚད་ཅི་ཙམ་ཞེ་ན། ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ། ཉི་མ་དེའི་སྟེང་དུ་གཅིག་དང་བཅས་པ་སྟེ་ལྔ་བཅུ་རྩ་གཅིག་གོ །ཉི་མའི་གཞལ་མེད་ཁང་གི་འོག་གཞི་མེ་ཤེལ་ཡིན་པས་ཚ་བར་བྱེད་པ། ཟླ་བའི་ཆུ་ཤེལ་ཡིན་པས་བསིལ་བར་བྱེད་པ། གཉིས་ཀ་སྣང་བར་བྱེད་པར་མངོན་པར་གྲུབ་བོ། །ཅི་གླིང་བཞིར་ཉི་མ་གཅིག་གིས་སམ་མང་པོས་བྱ་བ་བྱེད་ཅེ་ན་གཅིག་གིས་ཏེ། དེ་ཡང་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ལུས་འཕགས་སུ་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་དུ་ཉི་མ་ཕྱེད་པ་དང་། བ་ལང་སྤྱོད་དུ་འཆར་བ་དུས་གཅིག་པས་སོ། །ཉི་མའི་འགྲོས་ཀྱིས་འདི་ན་ཉིན་མཚན་རིང་ཐུང་དུ་འགྱུར་ཏེ། དེ་ཡང་བསྟན་བཅོས་པའི་དབྱར་གྱི་ཟླ་བ་གཉིས་པ་ནི་འཇིག་རྟེན་གྲགས་པའི་དབྱར་ཟླ་ཐ་མའི་མར་ངོ་ནས་ཡིན་ལ། རགས་པར་བརྩིས་པས་དེའི་ཕྱོགས་མཐའ་མའི་ཚེས་བརྒྱད་ལ་སྟོན་ཉིན་མཚན་མཉམ། ཚེས་དགུ་ནས་མཚན་མོ་རིང་དུ་འགྲོ། དགུན་རྣམས་ཀྱི་ནི་བཞི་པའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ། དེའི་དགུ་ནས་མཚན་མོ་ཐུང་དུ་འགྱུར་རོ། །ཉིན་མོ་ཟློག་སྟེ་མཚན་རིང་དུ་འགྲོ་ཚེ་ཉིན་མོ་ཐུང་དུ་འགྲོ །མཚན་ཐུང་དུ་སོང་དུས་དེ་རིང་དུ་འགྲོ་བས་སོ། །ཉིན་མཚན་ཅི་ཙམ་རེས་རིང་དུ་འགྲོ་བ་ནི་ཐང་ཅིག་གོ །སྔ་མ་ཉི་མ་ལྷོ། ཕྱི་མ་བྱང་དུ་འགྲོ་བའི་ཚེ་སྟེ་བགྲོད་པ་གཉིས་སོ། །ཟླ་བའི་གཞལ་མེད་ཁང་ཉི་མ་དང་ནི་ཉེ་བ་ལས་དེའི་འོད་གཞལ་མེད་ཁང་ལ་འབབ༑ དེའི་ཕ་རོལ་གྱི་ངོས་སུ་རང་གི་གྲིབ་མས་འགྲིབ་པར་སྣང་བས་ཟླ་བ་འཕེལ་འགྲིབ་ཏུ་འགྱུར་རོ། །ཉི་ཟླ་སྐར་མ་སོགས་གཞལ་མེད་ཁང་ན་གནས་པ་སྟེ་རྒྱལ་ཆེན་བཞི་པར་གཏོགས་སོ༑ །དེ་དག་ལས་ས་ལ་གནས་པ་ནི་བང་རིམ་དང་རི་བདུན་ལ་གནས་པ་རྣམས་སོ། །རི་རབ་འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ། དང་པོ་རི་རབ་ལས་འབུར་དུ་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་དང་། གཉིས་པ་བརྒྱད་དང་། གསུམ་པ་བཞི་དང་། བཞི་པ་སྟོང་ཕྲག་གཉིས་འཕགས་སོ། །འོག་མ་དེ་ལ་གནོད་སྦྱིན་ལག་ན་གཞོང་ཐོགས་དང་༑ དེ་ནས་གཉིས་པར་འཕྲེང་ཐོགས་དང་ནི་གསུམ་པར་རྟག་མྱོས་འདི་དག་ཀྱང་ལྷ་རྒྱལ་ཆེན་རིས་བཞི་པའི་ནང་ཚན། བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་ལྷ་རྣམས་གནས་པ་དེ་བཞིན། རི་ནི་བདུན་པོ་དག་ལ་ཡང་དེ་དག་གི་གྲོང་དང་གྲོང་རྡལ་ཡོད་དེ། དེ་ཉིད་ཀྱི་ཕྱིར་ལྷའི་རིས་དེ་ནི་ཐམས་ཅད་པས་ཆེ་བ་ཡིན་ནོ། །ལྷུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་པའོ། །ལྷུན་པོའི་རྩེའི་ངོས་རེ་རེ་ལ་བརྒྱད་ཁྲིའོ། །དེའི་ཕྱོགས་དང་མཚམས་བཞི་སྟེ་བརྒྱད་ལ་ནི། ལག་ན་རྡོ་རྗེའི་གནས་དཔག་ཚད་ལྔ་བརྒྱ་པའི་ཚད་ཙམ་གྱིས་གྱེན་དུ་འཕགས་པའི་ཁང་པ་བརྩེགས་པ་ལྕོག་ལྕགས་ཀྱི་ཚུལ་དུ་ཡོད་དོ། །རི་རབ་དེའི་རྩེའི་དབུས་ན་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ་གསེར་གྱི་རང་བཞིན་ས་གཞི་ཚོན་བརྒྱས་བཀྲ་བར་བྱས་པ། དེ་ཡང་ཤིང་བལ་གྱི་འདབ་མ་བཞིན་དུ་མཉེན་པ། རེག་ན་འཇམ་པ། རྐང་པ་བཞག་པ་དང་ནེམ་བཏེག་པ་དང་སྤར་ཞེས་བྱེད་པ་ཡོད་དོ། །དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བྱེད་རིན་པོ་ཆེ་དང་གནས་རྣམ་པར་དུ་མ་ཕུན་སུམ་ཚོགས་པ་གནས་གཞན་ཐམས་ཅད་ཀྱི་དཔལ་གྱིས་ཆེ་བའི་བདག་ཉིད་ངོ་མཚར་བར་བྱེད་པ་ངོས་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུའོ། །གྲོང་ཁྱེར་དེའི་ཕྱི་རོལ་གྱི་ངོས་བཞི་ན་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་བཞི་ཡོད་དེ། ཤིང་རྟ་སྣ་ཚོགས་པ་ཅན་དང་༑ རྩུབ་འགྱུར་དང་། འདྲེས་མའི་ཚལ་དགའ་བའི་ཚལ་གྱིས་བརྒྱན་ནོ། །དེ་དག་གི་ནི་ཕྱོགས་བཞི་དཔག་ཚད་ཉི་ཤུས་བཅད་པ་ན་ལྷ་རྣམས་ཀྱི་རྩེ་བའི་གནས། ས་བཞི་བཟང་པོ་ཕན་ཚུན་འགྲན་པ་ལྟ་བུར་མཛེས་པ་དང་ལྡན་པ་བཞི། དེའི་བྱང་ཤར་གྱི་མཚམས་ན་ཡོངས་འདུ་ས་བརྟོལ་ཏེ་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་སྟེར་བ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག །གནམ་འཕང་དུ་དཔག་ཚད་བརྒྱ། ཡལ་ག་དང་འདབ་མ་དང་ལོ་མ་ནི་དཔག་ཚད་ལྔ་བཅུར་ཁྱབ་པ། དེའི་མེ་ཏོག་དང་འདབ་མ་ཐམས་ཅད་རྒྱས་པའི་དྲི་ངད་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ལྡང་ངོ་། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་། །ལྷོ་ནུབ་མཚམས་ན་ལྷ་རྣམས་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པའི་ལྷའི་འདུན་ས་ཆོས་བཟང་ངོ་། །སུམ་ཅུ་རྩ་གསུམ་པ་དེའི་སྟེང་གི་ལྷ་རྣམས་གཞལ་མེད་ཁང་ན་གནས་པ་སྟེ་མདོར་ན་ལྷའི་རིས་ཉི་ཤུ་རྩ་གཉིས་སོ། །དེ་ཡང་འདོད་པ་སྤྱོད་པ་དྲུག་ཡིན་ནོ། །འདོད་པའང་རྒྱལ་ཆེན་བཞི་པ་དང་སུམ་ཅུ་རྩ་གསུམ་པ་རྣམས་མི་བཞིན་དུ་གཉིས་ཀྱིས་གཉིས་སྤྲོད་པས་འཁྲིག་ལ། དེ་དག་ལ་ཁུ་ཆུ་མེད་ཀྱི་རླུང་བཏང་བས་ཡོངས་སུ་གདུང་བ་དང་བྲལ་ལོ། །འཐབ་བྲལ་བ་འཁྱུད་པ་ཙམ་གྱིས་དང་༑ དགའ་ལྡན་པ་ལག་བཅངས་བྱས་པས་དང་། འཕྲུལ་དགའ་བ་རྒོད་པས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ནི་ལྟ་བས་འཁྲིག་པ་ཡིན་ནོ། །བྱེ་སྨྲ་རྣམས་ན་རེ། ཐམས་ཅད་ཀྱང་གཉིས་གཉིས་སྤྲོད་པས་ཡིན་ནོ་ཟེར་རོ། །ལྷའམ་ལྷ་མོ་གང་གི་པང་དུ་ལྷ་གཞོན་ནུའམ། གཞོན་ནུ་མ་བརྫུས་ཏེ་སྐྱེ་བ་གང་དེ་དང་དེའི་བུ་དང་བུ་མོར་འཛིན་ནོ། །དེ་དག་བོང་ཚོད་བྱིས་པ་ལོ་ལྔ་ལོན་པ་ནས་ལོ་བཅུ་ལོན་པ་ལྟ་བུའི་བར་རིམ་པ་བཞིན་ལྷའི་རིས་དེ་དག་ཏུ་སྐྱེ། གཟུགས་ཅན་གྱི་ལྷ་རྣམས་ལུས་ཀུན་རྫོགས་པ་གོས་དང་བཅས་པ་ཉིད་དུ་སྐྱེའོ། །ལྷ་ཐམས་ཅད་འཕགས་པའི་སྐད་དེ་ལེགས་སྦྱར་དུ་སྨྲའོ། །ཇི་ལྟར་བྱུང་བ་ལ་ལོངས་སྤྱོད་པ་ཉིད་དང་། འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་ལ་ལོངས་སྤྱོད་པ་ཉིད་དང་། འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་འདོད་པ་སྐྱེ་བ་གསུམ་པོ་ཞེས་བྱ་ལ། དེ་དག་གི་མཚན་གཞི་ནི་རིམ་པ་བཞིན་འདོད་པའི་ལྷ་ཁ་ཅིག་དང་མིར་བཅས་པ་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །བསམ་གཏན་གསུམ་པ་ས་དགུ་པོ་གང་ཡིན་པ་དེ་དག་ནི་བདེ་བ་སྐྱེ་བ་གསུམ་ཡིན་ཏེ། ལྷ་དེ་དག་དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། དགའ་བ་མེད་པའི་བདེ་བས་བདེ་བར་གནས་པ་ཡུན་རིང་མོ་ཞིག་ཏུ་གནས་པའོ། །ལྷའི་གནས་ཉེར་གཉིས་པོ་རྣམས་ཀྱི་བར་ཐག་ནི་རྒྱལ་པོ་བཞིའི་གནས་ནས་གནས་འོག་མ་འཛམ་བུ་གླིང་ཇི་སྲིད་པ་དེ་ནས་དེ་ཡི་གོང་མ་སུམ་ཅུ་རྩ་གསུམ་པ་དེ་སྲིད། སུམ་ཅུ་རྩ་གསུམ་པ་ནས་འཛམ་བུའི་གླིང་གི་བར་ཇི་སྲིད་དེ་ནས་གོང་འཐབ་བྲལ་གྱི་བར་ནས༑ ཤིན་ཏུ་མཐོང་ནས་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་གོང་ནས་འོག་མིན་པའི་གནས་སུ་ཡང་དེ་སྲིད་ཡིན་པས་ཤེས་པར་བྱའོ། །འོག་མར་སྐྱེས་པ་རྣམས་རྫུ་འཕྲུལ་དང་ལྡན་པར་གྱུར་པའམ་གོང་མར་འགྲོ་བ་གཞན་ལ་སྟོན་པར་གྱུར་པ་སྟེ། རྫུ་འཕྲུལ་ཅན་དང་གོང་མའི་ལྷས་ཁྲིད་པར་གྱུར་ན་ཡིན་གྱི། དེ་མ་གཏོགས་པ་བགྲོད་པར་མི་ནུས་སོ། །དེ་དག་གིས་གོང་མ་མཐོང་བ་ཡང་མེད་དོ། །གླིང་བཞི་པ་དང་། ཉི་ཟླ་དང་། རི་རབ་དང་ནི་འདོད་ལྷ་དང་། ཚངས་པའི་འཇིག་རྟེན་དང་བཅས་པ་ནི་གླིང་བཞི་པའི་འཇིག་རྟེན་ཞེས་བྱ། དེ་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཡིན་པར་འདོད་ལ། སྟོང་སྤྱི་ཕུད་དེ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ། །བར་མའི་འཇིག་རྟེན་གྱི་ཁམས་ཏེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དོ། །འདི་ཐམས་ཅད་ནི་མཉམ་དུ་འཇིག་ཅིང་མཉམ་དུ་འབྱུང་བ་ཡིན་ནོ། །འབྱུང་བ་ནི་ཆགས་པའོ༑ །གཉིས་པ་ལུས་དང་ཚེ་ནི། དེ་དག་ལ་གནས་པའི་སེམས་ཅན་འཛམ་བུའི་གླིང་པ་རྣམས་ཀྱི་ལུས་ཚད་རང་ཁྲུ་བཞི་པ་དང་། ཕྱེད་དང་བཞི་པ། ཤར་གླིང་པ་དང་། བ་ལང་སྤྱོད་དང་ནི། བྱང་གླིང་པ་ཞེས་བྱ་བ་རིམ་པ་བཞིན་ཁྲུ་བརྒྱད་བཅུ་དྲུག །སུམ་ཅུ་རྩ་གཉིས་པ་སྟེ་སྔ་མ་སྔ་མ་ལས་ཉིས་འགྱུར་བསྐྱེད་པས་སོ། །འདོད་པ་དང་ལྡན་པས་ལྷའི་ལུས༑ སྡེ་རིས་བཞི་པ་རྒྱང་གྲགས་ཀྱི་བཞི་ཆ་ནས་ནི་རྩ་གསུམ་པ་བཞི་ཆ་གཉིས་པ། འཐབ་བྲལ་བ་བཞི་ཆ་གསུམ་པ། དགའ་ལྡན་པ་རྒྱང་གྲགས། འཕྲུལ་དགའ་བ་རྒྱང་གྲགས་གཅིག་དང་བཞི་ཆ། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པའོ། །གཟུགས་ཅན་དང་པོ་ཚངས་རིས་པ་དཔག་ཚད་ཕྱེད། དེ་ཡི་གོང་མ་གཉིས་སྔ་མ་ལས་ཕྱེད་ཕྱེད་བསྐྱེད་པ། འོད་ཆུང་བ་རྣམས་དཔག་ཚད་གཉིས་དེའི་ལྷག་མ་ཡན་ཆད་ལུས་ནི་སྔ་མ་སྔ་མ་ལས་ཉིས་འགྱུར་ཉིས་འགྱུར་ཏེ། སྤྲིན་མེད་པ་རྣམས་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། གསུམ་དོར་ཏེ༑ ཉིས་འགྱུར་དེ་ག་བསོད་ནམས་སྐྱེས་ནས་འོག་མིན་པའི་བར་དུ་ཡང་ཤེས་པར་བྱ་བས། དེའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ངོ་། །ཚེ་ཡང་སྒྲ་མི་སྙན་ན་ཚེ་ལོ་སྟོང་སྟེ་གཉིས་ན་ཕྱེད་ཕྱེད་སྤངས་པ་སྟེ་བ་ལང་སྤྱོད་ལྔ་བརྒྱ། ལུས་འཕགས་ཉིས་བརྒྱ་ལྔ་བཅུའོ། །འཛམ་བུ་གླིང་འདི་ན་མ་ངེས་ཏེ། ཐུང་བ་ཐ་མར་ནི་ཚེ་ལོ་བཅུ་པ། རིང་བ་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་སྟེ་ཡོངས་སུ་ཚད་གཟུང་བར་མི་ནུས་སོ། །མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་ཆེས་འོག་མ་རྒྱལ་ཆེན་བཞི་པ་དག་གི་ཉིན་ཞག་གཅིག །དེ་སུམ་ཅུ་ཟླ་བ༑ དེ་བཅུ་གཉིས་ལོ། དེ་ལྟ་བུ་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །མི་ལོ་བརྒྱ་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་ཏུ་བཞག་པ་དང་། དེའི་རང་ལོ་སྟོང་། མི་ལོ་ཉིས་བརྒྱ།བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་བརྒྱ་ལྷག་མ་འཐབ་བྲལ་བ་སོགས་སོ་སོའི་ཉིན་ཞག །རང་ལོ་ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་ཡིན་པས་སོ། །གཟུགས་ཅན་ཉིན་མཚན་མེད་པས་ཚེ་བརྩི་བ་ན་རང་ལུས་ཀྱི་ཚད་དཔག་ཚད་ཕྱེད་ཡིན་པས་གཞལ་བའི་དེ་དག་གི་ཚེ་བསྐལ་པ་ཡི་ཕྱེད་ཡིན་པ་ནས། འོག་མིན་པའི་བསྐལ་པ་ཁྲི་དྲུག་སྟོང་ཡིན་པའི་བར་དུའོ། །གཟུགས་མེད་ལ་བསྐལ་པ་སྟོང་ཕྲག་ནི་ཉི་ཤུ་ལྷག་པས་ལྷག་པ་ཡིན་ཏེ། བཞི་རིམ་པ་བཞིན། ཉིས་ཁྲི། བཞི་ཁྲི། དྲུག་ཁྲི། བརྒྱད་ཁྲིའོ། །འོད་ཆུང་ནས་བཟུང་བསྐལ་པ་ཆེན་པོ་ཡིན་ལ། དེའི་འོག་མ་དག་ནི་དེའི་ཕྱེད་ལ་བསྐལ་པར་བཞག་པ་དེ་ཡིན་ནོ། །ཡང་སོས་ལ་སོགས་པའི་ཚ་དམྱལ་བ་དྲུག་གི་ཚེ་ནི་རིམ་པ་བཞིན། འདོད་ལྷའི་ཚེ་དང་དེའི་ཉིན་ཞག་མཉམ་པར་བཞག་པའི་འདྲེས་ཀྱི་དེད་ན་དེ་དག་རྣམས་ཀྱི་ཚེ་འདོད་པའི་ལྷ་དང་གྲངས་འདྲ་བ་ཡིན་ཏེ་ཡང་སོས་པའི་རང་ལོ་ལྔ་བརྒྱ་སོགས་ཀྱིས་སོ། །རབ་ཏུ་ཚ་བ་ནི་བར་བསྐལ་ཕྱེད་དོ། །མནར་མེད་ནི་བར་ཀྱི་བསྐལ་པའོ། །དུད་འགྲོ་རྣམས་ལ་ངེས་པ་མེད་དེ། མཆོག་ཏུ་རིང་བ་ཀླུ་བརྒྱད་ལྟ་བུ་ནི་བར་བསྐལ་གཅིག་གོ །ཡི་དྭགས་རྣམས་མི་རྣམས་ཀྱི་ཟླ་བ་ཉིན་ཞག་ཏུ་བཞག་པའི་རང་ལོ་ལྔ་བརྒྱའོ། །གྲང་དམྱལ་བའི་ཚེ་ཚད་ནི། ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་ཤོང་བ་ཏིལ་གྱིས་འཕྱུར་བུར་བཀང་བའི་ནང་ནས་ལོ་བརྒྱ་ཞིང་ཏིལ་གཅིག་ཕྱུང་བས་ནམ་དེ་ཟད་པར་གྱུར་པ་ཆུ་སྦུར་ཅན་གྱི་ཚེ་རྫོགས་པ་ཡིན་ཏེ། གཞན་ལྷག་མ་དྲུག་གི་ཚེ་ནི་སྔ་མ་སྔ་མ་ཉི་ཤུས་བསྒྱུར་བའོ། །དེ་དག་ལས་སྒྲ་མི་སྙན་མ་གཏོགས་པ་ལ་དུས་མ་ཡིན་པར་འཆི་བ་ཡོད་ལ། དེ་ལ་མེད་དོ། །གསུམ་པ་འཇལ་བྱེད་ཀྱི་ཚད་ནི། གཟུགས་ཀྱི་ཆུང་བའི་མཐའ་ནི་རྡུལ་ཕྲ་རབ། མིང་གི་མཐའ་ནི་ཡི་གེ དུས་ཀྱི་མཐའ་ནི་སྐད་ཅིག་མ། རྡུལ་ཕྲ་རབ་ལ་སོགས་པ་དེ་དག་གོང་ནས་གོང་དུ་བདུན་འགྱུར་དུ་རྩིས་ཏེ་ཕྲ་རབ་ཀྱི་རྡུལ། དེ་བདུན་རྡུལ་ཕྲན་དང་ནི་དེ་བཞིན་དུ། དེ་བདུན་ལ་ལྕགས་རྡུལ། དེ་བདུན་ཆུ་རྡུལ། དེ་བདུན་རི་བོང་གི་རྡུལ༑ དེ་བདུན་ལུག་རྡུལ། དེ་བདུན་གླང་རྡུལ། དེ་བདུན་ཉི་ཟེར་གྱི་རྡུལ། དེ་བདུན་སྲོ་མ་དང་། དེ་བདུན་དེ་ལས་བྱུང་བ་ཤིག་དང་། ཤིག་བདུན་ལ་ནས། དེ་བཞིན་དུ་དེ་བདུན་སོར་ཚིགས་ཞེས་བྱ་བས་སོ། །སོར་མོ་དེ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས། གྲོང་ལས་དེ་ཙམ་ཕྱིན་པའི་ས་སྟོངས་དེ་ལ་དགོན་པར་འདོད་ལ། རྒྱང་གྲགས་དེ་བརྒྱད་དཔག་ཚད་ཅེས་བྱའོ། །དུས་ཀྱི་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཟེར། དེ་དག་ཀྱང་དྲུག་ཅུ་ལ་ཐངས་གཅིག་གོ །ཐངས་ཅིག་ནས་ཡུད་ཙམ། ཉིན་ཞག །ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུས་བསྒྱུར་ཏེ། ཐངས་སུམ་ཅུ་ཡུད་ཙམ། དེ་སུམ་ཅུ་ཞག །དེ་སུམ་ཅུ་ཟླ་བ་ཡིན་པའོ། །ཞག་མི་ཐུབ་དྲུག་དོར་རྒྱུ་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་དེའི་ལོ་གཅིག་ཞེས་བྱའོ། །ཟླ་བ་གཉིས་གཉིས་ན་ཞག་རེ་རེ་དོར་དགོས་པས་དེ་ཞག་མི་ཐུབ་བོ། །བཞི་པ་བསྐལ་པའི་རྣམ་གཞག་བཤད་པ་ནི། བསྐལ་པ་ཆེན་པོ་གཅིག་ལ་རྣམ་པ་མང་པོ་བཤད་པ་སྟེ། འཇིག་པའི་བསྐལ་པ། ཆགས་པའི་བསྐལ་པ། གནས་པའི་བསྐལ་པ། སྟོངས་པའི་བསྐལ་པར་གསིལ་བ་ལས་སོ། །འཇིག་པའི་བསྐལ་པ་ནི། དམྱལ་བ་མནར་མེད་པ་ཡི་སེམས་ཅན་གྱི་སྲིད་པ་མེད་པ་ནས་འགོ་བརྩམས་ཏེ་སྣོད་ཟད་པས་ལྷག་མ་མེད་པའི་བར་ཡིན་ནོ། །དེས་ན་འཇིག་པ་ལ་བཅུད་འཇིག་པ་དང་སྣོད་འཇིག་པ་གཉིས། དང་པོ་དམྱལ་བར་སྐྱེས་པ་དག་དེ་ནས་འཕོ་ཞིང་ཕྱིན་ཆད་དེར་སྐྱེ་མཁན་མེད་པ་བཞིན། ཚངས་པ་ཆེན་པོའི་བར་ལའང་ཡིན་པས་ཐམས་ཅད་འོད་གསལ་གྱི་ལྷར་སྐྱེ་བའམ། འཇིག་རྟེན་གཞན་དུ་ཆས་ནས་གླིང་བཞི་པ་རིལ་སྟོང་པར་ལུས་པའོ། །གཉིས་པ་སྣོད་སྟོང་པར་ལུས་པའི་དུས་ཉི་མ་བདུན་བྱུང་ནས་རིམ་གྱིས་ས་དང་རི་རབ་འདོད་ལྷའི་གནས་བསྲེགས་པའི་མེ་ལྕེ་རླུང་གིས་ཁྱེར་ནས་ཚངས་པའི་གཞལ་མེད་ཁང་སྟོང་པ་རྣམས་བསྲེགས་པར་གྱུར་གྱི་བར་ཡིན་ལ། མེ་ལྕེ་དེ་ཡང་དེའི་ས་པ་ཁོ་ན་ཡིན་པས་དེ་ལས་གོང་དུ་འགྲོ་བ་མེད་དེ༑ དེ་དག་བསྲེགས་ནས་རང་ཞིའོ། །གཉིས་པ་ཆགས་པའི་བསྐལ་པ་ནི། དང་པོའི་རླུང་ནས་གཟུང་ནས་ནི་དམྱལ་བའི་གནས་མནར་མེད་དུ་སེམས་ཅན་གཅིག་སྲིད་པའི་བར་དུའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་སྣོད་རྣམས་ཀྱི་སྔ་ལྟས་སུ་རླུང་འཇམ་པོ་དག་པ་ལྡང་། དེ་ནས་རླུང་དེ་དག་སྐྱེ་བ་ན་རླུང་གི་དཀྱིལ་འཁོར་གྲུབ་པ་ཡིན་ལ། དེ་ནས་ཆུ་ནས་རི་རབ་ཀྱི་བར་དང་། དང་པོར་ཚངས་པའི་གཞལ་མེད་ཁང་། དེ་ནས་འཐབ་བྲལ་བའི་བར་གྲུབ་པས་སྣོད་གྲུབ་པའི་རིམ་པ་ཡིན་ནོ། །སེམས་ཅན་གང་དག་གཅིག་འོད་གསལ་ནས་ཤི་འཕོས་ནས་ཚངས་པ་ཆེན་པོ། དེ་ནས་རིམ་གྱིས་མནར་མེད་ཀྱི་དམྱལ་བར་སེམས་ཅན་གཅིག་སྐྱེ་བའི་བར་ནི་བཅུད་གྲུབ་པའི་རིམ་པའོ། །ཆགས་འཇིག་དེ་གཉིས་ཀྱི་བར་གྱི་བསྐལ་པ་གནས་བསྐལ་ཏེ་མི་ལོ་དཔག་ཏུ་མེད་པ་འགྲིབ་པའི་འགོ་བཙུགས་པ་ནས་ཚེ་ལོ་བཅུ་པའི་བར་དུ་ཡ་ཐོག་རིང་མོའོ། །དེ་ནས་ཡར་སྐྱེ་བ་བར་བསྐལ་ཕྱེད། མར་ནི་ཚེ་ལོ་བཅུ་པར་འགྲིབ་པ་ཡི་བར་བསྐལ་ཕྱེད་དེ༑ བསྐལ་པ་གཞན་ཁུག་པ་དེ་ནི་བཅོ་བརྒྱད་དང་། དེ་ནས་ཡར་སྐྱེ་བ་ནི་བར་བསྐལ་གཅིག་ཡིན་ཏེ། དེ་ལ་མར་འགྲིབ་མེད་པས་མར་གྱི་མ་ཐོག་རིང་མོའོ། །གནས་བསྐལ་པའི་ཡར་སྐྱེ་བ་དེ་དག་ཚེ་ནི་ཅི་ཙམ་ཐུག་ཡིན་ན་བརྒྱད་ཁྲིའི་བར་རོ། །དེ་ལྟར་འཇིག་རྟེན་ཆགས་པ་འདི་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །དེས་ན་ཆགས་པ་དང་ནི་འཇིག་པ་དང་། ཞིག་ནས་སྟོངས་པ་དང་འདུག་པ་དག་ཐམས་ཅད་བར་བསྐལ་ཉི་ཤུ་པ་རེར་མཉམ་མོ། །དེ་དག་བརྒྱད་ཅུ་པོ་ཐམས་ཅད་ལ་བསྐལ་པ་ཆེན་པོ་གཅིག་གོ །བསྐལ་པ་ཆེན་པོ་དེ་ལྟ་བུ་གྲངས་མེད་གསུམ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་འགྲུབ་བོ། །གྲངས་མེད་ཀྱང་གྲངས་ཀྱི་གནས་གཞན་དྲུག་ཅུའི་མཐའ་སྟེ། དྲུག་ཅུ་གང་ཞེ་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་༑ །ས་ཡ་བྱེ་བ་དུང་འཕྱུར་རྣམས་ལ་རྐྱང་པའི་གྲངས། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པད་སྟེངས་དེ་འདྲེན་མཐའ་སྣང་དང་༑ །རྒྱུ་རིག་འོད་མཛེས་དབང་ལེགས་ཕྱིན། །རྟོགས་འགྲོ་འབྱིང་རྡུལ་རྒྱ་བཏགས་དང་། །སྟོབས་འཁོར་བརྡ་ཤེས་རྣམ་འབྱུང་དང་། །སྟོབས་མིག་རྣམས་ནི་ཟུང་གི་གྲངས། །བར་ནས་བརྒྱད་ནི་མ་རྙེད་དོ། །དེ་མཐར་གྲངས་མེད་བཞག་པ་ཡིན། །སངས་རྒྱས་དེ་དག་མར་ནི་འགྲིབ་པ་ཡི་བརྒྱད་ཁྲི་ནས་བརྒྱ་ཡི་བར་ལ་དེ་དག་འབྱུང་ངོ་། །ཅིའི་ཕྱིར་ཡར་སྐྱེ་ལ་མིན། དེ་དུས་སེམས་ཅན་རྣམས་སྐྱོ་བར་དཀའ་བའི་ཕྱིར། ཅིའི་ཕྱིར་བརྒྱ་ལས་མར་འགྲིབ་ལ་མིན་ཞེ་ན་སྙིགས་མ་ཤིན་ཏུ་ལྷག་པས་ཡིན་ནོ། །སྙིགས་མ་ལྔ་སྟེ། ཚེའི་སྙིགས་མ། དུས་ཀྱི། ཉོན་མོངས་པའི། སེམས་ཅན་གྱི། ལྟ་བའི་སྙིགས་མའོ། །ངན་སྙིགས་སུ་གྱུར་པའི་ཕྱིར་སྙིགས་མའོ། །སྔ་མ་གཉིས་ཀྱིས་སྲོག་དང་ཡོ་བྱད་རྒུད་པར་བྱེད། བར་པ་གཉིས་ཀྱིས་འདོད་པའི་བསོད་ཉམས་དང་བདག་ངལ་བར་རྩོམ་པའི་དགེ་བ་རྒུད་པར་བྱེད། ཐ་མས་ལུས་རྒུད་པར་བྱེད་དོ། །རང་སངས་རྒྱས་རྣམས་ཡར་སྐྱེ་མར་འགྲིབ་གཉིས་ཀ་ལ་འབྱུང་ཞིང་། བསེ་རུ་ལྟ་བུའི་བྱང་ཆུབ་དེ་བསྐལ་པ་བརྒྱའི་བར་བསྒྲུབ་པའི་རྒྱུས་ཐོབ་བོ། །འཁོར་ལོས་སྒྱུར་བ་འབྱུང་བ་ནི་ཚེ་དཔག་ཏུ་མེད་པ་ནས་སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི་དེའི་བར་རོ། །དེ་ལས་འཕྱི་བ་ནི་ཕུན་སུམ་ཚོགས་པ་དེའི་སྣོད་མ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཞི་སྟེ། གསེར་གྱི་འཁོར་ལོ་སྒྱུར་བ། དངུལ་གྱི། ཟངས་ཀྱི། ལྕགས་ཀྱི་འཁོར་ལོ་ཅན་ནོ། །མས་རིམ་བཞིན། དེ་དག་གླིང་གཅིག་གླིང་གཉིས་དང་། གླིང་གསུམ་དང་གླིང་བཞི་ལ་དབང་བསྒྱུར་རོ། །དེ་དག་ཀྱང་ལྷན་ཅིག་ཏུ་གླིང་བཞི་པ་གཅིག་ཏུ་གཉིས་འབྱུང་བ་མིན་ཏེ་སངས་རྒྱས་བཞིན་ནོ། །དེ་དག་གི་ས་ལས་རྒྱལ་བར་བྱེད་པའི་ཚུལ་ནི། དང་པོ་ལ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་ཕས་བསུ། གཉིས་པ་རང་དེ་དག་གི་ཐད་དུ་འགྲོ། །གསུམ་པ་གཡུལ་བཤམས་ནས་དང་། བཞི་པ་མཚོན་བརྩམས་པས་རྒྱལ་བར་བྱེད་དོ། །མཚོན་བརྩམས་ཀྱང་གསོད་པའི་གནོད་པ་མེད་དོ། །རྒྱལ་ནས་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇོག་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། དེ་དག་ལ་རྫས་ནི་རིན་ཆེན་སྣ་བདུན། ཉེ་བའི་བདུན་ཡོད་ལ་ལུས་མཚན་སོ་གཉིས་ཀྱིས་བརྒྱན་པའོ། །ཐུབ་པ་རྣམས་དེ་ལས་ཀྱང་མཚན་ནི་ཤིན་ཏུ་ཡུལ་ན་གནས་པ་དང་། ཤིན་ཏུ་གསལ་ལ་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཅི་བསྐལ་པ་དང་པོ་པའི་མི་རྣམས་རྒྱལ་པོ་དང་བཅས་སམ་ཞེ་ན། སྔར་བྱུང་སེམས་ཅན་གཟུགས་ཅན་གྱི་ལྷ་བཞིན། དེ་ནས་རིམ་གྱིས་རོ་ལ་ཆགས་ཏེ་ས་སྦྲང་རྩིའི་རོ་བྲོ་བ་ཞིག་བྱུང་བ་དང་། སེམས་ཅན་བརྐམ་པའི་རང་བཞིན་ཅན་ཞིག་གིས་དེའི་དྲི་མནམས་ནས་རོ་མྱངས་སོ༑ །གཞན་དག་གིས་ཀྱང་དེ་བཞིན་བྱས་པས་ཁམ་གྱི་ཟས་རྩོམ་པའི་ཐོག་མ་ཡིན་ནོ། །དེ་ལ་གོམས་པའི་ཕྱིར་ལུས་རྩུབ་ལ་ལྕི་བར་ཞུགས། འོད་ནུབ། མུན་པ་བྱུང་། དེའི་འོག་ཏུ་ཉི་ཟླ་བྱུང་ངོ་། །རོ་དེ་ཡང་རིམ་གྱིས་ནུབ་ནས་ས་ཞག་དང་། དེ་ཡང་ནུབ་ནས་མྱུ་གུའི་ཚལ། དེ་ཡང་ནུབ་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའོ། །དེ་ཟོས་པ་དང་། དེ་ནི་ཆེས་རགས་པའི་ཕྱིར་རྒྱུ་མཐུན་པ་འབྱུང་བར་བྱ་བའི་ཕྱིར་གཅིན་དང་། ཕྱི་སའི་ལམ་དང་། ཕོ་དང་མོའི་དབང་པོ་དང་དབྱིབས་ཐ་དད་པར་གྱུར་ཏོ། །དེ་དག་ཕན་ཚུན་མཐོང་ནས་སྔོན་གོམས་པའི་དབང་གིས་ཚུལ་བཞིན་མ་ཡིན་པ་བྱེད་པ་ལ་ཞུགས་པས་འདོད་པ་རྩོམ་པའི་ཐོག་མ་དེའོ། །དེ་དག་སཱ་ལུ་དེ་ནང་ཟ་ན་ནང་ལེན། ནུབ་ཟ་ན་ནུབ་ལེན་པས་སེམས་ཅན་ལེ་ལོ་ཅན་ཞིག་གིས་བསོག་འཇོག་བྱས་པས་གཞན་དག་ཀྱང་བྱེད། དེ་ནས་ནི་དེ་ལ་བདག་ཏུ་འཛིན་པ་སྐྱེས་པས་དེ་རང་མི་སྐྱེའོ། །དེ་ནས་ཞིང་རྣམས་བགོ་བཤས་བདག་གིར་གཟུང་ནས་གཞན་གྱི་དེ་འཕྲོག་པར་བརྩམས་ཏེ་ཆོམ་རྐུན་གྱི་ཐོག་མ་དེ་ཡིན་ནོ། །མི་དེ་དག་གིས་དེ་དགག་པའི་ཕྱིར་འདུས་ནས་རང་བཞིན་བཟང་བ་ཞིག་ཞིང་དཔོན་དུ་བཅུག །དེ་ལ་དྲུག་ཤས་བསྟབས་པ་ཞིང་རྣམས་ཀྱི་དཔོན་པོ། དེ་ནི་མང་པོས་བཀུར་བས་རྒྱལ་པོ་དེའི་མིང་མང་པོས་བཀུར་བའོ། །དེ་རྒྱལ་པོའི་ཐོག་མའོ། །གང་དག་ཁྱིམ་ནས་ཕྱིར་ཕྱོགས་པ་ལ་བྲམ་ཟེ་དང་། རྐུན་པོ་མང་དུ་བྱུང་བ་རིགས་བཞིར་བྱེད། དེས་དེ་དག་མཚོན་འདེབས་པར་གྱུར། དེ་ལྟ་བུ་བགྱིས་པ་ཆད་པས་འཇིགས་ནས་ངས་མ་བགྱིས་ཞེས་སྨྲས་པས་བརྫུན་བྱུང་ངོ་། །ཞེས་གྲག་གོ །དེ་ནས་ལས་ཀྱི་ལམ་འཕེལ་བ་དང་ལྷག་པར་གྱུར་པས་ཁད་ཀྱིས་ཚེ་ཐུང་ངུ་གྱུར་ལ། དེའི་ཐ་མ་ནི་ཚེ་ལོ་བཅུ་པ་ཡིན་ནོ། །དེའི་ཕྱིར་ཕུང་དཀྲོལ་གྱི་རྩ་བ་ནི་གཉིས་ཏེ། རོ་ལ་ཆགས་པ་དང་ལེ་ལོའོ། །ཚེ་ལོ་བཅུ་པ་དེར་བསྐལ་པ་ནི་གསུམ་སྟེ། མཚོན་གྱི་བསྐལ་པ་དང་ནི་ནད་དང་ནི་མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་ཏོ། །དེ་དག་དུས་ཇི་སྲིད་ན་མཚོན་ཞག་བདུན་དང་ནི་ནད་ཟླ་བ་བདུན་དང་། མུ་གེ་ལོ་བདུན་དག་སྟེ་གོ་རིམ་མས་བཞིན་ནོ། །སྤྱིར་འཇིག་པ་དུ་ཞེ་ན། ཉི་མ་བདུན་གྱི་མེ་དང་། ཆར་གྱི་ཆུས་དང་། རླུང་རབ་ཏུ་འཁྲུགས་པ་དག་གིས་འཇིག་པ་དག་ནི་ཡང་གསུམ་ཡིན་ནོ། །དང་པོས་བསམ་གཏན་གཉིས་པ་མན། གཉིས་པས་གསུམ་པ་མན་སོགས་པས་གསུམ་པ་དེ་དག་གིས་རྩེ་མོ་ཡིན་དེ་ཡང་གོ་རིམ་བཞིན་འཇིག་གོ །ཅིའི་ཕྱིར་བསམ་གཏན་གསུམ་དེ་ལྟར་འཇིག་ཅེ་ན༑ དེ་ཡི་སྐྱོན་དང་ཆོས་མཐུན་པའི་ཕྱིར་ཏེ། གསུམ་པོ་རིམ་པ་བཞིན། རྟོག་དཔྱོད་མེ་ལྟ་བུ། དགའ་བ་ཆུ་ལྟ་བུ། གཡོ་བ་རླུང་ལྟ་བུ་ཡོད་པའི་སྐྱོན་དེའོ། །བཞི་པ་ནི་ནང་གི་སྐྱོན་མེད་པས་མི་གཡོ་བའི་ཕྱིར་དེ་ལྟ་བུའི་འཇིག་པ་མེད། དེ་དག་ས་འདབ་ཆགས་པ་མེད་པ་སྐར་མ་ལྟ་བུ་ཡིན་པས། དེ་དག་གང་འབྱུང་བ་ན་གཞལ་མེད་ཁང་དང་བཅས་ཏེ་འབྱུང་། མི་རྟག་པ་འཇིག་པའི་དུས་ནའང་དེ་ཡི་གཞལ་མེད་ཁང་སེམས་ཅན་དང་བཅས་ཏེ་འཇིག་པའི་ཕྱིར་རོ། །མེ་ཡིས་འཇིག་པ་བདུན་ནོ། །དེ་ནས་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་མེ་ཡིས་བདུན༑ དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་ཡིན་པས། མེས་འཇིག་པ་དྲུག །ཆུས་འཇིག་པ་བདུན། རླུང་གིས་འཇིག་པ་གཅིག་གོ །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས༑ འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའོ།། །། བཞི་པ་ལས་བསྟན་པའི་གནས་བཤད་པ་ལ། ལས་ཀྱི་རབ་དབྱེ། དེ་གཏན་ལ་ཕབ་པ་གཉིས་ལས། དང་པོ་ནི། སེམས་ཅན་རྣམས་ཀྱི་ལས་ལས་འཇིག་རྟེན་སྣ་ཚོགས་པ་འདི་སྐྱེས་པ་ཡིན་ལ། དེ་ལྟ་བུ་སྐྱེད་བྱེད་ཀྱི་ལས་ནི་སེམས་པ་དང་། དེས་བྱས་པའི་ལས་གཉིས་སོ། །དེའི་དང་པོ་སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་དེས་བསྐྱེད་པ་གང་ཡིན་པ་བསམ་པའི་ལས་ཏེ། ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང་༑ རྣམ་པར་རིག་བྱེད་མིན་པ་རྣམ་པ་གཉིས་སེམས་ཀྱི་དབང་གིས་ལུས་དེ་དང་དེ་ལྟར་གནས་པ་ནི། ལུས་ཀྱི་རྣམ་པར་རིག་བྱེད་དེ། བྱེ་སྨྲ་དབྱིབས་ཀྱི་གཟུགས་སུ་འདོད་དོ། །གཞན་དག་ན་རེ་འགྲོ་བ་ལས་ཡིན་ཏེ་ལུས་གཡོ་བ་ལས་ཡིན་གྱི་མི་གཡོ་བས་ནི་མ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་འགྲོ་བ་མིན་ཏེ་གང་གི་ཕྱིར་འདུས་བྱས་ཐམས་ཅད་ནི་བདག་ཉིད་ཐོབ་པ་ལས་ཕན་ཆད་དུ་མེད་པས། དེ་ཡུལ་གཞན་དུ་འཕོ་བ་མི་རིགས་སོ། །ཟུར་དང་པོ་གྲུབ་སྟེ། དེ་སྐད་ཅིག་མ་ཡིན་པས། བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །དངོས་པོ་འཇིག་པ་རྒྱུ་མེད་ལས་བྱུང་ངམ་ཞེ་ན། རྒྱུ་མེད་པ་ལས་འགའ་མི་འབྱུང་བས་མིན་ནོ། །འོ་ན་བྱེད་རྒྱུ་དང་འབྲལ་བ་ལས་སམ། རྒྱུ་ཡང་འཇིག་པ་པོར་འགྱུར་བར་ཐལ་བའི་སྐྱོན་འབྱུང་བས་དེ་ལས་མ་ཡིན་ནོ། །དེ་བས་དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་མེད་ཀྱི། རང་ཉིད་འཇིག་པའི་ངང་ཅན་ཡིན་པས་འཇིག་པ་འབྱུང་བ་ཙམ་གྱིས་འཇིག་པའི་ཕྱིར། འདི་དག་སྐད་ཅིག་མ་ལ་འཇིག་པར་ཡང་གྲུབ་ལ་སྐད་ཅིག་མ་ལ་འཇིག་པའི་ཕྱིར་འགྲོ་བ་ཡང་མེད་དོ། །ཡུལ་གཞན་དུ་འདབ་ཆགས་པར་འབྱུང་བ་ལ་འགྲོ་བར་མངོན་པའི་ང་རྒྱལ་བྱེད་པར་ཟད་དེ་རྩའི་མེ་བཞིན་ནོ། །འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་དབྱིབས་ཡིན་པར་གྲུབ་བོ། །མདོ་སྡེ་པ་དབྱིབས་ཁ་དོག་ལས་གཞན་ཞིག་ཡོད་ན། འདི་དབང་པོ་གཉིས་ཀྱི་གཟུང་བར་འགྱུར་བ་ཞིག་ན། གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱི་འཛིན་པ་མེད་དོ། །གཞན་ཡང་རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དེ་ལྟ་བས་ན་མང་པོ་དེ་ལྟར་གནས་པ་ཁོ་ན་རིང་པོ་ལ་སོགས་པ་འདོགས་པར་ཟད་དོ་ཟེར་རོ། །ངག་གི་རྣམ་པར་རིག་བྱེད་ནི། ངག་གི་རང་བཞིན་གྱི་སྒྲ་གང་ཡིན་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་མདོ་སྡེ་པ་རྫས་སུ་མི་འདོད་དེ། དེ་ནི་ཁས་བླང་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང་། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ནས་ཡང་འདོགས་པའི་ཕྱིར་དང་། དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་ཟེར། བྱེ་སྨྲས་མདོ་ལས་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་དང་། བསྟན་མེད་ཐོགས་བཅས་ཀྱི་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཏེ་རྣམ་གསུམ་དྲི་མེད་ཟག་མེད་ཀྱི་གཟུགས་གསུངས་པ་དང་། ཡིད་གཞན་དང་ལྡན་པའི་བསོད་ནམས་ཀྱང་མངོན་པར་འཕེལ་བ་དང་། བདག་ཉིད་ཀྱི་མ་བྱས་ལ་གཞན་བྱེད་དུ་བཅུག་པའི་ལས་ཀྱི་ལམ་དག་འགྲུབ་པ་དང་། ལམ་ཡན་ལག་བརྒྱད་པར་ཡང་འགྱུར་བ་དང་། སོ་སོ་ཐར་པའི་སྡོམ་པ་སོགས་ཡོད་པའི་ཕྱིར་རྣམ་པར་རིག་བྱེད་མིན་པའི་གཟུགས་ཡོད་པ་ཉིད་དོ་ཞེས་བསྒྲུབས་སོ། །གཉིས་པ་དེ་གཏན་ལ་ཕབ་པ་ལ༑ རྒྱུ་ཅི་ལས་བྱུང་། ས་གང་ན་ཡོད། རྣམ་པར་རིག་བྱེད་མ་ཡིན་པ། མདོ་སྡེ་ལས་བསྟན་པའི་ལས་རྣམ་གྲངས་སུ་བཤད་པ་བཞི་ལས། དང་པོ་ནི། འདོད་པ་ན་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་ནི་སྐད་ཅིག་དང་པོ་ཕྱིན་ཆད་འདས་པའི་འབྱུང་བ་ཆེན་མོ་དག་རྒྱུར་བྱས་པ་ལས་སྐྱེ་སྟེ། འདས་པའི་དེ་དག་གཞི་ལུས་ཀྱི་འབྱུང་བ་ཆེན་པོ་དེ་ལྟར་བྱུང་བ་རྣམས་ནི་རྟེན་གྱི་དོན་དུ་འགྱུར་ཏ།ེ འཇུག་པར་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་འཁོར་ལོ་ས་ལ་གྲིལ་བ་ལ་ལག་པས་གྲིལ་བ་དང་སའི་ཕྱོགས་བཞིན་ནོ། །འདོད་པ་ན་སྤྱོད་པའི་ཟག་བཅས་ཀྱི་ལུས་དང་ངག་གི་ལས་ནི་འདོད་པ་རང་གི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ལ་སྐྱེ། གཟུགས་ན་སྤྱོད་པ་དེའི་ས་པའི་འབྱུང་བ་ཁོ་ན་རྒྱུར་བྱས་ནས་སོ། །ཟག་པ་མེད་པའི་ལུས་དང་ངག་གི་ལས་ནི་ས་གང་དུ་སྐྱེས་པ་དེའི་འབྱུང་བ་ཆེན་པོ་རྒྱུར་བྱས་ནས་ཡིན་ནོ། །གཞན་ཡང་རྣམ་པར་རིག་བྱེད་མིན་པ་མ་ཟིན་པའི་འབྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་ཞིང་སེམས་ཅན་དུ་སྟོན་པ༑ ཏིང་ངེ་འཛིན་ལས་སྐྱེས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ཟིན་པའི་འབྱུང་བ་དང་། རྒྱས་པ་ལས་བྱུང་བ་ཁོ་ན་རྒྱུར་བྱས་ནས་སྲོག་གཅོད་སྤོང་བ་སྐྱེ་བ་དེ་དག་ཁོ་ན་ལས་ཚིག་འཁྱལ་པ་སྤོང་བའི་བར་དུ་སྐྱེ་སྟེ། སེམས་བཞིན་དུ་འབྱུང་བ་ཐ་དད་མིན་པའི་ཕྱིར་རོ། །སོ་ཐར་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མིན་པ་བདུན་སྐྱེའོ། །རྣམ་པར་རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་ལུས་ཀྱི་ནི་ཟིན་པའོ། །རྣམ་པར་རིག་བྱེད་མིན་པ་དགེ་བ་དང་མི་དགེ་བ་རྣམ་པ་གཉིས་ཏེ༑ ལུང་དུ་བསྟན་མིན་སེམས་ནི་སྟོབས་ཆུང་བ་ཡིན་པས། དེའི་རྗེས་སུ་འབྲེལ་བར་འགྱུར་བའི་ལས་སྟོབས་དང་ལྡན་པ་འཕེན་པ་མེད་པ་དང་། ལས་གཞན་རྣམ་པར་རིག་བྱེད་དང་སེམས་པ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་པའོ། །གཉིས་པ་ས་གང་ན་ཡོད་པ་ནི། མི་དགེ་བ་ནི་འདོད་པའི་ཁམས་ཁོ་ན་སྟེ་གཞན་དག་ན་མེད་དོ། །ལྷག་མ་དགེ་བ་དང་ལུང་མ་བསྟན་ཐམས་ཅད་ནའོ། །གཟུགས་ནའང་རྣམ་རིག་མིན་པ་ཡོད་ལ། གཟུགས་མེད་ན་ནི་འབྱུང་བ་མེད་པའི་ཕྱིར་མེད་དོ། །གང་ན་ལུས་དང་ངག་འཇུག་པ་དེ་ན་ལུས་ངག་གི་སྡོམ་པ་ཡོད་དོ། །རྣམ་པར་རིག་བྱེད་ནི་ས་གཉིས་པོ་འདོད་ཁམས་དང་། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོ་དག་ན་ཡོད་ཀྱི་དེ་ཡན་ལ་མེད་དོ། །འདོད་པ་ན་ཡང་བསྒྲིབས་པའི་རྣམ་པར་རིག་བྱེད་མེད་ཀྱི་ཚངས་པའི་འཇིག་རྟེན་ཁོ་ན་ན་ཡོད་དོ། །ཚངས་པ་ཆེན་པོ་ལ་ཡང་གཡོས་ཀུན་ནས་བསླང་བའི་ངག་གི་ལས་ཡོད་ལ། དེ་ཡན་ཆད་ན་ངག་གི་རྣམ་པར་རིག་བྱེད་མེད་ལ་སྒྲའི་སྐྱེ་མཆེད་ཕྱིའི་འབྱུང་བ་དག་རྒྱུར་བྱས་པ་ཡོད་དོ། །རྟོག་དཔྱོད་དང་བཅས་པའི་སེམས་ཀྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དོ༑ །སྒོམ་པས་སྤང་བར་བྱ་བས་སློང་བར་བྱེད་ཀྱི་ཁ་ནང་དུ་བལྟས་པའི་ཕྱིར་མཐོང་སྤང་གི་མ་ཡིན་པས་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་དེ་ཡང་འདོད་པའི་ཁམས་ན་མེད་དོ། །ཀུན་སློང་གི་དབང་ཁོ་ན་ལས་དགེ་བའམ་མི་དགེ་བར་འཇོག་གམ་ཞེ་ན་མིན་ཏེ། དེ་མེད་པ་དོན་དམ་པ་དང་ངོ་བོ་ཉིད་དང་། མཚུངས་ལྡན་དང་ཀུན་ནས་སློང་བ་བཞིས་སོ། །དེ་ལས་ཐར་པ་དམ་པའི་དོན་དུ་དགེ་བ། དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཁྲེལ་ཡོད་པ་ནི་ཀུན་སློང་ལ་མི་བལྟོས་པའི་ཕྱིར་བདག་ཉིད་ཀྱིའམ་ངོ་བོ་ཉིད་ཀྱི་དགེ་བ་སྟེ་འཕྲོད་པའི་སྨན་བཞིན་ནོ། །དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི། མཚུངས་ལྡན་གྱི་དགེ་བ་སྟེ། སྨན་དང་སྦྱར་བའི་བཏུང་བ་བཞིན་ཀུན་ནས་བསླང་བའི་བྱ་བ་དང་སྐྱེ་བ་ལ་སོགས་དང་ཐོབ་པ་དང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་རྣམས་ཀུན་ནས་སློང་བས་དགེ་བ་ཡིན་ཏེ། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །ཇི་སྐད་བཤད་པ་ལས་ཟློག་པ་བཞི་ནི་མི་དགེ་བའོ། །དོན་དམ་པར་ལུང་དུ་མ་བསྟན་པ་ལ། ནམ་མཁའ་དང་བརྟགས་མིན་གྱི་འགོག་པར་བསྟན་པ་དག་མཐོང་སྤང་གི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མིན་ནོ་ཞེས་པ་དང་། སྟོན་པས་ལོག་པར་ལྟ་བ་ལས་ལོག་པར་རྟོག་པ་དང་ལོག་པའི་ངག་གི་ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་བར་མི་འགྱུར་རམ་ཞེ་ན་མི་འགལ་ཏེ །ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ༑ རྒྱུའི་ཀུན་སློང་དང་ནི་དེའི་དུས་ཀྱི་ཀུན་སློང་ཞེས་བྱ་བའོ། །གཉིས་ལས་དང་པོ་འཕེན་པར་བྱེད་པ་ཡིན་པས་རབ་ཏུ་འཇུག་པར་བྱེད་པ། གཉིས་པ་བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་བྱེད་ཡིན་ནོ། །མཐོང་བས་སྤང་བྱའི་རྣམ་ཤེས་ནི། ཀུན་ནས་སློང་བར་བྱེད་པ་རྟོག་དཔྱོད་དག་གི་གཞིར་གྱུར་པའི་ཕྱིར། རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི༑ སེམས་ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན་དེ་མེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་སྒོམ་པས་སྤང་བར་བྱ་བ་ནི་གཉིས་ཀ་ཡིན་ནོ། །རྣམ་ཤེས་ཚོགས་ལྔ་ནི་རྗེས་སུ་འཇིག་པར་བྱེད་པ་ཁོ་ན་ཡིན་ནོ། །རབ་ཏུ་འཇུག་བྱེད་དགེ་བ་སོགས་ལས་རྗེས་སུ་འཇུག་བྱེད་ཀྱང་དགེ་མི་དགེ་ལུང་དུ་མ་བསྟན་པ་རྣམ་གསུམ་དུ་འགྱུར་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པའང་དེ་དང་འདྲའོ། །ཐུབ་པ་སངས་རྒྱས་ཀྱིས་ནི་རབ་ཏུ་འཇུག་བྱེད་དགེ་བ་ལས་དགེ་བ། ལུང་མ་བསྟན་ལས་ལུང་མ་བསྟན་འདྲ་བའམ། ཡང་ན་དེ་ལ་རབ་ཏུ་འཇུག་བྱེད་ལུང་མ་བསྟན་ལས་ཀྱང་རྗེས་སུ་འཇུག་བྱེད་དགེ་བར་འགྱུར་རོ། །སྡེ་པ་གཞན་དག་སངས་རྒྱས་ལ་ལུང་དུ་མ་བསྟན་པའི་སེམས་མེད་དགེ་བར་རྒྱུད་གཅིག་པའོ་ཟེར་རོ། །སྒོམ་སྤང་ཀྱང་ཡིད་ནི་རབ་ཏུ་འཇུག་བྱེད་ཀྱང་ཡིན་རྗེས་སུ་འཇུག་བྱེད་ཀྱང་ཡིན་ནོ་ཞེས་བཤད་པ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡིན་པར་རིག་པར་བྱའོ། །རྣམ་སྨིན་ལས་སྐྱེད་པའི་སེམས་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མིན་ཏེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་རྣམ་པར་རིག་བྱེད་མིན་པ་བཤད་པ་ལ། རབ་དབྱེ། གང་ཞིག་གང་དང་ལྡན་པ། ཇི་ལྟར་ཐོབ། གཏོང་བ། གང་ལ་ཡོད་པ་བཤད་པ་ལྔ་ལས་དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ་སྟེ་སྡོམ་པའི་ལས་དང་སྡོམ་པ་མིན་གྱི་ལས་དང་། དེ་ལས་གཞན་པ་བར་མའི་ལས་སོ། །འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ། དེ་ནི་རྣམ་པ་གསུམ་སྟེ། སོ་སོ་ཐར་པའི་སྡོམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཟག་པ་མེད་པའི་སྡོམ་པ་དང་། ཟག་པ་དང་བཅས་པ་བསམ་གཏན་ལས་སྐྱེས་པའི་སྡོམ་པའོ། །དང་པོ་ནི། ཆོས་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །གཉིས་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། །གསུམ་པ་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་སོ། །དེ་ལས་སོ་སོ་ཐར་པ་ཞེས་བྱ་བ་ནི་རྣམ་པ་བརྒྱད་དེ། དགེ་སློང་ཕའི་སྡོམ་པ། དགེ་སློང་མའི་སྡོམ་པ༑ དགེ་ཚུལ་ཕའི། དགེ་ཚུལ་མའི། དགེ་སློབ་མའི། དགེ་བསྙེན་ཕའི། དགེ་བསྙེན་མའི། བསྙེན་གནས་ཀྱི་སྡོམ་པའོ། །དེ་དག་ཀྱང་རྫས་སུ་ནི་དགེ་སློང་དགེ་ཚུལ། དགེ་བསྙེན་བསྙེན་གནས་པ་སྟེ་རྣམ་པ་བཞི་ཡིན་ནོ། །མཚན་ཐ་དད་ལས་མིང་ནི་འཕོ་བ་ཙམ་སྟེ། མཚན་གྱུར་པ་སྡོམ་པ་མི་གཏོང་ཞིང་སྔོན་མེད་པའི་སྡོམ་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་རིམ་པ་བཞིན་བླངས་ན། དེ་དག་ཐམས་ཅད་ཐ་དད་པ་ཉིད་དུའམ་གཅིག་ཏུ་སྐྱེ་ཞེ་ན། ཐ་དད་དེ་མ་འདྲེས་པ་ཉིད་དོ། །དེ་ཡང་སྲོག་གཅོད་པའི་སྤོང་བ་གསུམ་ནས་མྱོས་པར་གྱུར་པའི་བཏུང་བ་སྤོང་བ་གསུམ་གྱི་བར་དུ་མཚན་ཉིད་ཐ་དད་པར་སྐྱེ། ལྷག་མ་རྣམས་ཀྱང་དེ་འདྲ་བས་སོ། །སྲོག་གཅོད་ཀྱི་སྤོང་བ་ལྟ་བུ་ཕན་ཚུན་ལ་ཁྱད་པར་ཅི་འབྱེད་ན་ཇི་སྐད་དུ། གཞིའི་ཁྱད་པར་ལས་ཁྱད་པར་ཡོད་དོ། །ཇི་ལྟར་བྱས་པས་ཞེ་ན། ཇི་ལྟ་ཇི་ལྟར་བསླབ་པའི་གཞི་ཆེས་མང་པོ་དག་ཡང་དག་པར་ལེན་འདོད་པ་དེ་ལྟ་དེ་ལྟར་རྒྱགས་པ་དང་བག་མེད་པའི་གནས་ཆེས་མང་པོ་དག་ལས་ལྡོག་པས་ན། སྲོག་གཅོད་པ་ལ་སོགས་པའི་གཞི་ཆེས་མང་པོ་དག་ལས་ལྡོག་པར་འགྱུར་ཞིང་། སྤོང་བའི་གཞི་རྣམས་ལ་ཡང་འཇུག་པར་འགྱུར་བས་གཞིའི་ཁྱད་པར་ལས་སྤོང་བ་རྣམས་ཁྱད་པར་ཡོད་དོ། །དེ་ལྟ་མ་ཡིན་ན་གཉིས་ཀ་ཡང་དེར་འདུས་པའི་ཕྱིར་དགེ་སློང་གི་སྡོམ་པ་བཏང་བས་སྡོམ་པ་གསུམ་ཆར་ཡང་བཏང་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །དེ་བས་ན་སྡོམ་པ་དེ་དག་ནི་ཐ་དད་པ་ཁོ་ནའོ། །དེ་དག་འགལ་བ་མེད་དེ་ཇི་སྐད་དུ། གསུམ་ཆར་ཡང་ལྷན་ཅིག་པར་འགྱུར་གྱི་སྡོམ་པ་ཕྱི་མ་ཡང་དག་པར་བླངས་པས་སྔ་མ་གཏོང་བ་ནི་མ་ཡིན་ཏེ་ཞེས་པས་སོ། །དེ་དག་གིས་སྤང་བྱ་དུ་སྤོང་ན། སྤང་བྱ་ལྔ་དང་བརྒྱད་དང་བཅུ་དང་ནི་ཐམས་ཅད་སྤོང་བར་མོས་པ་ལས་རིམ་པ་བཞིན་དགེ་བསྙེན་དང་ནི་བསྙེན་གནས་དང་། དགེ་ཚུལ་གྱི་ཆེད་དང་དགེ་སློང་ཉིད་དོ། །དེ་ལྟ་བུའི་སོར་སྡོམ་ནི་ལས་མི་མཉམ་པ་རྣམས་ཡང་དག་པར་འཇོག་པར་བྱེད་པས་ཚུལ་ཁྲིམས་ཏེ་བསིལ་བའི་ཕྱིར་རོ༑ །དེ་ཡང་ལུས་ལ་ཡོངས་སུ་གདུང་བ་མེད་པས། ཚུལ་ཁྲིམས་ཡང་དག་བླངས་པ་བདེ་ཞེས་གསུངས་པའི་ཕྱིར་དང་ནི་མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་སྤྱད་དོ། །བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་དང་། ལུས་དང་ངག་སྡོམ་པའི་ཕྱིར་སྡོམ་པ་ཞེས་བྱའོ། །སྡོམ་པ་ཡང་དག་པར་བླངས་པའི་སྐད་ཅིག་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་དང་པོ་དག་ནི་སོ་སོ་ཐར་པ་སྟེ། སྡིག་པ་ལས་སོ་སོ་ཐར་པའི་ཕྱིར་རོ། །དེ་ཡང་ལུས་དང་ངག་སྡོམ་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་དང་། བྱ་བ་སྟེ་ལས་ཀྱི་ལམ་དངོས་སོ། །སྐད་ཅིག་གཉིས་པ་ལ་སོགས་པ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་པ་ནི་མིན་ནོ། །མཇུག་ཡིན་གྱི་ལས་ཀྱི་ལམ་དངོས་ནི་མ་ཡིན་ནོ། །སོ་སོ་ཐར་པ་དང་ལྡན་པ་བརྒྱད་དེ། དགེ་སློང་ཕའི་ནས་བསྙེན་གནས་ཀྱི་བར་རོ། །ཆོས་འདི་པ་ལས་གཞན་མུ་སྟེགས་བྱེད་ལའང་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཡོད་མོད་ཀྱང་དེ་སོ་སོ་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོ་ཐར་པར་བྱེད་པ་མིན་ནོ། །ཞེས་པའི་རྒྱུ་མཚན་དེས་སོ། །བསམ་གཏན་ལས་སྐྱེས་པ་བསམ་གཏན་གྱི་སྡོམ་པ་དང་དེ་ལྡན་ལ། འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་དེ། དཔེར་ན་གྲོང་འདི་ན་སཱ་ལུའི་ཞིང་ཡོད་དོ་ཞེས་གྲོང་གི་ཉེ་འཁོར་ལ་ཡང་གྲོང་ཞེས་བརྗོད་པ་བཞིན་ནོ། །ཟག་པ་མེད་པའི་སྡོམ་པ་དང་། འཕགས་པའི་སེམས་ཅན་དང་ལྡན་ལ། འཕགས་པའི་གང་ཟག་ནི་སློབ་པ་དང་མི་སློབ་པ་གཉིས་སོ། །སྡོམ་པ་གསུམ་པོ་འདི་དག་ལས་ཐ་མ་གཉིས་ནི་སེམས་རྗེས་འབྲང་སྟེ༑ སེམས་གཞན་དང་ལྡན་པ་དང་། སེམས་མེད་པ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་དགུ་དག་ཏུ་སྐྱེས་པར་བསམ་ཟག་དེ་གཉིས་མི་ལྕོགས་པ་མེད་པ་ལ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེ་གཉིས་ཀྱི་འཆལ་པའི་ཚུལ་ཁྲིམས་དང་། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །ལུང་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གང་གསུངས་པ་དང་། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་པ་ཅི་ཞེ་ན། ཤེས་བཞིན་དང་དྲན་པ་ལས་མི་གཡེང་བར་བྱ་བ་དག་སྟེ་གཉིས་ནི་ཡིད་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ཞེས་བཏགས་པ་ཡིན་ནོ། །གཉིས་པ་གང་ཞིག་གང་དང་ལྡན་པ་ནི། སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་ཇི་སྲིད་དུ། སྡོམ་པ་མ་བཏང་བའི་བར་རྟག་ཏུ་ད་ལྟར་གྱི་རྣམ་རིག་མིན་པ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཡང་ལྡན་ལ། སྡོམ་མིན་གནས་པའང་དེ་དང་འདྲའོ། །བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ཏེ། དེས་ནི་སྐད་ཅིག་མ་དང་པོ་ལའང་ཚེ་རབས་གཞན་དག་ཏུ་བཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་ཐོབ་བོ། །འཕགས་པ་ནི་ལམ་སྔོན་མ་བསྐྱེད་པའི་ཕྱིར་སྐད་ཅིག་མ་དང་པོ་ལ་འདས་པ་དང་མི་ལྡན་ནོ། །བསམ་ཟག་གི་སྡོམ་ལྡན་མཉམ་པར་བཞག་པ་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་གནས་པ་དེ་ལའང་། ད་ལྟར་གྱི་རྣམ་རིག་མིན་པ་གཉིས་དང་ལྡན་གྱི་ལངས་པ་དག་ནི་མ་ཡིན་ནོ། །བར་མ་ལ་གནས་པ་ལ། རྣམ་རིག་མིན་པ་ངེས་པར་ཡོད་པ་ནི་མ་ཡིན་གྱི། གང་ལ་འཆལ་ཚུལ་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པས་བསྡུས་པ་ཡོད་ན་དང་པོ་བར་གྱི་དང་ལྡན་ནོ། །བར་ནི་ད་ལྟར་གྱིའོ། །སྐད་ཅིག་དང་པོ་ཕྱིན་ཆད་དུས་ནི་གཉིས་ཏེ་འདས་པ་དང་ད་ལྟར་གྱི་གཉིས་ཀ་དང་ངོ་། །སྡོམ་མིན་ལ་གནས་པ་དགེ་བའི་རྣམ་རིག་མིན་པ་དང་ལྡན་པར་འགྱུར་བ་དང་། སྡོམ་པ་ལ་གནས་པ་མི་དགེ་བའི་རྣམ་རིག་མིན་པ་ལྡན་པར་འགྱུར་བ་ལས། དང་པོ་དེར་རབ་ཏུ་དང་བའི་ཤུགས་གང་གིས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པ་ན་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ལ། ཕྱི་མ་ཉོན་མོངས་པའི་ཤུགས་ལྡན་པ་གང་གིས་གསོད་པ་དང་འཆིང་རྡེག་ལ་སོགས་པའི་བྱ་བ་བྱེད་པ་ན་མི་དགེ་བའི་རྣམ་རིག་མིན་པ་སྐྱེ་ལ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་དེ་སྲིད་དུ་རིག་བྱེད་མིན་པ་ཡང་རྗེས་སུ་འབྲང་ངོ་། །དེ་ཡང་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་གྱི་དང་། གཞན་དུ་འདས་པ་དང་ཡང་ལྡན་ནོ། །སྡོམ་པ་སྡོམ་མིན་བར་མ་ལ་གནས་པ་ཐམས་ཅད་ཀྱི་རྣམ་པར་རིག་བྱེད་ནི་ཇི་སྲིད་ཐམས་ཅད་ལ་རྣམ་པར་རིག་བྱེད་བྱེད་པ་དག་ལ་ད་ལྟར་གྱི་དེ་དང་ལྡན་པ། མ་བཏང་བར་དུ་སྐད་ཅིག་མ་དང་པོ་ཕྱིད་ཆད་ནི་འདས་པ་དེ་དང་ཡང་ལྡན་ལ། མ་འོངས་པ་མེད་དོ། །བསྒྲིབས་པ་དང་ནི་མ་བསྒྲིབས་པའི་ལུང་མ་བསྟན་པའི་རྣམ་པར་རིག་བྱེད་ལ་འདས་པ་དག་དང་ལྡན་པ་འགའ་མེད་དེ༑ ཆོས་ཉམ་ཆུང་བའི་ཐོབ་པ་ཡང་ཉམ་ཆུང་ཡིན་པས་རྗེས་སུ་འབྲེལ་བ་ཅན་མ་ཡིན་ནོ། །དེ་ཅིས་ཉམ་ཆུང་བར་བྱས་ན་སེམས་ཀྱིས་སོ། །ལུས་དང་ངག་མི་སྡོམ་པའི་ཕྱིར་སྡོམ་པ་མིན་པ་དང་༑ དམ་པ་རྣམས་ཀྱིས་སྨད་པ་དང་འབྲས་བུ་ཡིད་དུ་མི་འོང་བ་བསྐྱེད་པས་ཉེས་སྤྱད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་པའི་ཚུལ་ཁྲིམས་དང་། ལུས་ངག་མི་དགེ་བ་ཡིན་པའི་ཕྱིར་ལས་ཡིན་ལ། དངོས་ཀྱིས་བསྡུས་པའི་ཕྱིར་ལས་མི་དགེ་བ་དེའི་ལམ་ཡིན་ནོ། །དེ་དག་ནི་སྡོམ་མིན་གྱི་རྣམ་གྲངས་སོ། །སྡོམ་པའང་མིན་སྡོམ་མིན་ཡང་མིན་པ་བར་མ་དོར་གནས་པ་ཞིག་སེམས་ཞན་པས་དགེ་བའམ་མི་དགེ་བ་བྱེད་ན་རྣམ་པར་རིག་བྱེད་ཉིད་ལྡན་ལ། རིག་བྱེད་མིན་པ་དང་མི་ལྡན་པ་དང་། རྣམ་རིག་བཏང་བ་དང་། གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའི་འཕགས་པའི་གང་ཟག་འགའ་ཞིག་རྣམ་རིག་མིན་པ་ཁོ་ན་དང་ལྡན་གྱི། རིག་བྱེད་དང་ནི་མ་ཡིན་ནོ། །གསུམ་པ་ཇི་ལྟར་ཐོབ་པ་ནི། བསམ་གཏན་ལས་སྐྱེས་པའི་སེམས་ཟག་པ་དང་བཅས་པ་བསམ་གཏན་གྱི་དངོས་གཞི་ས་པའམ། ཉེར་བསྡོགས་ཐོབ་པ་ཉིད་ཀྱིས་བསམ་གཏན་གྱི་སྡོམ་པ་ཐོབ་ལ། ཟག་མེད་ཀྱི་སྡོམ་པ་ནི་ཟག་མེད་འཕགས་པའི་ས་ནམ་ཐོབ་པ་དེས་ཐོབ་བོ། །སོ་སོ་ཐར་པ་ཞེས་པ་འདི་གཞན་གྱི་རྣམ་པར་རིག་པར་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན། གཞན་གྱི་རྣམ་པར་རིག་བྱེད་ལས་ཐོབ་བོ། །དེ་ཡང་དགེ་སློང་ཕ་དང་དགེ་སློབ་མ་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ། །སོགས་ཀྱི་སྒྲས་བྱེ་སྨྲ་འདུལ་བ་པས་རང་བྱུང་ལ་སོགས་པ་རྣམ་པ་བཅུས་བསྙེན་པར་རྫོགས་པ་དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ནོ་ཞེས་སོ། །དུས་ཇི་སྲིད་དུ་ཞེ་ན། ཇི་སྲིད་འཚོའི་བར་དུ། རིས་བདུན་གྱི་དང་༑ ཉིན་ཞག་གཅིག་ཏུ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱའོ། །སྡོམ་མིན་གྱི་དུས་ངེས་པ་ནི། ཇི་སྲིད་འཚོའི་བར་དུ་སྡིག་པའི་ཆོས་ཁས་བླངས་པས་སྐྱེ་ཡི། ཉིན་ཞག་པ་ཡི་སྡོམ་མིན་ནི་མེད་དེ། ཇི་ལྟར་བསྙེན་གནས་པ་དེ་བཞིན་དེ་དེ་ལྟར་ནོད་པ་མེད་ཅེས་གྲག་གོ །བསྙེན་གནས་གཞན་ལས་ནོད་པ་ཡིན་ལ། དེའི་ཚུལ་ནི་ལེན་པ་པོ་སྟན་དམའ་བར་འདུག་སྟེ༑ འབོགས་པ་པོས་ཆོ་ག་སྨྲས་པའི་རྗེས་སུ་བཟླས་པ་ཡིན་ནོ། །དེ་ཡང་རྒྱན་གསར་པས་མི་བརྒྱན་པར་སང་ནམ་ནི་ལངས་ཀྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་ཚང་བར་ནི་ལེན་ནོ། །གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པར་བྱས་པ་དེ་ནི་ཟས་ཟོས་ནས་ཀྱང་ནོད་ཆོག་ལ། དེ་ཡང་ནང་པར་གཞན་ལས་ནོད་པར་བྱ་བ་ཡིན་ཏེ། གཞན་ལ་བལྟོས་པ་ནི་རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་རོ། །ཚུལ་དེ་གཉིས་ལས་གཞན་དུ་ནོད་པ་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི། བསྙེན་གནས་ཀྱི་སྡོམ་པ་ནི་མ་ཡིན་ནོ། །འདིས་དགྲ་བཅོམ་པ་དག་དང་ཉེ་བར་གནས་པར་བྱེད་པས་སམ། ཇི་སྲིད་འཚོའི་བར་གྱི་སྡོམ་པ་དང་ཉེ་བར་བྱེད་པས་བསྙེན་གནས་སོ། །འདིས་དགེ་རྩ་ཆུང་ངུ་རྣམས་ཀྱི་དགེ་བའི་རྩ་བ་གསོས་འདེབས་པའི་ཕྱིར་གསོ་སྦྱོང་དུ་ཡང་གཏོགས་སོ། །ཡན་ལག་བརྒྱད་ལས་རིམ་པ་བཞིན་རྩ་བ་བཞི་ཚུལ་ཁྲིམས་ཀྱི་ཡན་ལག །མྱོས་འགྱུར་འཐུང་བ་སྤོང་བ་གཅིག་པུ་ནི་བག་ཡོད་པའི་ཡན་ལག །དེ་བཞིན་ལྷག་མ་གསུམ་བརཏལ་ཞུགས་ཀྱི་ཡན་ལག་སྟེ་རིམ་པ་བཞིན་ནོ། །དེ་ཡིས་མི་མཐུན་པ་བརྒྱད་ཀྱི་དྲན་པ་ཉམས་པ་དང་དྲེགས་པ་སྐྱེ་བར་འགྱུར་ལ། དེས་འཆལ་པའི་ཚུལ་ཁྲིམས་ཐག་ཉེ་བར་གྱུར་པས་དེ་བརྒྱད་སྤོང་ངོ་། །དགེ་བསྙེན་ལས་གཞན་ལའང་བསྙེན་གནས་ཡོད་དམ་ཡོད་མོད་ཀྱི། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ལ་ནི་མེད་དོ། །འོ་ན་སྐྱབས་སུ་སོང་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཉི་འོག་པ་འགྱུར་རོ་ཟེར་ལ། ཁ་ཆེ་བ་སྡོམ་པ་མེད་པས་མི་འགྱུར་རོ། །འོ་ན་གང་གིས་འགྱུར། དགེ་བསྙེན་ཉིད་དུ་ཁས་བླངས་པས་དེ་ཁོ་ན་ལས་འདིའི་སྡོམ་པ་སྐྱེ་བར་འགྱུར་རོ། །དེས་ཐོབ་ཟིན་ཀྱང་ཤེས་པར་བྱ་བའི་ཕྱིར་སྡོམ་པར་བྱ་བ་བསྟན་པ་དགེ་སློང་བཞིན་ནོ། །གལ་ཏེ་དེ་ལྟ་བུ་ཐམས་ཅད་དགེ་བསྙེན་གྱི་སྡོམ་པས་བསྡམས་པ་ཡིན་ན། སྣ་གཅིག་སྤྱོད་པའི་དགེ་བསྙེན་སོགས་ཇི་ལྟ་བུར་འགྱུར། དེ་བསླབ་པའི་གཞི་གང་བསྲུང་བར་བྱེད་པ་ལ་དེ་སྤྱོད་པར་གསུང་ཞེས་གྲག་ལོ། །སློབ་དཔོན་རང་ལེན་པའི་ཚེ་སྐྱབས་སུ་སོང་བ་ལ་སོགས་པ་གང་ཁས་བླངས་པ་དེ་དང་དེའི་དགེ་བསྙེན་དུ་བཞེད་དོ། །སྡོམ་པ་ཐམས་ཅད་ཀྱང་ཆུང་ངུ་ལ་སོགས་པ་འབྲིང་དང་། ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་ཡིད་ཇི་བཞིན་པའི་དབང་གིས་ཏེ། དེ་ལྟར་བྱས་ན་དགྲ་བཅོམ་པ་ལ་ཡང་སོ་སོ་ཐར་པའི་སྡོམ་པ་ཆུང་ངུ་ཡང་ཡོད་ལ་སོ་སོ་སྐྱེ་བོ་ལ་ཡང་ཆེན་པོ་ཡོད་དོ། །གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྩོམ་པ་དེ་ཡང་། ཇི་སྐད་དུ། གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་གཙོ་བོར་གྱུར་པས་སྐུ་དེ་སངས་རྒྱས་ཞེས་བརྗོད་པའམ། ཡང་ན་གང་དག་བརྙེས་པས་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར་སངས་རྒྱས་ཡིན་པའོ། །དེ་དག་ཀྱང་གང་ཞེ་ན། ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མ་བྱེ་བྲག་མེད་པའི་ཕྱིར་རོ། །ཅི་སངས་རྒྱས་ཐམས་ཅད་ལའམ་འོན་ཏེ་གཅིག་ལ་ཞེ་ན། མཚན་ཉིད་ཀྱི་སྒོ་ནས་ནི་སངས་རྒྱས་ཐམས་ཅད་ལ་སྟེ། ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་སོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་དུ་བྱེད་པའི་ཆོས་མི་སློབ་པ་དང་སློབ་པ་གཉིས་ཀ་དང་སྟེ། གང་དག་ཐོབ་པས་གང་ཟག་བརྒྱད་པོ་མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་བའོ། །ཅི་དགེ་འདུན་ཐམས་ཅད་ལའམ་འོན་ཏེ་གཅིག་ལ། ལམ་མཚན་ཉིད་མི་འདྲ་བ་མེད་པས་མཚན་ཉིད་ཀྱི་སྒོ་ནས་ཐམས་ཅད་ལའོ། །ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་འདས་པ་སོ་སོར་བརྟགས་པས་འགོག་པ་ལ་སྐྱབས་སུ་འགྲོ་སྟེ། བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་རྣམས་དང་༑ སྡུག་བསྔལ་ཞི་བར་མཚན་ཉིད་གཅིག་པས་སོ། །ཇི་སྐད་དུ། གལ་ཏེ་མི་སློབ་པའི་ཆོས་དག་ཁོ་ན་སངས་རྒྱས་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་མཚམས་མེད་པར་འགྱུར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྟེན་ལ་གནོད་པ་བྱས་པས་དེ་དག་ལ་གནོད་པ་བྱས་པ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་རང་མི་སློབ་པ་ཁོ་ན་སངས་རྒྱས་སུ་མི་འཇོག་སྟེ། གཟུགས་སྐུ་ཡང་སངས་རྒྱས་སུ་རྩ་བའི་མཛོད་བྱེ་བྲག་ཏུ་བཤད་པ་ལས་མ་བཀག་པས་སོ་ཞེས་བཞེད་དོ། །དེ་བས་ན་སྐྱབས་སུ་འགྲོ་བ་ནི་སྡོམ་པ་ཡང་དག་པ་བླངས་པ་ཐམས་ཅད་ལ་སྒོར་གྱུར་པའོ། །སྡོམ་པ་གཞན་ལ་མི་ཚངས་སྤྱོད་སྤོང་པ་བསླབ་པའི་གཞིར་མཛད། དགེ་བསྙེན་ལ་འདོད་པས་ལོག་གཡེམ་སྤོང་བ་བསླབ་གཞིར་མཛད་པའི་རྒྱུ་གང་ཞེ་ན། ལོག་གཡེམ་ནི་ཤིན་ཏུ་སྨད་པའི་གནས་ཡིན་པའི་ཕྱིར་དང་། ཁྱིམ་དུ་གནས་པ་རྣམས་དེ་བསྡམ་བླ་བའི་ཕྱིར་དེ་མི་བྱེད་པའི་སྡོམ་པ་ཐོབ་ལ། ཚངས་པར་སྤྱོད་པ་ནི་མ་ཡིན་པའི་ཕྱིར་རོ༑ །ཆུང་མ་ཅན་དེ་ལས་ཅིས་མི་ཉམས་ཞེ་ན། དེ་དག་གི་སྡོམ་པ་ཇི་ལྟར་འདོད་པས་ལོག་གཡེམ་སྤངས་པར་ཁས་བླངས་པ་བཞིན་ཐོབ་ཀྱི། བདག་གི་རྒྱུད་འདི་ལས་མི་ཚངས་སྤྱོད་མི་བྱའོ་ཞེས་པ་ལས་ཐོབ་པ་མ་ཡིན་ནོ། །དགེ་བསྙེན་ཀྱི་བསླབ་བཞིར་རྫུན་སྨྲ་སྤོང་། ཕྲ་མ་སོགས་མིན། བསླབ་པ་ཐམས་ཅད་དུ་འདས་པར་གྱུར་ན། དྲི་བར་བྱ་བ་ལ་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་བྱ་བ་འདི་ཉེ་བར་གནས་པར་འགྱུར་ལ་དེ་བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར་ཇི་ལྟར་ན་འདས་པར་བྱས་ཀྱང་བདག་ཉིད་འཆགས་པར་འགྱུར་སྙམ་ནས། དེ་ལྡོག་པ་བཤད་དོ། །བཅས་པའི་ཁ་ན་མ་ཐོ་བ་ལས་མྱོས་འགྱུར་འཐུང་བ་སྤོང་བ་ཁོ་ན་བཤད་པ་ཡང་། དེ་བཀག་ན་ཡན་ལག་གཞན་དང་། གཞན་དག་ཀྱང་བསྲུང་བར་འགྱུར་བའི་ཕྱིར་རོ། །བཅས་དང་། བཅད་སྐད་གསར་རྙིང་དུ་ཟད་དོ། །ཅི་སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་གསུམ་ལས་འདོད་པར་གཏོགས་པ་སོར་སྡོམ་ནི་སྔོན་འགྲོ་དང་དངོས་འཇུག་ཐམས་ཅད་ལས་སོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ནི་གཉིས་ཀ་དང་། སེམས་ཅན་ཀྱི་རྟེན་ལ་འཇུག་པའི་ཕྱིར། ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་དག་ལས་ཐོབ་པར་འགྱུར་བ་ཡིན་ནོ༑ །བསམ་གཏན་ཟག་མེད་སྡོམ་པ་ནི་ལམ་དངོས་ལས་ཐོབ་ཀྱི་སྦྱོར་འཇུག་ལས་མ་ཡིན་ན་བཅད་པའི་ཁ་ན་མ་ཐོ་བ་ལ་ལྟ་ཅི་སྨོས། དུས་གསུམ་ནི་ཐམས་ཅད་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་ལས་ཐོབ་བོ། །དེ་དག་སེམས་ཅན་ཐམས་ཅད་ཀྱིས་སམ་རྒྱུ་ཐམས་ཅད་ཀྱིས་ཐོབ་བམ་ཞེ་ན། སྡོམ་པ་སེམས་ཅན་ཐམས་ཅད་ལས་ཐོབ་ལ་ཡན་ལག་ལ་ནི་དབྱེ་བ་ཡོད་དེ། ལ་ལ་ནི་ཐམས་ཅད་ལས་ཏེ་དགེ་སློང་གི་སྡོམ་པ་བཞིན། ལ་ལ་ནི་གཞི་ལས་ཏེ་དེ་ལས་གཞན་པའོ་ཡན་ལག་ཅེས་བྱ་བ་ནི་ལས་ཀྱི་ལམ་རྣམས་སོ། །རྒྱུ་ལ་ཡང་དབྱེ་བ་ཡོད་དེ། མ་ཆགས་མི་སྡང་གཏི་མུག་མེད་པ་རྒྱུར་འདོད་ན་ཐམས་ཅད་ཀྱིས་སོ། །སེམས་ཆུང་ངུ་འབྲིང་ཆེན་པོ་དག་རྒྱུར་འདོད་ན་གཅིག་གིས་སོ། །དེ་བས་ངེས་པ་ལྔ་པོ་སེམས་ཅན་དང་། ཡན་ལག་དང་༑ ཡུལ་དང་། དུས་དང་། ཚེ་ངེས་པ་མི་བྱེད་ན་སོ་སོ་ཐར་པའི་སྡོམ་པ་ཐོབ། ངེས་པ་དེ་དང་མ་བྲལ་ན་ལེགས་པར་སྤྱད་པ་ཙམ་མོ། །སྡོམ་པ་མིན་པ་ནི། སེམས་ཅན་ཐམས་ཅད་དང་༑ ཡན་ལག་ཀུན་ལས་འཐོབ་རྒྱུས་ནི་མིན་ཏེ། གཅིག་གིས་ཐོབ་བོ། །སྡོམ་པ་མིན་པ་དེ་རྒྱུ་རྣམ་པ་གཉིས་ཀྱིས་ཐོབ་སྟེ། དེའི་རིགས་སུ་སྐྱེས་པ་རྣམས་ནི་གསོད་པར་སྦྱོར་བའི་བྱ་བའམ༑ གཞན་གྱི་རིགས་སུ་སྐྱེས་པ་རྣམས་ནི་བདག་ཅག་ཀྱང་འཚོ་བ་འདིས་འཚོ་བར་བྱེད་དོ་ཞེས་ཁས་ལེན་པ་ལས་ཐོབ་པར་འགྱུར་བའི་ཕྱིར་རོ། །ལྷག་མའི་ནི། གང་དུ་ཀུན་ར་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཞིང་དང་། སངས་རྒྱས་ལ་ཕྱག་མ་བཙལ་བར་དུ་ཟས་མི་ཟའོ་ཞེས་དམ་བཅའ་ལེན་པ་ལྟ་བུའི་དགེ་བ་དང་མི་དགེ་བ་གང་ལས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གུས་པས་ལས་བྱེད་པས་ཐོབ། བཞི་པ་གཏོང་བ་ནི། མི་བརྡ་ཕྲད་པའི་དྲུང་དུ་བསླབ་གཞི་རྣམས་བསམ་པ་ཐག་པས་སླར་ཕུལ་བ་དང་༑ རྟེན་ཤི་འཕོས་པ་དང་། མཚན་གཉིས་དག་ནི་ཅིག་ཅར་དུ་བྱུང་བ་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པས་སོ་སོ་ཐར་པའི་འདུལ་བ་གཞན་རྣམས་གཏོང་བ་དང་། བསྙེན་གནས་ནི་བླངས་པའི་མཚན་མོ་འདས་པ་ལས་གཏོང་བས་སོ་སོ་ཐར་པའི་འདུལ་བ་གཏོང་བ་དེའོ། །ཇི་སྐད་དུ། ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་འགྱུར་ཞེ་ན། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་དང་། རྟེན་བོར་བ་དང་། རྟེན་ཉམས་པ་དང་། གཞི་ཆད་པ་དང་། ཇི་སྲིད་དུ་འཕངས་པའི་ཕྱིར་རོ། །ཁ་ཅིག་སྟེ་མདོ་སྡེ་པ་ཕམ་པའི་ལྟུང་བར་གྱུར་པ་བཞི་ལས། གང་ཡང་རུང་བ་ཞིག་གིས་གཏོང་བར་སྨྲ་བ་དང་། བྱེ་སྨྲའི་ནང་ནས་གཞན་འགའ་དག་དམ་པའི་ཆོས་ནུབ་པ་ལས་གཏོང་སྟེ། དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་མེད་པར་འགྱུར་བས་སོ་ཞེས་ཟེར། ཁ་ཆེ་བ་རྣམས་ནི་རྩ་བའི་ལྟུང་བ་གཅིག་བྱུང་བ་ལ་ཕྱོགས་གཅིག་བྱུང་བས་སྡོམ་པ་ཟད་པར་གཏོང་མི་རིགས། ལྟུང་བ་གཞན་བྱུང་བ་ལ་ཡང་ཚུལ་ཁྲིམས་འཆལ་པ་འབྱུང་བ་མེད་པར་ཐལ་བས་སོ། །ཇི་སྐད་དུ། འོ་ན་ཇི་ལྟ་བུ་ཞེ་ན། འདི་ལ་ཚུལ་ཁྲིམས་དང་འཆལ་པའི་ཚུལ་ཁྲིམས་གཉིས་ཀ་ཡང་ཡོད་དེ། དཔེར་ན་མི་འགའ་ཞིག་ལ་ནོར་ཡང་བདོག །བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ་བཤགས་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི་ཚུལ་ཁྲིམས་འཆལ་པ་མ་ཡིན་ཏེ། དཔེར་ན་བུ་ལོན་བཅལ་ནས་ནོར་དང་ལྡན་པ་ཡིན་གྱི། བུ་ལོན་ཆགས་པ་མ་ཡིན་པ་བཞིན་ནོ། །ཞེས་པས་ཐུན་མོང་བའི་ཕམ་པ་འཆབ་མེད་ལ་བུ་ལོན་ཅན་དང་། ནོར་ཅན་བཞིན་དང་འཆབ་བཅས་ཀྱི་རིལ་གཏོང་བ་གཉིས་སུ་འདོད་དེ། ཇི་སྐད་དུ། གལ་ཏེ་འཆལ་པའི་ཚུལ་ཁྲིམས་ལས་དགེ་སློང་མ་ཡིན་པར་གྱུར་ན་བསླབ་པ་སྦྱིན་པ་པོ་མེད་པར་འགྱུར་རོ། །ཐམས་ཅད་ལྟུང་བ་བྱུང་བའི་མོད་ལ་ཕས་ཕམ་པ་ཡིན་ནོ་ཞེས་མི་ཟེར་གྱི། གང་ཕས་ཕམ་པ་དེ་ནི་གདོན་མི་ཟ་བར་དགེ་སློང་མ་ཡིན་ནོ། །ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཕས་ཕམ་པ་མིན་ཏེ༑ སེམས་འགས་ཀྱང་མི་འཆབ་པའི་ཕྱིར་དེ་ནི་ཆོས་ཀྱི་རྗེས་སུ་རྣམ་པར་བཞག་གོ །ཞེས་དང་། ཕས་ཕམ་པ་ཅན་དེ་དགེ་སྦྱོང་མིན་པར་ཡང་ཇི་སྐད་དུ། གལ་ཏེ་ཕས་ཕམ་པ་བ་དགེ་སློང་མ་ཡིན་ན་ཅི་སྟེ་ཡང་རབ་ཏུ་མི་འབྱུང་། རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་བྱས་པ་སྡོམ་པའི་སྐལ་བ་མེད་པའི་ཕྱིར་ཡིན་གྱི། དགེ་སློང་གི་དངོས་པོ་ལ་བལྟོས་ཏེ་མ་ཡིན་ཏེ། དེ་ལྟར་དེ་ནི་བསླབ་པ་གསུམ་ཕུལ་ཡང་རབ་ཏུ་མི་འབྱུང་ངོ་། །དོན་མེད་པ་འདི་ལ་ཅི་ཞིག་འབད་དེ། གལ་ཏེ་དེ་ལྟ་བུར་གྱུར་པ་ཡང་དགེ་སློང་ཡིན་ན་དགེ་སློང་ཉིད་དེ་འདྲ་བ་དེ་ལ་ཕྱག་འཚལ་ལོ་མ་རངས་པའོ། །དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་ཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་ནི་མི་གཏོང་བ་ཞེས་སོ། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། གོང་མ་འོག་ཏུ་སྐྱེས་པ་སྟེ་ས་འཕོས་པའམ་སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་དང་། རིས་མཐུན་པ་བཏང་བ་དག་གིས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ། །དེ་བཞིན་གཟུགས་མེད་དུ་གཏོགས་པ་འཕགས་པའི་དགེ་བ་ཟག་མེད་ནི་རྒྱུ་གསུམ་གྱིས་གཏོང་སྟེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་ནི་དབང་པོ་བརཏལ་པོའི་ལམ་མོ། །ཡོངས་སུ་ཉམས་པ་ལས་ནི་ལམ་གོང་མ་འབྲས་བུའམ་འབྲས་བུ་ཁྱད་པར་ཅན་ནོ། །སྡོམ་མིན་གསུམ་གྱིས་གཏོང་སྟེ། སྡོམ་པ་ཡང་དག་པར་བླངས་པ་ལས་སམ་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ནི་ཐོབ་པ་ན་སྟེ་གཉེན་པོ་སྟོབས་དང་ལྡན་པའི་ཕྱིར་དང་། ལུས་བོར་བའི་ཕྱིར་ཤི་བ་དང་། རྟེན་ཉམས་པའི་ཕྱིར་མཚན་གཉིས་བྱུང་བ་ལས་སོ། །བར་མ་ནི་རབ་ཏུ་ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འདི་འཕངས་པ་སྟེ་ཆད་པས་དེ་ཡང་རྣམ་པར་ཆད་པ་འགྱུར་ཏེ་རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ། །གལ་ཏེ་ཡང་དག་པར་བླངས་པ་འདིས་ཆོག་གོ་ཞེས་ཡང་དག་པར་ལེན་པ་གཏོང་ན་ཀུན་ཏུ་བླངས་པ་བཏང་བ་ལས་ཀྱང་ཇི་ལྟར་བླངས་པ་བཞིན་མ་བྱས་པའི་བྱ་བ་རྣམ་པར་ཆད་པ་ལས་དང་། དོན་རྣམ་པར་ཆད་པ་ལས་ཀྱང་རྣམ་པར་ཆད་ལ། ཚེ་ཆད་པ་ལས་ཀྱང་ངོ་། །དགེ་བའི་རྩ་བ་ཆད་པ་ལས་ཀྱང་རྣམ་པར་ཆད་པར་འགྱུར་བ་སྟེ་རྒྱུ་དེ་དྲུག་གིས་གཏོང་ངོ་། །འདོད་པར་གཏོགས་པའི་དགེ་བ་གཟུགས་མིན་པ་ཁམས་གསུམ་པ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། དགེ་བའི་རྩ་བ་ཀུན་ཏུ་ཆད་པའམ། གོང་གཟུགས་དང་གཟུགས་མེད་དུ་སྐྱེ་བ་ལས་སོ། །ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་ནི་ཁམས་གསུམ་པ་ཐམས་ཅད་ནི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་ཏེ། ཉེ་བའི་ཉོན་མོངས་པ་རྣམ་པ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེས་འཁོར་དང་བཅས་པ་དེ་ཡོངས་སུ་སྤོང་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ལྔ་པ་གང་ལ་ཡོད་པ་ནི་སྡོམ་པ་མ་ཡིན་པ་སེམས་ཅན་གང་དག་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། མཚན་གཉིས་པ་མ་གཏོགས་པའི་མིའི་འགྲོ་བ་རྣམས་ཁོ་ན་ལའོ། །སྡོམ་པའང་གང་དག་ལ་ཡོད་ན། དེ་བཞིན་གྱི་མི་དང་ལྷ་ལའང་སྟེ་འགྲོ་བ་གཉིས་ལ་ཡོད་དོ། །ཀླུ་བསྙེན་གནས་ལ་གནས་པར་བཤད་པ་ལྟ་བུ་ལེགས་སྤྱད་ཙམ་ཡིན་གྱི་སྡོམ་པ་མིན་པས་འགྲོ་བ་གཞན་ལ་མེད་དོ། །དེ་ཡང་མི་རྣམས་ལ་སོར་བསམ་ཟག་མེད་གསུམ་མོ། །འདོད་པ་དང་གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད། ཁམས་གོང་མ་ལ་ནི་དེ་མེད་དོ། ཟག་མེད་གྱི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་དང་། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་མ་གཏོགས་པའི་མཐོ་རིས་དང་པོ་གཉིས་དང་། གཟུགས་མེད་ནའང་ཡོད་དོ། །དེ་ལ་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་སུམ་གྱུར་པ་ལས་ནི་མ་ཡིན་ནོ། །བཞི་པ་མདོ་ལས་བསྟན་པའི་ལས་རྣམ་གྲངས་སུ་བཤད་པ་ལ། རྣམ་གྲངས། ཆེ་ལོང་བསྡུ་བ་གཉིས་ལས། དང་པོ་ནི། ལས་བདེ་བ་ནི་འབྲས་བུ་ཡིད་དུ་འོང་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་དགེ་བའི་ལས་ཀྱི་རྣམ་གྲངས་སོ། །མི་བདེ་བ་རྣམ་སྨིན་ཡིད་དུ་མི་འོང་བ་མི་དགེ་བ་དང་། གཞན་བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པ་ནི་ལུང་མ་བསྟན་ཡིན་ནོ། །ཡང་བསོད་ནམས་ཀྱི་ལས་དང་། བསོད་ནམས་མིན་པའི་ལས་དང་། མི་གཡོ་བའི་ལས་གསུམ། ཡང་བདེ་བ་མྱོང་བར་འགྱུར་བའི་ལས་དང་སོགས་པ་སྡུག་བསྔལ་མྱོང་བར་འགྱུར་བའི་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་གསུམ། ཕྱི་མ་གསུམ་སྔ་མའི་རྣམ་གྲངས། བར་པ་དེའི་བསོད་ནམས་ཀྱི་ལས་ནི་འདོད་པ་ཁམས་ཀྱི་དགེ་བའི་ལས་སོ། །མི་གཡོ་བ་ཁམས་གོང་མ་ལས་སྐྱེས་པའི་སྟེ་གཟུགས་དང་གཟུགས་མེད་ན་སྤྱོད་པའི་དགེ་བའི་ལས་སོ། །གང་གི་ཕྱིར་ས་ནི་དེ་དག་ཏུ་ལས་རྣམ་པར་སྨིན་པ་རྣམ་པར་གནས་པའི་ཕྱིར་རོ༑ །མི་གཡོ་བའི་ཕྱིར་དེ་ལ་མི་གཡོ་བ་ཞེས་བཞག་གོ །བསོད་ནམས་མ་ཡིན་པ་ནི་མི་དགེ་བར་འཇིག་རྟེན་ན་གྲགས་སོ། །བསམ་གཏན་གསུམ་པའི་བར་གྱི་ལས་དགེ་བ་ནི་བདེ་བ་མྱོང་འགྱུར༑ འདོད་ཁམས་དང་བསམ་གཏན་གསུམ་བདེ་བའི་ཚོར་བའི་ས་པ་ཡིན་པས་སོ། །དེ་ཡན་ཆད་སྡུག་མིན་བདེ་མིན་མྱོང་འགྱུར་བ་སྟེ། དེ་དག་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པས་སོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་འདོད་པའི་ཁམས་འདི་ཁོ་ན་སྟེ། ལས་དེའི་མི་དགེ་བ་ལས་སོ། །དེ་དག་གི་འབྲས་བུ་ཚོར་བ་འབའ་ཞིག་ཏུ་མ་ཟད་དེ། ཚོགས་པ་དང་བཅས་པ་ཡིན་ནོ། །བསམ་གཏན་བཞི་པའི་འོག་ནའང་བར་མ་སྡུག་མིན་བདེ་མིན་མྱོང་བར་འགྱུར་བ་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར་ན་ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། དེ་ན་བདེ་བ་དང་སྡུག་བསྔལ་དག་མེད་པའི་ཕྱིར་རོ་ཞེས་སོ། །ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་སྔ་ཕྱི་མེད་པར་སྨིན་པར་ཡོད་དམ་ཞེ་ན་ཡོད་དེ། བདེ་བ་མྱོང་འགྱུར་ནི་གཟུགས་སོ། །སྡུག་བསྔལ་མྱོང་འགྱུར་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་སོ། །སྡུག་མིན་བདེ་མིན་མྱོང་འགྱུར་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །འདིའི་ཕྱིར་ཡང་འོག་ན་བདེ་མིན་སྡུག་མིན་མྱོང་འགྱུར་གྱི་ལས་ཡོད་དེ། འདོད་པའི་ཁམས་ལས་གཞན་ནི་ལས་གསུམ་གྱི་རྣམ་པར་སྨིན་པ་དང་། ཅིག་ཅར་དུ་ལྡན་པ་མེད་པར་འདོད་པའི་ཕྱིར་རོ༑ །གཞན་ཡང་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ཚོར་བ་རྣམས་དང་མཚུངས་པར་ལྡན་པས་མྱོང་འགྱུར་ནི་རེག་པ་དང་། དམིགས་པས་མྱོང་འགྱུར་ནི་ཡུལ་རྣམས་དང་ནི་རྣམ་སྨིན་གྱི་མྱོང་འགྱུར་ནི་ལས་རྣམས་དང་། མངོན་སུམ་དུ་ནི་གྱུར་པ་ལས་མྱོང་འགྱུར་ནི་གང་གི་བདེ་སོགས་དེས་མངོན་སུམ་དུ་བྱེད་ན་ནི་དེ་མྱོང་བར་འགྱུར་ལ། དེའི་ཚེ་དེ་ལ་ཚོར་བ་གཞན་ནི་མེད་པའོ། །དེ་བས་མྱོང་བར་འགྱུར་བ་ནི་རྣམ་པ་ལྔ་ཡིན་ནོ། །བདེ་བ་མྱོང་འགྱུར་སོགས་ལས་རྣམ་པ་གསུམ་པོ་དེ་ཡང་ངེས་པ་དང་མ་ངེས་པ་དང་གཉིས་སུ་ཤེས་པར་བྱ་ལ༑ ཅིས་ན། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སོགས་པས་ཏེ་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ཕྱིར་ན་ངེས་པ་སྟེ་དེ་རྣམ་པ་གསུམ་མོ། །དེ་འི་སྟེང་དུ་མྱོང་བར་མ་ངེས་པ་བསྣན་པས་བཞིར་འགྱུར་རོ། །ཁ་ཅིག་མ་ངེས་པ་དེ་ལ་རྣམ་པར་སྨིན་པར་ངེས་པ་དང་། མ་ངེས་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔ་ཞེས་ཟེར་རོ། །གཞན་དཔེས་སྟོན་པ་དག་ན་རེ་གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པ། རྣམ་པར་སྨིན་པར་ངེས་ལ་གནས་སྐབས་དག་ཏུ་མ་ངེས་པ་དང་། གཉིས་ཀ་ངེས་པ་དང་། གཉིས་ཀ་མ་ངེས་པ་སྟེ་མུ་ནི་བཞི་ཡིན་ཞེས་ཟེར་རོ། །ལས་བཞི་ལས་གསུམ་གྱི་རིས་མཐུན་པ་ནི་འཕེན་པར་བྱེད་ལ་མཐོང་བའི་ཆོས་ལ་མྱོང་འགྱུར་གྱིས་ནི་མ་ཡིན་ནོ། །ཁམས་གསུམ་པོ་དང་། འགྲོ་བ་ཐམས་ཅད་ན་ནི་འཕེན་པ་བཞི་ཞེས་སྤྱིར་བསྟན་ནས། དམིགས་བསལ། དམྱལ་བ་ན་ནི་དགེ་བའི་གསུམ་གྱིས་འཕེན་པ་ཡོད་ཀྱང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མེད་དེ། དེར་རྣམ་པར་སྨིན་པ་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །བྱིས་པ་སོ་སོ་སྐྱེ་བོ་ཡིན་པ་དེ་ཡང་བརྟན་པ་ཡིན་ཏེ། ཡོངས་སུ་མི་ཉམས་པའི་ཆོས་ཅན་ཞིག་ན། དེ་ནི་ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་མི་བྱེད་དོ། །བརྟན་ལ། འཕགས་པ་ཡིན་མི་ཉམས་ཆོས་ཅན་ཡང་ཡིན་ན་ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་གཞན་དུའང་དེ་ཕྱི་མར་དང་༑ ལན་གྲངས་གཞན་ལ་མྱོང་འགྱུར་ནི་མི་བྱེད་ལ། གང་དུ་སྐྱེ་བར་མ་ངེས་པ་དང་། མཐོང་ཆོས་ལ་མྱོང་གྱུར་ནི་བྱེད་དོ། །འདོད་ཁམས་སམ་སྲིད་རྩེའི་འདོད་ཆགས་བྲལ་བའི་མི་བརྟན་པའི་འཕགས་པ་དེ་དག་ཏུ་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་ལས་བྱེད་པ་མིན་ཏེ། ཅིའི་ཕྱིར་དེ་ནི་འབྲས་བུ་ཅན་གྱི་ལས་ཡོངས་སུ་ཉམས་པ་ཡིན་ལ། འབྲས་བུ་ལས་ཡོངས་སུ་ཉམས་པ་ལ་ནི་འཆི་བ་མེད་དོ་ཞེས་འཆད་པར་འགྱུར་བས་སོ། །སྲིད་པ་བར་མ་འདོད་ཁམས་སུ་སྤྱོད་པ་ནི། ལས་འཕེན་པ་རྣམ་པ་ཉི་ཤུ་གཉིས་ཏེ། མངལ་གྱི་གནས་སྐབས་ལྔ་སྐྱེ་བའི་གནས་སྐབས་ལྔ་མྱོང་འགྱུར་ངེས་པ་དང་། མ་ངེས་པའི་ལས་འཕེན་པར་བྱེད་པས་ཉི་ཤུ་སྲིད་པ་བར་མའི་གཉིས་སོ། །སྲིད་པ་བར་མའི་ལས་ངེས་པ་བཅུ་གཅིག་བཤད་པ་དེ་ནི་མཐོང་ཆོས་འབྲས་བུ་ལ་མྱོང་འགྱུར་ཡིན་ཏེ། དེ་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་པས་སོ། །ངེས་པའི་ལས་ཞེས་བྱ་བ་ཡང་༑ ཉོན་མོངས་པ་དང་། རབ་ཏུ་དང་བ་དྲག་པོས་བྱས་པའི་དང་། ཡོན་ཏན་གྱི་ཞིང་ལ་བྱེད་པ་དང་། རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་ཕ་དང་མ་བསད་པ་གང་དེ་ངེས་པར་མཐོང་ཆོས་འབྲས་བུ་ཅན་གྱི་ལས། ཞིང་གི་ཁྱད་པར་གྱུར་པ་ནི། དཔེར་ན་དགེ་སློང་ཞིག་གིས་དགེ་འདུན་ལ་བུད་མེད་དོ་ཞེས་འཐབ་མོ་བརྒལ་བ་ལས་མཚན་གྱུར་ཏོ་ཞེས་གྲག་པ་ལྟ་བུ་དང་༑ བསམ་པའི་ཁྱད་པར་ལས་ནི་དཔེར་ན་ཉུག་རུམ་ཞིག་གིས་གླང་གི་རླིག་པ་དབྱུང་བ་ལས་ཐར་བར་བྱས་པས་སྐྱེས་པར་གྱུར་པ་ལྟ་བུའོ། །ཡང་ན་ས་གང་ཡིན་པ་དེའི་ལས་འདོད་ཆགས་དང་གཏན་བྲལ་བའི་ཕྱིར་ལས་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །ལས་ཇི་ལྟ་བུ་ཞེ་ན་རྣམ་པར་སྨིན་ངེས་པ་གང་ཡིན་པའོ། །མཐོང་ཆོས་མྱོང་འགྱུར་གྱི་ཞིང་ནི་གང་ཟག་ལྔ་སྟེ་གང་དག་འགོག་པའི་སྙོམས་འཇུག་ལས་ལངས་པ་ནི་སྙོམས་པར་འཇུག་པ་མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སེམས་མཆོག་ཏུ་ཞི་བ་ཐོབ་པ་སྟེ། དེ་ནི་མྱ་ངན་ལས་འདས་པར་སོན་པ་ལས་སླར་ལོག་པ་དང་འདྲ་བ་ཡིན་ནོ། །བྱམས་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཕན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་བ་དང་ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བགོས་པ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །ཉོན་མོངས་མེད་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་པ་མེད་པ་དང་ལྡན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་བ་དང་༑ ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བགོས་པ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །མཐོང་བའི་ལམ་ལས་ལངས་པའི་རྒྱུད་ནི་མཐོང་བས་སྤང་བར་བྱ་བ་མ་ལུས་པ་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་གསར་པ་ཡིན་པས་དྲི་མ་མེད་པ་ཡིན་ནོ། །དགྲ་བཅོམ་ཉིད་ཀྱི་འབྲས་བུ་ལས་ལངས་པའི་རྒྱུད་ནི་སྒོམ་པས་སྤང་བར་བྱ་བ་མ་ལུས་པ་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་གསར་པ་ཡིན་པའི་ཕྱིར་དྲི་མ་མེད་པ་ཡིན་ནོ། །དེ་དག་ལ་ཕན་པའམ་གནོད་པ་གང་བྱས་པ་ཡི་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་རོ། །རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་པས་སེམས་ཀྱི་ཡིན་ལ་ལུས་ཀྱི་མ་ཡིན་པ་རྣམ་པར་རྟོག་པ་མེད་པ་ཉིད་ལས་དགེ་བའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་ཀྱི་དེའི་རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དོ། །མི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་ཀྱི་ཚོར་བ་ཡིན་གྱི་སེམས་ཀྱི་མ་ཡིན་ནོ། །སེམས་ཅན་རྣམས་ཀྱི་སེམས་གཡེང་བར་འགྱུར་བ་གང་ཡིན་པ་དེ་གང་ཞིག་ལ་གནས་པ་ཡིན། རྒྱུ་ཅི་ཞིག་གིས་འགྱུར་ཞེ་ན། གཡེང་བའི་སེམས་ནི་ཡིད་ཀྱི་སེམས་ལ་གནས་པ་ཡིན་གྱི། ཚོགས་གཞན་ལྔ་ལ་མ་ཡིན་ནོ། །གཡེང་བའི་སེམས་དེ་ནི་རྒྱུ་ལྔ་ལས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ཡིན་ཏེ་རྫས་སྔགས་ཀྱི་སྦྱོར་བས་ཕ་རོལ་ཀྱི་སེམས་གཡེང་བར་བྱས་པ་སོགས་ཀྱི་ཚེ་ཕྱི་མ་ལ་སེམས་གཡེངས་པར་འགྱུར་རོ། །སྐྲག་པས་སེམས་གཡེངས་པ་སྟེ། མི་མ་ཡིན་མི་སྡུག་པ་མིའི་གན་དུ་འོངས་པ་དེས་སྐྲག་ནས་སེམས་གཡེངས་པ་ལྟ་བུའོ། །གནོད་པས་སེམས་གཡེང་བ་ནི་མི་མ་ཡིན་དེ་དག་འཁྲུགས་ནས་གནད་དུ་བསྣུན་པ་ལྟ་བུའོ། །འབྱུང་བ་ཆེན་པོ་ཆ་མ་མཉམ་པས་གཡེང་བའི་སེམས་རླུང་མཁྲིས་བད་ཀན་འཁྲུགས་པ་ལྟ་བུ། མྱ་ངན་གྱིས་སེམས་གཡེངས་པ་བུ་ཤི་བའི་མ་ལྟ་བུ། སེམས་ཅན་གང་དག་གི་སེམས་གཡེངས་པར་འགྱུར་ཞེ་ན། སྒྲ་མི་སྙན་མིན་པ་འདོད་པ་དང་ལྡན་པ་རྣམས་ཏེ། ལྷ་དག་གི་ནང་ནའང་སྨྱོན་པ་ཡོད་ན་མི་དང་ངན་འགྲོ་ལྟ་ཅི་སྨོས། སངས་རྒྱས་མ་གཏོགས་པའི་འཕགས་པ་རྣམས་ལའང་འབྱུང་བ་ཆ་མ་མཉམ་པས་སེམས་གཡེང་བ་ཡོད་དོ། །མདོ་ལས་ཡོན་པོ་གསུམ་གསུངས་ཏེ། ལུས་ཀྱི་ཡོན་པོ་ངག་གི་ཡིད་ཀྱི་ཡོན་པོའོ། །སྐྱོན་ཡང་སྟེ་ལུས་ངག་ཡིད་ཀྱི་སྟེ། སྙིགས་མའང་ལུས་ངག་ཡིད་ཀྱིར་གསུངས་པ་ནི། ལུས་ཀྱི་ལས་གཡོ་ལས་སྐྱེས་སོགས་གསུམ་ཡོན་པོ་དང་། ཞེ་སྡང་ལས་སྐྱེས་པ་སྐྱོན། འདོད་ཆགས་ལས་སྐྱེས་པས་སྙིགས་མའོ། །ཡང་དཀར་ལ་རྣམ་པར་སྨིན་པ་དཀར་བ། གནག་ལ་རྣམ་པར་སྨིན་པ་གནག་པ་ལ་སོགས་དཀར་ནག་པ་ལ་རྣམ་པར་སྨིན་པ་དཀར་ནག །མི་དཀར་མི་ནག་ལ་རྣམ་སྨིན་མེད་པ་ལ་ལས་ཟད་པར་བྱེད་པའི་ལས་ཀྱི་བྱེ་བྲག་ནི། ལས་ནི་རྣམ་པ་བཞི་ཡིན་ནོ། །དེ་ལ་རིམ་པ་བཞིན་དུ་ལས་མི་དགེ་བ་ནི་གཅིག་ཏུ་གནག་པ་ཡིན་ལ། དེའི་རྣམ་སྨིན་ཡང་ཡིད་དུ་མི་འོང་བ་ཡིན་པ་གཅིག་ཏུ་གནག་པའོ། །གཟུགས་སུ་གཏོགས་པའི་དགེ་བ་ཉིད་ནི་གཅིག་ཏུ་དཀར་བ་དེའི་རྣམ་སྨིན་ཡང་གཅིག་ཏུ་དཀར་བའོ། །ཅིའི་ཕྱིར་གཟུགས་མེད་པར་གཏོགས་པ་མ་བཤད་ཅེ་ན། གང་ན་རྣམ་པར་སྨིན་པ་རྣམ་པ་གཉིས་པོ་སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་ཡོད་པ་དང་། ལུས་ངག་ཡིད་ཀྱི་ལས་རྣམ་པ་གསུམ་ཆར་གྱི་ཡོད་པ་དེ་ཁོ་ནར་བཤད་དོ་ཞེས་གྲག་གོ །འདོད་པར་གཏོགས་པའི་དགེ་བ་ཉིད་ནི་མི་དགེ་བ་དང་འདྲེ་བའི་ཕྱིར་དཀར་ནག་ཡིན་ལ། རྣམ་པར་སྨིན་པ་འདྲེས་པའི་ཕྱིར་ཡང་དཀར་ནག་གཉིས་ཀ་ལས་སོ། །ཇི་སྐད༑ འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ནོ། །ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་པོ་ཡང་ཡིན། ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་ན་མི་དགེ་བ་ཡང་དགེ་བ་དང་འདྲེས་པའི་ཕྱིར་དཀར་ནག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ན་མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ། དེ་སྟོབས་དང་ལྡན་པའི་ཕྱིར་རོ། །དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ་ཞེས་སོ། །དེ་དག་ཟད་པར་བྱེད་ཅིང་སྤོང་བར་བྱེད་པ་ཟག་མེད་ཀྱི་ལས་ཡིན་ནོ། །དེ་ནི་ཉོན་མོངས་པ་མེད་པའི་ཕྱིར་མི་གནག་འཇུག་པ་དང་འགལ་བས་ཁམས་སུ་མ་གཏོགས་པའི་ཕྱིར། རྣམ་པར་སྨིན་པ་མེད་པ་ཡིན་པས་དགོངས་པ་ཅན་གྱིས་མི་དཀར་བར་བཞག་གོ །ཟག་མེད་ཐམས་ཅད་ཀྱི་ལས་དེ་དག་ཟད་པར་བྱེད་པ་ཡིན་ནམ་ཞེ་ན་མིན་ཏེ། མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བའི་ལམ་ལ། བར་ཆད་མེད་པའི་ལམ་བརྒྱད་ཀྱིས་གང་སེམས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་སོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་སྟེ། དགེ་བ་དང་མི་དགེ་བ་ནག་པོ་དགུ་ཟད་ལ་དེར་སྤོང་བར་བྱེད་པ་ཡིན་ནོ། །དཀར་པོའི་ལས་སྤོང་བར་བྱེད་པ་དེ་ནི། བསམ་གཏན་དང་བསམ་གཏན་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་ལམ་སྐྱེས་པའི་ཐ་མ་དགུ་པ་དེའི་སེམས་དཔའ་གང་ཡིན་པས་སོ། །སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་འགྱུར་ནག་པོ་དང་། འདོད་ཁམས་དམྱལ་བ་ལས་གཞན་མྱོང་འགྱུར་གྱི་ལས་ནི་དཀར་ནག་གཉིས་སུ་རིགས་གསུང་། གཞན་ནི་མཐོང་བས་སྤང་བར་བྱ་བའི་ལས་དགེ་བ་དང་མ་འདྲེས་པའི་ཕྱིར་གནག་པའོ་ཟེར། འདོད་པ་ལས་སྐྱེས་གཞན་དཀར་གནག །གཞན་སྒོམ་པས་སྤང་བྱ་དགེ་བ་ཡང་ཡིན་མི་དགེ་བ་ཡང་ཡིན་ནོ། །མདོ་ལས་མི་སློབ་པའི་ལུས་ངག་ལས་ཡིད་ཉིད་ཐུབ་བའི་ལུས་དང་ཐུབ་པའི་ངག་ཐུབ་པའི་ཡིད་ཀྱི་ལས་གསུམ་སྟེ་གོ་རིམ་བཞིན་ནོ། །ལུས་ངག་ཡིད་ཀྱི་ལེགས་པར་སྤྱད་པ་གསུམ་པོ་ཐམས་ཅད་ནི་ལུས་གཙང་བྱེད། ངག་ཡིད་གཙང་བྱེད་རྣམ་པ་གསུམ་ཡིན་ནོ། །ཅིའི་ཕྱིར་དེ་དག་གི་དུས་རེ་ཞིག་དང་། གཏན་དུ་ཉེས་པར་སྤྱད་པའི་ཉོན་མོངས་པ་བཀྲུ་བའི་ཕྱིར་རོ། །དེ་ལས་ཟློག་པ་ལུས་ཀྱི་ལས་ལ་སོགས་པ་ངག་དང་ཡིད་ཀྱི་སྟེ་མི་དགེ་བ་གསུམ་ཉེས་པར་སྤྱད་པ་གསུམ་དུ་འདོད་དོ། །སེམས་པའི་ལས་དོན་གཞན་དུ་གྱུར་པ་བརྣབ་སེམས་ལ་སོགས་པ་གནོད་སེམས་ལོག་ལྟ་ལས་ཀྱི་རང་བཞིན་མིན་ཡང་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་མོ༑ །དཔེས་སྟོན་པ་རྣམས་དེ་གསུམ་ཁོ་ན་ཡིད་ཀྱི་ལས་ཡིན་ནོ་ཞེས་ཟེར་ལ། བྱེ་སྨྲས་དེ་ལྟ་ན་ནི་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ་ཞེས་འཕང་ངོ་། །དེ་ཡང་སྤྱོད་པ་སྨད་པ་ཡིན་ཞིང་༑ འབྲས་བུ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་ཉེས་སྤྱད་ཡིན་ནོ། །དེ་ལས་ཟློག་པ་བརྣབ་སེམས་མེད་པ། གནོད་སེམས་མེད་པ། ཡང་དག་པའི་ལྟ་བ་ནི་ཡིད་ཀྱིས་ལེགས་པར་སྤྱད་པ་ཡིན་ནོ། །གཉིས་པ་ཆེ་ལོང་བསྡུ་བ་ལ་ལས་ཀྱི་ལམ། དེ་དག་གི་འབྲས་བུ། བྱེ་བྲག་གཞི་གསུམ་བཤད་པ་གསུམ་ལས། དང་པོ་ནི། དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་བའི་ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཅི་རིགས་པར་ལེགས་ཉེས་དེ་གཉིས་ཚང་བར་མ་བསྡུས་པ་བསྟན་ཏེ། མི་དགེ་བའི་ལས་ལམ་དུ་ལུས་ཀྱི་ཉེས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང་མཇུག་ཉོན་མོངས་པ་ཅན་གཞན་ཡང་མ་བསྡུས་ཏེ། དེ་ནི་ཤིན་ཏུ་རགས་པ་མ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཉེས་པར་སྤྱད་པའི་ཕྱོགས་སེམས་པ་ཡང་མ་བསྡུས་སོ། །དགེ་བ་ལ་ཡང་ལུས་ཀྱི་སྦྱོར་མཇུག །མྱོས་གྱུར་སྤང་བ། སྦྱིན་མཆོད། ངག་གི་སྙན་པར་སྨྲ་བ་སོགས་ཡིད་ཀྱི་ལེགས་སྤྱད་སེམས་པ་མ་བསྡུས་སོ། །མི་དགེ་དྲུག་ནི་སྲོག་གཅོད་མ་བྱིན་ལེན། བརྫུན་ཕྲ་མ༑ ཚིག་རྩུབ། ངག་འཁྱལ་རྣམས་གཞན་བྱེད་དུ་བཅུག་པ་ལ་དངོས་ཀྱི་རྣམ་རིག་མེད་པའི་ཕྱིར་རྣམ་རིག་མིན་པ་དག་གོ །འདོད་པས་ལོག་གཡེམ་གཅིག་ནི་བདག་ཉིད་ཀྱི་མཐར་ཕྱིན་པར་བྱེད་པའི་ཕྱིར་རྣམ་རིག་དང་རྣམ་རིག་མིན་ཏེ་རྣམ་གཉིས་དྲུག་པོ་དེ་དག་ཀྱང་བདག་ཉིད་ཀྱི་བྱེད་ན་རྣམ་རིག་རྣམ་རིག་མིན་པ་གཉིས་ཀའོ། །ཡང་དག་པར་བླངས་པའི་ལས་ཀྱི་ལམ་དགེ་བ་གཟུགས་ཅན་བདུན་ནི་རྣམ་པ་གཉིས་ཀ་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པས་བསྡུས་པ་རྣམས་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་སྟེ་རྣམ་རིག་མིན་པ་ཉིད་དོ། །ལས་ཀྱི་ལམ་ཉེར་བསྡོགས་རྣམས་ནི་རྣམ་པར་རིག་བྱེད་ཡིན་ནོ། །དེ་ལའང་ཀུན་དཀྲིས་དྲག་པོས་སམ། རབ་ཏུ་དང་བ་ལྷུར་ལེན་པ་ཆེན་པོ་སྦྱོར་བ་རྩོམ་ན་རྣམ་རིག་བྱེད་མིན་དུ་འགྱུར་བ་ཡང་མ་ཡིན། ཉེར་བསྡོགས་ལས་ལྡོག་པ་ནི་ལས་ལམ་རྣམས་ཀྱི་མཇུག་ཡིན་ནོ། །དེ་དག་གི་སྦྱོར་བ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་དང་། ཆགས་པ་དེའི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་སོགས་ཞེ་སྡང་གི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་གནོད་སེམས། གཏི་མུག་གི་མཇུག་ཐོགས་སུ་བྱུང་བའི་ཕྱིར་ལོག་ལྟ་ཡིན་པས་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པའོ། །དགེ་བའི་ལས་ཀྱི་ལམ་སྦྱོར་བ་དང་མཇུག་དང་བཅས་པ་རྣམས་དགེ་བའི་སེམས་ཀྱིས་ཀུན་ནས་སློང་བ་དང་། ངེས་པར་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་མཚུངས་པར་ལྡན་པའི་ཕྱིར་དེ་དག་ལས་སྐྱེས་པ་དག་ཡིན་ནོ། །གསོད་དང་གནོད་སེམས་ཚིག་རྩུབ་གསུམ་པོ་ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་ལ། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན༑ ཆགས་པ་ཡིས་ནི་རྫོགས་པར་བྱེད་དོ། །ལོག་པར་ལྟ་བ་གཏི་མུག་གིས་མཐར་ཕྱིན་པར་བྱེད་ལ། ལྷག་མ་བརྫུན། ཕྲ་མ། ཚིག་ཀྱལ་པ་གསུམ་ཆགས་སྡང་རྨོངས་གསུམ་གྱིས་རྫོགས་པར་འདོད་དོ། །སྲོག་གཅོད་ལ་སོགས་པ་བཞི་ནི་སེམས་ཅན་དང་། ལོག་གཡེམ་སོགས་ཀྱི་གཞི་ལོངས་སྤྱོད་དང་། ལོག་ལྟའི་གཞི་མིང་དང་གཟུགས་དང་། བརྫུན་སྨྲ་སོགས་ཀྱི་གཞི་མིང་གི་ཚོགས་ཡིན་ནོ། །གང་གིས་ཕ་རོལ་པོ་ངེས་པར་འཆི་བར་བྱས་ནས། དེ་དང་མགོ་མཉམ་དུའམ་བྱེད་པ་པོ་སྔར་འཆི་ན་དེ་ལ་ལས་ཀྱི་ལམ་དངོས་ཡོད་དམ་ཞེ་ན། སྔར་དང་མཉམ་དུ་འཆི་བ་གཉིས་ལ་དངོས་མེད་དེ། ལུས་གང་གིས་སྦྱོར་བ་བྱས་པ་དེ་ནི་མེད་ལ་རིས་མཐུན་པ་ཐ་དད་པ་ལུས་གཞན་ཁོ་ན་ཞིག་སྐྱེས་པའི་ཕྱིར་རོ། །ཁྱབ་སྟེ་དེ་ནི་སྦྱོར་བ་པོ་མ་ཡིན་པའི་ཕྱིར་ལས་ཀྱི་ལམ་དང་ལྡན་པར་རིགས་པ་མ་ཡིན་ནོ། །གང་དམག་གིས་གདབ་པ་དང་། ལིངས་འདེབས་པ་དང་། མ་འཁྲིགས་པར་གདབ་པ་དག་ཏུ། ཕ་རོལ་པོ་གསད་པར་བྱ་བའི་ཕྱིར་མང་པོ་ཚོགས་པས་བཏབ་པ་ལ་གཅིག་གིས་སྲོག་གཅོད་ན་ལས་ལམ་དེ་སུ་ལ་ལྡན་པར་འགྱུར་ཞེ་ན། དམག་ལ་སོགས་པ་དོན་གཅིག་པའི་ཕྱིར་ཐམས་ཅད་བྱེད་པ་པོ་ཇི་ལྟ་བ་བཞིན་ལྡན་པར་འགྱུར་ཏེ༑ དེ་དག་གི་དོན་གྱིས་ན་ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །གང་སྲོག་གི་ཕྱིར་ཡང་སྲོག་ཆགས་མི་གསོད་པར་དམ་བཅས་པ་དེ་དེར་དབང་མེད་དུ་ཁྲིད་པ་ནི་མ་གཏོགས་སོ། །སྲོག་གཅོད་པ་ནི་འདི་བསད་པར་བྱའོ། །སྙམ་བསམས་བཞིན་དུ་མ་ནོར་བར་ནི་གཞན་དེ་བསད་པའོ། །མ་བྱིན་ལེན་པ་གཞན་གྱིས་བདག་གིར་བྱས་པའི་ནོར་མཐུ་དང་འཇབ་བུས་བསམ་པ་དེ་བདག་གིར་བྱེད་པའོ། །བགྲོད་མིན་ལ་བགྲོད་པར་འདོད་པ་ཡིས་ལོག་པར་གཡེམ་པ་རྣམ་པ་བཞི་ཏེ། བགྲོད་བྱ་ཡན་ལག་ཡུལ་དུས་མ་ཡིན་པར་བགྲོད་པའོ། །བརྫུན་ཚིག་འདུ་ཤེས་གཞན་དུ་བསྒྱུར་བའི་དོན་གང་གི་དབང་དུ་བྱས་ནས་སྨྲས་པའི་ཚིག་ཕ་རོལ་པོས་དོན་དེ་མངོན་པར་གོ་བའོ། །མིག་རྣ་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་གསུམ་གྱིས་ཉམས་སུ་མྱོང་བ་གང་དེ་རིམ་པ་བཞིན་བཤད་ན་མཐོང་ཐོས་རྣམ་པར་ཤེས་པ་དང་། སྣ་ལྕེ་ལུས་ཀྱི་རྣམ་པར་ཤེས་པའི་ཉམས་མྱོང་དེ་ནི་རྟོགས་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དྲི་དང་རོ་དང་རེག་བྱ་རྣམས་ནི་ལུང་དུ་མ་བསྟན་པའི་ཕྱིར་ཤི་བ་དང་འདྲ་སྟེ། དེའི་ཕྱིར་དེ་དག་ལ་ནི་རྟོགས་པ་ཞེས་བྱའོ་ཞེས་ཟེར་རོ། །ཕྲ་མ་ནི་ཕ་རོལ་པོ་དག་དབྱེ་ཞིང་མི་འཛའ་བར་བྱ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བརྗོད་པའི་ཚིག་དོན་མངོན་པར་གོ་བ་དང་མ་ནོར་བ་ཡིན་པའོ། །སེམས་ཉོན་མོངས་ཅན་གྱི་ཚིག་རྩུབ་པོ་ནི་ཕ་རོལ་པོ་གང་ལ་མི་སྙན་པ་སྨྲ་འདོད་པས་སྨྲས་པ་དེས་དོན་གོ་བའོ། །ཉོན་མོངས་པ་ཅན་གྱི་ཚིག་ཀུན་ནི་འཁྱལ་པ་ཉིད་སྨྲ་བའོ། །གཞན་དག་ནི་བརྫུན་དེ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་འཁྱལ་པ་ཡིན་ནོ་ཟེར་རོ། །ཇི་ལྟ་བུ་ཁ་གསག་བྱེད་པ་དང་༑ ཆགས་པས་གླུ་ལེན་པ་དང་། ཟློས་གར་གྱི་ཚེ་བཞད་གད་སློང་བ་བཞིན་དང་། བསྟན་བཅོས་ངན་པ་དག་འདོན་པ་བཞིན་ནོ། །བརྣབ་སེམས་ནི་ལོག་པས་ཕ་གི་གང་ཡིན་པ་དེ་བདག་གིར་གྱུར་ཀྱང་ཅི་མ་རུང་སྙམ་ནས་གཞན་གྱི་ནོར་ལ་མཐུའམ་འཇབ་བུའང་རུང་བས་ཆགས་པའམ་བདག་གིར་བྱེད་འདོད་པའོ། །གནོད་སེམས་ནི། སེམས་ཅན་དག་ལ་ཞེ་སྡང་བས་ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པའོ། །ལས་དགེ་བ་དང་མི་དགེ་བ་མེད་དོ་ཞེས་ལྟ་བ་ནི་ལོག་པར་ལྟ་བ་ཡིན་ནོ། །འདི་ལ་བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཁོ་ན། དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་དེ་ནི་དེ་དག་གི་རྒྱུ་བས་རྒྱུ་སྟེ། དེ་དག་གི་དབང་གིས་དེ་བཞིན་དུ་མངོན་པར་འདུ་བྱེད་པའི་ཕྱིར་དེ་དག་གི་འགྲོས་ཀྱིས་འགྲོ་འོ། །སྲོག་གཅོད་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ་དེ་དག་ཀུན་ནས་སློང་བའི་སེམས་པ་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །མེད་པར་ལྟ་བས་དགེ་བའི་རྩ་བ་གཅོད་ལ། དགེ་བ་གཅོད་རྒྱུ་ཡང་འདོད་པར་རྟོགས་པ་སྐྱེས་ནས་ཐོབ་པ་རྣམས་ཏེ། སྦྱོར་བྱུང་དག་ནི་སྔར་ཡོངས་སུ་ཉམས་ཟིན་པའི་ཕྱིར་རོ། །གཅོད་བྱེད་གང་གིས་ན་ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་རྒྱུ་ལ་སྐུར་པ་འདེབས་པ་དང་། ལེགས་སྤྱད་ཉེས་སྤྱད་ཀྱི་འབྲས་བུ་མེད་དོ་ཞེས་འབྲས་བུ་ལ་སྐུར་པ་འདེབས་པའོ༑ །ཚུལ་ཇི་ལྟར་སྤྱོད་ན། ཁ་ཅིག་དགེ་བའི་རྩ་བ་རྣམ་པ་དགུ་ཆར་ཡང་ཅིག་ཅར་དུ་འཆད་དེ་མཐོང་བས་སྤང་བར་བྱ་བ་བཞིན་ནོ་ཟེར། འདིར་རིམ་གྱིས་ཏེ་སྒོམ་སྤངས་ཀྱི་ཉོན་མོངས་པ་བཞིན་དུ་ཆེན་པོའི་ཆེན་པོས་ཆུང་ངུའི་ཆུང་ངུ་གཅོད་པར་བྱེད་པའི་བར་དུ་ལོག་པར་བལྟ་བ་རྣམ་པ་དགུས་དགེ་བའི་རྩ་བ་རྣམ་པ་དགུ་གཅོད་པར་བྱེད་དོ། །དེ་ལྟར་ཕྲ་མོ་དང་ལྷན་ཅིག་ཏུ་གྱུར་པའི་དགེ་རྩ་གང་ཞེ་ན། དགེ་བའི་རྩ་བ་རྣམས་ཀུན་ཏུ་གཅོད་པར་བྱེད་པ་ན་ཐམས་ཅད་ཀྱི་མཐའ་མར་འདོར་བ་གང་ཡིན་པ་དེ། གང་དག་མེད་པས་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །གང་དུ་གཅོད་ན། མིའི་ནང་ཁོ་ན་དག་ཏུ་གཅོད་ཀྱི། ངན་སོང་དག་ན་ནི་མ་ཡིན་ཏེ། ཤེས་རབ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མིན་པ་དག་མི་བརྟན་པའི་ཕྱིར་རོ། །ལྷའི་ནང་དུའང་མིན་ཏེ་ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །མིའི་ཡང་གླིང་གསུམ་དག་ཏུ་ཡིན་གྱི་སྒྲ་མི་སྙན་ན་མ་ཡིན་ཏེ། དེ་ན་སྡིག་པའི་བསམ་པ་མེད་པའི་ཕྱིར་རོ། །དེར་ཡང་རྟེན་གང་གིས་གཅོད་ན། སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །དེ་གཉིས་ལྟ་སྤྱད་དེ་སྡིག་པའི་བསམ་པ་བརྟན་པ་དང་འཁྱུད་པ་ཅན་ཡིན་པས་སོ། །དེའི་ཕྱིར་མ་ནིང་གིས་མ་ཡིན་ཏེ། སྲེད་པ་སྤྱད་པའི་ཕྱོགས་དང་མཐུན་པའི་ཕྱིར་དང་། ངན་སོང་བ་བཞིན་ནོ། །དགེ་རྩ་ཆད་པའི་རང་བཞིན་ཇི་ལྟ་བུ་དེ་ནི་དགེ་རྩ་རྣམས་ཀྱིས་ཐོབ་པ་ཡང་མི་སྐྱེ་ལ། མ་ཐོབ་པ་སྐྱེ་བས་ཏེ་མི་ལྡན་པ་དེ་སྐྱེ་ན་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཞེས་བྱའོ། །ཀུན་ཏུ་ཆད་པ་དེ་དག་ཇི་ལྟར་ཉིང་མཚམས་སྦྱོར་བ་ནི་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་སྐྱེས་པའམ། ཡང་དག་པའི་ལྟ་བའམ་ཡོད་ལྟ་སྐྱེས་པས་དེའི་ཐོབ་པ་ཀུན་ཏུ་གཅོད་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་ཞེས་བྱའོ། །ཉིང་མཚམས་ནི་རྣམ་པ་དགུ་ཅིག་ཅར་སྦྱོར་ལ། མངོན་སུམ་དུ་ནི་རིམ་གྱིས་འགྱུར་ཏེ་ནད་མེད་ནས་སྟོབས་རྙེད་པ་བཞིན་ནོ། །ཐམས་ཅད་དམ་ཞེ་ན། མཚམས་མེད་བྱེད་པའི་ནི་འདི་ལ་མིན་ཏེ། དེ་ནི་མཐོང་ཆོས་ལ་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བའི་སྐལ་བ་དང་མི་ལྡན་པའི་ཕྱིར་རོ། །ལས་ཀྱི་ལམ་དུ་ཞིག་སེམས་པ་དང་ལྷན་ཅིག་འབྱུང་ན། མི་དགེ་བ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་ཀྱི་བར་དག་དང་། སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་ངོ་། །དགེ་བ་གཅིག་ནས་བཅུའི་བར་དག་དང་ལྷན་ཅིག་འབྱུང་ངོ་ཞེས་སྤྱིར་བཏང་ནས། དམིགས་བསལ་དུ། གཅིག་དང་བརྒྱད་དང་ལྔ་དང་མིན་ཞེས་གསུངས་སོ༑ །འགྲོ་བ་ག་ན་ལས་ཀྱི་ལམ་དུ་ཞིག་མངོན་དུ་འགྱུར་ཞེ་ན། དམྱལ་བ་ན་ནི་འཁྱལ་པ་དང་། ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་དང་ལོག་ལྟ་ནི་མངོན་རྒྱུར་མེད་ཀྱང་ལྡན་པའི་སྒོ་ནས་སོ། །གཞན་མེད། སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པར་ཡོད་དེ་མངོན་རྒྱུར་ནི་མེད་དོ། དེ་ནི་བདུན་པ་ཚིག་ཀྱལ་པ་དངོས་སུ་ཡང་ཡོད་ལ། མི་ཚངས་སྤྱོད་ཡོད་ཀྱང་ལོག་གཡེམ་མེད་པར་བསྟན་ནོ། །འདོད་པ་ཁམས་གཞན་ན་མི་དགེ་བ་བཅུ་ཆར་མངོན་དུ་རྒྱུ་དང་ལྡན་པའི་སྒོ་ནས་ཡོད་དོ། །དགེ་བ་བརྣབ་སེམས་མེད་པ། གནོད་སེམས་མེད་པ་ཡང་དག་པའི་ལྟ་བ་གསུམ་ནི་ཁམས་གསུམ་འགྲོ་བ་ལྔ་ཐམས་ཅད་ན་རྙེད་པ་ལྡན་པར་དང་། མངོན་དུ་གྱུར་པའི་སྒོ་ནས་ཡོད། གཟུགས་མེད་དང་འདུ་ཤེས་མེད་པའི་སེམས་ཅན་ལ་ནི་རྙེད་པ་སྟེ། ལྡན་པའི་སྒོ་ནས་ལུས་ངག་གི་དགེ་བའི་ལས་ལམ་བདུན་ཡོད་ལ། ལྷག་མར་བྱས་ན་དེ་གཉིས་ལས་གཞན་པའི་ཁམས་གཉིས་པོ་ཐམས་ཅད་ན། མངོན་དུ་གྱུར་པའི་སྒོ་ནས་ཡོད་དེ། འོན་ཀྱང་དམྱལ་བཅས་སྒྲ་མི་སྙན་པ་ནི་མ་གཏོགས་སོ། །གཉིས་པ་དེ་དག་གི་འབྲས་བུ་ནི། མི་དགེ་བ་དང་དགེ་བའི་ལས་ལམ་བཅུ་ཐམས་ཅད་བདག་པོ་རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་གསུམ་འབྱིན་པར་འདོད་ལ། ཅིའི་ཕྱིར་ལས་ལམ་དེ་དག་གི་འབྲས་བུ་གསུམ་ཀ་འགྲུབ་ན། སྲོག་གཅོད་ལ་སྦྱར་ན་ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་ཕྱིར་རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྡུག་བསྔལ་བར་འགྱུར་རོ་དང་། བསད་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་མིར་སྐྱེས་ཀྱང་ཚེ་ཐུང་ངུར་འགྱུར་བ་དང་། གཟི་བྱིན་མེད་པ་ཕམ་པར་བྱས་པའི་ཕྱིར་བདག་པོའི་འབྲས་བུ་ཕྱིའི་སྨན་རྣམས་གཟི་མཐུ་ཆུང་བར་འགྱུར་བ་ལྟ་བུ་ལྷག་མ་དགུ་ལ་ཡང་ངོ་། །དགེ་བ་ཡང་དེ་བཞིན་ཏེ། སྲོག་གཅོད་སྤང་པ་ཀུན་ཏུ་བརྟེན་པ་དང་གོམས་པར་བྱས་པ་དང་། ལན་མང་དུ་བྱས་པས་འབྲས་བུ་རྣམ་གསུམ་སྟེ་ལྷར་སྐྱེ་བ་དང་། མིར་སྐྱེས་ཀྱང་ཚེ་རིང་བ་དང་། ཕྱིའི་སྨན་གཟི་མཐུ་ཆེ་བར་འོང་བ་སོགས་སོ། །ལོག་པའི་ངག ལོག་པའི་ལས་མཐའ། ལོག་པའི་འཚོ་བ་ཞེས་པའི་དང་པོ་གཉིས་ལས་ལོགས་སུ་ལོག་འཚོ་གསུངས་ན་དེ་ཅི་ཞེ་ན། ལུས་དང་ངག་གི་ལས་ཀྱི་མཐའ་ཞེ་སྡང་དང་ཆགས་ལས་སྐྱེས་པ་ནི་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་ཡིན་ལ། ལོག་འཚོ་ནི་སྦྱང་དཀའ་བའི་ཕྱིར་དེ་གཉིས་ལས་ལོག་ཤིག་ཏུ་བསྟན་ནོ། །དེ་ཡང་གལ་ཏེ་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་ལ་གཞན་མ་ཡིན་སྙམ་ན་སེམས་པ་དེ་ནི་མདོ་དང་འགལ་བའི་ཕྱིར་དེ་ལྟ་བུ་མིན་ཏེ། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གླང་པོ་ཆེ་འཐབ་པ་ལ་བལྟ་བ་ལ་སོགས་པ་ཡང་ལོག་པའི་འཚོ་བར་བཞག་སྟེ། ཅིའི་ཕྱིར་ཞེ་ན་ལོག་པའི་ཡུལ་ལ་ཡོངས་སུ་སྤྱོད་པའི་ཕྱིར་རོ། །དྲིར་བཅས་ནི་ཟག་བཅས་ཏེ། དེས་བསྡུས་པའི་སྤོང་བའི་ལམ་བར་ཆད་མེད་ལམ་དག་གི་ལས་ནི་འབྲས་བུ་ལྔ་ཡིས་འབྲས་བུར་བཅས་པ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུ་ནི་རང་གི་ས་པར་གཏོགས་པའི་རྣམ་སྨིན་ཡིད་དུ་འོང་བ། རྒྱུ་མཐུན་གྱི་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས༑ བྲལ་བའི་ནི་སྤང་བ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་ནི་དེས་དྲངས་པའི་ཆོས་སོ། །དེ་ཡང་རྣམ་གྲོལ་ལམ་དེ་དང་ལྷན་ཅིག་འབྱུང་བ་མ་འོངས་པ་ཐོབ་པ་སྤངས་པའང་ཡིན་ནོ༑ །བདག་པོའི་ནི་འབྲས་བུ་སྔར་བྱུར་བ་དང་རང་གི་ངོ་བོ་མ་གཏོགས་པའི་འདུ་བྱེད་ཐམས་ཅད་དོ། །སྤོང་ལམ་དྲི་མེད་དམ་ཟག་པ་མེད་པའི་ལས་གང་ཡིན་པ་དེ་ནི་རྣམ་སྨིན་བཞག་པའི་འབྲས་བུ་བཞི་ཡི་འབྲས་བུར་བཅས་པ་ཡིན་ནོ། །ཟག་བཅས་སྤོང་བའི་ལམ་དེ་ལས་གཞན་པའི་དགེ་བ་དང་མི་དགེ་བ་གང་ཡིན་པའང་བྲལ་འབྲས་མ་གཏོགས་པའི་འབྲས་བུ་བཞི་ཡི་འབྲས་བུ་ཅན་ནོ། །ཟག་པ་མེད་པ་སྤོང་ལམ་མ་གཏོགས་པ་ལྷག་མ་དང་། ལུང་བསྟན་མིན་པའི་ལས་གང་རྣམ་སྨིན་དང་བྲལ་བ་བཞག་པའི་འབྲས་བུ་གསུམ་གྱིས་སོ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་ནི་རྣམ་སྨིན་མ་གཏོགས་པའི་བཞི་དང་ལ་སོགས་པ་མི་དགེ་བ་སྐྱེས་བུ་བྱེད་པ་དང་། བདག་པོའི་གཉིས་དང་། དེ་བཞིན་ལུང་མ་བསྟན་གསུམ་སྟེ་རྒྱུ་མཐུན་དང་བྲལ་བ་བཞག་པའོ། །ལས་མི་དགེ་བའི་འབྲས་བུ་ཆོས་དགེ་བ་ནི་སྐྱེས་བུ་བྱེད་པ་དང་བདག་པོ་གཉིས་དང་རིམ་པ་བཞིན་སོགས་པ་མི་དགེ་བའི་གསུམ་སྟེ་རྣམ་སྨིན་དང་བྲལ་བ་མ་གཏོགས་སོ། །ལུང་མ་བསྟན་བཞི་སྟེ་བྲལ་བ་མ་གཏོགས་པའོ། །ལུང་བསྟན་མིན་གྱི་འབྲས་བུའི་ཆོས་དགེ་བ་སྐྱེས་བུ་བྱེད་པ་བདག་པོའི་དེ་དག་གཉིས་དང་། ལ་སོགས་པ་མི་དགེ་བ་གསུམ་བྲལ་བ་དང་རྣམ་སྨིན་མ་གཏོགས་པ་དང་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བྱའི་མི་དགེ་བ་རྣམས་ལུང་མ་བསྟན་པའི་ལྟ་བ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་པས་ལུང་མ་བསྟན་གྱི་ཆོས་གསུམ་མོ། །འདས་པའི་ལས་ཀྱི་འབྲས་བུ་ཐམས་ཅད་ནི་དུས་གསུམ་པའི་ཆོས་ནི་བྲལ་བ་བཞག་པའི་བཞི་ཡིན་ནོ། །བར་མ་ད་ལྟར་བྱུང་བ་ཡི་ནི་འབྲས་བུའི་ཆོས་མ་འོངས་པའང་བཞི་སྟེ་དེ་དག་གོ །བར་མ་ད་ལྟར་བྱུང་བའི་འབྲས་བུ་ད་ལྟར་བྱུང་བ་ནི་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་གཉིས་སོ། །མ་སྐྱེས་པ་ནི་མ་འོངས་པ་སྟེ། དེའི་འབྲས་བུ་མ་འོངས་པ་ནི་གསུམ་ཡིན་ཏེ། རྒྱུ་མཐུན་དང་བྲལ་བ་མ་གཏོགས་པའོ། །རང་གི་ས་པའི་ལས་ཀྱི་འབྲས་བུ་རང་གི་ས་པའི་ཆོས་བྲལ་བ་ལས་གཞན་པ་བཞི་ཡིན་ནོ། །གཞན་གྱི་ས་པའི་ཆོས་ཟག་པ་མེད་པ་ཞིག་ཡིན་ན་འབྲས་བུ་གསུམ་སྟེ༑ རྣམ་སྨིན་དང་བྲལ་བ་མ་གཏོགས་པའོ། །ཟག་བཅས་ཞིག་ན་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་གཉིས་སོ། །སློབ་པའི་ལས་ཀྱི་འབྲས་བུ་ནི་སློབ་པའི་ཆོས་ནི་གསུམ་སྟེ༑ རྣམ་སྨིན་བྲལ་བ་མ་གཏོགས་པའོ། །ལ་སོགས་པ་དེའི་མི་སློབ་པའི་ལས་ཀྱི་འབྲས་བུ་ནི་མི་སློབ་པ་ལའང་དེ་དང་འདྲའོ། །སློབ་པ་ཡང་མིན་མི་སློབ་པ་ཡང་མིན་པ་རྣམ་སྨིན་རྒྱུ་མཐུན་བཞག་པའི་གསུམ་མོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ཡིས་ནི་ཆོས་བདག་པོའི་འབྲས་བུ་གཅིག་པུ་དང་། ལ་སོགས་པ་མི་སློབ་པ་ནི་གསུམ་སྟེ་རྣམ་སྨིན་དང་བྲལ་བ་མ་གཏོགས་པ་དང་༑ སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་གཉིས་ཡིན་ནོ། །སློབ་མི་སློབ་དེ་ལས་གཞན་པའི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་སྐྱེས་བུ་བྱེད་པ་དང་བདག་པོ་གཉིས་དང་སོགས་པ་མི་སློབ་པ་དེ་དང་འདྲ་བ་གཉིས་དང་། སློབ་མིན་མི་སློབ་མིན་པ་འབྲས་བུ་ལྔ་ཆར་ཡིན་ནོ། །མཐོང་བས་སྤང་བྱའི་ལས་ཀྱི་འབྲས་བུ་སློབ་པ་དེ་ལ་སོགས་སློབ་མིན་ནི་རྣམ་སྨིན་བྲལ་བ་མ་གཏོགས་གསུམ་དང་མི་སློབ་པ་དེ་དང་འདྲ། སློབ་མིན་མི་སློབ་མིན་པ་བྲལ་བ་མ་གཏོགས་པ་བཞི་དང་༑ སྤང་བྱ་མིན་པ་བདག་པོ་གཅིག་པུ་ཡིན་ནོ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་སློབ་པ་དེ་དག་སྐྱེས་བུ་དང་བདག་པོ་གཉིས་དང་མི་སློབ་པ་བྲལ་བ་མ་གཏོགས་པ་བཞི་དང་༑ སྤང་བྱ་མ་ཡིན་པ་གསུམ་སྟེ། རྣམ་སྨིན་རྒྱུ་མཐུན་མ་གཏོགས་པའོ། །སྤྱིར་སྤང་བྱ་མིན་པའི་ལས་འབྲས་དེ་དག་མཐོང་བས་སྤང་བྱ་ནི་བདག་པོའི་གཅིག་པ་དང་། སྒོམ་པས་སྤང་བྱ་ནི་སྐྱེས་བུ་བདག་པོའི་གཉིས་དང་། སྤང་བྱ་མ་ཡིན་པ་ནི་རྣམ་སྨིན་མ་གཏོགས་པའི་བཞི་སྟེ་གོ་རིམ་བཞིན་འབྲས་བུ་ཐོག་མ་དང་ཐ་མ་བཞིན་ཤེས་པར་བྱ་བའོ། །བསྟན་བཅོས་ལས་བཤད་པའི་རིགས་པ་མ་ཡིན་པས་སྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་ཡང་མ་ཡིན་རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པའི་ལས་ཞེས་གསུངས་པའི་མཚན་ཉིད་ཅི་ཞེ་ན། རིགས་མིན་བསྐྱེད་པ་ནི་ལས་ཉོན་མོངས་པ་ཅན་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་ཉིད་ཀྱི་ཕྱིར། ཁ་ཅིག་ཆོ་ག་ཉམས་པའོ་ཞེས་སོ། །རིགས་པས་བསྐྱེད་པ་ནི་ལས་དགེ་བ་ཡིན་ནོ། །གཞན་དག་ཆོ་ག་མ་ཉམས་པ་ཡང་ཡིན་ཞེའོ། །དེ་གཉིས་ལས་གཞན་པ་ནི་གཉིས་ཀ་མ་ཡིན་པའོ། །ཅི་ལས་གཅིག་ཁོ་ནས་སྐྱེ་བ་གཅིག་འཕེན་ནམ༑ དུ་མ་འཕེན། དེའི་དུ་མས་གཅིག་ཁོ་ནའམ་དུ་མ་འཕེན་ཞེ་ན། ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ཏོ། །སྐྱེ་བ་ཞེས་པ་རིས་མཐུན་པ་ལ་བྱ་སྟེ། དེར་ཕྱིན་ནས་སྐྱེ་བ་ཞེས་བརྗོད་དོ། །རིས་མཐུན་པ་དུམ་བུར་འཕེན་པར་འགྱུར་དུ་འོང་བས་དུ་མས་ཀྱང་གཅིག་འཕེན་པ་མ་ཡིན་གྱི། ལས་གཅིག་གིས་འཕངས་པའི་རིས་མཐུན་པ་ལ། ལས་ཡོངས་སུ་རྫོགས་པར་བྱེད་པ་དུ་མ་ཡིན་པར་འདོད་དེ། སེམས་མེད་པའི་སྙོམས་པར་འཇུག་པ་དག་ནི་རིས་མཐུན་པ་འཕེན་པར་བྱེད་པ་མ་ཡིན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར། ཐོབ་པ་རྣམས་ཀྱིའང་མིན་ཏེ་ལས་དང་འབྲས་བུ་མི་གཅིག་པའི་ཕྱིར་རོ། །སྟོན་པས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་དང་། རྣམ་པ་སྨིན་པའི་སྒྲིབ་པ་གསུམ་གསུངས་པའི་རང་བཞིན་ཅི་ཞེ་ན། མཚམས་མེད་པའི་སྒྲིབ་པ་རྣམས་ནི་ལས་ཀྱི་སྒྲིབ་པ། དེ་ནི་ལྔ་སྟེ། ཕ་མ་དགྲ་བཅོམ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་རྣམས་དང་། ཉོན་མོངས་པ་རྣམ་པ་གཉིས་ཏེ་ཤས་ཆེན་པོ་དང་། རྣོ་བའོ། །དེ་ལ་ཤས་ཆེན་པོ་ནི་རྒྱུན་དུ་འབྱུང་བ་གང་ཡིན་པའོ། །རྣོ་བ་ནི་ཆེན་པོའོ། །དེ་ལ་ཤས་ཆེ་བ་གང་ཡིན་པ་དེ་ཉོན་མོངས་པའི་སྒྲིབ་པའོ༑ །ངན་འགྲོ་གསུམ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། སྒྲ་མི་སྙན་པ་རྣམས་རྣམ་སྨིན་གྱི་སྒྲིབ་པ་སྟེ། དེ་དག་འཕགས་པའི་ལམ་དང་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བའི་རྩ་བ་ལ་སྒྲིབ་པའི་ཕྱིར་རོ། །དེའི་ཕྱིར་སྒྲིབ་པ་གསུམ་དུ་འདོད་དོ། །མཚམས་མེད་པའི་སྒྲིབ་པ་གླིང་གསུམ་དག་ན་ཡོད་ལ། དེའི་ཡང་ཕོ་དང་མོ་ལ་ཡོད་ཀྱི། ཟ་མ་སོགས་ལ་མི་འདོད་དོ། །ཕ་མ་མེད་པར་བྱས་པ་ནི་བྱམས་བ་ཆུང་བ་སྟེ་ཕན་པ་ཆུང་བ་དང་ངོ་ཚ་ཆུང་བ་དང་ཁྲེལ་ཡོད་པ་ཉེ་བར་མི་གནས་པའི་ཕྱིར་ཡི་དྭགས་དང་དུད་འགྲོ་རྣམས་ལའང་མི་འདོད་དོ། །སྒྲིབ་པ་ལྷག་མ་ནི་འགྲོ་བ་ལྔ་དག་ནའོ། །མཚམས་མེད་ལས་བཞི་ནི་ལུས་ཀྱི་ལས། དེའི་ཡང་སྲོག་གཅོད་དུ་འདུ་བ་གསུམ་དེའི་སྦྱོར་བ་གཅིག་གོ །གཅིག་ནི་ངག་གི་ལས་ཏེ་དབྱེ་ན་རྒྱུ་ལ་འབྲས་བུས་བཏགས་པའམ། འདིས་འབྱེད་པར་བྱེད་པས་ན་དགེ་འདུན་གྱི་དབྱེན་ལ་མཚམས་མེད་པ་ཞེས་བཤད་དོ། །དེ་ནི་མི་འཕྲོད་པ་ཞེས་བྱ་ལ། རང་བཞིན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་ཏེ་ཉོན་མོངས་ཅན་མིན་མ་བསྒྲིབས་ལ་ལུང་བསྟན་མིན་པའོ། །འོ་ན་དེ་ཇི་ལྟར་མཚམས་མེད་དུ་འགྱུར། དེ་དང་གང་བྱ་བའི་དགེ་འདུན་ཡང་དག་ལྡན་གྱི༑ འབྱེད་པ་པོ་ལ་ནི་མ་ཡིན་ནོ། །འོ་ན་འབྱེད་པ་པོ་ཅི་དང་ལྡན་ན། དེ་ཡི་ཁ་ན་མ་ཐོ་བ་བརྫུན་དེ་དང་འབྱེད་པ་པོ་ཡང་དག་པར་ལྡན་ནོ། །དེའི་འབྲས་བུ་ནི་བར་གྱི་བསྐལ་པར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྨིན་པར་འགྱུར་རོ། །ལྷག་པས་མཚམས་མེད་གཉིས་སམ་གསུམ་སོགས་བྱས་ན་གནོད་པ་ལྷག་པར་འགྱུར་རོ། །འབྱེད་མཁན་དགེ་སློང་ལྟ་བ་སྤྱད་པ་ཁོ་ནས་འབྱེད་ཀྱི་སྲེད་པ་སྤྱད་པས་ནི་མ་ཡིན་ནོ། །ཚུལ་དང་ལྡན་པས་འབྱེད་ཀྱི་ཚུལ་ཉམས་པས་མ་ཡིན། གང་དུ་འབྱེད་ན་སྟོན་པ་བཞུགས་པ་དེ་ལས་གཞན་དུའོ། །སུ་དག་ཅིག་འབྱེད་ན་བྱིས་པ་རྣམས་ཏེ་སོ་སོ་སྐྱེ་བོའི་དགེ་འདུན་ནོ། །ཇི་ཙམ་གྱིས་ན་བྱེ་བ་ཡིན། དེ་དག་གིས་དེ་བཞིན་གཤེགས་པ་ལས་གཞན་པའི་སྟོན་པ་དང་། དེས་བསྟན་པའི་ལམ་ལས་གཞན་པའི་ལམ་ལ་བཟོད་པ་དེ་ཙམ་གྱིས་དགེ་འདུན་བྱེ་བའོ་ཞེས་བརྗོད་དོ། །བྱེ་ནས་དུས་ཇི་སྲིད་འདུག །ནུབ་གཅིག་ལས་དེ་ནི་མི་གནས་སོ་སྟེ། བྱེ་ན་གདོན་མི་ཟ་བར་ནམ་མ་ལངས་པ་ཉིད་དུ་དགེ་འདུན་སླར་བཟླུམ་པར་འགྱུར་པས་སོ། །དབྱེན་དུ་བཤད་པ་དེ་ནི་ལམ་འཛུག་པའི་གེགས་སུ་གྱུར་པའི་ཕྱིར། དེས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཕྱེ་བར་སོང་བ་ཡིན་ཏེ། དེའི་ཕྱིར་འཁོར་ལོའི་དབྱེན་དུ་འདོད་དོ༑ །གང་དུ་ཡོད་ན་འཛམ་བུའི་གླིང་ཁོ་ན་ནའོ། །འབྱེད་གཞི་དགེ་སློང་བརྒྱད། འབྱེད་པ་པོ་དགུ་ཡོང་བ་ནས་སོགས་ཀྱིས་མང་པོའི་བར་རོ། །ལས་ཀྱི་དབྱེན་ནི་གླིང་གསུམ་ན་སྟེ་གང་ན་བསྟན་པ་ཡོད་པར་རོ། །འབྱེད་བྱ་དགེ་སློང་དུ། དེ་ནི་བརྒྱད་དག་ཡན་ཆད་ཀྱིས་སོ། །འཁོར་ལོའི་དབྱེན་ཡང་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོར་མ་ལོན་པ་དང་ཐ་མ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ཚེ་དགེ་འདུན་ཤ་གཅིག་པས་དང་། བར་དུ་ཡང་བསྟན་པ་ལ་ཚུལ་ཁྲིམས་ཀྱི་སྐྱོན་དང་ལྟ་བའི་སྐྱོན་མ་བྱུང་གི་བར་དུ་དང་། མཆོག་ཟུང་ཅིག་མ་བྱོན་པའི་སྔོན་རོལ་དང་། ཐུབ་པ་ནོངས་པ་དང་མཚམས་མ་བཅད་པ་དག་ཏུ་ཡང་དེ་མཚམས་གཅིག་གི་ནང་དུ་ཕྱོགས་གཉིས་སུ་གནས་པ་བྱེ་བར་བརྗོད་པས། དྲུག་པོ་དེ་དག་ཏུ་འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །མ་བསད་པ་སོགས་མཚམས་མེད་དུ་གང་གིས་བཞག་ཅེ་ན། ཕ་མ་བསད་པ་ཕན་འདོགས་པ་མེད་པར་བྱས་པའི་ཕྱིར་དང་། དགྲ་བཅོམ་བསད་པ་ཡོན་ཏན་གྱི་ཞིང་སྤངས་པར་སོང་བས་སོ། །ཕའམ་མཚན་ནི་གཞན་དུ་འགྱུར་པའི་བུད་མེད་དང་། སྐྱེས་པ་ཡང་བསད་པས་དེར་འགྱུར་རོ། །མ་གང་ལ་ན་གང་གི་ཟླ་མཚན་ལས་བདག་བྱུང་བ་དེ་མའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ནི་འགྲོངས་པར་སེམས་པ་ལ་ཡིན་གྱི། སངས་རྒྱས་ལ་རྡེག་པར་སེམས་པ་ཙམ་ལ་མིན་ནོ། མཚོན་བསྣུན་པའི་འོག་ཏུ་དེ་དགྲ་བཅོམ་པར་གྱུར་ན་སྔ་མ་དེའི་རྐྱེན་གྱིས༑ དེ་ཤི་ན་ཡང་མཚམས་མེད་མིན། གང་གིས་མཚམས་མེད་པའི་སྦྱོར་བ་བྱས་པའི་རྟེན་དེ་ལ་འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པ་མི་སྲིད་དོ། །མཚམས་མེད་དག་གི་ནང་ནས༑ དགེ་འདུན་དབྱེ་ཕྱིར་བརྫུན་སྨྲ་བ། ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་ལ། ལྷག་མ་རྣམས་ལས་གོ་རིམ་བཞིན་ལྔ་པ་དང་གསུམ་པ། དང་པོ་རྣམས་ཆེས་ལྕི་བ་ཡིན་ལ། ཕ་གསོད་པ་ནི་ཐམས་ཅད་ཀྱི་ནང་ན་ཡང་བའོ། །རྣམ་སྨིན་གྱི་དབང་དུ་བྱས་ན་འཇིག་རྟེན་པ་ཡི་དགེ་བ་ལ་སྲིད་རྩེའི་སེམས་པ་འབྲས་བུ་རབ་ཏུ་ཆེ་སྟེ། དེའི་རྣམ་པར་སྨིན་པ་ནི་བསྐལ་པ་བརྒྱད་ཁྲིར་རབ་ཏུ་ཞི་བ་ཡིན་ནོ། །ཉེ་བའི་མཚམས་མེད་ནི། མི་ཚངས་པར་སྤྱོད་པས་མ་དགྲ་བཅོམ་མ་སུན་འབྱིན་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་གསོད་པ་དང་། སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནི་འཕྲོག་པ་དག་དང་། ལྔ་པ་མཆོད་རྟེན་འཇིག་པར་བྱེད་པ་ཡིན་ལ། དེ་དག་མཚམས་མེད་པ་དང་ཆ་འདྲ་བས་ཏེ་དེ་ལ་ཉེ་བར་བཞག་གོ །རྩེ་མོ་ལས་བཟོད་པ་ཐོབ་པར་བྱེད་པ་ལ། དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ངན་སོང་བའི་ལས་བགེགས་བྱ་བའི་ཕྱིར་ཉེ་བར་གནས་པ་དང་། དེ་བཞིན་ཕྱིར་མི་འོང་ཐོབ་པ་ལ་མཐོང་ཆོས་མྱོང་འགྱུར་མ་གཏོགས་པའི་འདོད་པ་སྤྱོད་པའི་ལས་རྣམས་དང་། དགྲ་བཅོམ་པ་ཐོབ་པ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་རྣམས་བགེགས་ཤིན་ཏུ་བྱེད་པར་ཉེ་བར་གནས་སོ། །གང་ནས་བྱང་ཆུབ་སེམས་དཔའ་ཡིན་པར་གཟུང་ཟེར་ན། གང་ཕན་ཆད་ནས་མཚན་གྱི་རྣམ་པར་སྨིན་པར་འགྱུར་བའི་ལས་རྣམས་བྱེད་པར་རྩོམ་པ་དེའི་ཚེ་ངེས་པར་རྟོགས་པ་ཡིན་ནོ། །དེ་ནི་དུས་ཕན་ཆད་རྟག་ཏུ་བདེ་འགྲོར་དང་། རིགས་མཐོ་བར་སྐྱེ་བ་དང་། དབང་པོ་ཚང་བ་དང་། ཕོར་འགྱུར་བ་དང་། ཚེ་རབས་དྲན་པར་འགྱུར། ནུར་བ་མེད་པས་མི་ལྡོག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་དང་། ལོག་པར་སྒྲུབ་པ་ཐམས་ཅད་ཀྱིས་སྐྱོ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་འཛམ་བུའི་གླིང་ཁོ་ནར་མཚན་རྣམ་པར་སྨིན་པའི་ལས་འཕེན་པར་བྱེད་གྱི་གླིང་གཞན་དུ་མ་ཡིན་དེ་ཡང་ཕོར་གྱུར་པའི་རྟེན་ཉིད་ལ་འཕེན་པ་དང་། དེ་ཡང་སྟོན་པ་མངོན་སུམ་དུ་གྱུར་པ་དང་༑ སངས་རྒྱས་ལ་དམིགས་པའི་སེམས་དཔའ་ཁོ་ནས་བསྐལ་པ་བརྒྱ་ལུས་པའི་ཚེ་དག་ཏུ་འཕེན་པར་བྱེད་ཀྱི། མང་པོ་ལུས་པའི་ཚེ་ནི་མ་ཡིན་ནོ། །ལས་དེ་ཡང་བསམ་པ་ལས་བྱུང་བ་ཡིན་གྱི༑ ཐོས་སྒོམ་ལས་བྱུང་བ་མ་ཡིན། འོ་སྐོལ་གྱི་སྟོན་པས་བསྐལ་པ་དགུ་བཟླུམས་ཏེ། བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པའི་ཚེ་འཕངས་སོ། །མཚན་རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་ཇི་སྙེད་གཅིག་ལ་བསྙེན་བཀུར་བྱས་ཤེ་ན། བསྐལ་པ་གྲངས་མེད་དང་པོ་ལ་ནི་སངས་རྒྱས་བདུན་ཁྲི་ལྔ་སྟོང་༑ གཉིས་པ་ལ་བདུན་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་རྣམ་གཟིགས་དང་མར་མེ་མཛད་དང་། རིན་ཆེན་གཙུག་གཏོར་ཅན་རིམ་པ་བཞིན་བསྐལ་པ་གྲངས་མེད་གསུམ་གཉིས་དང་པོའི་ཐ་མར་བྱུང་ལ། དེ་དག་ཐམས་ཅད་ཀྱི་དང་པོ་ཤཱཀྱ་ཐུབ་པ་ཡིན་ནོ། །ཀུན་ལ་ལོངས་སྤྱོད་རྒྱལ་སྲིད་ལུས་ཀྱི་བར་ཐམས་ཅད་མངོན་པར་མཐོ་བའི་ཁྱད་པར་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པ་དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པ་ཡིན་ནོ། །འདོད་ཆགས་དང་བཅས་པའི་གནས་སྐབས་སུ་ཡན་ལག་བཅད་ཀྱང་ནི་ཅུང་ཟད་ཀྱང་མི་འཁྲུགས་པ་དེའི་ཚེ་བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་ལ། དེ་བཞིན་གཤེགས་པ་སྐར་རྒྱལ་རིའི་ཕུག་གཅིག་ན་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་པ་གཅིག་གིས་བསྒྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད་སོགས་ཚིགས་བཅད་གཅིག་གིས་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས༑ བསྐལ་པ་དགུ་བཟླུམས། བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་བསམ་གཏན་དང་བློའམ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་སོ། །རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་དུ་ཕྱིན་པའི་ཕྱིར་ཕ་རོལ་དུ་ཕྱིན་པ་དག་ཡིན་ནོ། །གསུམ་པ་བྱེ་བྲག་གཞི་གསུམ་བཤད་པ་ནི། སྦྱིན་ཚུལ་སྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་གཞི་གསུམ་པོ་འདི་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན་པ་དང་། དེའི་གཞི་ཡང་ཡིན་པས་བསོད་ནམས་བྱ་བའི་གཞི་སྟེ། དཔེར་ན་དེ་དག་གི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པ་དང་༑ ལས་ཀྱི་ལམ་ཁོ་ན་ཡིན་པས་ལས་ཀྱི་ལམ་མོ་ཞེས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་གཞི་ལ་ལུས་དང་ངག་གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ལ༑ དེ་ཀུན་ནས་སློང་བར་བྱེད་པའི་སེམས་ནི་བསོད་ནམས་ཀྱང་ཡིན་བྱ་བ་ཡང་ཡིན་པ་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་དང་ངག་གི་ལས་ཡིན་པས་གསུམ་ཆར་ཡིན་ནོ། །སྒོམ་བྱུང་བྱམས་པ་ལས་བྱུང་བ་ནི་བསོད་ནམས་དང་། བསོད་ནམས་བྱ་བའི་གཞི་ཡང་སྟེ། བྱམས་པའི་སྒོ་ནས་དེ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་། ཚུལ་ཁྲིམས་ནི་བསོད་ནམས་ཀྱང་ཡིན་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་ནི་བསོད་ནམས་ཁོ་ནའོ། །ཡང་ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བ་སྟེ་སྦྱོར་བའོ། །འདི་དག་སྒྲུབ་པའི་ཆེད་དུ་བསོད་ནམས་ཀྱི་སྦྱོར་བ་རྩོམ་པའི་ཕྱིར་གསུམ་པོ་འདི་དག་ནི་དེའི་གཞི་ཡིན་ནོ༑ །གང་གིས་སྦྱིན་པར་བྱེད་པ་དེ་སྦྱིན་པ་ནི་སྦྱིན་པ་ཡིན་ལ། དེ་ལ་ཡང་འཇིགས་པ་དང་། ལན་ལ་རེ་བ་དང་། འདོད་ཆགས་ལ་སོགས་པས་ཀྱང་སྦྱིན་པར་བྱེད་མོད། དེ་མ་ཡིན་པར༑ གང་གི་གཞན་དག་ལ་མཆོད་པར་བྱེད་པ་དང་། ཕན་གདགས་པར་འདོད་པ་ཡིས་སྦྱིན་པ་བྱེད་པའོ། །སྦྱིན་པར་བྱེད་པ་ཞེས་པའང་། ཚོགས་པ་གང་གིས་ལུས་དང་ངག་ལས་སློང་བར་བྱེད་པ་དང་བཅས་པའོ། །དེ་ཡང་། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ༑ །སྦྱིན་པ་དེ་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཡིན་ནོ། །དེ་ལ་འདོད་ཆགས་མ་བྲལ་བའམ་སོ་སྐྱེ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པར་བྱེད་པ་དེ་ནི་ཕ་རོལ་པོ་དག་ལ་ཕན་འདོགས་པ་མེད་པའི་ཕྱིར་བདག་གི་དོན་ཕྱིར་སྦྱིན་པའོ། །འཕགས་པ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པ་ནི་མཐོང་ཆོས་ལ་མྱོང་འགྱུར་མ་གཏོགས་དེས་དེ་དག་ལ་ཕན་གཏགས་པའི་ཕྱིར་གཞན་གྱི་དོན་གྱི་ཕྱིར་ཡིན་གྱི། རྣམ་སྨིན་ལས་འདས་པའི་ཕྱིར་བདག་གི་དོན་མ་ཡིན་ནོ། །འདོད་ཆགས་དང་མ་བྲལ་བས་སམ་སོ་སྐྱེ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་པོ་ལ་སྦྱིན་པ་ནི། གཉིས་ཀའི་དོན་གྱི་ཕྱིར་དང་། འཕགས་པ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པ་ནི། མཐོང་ཆོས་མྱོང་འགྱུར་མ་གཏོགས་གཉིས་ཀའི་དོན་དུ་མིན་པའི་ཕྱིར་སྦྱིན་པའོ། །སྦྱིན་པ་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཞེས་སྤྱིར་བསྟན་པ་དེ་ཡི་ཁྱད་པར་དམིགས་བསལ་ནི། སྦྱིན་བདག་གི་ཁྱད་པར་དང་། དངོས་པོ་དང་། ཞིང་གི་ཁྱད་པར་འཕགས་པ་ལས་གསུམ་ཡིན་ནོ། །དེ་ལ་སྔ་མ་སྦྱིན་བདག་ཁྱད་འཕགས་དང་། ཚུལ་ཐོས་སོགས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། དེས་གུས་པ་ལ་སོགས་པས་རང་གི་ལག་པ་དང་། དུས་སུ་དང་། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་དོ། །དེས་དེ་ལྟ་བུར་བྱིན་པ་དེའི་ཕྱིར་གོ་རིམ་བཞིན་དུ་ཁྱད་པར་བཞིར་འགྱུར་ཏེ། བཀུར་སྟི་རྙེད་པར་འགྱུར༑ ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར་བ་དང་། ལོངས་སྤྱོད་དུས་ལས་མ་ཡོལ་བར་དུས་སུ་རྙེད་པར་འགྱུར་བ་དང་། ལོངས་སྤྱོད་བར་ཆད་མེད་པར་རྙེད་པར་འགྱུར་བའོ༑ །གཉིས་པ་གང་སྦྱིན་པར་བྱ་བ་སྟེ། ཁ་དོག་དང་ལ་སོགས་པ་དྲི་དང་རོ་དང་རེག་བྱ་རྣམས་ལས་གང་ཡང་རུང་བ་ཞིག་གིས་ཕུན་སུམ་ཚོགས་པའི་དངོས་པོ་ཡིན་པ། དེ་བྱིན་པས་རིམ་པ་བཞིན་དུ་ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པ་དེ་ལས་གཟུགས་བཟང་པོར་འགྱུར། དྲིས་གྲགས་པ་ལྡན་པར་དང་། རོས་དགའ་བ་དང་། རེག་བྱས་ལུས་ཤིན་ཏུ་གཞོན་ཤ་ཅན་དང་། བུད་མེད་རིན་པོ་ཆེ་བཞིན་དུ་དུས་སུ་རེག་ན་བདེ་བ་སྐྱེད་པའི་ལུས་སུ་འགྱུར་རོ། །གསུམ་པ་འགྲོ་བའི་ཁྱད་པར་དང་། སྡུག་བསྔལ་དང་། ཕན་འདོགས་དང་། ཡོན་ཏན་གྱི་ཁྱར་པར་རྣམས་ཀྱིས་ཞིང་ཁྱད་འཕགས་སུ་བཞག་པའི་དང་པོ། བཅོམ་ལྡན་འདས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ། སྦྱིན་པ་བྱིན་ན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་པར་གྱུར་པའི་མི་ལ་སྦྱིན་པ་སྦྱིན་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བུ། གཉིས་པ་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ཏུ་ནད་པ་ལ་སྦྱིན་པ་དང་། ནད་གཡོག་ལ་སྦྱིན་པ་དང་། གྲང་བ་ལ་སོགས་པར་སྦྱིན་པ་གསུངས་ནས། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འདི་བདུན་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་སོ་ཞེས་གསུངས་པ་ལྟ་བུ། གསུམ་པ་ནི། ཕ་མ་དང་ཕན་འདོགས་འདོགས་པ་གཞན་རྣམས་ལ་སྦྱིན་པ་བྱིན་པ་སྟེ། དོམ་དང་རི་དྭགས་ལ་སོགས་པའི་སྐྱེས་པའི་རབས་དཔེར་བྱའོ། །བཞི་པ་ནི།ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་ཞེས་གསུངས་པ་ལྟ་བུའོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ལ་སྦྱིན་པ་ནི་གྲོལ་བས་གྲོལ་བ་སྟེ། འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་བ་ལ་སྦྱིན་པའམ། བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་སྦྱིན་པ་ནི་མཆོག་གོ །སྟོན་པས་སྦྱིན་པ་རྣམ་པ་བརྒྱད་གསུངས་པ་ལས་ཐ་མ་མཆོག་ཡིན་ནོ། །བརྒྱད་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་དང་། བདག་ལ་དང་། བདག་ལ་སྦྱིན་པར་འགྱུར་བས་དང་། སྔོན་བདག་གིས་ཕ་དང་མེས་པོ་དག་གིས་སྦྱིན་པ་བྱིན་པས་དང་། མཐོ་རིས་ཀྱི་དོན་དུ་དང་། གྲགས་པའི་དོན་དུ་དང་། སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པའོ། །ནམ་ཉེ་བར་གྱུར་ཅིང་ཉེ་བར་ལྷགས་པ་དག་ལ་སྦྱིན་པར་བྱེད་པ་ཉེ་བས་སྦྱིན་པའོ༑ །མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་བྱ་བ་ནི་འཇིགས་པས་སྦྱིན་པའོ། །འདི་ལ་བདག་གི་གཉིས་གཅིག་སེམས་ཀྱི་རྒྱན་ཡོ་བྱད་རྣལ་འབྱོར་གཅིག་ཏུ་བྱས་པ་བརྒྱད་དོ༑ །ཡང་མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཞལ་དུ་མེད་དོ། །རྒྱུན་དུ་ཞུགས་པ་ལ་སྦྱིན་ན་དེ་བས་ཀྱང་ཆེས་གཞལ་དུ་མེད་དོ་སོགས་རྒྱས་པར་གསུངས་མོད། འཕགས་པ་མིན་ཡང་ཕ་མ་དང་། ནད་པ་དང་ནི་ཆོས་སྨྲ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལྔ་ལ་འབྲས་བུའི་སྒོ་ནས་ཡོན་ནི་གཞལ་དུ་མེད་པ་ཡིན་ནོ། །ལས་རྣམས་ཀྱི་ལྕི་བ་དང་ཡང་བ་ཤེས་པར་འདོད་པས་རྒྱུ་དྲུག་ཤེས་པར་བྱ་སྟེ། བྱ་བ་ནི་བྱས་པའི་རྗེས་ལ་བྱེད་པ་གང་ཡིན་པ་ནི་འཇུག་པ་དང་། གང་དུ་ཕན་པ་དང་གནོད་པ་དག་བྱེད་པ་ཞིང་དང་༑ ལས་ཀྱི་ལམ་གཞི་དང་ནི། དེའི་དོན་དུ་ལུས་ངག་གི་ལས་བྱེད་པ་སྦྱོར་བ་དང་། གང་གི་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པ་སེམས་པ་དང་། དེ་དག་ལ་དེ་དང་འདི་ལྟ་བུ་ཞིག་ནི་བྱའོ༑ །དེ་དག་འདི་ལྟ་བུ་ཞིག་ནི་མི་བྱའོ་སྙམ་པ་བསམ་པ་སྟེ། དེ་དག་གི་དབང་ལས་དེ་ལྕི་བའམ་ཡང་བར་འགྱུར་ལ། ཡང་བ་ཆུང་ངུ་དང་། ལྕི་བ་ཆེ་བ་ལས་ཀྱང་ཆུང་དང་ཆེ་བ་ཉིད་དུ་འགྱུར་རོ། །ལས་ཇི་ལྟར་ན་བསགས་པ་ཡིན་ཞེ་ན། ཆེད་དུ་བསམས་བཞིན་དུ་བྱས་པ་ཡིན་གྱི། བློ་སྔོན་དུ་མ་བཏང་བ་བབ་ཅོལ་དུ་བྱས་པ་མ་ཡིན་པ་དང་༑ གང་ཞིག་གིས་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་བྱས་པ་དང་། ལས་དེ་ཡིད་ལ་བཅགས་པ་མེད་པས་མི་འགྱོད་པ་དང་། དེ་འཇོམས་བྱེད་ཀྱི་གཉེན་པོ་མེད་པ་དང་། མི་དགེ་བ་ལ་འཁོར་ཡང་མི་དགེ་བ་ཡིན་པ་དང་། རྣམ་པར་སྨིན་པ་ལས་འབྱིན་པར་ངེས་པ་དང་། དེ་བཞིན་དགེ་བ་ལའང་ཡིན་པས་དེ་དག་བསགས་པའི་ལས་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་ལས་གཞན་པ་ནི་བྱས་པ་ཡིན་གྱི་བསགས་པ་མ་ཡིན་ནོ། །སྔར་བདག་དོན་དུ་བཤད་པ་མཆོད་རྟེན་ལ་སྦྱིན་པ་བྱིན་པ་དེ་ལ་ལོངས་སྤྱོད་པར་བྱེད་པ་མེད་ན་ཇི་ལྟར་བསོད་ནམས་སུ་འགྱུར་ཞེ་ན༑ བསོད་ནམས་ནི་རྣམ་པ་གཉིས་ཏེ་བཏང་བའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའོ། །དེ་ལས་མཆོད་རྟེན་ལ་བཏང་བ་ཁོ་ནའི་རྒྱུ་ལས་བྱུང་བའི་བསོད་ནམས་ཡིན་གྱི༑ ལེན་པར་བྱེད་པ་པོ་རྒྱུར་བྱེད་པ་ནི་མ་ཡིན་ཏེ། ཇི་ལྟར་བྱམས་པ་ལ་སོགས་པ་ལ་ལེན་པར་བྱེད་པའམ། གཞན་ལ་ཕན་འདོགས་པ་མེད་ཀྱང་རང་གི་སེམས་ཀྱི་མཐུས་བསོད་ནམས་སུ་འགྱུར་བ་བཞིན་ཡོན་ཏན་དང་ལྡན་པ་དེ་ལ་དད་པར་བྱས་པས་སྦྱིན་པས་རང་གི་སེམས་ལས་བསོད་ནམས་སུ་འགྱུར་རོ། །ངན་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་འོང་བ་མི་འགྱུར་རམ་ཞེ་ན། ཞིང་ངན་པ་ལ་ཡང་རྒྱུ་ས་བོན་ལས་འབྲས་བུ་མི་འཁྲུལ་བར་མཐོང་བའི་ཕྱིར་ངན་པའི་ཞིང་ལའང་གཞན་ལ་ཕན་པའི་བསམ་པས་ཞུགས་པའི་ཕྱིར་སྦྱིན་པའི་ས་བོན་གྱི་འབྲས་བུ་ཡིད་དུ་འོང་བ་ཁོ་ན་གྲུབ་ཀྱི༑ འོན་ཀྱང་ངན་པས་འབྲས་བུ་ཆུང་བར་འགྱུར་རོ། །ཚུལ་ཁྲིམས་ལས་བྱུང་བ་ཞེས་སྨོས་པ་དག་ཇི་ལྟ་བུ་ཞེ་ན། འཆལ་པའི་ཚུལ་ཁྲིམས་ཞེས་བྱ་མི་དགེ་བའི་གཟུགས་ཡིན་ལ། དེ་སྤོང་བ་ནི་ཚུལ་ཁྲིམས་སོ། །སྤོང་བ་དེ་ཡང་རྣམ་པ་གཉིས་སོ། །ཇི་སྐད་དུ། རྣམ་པར་རིག་བྱེད་གང་གིས་སྤོང་བར་བྱེད་པ་དང་། རྣམ་པར་རིག་བྱེད་མ་ཡིན་པས་སྤོང་བ་གང་ཡིན་པའོ་ཞེས་པས་སོ༑ །ཚུལ་ཁྲིམས་འཆལ་པ་རང་བཞིན་གྱི་ཁ་ན་མ་ཐོ་བར་མ་ཟད། སངས་རྒྱས་ཀྱི་ནི་བཅད་པ་ལས་འགལ་བ་ཡང་བཅས་པའི་ཁ་ན་མ་ཐོ་བའོ། །རྣམ་པར་དག་པའི་ཚུལ་ཁྲིམས་ནི་ཡོན་ཏན་བཞི་དང་ལྡན་ནོ། །བཞི་གང་ཞེ་ན། འཆལ་པའི་ཁྲིམས་ཀྱིས་འཕན་མ་བྱུང་བ་ཁ་ན་མ་ཐོ་བས་མ་གོས་པ་དང་། འཆལ་པའི་ཚུལ་ཁྲིམས་དེའི་རྒྱུས་འཕན་མ་ཕྱུང་བ་སྟེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཉོན་མོངས་བར་མ་གྱུར་པ་དང་། འཆལ་ཚུལ་དེའི་གཉེན་པོ་ལ་བརྟེན་པ་སྟེ་དྲན་པ་ཉེ་བར་བཞག་པ་དང་། ཞི་བ་ལ་བརྟེན་པ་ནི་སྐྱེ་བའི་ཁྱད་པར་ལ་བརྟེན་པ་མིན་གྱི། མྱ་ངན་ལས་འདས་པའི་ཕྱིར་ཡོངས་སུ་བསྔོ་བས་སོ། །སྒོམ་པ་ལས་བྱུང་བ་གང་ཞེ་ན། མཉམ་པར་བཞག་པའི་དགེ་བ་ནི་སྒོམ་པའོ། །མཉམ་པར་བཞག་པ་ཡང་ཏིང་ངེ་འཛིན་གྱི་རང་བཞིན་དང་། དེ་དག་ལྷན་ཅིག་འབྱུང་བ་གང་ཡིན་པའོ། །ཅིའི་ཕྱིར་དེ་ལ་སྒོམ་པ་ཞེས་བྱ། ཇི་སྐད་དུ་མཉམ་པར་བཞག་པའི་དགེ་བ་དེ་ནི་རྒྱུད་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་སེམས་ལ་ཤིན་ཏུ་བསྒོ་བ་བྱེད་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཕྱི་མ་གཉིས་པོ་མཐོ་རིས་ཐོབ་པའི་དོན་དུ་ཚུལ་ཁྲིམས་གཙོ་བོ་དང་ཉོན་མོངས་པ་རྣམས་འབྲལ་བའི་དོན་དུ་སྒོམ་པ་གཙོ་བོར་གྱུར་པའི་ཕྱིར་དེ་གཉིས་ཀྱི་འབྲས་བུའོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དོ་ཞེས་གསུངས་པས་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཀྱི་ཚད་ཤེས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ་ཟེར། སྔོན་གྱི་སློབ་དཔོན་རྣམས་བསྐལ་པར་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར། བསོད་ནམས་ཀྱི་གཞི་ཇི་ཙམ་པ་དེ་ཡིས་ཚངས་པའི་བསོད་ནམས་ཡིན་ནོ། །ཞེས་གསུངས་སོ། །ཆོས་ཀྱི་སྦྱིན་པ་ཉོན་མོངས་པ་ཅན་མིན་པས་མདོ་སོགས་ཡང་དག་པ་ཇི་བཞིན་སྟོན་པའོ། །ཇི་སྐད་དུ། གང་དག་ཆོས་ལོག་པར་འཆད་པར་བྱེད་པའམ། སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་ནས་འཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་དེ་ལ་འཛེམ་པར་བྱའོ། །ཡང་དགེ་བ་རྣམ་པ་གསུམ་གསུངས་ཏེ་བསོད་ནམས་ཆ་མཐུན་ནི་རྣམ་སྨིན་ཡིད་དུ་འོང་བ་ཅན་གང་ཡིན་པའོ། །མྱ་ངན་ལས་འདས་པའམ་ཐར་པའི་ཆ་དང་མཐུན་པ་ནི་གང་སྐྱེས་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་འགྱུར་བ་སྟེ། གང་ལ་འཁོར་བའི་ཉེས་དམིགས་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ནས་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། ཞེས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དྲོ་བར་གྱུར་པ་སོགས་རྣམ་པ་བཞིའོ། །གསུམ་པ་ནང་ཚན་གཞན་ཡང་ཡིག་འབྲུ་དང་། རིགས་པས་རབ་ཏུ་བཅུག་པ་ནི་ཐབས་ཀྱི་བྱེ་བྲག་གིས་བཅུག་པའོ། །ལས་རྣམ་གསུམ་ནི་ལུས་ངག་ཡིད་ཀྱི་ལས་ཏེ། དེ་ལ་ཡིག་འབྲུ་དང་རྒྱ་ནི་ལུས་ཀྱི་ལས་རིགས་པས་རབ་ཏུ་བཅུག་པ་ཀུན་ནས་སློང་བ་དང་བཅས་པ་དང་། བགྲང་བ་དང་བཅས་པ་དང་། སྙན་ངག་གི་ནི་ངག་གི་ལས། གྲངས་ནི་ཡིད་ཀྱི་ལས་ཏེ་གོ་རིམ་བཞིན་ནོ། །སྒྲིབ་པ་དང་། ངན་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་རྣམ་གྲངས་སོ། །དྲི་མ་མེད་པ༑ དགེ་བ། གྱ་ནོམ་པ་ནི་དགེ་བ་ཟག་པ་རྣམས་ཀྱི་རྣམ་གྲངས་ཡིན་ནོ། །འདུས་བྱས་ཀྱི་དགེ་བ་ལ་བརྟེན་པར་བྱ་བ་ཞེས་བྱ་ཡི་འདུས་མ་བྱས་ནི་མ་ཡིན་ཏེ། གོམས་པར་བྱར་མི་རུང་བའི་ཕྱིར་དང་། འབྲས་བུའི་དོན་དུ་བརྟེན་པར་བྱ་བ་ཡིན་ན་འབྲས་བུ་ཡང་མེད་པའི་ཕྱིར་རོ། །ཆོས་གཞན་ཐམས་ཅད་ནི་བླ་དང་བཅས་པ་ཡིན་གྱི་ཐར་པ་ནི་བླ་ན་མེད་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་པའོ།། །། ལྔ་པ་ཕྲ་རྒྱས་བསྟན་པ་ལ༑ སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན། དེ་རབ་ཏུ་ཕྱེ་ནས་བཤད། དེ་དག་ལེགས་པར་གཏན་ལ་ཕབ་པ་གསུམ་ལས། དང་པོ་ནི། འཇིག་རྟེན་སྣ་ཚོགས་སྐྱེད་པའི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་གྱུར་པས་སྲིད་པ་མངོན་པར་འགྲུབ་པའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ། །དེས་ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད་དོ། །རྒྱུད་གནས་པར༑ ཞིང་དུ་སྒྲུབ་པར། རྒྱུ་མཐུན་སྒྲུབ་པར། ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར། རང་གི་ཚོགས་ཡོངས་སུ་འཛིན་པར། དམིགས་པ་ལ་ཀུན་ཏུ་རྨོངས་པར། རྣམ་པར་ཤེས་པའི་རྒྱུན་ཁྲིད་པར། དགེ་བའི་ཕྱོགས་ལས་གཡོ་བར། ཁམས་ལས་མི་འདའ་བའི་ཚུལ་གྱིས་འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ། །ཕྲ་རྒྱས་དེ་དག་དུ་ཞེ་ན། མདོར་བསྡུ་ན་དྲུག་སྟེ། འདོད་ཆགས་ཀྱི་དབང་གིས་གཞན་དག་དམིགས་པ་ལ་རྒྱས་པར་འགྱུར་བས། འདོད་ཆགས་ཀྱི་ཕྲ་རྒྱས། དེ་བཞིན་ཁོང་ཁྲོའི་ཕྲ་རྒྱས་དང་། ང་རྒྱལ་གྱི། མ་རིག་པའི། ལྟ་བའི་དང་། ཐེ་ཚོམ་གྱི་ཕྲ་རྒྱས་ཡིན་ཏེ། འདི་ལ་བྱེ་བྲག་སྨྲ་བ་རྣམས། ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་ལ་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །འདི་ཇི་ལྟར་ཤེས་ཞེ་ན་ཕྲ་རྒྱས་རྣམས་ནི། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་དང་། །ཕྲ་རྒྱས་རྣམས་ཀྱིས་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་། སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེའི་ཕྱིར་ལྡན་པ་མ་ཡིན་པ་མ་ཡིན་ནོ་ཟེར་ལ། མདོ་སྡེ་པ་རྫས་གཞན་མ་ཡིན་པའི་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། སད་པ་ལ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །དེ་ལ་ཉལ་བ་གང་ཡིན་ཞེ་ན། མངོན་སུམ་དུ་མ་གྱུར་པ་ས་བོན་གྱི་དངོས་པོ་རྗེས་སུ་འབྲལ་བའོ། །སད་པ་གང་ཡིན་ཞེ་ན། མངོན་སུམ་དུ་གྱུར་པའོ། །ས་བོན་གྱི་དངོས་པོ་ཞེས་བྱ་བ་འདི་ཅི་ཞེ་ན། ལུས་གྱི་ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྐྱེད་པའི་མཐུ་ཡིན་ཏེ། དཔེར་ན་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དྲན་པ་བསྐྱེད་པའི་མཐུ་དང་༑ ཡང་། དཔེར་ན་མྱུ་གུ་ལ་སོགས་པ་སཱ་ལུའི་འབྲས་བུ་ལས་བསྐྱེད་པའི་མཐུ་དང་འདྲའོ། །ཞེས་ཟེར། སློབ་དཔོན་ཕྱི་མ་ལྟར་བཞེད་དེ། མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ་ཞེས་གསུངས་པས་སོ། །གཉིས་པ་དེ་རབ་ཏུ་ཕྱེ་ནས་བཤད་པ་ནི། དེ་དྲུག་ཀྱང་འདོད་ཆགས་ལ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་གཉིས་སུ་དབྱེ་བས་བདུན་དུ་བཤད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་སུ་བཞག་སྟེ། དེ་དག་ནི་ཕལ་ཆེར་ཁ་ནི་ནང་དུ་བལྟས་པ་སྙོམས་པར་འཇུག་པ་ལ་འདོད་ཆགས་པ་ཡིན་པའི་ཕྱིར་རོ། །དེར་ཁ་ཅིག་ཁམས་དེ་གཉིས་ལ་ཐར་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཡོད་པ་དེ་ཟློག་པའི་ཕྱིར་དེ་ལ་འདོད་ཆགས་སུ་བཤད་དོ༑ །ཡང་ན་དྲུག་པོ་དེའི་ལྟ་བ་ལ་ལྔ་དབྱེ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་ནི། ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་ཏུ་འཛིན་པ་དང་བཅུའོ། །བཅུ་པོ་དེ་འདོད་པ་ན་སྤྱོད་པ་སུམ་ཅུ་རྩ་དྲུག་གཟུགས་ན་སྤྱོད་པ་སུམ་ཅུ་རྩ་གཅིག །གཟུགས་མེད་ན་སྤྱོད་པ་སུམ་ཅུ་རྩ་གཅིག་སྟེ། དགུ་བཅུ་རྩ་བརྒྱད་དུ་འགྱུར་ལ། དེ་ཡང་ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་དང་། སྒོམ་པས་སྤང་བར་བྱ་བ་གཉིས་སུ་འདུ་ལ། དེའི་འདོད་སྤྱོད་མཐོང་བས་སྤང་བར་བྱ་བ་ནི་སུམ་ཅུ་རྩ་གཉིས་ཏེ། ཕྲ་རྒྱས་དེ་དག་སྡུག་བསྔལ་མཐོང་བས་སྤང་བྱ་བཅུ་དང་། དེ་དག་གཉིས་ལས་ཀུན་འབྱུང་མཐོང་བས་སྤང་བྱ་བདུན། འགོག་པ་མཐོང་བས་སྤང་བྱ་བདུན་ཏེ། ལྟ་བའི་འཇིག་ཚོགས། མཐར་འཛིན། ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་འཛིན་གསུམ་མ་གཏོགས་པས་སོ། །ལམ་མཐོང་བས་སྤང་བྱ་བརྒྱད་དེ། འཇིག་ལྟ་དང་མཐར་འཛིན་གཉིས་མ་གཏོགས་སོ། །འདོད་ན་སྡུག་བསྔལ་ལ་སོགས་པ་བདེན་པ་མཐོང་བས་རིམ་བཞིན་སྤོང་བར་བྱེད་དོ། །འདོད་ཆགས་ཁོང་ཁྲོ་མ་རིག་ང་རྒྱལ་བཞི་ནི་སྒོམ་པས་སྤང་བྱ་ཡིན་ཏེ༑ བདེན་པ་མཐོང་བ་ཕྱིས་ལམ་གོམས་པར་བྱས་པས་སྤོང་བའི་ཕྱིར་རོ། །དེ་ཡང་འཇིག་ལྟ་དང་མཐར་འཛིན་སྡུག་བསྔལ་མཐོང་བས་སྤང་བྱ་ཁོ་ན་ཡིན་ལ། ལོག་ལྟ་ནི་བདེན་པ་བཞི་སོ་སོ་མཐོང་བས་སྤང་བར་བྱ་བས་ན་བཞི། ལྟ་བ་མཆོག་འཛིན། ཐེ་ཚོམ་གཉིས་ཀྱང་དེ་ལྟ་བུར་བཞི་བཞི། ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་འཛིན་ནི་སྡུག་བསྔལ་དང་། ལམ་མཐོང་བས་སྤང་བྱ་ཡིན་པ་གཉིས། ལྷག་མ་བཞི་ནི་བདེན་བཞི་སོ་སོ་མཐོང་བས་སྤང་བྱ་དང་། སྒོམ་པས་སྤང་བྱ་ཡིན་པས་ལྔ་ལྔ་སྟེ། སུམ་ཅུ་རྩ་དྲུག་པོ་དེ་འདོད་པ་ན་སྤྱོད་པ་ཡིན་ནོ། །དེ་ལས་ཁོང་ཁྲོ་བ་ལྔ་མ་གཏོགས་པ་དེ་དག་ཉིད་གཟུགས་ཁམས་ན་སྤྱོད་པ་སོ་གཅིག་གོ །གཟུགས་ཁམས་ཇི་ལྟ་བ་གཟུགས་མེད་ཀྱང་དེ་དག་འདྲ་བར་སོ་གཅིག་སྟེ། དེ་ལྟར་དགུ་བཅུ་རྩ་བརྒྱད་དུ་འདོད་དོ། །ཅི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་དེ་དག་ངེས་པར་མཐོང་བ་ཁོ་ནས་སྤོང་ངམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲིད་པའི་རྩེ་མོ་ལས་སྐྱེས་པའི་ཕྲ་རྒྱས་གང་དག་ཆོས་བཟོད་པ་ཡིས་གཞོམ་པར་བྱ་བས་མཐོང་བས་སྤང་བྱ་ཉིད་དོ། །ལྷན་སྐྱེས་རྗེས་སུ་ཤེས་པ་དང་བཟོད་པས་གཞོམ་པར་བྱ་བའི་ཕྲ་རྒྱས་རྣམས་ནི་ཅི་རིགས་པར་འཕགས་པ་རྣམས་ཀྱིས་མཐོང་བས་སྤང་བར་བྱ་བ་དང་༑ སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་སྒོམ་པས་སྤང་བར་བྱ་བ་དག་གཉིས་ཀྱིས་སོ། །བཟོད་པས་གཞོམ་མིན། ས་ཐམས་ཅད་ན་ཤེས་པས་གཞོམ་པར་བྱ་བ་ནི་སྐྱེ་འཕགས་གཉིས་ཀའི་ཡང་སྒོམ་པ་ཁོ་ནས་སྤང་བར་བྱ་བ་ཡིན་ནོ། །ལྟ་བ་ལྔ་རང་གི་ངོ་བོའང་བདག་དང་བདག་གིར་ལྟ་བ་ནི་འཇིག་ཚོགས་ཏེ་འཇིག་པས་ན་འཇིག་པ་དང་། བསགས་པས་ཚོགས་ཏེ་འཇིག་ཚོགས་སོ། །ཚོགས་ཞེས་པ་མང་པོ་དང་ཕུང་པོ་ཞེས་པའི་དོན་ནོ། །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བཏགས་པ་སྟེ། རྟག་པར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་རོ། །བདག་ཏུ་མངོན་པར་འདོད་པའི་དངོས་པོ་དེ་ཉིད་ལ་རྟག་པར་ལྟ་བའམ་ཆད་པར་ལྟ་བ་ནི་མཐར་འཛིན་ཏེ་རྟག་ཆད་ཀྱི་མཐར་འཛིན་པའི་ཕྱིར་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་མེད་དོ་ཞེས་ལྟ་བ་ལོག་ལྟ་སྟེ། ལོག་པར་ཞུགས་པའི་ལྟ་བ་ཐམས་ཅད་ལོག་པར་ལྟ་བ་ཡིན་ཀྱང་མར་དྲི་ང་བ་བཞིན་དུ་ཧ་ཅང་ཚབས་ཆེན་པོ་དང་ལྡན་པའི་ཕྱིར་གཅིག་ཁོ་ན་བཤད་དེ༑ འདི་ནི་སྐུར་པ་འདེབས་པར་བྱེད་པ་ཡིན་ལ། གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དམན་པ་ཞེས་པ་དེ་ཅི་ལ་ན། ཟག་བཅས་ཐམས་ཅད་ཏེ་འཕགས་པ་རྣམས་ཀྱིས་སྤངས་པའི་ཕྱིར་རོ། །རྒྱུ་མིན་པ་ལ་རྒྱུ་དང་། ལམ་མིན་པ་དེར་ཏེ་རྒྱུ་དང་ལམ་ཏུ་ལྟ་བ་ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་འཛིན་ནོ༑ །དེ་དག་ནི་ལྟ་བ་ལྔ་ཡིན་ནོ། །དབང་ཕྱུག་ལ་སོགས་པ་འཇིག་རྟེན་གྱི་རྒྱུ་མིན་པ་རྒྱུར་འདོད་པ་དང་། མེ་དང་ཆུ་ལ་འཇུག་པ་སོགས་མཐོ་རིས་ཀྱི་རྒྱུ་མིན་པ་ལ་རྒྱུར་ལྟ་བ་དང་། ཚུལ་ཁྲིམས་དང་བརཏལ་ཞུགས་ཅན་དང་། གྲངས་ཅན་དང་རྣལ་འབྱོར་གྱི་ཤེས་པ་སོགས་ཐར་པའི་ལམ་མ་ཡིན་པ་ལམ་དུ་ལྟ་བའོ། །ལྟ་བ་འདི་ཀུན་འབྱུང་མཐོང་བས་སྤང་བྱར་རིགས་ན་དེར་མི་འཇོག་པ་སྡུག་བསྔལ་མཐོང་བས་སྤང་བྱར་བཞག་ཅེ་ན། དབང་ཕྱུག་སོགས་རྒྱུར་མངོན་པར་ཞེན་པ་དེ་ནི། རྟག་པ་དང་བདག་ཏུ་འཛིན་པ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པ་དེའི་ཕྱིར་ཏེ། སྡུག་བསྔལ་མཐོང་བ་ཁོ་ནས་སྤང་བར་བྱ་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་ཏེ། མཐར་འཛིན་ལྟ་བའི་ནང་ནས་རྟག་པར་ལྟ་བ་ནི་རྟག་པར་ཕྱིན་ཅི་ལོག་པ་ཞེས་བྱའོ༑ །ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བར་འཛིན་པའི་ཕྱིན་ཅི་ལོག་གཉིས་འཇིག་ཚོགས་སུ་ལྟ་བ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ །ཕྱིན་ཅི་ལོག་པར་གང་གིས་འཇོག་ན༑ དམིགས་པ་ལ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་གྱིས་སོ། །མདོ་ལས་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་༑ ལྟ་བ་ཕྱིན་ཅི་ལོག་པ་ཞེས་གསུངས་ན་ཇི་ལྟ་བུ། འདི་ནི་ལྟ་བ་ཕྱིན་ཅི་ལོག་པ་ཡིན་ཏེ། ལྟ་བ་ཕྱིན་ཅི་ལོག་པ་དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཏུ་བཤད་པ་ཡིན་ནོ། །ང་རྒྱལ་གྱི་ཕྲ་རྒྱས་ནི་བདུན་ཏེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་༑ ཅུང་ཟད་མཉམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །བྱེ་བྲག་མེད་པར་སེམས་ཁེངས་པ་ལ་ང་རྒྱལ་ཞེས་བཏགས་སོ། །དེ་འཇུག་པའི་བྱེ་བྲག་ལས་ནི་བདུན་དུ་སོང་སྟེ། ཆུང་ངུ་ལས་བདག་ཁྱད་པར་དུ་འཕགས་པའམ་མཉམ་པ་དང་མཉམ་མོ་སྙམ་སེམས་ཁེངས་པ་ནི་ང་རྒྱལ་ལོ། །མཉམ་པ་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ལྷག་པའི་ང་རྒྱལ་དང་། ཁྱད་པར་དུ་འཕགས་པ་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གམ་བདག་གིར་སེམས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ། །ཆེས་ཁྱད་པར་དུ་འཕགས་པ་ལས་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ། །བསྟན་བཅོས་ལས། བདག་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང་། བདག་དང་འདྲའོ། །བདག་དམན་ནོ། བདག་བས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡང་ངོ་། །བདག་བས་དམན་པ་ཡོད། བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད། བདག་བས་དམན་པ་མེད་དོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་སྟེ་དགུར་བཤད་པ་དེ་དག་ནི། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་དུ་འདུའོ། །ང་རྒྱལ་བདུན་པོ་མཐོང་བ་དང་སྒོམ་པ་དག་གིས་ཟད་པར་བྱའོ། །སྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་གསོད་པ་སོགས་ནས་བརྫུན་དུ་སྨྲ་བར་བྱེད་པའི་བར་ཀུན་ནས་དཀྲིས་པ་སྒོམ་པས་སྤང་བྱའོ། །དེ་བཞིན་སྐྱེ་བའི་སྲེད་པ་དང་། འཇིག་པའི་སྲེད་པ་ཡང་དེའོ། །ཁམས་གསུམ་པའི་མི་རྟག་པ་དེ་ལ་དོན་དུ་གཉེར་བ་ནི་འཇིག་པའི་སྲེད་པ་ཞེས་བྱའོ། །འཕགས་པ་ལ་ང་རྒྱལ་གྱི་རྣམ་པ་སོགས་འཇིག་སྲེད་ཀྱི་བར་དང་ངའོ་སྙམ་པ་མི་འབྱུང་སྟེ། དེ་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །ང་རྒྱལ་གྱི་རྣམ་པ་རྣམས་དང་ངའོ་སྙམ་པ་འཇིག་ལྟས། གསོད་སོགས་ལོག་ལྟས། འཇིག་སྲེད་ཆད་ལྟས། སྐྱེ་སྲེད་རྟག་ལྟས་རྒྱས་པ་ཡིན་ལ། མི་དགེ་བའི་འགྱོད་པའང་སྒོམ་སྤང་མ་ཡིན་ནོ། །གསུམ་པ་དེ་དག་ལེགས་པར་གཏན་ལ་ཕབ་པ་ལ་ཀུན་ཏུ་འགྲོ་མི་འགྲོའི་ཁྱད། ཟག་བཅས་ཟག་མེད་ཀྱི་དམིགས་པ། དམིགས་མཚུངས་གཉིས་ཀྱི་རྒྱས་ཁྱེར། གང་མི་དགེ་བ་དང་ལུང་མ་བསྟན་ཡིན་པ། གང་དང་ལྡན་པ༑ དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པ། རྣམ་གྲངས་ཀྱི་དབྱེ་བསྡུ། ངེས་ཚིག །གཞན་པའི་རྣམ་གྲངས་བཤད་པ་ལས། དང་པོ་ཀུན་ཏུ་འགྲོ་མི་འགྲོའི་ཁྱད་པར་ནི། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དེ་དག་ལས་དུ་ཞིག་ཀུན་ཏུ་འགྲོ། དུ་ཞིག་ཀུན་ཏུ་འགྲོ་བ་མ་ཡིན་ཞེ་ན། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང་༑ དེ་བཞིན་ཐེ་ཚོམ་དང་། གང་དེ་དག་དང་ལྷན་ཅིག་མཚུངས་པར་ལྡན་པའི་མ་རིག་པ་དང་། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་མ་འདྲེས་པའི་མ་རིག་པ་གང་ཡིན་པ་རྣམས་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་སྐལ་པ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ནོ། །ཀུན་འགྲོ་བཅུ་གཅིག་དེ་དག་ལས་དགུ་གོང་དུ་དམིགས་པ་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་སྟེ། འཇིག་ལྟ་མཐར་འཛིན་ལྟ་བ་གཉིས་པོ་མ་གཏོགས་པའོ། །ཅི་ཕྲ་རྒྱས་ཁོ་ན་ཀུན་ཏུ་འགྲོ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཕྲ་རྒྱས་ཀུན་ཏུ་འགྲོ་བ་དེ་དག་དང་ནི་ལྷན་ཅིག་གང་འབྱུང་བ་དེའང་ཀུན་ཏུ་འགྲོ་བ་ཡིན་ལ། ཐོབ་པ་རྣམས་ནི་འབྲས་བུ་དུ་མའི་ཕྱིར་མ་གཏོགས་སོ། །གཉིས་པ་ཟག་བཅས་ཟག་མེད་ཀྱི་དམིགས་པ་ནི། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་དུ་ཟག་བཅས་ལ་དམིགས། དུ་ཟག་མེད་ལ་དམིགས་པ་ཡིན་ཞེ་ན། འགོག་པ་མཐོང་བས་སྤང་བྱ་གསུམ་པོ། ལོག་ལྟ་ཐེ་ཚོམ་དེ་དག་དང་མཚུངས་པར་ལྡན་པ་དང་། འབའ་ཞིག་པ་སྟེ་མ་འདྲེས་པའི་མ་རིག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་གསུམ་པོ་དེ་དང་ཉིད་དེ། དྲུག་ནི་ཟག་པ་མེད་པའི་སྤྱོད་ཡུལ་ཅན་ནོ། །ལྷག་མ་རྣམས་ཟག་བཅས་ལ་དམིགས་པའོ། །འགོག་པ་ལ་དམིགས་པ་རང་གི་ས་པའི་འགོག་པ་ཁོ་ན་དང་། ལམ་ལ་དམིགས་པ་འདོད་སྤྱོད་རྣམས་ཀྱི་དམིགས་པ་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ༑ ཁམས་གསུམ་ཀའི་གཉེན་པོ་ཡང་ཡིན་ནོ། གཟུགས་དང་གཟུགས་མེད་ན་སྤྱོད་པ་ས་བརྒྱད་པོ་རྣམས་ཀྱི་དམིགས་པ་ཡང་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་མཐུན་པའི་ལམ་ཐམས་ཅད་ཡིན་པས༑ དེའི་སྤྱོད་ཡུལ་ཅན་དེ་དག་འདིའི་ཡུལ་ཡིན་ནོ། །ཅིའི་ཕྱིར་ལམ་ནི་ཕན་ཚུན་རྒྱུ་ཡིན་པས་སོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་འཛིན་ཟག་མེད་ཀྱི་དམིགས་པར་མི་འདོད་པའི་རྒྱུ་མཚན། འདོད་ཆགས་མིན་ཏེ་དེ་སྤང་བྱ་ཡིན་པའི་ཕྱིར་རོ། །གནོད་པར་མི་བྱེད་པའི་ཕྱིར་ཞེ་སྡང་སྟེ་ཁོང་ཁྲོ་མིན། འགོག་ལམ་ཞི་བ་ཡིན་པའི་ཕྱིར་ང་རྒྱལ་མ་ཡིན་ལ། འགོག་ལམ་ཡང་དག་པའི་དོན་དུ་དག་པའི་ཕྱིར་ལྟ་བའི་ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་འཛིན་དེའི་དམིགས་པ་མིན་ནོ། །གསུམ་པ་དམིགས་མཚུངས་གཉིས་ཀྱི་རྒྱས་ཁྱེར་བཤད་པ་ནི། དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་དམིགས་པས་རྒྱས་པར་འགྱུར། དུ་མཚུངས་ལྡན་གྱིས་རྒྱས་པར་འགྱུར་ཞེ་ན༑ ཕྲ་རྒྱས་ཀུན་ཏུ་འགྲོ་བར་བཞག་པ་དེ་རྣམས་ནི་དམིགས་པའི་སྒོ་ནས་རང་རང་གི་ས་པ་ལ་རྣམ་པ་ལྔ་པོ་ཐམས་ཅད་དུ་ནི་རྒྱས་པར་འགྱུར་རོ། །ཀུན་འགྲོ་མ་ཡིན་པ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་སར་རང་གི་རིས་ཁོ་ན་ལ་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། ཟག་མེད་ལ་དམིགས་པའི་ཕྲ་རྒྱས་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བ་ཁོ་ན་ཡིན་ལ། ས་གོང་མ་ལ་དམིགས་པའི་ཡུལ་ཅན་རྣམས་ཀྱང་མིན་ནོ། །ཅིའི་ཕྱིར་དེ་དག་གི་དམིགས་པའི་དངོས་པོ་ནི་བདག་གིར་མ་བྱས་པ་དང་། གཉེན་པོ་ཡིན་པའི་ཕྱིར་རོ། །ཟློག་པ་དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་བྱས་པ་དེ་ལ་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་འགྱུར་བར་ནུས་ཏེ། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ནོ། །ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་པར་ལྡན་པའི་སྒོ་ནས་ཇི་སྲིད་མ་སྤངས་པ་དེ་སྲིད་དུ་རྒྱས་པར་འགྱུར་རོ། །བཞི་པ་གང་མི་དགེ་བ་དང་ལུང་མ་བསྟན་ཡིན་པ་ནི། གོང་མ་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཐམས་ཅད་ནི་ལུང་མ་བསྟན་ཡིན་ལ། འདོད་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་དེ་དག་དང་ལྷན་ཅིག་དེ་མཚུངས་ལྡན་གྱི་མ་རིག་པ་ལུང་མ་བསྟན་ནོ། །ཕྲ་རྒྱས་ལྷག་མ་རྣམས་ནི་འདོད་པའི་ཁམས་འདིར་མི་དགེ་བའོ། །དེ་ལས་འདོད་པ་ན་འདོད་ཆགས་ཁོང་ཁྲོ་དང་། རྨོངས་པ་རྣམས་མི་དགེ་བའི་ནང་ནས་རྩ་བར་གྱུར་པ་ཡིན་ནོ། །ལུང་མ་བསྟན་པའི་རྩ་བ་གསུམ་སྟེ། དེ་ནི་སྲེད་པ་དང་མ་རིག་པ་དང་། བློའམ་ཤེས་རབ་ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པའང་ངོ་། །གཞན་ཐེ་ཚོམ་ང་རྒྱལ་རྩ་བར་འོས་པ་མིན་ཏེ། ཐེ་ཚོམ་རྣམ་པ་གཉིས་ཉིད་དུ་འཇུག་པས་གཡོ་བའི་ཕྱིར་དང་། ང་རྒྱལ་མཐོན་པོར་འཇུག་པའི་ཕྱིར་ཏེ་རྩ་བ་དང་ཆོས་མི་མཐུན་ནོ། །དེ་ལས་གཞན་མིན་འཇིག་རྟེན་ནི་རྩ་བ་རྣམས་ནི་བརྟན་པ་དང་འོག་ན་གནས་པ་ཞེས་གྲག་གོ །ལུང་མ་བསྟན་པའི་རྩ་བ་བཞི་ཡིན་ཞེས་ཉི་འོག་པརྣམས་ཟེར་ཏེ། ལུང་མ་བསྟན་དེ་དག་གི་ནང་ཚན་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། རྨོངས་པ་ཅིའི་ཕྱིར་གྱིས་རྩ་བར་འདོད་ཅེ་ན། བསམ་གཏན་པ་ནི་གསུམ་སྟེ། སྲེད་ལྟ་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་དག་ཡིན་ལ། དེ་དག་ཀྱང་མ་རིག་པའི་དབང་ལས་འགྱུར་རོ། །མདོ་ལས། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་དེ་དག་ལུང་མ་བསྟན་ཡིན་པས་སམ། མ་ཡིན་ནོ། །འོ་ན་ཅི། བཞག་པར་བྱ་བའི་འདྲི་བ་ལ་ལུང་དུ་མ་བསྟན་པ་ཞེས་བཤད་དོ༑ །དྲི་བ་ནི་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་དང་ནི་རྣམ་པར་ཕྱེ་བ་དང་། དྲིས་ནས་དང་། བཞག་པར་བྱ་བས་ལུང་དུ་བསྟན་པ་སྟེ་མཚན་གཞི་རིམ་པ་བཞིན། ཅི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་དྲི་ན་འཆི་བར་འགྱུར་རོ་དང་། ཅི་སེམས་ཅན་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེ་ན། ཉོན་མོངས་པ་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་རོ། །ཉོན་མོངས་པ་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་དང་། ཅི་མི་འདི་ཁྱད་པར་འཕགས་པ་ཡིན་ནམ་དམན་པ་ཡིན་ཞེས་དྲི་ན་གང་ལ་ལྟོས་ཏེ་དྲིས་ནས། གལ་ཏེ་ལྷ་རྣམས་ལ་ལྟོས་ཏེ་ཟེར་ན་དམན་ནོ། །འོན་ཏེ་ངན་སོང་རྣམས་ལ་ལྟོས་ཏེ་ཞེས་ཟེར་ན་ཁྱད་པར་འཕགས་སོ་ཞེས་དང་། ཅི་ཕུང་པོ་རྣམས་ལས་སེམས་ཅན་བདག་ཡིན་ནམ་གཞན་ཡིན་ཞེས་པ་ལ་སོགས་དྲི་ན་སེམས་ཅན་གྱི་རྫས་མེད་པའི་ཕྱིར་བཞག་པར་བྱ་སྟེ། མོ་གཤམ་གྱི་བུ་སྔོ་བསངས་སམ་དཀར་གཤམ་ཞེས་བྱ་བ་ལྟ་བུའོ། །འདི་ལུང་བསྟན་པར་ཇི་ལྟར་འགྲོ། དེ་ནི་ལུང་མི་སྟོན་ནོ་ཞེས་དེ་ལྟར་ལུང་བསྟན་པས་སོ། །ལྔ་པ་གང་དང་ལྡན་པ་ནི། གང་ཟག་གང་གིས་ཕྲ་རྒྱས་གང་ཞིག་དམིགས་པ། གང་ལ་རྒྱས་པར་འགྱུར་བ་དེ་ནི་དེས་དེ་དང་ལྡན་པ་ཡིན་ནོ། །དངོས་པོ་གང་ཞིག་འདས་པ་དང་། ཉེ་བར་གནས་པ་ད་ལྟ་བའི་འདོད་ཆགས་དང་ཁོང་ཁྲོ་བ། ང་རྒྱལ་གང་ལ་དེ་སྐྱེས་ལ་མ་སྤངས་པ་དེ་དག་གིས་དངོས་པོ་དེ་དང་ལྡན་པ་ཡིན་ཏེ། དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལ་ཐམས་ཅད་འབྱུང་བ་མ་ཡིན་ནོ། །ཡིད་ཀྱི་ས་པའི་འདོད་ཆགས་དང་ཁོང་ཁྲོ་ང་རྒྱལ་དེ་དག་མ་འོངས་པས་ཉིད་ཀྱི་དུས་གསུམ་པའི་དངོས་པོ་ཀུན་དང་ལྡན་ཏེ། ཡིད་དག་གི་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་ང་རྒྱལ་གཞན་དག་གིས་ནི་རང་དུས་པ་དང་། དེ་དག་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །ལྷག་མ་ལྟ་བ་ཐེ་ཚོམ། མ་རིག་པ་རྣམས་ཏེ་ཉོན་མོངས་པ་སྤྱི་པ་ཡིན་པའི་ཕྱིར་ཀུན་ཏེ་དུས་གསུམ་པ་ཀུན་གྱི་དངོས་པོ་དང་ལྡན་ནོ། །དེ་ཡང་མ་སྤངས་པ་ཁོ་ནའི་དབང་དུ་བྱས་སོ། །འདིར་འདོད་ཆགས་ཁོང་ཁྲོ་ང་རྒྱལ་ལ་རང་གི་མཚན་ཉིད་ཀྱིས་ཉོན་མོངས་པ་དང་། ལྟ་བ་ཐེ་ཚོམ་མ་རིག་པ་ལ་ཉོན་མོངས་པ་སྤྱི་པ་ཞེས་རྣམ་པར་གཞག་གོ །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར། འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་མི་འཆའ་ཡི། དུས་རྣམས་ཀུན་ཏུ་ཡོད་པར་ནི་གསལ་བར་དམ་བཅའ་འོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག །གལ་ཏེ་འདས་པའི་གཟུགས་ཞིག་ཡོད་པར་མ་གྱུར་ན་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །ལུང་ལས་རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་པའི་ཕྱིར་དང་། རིགས་པས་ཀྱང་། ཡུལ་ཡོད་པའི་ཕྱིར་ན་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི། མེད་པར་ནི་མ་ཡིན་ནོ། །གལ་ཏེ་འདས་པ་དང་མ་འོངས་པ་མེད་ན་ནི་དམིགས་པ་མེད་པའི་རྣམ་པར་འགྱུར་ཏེ། དེ་ལྟ་ན་དམིགས་པ་མེད་པའི་ཕྱིར་རྣམ་ཤེས་སུ་མི་རུང་ངོ་། །འབྲས་ཕྱིར་ཏེ་གལ་ཏེ་འདས་པ་ཞིག་མེད་ན་ཚེ་ཕྱི་མ་ལ་ལས་དགེ་བ་དང་མི་དགེ་བའི་འབྲས་བུར་ཇི་ལྟར་འགྱུར་ཏེ། འབྲས་བུ་མི་བསྐྱེད་པའི་ཚེ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྒྱུ་མེད་དོ། །དེ་ལྟ་བས་ན་འདས་པ་དང་མ་འོངས་པ་ཡོད་པ་ཁོ་ནའོ་ཟེར། དེས་འདས་མ་འོངས་ད་ལྟར་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བའི་ཕྱིར་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བར་འདོད་དོ། །དེ་དག་དུ་ཞེ་ན། རྣམ་བཞི་དངོས་པོ་གཞན་དུ་འགྱུར་བ་པ་ནི་བཙུན་པ་ཆོས་སྐྱོབ་དང་༑ མཚན་ཉིད་གཞན་དུ་འགྱུར་བ་པ་ནི་བཙུན་པ་དབྱངས་སྒྲོག་དང་། གནས་སྐབས་གཞན་དུ་འགྱུར་བ་པ་ནི་བཙུན་པ་དབྱིག་བཤེས་དང་། གཞན་དང་གཞན་དུ་འགྱུར་བ་པ་ནི་བཙུན་པ་སངས་རྒྱས་ལྷ་ཞེས་བྱའོ། །དེ་ལས་དང་པོ་གཉིས་དང་ལྷག་མ་སྐྱོན་དང་བཅས་པས་གསུམ་པ་བཟང་སྟེ། བྱ་བ་ཡིས་དུས་རྣམས་རྣམ་པར་གཞག་པས་སོ། །དེ་ཡང་། ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ལ། བྱེད་པ་དེའི་ཚེ་ད་ལྟར་བྱུང་བ། བྱས་ནས་འགགས་པ་དེའི་ཚེ་འདས་པ་ཡིན་ནོ་ཞེས་གྲག་གོ །གལ་ཏེ་ཆོས་དེའི་བདག་ཉིད་ཁོ་ནར་ཡོད་ན་རྟག་ཏུ་བྱ་བ་བྱེད་པ་ལ་བགེགས་སུ་བྱེད། བྱ་བས་གསུམ་དུ་བཞག་པ་དེ་ཡང་ཇི་ལྟར་བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་དམ་ཅི། འོན་ཏེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ལ༑ ཡོད་པ་ཡང་ཡིན་ན་ནི་དེས་ན་འདུས་མ་བྱས་པས་རྟག་ཏུ་ཡོད་དོ་ཞེས་པར་འགྱུར་ཏེ། དེའི་ཕྱིར་ཆོས་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ་ཞེས་བརྒལ་བ༑ གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་སྐྱོན་ཇི་ལྟར་སྨྲས་པར་འགྱུར་བ་ཞིག་ན། དེ་ནི་གཞན་མ་ཡིན་ཏེ། དེའི་ཕྱིར་སྐྱོན་མེད་དོ། །དེ་ལྟ་ན་འོ་ན་ཆོས་ཁོ་ན་བྱ་བ་ཡིན་ན། ཆོས་དེ་དེའི་བདག་ཉིད་ཁོ་ནར་ཡོད་བཞིན་དུ། རེས་འགའ་འདས་པ། རེས་འགའ་མ་འོངས་པ་ཞེས་བྱ་སྟེ། དུས་སུ་མི་རུང་ངོ་། །གལ་ཏེ་ཇི་ལྟར་ད་ལྟར་གྱི་རྫས་སུ་ཡོད་པ་དེ་བཞིན་དུ་འདས་མ་འོངས་པའང་ཡོད་ན་ནི་ཅིའི་ཕྱིར་མ་སྐྱེས་པའམ་ཞིག་པ་སོགས་སྐྱོན་མང་བས་ན། འདི་སྐད་དུ། གང་དག་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་སྨྲ་བའི་ཐམས་ཅད་ཡོད་པར་སྨྲ་བ་ནི་བསྟན་པ་ལ་ལེགས་པ་མ་ཡིན་གྱི། ཇི་སྐད་དུ། མདོ་ལས་ཐམས་ཅད་ཡོད་དོ་ཞེས་གསུངས་པ་དེ་བཞིན་དུ་སྨྲ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ། །མདོ་ལས་ཇི་ལྟ་བུར་ཐམས་ཅད་ཡོད་ཅེས་གསུངས་ཞེ་ན། ཐམས་ཅད་ཡོད་ཅེས་བྱ་བ་ནི་བྲམ་ཟེ་སྐྱེ་མཆེད་བཅུ་གཉིས་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པས་སོ། །དེས་ན་འདས་མ་འོངས་དག་མེད་ན། ཇི་ལྟར་དེས་སམ་དེར་ལྡན་པ་ཡིན་ཞེ་ན། དེ་ལས་སྐྱེས་པའི་དེའི་རྒྱུའི་ཕྲ་རྒྱས་ཡོད་པའི་ཕྱིར་ཉོན་མོངས་པ་དེས་ལྡན་ལ། དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པས་དངོས་པོ་དང་ལྡན་པ་ཡིན་པར་སློབ་དཔོན་བཞེད་དོ། །བྱེ་སྨྲ་རྣམས། འདས་མ་འོངས་པ་རྣམས་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་དྲང་བར་མི་ནུས་པ་དེ་ལ་ནི་འདི་ལྟར། ཆོས་ཉིད་དག་ནི་ཟབ་པ་ཡིན་པས་དེ་གདོན་མི་ཟ་བར་རྟག་པས་བསྒྲུབ་པ་མ་ཡིན་ནོ་ཞེས་རིག་པར་བྱའོ་ཟེར་རོ། །ཡང་དངོས་པོ་གང་ཞིག་སྤངས་ན་དེ་དངོས་པོ་དེ་དང་བྲལ་བ་ཡིན་ནམ། གང་དང་བྲལ་ན་དེ་དངོས་པོ་དེ་སྤངས་པ་ཡིན་ཞེ་ན༑ རེ་ཞིག་གང་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ཡིན་ནོ། །སྤངས་པ་དེ་དང་མ་བྲལ་བ་ཡང་ཡོད་དེ་སྡུག་བསྔལ་ཤེས་པ་ནི་སྐྱེས་ལ། ཀུན་འབྱུང་ཤེས་པ་ནི་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིགས་སྤངས་པ་ཡིན་ནོ། །དེ་སྤངས་ཀྱང་ཀུན་ཏུ་འགྲོ་བ་ལྷག་མ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་ཀྱིས་ལྡན་ནོ། །སྒོམ་པས་སྤང་བར་བྱ་བའི་རིགས་ལའང་རྣམ་པ་དགུ་ལས་དང་པོའི་རྣམ་པ་སྤངས་ན་དེ་སྤངས་ཀྱང་དེའི་དམིགས་པའི་ཡུལ་ཅན་དྲི་མ་ཉོན་མོངས་པ་ལྷག་མ་རྣམས་ཀྱིས་ལྡན་པར་རིག་པར་བྱའོ། །དྲུག་པ་དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པ་ནི། མདོར་བསྡུ་ན་ཆོས་ནི་བཅུ་དྲུག་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་ཟག་པ་མེད་པའོ། །སེམས་ཀྱང་བཅུ་དྲུག་སྟེ་དེ་དག་ཉིད་དོ། །དེ་ལ་ཆོས་གང་ཞིག་སེམས་གང་གིས་དམིགས་པ་ཡིན་པ་ཤེས་པར་བྱས་ནས་འདི་ལ་ནི་ཕྲ་རྒྱས་འདི་སྙེད་ཅིག་རྒྱས་པར་འགྱུར་རོ་ཞེས་བྱ་བ་འདི་བརྟག་པར་བྱའོ། །ཇི་ལྟར་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་བས་དང་། སྒོམ་པ་ཡིས་སྤང་བར་བྱ་བའི་ཆོས་འདོད་ཁམས་ལས་སྐྱེས་པ་ནི་སེམས་ལྔའི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་དང་༑ གཟུགས་སུ་གཏོགས་པ་གཅིག་སྒོམ་པས་སྤང་བར་བྱ་བ་ཁོ་ན་དང་། དྲི་མེད་ཟག་པ་མེད་པའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ལམ་དམིགས་པ་ཡིན་ནོ། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་ཁམས་ལས་སྐྱེས་པ་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་དང་། འོག་མ་གསུམ་གོང་མ་གཅིག་དྲི་མེད་ཀྱིའོ། །ཆོས་རྣམ་པ་གསུམ་གཟུགས་མེད་ལས་སྐྱེས་པ་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་དུ་གཏོགས་པ་གསུམ་དང་། ཟག་པ་མེད་པའི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་ཁམས་གསུམ་གྱིས་བསྡུས་པ་ཀུན་གྱི་རང་གི་སེམས་ནི་འགོག་པ་དང་ལམ་མཐོང་བས་སྤང་བྱ་ཁོ་ན་ཡིན་ཏེ། ཆོས་དེ་དག་ནི་དེས་གླགས་པའི་སྤྱོད་ཡུལ་ལོ། །ཆོས་ཟག་མེད་རྣམས་ནི་སེམས་བཅུའི་དམིགས་པ་སྟེ། ཁམས་གསུམ་པ་ཐ་མ་གསུམ་དང་། འགོག་ལམ་མཐོང་སྒོམ་གྱི་སྤང་བྱ་དང་། ཟག་པ་མེད་པའི་སྤྱོད་ཡུལ་ལོ། །དེ་དག་བསྡུས་ན། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང་། གོམས་པས་སྤང་བྱ་ཟག་པ་མེད། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཕྲ་རྒྱས་གང་དག་གིས་སེམས་ཕྲ་རྒྱས་དང་བཅས་པའི་ཕྲ་རྒྱས་དེ་དག །སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་པར་འགྱུར་བའང་ཡོད་དེ། སེམས་དེ་དག་མཚུངས་པར་ལྡན་ཞིང་མ་སྤངས་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བའང་ཡོད་དེ་སེམས་དེ་དང་མཚུངས་པར་ལྡན་པ་སྤངས་པའི་ཕྲ་རྒྱས་གང་ཡིན་པའོ། །དེ་ལྟར་བྱས་ན་ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས་ཡིན་ལ། སེམས་ཉོན་མོངས་ཅན་མིན་པ་ནི་དེ་ལ་དམིགས་པ་མ་སྤངས་པ་རྒྱས་འགྱུར་གྱི་ཕྲ་རྒྱས་དང་བཅས་པའོ། །ཕྲ་རྒྱས་བཅུ་པོ་འདི་དག་ཇི་ལྟར་འཇུག་ན། དང་པོ་མ་རིག་པ་དང་ལྡན་པ་ལས་བདེན་པ་རྣམས་ལ་ཀུན་ཏུ་རྨོངས་པར་འགྱུར་རོ། །དེས་སྡུག་བསྔལ་ནས་ལམ་གྱི་བར་དུ་མི་འདོད་དོ། །རྨོངས་པ་གཉིས་ཐོབ་པ་ལས་སྡུག་བསྔལ་ཡིན་ནམ་མ་ཡིན་སྙམ་པ་དེ་ལྟ་བུ་ལ་སོགས་པའི་ཐེ་ཚོམ་སྐྱེའོ། །དེ་ནས་ཐེ་ཚོམ་ལས་ལོག་པའི་ལྟ་བ་འཇུག་སྟེ། ཐེ་ཚོམ་སྐྱེས་པ་ལོག་པར་ཐོས་པ་དང་བསམ་པ་ལས་སྡུག་བསྔལ་མེད་དོ་ཞེས་བྱ་བ་ལྟ་བུ་ལོག་པར་ངེས་པས་སོ། །དེ་ནས་ལོག་ལྟ་ལས་འཇིག་ཚོགས་ལྟ་བ་འཇུག་སྟེ། སྡུག་བསྔལ་ལས་ཕུང་པོ་བསལ་ནས་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ནས་འཇིག་ཚོགས་ལས་མཐར་འཛིན་པར་ལྟ་བར་འཇུག་སྟེ། བདག་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །མཐར་འཛིན་པ་དེ་ནས་ནི་ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་ཏུ་འཛིན་པ་འཇུག་སྟེ། གང་ཁོ་ན་ལ་མཐར་འཛིན་པ་དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །ཚུལ་ཁྲིམས་བརཏལ་ཞུགས་ལ་མཆོག་འཛིན་དེ་ནས་ལྟ་བ་མཆོག་འཛིན་འཇུག་སྟེ༑ གང་གི་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ནས་རང་གི་ལྟ་བ་ང་རྒྱལ་དང་། དེ་ལ་ཆགས་པ་གཉིས་འཇུག །རང་གི་ལྟ་བ་ལ་ལྷག་པར་ཞེན་པར་གྱུར་པ་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་ལ་ཞེ་སྡང་འཇུག་པས་དེ་ལྟར་འཇུག་པའི་རིམ་པ་ཤེས་ནས་སྐྱེ་བ་ན། འདི་ལྟ་སྟེ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སྤངས་པ་མ་ཡིན་ཞིང་། ཡོངས་སུ་མ་ཤེས་པ་ཡིན་པ་དང་། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཡུལ་རྣམས་ཀྱང་ཉེ་བར་གནས་པ་དང་། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་འདོད་པའི་འདོད་ཆགས་སྐྱེའོ། །དེ་དག་ཀྱང་རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་རིམ་པར་བཞག་ལ། ཉོན་མོངས་པ་གཞན་ཡང་དེ་ལྟར་སྐྱེ་བ་ཤེས་པར་བྱའོ། །རྒྱུ་ནི་ཚང་བ་ཡིན་གྱི། འགའ་ཞིག་ཡུལ་གྱི་སྟོབས་ཁོ་ནས་སྐྱེ་ཡི་རྒྱུའི་སྟོབས་ཀྱིས་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་ཉམས་པའི་ཆོས་ཅན་གྱི་ལྟ་བུའོ། །ཞེས་གྲགས་པ་ལྟར་ནི་མ་ཡིན་ནོ། །བདུན་པ་རྣམ་གྲངས་ཀྱི་དབྱེ་བསྡུ་ནི་ཟག་པ་གསུམ་ནི་འདོད་པའི་ཟག་པ་དང་། སྲིད་པའི་དང་། མ་རིག་པའི་ཟག་པའོ། །ཆུ་བོ་བཞི་སྟེ། འདོད་པའི་ཆུ་བོ། སྲིད་པའི། ལྟ་བའི། མ་རིག་པའི་ཆུ་བོའོ། །སྦྱོར་བ་བཞི་སྟེ་འདོད་པའི་སྦྱོར་བ། སྲིད་པའི། ལྟ་བའི་མ་རིག་པའི་སྦྱོར་བའོ། །ཉེར་ལེན་བཞི་སྟེ། འདོད་པ་ཉེ་བར་ལེན་པ། ལྟ་བ་ཉེ་བར། ཚུལ་ཁྲིམས་དང་བརཏལ་ཞུགས་ཉེ་བར། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །འདོད་པ་ན་གཏི་མུག་མ་གཏོགས་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་དང་བཅས་པ་རྫས་བཞི་བཅུ་རྩ་གཅིག་ནི་འདོད་པའི་ཟག་པའོ། །གཟུགས་དང་གཟུགས་ནི་མེད་པ་ན་ཡང་༑ མ་རིག་པ་མ་གཏོགས་དེ་དག་གི་ཕྲ་རྒྱས་རྫས་ལྔ་བཅུ་རྩ་གཉིས་ཁོ་ན་སྲིད་པའི་ཟག་པ་ཡིན་ནོ། །གཟུགས་དང་གཟུགས་མེད་ན་སྤྱོད་པའི་ཕྲ་རྒྱས་གཅིག་ཏུ་བསྡུས་ནས་སྲིད་པའི་ཟག་པར་བཤད་ཅེ་ན། དེ་གཉིས་ཀ་ཡང་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་པར་བཞག་པའི་ས་པ་དག་ཡིན་པར་ཆོས་མཐུན་པ་གསུམ་གྱི་ཕྱིར་གཅིག་ཏུ་བྱས་པའོ། །མ་རིག་པ་ཁམས་གསུམ་པ་རྫས་བཅོ་ལྔ་ནི་མ་རིག་པའི་ཟག་པ་ཞེས་བྱའོ། །ཅིའི་ཕྱིར་འདི་ལོགས་སུ་བགྲངས་དེ་དག་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་ན་ལོགས་ཤིག་ཏུ་ནི་ཟག་པར་བསྟན་ནོ། །ཆུ་བོ་དང་སྦྱོར་བའང་དེ་བཞིན་དུ་སྟེ། ལྟ་བ་རྣམས་མ་གཏོགས་པ་འདོད་པའི་ཟག་པ་ཁོ་ན་འདོད་པའི་ཆུ་བོ་དང་སྦྱོར་བ་ཡིན་ལ། དེ་བཞིན་དུ་སྲིད་པའང་ངོ་༑ །ཟག་པ་རྣམས་ཀྱི་ངེས་པའི་ཚིག་འཇོག་པར་བྱེད་པས་ན་ཞེས་འཆད་པས། གྲོགས་མེད་ལྟ་བ་རྣམས་འབའ་ཞིག་ནི་གསལ་བའི་ཕྱིར་འཇོག་པའི་དུས་སུ་རྗེས་སུ་མི་མཐུན་ལ། དེའི་ཕྱིར་ཟག་པ་མིན་པས་ལོགས་ཤིག་བསྟན་ནོ། །ཇི་སྐད་བཤད་པའི་འདོད་པའི་སྦྱོར་བ་ཉིད་མ་རིག་པ་དང་བཅས་པ་རྫས་སོ་བཞི་ཁོ་ན་འདོད་པའི་ཉེར་ལེན་རྣམས་ཏེ་ནི། སྲིད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་སོ་བརྒྱད་བདག་ཏུ་སྨྲ་བ་ཉེར་ལེན་དང་། ལྟ་བའི་སྦྱོར་བ་ལས་ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་འཛིན་གཉིས་ཕྱེ་བའི་ཕྱིར་ལྟ་བ་ཉེ་བར་ལེན་པ་སུམ་ཅུའོ། །ཚུལ་ཁྲིམས་དང་བརཏལ་ཞུགས་ཉེ་བར་ལེན་པ་རྫས་དྲུག་གོ །ཅིའི་ཕྱིར་ལྟ་བ་ལས་ཕྱི་མ་རྣམས་ལོགས་སུ་ཕྱེ་ཞེ་ན། ལམ་གྱི་དགྲར་གྱུར་པའི་ཕྱིར་དང་། ཕྱོགས་གཉིས་ཀ་བསླུ་བའི་ཕྱིར་རོ། །མ་རིག་པ་ནི་མི་ཤེས་པའི་མཚན་ཉིད་ཅན་ཡིན་པས། མི་གསལ་བའི་ཕྱིར་འཛིན་པར་བྱེད་པ་མིན་ཕྱིར་བསྲེས་སོ་ཞེས་གྲག་གོ །བརྒྱད་པ་ངེས་ཚིག་ནི། གང་ཕྱིར་དེ་དག་རྟོགས་པར་དཀའ་བས་རྒྱུ་བ་ཕྲ་བའི་ཕྱིར་དང་༑ ཐོབ་པ་དང་རྗེས་སུ་འབྲེལ་བས་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། སྦྱོར་བ་མེད་པས་ཟློག་བཞིན་དུ་ཡང་དང་ཡང་དུ་མངོན་དུ་འགྱུར་བའི་རྗེས་སུ་འབྲང་བ་དེ་ཡི་ཕྱིར་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །དེ་དག་འཁོར་བ་འཇོག་པར་བྱེད་པ་དང་། སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་ཟག་པར་བྱེད་པས་ཟག་པ་ཞེས་དང་། ལ་སོགས་འཁྱེར་བར་བྱེད་པས་ན་ཆུ་བོ་དང་། འབྱར་བར་བྱེད་པས་ན་སྦྱོར་བ་དང་། ཉེ་བར་འཛིན་པའི་ཕྱིར་ཉེར་ལེན་ཅེས་པ་དེ་དག་གི་ནི་ངེས་ཚིག་ཡིན་ནོ། །དགུ་པ་གཞན་པའི་རྣམ་གྲངས་བཤད་པ་ལ། རྣམ་གྲངས་ཕྱེ། ས་སོགས་གང་ཡིན་གཏན་ལ་ཕབ་པ་གཉིས་ལས། དང་པོ་ནི། ཕྲ་རྒྱས་དེ་དག་ཉིད་ཀུན་ཏུ་སྦྱོར་བ་དང་། ལ་སོགས་ཀྱི་རེག་པ་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་བཤད་དོ། །དེ་ལ་ཀུན་ཏུ་སྦྱོར་བ་དགུ་སྟེ༑ རྗེས་སུ་ཆགས་པ་དང་། ཁོང་ཁྲོ། ང་རྒྱལ། མ་རིག །ལྟ་བ་མཆོག་འཛིན། ཐེ་ཚོམ། ཕྲག་དོག །སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། །ལྟ་བའི་ཀུན་སྦྱོར་ནི་ལྟ་བ་གསུམ་མོ། །འདིར་ལྟ་བའི་ཀུན་སྦྱོར་དང་གཉིས་ལོགས་ཤིག་མཆོག་འཛིན་གྱི་ཀུན་སྦྱོར་དུ་བསྟན་ཞེ་ན། ལྟ་བ་གསུམ་ཡང་རྫས་བཅོ་བརྒྱད་ཡིན་ལ། མཆོག་འཛིན་གཉིས་ཀྱང་རྫས་བཅོ་བརྒྱད་དུ་འདྲ་བའི་ཕྱིར་དང་། མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར་ལྟ་བ་ཕྱི་མ་གཉིས་ཀུན་ཏུ་སྦྱོར་བ་གཞན་ནོ། །གང་ཕྱིར་ཕྲག་དོག་དང་སེར་སྣ་ཀུན་སྦྱོར་རེར་བགྲང་ཞེ་ན། འདི་གཉིས་ཀ་ལ་གཅིག་ཏུ་ནི་མི་དགེ་བ་དང་རང་དབང་ཅན་ཡོད་པ་དེའི་ཕྱིར་ཏེ། དེ་ལྟ་བུའི་ཀུན་ནས་དཀྲིས་པ་གཞན་ལ་མེད་པས་ཕྲག་དོག་སེར་སྣ་དེ་དག་ལས་ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད་དོ། །སྟོན་པས་གཞན་ཀུན་སྦྱོར་ཐ་མའི་ཆ་དང་མཐུན་པ་ལྔ་གསུངས་ཏེ། འཇིག་ལྟ་ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་འཛིན། ཐེ་ཚོམ་འདོད་པ་ལ་འདུན་པ་གནོད་སེམས་སོ། །ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ། འདི་དག་ཀྱང་དེའི་རྗེས་སུ་མཐུན་པ་ཡིན་ཏེ། འདི་ལྟར་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱི་འདོད་ཁམས་ལས་མི་འདའ་ལ། ལྟ་བ་གཉིས་ཐེ་ཚོམ་དང་གསུམ་པོ་ཡིས་ནི་འདས་ཀྱང་ཕྱིར་ཟློག་པར་བྱེད་དེ། སྒོ་བ་དང་རྗེས་སུ་འབྲང་བ་དང་ཆོས་མཐུན་པའི་ཕྱིར་རོ། །འདོད་འདུན་གནོད་སེམས་དོར་བའི་གསུམ་དུའང་གསུངས་ཏེ། ཉོན་མོངས་པ་རྣམས་རྣམ་པ་གཅིག་དང་། རྣམ་པ་གཉིས་དང་། རྣམ་པ་བཞི་པ་དག་ཡིན་ལ། དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་པ་དང་། མཐར་འཛིན་ལྟ་བ་འཇིག་ལྟས་བཅུག་ལ། ལྟ་བ་མཆོག་འཛིན་ནི་ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་ཏུ་འཛིན་པས་བཅུག །ལོག་ལྟ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་པ་དེའི་ཕྱིར་རྩ་བ་བསྡུས་ཕྱིར་གསུམ་མོ། །གཞན་དག་ན་རེ། ཡུལ་གཞན་དུ་འགྲོ་བའི་བར་ཆད་གསུམ་སྟེ། འགྲོ་མི་འདོད་པ་དང་། ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བ་དེ་སྙེད་ཅིག་ཐར་པར་བགྲོད་པ་ལའང་གེགས་བྱེད་པ་དེ་ཆོས་མཐུན་པའོ། །དེ་ལ་འཇིག་ལྟས་ཐར་པར་སྐྲག་པར་འགྱུར་བས་འགྲོ་མི་འདོད། ཚུལ་ཁྲིམས་བརཏལ་ཞུགས་མཆོག་འཛིན་གྱིས་ལམ་གཞན་ལ་བརྟེན་པའི་ཕྱིར་ལམ་ནོར་བར་འགྱུར། ཐེ་ཚོམ་གྱིས་ལམ་ལ་ཐེ་ཚོམ་ཟ་བར་འགྱུར། དེ་ཡི་ཕྱིར་ན་གསུམ་དུ་བསྟན་ནོ། །གོང་མའི་ཆ་དང་མཐུན་པའང་ཉིད་དེ། གོང་མ་ནི་གཟུགས་དང་གཟུགས་མེད་དེ་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ། རྨོངས་པ་དེ་དག་མ་སྤངས་པར་གོང་མ་ལས་མི་འདའ་བའི་ཕྱིར་རོ། །ཚོར་བ་གསུམ་གྱི་དབང་གིས་འཆིང་བ་སྟེ། བདེ་བའི་ཚོར་བ་ལ་ནི་འདོད་ཆགས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བས་འཆིང་བ་འདོད་ཆགས། སྡུག་བསྔལ་ལ་ནི་ཞེ་སྡང་། བཏང་སྙོམས་ལ་ནི་འཆིང་བ་གཏི་མུག །ཕྲ་རྒྱས་ནི་རྩ་ཉོན་སྔར་བཤད་པ་དག་གོ །སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་སྟེ། རྩ་བའི་ཉོན་མོངས་ལས་གཞན་པའི་ཆོས་ཉོན་མོངས་པ་ཅན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོ་ཞེས་པས་བསྡུས་པ་གང་དག་ཡིན་པ། གང་དེའང་ཉེ་བའི་ཉོན་མོངས་པ་ཁོ་ན་སྟེ། དེ་དག་རྩ་བའི་ཉོན་མོངས་པ་ཞེས་མི་བྱའོ། །ཀུན་ནས་དཀྲིས་པ་གང་ཞེ་ན། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་༑ ཕྲག་དོག་དང་། སེར་སྣ་དང་། རྒོད་པ་དང་། འགྱོད་པ་དང་། རྨུགས་པ་དང་། གཉིད་དང་བཅས་པ་ནི་ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་དོ། །བྱེ་སྨྲ་ཁྲོ་བ་དང་འཆབ་པ་བསྣན་ནས་བཅུར་འདོད། ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང་། མཁས་པ་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་སེམས་ཀྱི་ཀུན་ཏུ་འཛིན་པའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །གཉིད་ནི་ལུས་ཡང་དག་པར་འཛིན་མི་ནུས་པ་སེམས་མངོན་པར་སྡུད་པའོ། །འགྱོད་པའི་ནང་ནས་ཉོན་མོངས་པ་ཅན་ཀུན་དཀྲིས༑ ཁྲོ་བ་གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་ལ་འཁྱུད་པའོ༑ །ཀུན་དཀྲིས་དེ་རྣམས་ལས་འདོད་ཆགས་ཀྱིས་ངོ་ཚ་མེད་རྒོད་སེར་སྣ་གསུམ་བསླང་བས་དེ་གསུམ་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །འཆབ་པ་དང་རྩོད་པ་མ་རིག་པ་དང་སྲེད་པའི་རྒྱུ་མཐུན་པ་ལས་མ་རིག་པའི་རྒྱུ་མཐུན་པ་ནི། རྨུགས་པ་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་རྒོད་པ་ཁྲོ་བ་དང་། ཕྲག་དོག་ཁོང་ཁྲོ་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །གཞན་ཡང་ཉོན་མོངས་པའི་དྲི་མ་དྲུག་སྟེ། སྒྱུ་དང་། གཡོ་དང་། རྒྱགས་པ་དང་དེ་བཞིན་དུ་འཚིག་པ་དང་། ཁོན་འཛིན་དང་། རྣམ་པར་འཚེ་བ་དག་གོ །སྒྱུ་ནི་གཞན་འདྲིད་པའོ། གཡོ་ནི་སེམས་གྱ་གྱུ་བ། འཚིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་དམ་དུ་འཛིན་པ། ཁོན་འཛིན་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་ལན་མང་དུ་བྱེད་པ། རྣམ་པར་འཚེ་བ་ནི་རྣམ་པར་མཐོ་འཚམས་པའོ། །དེ་ལ་སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལས་སྐྱེས་པ། ཁོན་འཛིན་དང་རྣམ་འཚེ་ཁོང་ཁྲོ་ལས་སྐྱེའོ། འཚིག་པ་ལྟ་བ་མཆོག་འཛིན་ལས༑ གཡོ་ནི་ལྟ་བས་ཀུན་ནས་བསླང་བའོ། །ཀུན་དཀྲིས་བཅུར་བཤད་པ་དེ་ལས་ངོ་ཚ་མེད་པ་དང་། ཁྲེལ་མེད་རྨུགས་པ་དང་གཉིད་རྒོད་ལྔ་ཉོན་མོངས་པ་རྣམ་པ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་མཐོང་སྒོམ་གྱི་སྤང་བྱ་རྣམ་པ་གཉིས་ཡིན་ལ། དེ་ལས་གཞན་ནི་ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པས་བསྡུས་པ་ཕྲག་དོག་སེར་སྣ་འགྱོད་ཁྲོ་འཆབ་པ་ལྔ་སྒོམ་པས་སྤང་བྱ་ཁོ་ནའོ། །དེ་ལྔ་ནི་རང་དབང་ཅན་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་བཞིན་རྩ་བའི་ཉོན་མོངས་པའི་དྲི་མ་དྲུག་རྣམས་ཀྱང་དེ་དང་འདྲའོ། །འདོད་པའི་ཁམས་ན་ནི་མི་དགེ་བ་དག་ཡིན་ནོ། །རྨུགས་རྒོད་གཉིས་གསུམ་ནི་མི་དགེ་ལུང་མ་བསྟན་རྣམ་གཉིས་སོ། །འདོད་པའི་ཁམས་དེ་ཡན་ཆད་ཉེ་ཉོན་རྣམས་ནི་ཅི་རིགས་པར་ལུང་དུ་མ་བསྟན་པའོ། །འདོད་པ་དང་བསམ་གཏན་དང་པོ་ན་གཡོ་སྒྱུ་ཡོད་དེ། ཚངས་པ་ཆེན་མོ་དེ་ནི་དེ་ན་བདག་ཉིད་ལོག་པར་ཀུན་ཏུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདྲིད་པར་ཞུགས་པ་ལྟ་བུའི་ཕྱིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ནའོ། གཞན་དག་བཅུ་དྲུག་ལས་ལྔ་བོར་ཏེ་ཉེ་ཉོན་བཅུ་གཅིག་འདོད་ཁམས་ལས་སྐྱེས་པ་ཡིན་ནོ། །གཉིས་པ་ས་སོགས་གང་ཡིན་གཏན་ལ་ཕབ་པ་ནི། ཡིད་ཀྱི་ས་པ་དུ། རྣམ་ཤེས་དྲུག་གི་ས་པ་དུ་ཞེ་ན། མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཡིད་ཀྱི་ས་པ། གཉིད་ང་རྒྱལ་བཅས་པ་སྒོམ་པས་སྤང་བྱ་དེ་དག་ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་ནོ༑ །ཉེ་བའི་ཉོན་མོངས་རང་དབང་ཅན་སྒོམ་པས་སྤང་བྱ་ཡིན་ཡང་ཡིད་ཀྱི་ས་པ་ཁོ་ན་དང་། ཉོན་མོངས་ཉེ་བའི་ཉོན་མོངས་གཞན་རྣམས་ནི་རྣམ་པར་ཤེས་པ་དྲུག་གི་བརྟེན་པ་ཅན་གྱི་རྣམ་པར་ཤེས་པའི་ས་པ་དག་གོ །བདེ་སོགས་དབང་པོ་ལྔ་པོ་གང་དག་ཡིན་པ་དེ་དག་ལས་དབང་པོ་གང་ཉོན་མོངས་པའམ་ཉེ་བའི་ཉོན་མོངས་པ་གང་དང་མཚུངས་པར་ལྡན་ཞེ་ན། བདེ་བ་ཡིད་བདེ་དག་དང་འདོད་ཆགས་སུ་མཚུངས་པར་ལྡན་ལ། ཞེ་སྡང་ཟློག་པའི་དེ་དག་སྡུག་བསྔལ་དང་ཡིད་མི་བདེའོ། །མ་རིག་པ་དག་ནི་ཐམས་ཅད་དང་། མེད་ལྟ་ཡིད་བདེ་དང་། ཡིད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་ཐེ་ཚོམ་མོ། །ཕྲ་རྒྱས་གཞན་ལྟ་བ་བཞི་ང་རྒྱལ་ནི་ཡིད་བདེ་བ་ཁོ་ན་དང་མཚུངས་ལྡན་ནོ། །ཕྲ་རྒྱས་དེ་དག་གང་ཞིག་དང་ལྡན་ན་འདོད་པ་ལས་སྐྱེས་པའོ། །བཏང་སྙོམས་ཀྱི་དབང་པོ་དང་ཀུན་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུན་ཆད་པ་ན་བཏང་སྙོམས་ཀུན་ཏུ་གནས་སོ། །ས་གོང་མ་རྣམས་ཇི་ལྟ་བུ་ཞེ་ན། ས་གོང་མ་པའི་ཕྲ་རྒྱས་རྣམས་ནི་ས་གང་ན་དབང་པོ་ཇི་སྙེད་ཡོད་པ་བཞིན་དུ་རང་རང་གི་དབང་པོ་དང་མཚུངས་པར་ལྡན་ནོ། །ཉེ་ཉོན་རྣམས་ལས། འགྱོད་དང་ཕྲག་དོག་ཁྲོ་བ་དང་༑ རྣམ་འཚེ་ཁོན་དུ་འཛིན་པ་དང་། འཚིག་པ་ཡིད་མི་བདེའི་དབང་པོ་དང་མཚུངས་པར་ལྡན་ཏེ། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །སེར་སྣ་དག་ནི་ཟློག་པ་ཡིན་ཏེ་ཡིད་བདེ་དང་མཚུངས་ལྡན་ནོ། །གཡོ་དང་སྒྱུ་དང་འཆབ་དང་གཉིད། ཡིད་བདེ་མི་བདེ་གཉིས་ཀ་དང་མཚུངས་ལྡན། བདེ་བ་དག་དང་རྒྱགས་པ་བཏང་སྙོམས་དང་ཀུན་ཏུ་མཚུངས་ལྡན་དུ་འགྲོ། བཞི་པོ་གཞན་ངོ་ཚ་མེད་ཁྲེལ་མེད་རྨུགས་རྒོད་ཀུན་དཀྲིས་པ་ནི་དབང་པོ་ལྔ་དག་དང་མཚུངས་ལྡན་ནོ། །འདོད་ན་སྒྲིབ་པ་གཉིས་རྣམས་ཡོད་ལ། ཁམས་གཞན་གཉིས་ན་མེད་དོ། །རྒོད་འགྱོད་གཉིས་གཅིག་ཏུ་བྱས་ཀྱང་རུང་སྟེ། མི་མཐུན་པ་དང་། གཉེན་པོ་དང་། ཟས་མ་ཡིན་པ་ཞེས་དང་བྱ་བ་ཡང་གཅིག་པའི་ཕྱིར་རོ། །གང་ཉོན་མོངས་པ་ཐམས་ཅད་སྒྲིབ་པ་ཡིན་ན་དེ་ལྔར་བཤད་པ་ཅི་ཞེ་ན། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་གཅིག་པུ་ལ་གནོད་པར་བྱེད་པ་དང་། རྒོད་འགྱོད་ཏིང་ངེ་འཛིན་གྱི་དང་། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་དག་ལ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་ལྔ་ཉིད་དུ་བཤད་དོ། །རེ་ཞིག་མཐོང་བས་སྤང་བྱ་རྣམས་ནི་དམིགས་པ་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡང་དག་པར་ཟད་པར་འགྱུར་ཏེ། དམིགས་པ་རྣམས་དང་། དེ་ལ་དམིགས་པ་སྤངས་པས་སོ། །སྒོམ་པས་སྤང་པར་བྱ་བ་རྣམས་ནི་ཉོན་མོངས་པ་རྣམ་པ་གང་གིས་གཉེན་པོ་ལམ་གང་ཡིན་པ་སྐྱེས་པ་དེས་ཟད་པར་འགྱུར་རོ། །གཉེན་པོ་དེ་ཡང་རྣམ་པ་བཞི་སྟེ། སྤོང་བ་གཉེན་པོ་བར་ཆད་མེད་ལམ་དང་། གཞི་གཉེན་པོ་ནི་དེ་ཡན་ཆད་ཀྱི་ལམ་གང་ཡིན་པ་དེ་གང་གིས་དེ་སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་པར་བྱེད་པའོ། །ཐག་བསྲིང་བའི་གཉེན་པོ་དག་ནི་རྣམ་པར་གྲོལ་བའི་ལམ་ཡན་ཆད་ཀྱི་ལམ་གང་ཡིན་པ་ཉིད་དེ། རྙེད་པ་ཆད་པ་ཐག་རིང་བའི་ཕྱིར་རོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ། །དེས་ན་རྣམ་པར་སུན་འབྱིན་གཉེན་པོ་ཞེས་བྱ་བས་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་སྦྱོར་བའི་ལམ། སྤོང་བ་གཉེན་པོ་བར་ཆད་མེད་པའི་ལམ། གཞི་གཉེན་པོ་རྣམ་པར་གྲོལ་བའི་ལམ། ཐག་བསྲིང་བའི་ངོ་བོ་གཉེན་པོ་ཁྱད་པར་གྱི་ལམ་མོ༑ །ཉོན་མོངས་པ་སྤོང་བ་ན་གང་ལས་སྤོང་བར་བྱ་ཞེ་ན། མཚུངས་ལྡན་ལས་ནི་ཉོན་མོངས་པ་རྣམ་པར་དབྱེ་བར་མི་ནུས། དམིགས་པ་ལས་ནི་ནུས་པ་དེ་ལས་ཉོན་མོངས་པ་རྣམས་ནི་སྤང་བར་བྱ་བར་འདོད། སྤངས་པ་ཞེས་པའང་རང་གི་རྒྱུད་ལ་ཡོད་པའི་ཐོབ་པ་ཆད་པས་སོ། །དེ་ཡང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་དང་། གཟུགས་ཐམས་ཅད་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི་དེ་དག་ལ་དམིགས་པས་ཉོན་མོངས་པ་དང་རང་གི་རྒྱུད་ལ་ཡོད་པ་སྤངས་པའོ། །ཐག་བསྲིང་བ་བཞི་སྟེ། མཚན་ཉིད་ཀྱི་རིང་བ་ལྷན་ཅིག་འབྱུང་བ་མཚན་ཉིད་མི་མཐུན་པ་དང་། གཉེན་པོས་རིང་བ་ཚུལ་ཁྲིམས་འཆལ་ཚུལ་དེའི་མི་མཐུན་ཕྱོགས་སུ་གནས་པ་དང་། ཡུལ་གྱིས་རིང་བ་ཕྱོགས་སུ་ཡུལ་རྣམ་པར་ཆད་པ་སྟེ་ཤར་ནུབ་ཀྱི་རྒྱ་མཚོ་བཞིན་དང་༑ དུས་ཀྱིས་རིང་བ་དེ་འདས་མ་འོངས་ཀྱི་དུས་གཉིས་པ་ལྟ་བུའོ། །ཅི་ལམ་ཁྱད་པར་དུ་འགྲོ་བའི་ཕྱིར་ཉོན་མོངས་པའི་སྤངས་པ་ཡང་ཁྱད་པར་དུ་འགྱུར་རམ་ཞེ་ན་མིན་ཏེ། ལན་ཅིག་ཏུ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེ་ཁོ་ནར་ཟད་དོ། །དེ་དག་གི་བྲལ་བའི་ཐོབ་པ་ཡང་དང་ཡང་དུ་སྟེ། དུས་དུ་ཞིག་ན་ཁ་ཅིག་གིས་གཉིས། ཁ་ཅིག་གིས་དྲུག་སྟེ། གཉེན་པོ་སྐྱེས་པ་རྣམ་པར་གྲོལ་བའི་ལམ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པ་དང་། དབང་པོ་རྣམ་པར་འཕེལ་བ་སྟེ་དབང་པོ་འཕོ་བ་རྣམས་སུ་བྲལ་བ་དེ་ཉིད། གནས་སྐབས་དེ་དང་དེ་དག་ཏུ་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་ཐོབ་བོ། །དེ་ཡང་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང་། སྤངས་པའི་ཡོངས་སུ་ཤེས་པའོ། །དེ་ལ་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་ནི་ཟག་པ་མེད་པ་ཤེས་པའོ༑ །སྤངས་པའི་ཡོངས་སུ་ཤེས་པ་ནི་སྤངས་པ་ཁོ་ན་སྟེ་རྒྱུ་ལ་འབྲས་བུ་གདགས་པའི་ཕྱིར་རོ། །སྤངས་པའི་ཡོངས་ཤེས་ཀྱང་གཅིག་མིན་ཏེ། ཡོངས་སུ་ཤེས་པ་དགུའོ། །དེ་ལ་རེ་ཞིག་འདོད་པ་ཁམས་ན། དང་པོའི་རྣམ་གཉིས་ཏེ་སྡུག་ཀུན་མཐོང་བས་སྤང་བར་བྱ་བར་ཟད་པ་ལ་ནི་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །གཉིས་ཟད་པ་ནི་འདོད་པ་ན་འགོག་པ་མཐོང་བས་ཟད་པ་དང་། ལམ་མཐོང་བས་ཟད་པའི་སྤངས་པ་ཡོངས་སུ་ཤེས་པ་ནི་དེ་སོ་སོ་བས་གཉིས་ཏེ། དེ་ལྟར་འདོད་པ་ན་གསུམ་ཡིན་པ་དེ་བཞིན་གོང་མའི་དེ་གསུམ་ཡང་འདྲ་བ་ཉིད་པས་དྲུག །ཡོངས་སུ་ཤེས་པ་གཞན་གསུམ་སྟེ་དགུའོ། །གཞན་གསུམ་ནི། ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་ཤེས་གཅིག །གཟུགས་ཀྱི་ཟག་པ་སྤངས་པ་གཅིག་དང་༑ ཟག་པ་ཀུན་ཟད་པར་སྤངས་པ་གཅིག་གོ །དེ་དག་ལས་སྔ་མ་དྲུག་མཐོང་བས་སྤང་བར་བྱ་བ་གང་ཡིན་པ་བཟོད་པའི་འབྲས་བུ། ལྷག་མ་རྣམས་ནི་ཤེས་པའི་ཡིན་ཏེ། སྒོམ་ལམ་གྱི་འབྲས་བུའོ། །ཡོངས་ཤེས་བཟོད་པའི་འབྲས་བུར་བཞག་པ་ནི། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཅན་ཡིན་ཏེ། ཤེས་པ་དང་འབྲས་བུ་གཅིག་པའི་ཕྱིར་རོ། །བྱེ་སྨྲའི་ལུགས་ལ་བསམ་གཏན་རྣམས་ཀྱི་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་ལྔ་གང་ཡིན་པ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོག་བརྒྱད་དུ་བཞེད་དོ། །གཟུགས་མེད་རྣམས་ཀྱི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པའི་འབྲས་བུ་ནི་གཅིག་ཡིན་ཏེ། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །གཟུགས་མེད་དངོས་གཞི་གསུམ་གྱི་འབྲས་བུ་ཡང་གཅིག་སྟེ། ཀུན་སྦྱོར་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཡིན་ནོ། །ཡོངས་ཤེས་དགུ་པོ་ཐམས་ཅད་འཕགས་པའི་ལམ་གྱི་འབྲས་བུ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ་ཐ་མའི་ཆ་དང་མཐུན་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་སོ། །རྗེས་ཀྱི་ཤེས་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་གཉིས་ཏེ་ཐ་མ་དག་གོ །ཆོས་ཤེས་པའི་ནི་གསུམ་ཐ་མ་དག་ཁོ་ན་སྟེ༑ ཁམས་གསུམ་པའི་སྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཆོས་ཤེས་དེའི་ཕྱོགས་མཐུན་གྱི་འབྲས་བུ་ནི་ཡོངས་ཤེས་དྲུག་སྟེ། ཆོས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དང་། རྗེས་སུ་མཐུན་པའི་ཕྱོགས་མཐུན་ལྔ་སྟེ། རྗེས་ཀྱི་བཟོད་པ་དང་། ཤེས་པ་རྣམས་ཀྱི་འབྲས་བུ་གང་ཡིན་པའོ། །བཟོད་པའི་འབྲས་བུ་བྲལ་བའི་ཐོབ་པ་ནི༑ ཟག་པ་མེད་པ་དང་། སྲིད་པའི་རྩེ་མོ་ཉམས་པར་བྱས་པ་དང་། རྒྱུ་ཀུན་འབྱུང་གཉིས་ཀུན་ཏུ་བཅོམ་པའི་ཕྱིར་ཏེ་རྒྱུ་གསུམ་ཡོད་པ་དེ་སྤངས་པའི་ཡོངས་སུ་ཤེས་པ་ཞེས་བྱའོ། །ཤེས་པའི་འབྲས་བུ་སྤངས་པ་ནི། རྒྱུ་གསུམ་པོ་དེ་དང་བཞི་པ་ཁམས་ལས་འདས་པ་ལས་ཡོངས་སུ་ཤེས་པ་ཞེས་བྱའོ། །གང་ཡོངས་ཤེས་དུ་དང་ལྡན་ཞེ་ན། སོ་སྐྱེ་དང་འཕགས་པ་མཐོང་ལམ་ལ་གནས་པ་ཡང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པའི་བར་དུ་ནི་གཅིག་དང་ལྡན་པ་དག་མིན་ལ། མཐོང་བ་ལ་གནས་པ་ནི། ཀུན་འབྱུང་ལ་ཆོས་ཤེས་པ་ནི་གཅིག་དང་ལྡན་ནོ། །ཀུན་འབྱུང་རྗེས་སུ་ཤེས་པ་ནི་གཉིས། འགོག་པ་ཆོས་ཤེས་པ་ནི་གསུམ། འགོག་པ་རྗེས་སུ་ཤེས་པ་ནི་བཞི། ལམ་ཆོས་ཤེས་པ་ནི་ལྔ་དང་ཡང་དག་ལྡན་ནོ༑ །འཕགས་པའི་གང་ཟག་སྒོམ་ལམ་ལ་གནས་པ། ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་ཇི་སྲིད་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཐོབ་པའམ། དེ་ལས་ཡོངས་སུ་ཉམས་པ་ནི་ཡོངས་སུ་ཤེས་པ་དྲུག་གམ་ནི། སྔོན་ནམ་ཕྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་གམ། དགྲ་བཅོམ་ཐོབ་པ་ཀུན་སྦྱོར་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་ཤེས་གཅིག་དང་ལྡན་ནོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་གཉིས་དང་ལྡན་ནོ། །གཟུགས་མེད་ན་སྤྱོད་པའི་ཀུན་དཀྲིས་ཡོངས་སུ་ཉམས་པ་ཡང་གཉིས་ལྡན་ནོ། །ཅིའི་ཕྱིར་ཕྱིར་མི་འོང་དང་དགྲ་བཅོམ་དག་གི་ཡོངས་ཤེས་གཅིག་ཁོ་ནར་བཞག་ཅེ་ན། ཁམས་ལས་འདོད་ཆགས་དང་བྲལ་བ་དང་། འབྲས་བུ་ཐོབ་པ་དང་། རྒྱུ་གཉིས་ཀྱི་ཕྱིར་ཡིན་ལ། དེ་དག་གཉིས་ཀ་ཡང་གནས་སྐབས་དེ་གཉིས་ན་སྲིད་པས་དེའི་ཕྱིར་སྤངས་པ་ཐམས་ཅད་བསྡོམས་ཏེ་ཡོངས་སུ་ཤེས་པ་ཐམས་ཅད་གཅིག་ཅེས་བྱའོ། །ཡོངས་ཤེས་དུ་ཞིག་གཏོང་ངམ་ཐོབ་ཅེ་ན། ལ་ལར་དགྲ་བཅོམ་ཉིད་དང་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཉམས་ན་གཅིག་གཏོང་། ཕྱིར་མི་འོང་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ན་གཉིས་གཏོང་། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་དེ་ནི། ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ཐོབ་ནས་ཡོངས་ཤེས་སྔ་མ་ལྔ་གཏོང་ངོ་། །མཐར་གྱིས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པས་ནི་ཡོངས་ཤེས་དྲུག་གཏོང་ངོ་། །དེ་བཞིན་དུ་ཐོབ་པ་ཡང་ལ་ལས་གཅིག་སྔོན་མེད་པ་ཐོབ་པའོ། །ལ་ལས་གཉིས་ཏེ། གཟུགས་མེད་ལས་འདོད་ཆགས་བྲལ་བ་འབའ་ཞིག་ལས་ཡོངས་སུ་ཉམས་པའོ། །ཁ་ཅིག་དྲུག་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པའོ། །ལྔ་ཐོབ་པ་ནི་སྲིད་པ་མིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའོ།། །། དྲུག་པ་ལམ་དང་གང་ཟག་བསྟན་པའི་གནས་ལ། གང་མཐོང་བའི་བདེན་པ༑ གང་གིས་མཐོང་བའི་ལམ། དེ་བགྲོདཔའི་གང་ཟག་བཤད་པ་གསུམ་ལས། དང་པོ་ནི། ཇི་སྐད་བཤད་པ་ཉོན་མོངས་པའི་ཕྲ་རྒྱས་རྣམས་བདེན་པ་མཐོང་བས་དང་། སྒོམ་པ་གོམས་པ་ལས་སྤང་བ་ཞེས་བཤད་པས། དེ་གཉིས་ཟག་བཅས་སམ་ཟག་མེད་ཡིན་རྣམ་པར་འབྱེད་པ་ནི། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ༑ །མཐོང་བའི་ལམ་ཞེས་བྱ་བ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་དང་། མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་པ་དེ་ཟག་པ་མེད་པའོ། །བདེན་པ་མཐོང་བ་ལས་ཞེས་པའི་བདེན་པ་གང་ཡིན་ཞེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གར་བཤད་ན་ཟག་མེད་ལམ་གྱི་བདེན་པ་དང་ཞེས་པས་ལམ་བདེན༑ སོ་སོར་བརྟགས་པས་འགོག་པ་གང་། བྲལ་བའོ་ཞེས་པས་འགོག་བདེན། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་ཞེས་པ་དེར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་བསྟན་པས་སོ། །རིམ་པ་དེ་ཁོ་ནའམ་ཞེ་ན་མ་ཡིན་ཏེ། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ་འགོག་པ་དང་ལམ་སྟེ། དེ་ལྟར་ན་དེ་དག་ཇི་ལྟར་སྔར་མངོན་པར་རྟོགས་པའི་རིམ་པ་བཞིན་ཤེས་པར་བྱའོ༑ །ཅིའི་ཕྱིར་བདེན་པ་རྣམས་དེ་ལྟར་མངོན་པར་རྟོགས་ཞེ་ན། གང་ལ་ཆགས་པ་དང་། གང་གིས་གནོད་པ་བྱེད་པ་དང་། གང་ལས་ཐར་པ་དོན་དུ་གཉེར་བའི་སྡུག་བསྔལ་གྱི་བདེན་པ་དེ་ཉིད་ལ་སོ་སོར་རྣམ་པར་དཔྱོད་པའི་གནས་སྐབས་ན་ཡོངས་སུ་རྟོགས་ལ། ཕྱིས་འདིའི་རྒྱུ་ནི་གང་ཞིག་ཡིན་ཞེས་ཀུན་འབྱུང་གི་བདེན་པ་ལ་ཡོངས་སུ་རྟོག་གོ །འདིའི་འགོག་པ་ནི་གང་ཡིན་ཞེས་འགོག་པའི་བདེན་པ་དང་། འདིའི་ལམ་ནི་གང་ཡིན་ཞེས་ལམ་གྱི་བདེན་པ་ལ་ཡོངས་སུ་རྟོག་པ་སྟེ། ནད་མཐོང་བ་དེའི་གཞི་དང་། དེ་ཟད་པ་དང་། སྨན་པ་བརྟེན་པ་ལྟ་བུའོ། །མངོན་པར་ཡང་དག་པར་རྟོགས་པས་ན་མངོན་པར་རྟོགས་པའོ། །དེ་ཅིའི་ཕྱིར་ཟག་མེད་ཁོ་ན་ཡིན་གྱི་ཟག་བཅས་མ་ཡིན་ཞེ་ན། དེ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པས་ཡང་དག་པར་རྟོགས་པ་སྟེ། ཡང་དག་པར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །རྒྱུར་གྱུར་པ་ཀུན་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། འདི་ལས་དེ་ཀུན་འབྱུང་བའི་ཕྱིར་རོ། །དེ་བས་ན་འདི་གཉིས་རྒྱུ་དང་འབྲས་བུར་ཕྱེ་བས་མིང་གི་སྒོ་ནས་བྱེ་བྲག་ཡོད་གྱི་རྫས་སུ་ནི་མ་ཡིན་ནོ། །འགོག་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ། །འདི་དག་ཇི་ལྟ་བ་ཁོ་ན་བཞིན་འཕགས་པའི་གཟིགས་པས་དེ་དག་ལ་འཕགས་པའི་བདེན་པ་ཞེས་བྱའོ། །གཞན་རྣམས་ཀྱིས་ཕྱིན་ཅི་ལོག་སྟེ་སྡུག་བསྔལ་དུ་མི་ཤེས་པར་བདེ་བར་འཛིན་པས་སོ། །འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཏེ། ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེ་གཉིས་ལས་གཞན་པའི་ཟག་བཅས་རྣམས་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་པས། གསུམ་ལྡན་པའི་ཕྱིར་འཇིག་རྟེན་འདི་ཅི་རིགས་པའམ་མ་ལུས་པ་སྡུག་བསྔལ་ལོ་ཞེས་བཤད་དོ། །སྟོན་པས་བདེན་པ་བཞི་ཞེས་ཀྱང་བཤད། བདེན་པ་གཉིས་སུ་ཡང་གསུངས་ན་གཉིས་ཀྱི་མཚན་ཉིད་གང་ཞེ་ན། གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ །གང་ལ་བློ་ཡིས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་ཆུ་ལྟ་བུ་དེ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ །དེ་དག་ཁོ་ན་ཀུན་རྫོབ་ཏུ་དེའི་མིང་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ། །ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་བརྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དོན་དམ་པའི་བདེན་པ་གཞན་ནོ་སྟེ། གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་༑ བློས་རོ་ལ་སོགས་པའི་ཆོས་བསལ་ཀྱང་རུང་། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ། དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པའོ། །སྔོན་གྱི་སློབ་དཔོན་རྣམས་འཇིག་རྟེན་ལས་འདས་པའི་ཤེས་པའམ་དེའི་རྗེས་ལ་ཐོབ་པའི་འཇིག་རྟེན་པས་འཛིན་པ་དོན་དམ་པའི་བདེན་པ་དང་། ཇི་ལྟར་གཞན་གྱིས་འཛིན་པ་དེ་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་གང་གིས་མཐོང་པའི་ལམ་ལ། དང་པོ་འཇུག་ཚུལ། འཕགས་པའི་ལམ་བཤད་པ་གཉིས་ལས། དང་པོ་ལ་འཇུག་པའི་སྣོད༑ འཇུག་པའི་སྒོ། འཇུག་པ་དངོས་གསུམ་ལས། དང་པོ་ནི། བདེན་པ་རྣམས་མཐོང་བར་འདོད་པས་ནི་དང་པོ་ཚུལ་ཁྲིམས་ལ་གནས་པར་བྱེད་དོ། །དེའི་འོག་ཏུ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ་དོན་ཉན་པར་བྱེད་པ་དང་། ཐོས་ནས་ཕྱིན་ཅི་མ་ལོག་པར་བསམ་པ་དང་ལྡན་པར་བྱེད་དོ། །བསམ་ནས་ཏིང་ངེ་འཛིན་སྒོམ་པ་ལ་ནི་རབ་ཏུ་སྦྱོར་བར་བྱེད་དེ༑ ཐོས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་སྐྱེ། བསམ་བྱུང་ལ་བརྟེན་ནས་སྒོམ་བྱུང་གི་སྐྱེ་བས་སོ། །ཤེས་རབ་དེ་དག་གི་མཚན་ཉིད་ཅི་ཞེ་ན། བྱེ་སྨྲ་ཐོས་བྱུང་གི་བློ་ནི་མིང་ལ་དམིགས་པ་དང་སོགས་པ་བསམ་བྱུང་གི་མིང་དོན་གཉིས་ཀ་ལ་དམིགས་པ། སྒོམ་བྱུང་གི་ཏིང་ངེ་འཛིན་ལས་སྐྱེས་པ། སྒོམ་བྱུང་གི་བློ་རྣམས་ནི་དོན་ཡུལ་དུ་བྱེད་པ་ཅན་ཡིན་ཏེ། དེ་ནི་ཡི་གེ་ལ་མི་བལྟོས་པར་དོན་ལ་འཇུག་གོ །གཞན་དག་ཐོས་བྱུང་གི་ཤེས་རབ་ལུང་ཚད་མ་ཉིད་ལས་སྐྱེས་པའི་ངེས་པ། བསམ་བྱུང་རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པ་ཡིན་ནོ་ཟེར་རོ། །སྒོམ་པས་བརྩོན་པ་ཇི་ཙམ་གྱིས་རྫོགས་པ་ཞེ་ན། འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པ། ལུས་དང་སེམས་གཉིས་དག་ཏུ་ལྡན་པ་ཡིན་ན་རྫོགས་པར་འགྱུར་རོ། །འོ་ན་བསྲིང་པ་དེ་གཉིས་སུ་ལ་འབྱུང་སླ་ཞེ་ན། འདོད་པ་ཆུང་བ་དང་ཆོག་ཤེས་པ་ལ་སླའི། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་མ་ཡིན་ནོ། །ཆོས་གོས་ལ་སོགས་པ་གྱ་ནོམ་པ་རྙེད་པ་ལ་ཡང་དང་ཡང་དུ་སྲེད་པ་ནི་ཆོག་མི་ཤེས་པ། མ་རྙེད་པ་དག་ལ་དེ་འདོད་པ་ནི་འདོད་ཆེན་ཅན་ནོ། །དེ་གཉིས་ལས་ལྡོག་པ་ཆོག་ཤེས་དང་འདོད་ཆུང་སྔ་མ་གཉིས་པོ་དེ་ཡི་གཉེན་པོར་འགྲོ་བ་དག་གོ །དེ་གཉིས་ཁམས་གསུམ་གཏོགས་པ་དྲི་མ་མེད་པ་དག་ཀྱང་ངོ་། །ཆོག་ཤེས་འདོད་ཆུང་གཉིས་མ་ཆགས་པའི་རང་བཞིན་ཡིན་ལ། འདི་ལས་འཕགས་པ་རྣམས་སྐྱེ་བས་འཕགས་པའི་རིགས། དེ་ཡང་རྣམ་པར་དབྱེ་ན་བཞི། དེ་དག་ལས་གསུམ། ཆོས་གོས། བསོད་སྙོམས། མལ་སྟན་གྱིས་ཆོག་ཤེས་པ་ནི་ཆོག་ཤེས་པའི་གང་ཟག་ཉིད་དོ། །འཕགས་པའི་རིགས་བཞི་པ་ནི་སྤོང་བ་དང་སྒོམ་པ་ལ་དགའ་བ་ཉིད་དོ། །ཅིས་མ་ཆགས་པའི་རང་བཞིན་ཡིན། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ཆོས་ཀྱི་རྗེས། ཚུལ་དང་ལས་གཉིས་བཅས་ཏེ་འཕགས་པའི་རིགས་དང་གསུམ་གྱིས་ནི་ཚུལ་བསྟན། ཐ་མ་བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདི་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པས་སོ། །ཅིས་དེ་ལྟར་བཤད་ཅེ་ན། སྲེད་པ་སྐྱེ་བ་བཞི་གསུངས་ལ། དེའི་གཉེན་པོའི་ཕྱིར་འཕགས་པའི་རིགས་བཞི་བསྟན་ནོ། །དེ་རྣམ་གྲངས་སུ་སྟོན་པ་བདག་གིར་འཛིན་པའི་དངོས་པོ་ཆོས་གོས་ལ་སོགས་པའོ། །བདག་ཏུ་འཛིན་པའི་དངོས་པོ་ལུས། དེ་ལ་འདོད་པ་ནི་སྲེད་པ། དེ་ལ་འཕགས་པའི་རིགས་གསུམ་ནི་བདག་གིར་འཛིན་པའི་དངོས་འདོད་པ་དེའི་དུས་སུ་ཞི་བར་བྱེད་པ་ཡིན་ལ། བཞི་པས་ནི་གཉིས་ཀ་འདོད་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར་ཡིན་ནོ། །གཉིས་པ་འཇུག་པའི་སྒོ་ནི། དེ་ལ་འཇུག་པ་མི་སྡུག་པ་སྒོམ་པས་འཇུག་པ་དང་། དབུགས་བརྔུབ་དབུགས་དབྱུང་བ་དྲན་པ་ཡི་འཇུག་པ་གཉིས། གོ་རིམ་བཞིན་དུ་སྣོད་དུ་གྱུར་པ་འདོད་ཆགས་ལྷག་པ་དང་༑ རྣམ་རྟོག་ལྷག་པ་རྣམས་ཀྱིས་སོ། །ལུང་ལས། གང་ཞིག་འདོད་ཆགས་ཉེ་བ་དང་། ཤིན་ཏུ་སྤྱད་པ་དེ་ནི་མི་སྡུག་པས་འཇུག་གོ །གང་ཞིག་རྣམ་པར་རྟོག་པ་སྤྱད་པ་དེ་ནི་དབུགས་རྔུབ་པ་དང་དབྱུང་བ་དྲན་པས་འཇུག་གོ་ཞེས་འབྱུང་བས་སོ། །དེ་ལ་འདོད་ཆགས་ནི་རྣམ་པ་བཞི་སྟེ། ཁ་དོག་གི་འདོད་ཆགས། དབྱིབས་ཀྱི། རེག་པའི། བསྙེན་བཀུར་གྱི་འདོད་ཆགས་སོ། །དང་པོའི་གཉེན་པོར་ནི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་པའི་མི་སྡུག་པ། གཉིས་པ་རྣམ་པར་ཟོས་པ་དང་རྣམ་པར་མཐོར་བ་ལ་དམིགས་པའི། གསུམ་པ་རྣམ་པར་འབུས་གཞིག་པ་རྒྱུས་པས་བྲང་བྲེང་ཏུ་སྦྲེལ་བའི་ཀེང་རུས་ལ་དམིགས་པའི། བཞི་པ་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའི་མི་སྡུག་པའོ། །བྱེ་བྲག་མེད་པའི་གཉེན་པོར་ཀེང་རུས་ཆགས་བཅས་ཐམས་ཅད་ལ་ཤིས་སོ། །མི་སྡུག་པ་སྒོམ་པའི་རྣམ་པ་དེ་ཡང་རྣམ་པ་གསུམ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱོང་བ་བཅས་པ་དང་། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ་དང་པོ་ཉིད་དུ་རང་གི་ལུས་ཡན་ལག་རྐང་པའི་མཐེ་བོང་དཔྲལ་བའི་དབྱེས་སུ་ཤ་མྱགས་ཤིང་ཟགས་པར་མོས་པ་རུས་པའི་བར་དུ་རྣམ་པར་སྦྱོང་བར་བྱེད་པ་ནས་རིམ་གྱིས་རྒྱ་མཚོའི་མཐའ་ཀླས་པའི་བར་དུ་ནི། སྤྲོ་བ་དང་བདག་གཅིག་པུ་ཁོ་ན་ལ་རུས་པའི་ཀེང་རུས་སུ་སྡུད་པས་ལས་དང་པོའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་རུས་པའི་ཀེང་རུས་དེ་ལ་རྐང་པའི་རུས་པ་རྣམས་བོར་ནས་ནི་ལྷག་མ་ཡིད་ལ་བྱེད་པས་དང་། དེ་བཞིན་དུ་ཐོད་པའི་ཕྱེད་ཀྱི་བར་དུ་བཏང་བས་སྦྱར་བར་བྱ་བར་བཤད་དོ། །ཐོད་པའི་ཕྱེད་ཀྱང་བོར་ནས་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པར་བྱེད་པས་འདི་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །མི་སྡུག་པའི་རང་བཞིན། ས་དུ་པ། དམིགས་པ་ཅི། གང་དུ་བསྐྱེད་པ་རྣམས་གོ་རིམ་བཞིན་མི་སྡུག་པ་དེའི་རང་བཞིན་མ་ཆགས་པ། ས་ནི་བསམ་གཏན་བཞི་ཉེར་བསྡོགས་དང་། བསམ་གཏན་ཁྱད་པར་ཅན་དང་བཅས་པ་དང་༑ འདོད་ཁམས་ན་བཅུ་དང་། དམིགས་པ་འདོད་སྤྱོད་ཀྱི་སྣང་བ། མི་རྣམས་ཀྱི་ནང་ཁོ་ནར་བསྐྱེད་ཀྱི། འགྲོ་བ་གཞན་དུ་ནི་མ་ཡིན་ནོ། །དབུགས་བརྔུབ་པ་ནི། རླུང་ནང་དུ་འཇུག་པའོ། །དབུགས་དབྱུང་བ་ནི་རླུང་ཕྱི་ཕྱིར་འབྱིན་པའོ། །དེ་གཉིས་དྲན་པ་ན་དྲན་པ་ཉེ་བར་བཞག་པ་སྟེ་ཤེས་རབ་ཀྱི་རང་བཞིན་ནོ། །ས་ལྔ་པོ་ཉེར་བསྡོགས་གསུམ་བསམ་གཏན་ཁྱད་པར་ཅན་དང་འདོད་པས་སྤྱོད་ཡུལ་ལོ། །དེའི་དམིགས་པ་ནི་རླུང་། གང་དུ་བསྐྱེད་པ་འདོད་ཁམས་ཀྱི་རྟེན་ཅན་ལྷ་དང་མི་དག་མི་ནང་དུའོ། །སྦྱོར་བྱུང་དང་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་པས། ཆོས་འདི་པ་ཁོ་ནའི་ཡིན་གྱི་ཕྱི་པའི་མ་ཡིན་ནོ། །དེ་ཡང་རྣམ་པར་ཕྱེ་ན་བགྲང་བ་དང་ལ་སོགས་པ་རྗེས་སུ་འགྲོ་བ་དང་། འཇོག་པ་དང་༑ ཉེ་བར་རྟོག་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་སྟེ་རྣམ་པ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། །དབུགས་བརྔུབ་པ་དང་དབུགས་དབྱུང་བ་འདི་གཉིས་གཟུགས་མེད་དང་ནུར་ནུར་པོ་སོགས་ཀྱི་སྐབས་དང་། སེམས་མེད་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་མེད་པའི་ཕྱིར་གང་ལས་ལུས་དང་སེམས་ཁྱད་པར་ཅན་ལ་བརྟེན་ནས་འཇུག་གོ །དེ་གཉིས་ནི་སེམས་ཅན་དུ་བགྲང་བ་དག་གི་ཞེས་བྱ་ཡི། མ་ཟིན་པ་དེ་དབང་བོ་དང་ཐ་དད་པའི་ཕྱིར། རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །དེ་ནི་རང་གི་ས་པ་དང་། གོང་མའི་ཡིད་དེ་གཉིས་ཀྱི་རྟོགས་ཀྱི། འོག་མ་ཡི་སྤྱོད་ལམ་པ་དང་སྤྲུལ་པའི་ཡིད་དེ་གཉིས་ཀྱིས་མི་རྟོགས་སོ། །གསུམ་པ་འཇུག་པ་དངོས་ནི། དེ་གཉིས་ཀྱི་ཏིང་ངེ་འཛིན་ནམ་ཞི་གནས་གྲུབ་པར་གྱུར་པ་ཡིས། ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར་དྲན་པ་ཉེར་བཞག་བཞི་བསྒོམ་པར་བྱའོ། །བཞི་གང་ཞེ་ན། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བཏགས་པས་སོ། །དེའི་རང་མཚན་རང་གི་ངོ་བོ་ཡིན་ལ། སྤྱིའི་མཚན་ཉིད་འདུས་བྱས་ཐམས་ཅད་ལ་ཡོད་པ་མི་རྟག་པ་དང་། ཟག་བཅས་རྣམས་ལ་ཡོད་པ་སྡུག་བསྔལ་དང་། ཆོས་ཐམས་ཅད་ལ་ཡོད་པ་སྟོང་པ་དང་བདག་མེད་པ་གཉིས་སོ། །དེ་ལ་དྲན་པ་ཉེ་བར་བཞག་པ་ནི་གསུམ་སྟེ། རང་བཞིན་དང་། འབྲེལ་བ་དང་༑ དམིགས་པའི་དྲན་པ་ཉེར་བཞག་གོ །དང་པོ་ཤེས་རབ། དེ་ཡང་ཐོས་པ་དང་སོགས་པ་བསམ་བྱུང་སྒོམ་པ་ལས་བྱུང་བའོ། །གཞན་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་འབྲེལ་བའི་དྲན་པ་ཉེར་བཞག་དང་། དེ་དག་གི་དམིགས་པ་ལས་ནི་དམིགས་པའི་དྲན་པ་ཉེར་བཞག་གོ །རིམ་པ་ནི་འདོད་པ་ལ་འདོད་ཆགས་ཇི་ལྟར་སྐྱེ་བའི་རྟེན་ལུས་ཡིན་པ་བཞིན། དེ་ཡང་ཚོར་བ་མངོན་པར་འདོད་པ། དེ་ཡང་སེམས་མ་ཞི་བ། དེ་ཡང་ཉོན་མོངས་པ་མ་སྤངས་པའི་ཕྱིར་གྱིས་སོ། །ཕྱིན་ཅི་ལོག་བཞིའི་གཉེན་པོར་བཞི་བཤད་དེ། ཕྱིན་ཅི་ལོག་བཞི་ནི། གཙང་བ་དང་། བདེ་བ། རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པའོ། །རིམ་པ་བཞིན་གོམས་པ་དེ་ནི། ཆོས་དྲན་པ་ཉེ་བར་བཞག་པ་སྤྱི་འདྲེས་པ་ལ་དམིགས་པ་ལ་གནས་ཏེ། ལུས་ལ་སོགས་པ་དེ་དག་ལ་ནི་ཐམས་ཅད་སྤྱིར་བསྡུས་ཏེ་མི་རྟག་དང་སྡུག་བསྔལ་སྟོང་བདག་མེད་པ་བཞིར་བལྟའོ། །དེ་ལས་དགེ་བའི་རྩ་བ་དྲོ་བར་གྱུར་པ་འབྱུང་སྟེ། ཉོན་མོངས་པའི་བུད་ཤིང་བསྲེག་པར་བྱེད་པ་འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་ནོ། །དྲོ་བར་གྱུར་པ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་བདེན་པ་བཞིའི་སྤྱོད་ཡུལ་ཅན་ཏེ་དེ་དག་ལ་དམིགས་པས་སོ། །དེ་ཡང་དམིགས་པ་དང་རྣམ་པ་བཅུ་དྲུག་གིས་ཏེ། སྡུག་བསྔལ་ལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི། ཀུན་འབྱུང་ལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི། འགོག་པ་ལ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི། ལམ་ལ་ལམ་རིགས་པ་སྒྲུབ་པ་ངེས་པར་འབྱིན་པ་བཞིའོ། །དྲོ་བ་ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བའི་མཐའ་ལས་རྩེ་མོ་དག་སྐྱེ་སྟེ། དེ་ཡང་དྲོ་བ་དེ་དང་འདྲ་བ་བདེན་པ་བཞི་ལ་དམིགས་པ་དང་རྣམ་པ་བཅུ་དྲུག་ཡིན་ནོ། །ཆེས་མཆོག་ཏུ་གྱུར་པས་མིང་གཞན་དུ་བཏགས་སོ། །དེ་ཡང་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ་རྣམས་སོ། །དྲོད་རྩེ་གཉིས་ཀ་ཆོས་དྲན་པ་ཉེ་བར་བཞག་པས་རྣམ་པ་གཏོད་པར་བྱེད་དོ། །དེ་ཡང་དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པར་འགོད་པ་ལ་བྱའོ། །གཞན་དྲན་པ་ཉེར་བཞག་གསུམ་དག་གིས་ཀྱང་འཕེལ་བར་བྱེད་དོ། །དེ་ཆུང་འབྲིང་ཆེན་པོའི་མཐའ་ལས་བཟོད་པ་སྐྱེ་བ་སྟེ། ཡོངས་སུ་མི་ཉམས་པ་ལས་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ། །དེ་ཡང་ཆུང་འབྲིང་ཆེ་གསུམ། དང་པོ་རྣམ་པ་གཉིས་རྩེ་མོ་དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་དོ། །རྣམ་པར་འཕེལ་བ་ལ་ནི་ཁྱད་པར་འདི་ཡོད་དེ། བཟོད་པ་ནི་ཐམས་ཅད་ཆོས་དྲན་པ་ཉེ་བར་བཞག་པ་ཁོ་ནས་འཕེལ་བར་བྱེད་ཀྱི་གཞན་གྱིས་མ་ཡིན་ནོ། །བཟོད་པ་ཆེན་པོ་དེ་ཆོས་མཆོག་དང་ཉེ་བའི་ཕྱིར་འདོད་པ་ན་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ལ་དམིགས་པ་ཁོ་ནའོ། །དེ་ཡང་གཟུགས་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ལ། གང་གི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེའི་ཚེ་ཆེན་པོ་ཡིན་ནོ། །དེ་བས་དེ་ནི་སྐད་ཅིག་མ་ཡིན་གྱིས་རྒྱུན་ཆགས་པ་མ་ཡིན་ནོ། །དེ་བཞིན་ཆོས་མཆོག་ཀྱང་འདོད་སྤྱོད་ཀྱི་སྡུག་བསྔལ་ལ་དམིགས་པ་དང་། སྐད་ཅིག་མ་གཅིག་པ་དག་ཡིན་ནོ། །དེ་འཇིག་རྟེན་པ་ཡང་ཡིན་ལ་ཆོས་ཀྱི་མཆོག་ཀྱང་ཡིན་ཞིང་། དེས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་འཇིག་རྟེན་ཆོས་མཆོག་ཅེས་བྱ་སྟེ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་རྩལ་གྱི་ལམ་འདྲེན་པར་བྱེད་པའི་ཕྱིར་རོ། །དྲོད་སོགས་དེ་དག་དྲན་པ་ཉེ་བར་བཞག་པའི་རང་བཞིན་ཡིན་པས་ཤེས་རབ་སྟེ། ཐམས་ཅད་འཁོར་བཅས་ཕུང་པོ་ལྔ་པའོ། །ཐོབ་པ་མ་གཏོགས་ཏེ། དྲོད་སོགས་ཀྱིས་མ་བསྡུས་སོ། །ཅིས་འཕགས་པ་ལ་དེ་མངོན་གྱུར་པས་དྲོ་བར་འགྱུར་པ་ལ་སོགས་པ་ཡང་མངོན་སུམ་འགྱུར་བའོ། །དེ་ལྟར་ན་བཞི་པོ་འདི་དག་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པ་བཞིའོ། །དེ་དག་ལས་དྲོད་རྩེ་ནི་ཡོངས་སུ་ཉམས་པའི་སྒོ་ནས་གཡོ་བའི་ཕྱིར་ཆུང་ངུ་དག་ཡིན་ནོ། །བཟོད་པ་འབྲིང་ཡིན་ནོ། །ཆོས་མཆོག་ཆེན་པོའོ། །ངེས་པར་འབྱེད་པས་ན་ངེས་པར་འབྱེད་པ་སྟེ་འཕགས་པའི་ལམ། དེས་ཐེ་ཚོམ་སྤོང་བའི་ཕྱིར་དང་། བདེན་པ་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པར་བྱེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱའོ། །དེ་བཞི་ཆར་ཡང་སྒོམ་བྱུང་ཡིན་ལ། འདིའི་ས་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པ་ཅན་དང་། བསམ་གཏན་བཞིའི་སས་བསྡུས་པའོ། །མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར་གོང་ན་ནི་མེད་དོ། །དེ་ཡང་སྔར་ཡོངས་སུ་ཤེས་ཤིང་ཕྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་དག་ཁོ་ན་ཡིན་གྱི། འཕེན་པར་བྱེད་པ་ནི་མ་ཡིན་ཏེ། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོག་གི་ལྟར་ན་ངེས་འབྱེད་ཆ་མཐུན། དང་པོ་གཉིས་ནི་ས་བདུན་པ་པ་ཡིན་ཏེ་འོག་འདོད་པའི་ཁམས་ནའང་ཡོད་དོ་ཟེར་རོ། །བཞི་པོ་དེ་དག་ཐམས་ཅད་ཀྱང་འདོད་རྟེན། དེ་ལས་གསུམ་ནི་མི་དག་གི་ནང་ཁོ་ནའི་གླིང་གསུམ་དུའོ། །སྔོན་བསྐྱེད་པ་ནི་ལྷ་དག་གི་ནང་དུ་མངོན་སུམ་དུ་བྱེད་དོ། །བཞི་པ་ནི་ལྷ་དག་གི་ནང་དུ་ཡང་བསྐྱེད་པར་བྱེད་དོ། །གསུམ་ནི་སྐྱེས་པ་དང་བུད་མེད་ཀྱི་གཉིས་ཀའི་རྟེན་ཅན་དག་ཐོབ་ལ། ཆོས་མཆོག་བུད་མེད་ཀྱིས་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར་ལ། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་འབའ་ཞིག་ཐོབ་བོ། །དེ་དག་ཇི་ལྟར་གཏོང་ཞེ་ན། འཕགས་པས་ས་གང་དག་ཐོབ་པར་འགྱུར་པའི་ས་དེ་དག་གཏོང་ན་དེ་དག་ཀྱང་གཏོང་གི་གཞན་ནི་མ་ཡིན་ནོ། །ས་བོར་བས་ནི་ས་འཕོས་པས་གཏོང་། འཕགས་མིན་འཆི་བས་ཏེ༑ སོ་སྐྱེ་ས་འཕོ་ཡང་རུང་མི་འཕོ་ཡང་རུང་རིས་མཐུན་པ་བཏང་བ་ཁོ་ནས་སོ། །དང་པོ་གཉིས་ནི་ཡོངས་སུ་ཉམས་པས་ཀྱང་གཏོང་ལ་འཆི་བས་ཀྱང་གཏོང་ངོ་། །དེ་ཡང་སོ་སོ་སྐྱེ་བོ་ཁོ་ན་ཡིན་གྱི་འཕགས་པ་ནི་དེ་གཉིས་ལས་ཉམས་པ་མེད་པས་སོ། །ཕྱི་མ་གཉིས་ལས་སོ་སྐྱེ་ཡང་ཡོངས་སུ་ཉམས་པ་མེད་དོ། །གང་ཞིག་བསམ་གཏན་དངོས་གཞིའི་ས་པའི་ངེས་འབྱེད་ཆ་མཐུན་སྐྱེད་པར་བྱེད་པ་རྣམས་ནི་ཚེ་དེ་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ། །རྣམ་པར་ཉམས་པ་ན་སྔོན་མེད་པ་ཁོ་ན་ཐོབ་ཀྱི་སྔོན་གཏོང་བ་ནི་མ་ཡིན་ཏེ་མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པས་སོ། །རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་གཉིས་ནི་མི་ལྡོག་པའི་རང་བཞིན་ཡིན་ལ། ཡོངས་སུ་ཉམས་པ་ནི་ཉེས་པ་བྱས་པ་དང་། རྣམ་པར་ཉམས་པ་གདོན་མི་ཟ་བ་མ་ཡིན་པའོ། །དྲོ་བར་གྱུར་པ་ཐོབ་པ་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ནོ། །རྩེ་མོ་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་རྣམས་ཀུན་ཏུ་མི་ཆད་ཀྱི་ངན་སོང་དུ་ཡང་འགྲོ་ལ་མཚམས་མེད་པ་དག་ཀྱང་བྱེད་དོ། །བཟོད་པ་ཐོབ་པས་ནི་རྣམ་པར་ཉམས་ཀྱང་ངན་སོང་དུ་མི་འགྲོའོ་སྟེ། དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ། །ངེས་པར་འབྱེད་པ་དྲོད་རྩེ་གཉིས་ནས་སློབ་མ་ཉན་ཐོས་ཀྱི་རིགས་ལས་ཟློག་ནས་ནི་སངས་རྒྱས་སུ་འགྱུར་བ་སྲིད་ཀྱི་བཟོད་པ་ནས་མ་ཡིན་ཏེ། དེ་ནས་ངན་སོང་དུ་མི་སྐྱེ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་ཕན་འདོགས་པའི་དབང་གིས་ངན་སོང་དུ་ཡང་འགྲོའོ་ཞེས་གྲགས་པས་སོ། །དྲོད་རྩེ་བཟོད་པ་གསུམ་ནས་གཞན་རང་སངས་རྒྱས་སུ་འགྱུར་བ་ཡང་ཡོད་དོ། །བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་རིགས་ནི་ཟློག་པ་མི་སྲིད་དེ། སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུ་དེ་གཉིས་ཏིང་ངེ་འཛིན་མི་གཡོ་བ་དང་། གསལ་བའི་ཕྱིར་བསམ་གཏན་བཞི་པ་ཁོ་ནའི་རབ་མཐའ་ལ་བརྟེན་ཏེ་སྟན་གཅིག་ཁོ་ན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནས་གཟུང་སྟེ། བྱང་ཆུབ་ཀྱི་བར་དུ་ཀུན་བསྐྱེད་པར་བྱེད་དོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཡིན་ནོ། །རྟེན་དེའི་སྔོན་ཕན་ཆད་དུ་ཐར་པ་ཆ་མཐུན་ལ་གནས་པའོ། །ཐམས་ཅད་པས་མྱུར་བ་སྲིད་པ་གསུམ་གྱི་མཐར་ཏེ། ས་བོན་འདེབས་པ་དང་། མྱུ་གུ་སྐྱེ་བ་དང་། འབྲས་བུ་ཆགས་པ་བཞིན་དུ་ཚེ་དང་པོ་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད། གཉིས་པར་ངེས་འབྱེད་ཆ་མཐུན་གྱི་དགེ་བ༑ གསུམ་པར་འཕགས་པའི་ལམ་སྐྱེད་པར་བྱེད་དེ། ཆོས་ཉིད་འདི་ལ་ནི་རྒྱུ་རིམ་གྱིས་འཇུག་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་འགྱུར་རོ། །ཐར་པའི་ཆ་མཐུན་དེ་ཡང་ཐོས་བསམ་ལས་བྱུང་བར་བརྗོད་དེ་སྒོམ་བྱུང་མ་ཡིན་ནོ། །ལས་དུས་དེ་འཕེན་ཞེ་ན་ལུས་ངག་ཡིད་ཀྱི་ལས་གསུམ་མོ། །དེ་ལས་གཙོ་བོ་ཡིད་ཀྱིས་ཏེ་དེའི་སྨོན་ལམ་གྱིས་གཟུང་བའི་ཕྱིར་རོ༑ །དེ་ཡང་མིའི་ནང་ནས་གླིང་གསུམ་ནས་འཕེན་པར་བྱེད་ཀྱི་གཞན་ནས་ནི་མ་ཡིན་ཏེ། ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ། །གཉིས་པ་འཕགས་པའི་ལམ་ནི། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་ལས་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དེའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཡིན་ཏེ། དེས་དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བཞག་གོ །དེ་ཉིད་ངེས་པར་འཇུག་པ་སྟེ། ཡང་དག་པ་ཉིད་དུ་ངེས་པར་ཞུགས་པའི་ཕྱིར་རོ། ཡང་དག་པ་ནི་མདོ་ལས་མྱ་ངན་ལས་འདས་པ་ཡིན་པར་བཤད་དོ༑ །དེར་ངེས་པ་ནི་ངེས་པ་དང་། དེར་མངོན་པར་འགྲོ་བ་ནི་འཇུག་པ་སྟེ། དེས་ངེས་པར་འཇུག་པས་སོ། །དེ་སྐྱེས་ན་འཕགས་པའི་གང་ཟག་ཅེས་བྱའོ། །དེའི་མཇུག་ཐོགས་ནས་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་ལ་ཆོས་ཤེས་པ་སྐྱེ། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ་སྟེ། དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཆོས་ཤེས་པ་ཡིན་ནོ། །དེ་གཉིས་དང་འཆད་འགྱུར་ཐམས་ཅད་ཟག་པ་མེད་པའི་གནས་སྐབས་འབའ་ཞིག་གོ །དེ་བཞིན་དེའི་རྗེས་ཐོགས་སུ་སྡུག་བསྔལ་ལྷག་མ་གཟུགས་དང་གཟུགས་མེད་ན་སྤྱོད་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྤྱི་ལ་དམིགས་པས་བསྐྱེད། དེ་ལ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྐྱེ༑ དེའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ནི་རྗེས་སུ་ཤེས་པ་སྟེ། དེ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟོད་པ་དང་ཤེས་པ་བཞི་སྐྱེས་པ་ལྟར། བདེན་པ་གསུམ་ལའང་དེ་བཞིན་ནོ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ། དེ་ནས་ཀུན་འབྱུང་ལ་ཆོས་ཤེས་པ། དེ་ནས་ཀུན་འབྱུང་ལྷག་མ་ལ་རྗེས་སུ་བཟོད་པ། དེ་ནས་ཀུན་འབྱུང་ལ་རྗེས་ཤེས་སྐྱེའོ། །འདོད་པ་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ། དེ་ནས་འགོག་པ་ལ་ཆོས་ཤེས། འགོག་པ་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ། འགོག་པ་ལ་རྗེས་སུ་ཤེས་པ། འདོད་པ་སྤྱོད་པའི་ཡུལ་གྱི་གཉེན་པོ་ལམ་ལ་ཆོས་ཤེས་པའི་བཟོད་པ། ལམ་ཆོས་ཤེས་པ། དེ་ནས་ལམ་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ། ལམ་ལ་རྗེས་སུ་ཤེས་པ་རིམ་པ་དེ་ལྟར་གྱི་བདེན་པ་མངོན་པར་རྟོགས་པ་འདི་ནི་སེམས་བཅུ་དྲུག་གོ །སྡུག་བསྔལ་མཐོང་ན་དེའི་མངོན་རྟོགས་རྣམ་པ་གསུམ་སྟེ། མཐོང་བའི་མངོན་པར་རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་བདེན་པ་རྣམས་མངོན་པར་རྟོགས་པའོ། །དམིགས་པའི་མངོན་པར་རྟོག་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་མངོན་པར་རྟོགས་པའོ། །བྱ་བའི་མངོན་པར་རྟོགས་པ་ནི་ལྡན་པ་མ་ཡིན་པ་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་པས་ཀྱང་མངོན་པར་རྟོགས་པའོ། །ཀུན་འབྱུང་ལ་སོགས་པའི་ནི་བྱ་བ་མངོན་རྟོགས་ཞེས་བྱ་སྟེ། སྤོང་བ་དང་མངོན་སུམ་དུ་བྱེད་པ་དང་། སྒོམ་པའི་ཕྱིར་རོ། །སེམས་བཅུ་དྲུག་དེ་ནི་ཆོས་མཆོག་དང་ས་གཅིག་པས་དེ་དག་ས་དྲུག་པའོ༑ །དེ་ལ་བཟོད་དང་ཤེས་པ་ཐེམ་སྐས་ཀྱི་གོ་རིམ་བཞིན་དུ་བཞག་པའི་བཟོད་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་རྣམ་པར་གཅོད་པ་ལ་བར་ཆད་བྱ་བར་མི་ནུས་པའི་ཕྱིར་བར་ཆད་མེད་པའི་ལམ་དག་དང་། ཤེས་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བ་རྣམས་ལ་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དག་ཡིན་ནོ༑ །དེ་གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཅོད་པ་བཞིན་དུ་བྱས་སོ། །སེམས་བཅུ་དྲུག་དེ་ལས་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་རྗེས་བཟོད་ཀྱི་བར་སྐད་ཅིག་མ་བཅོ་ལྔ་པོ་དེ་དག་ནི་མཐོང་བའི་ལམ་སྟེ་བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ། །བཅུ་དྲུག་པ་ལ་ནི་སྔོན་མ་མཐོང་བ་བལྟ་བར་བྱ་བ་མེད་ཀྱི་ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་སྒོམ་པའི་ལམ་ཁོ་ན་ཡིན་ནོ༑ །གསུམ་པ་དེར་བགྲོད་པའི་གང་ཟག་བཤད་པ་ནི། མཐོང་ལམ་གྱི་རང་བཞིན་སྐད་ཅིག་མ་བཅོ་ལྔ་བཤད་པ་གང་ཡིན་པ་དེ་ལ་དབང་པོ་རཏལ་པོ་དེ་དག་ཏུ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱ་སྟེ། སྔོན་གཞན་གྱི་དྲིང་གིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་དང་། དབང་པོ་རྣོན་པོ་གནས་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པའི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གང་ཟག་དེ་གཉིས་ནི་སྔོན་འཇིག་རྟེན་པའི་ལམ་གྱི་སྒོམ་པས་སྤང་བྱ་གཅིག་ཀྱང་མ་སྤངས་ཤིང་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ན། འབྲས་བུ་དང་པོ་རྒྱུན་དུ་ཞུགས་པ་ཡིན་ལ། དེ་ལ་ཞུགས་པ་ཞེས་བྱའོ། །གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་འདོད་པ་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་བཅོམ་པ་ཞིག་ཡིན་ནའང་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ལ། འབྲས་བུ་གཉིས་པ་ནི་ཕྱིར་འོང་སྟེ་དེ་ལ་ཞུགས་པ་ལ་དགུ་པ་ཚུན་ཆད་ཀྱི་བར་གང་རུང་ཟད་པས་ཡིན་ཏེ། རྣམ་པ་དྲུག་གམ་བདུན་ནམ་བརྒྱད་ལས་གང་རུང་ཅིག་སྔོན་སྤངས་པ་དེ་ནི་འབྲས་བུ་གཉིས་པ་ལ་ཞུགས་པ། གལ་ཏེ་རྣམ་པ་དགུ་པ་ཡང་སྤངས་པ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ནམ། ཡང་ན་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཡིན་ན། དེ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་སྟེ། འབྲས་བུ་གསུམ་པ་ནི་ཕྱིར་མི་འོང་ངོ་། །གང་ཞིག་གང་ལ་ཞུགས་པ་ཡི་སེམས་བཅུ་དྲུག་པ་སྐྱེས་ན། དེ་ནས་འབྲས་བུ་ལ་གནས་པ་སྟེ་རིམ་པ་བཞིན་རྒྱུན་ཞུགས་འབྲས་གནས་སམ། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་ཞེས་བྱའོ། །དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་ཏེ། མཐོང་བའི་ལམ་གྱི་སྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེ་ཚེ་དབང་པོ་རཏལ་པོ་ལ་དད་པས་མོས་པ་སྟེ། དད་པ་དང་ཤེས་རབ་ལྷག་པར་མོས་པ་དང་། དབང་པ་རྣོ་བ་དག་ལ་མཐོང་བས་ཐོབ་པ་ཞེས་བྱ་སྟེ་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅི་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཞེས་བྱ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ། འབྲས་བུ་ཐོབ་ནའང་འབྲས་བུ་ཁྱད་པར་ཅན་གྱི་ལམ་ཐོབ་པ་མེད་པ་ནི་ངེས་པ་ཡིན་ལ། དེའི་ཕྱིར་འབྲས་བུ་གང་ལ་གནས་པ། དེ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་གཞན་ཐོབ་པར་བྱ་བའི་ཕྱིར་མི་བརྩོན་པ་དེ་སྲིད་དུ་ནི་ཞུགས་པ་མ་ཡིན་པས་སོ། །གང་ཞིག་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ། ས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་པ་དེ་ནི་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་པ་དེ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །ཆགས་བྲལ་སྔོན་སོང་བཤད་ནས་དེ་རིམ་གྱིས་འཇུག་པ་བརྗོད་པར་བྱ་སྟེ༑ འདོད་པའི་ས་དང་ས་གོང་མ་སྲིད་རྩེའི་བར་ན་ཉོན་མོངས་པའི་ཉེས་པ་རྣམ་པ་དགུ་དགུ། ཉེས་པ་ཇི་ལྟ་བ་དེ་བཞིན་དུ་ནི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་གྲོལ་ལམ་ཞེས་བྱ་བའི་ཡོན་ཏན་རྣམ་པ་དགུ་དགུ་ཁོ་ན་ཡོད་དོ། །དེ་ཡང་རྩ་བའི་རྣམ་པ་གསུམ་སྟེ། ཆུང་དང་འབྲིང་དང་ཆེན་པོའོ། །དེ་རྣམས་ཀྱི་དབྱེ་བ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཆུང་ངུའི་འབྲིང་༑ ཆུང་ངུའི་ཆེན་པོ། འབྲིང་གི་ཆུང་ངུ་། འབྲིང་གི་འབྲིང་། འབྲིང་གི་ཆེ་བ། ཆེན་པོའི་ཆུང་ངུ་། ཆེན་པོའི་འབྲིང་། ཆེན་པོའི་ཆེན་པོའོ། །དེ་དག་ཐ་དད་པའི་ཕྱིར་ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་ལམ་ཆེན་པོའི་ཆེན་པོས་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་སྟེ། དང་པོ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པ་ལ་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །དཔེར་ན་གོས་ལ་དྲི་མ་ཆེ་ལོང་སྔར་འཁྲུ་ལ། ཕྲ་མོ་ནི་ཕྱིས་འཁྲུ་བ་ལྟ་བུའོ། །འཕགས་པའི་ལམ་སྐད་ཅིག་མ་ཆུང་ངུས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པས་སྤེལ་བའི་ཉོན་མོངས་པ་ཆེན་པོ་རྣམས་རྩ་བ་ནས་མེད་པར་བྱེད་པའི་ཕྱིར་ཆོས་དཀར་པོ་རྣམས་ནི་སྟོབས་དང་ལྡན་པ་ཡིན་ལ། ནག་པོ་རྣམས་ནི་སྟོབས་ཆུང་བ་ཡིན་ཏེ། ཡུན་རིང་པོ་ནས་བསགས་པའི་སྐྱོན་རྣམས་སྨན་ཏྲི་བྲིད་ཐུན་གཅིག་གིས་འབྱིན་པ་ལྟ་བུ་དང་། མར་མེ་སྐད་ཅིག་མ་ཆུང་ངུས་མུན་པ་ཆེན་མོ་འཇོམས་པ་ཡིན་ནོ། །དེ་ལྟར་ཉོན་མོངས་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་དུ་འབྲས་བུ་ལ་གནས་པ་གང་ཞིག་གི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་ཟད་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཚེ་བདུན་གྱི་བར་དུ་སྐྱེ་བས་རེ་ལྟར་ཐོགས་ན་ལན་བདུན་པ། ཐམས་ཅད་དུ་ནི་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ཞེས་པས་འགོར་ཤོས་སྟོན་པའོ། །ཇི་སྐད་དུ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་དེ་ལས་གཞན་པ་སྐྱེ་བའི་སྲིད་པ་བདུན་དང་། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དེ། དེ་ལྟར་ན་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད་དོ། །སྲིད་པ་བདུན་ཚན་དུ་འདྲ་བའི་ཕྱིར་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་དང་། ཤིང་འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཟེར་རོ། །ཅིའི་ཕྱིར་རིས་སོ་སོར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན། དེ་ནི་སྦྲུལ་གོམ་པ་བདུན་པས་ཟིན་པ་དང་། རིམས་ཉིན་བཞི་མ་བཞིན་ནམ། ཀུན་ཏུ་སྦྱོར་བ་བདུན་པོའི་མཐའི་ཆ་དང་མཐུན་པ་གཉིས་དང་། གོང་མའི་ཆ་དང་མཐུན་པ་ལྔ་ལུས་པའི་ཕྱིར་རོ། །བར་སྐབས་སུ་འཕགས་པའི་ལམ་གཞན་མངོན་དུ་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །གང་མི་དག་གི་ནང་དུ་རྒྱུན་དུ་ཞུགས་ན་དེ་མིའི་སྲིད་པ་ཐ་མ་དེ་ལ་ཡོངས་སུ་མྱ་ངན་ལས་འདའ། ལྷ་དག་གི་ནང་དུ་རྒྱུན་ཞུགས་བྱས་ན་དེའི་སྲིད་པ་ཐ་མ་ལས་སོ། །རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་ན་རིགས་ནས་རིགས་སུ་སྐྱེས་པ་ཡིན་ཏེ། ཉོན་མོངས་པ་རྣམ་པ་གསུམ་མམ། རྣམ་པ་བཞི་ལས་གྲོལ་བ་ནི་ཉོན་མོངས་པ་སྤངས་པ་ལས་སོ། །དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་དབང་པོ་ལས་སོ། །ཚེ་གཉིས་སམ་གསུམ་དུ་ལུས་པ་ནི་སྐྱེ་བ་ལས་སོ། །དེ་ཡང་གཉིས་ཏེ་ལྷའི་རིགས་ནས་རིགས་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ། ཕྱི་མའི་རྟེན་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་གཅིག་ནས་ལྔའི་བར་དུ་བཅོམ་པ་ཡིན་ན། འབྲས་བུ་གཉིས་པ་ལ་ནི་ཞུགས་པའང་ཡིན་ནོ། །རྣམ་པ་དྲུག་པ་ཟད་པར་གྱུར་པ་དེ་ནི་ལན་གཅིག་ཕྱིར་འོང་བ་སྟེ། ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་གཅིག་འོང་བས་སོ། །འབྲས་གནས་ཕྱིར་འོང་དེ་ཉིད་རྒྱུ་གསུམ་གྱིས་ཚེ་གཅིག་བར་ཆད་གཅིག་པ་ཡིན་ཏེ། ཉེས་ཆ་བདུན་ནམ་བརྒྱད་ཟད་པ་ཉོན་མོངས་སྤངས་པ་ལས་དང་། དེའི་གཉེན་པོ་ཟག་པ་མེད་པ་ཐོབ་པ་དབང་པོ་ལས་དང་། ཚེ་གཅིག་ལུས་པ་སྐྱེ་བ་ལས་སོ། །དེ་འབྲས་བུ་གསུམ་པ་ལ་ནི་ཞུགས་པའང་ཡིན་ནོ། །དེ་རྣམ་པ་དགུ་པ་ཟད་པས་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་སྟེ། ཕྱིས་འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པའོ༑ །ཕྱིར་མི་འོང་དེ་ནི་རྣམ་པ་ལྔ་སྟེ། སྲིད་པ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ལམ་ལ་མངོན་པར་བརྩོན་པ་འདུ་བྱེད་ལས་འདའ་བ་དང་། ལམ་ངང་གིས་འབྱུང་བ་འདུ་བྱེད་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་གཅིག་ཏུ་བགྲངས་པས་སོ། །གོང་དུ་འགྲོ་བ་ལ་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས། རྒྱུའི་སྒོ་ནས་བསམ་གཏན་སྤེལ་བས་འབྲས་བུའི་སྒོ་ནས་འོག་མིན་འགྲོ་དང་སྤེལ་བ་མ་ཡིན་པས་སྲིད་རྩེར་འགྲོ་བ་གཉིས་སོ། །བསམ་གཏན་སྤེལ་ན་འོག་མིན་དུ་འགྲོ་བ་དེ་ཡང་འཕར་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། ཇི་སྐད་དུ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ༑ བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས་སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོས་ཏེ་འོག་མིན་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི། དེ་ནས་གཙང་མ་རྣམས་སུ་སྐྱེ་ལ་བར་ནས་གཞན་འགའ་ཙམ་ཡང་བརྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། །འཕགས་པ་ནི་ཚངས་ཆེན་པ་དག་གི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་དང་། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི་གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །ཞེས་སོ། །ཕྱིར་མི་འོང་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་མངོན་པར་འགྲུབ་པར་མི་བྱེད་དེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་དེ་ནི་སྲིད་པའི་རྩེ་མོ་མཐར་ཐུག་པར་འགྲོ་བ་ཡིན་ཏེ། དེ་ནི་སྙོམས་པར་འཇུག་པ་གཞན་རྣམས་རོ་མྱང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེ་ལ། གཞན་གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་གཉིས་དེ་ཕན་ཆད་དུ་འགྲོ་བ་མེད་དེ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བཞིན་ནོ། །ཕྱི་མ་འདི་ནི་ཞི་གནས་སྤྱད་པས་ཡིན་ལ། སྔ་མ་ནི་ལྷག་མཐོང་སྤྱད་པས་ཡིན་ནོ། །ཕྱིར་མི་འོང་གཞན་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་སྟེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་དག་གི་ནང་དུ་སྐྱེས་པ་གང་ཡིན་ནོ། །དེ་ཡང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སོགས་པའི་བྱེ་བྲག་གི་རྣམ་པ་བཞི་སྟེ་ཕྱིར་མི་འོང་བ་དྲུག་གོ །གཞན་ནི་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདའ་བ་དེ་བདུན་པ༑ བར་མ་དོ། སྐྱེས་ནས། གོང་དུ་འཕོ་བ་གསུམ་ལ་ཡང་རྣམ་པ་གསུམ་དུ་ཕྱེ་ནས་ཏེ། རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ལ། དཔེ་གསུམ་གྱིས་མྱུར་བ་དང་༑ མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་ལ། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་༑ འདུ་བྱེད་མེད་པར་འདའ་བ་དང་། གོང་དུ་འཕོ་བ་འཕར་སོགས་གསུམ་གྱི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དགུར་བཤད་དེ། ཕྱིར་མི་འོང་བ་གསུམ་དང་། ཕྱིར་མི་འོང་བ་དགུ་པོ་དེ་དག་གི་ནི་ཁྱད་པར་རྣམས་ནི། ལས་དང་ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་ལས་ཡིན་ལ། དེ་རེ་རེ་ཡང་གསུམ་སྟེ། མངོན་པར་གྲུབ་པ་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་གསུམ། ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ཆུང་འབྲིང་ཆེ་གསུམ། དབང་པོ་ཆེ་འབྲིང་ཆུང་གསུམ་མོ། །གོང་དུ་འཕོ་བ་མ་ཕྱེ་བར། སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་འདོད། འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ལ། གཞན་དག་མ་ཡིན་ཞེ་ན། གང་དག་ལ་འགྲོ་བ་འདི་དག་ཡོད་པ་དེ་ནི་ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང་༑ དམ་མིན་མི་དགེ་བ་ལ་འཇུག་པ་དང་། འགྲོ་བ་འདི་རྟག་ཏུ་སོན་པ་ཕྱིར་མི་འོང་བ་དེས་སོ། །འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་ནི་འགྲོ་བ་མེད་དེ། ཚེ་དེ་ཉིད་ལ་ཕྱིར་མི་འོང་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཟུགས་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ལ་ནི་གཟུགས་མེད་དུ་འཇུག་པ་ཡང་ཡོད་དེ། གོང་དུ་འཕོ་བ་སྲིད་རྩེར་འགྲོ་བ་དེའོ། །འདོད་པར་ཚེ་ཡོངས་གྱུར་དེ་དང་། ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་ཡོངས་སུ་ཉམས་པར་མི་འགྱུར། དབང་པོ་རྣམས་ཀྱང་འཕོ་བ་མི་བསྟན་པས་སོ། །བསམ་གཏན་སྤེལ་བ་ཞེས་བཤད་ན་སྤེལ་ཁྱེར་ཅི་ལྟ་བུ་ཞེ་ན། དང་པོར་བཞི་སྤེལ་བར་བྱེད་དེ། ཇི་སྐད་དུ། དགྲ་བཅོམ་པའམ་ཕྱིར་མི་འོང་བ་ཡང་རུང་། ཟག་པ་དང་བཅས་པའི་བསམ་གཏན་བཞི་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ལ། ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་སྟེ། དེ་བཞིན་དུ་རྒྱུན་ཕྲི་ནས་གང་གི་ཚེ་སྐད་ཅིག་མ་གཉིས་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་། སྐད་ཅིག་མ་གཉིས་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་པ་ལ་ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་གོ །ཞེས་གྲག་སྟེ་འདི་ནི་སྤེལ་བའི་སྦྱོར་བའོ༑ །ཞེས་སོ། །བྱེ་སྨྲར་གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་མངོན་སུམ་དུ་བྱེད་ཅིང་། ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་དུ་བྱེད་ལ། དེ་ལྟར་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་། ཟག་པ་མེད་པ་ནི་བསྲེས་པས་སྤེལ་བ་གྲུབ་པ་ཡིན་ཏེ། སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ལ༑ གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཟེར་རོ། །དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་དང་གཞན་དག་ཀྱང་སྤེལ་བར་བྱེད་དེ། དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ། ཕྱིས་ནི་ཡོངས་སུ་ཉམས་པས་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ། །སངས་རྒྱས་མ་གཏོགས་པས་སྐད་ཅིག་མ་སྤེལ་བར་མི་ནུས༑ དེའི་ཕྱིར་རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་སྤེལ་ཞེ་ན། རྒྱུ་གསུམ་གྱིས་ན་བསམ་གཏན་སྤེལ་བར་བྱེད་དེ། ཕྱིར་མི་འོང་དབང་རྣོན་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་བྱ་བའི་ཕྱིར་དང་། དབང་རཏལ་རྣམས་ནི་ཉོན་མོངས་པས་ནི་འཇིགས་པའི་ཕྱིར་ཡང་སྟེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིང་བའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་དབང་རྣོན་མཐོང་ཆོས་ལ་བདེར་གནས་ཀྱི་དོན་དུའོ། །དབང་བརཏལ་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་སྟེ། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །ཅི་གནས་གཙང་མ་ལྔ་ཡིན་ཞེ་ན། བསམ་གཏན་བཞི་པ་སྤེལ་མར་སྒོམ་པ་དེ་ནི་ཆུང་ངུ་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ། ཤིན་ཏུ་ཆེས་ཆེ་བའི་བྱེ་བྲག་རྣམ་པ་ལྔའི་ཕྱིར་ཏེ། དང་པོ་ལ་ཟག་མེད་དང་། ཟག་བཅས་དང་། ཟག་པ་མེད་པའི་སེམས་གསུམ་མངོན་དུ་བྱེད། གཉིས་པ་ལ་དྲུག །གསུམ་པར་དགུ། བཞི་པ་ལ་བཅུ་གཉིས། ལྔ་པ་ལ་ནི་བཅོ་ལྔ། དེ་དག་གི་འབྲས་བུ་གྲངས་བཞིན་དུ་གནས་གཙང་དུ་སྐྱེ་བ་ལྔ་ཁོ་ནའོ། །དེ་ལ་ཟག་པ་དང་བཅས་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །འགོག་པ་ཐོབ་པའི་ཕྱིར་མི་འོང་དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱི་མངོན་སུམ་དུ་བྱེད་པར་འདོད་པའི་ཕྱིར་དེ་ལ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་ལུས་ཀྱི་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པས་ལུས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །ཇི་སྐད་དུ་དེ་འགོག་པ་དེ་ལས་ལངས་ནས་གང་ལ་འདི་སྙམ་དུ་ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་དེའི་ཞི་བ་ནི་ལུས་ཀྱིས་མངོན་སུམ་དུ་བྱས་པ་ཡིན་ཏེ། ཐོབ་པ་དང་ཤེས་པས་མངོན་སུམ་དུ་བྱེད་པ་དག་གི་མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པའོ། །ཞེས་སོ། །མདོ་ལས་སློབ་པ་བཅོ་བརྒྱད་གསུངས་པ་དེར་ལུས་མངོན་བྱེད་མ་གསུངས་ཞེ་ན། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་གང་ཞེ་ན། ཟག་པ་མེད་པའི་སློབ་པ་གསུམ་དང་དེའི་འབྲས་བུ་སྟེ། དེའི་ཁྱད་པར་གྱིས་སློབ་པ་རྣམ་པར་བཞག་གོ །འགོག་པའི་སྙོམས་འཇུག་གི་སློབ་པ་དང་དེ་འདྲས་གཉིས་ཀ་མ་ཡིན་པས། དེའི་ཕྱིར་དེ་དག་དང་ལྡན་པས་སློབ་པའི་ཁྱད་པར་དུ་མ་བསྡུས་སོ། །དེ་ནི་ཕྱིར་མི་འོང་གི་དབྱེ་བ་ཆེ་ལོང་ཙམ་སྟེ། རྒྱས་པར་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་ཡིན་ནོ། །ཕྱིར་མི་འོང་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་གཟུང་སྟེ། སྲིད་རྩེའི་རྣམ་པ་བརྒྱད་ཀྱི་བར་ཆ་ཟད་པས་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །སྲིད་རྩེའི་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ལ་གནས་པ་ན་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ནའོ། །བར་ཆད་མེད་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པར་བྱེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །རྣམ་པ་དགུ་ས་དེ་ཟད་པའི་ཐོབ་པ་དང་ལྷན་གཅིག་ཏུ་ཟད་པ་ཤེས་པ་སྐྱེ་སྟེ། ཏིང་ངེ་འཛིན་དེའི་མཇུག་ཐོགས་སུ་རྣམ་གྲོལ་ལམ་ཐ་མ་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཟད་པ་ཤེས་པ་ཡིན་ནོ། །དེ་སྐྱེས་པའི་ཚེ་དེ་མི་སློབ་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཞེས་བྱའོ། །སྒོམ་ལམ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སུ་བཤད་པ་ལ། གང་གང་ལས་འདོད་ཆགས་དང་བྲལ་ཞེ་ན། འཇིག་རྟེན་འདས་ཀྱི་སྲིད་རྩེ་ལས་ཆགས་བྲལ་གྱི་འཇིག་རྟེན་པས་མ་ཡིན་ནོ། །ཅེས་དང་༑ དེའི་གོང་ན་འཇིག་རྟེན་པ་མེད་པ་དང་། རང་གི་ས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །སྲིད་རྩེ་ལས་གཞན་པའི་ས་ཐམས་ཅད་ལས་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་དང་། འཇིག་རྟེན་ལས་འདས་པས་སོ། །འཇིག་རྟེན་པའི་ལམ་གྱི་ཆགས་པ་བྲལ་བའི་འཕགས་པ་ལ་བྲལ་བའི་ཐོབ་པ་འཇིག་རྟེན་པ་དང་འདས་པའི་རྣམ་པ་གཉིས་སོ༑ །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་གཉིས་སོ། །ཅིའི་ཕྱིར་གྱིས། བཏང་ལ་ཉོན་མོངས་མི་ལྡན་པའི་ཕྱིར་རོ། །ཟེར་རོ། །དེ་མི་འཐད་དེ། སྲིད་རྩེའི་རྣམ་པ་ཕྱེད་ལས་རྣམ་པར་གྲོལ་བ་ལ་དེའི་བྲལ་བའི་ཐོབ་པ་འཇིག་རྟེན་པ་མེད་ལ། དབང་པོ་འཕོ་བས་འཇིག་རྟེན་ལས་འདས་པ་བཏང་བ་བཞིན་དུ་ཉོན་མོངས་པ་དེ་དང་ལྡན་པར་མི་འགྱུར་བ་བཞིན་ནོ། །སོ་སྐྱེ་གོང་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་བྲལ་བའི་ཐོབ་པ་བཏང་བས་ཡང་དེ་དག་དང་ལྡན་པར་མི་འགྱུར་བ་བཞིན་མི་ལྡན་པ་ཁྱོད་ཀྱིས་དེ་ཤེས་པར་བྱེད་པ་མ་ཡིན་ནོ། །གང་ཞིག་གིས་གང་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་པ་མེད་པ་ཡིས། སྲིད་པའི་རྩེ་མོའི་བར་ཐམས་ཅད་ལས་ནི་འདོད་ཆགས་དང་བྲལ་བར་བྱེད་དོ། །གང་ཉེར་བསྡོགས་ལ་བརྟེན་ཏེ་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་འཐོབ་ན་ཅི་འདིའི་རྣམ་པར་གྲོལ་བའི་ལམ་བར་ཆད་མེད་པའི་ལམ་བཞིན་དུ་ཉེར་བསྡོགས་ལས་སྐྱེའམ་ཞེ་ན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྐྱེ་བའི་ས་ནི་དགུ་སྟེ་འདོད་པའི་ཁམས་དང་བསམ་གཏན་བཞི། གཟུགས་མེད་བཞི་སྟེ་དགུའོ། །བསམ་གཏན་གཉིས་པའི་བར་ལས་འདོད་ཆགས་དང་བྲལ་བས་ས་གསུམ་ལས་རྒྱལ་བ་དེ་ལ་ནི་རྣམ་པར་གྲོལ་བའི་ལམ་ཐ་མ་ཉེར་བསྡོགས་སམ། བསམ་གཏན་དངོས་གཞི་ལས་སྐྱེའོ། །བསམ་གཏན་གསུམ་པ་དེར་ཉེར་བསྡོགས་དངོས་གཞི་གཉིས་ཀྱི་དབང་པོ་ཐ་དད་པའི་ཕྱིར་ལ་ལ་བསམ་གཏན་དངོས་གཞི་ལ་འཇུག་མི་ནུས་ཏེ། དབང་པོ་འཕོ་བ་ནི་དཀའ་བའི་ཕྱིར་གྱིས་ཉེར་བསྡོགས་ལས་མཐའི་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་སྐྱེའོ། །ས་དེའི་གོང་མའི་བཏང་སྙོམས་ཀྱི་དབང་པོ་ཐུན་མོང་མ་ཡིན་པའི་ཕྱིར་དངོས་གཞི་ཁོ་ན་ལས་སྐྱེ་ཡི་ཉེར་བསྡོགས་ལས་ནི་མིན་ནོ། །ཟག་མེད་མི་ལྕོགས་མེད་པ་ཡིས་ཐམས་ཅད་ལས་འདོད་ཆགས་འབྲལ་བར་བཤད་པ་འཕགས་པ་བརྒྱད་ཀྱིས་ཏེ། ཟག་པ་མེད་པའི་བསམ་གཏན་དང་། བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་བརྒྱད་ཀྱིས་རང་གི་ས་དང་ས་གོང་མ་ལས་འདོད་ཆགས་དང་བྲལ་བས་རྒྱལ་གྱི་འོག་མ་ལས་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་རྣམས་བདེན་པ་ལ་དམིགས་པའི་ཕྱིར་བདེན་པ་ལ་ཞུགས་པ་ཞེ་ན། འཇིག་རྟེན་པ་ཡི་རྣམ་གྲོལ་ལམ་རྣམས་ནི་ཞི་བ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་ལ། བར་ཆད་མེད་པའི་ལམ་རྣམས་ནི་རགས་པ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་པས་གོ་རིམ་བཞིན། སྔ་མ་གོང་མ་ལ་ཞི་སོགས་ཏེ་གྱ་ནོམ་ངེས་འབྱུང་གི་རྣམ་པར་བལྟའོ། །གཉིས་པ་ས་འོག་མ་ལ་རགས་པའི་སྤྱོད་ཡུལ་ཅན་ནོ༑ །ཟད་པ་ཤེས་པའི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ན། དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ཡིན་ན་དེ་ལ་ཟད་པ་ཤེས་པ་ལས་དེ་མ་ཐག་ཏུ་མི་སྐྱེ་བའི་ཤེས་པ་དང་བློ་གྲོས་སྐྱེའོ། །གལ་ཏེ་དེ་མིན་པའི་དགྲ་བཅོམ་པ་ཐམས་ཅད་ལ་ཟད་པ་ཤེས་པ་ལས་ཟད་པ་ཤེས་སམ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །འབྲས་བུ་དེ་དག་གང་གི་འབྲས་བུ་ཡིན་ན། དགེ་སྦྱོང་ཚུལ་གྱིའོ། །དགེ་སྦྱོང་ཚུལ་ནི་དྲི་མེད་དེ་ཟག་མེད་ཀྱི་ལམ། དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱེད་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་བས་སོ། །དེའི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་དེ་དག་བརྒྱད་ཅུ་རྩ་དགུའོ༑ གང་ཞེ་ན། གྲོལ་ལམ་ཟད་པ་རྣམས་དང་བཅས་པའོ། །ཇི་སྐད་དུ། མཐོང་བས་སྤང་བར་བྱེད་པ་བར་ཆད་མེད་པའི་ལམ་བརྒྱད་དང་། རྣམ་པར་གྲོལ་བའི་ལམ་བརྒྱད་དང་༑ སྒོམ་པས་སྤང་བར་བྱ་བ་སྤོང་བར་བྱེད་པ་ས་དགུ་པོ་རེ་རེ་ཞིང་ཉོན་མོངས་པ་རྣམས་དགུ་དགུ་སྤོང་བར་བྱེད་པ་དེ་སྙེད་ཁོ་ནའི་བར་ཆད་མེད་ལམ་དང་རྣམ་པར་གྲོལ་བའི་ལམ་དག་གོ །དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་གི་ཚུལ་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་རྣམས་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་ཏེ། དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་གི་སྤངས་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་མ་བྱས་པ་སྟེ། དེ་ལྟར་ན་བརྒྱད་ཅུ་རྩ་དགུ་ཡིན་ནོ། །སྟོན་པས་དེ་དག་འབྲས་བུ་བཞིར་རྣམ་བར་གཞག་པ་ནི། སྤོང་བའི་ལམ་གྱི་གནས་སྐབས་གང་ལ་རྒྱུ་ལྔ་དག་ནི་སྲིད་པའི་ཕྱིར་རོ། །དེ་ལ་འབྲས་བུ་རྣམ་པར་གཞག་གོ །ཞེས་གྲག་གོ །ལྔ་གང་ཞེ་ན། འབྲས་ལ་སྔོན་ལམ་བཏང་བ་དང་། གཞན་སྔོན་མེད་པའི་ལམ་ཐོབ་པ་ནི་ཞུགས་པ་དང་འབྲས་བུའི་ལམ་བཏང་སྙོམས་ཐོབ། ཟད་པ་སྡོམ་པ་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་དང་༑ ཤེས་པ་བརྒྱད་ཚན་ཅིག་ཅར་དུ་ཐོབ་པ་ནི་ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞི་བཞི་དང་། རྣམ་པ་བཅུ་དྲུག་ཐོབ་པའོ། །ནི་མི་རྟག་པའི་རྣམ་པ་ལ་སོགས་པ་སྟེ། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་རེ་རེ་ལ་ཡོད་དོ། །གལ་ཏེ་ཟག་མེད་ཁོ་ན་དགེ་སྦྱོང་ཚུལ་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ནི་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་འགྱུར་ཞེ་ན། ཕྱིར་འོང་བའམ་ཕྱིར་མི་འོང་བའི་འབྲས་བུ་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་སྤངས་པ་ཁོ་ན་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མཐོང་བའི་ལམ་གྱི་འབྲས་བུ་ཡང་བསྲེས་པ་སྟེ། ཐམས་ཅད་ཀྱིས་ཐོབ་པ་དེའི་འབྲས་བུ་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །དེའི་སྟོབས་ཀྱིས་ཡོངས་སུ་ཉམས་པ་མི་འཆི་བའི་ཕྱིར། ཟག་པ་མེད་པ་སྤངས་པའི་ཐོབ་པ་འཛིན་པར་བྱེད་པ་འདིའི་ཕྱིར་ཡང་དགེ་སྦྱོང་གི་འབྲས་བུ་ཉིད་དུ་རིགས་སོ། །དགེ་སྦྱོང་གི་ཚུལ་དེ་ཉིད་ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་ཚངས་པའི་ཚུལ་ལོ། །བཅོམ་ལྡན་འདས་ནི་ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཚངས་པ་ཡིན་ལ། དེས་བསྐོར་བའི་ཕྱིར་དང་རྒྱུ་བས་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་མོ། །ཅིས་ཆོས་མཐུན་ན། མྱུར་བར་འགྲོ་བའི་ཕྱིར་དང་སོགས་པ་འདོར་བ་དང་འཇུག་པའི་ཕྱིར་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣལ་དུ་འགོད་པའི་དང་། འཕར་བ་དང་འབབ་པའི་ཕྱིར་རམ། བཙུན་པ་དབྱངས་སྒྲོག་ན་རེ། ཡན་ལག་བརྒྱད་པ་ནི་རྩིབས་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་སྟེ། ཡང་དག་པའི་ལྟ་བ། རྟོག་པ། རྩོལ་བ་དྲན་པ་བཞི་རྩིབས་ལྟ་བུ། ཡང་དག་པའི་ངག་དང་ལས་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་ལྟ་བུའོ། །ཏིང་ངེ་འཛིན་མུ་ཁྱུད་ལྟ་བུའོ་ཟེར། མཐོང་ལམ་ཆོས་འཁོར་ཡིན་པས་འཕགས་པ་ཀཽ་དི་ནྱ་ལ་དེ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་འདི་དག་ནི་ལན་གསུམ་དུ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས་བྱ་བ་འདི་དག་ནི་རྣམ་པ་བཅུ་གཉིས་ཡིན་ཏེ། བདེན་པ་རེ་རེ་ལ་ཡང་དེ་དང་འདྲའོ། །གསུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་དེ་གཉིས་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ། །བཟླས་པ་དེ་དག་ནི་གྲངས་བཞིན་དུ་མཐོང་བ་དང་། སྒོམ་པ་དང་། མི་སློབ་པའི་ལམ་རྣམས་བསྟན་ནོ་ཞེས་ཟེར་རོ། །སློབ་དཔོན་ཉིད། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དེ་ནི་གཞན་གྱི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པའི་ཕྱིར་བསྐོར་བར་བརྩམས་པ་ཡིན་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ་གསུངས། ཁམས་གང་དུ་དགེ་སྦྱོང་གི་ཚུལ་དུ་དག་ཞིག་ཐོབ་ཅེ་ན། འདོད་པར་གསུམ་ཐོབ། ཐ་མ་ནི་དགྲ་བཅོམ་སྟེ་ཁམས་གསུམ་དུ་ཐོབ་པའོ། །དང་པོ་གཉིས་འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་ཡིན་པས་གོང་མར་མི་ཐོབ་པར་ཡང་རིགས་ལ། གསུམ་པ་ཅིའི་ཕྱིར་མིན་ཞེ་ན། འདོད་པའི་ཁམས་ལས་གོང་ན་ནི་མཐོང་བའི་ལམ་མེད་ལ། དེ་མེད་པར་ཡང་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་མེད་པས་སོ། །ཅིའི་ཕྱིར་དེ་ན་མཐོང་ལམ་མེད་ཅེ་ན། གཟུགས་མེད་པའི་ཁམས་ན་ནི་ཉན་པ་མེད་པ་དང་། ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་རོ། །གཟུགས་ཁམས་ན་སྤྱོད་པའི་སོ་སྐྱེ་རྣམས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང་། སྡུག་བསྔལ་གྱི་ཚོར་བ་མེད་པས་མི་སྐྱོ། སྐྱོ་བ་མེད་པར་འཕགས་ལམ་ཐོབ་པར་མི་འགྱུར་ཏེ། ལུང་ལས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །རྩོམ་པ་ཞེས་པ་ནི་ལམ་རྩོམ་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ཐབས་ཡིན་པའི་ཕྱིར་རོ། །མི་གཡོའི་ཟད་ཤེས་ལས་མི་སྐྱེའི་བློ་གྲོས་ཞེས་བཤད་པས་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན་ཡོད་དེ། དགྲ་བཅོམ་དྲུག་ཏུ་འདོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས་དང་པོ་ལྔ་ནི་དད་པས་མོས་པ་ལས་སྐྱེས་པའོ། །ལྔ་པོ་དེ་དག་སེམས་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བས་འཕངས་པ་ཡིན་ལ། རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར་རོ། །དུས་ལ་བལྟོས་པ་ཡང་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ལ་ཡོ་བྱད་དང་ནད་མེད་པ་དང་། ཡུལ་གྱི་བྱེ་བྲག་ལ་བལྟོས་པས་སོ། །དེ་ཉིད་ཀྱི་ཕྱིར་འདི་དག་ནི་དུས་ཀྱི་རྣམ་པར་གྲོལ་བ་ཞེས་བྱའོ༑ །མི་གཡོའི་ཆོས་ཅན་གྱི་རྣམ་པར་གྲོལ་བ་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་གཡོ་བར་མི་ནུས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །དེའི་ཕྱིར་དེ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་མི་གཡོ་བ་དེའི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །དགྲ་བཅོམ་དྲུག་པོ་དེ་དག་ཁ་ཅིག་དང་པོ་ཁོ་ན་ནས་དེའི་རིགས་དང་། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །དེ་དག་ལས་གང་ཞིག་འབྲས་བུའམ་རིགས་གང་ལས་ཉམས་པར་འགྱུར་ཞེ་ན། འཆི་བར་སེམས་པའི་ཆོས་ཅན་སོགས་བཞི་ནི་རིགས་ལས་ཉམས་པར་འགྱུར་ལ། ཡོངས་སུ་ཉམས་པ་ནི་དེ་ལས་མ་ཡིན་ནོ། །ལྔ་ཀ་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་ཀྱང་རིགས་དང་པོ་གང་ཡིན་པ་ལས་དེ་ཡོངས་སུ་ཉམས་པ་མིན་ཏེ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རོ། །སློབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གི་བརྟན་པོར་བྱས་པའི་ཕྱིར་རོ། །ཕྱིས་སྦྱངས་པ་ཐོབ་པ་གང་ཡིན་པ་དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །གང་གི་འབྲས་བུ་དང་པོ་ཡིན་པ་དེ་ལས་ཀྱང་ཉམས་པར་མི་འགྱུར་བས་རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཉམས་པ་མེད་དོ། །ལྷག་མ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་དགྲ་བཅོམ་པ་ཉིད་ལས་ཀྱང་ཉམས་པར་འགྱུར་བར་བརྗོད་དོ། །དགྲ་བཅོམ་དྲུག་བཞིན། སློབ་པ་དང་། འཕགས་མིན་སོ་སྐྱེ་ཡང་རིགས་དྲུག་དང་ལྡན་ཏེ། དགྲ་བཅོམ་པའི་རིགས་རྣམས་ནི་དེ་དག་མངོན་དུ་འགྲོ་བ་ཡིན་པས་སོ། །མཐོང་བའི་ལམ་ལ་ནི་སྦྱོར་བ་མི་སྲིད་པའི་ཕྱིར་དབང་པོ་འཕོ་བ་མེད་དོ། །ཉམས་པའང་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་༑ མ་ཐོབ་པ་ལས་ཡོངས་སུ་ཉམས་པ། ཡོན་ཏན་ཐོབ་པ་མངོན་དུ་མི་བྱེད་ན་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་རྣམ་པ་གསུམ་ཞེས་བྱ་བའི་སྟོན་པ་ལ་ཐ་མ། མི་གཡོ་བ་ལ་བར་མཐའ༑ དགྲ་བཅོམ། གཞན་ལ་ནི་རྣམ་པ་གསུམ་མོ། །དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་སླར་འཆི་བ་མེད་དེ། མདོ་ལས་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ཉམས་པ་ཆུང་ངུ་འབྱུང་མོད་གྱི། འོན་ཀྱང་མྱུར་བ་ཁོ་ནར་ནུབ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ། །ཞེས་འབྱུང་ཞིང་། དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །འབྲས་བུ་གང་ལས་ཉམས་ཀྱང་། འབྲས་བུ་དེ་དང་འགལ་བ་བྱ་བ་མ་ཡིན་པ་མི་བྱེད་དེ་རྩལ་པོ་ཆེ་འདྲེད་པ་རྡེག་མི་འཆའ་བ་བཞིན་ནོ། །དབང་པོ་འཕོ་བ་ལ་བར་ཆད་མེད་དང་རྣམ་གྲོལ་ལམ། རྟོགས་པའི་སྐལ་བ་ཅན་ཞིག་མི་གཡོ་བའི་རིགས་ཅན་རྟོགས་པར་བྱེད་ན་བར་ཆད་མེད་དང་རྣམ་གྲོལ་ལམ་དགུ་སྐྱེ་སྟེ༑ དཔེར་ན་དགྲ་བཅོམ་ཐོབ་པ་བཞིན་ནོ། །དབང་རཏལ་གྱི་རིགས་དེ་ཤིན་ཏུ་བརྟན་པ་སྟེ་སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རོ། །མཐོང་བས་ཐོབ་པ་ལ་བར་ཆད་མེད་དང་རྣམ་གྲོལ་རེ་རེའོ། བར་ཆད་མེད་དང་རྣམ་གྲོལ་ལམ་དེ་དག་ཐམས་ཅད་ཟག་མེད་དེ། འཕགས་པ་རྣམས་ཀྱི་དབང་པོ་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་པའི་ཕྱིར་རོ༑ །གང་དུ་འཕོ་ཞེ་ན། མིའི་ནང་དུ་འཕོའོ། །ས་གང་ལ་བརྟེན་ནས་དབང་པོ་འཕོ་ན་མི་སློབ་ས་དགུ་ལ་བརྟེན་ཏེ་འཕོ། སློབ་པ་གཟུགས་མེད་མ་གཏོགས་པ་ས་དྲུག་ལ། གང་གི་ཕྱིར་ན་དབང་པོ་འཕོ་བ་ན་དབང་པོ་རཏལ་པོའི་ལམ་འཕེལ་བས་ལམ་གྱི་འབྲས་བུ་དང་ཁྱད་པར་ཅན་བཏང་སྟེ། དབང་པོ་རྣོན་པོའི་རིགས་ཀྱི་ལམ་གྱི་འབྲས་བུ་ཁོ་ནར་འགྱུར་བའོ། །སངས་རྒྱས་གཉིས་དང་ཉན་ཐོས་བདུན་ཏེ་དགྲ་བཅོམ་དེ་དགུ །ཆུང་ངུའི་ཆུང་ངུ་སོགས་ཀྱི་དབང་པོ་རྣམ་པ་དགུའི་བྱེ་བྲག་གིས་གང་ཟག་དགུ་ཡིན་ནོ། །ཉན་ཐོས་མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ༑ སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་དེའི་རིགས་ཅན་ནོ། །གཉིས་ཀས་བྱས་པ་འཕགས་པའི་གང་ཟག་རྣམས་བདུན་དུ་ཡང་བཞག་སྟེ། དད་པའི་རྗེས་འབྲང་ཆོས་ཀྱི་རྗེས་འབྲང་༑ དད་མོས། མཐོང་ཐོབ། ལུས་མངོན་བྱེད། ཤེས་རབ་རྐྱང་གྲོལ། གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །དེ་དག་ཀྱང་། སྦྱོར་བ་ལས་དང་པོ་གཉིས་དང་། དབང་པོ་ལས་དེ་འོག་གཉིས། སྙོམས་འཇུག་ལས་ལྔ་པ། རྣམ་གྲོལ་ལས་ཕྱི་མ་གཉིས་སོ། །དེ་དག་རྫས་སུ་ནི་གང་ཟག་དྲུག་སྟེ། འདི་ལྟར་ལམ་གསུམ་ལ་གཉིས་གཉིས་ཏེ། མཐོང་ལམ་དུ་རྗེས་འབྲང་གཉིས། སྒོམ་ལམ་དུ་མོས་མཐོང་གཉིས། མི་སློབ་ལམ་དུ་གཉིས་ཏེ། དུས་ཀྱི་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་དག་གོ །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ནི་གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་དག་གིས་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་གཉིས་ཀ་ལས་རྣམ་པར་གྲོལ་བའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བ་ཅིག་ཤོས་ཀྱང་གྲོལ་བའོ། །ཇི་ཙམ་གྱིས་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་ན་སྙོམས་འཇུག་དང་དབང་པོ་དང་འབྲས་བུ་རྣམས་ཀྱིའོ། །དབང་པོ་དང་སྙོམས་པར་འཇུག་པ་གཉིས་ཀྱི་མི་སློབ་པ་ཡོངས་སུ་རྫོགས་སོ། །ལམ་གྱི་བྱེ་བྲག་མང་པོ་ཞིག་བཤད་ཀྱང་༑ མདོར་བསྡུ་ན་རྣམ་པ་བཞི་སྟེ། ཁྱད་པར་ཅན་དང་། རྣམ་གྲོལ་དང་། བར་ཆད་མེད་དང་སྦྱོར་བའི་ལམ་ཞེས་བྱའོ། །སྐྱེ་བའི་གོ་རིམ་མས་རིམ་གྱིས་སྔར་སྐྱེའོ། །ཅིའི་ཕྱིར་གྱི་ལམ་ཞེས་བྱ་ཞེ་ན། དེ་ནས་དེར་འགྲོ་བའི་ཕྱིར་རམ། འདིས་མྱ་ངན་ལས་འདས་པ་འཚོལ་བའི་ཕྱིར་འདི་དག་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །སྤང་བླ་བ་དང་། དཀའ་བ་དང་༑ མངོན་ཤེས་བུལ་ལ་དཀའ་བ་དང་། དངོས་ཤེས་མྱུར་ལ་དཀའ་བ་བཞི་ཡང་སྟེ། བསམ་གཏན་བཞི་ནི་ལམ་རྣམས་བླ་བ་སྟེ་ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་ལྷག་མཉམ་པ་དག་གིས་འབད་མི་དགོས་པར་ངང་གིས་འབྱུང་བའི་ཕྱིར་རོ། །ས་གཞན་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན། གཟུགས་མེད་དག་གི་ལམ་ནི་ཡན་ལག་གིས་མ་ཟིན་པ་དང་། ཞི་ལྷག་ཆུང་བའི་ཕྱིར་དཀའ་བ་ཡིན། བློ་རཏལ་པོ་ནི་ལམ་བླའམ་དཀའ་ཡང་རུང་མངོན་པར་ཤེས་པ་བུལ་བ་སྟེ། ཅིག་ཤོས་དབང་རྣོན་གྱི་ནི་མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་དེ་དང་མཐུན་པ་ཉིད་ཀྱི་ཕྱིར་སུམ་ཅུ་རྩ་བདུན་ལ་མིང་གི་སྒོ་ནས་ཕྱོགས་དང་མཐུན་པ་རྫས་སུ་བཅུ་སྟེ། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཤེས་རབ་དང་༑ ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། རྟོག་པ་དང་། ཚུལ་ཁྲིམས་དང་ཤིན་ཏུ་སྦྱངས་པའོ། །ཇི་ལྟར་བྱས་པས་ཞེ་ན། དྲན་པ་ཉེར་བཞག་ཤེས་རབ་སྟེ༑ བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། རྫུ་འཕྲུལ་རྐང་པ་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེ་དག་གཙོ་བོར་སྨོས་པ་ཡིན་ལ། དེ་དག་གི་སྦྱོར་བྱུང་གི་ཡོན་ཏན་ཀུན་ཀྱང་ཡིན་ནོ། །བརྩོན་འགྲུས་ལ་ཡང་དག་འཇོག་གམ་སྤོང་བཞི་ཟེར་ཞེ་ན། དེས་ལུས་ངག་ཡིད་ལ་ཡང་དག་པར་འཇོག་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་འབྱོར་བའི་རྟེན་ཡིན་པས་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །བྱེ་སྨྲ་སྡེ་མཚན་བདུན་དུ་བསྡུ་སྟེ། གོ་རིམ་བཞིན། ལས་ནི་དང་པོ་དག་དྲན་པ་ཉེར་བཞག་དང་། ངེས་འབྱེད་ཆ་མཐུན་བཞི་རྣམས་དང་། ཡང་དག་སྤོང་རྫུ་འཕྲུལ་རྐང་དབང་པོ་སྟོབས་རིམ་པ་བཞིན་སྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། མཐོང་བའི་ལམ་ལ་ལམ་གྱི་ཡན་ལག་རྣམས་རབ་ཏུ་ཕྱེ། བྱང་ཆུབ་ཡན་ལག་ལམ་ཡན་ལག་གཉིས་ཟག་པ་མེད་པ་ཁོ་ན། གཞན་རྣམས་ཟག་བཅས་ཟག་མེད་རྣམ་པ་གཉིས་སོ། །ས་གང་ན་བསམ་གཏན་དང་པོ་ན་སོ་བདུན་པོ་ཐམས་ཅད་དོ། །མི་ལྕོགས་མེད་ན་དགའ་བ་མ་གཏོགས་པའོ། །བསམ་གཏན་གཉིས་པ་ན་ནི་རྟོག་པ་མ་གཏོགས་པའོ། །བསམ་གཏན་གསུམ་པ་བཞི་པ་གཉིས་ན་དགའ་རྟོག་དེ་གཉིས་མ་གཏོགས་སུམ་ཅུ་རྩ་ལྔ་ཡོད་དོ། །བསམ་གཏན་བར་ནའང་དེ་བཞིན་ནོ། །གཟུགས་མེད་པ་གསུམ་ནའང་དེ་དང་ཚུལ་ཡན་ལག་བྱང་ཆུབ་དང་ནི་ལམ་གྱི་ཡན་ལག་མ་གཏོགས་པ་འདོད་པའི་ཁམས་དང་སྲིད་རྩེ་ནའོ། །དེ་དག་གནས་པ་བདེན་གསུམ་མཐོང་ན་ཆོས་ལ་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཐོབ་བོ། །ལམ་མངོན་པར་རྟོགས་ན་སངས་རྒྱས་དང་དེ་ཡི་དགེ་འདུན་དག་ལ་ཡང་ཤེས་ནས་དད་པ་དང་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པའང་ཐོབ་བོ། །འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེ་ན། ཆོས་བདེན་གསུམ་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །རྫས་སུ་གཉིས་ཏེ་དད་པ་དང་ཚུལ་ཁྲིམས་དྲི་མ་མེད་པ་ཡིན་ནོ། །དེའི་ཕྱིར་སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང་ཤེས་པ་མ་བཤད་ཅེ་ན། སློབ་པ་ནི་ད་དུང་ཉོན་མོངས་པའི་འཆིང་བས་བཅིངས་པའི་ཕྱིར། སློབ་པའི་ཡན་ལག་ཏུ་རྣམ་གྲོལ་མ་བཤད་པ་ཡིན་ནོ། །རྣམ་པར་གྲོལ་བ་དེ་འདུས་བྱས་འདུས་མ་བྱས་རྣམ་པ་གཉིས་སོ། །དེ་ལ་ཉོན་མོངས་བཅོམ་པ་འདུས་མ་བྱས། མི་སློབ་པའི་མོས་པ་ནི་རྣམ་གྲོལ་འདུས་བྱས་སོ། །མི་སློབ་པའི་ཡན་ལག་ནི་ཕྱི་མ་དེ་ཡིན་ནོ། །དེ་ཉིད་ཡང་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་གཉིས། ཡང་དག་པའི་ལྟ་བར་མ་གཏོགས་ཡང་དག་པའི་ཤེས་པ་གང་ཞེ་ན། བྱང་ཆུབ་ཇི་སྐད་བཤད་པ་དེ་རྣམས་སུ་ཤེས་པར་བྱའོ། །མི་སློབ་པའི་སེམས་ནི་སྐྱེ་འགྱུར་བ་མ་འོངས་པ་སྒྲིབ་པ་རྣམས་ལས་ནི་རྣམ་པར་གྲོལ་བར་འགྱུར་རོ། །སྒྲིབ་པ་ནི་ཉོན་མོངས་པའི་ཐོབ་པ་སྟེ། དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ། །གནས་སྐབས་གང་གི་ལམ་གྱིས་དེ་སྐྱེ་བའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བ་ད་ལྟ་བའི་ལམ་གྱིས་ནི་དེ་ཡི་སྒྲིབ་པ་རབ་ཏུ་སྤོང་ངོ་། །རྣམ་གྲོལ་འདུས་མ་བྱས་དང་། ཁམས་གསུམ་སྤངས་པའི་ཁམས་དང་། འདོད་ཆགས་བྲལ་བའི་ཁམས་དང་། འགོག་པའི་ཁམས་བཞི་ལ་ཁྱད་པར་ཅི་ཡོད་ཅེ་ན། །དང་པོ་འདུས་མ་བྱས་ཉིད་ལ་ཁམས་གསུམ་གྱི་སྤངས་པའི་ཁམས་ཞེས་བྱའོ། །འདོད་ཆགས་ཀུན་ཟད་ནི་འདོད་ཆགས་དང་བྲལ་བའི་ཁམས་ཡིན་ནོ། །སྤངས་པའི་ཁམས་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་པ་དག་སྤངས་པའོ། །འགོག་པའི་ཁམས་ཞེས་བྱ་བ་ཉོན་མོངས་པ་མ་གཏོགས་པའི་གཞི་སྤོང་བའོ། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་དེས་འདོད་ཆགས་དང་བྲལ་བར་འགྱུར་རམ་ཞེ་ན། སྡུག་བསྔལ་རྒྱུ་ཀུན་འབྱུང་ལ་བཟོད་ཤེས་རྣམས་ཀྱིས་ཡིད་འབྱུང་གཞན་གྱིས་མ་ཡིན་ནོ། །བདེན་བཞི་ལ་བཟོད་ཤེས་གང་གིས་ཉོན་མོངས་པ་སྤོང་བར་འགྱུར་བ་ཀུན་གྱིས་ཀྱང་འདོད་ཆགས་དང་འབྲལ་བར་འགྱུར་རོ། །དེས་ཉོན་མོངས་པ་མི་སྤོང་ངོ་། །དེ་ལྟར་ན་ནི་མུ་བཞི་སྲིད་པ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའོ།། །། བདུན་པ་ཡེ་ཤེས་བསྟན་པའི་གནས་ལ། ཡེ་ཤེས་རྣམ་པར་བཤད་པ། དེ་དག་གི་ཞིབ་བཤད། དེ་ཐོབ་པའི་ཡོན་ཏན་གསུམ་ལས། དང་པོ་ནི། བཟོད་པ་རྣམས་ཞེས་ཀྱང་འབྱུང་། ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ན། བཟོད་པ་ཡིན་ལ་ཤེས་པ་མིན་པ་ནས་ལྟ་བ་མ་ཡིན་པའི་བར་ཡོད་དམ་ཞེ་ན། ཡོད་དེ། དྲི་མ་མེད་པའི་བཟོད་པ་རྣམས་ཤེས་པ་མིན་ཏེ། དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཡང་དག་པའི་ལྟ་བ་དག་ཡིན་ནོ། །ཟད་པ་དང་མི་སྐྱེ་བའི་ཤེས་པའམ་བློ་ནི་ཡང་དག་པའི་རྟོག་པ་མེད་པ་དང་། ཡོངས་སུ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མིན་ནོ། །བཟོད་པ་དང་ཟད་མི་སྐྱེ་ཤེས་པ་དེ་ལས་གཞན་པ་འཕགས་པ་ཟག་པ་མེད་པའི་བློ་ནི་ལྟ་ཤེས་གཉིས་ཀའོ། །གཞན་འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ནི་ཤེས་རྐྱང་དང་༑ ལྟ་བ་ལྔ་འཇིག་རྟེན་པའི་ཡང་དག་ལྟ་བ་སྟེ་དྲུག་ནི་ལྟ་བའང་ཡིན། དེ་དག་འཇིག་རྟེན་པའི་ཤེས་པའང་ཡིན་ནོ། །ཤེས་པ་ཐམས་ཅད་བཅུས་བསྡུས་ཏེ། དེ་ཡང་ཤེས་པ་ཟག་བཅས་ཟག་པ་མེད་པ་གཉིས་སུ་བསྡུས། དེ་གཉིས་ལས་དང་པོ་ཀུན་རྫོབ་འཛིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཞེས་བྱའོ། །ཟག་མེད་ནི་རྣམ་པ་གཉིས་ཏེ། ཆོས་ཤེས་པ་དང་ནི་རྗེས་སུ་ཤེས་པ་ཁོ་ན་ཡིན་ནོ། །ཀུན་རྫོབ་ཤེས་པའི་ཡུལ་ནི་ཐམས་ཅད་དོ། །ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་འགོག་ལམ་མོ། །རྗེས་ཤེས་པའི་སྤྱོད་ཡུལ་གོང་མ་གཟུགས་གཟུགས་མེད་ན་སྤྱོད་པའི་སྡུག་བསྔལ་སོགས་སོ། །གཉིས་པོ་དེ་དག་ཉིད་བདེན་པའི་བྱེ་བྲག་གིས་སྡུག་བསྔལ་ཤེས་པ་སོགས་བཞིར་ཕྱེ་སྟེ། དེ་དག་ལ་དམིགས་པས་སོ། །རྣམ་པ་དེ་བཞི་དེ་དག་ནི་ཆོས་ཤེས་རྗེས་ཤེས་ལྟ་བའི་རང་བཞིན་མ་ཡིན་པ་རྣམ་པ་བཞི་པོ་དེ་དག་ཁོ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །དེ་གཉིས་དང་པོ་སྐྱེས་པ་ནི༑ སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་པའི་རྩེ་མོ་པའི་སྡུག་ཀུན་ལ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར་རོ། །ཆོས་དང་རྗེས་ཤེས། ལམ་ཤེས་པ་དང་ཀུན་རྫོབ་ཤེས་པ་བཞི་ལས་ཕ་རོལ་གྱི་སེམས་རིག་པ་སྟེ་ཤེས་པའོ། །དེ་ཡིས་འདས་པ་མི་ཤེས་པ་ནི་བསམ་གཏན་འོག་མའི་ས་པས་གོང་མའི་ས་པ་མི་ཤེས་པའོ། །དབང་པོ་འདས་པ་ནི་དད་མོས་དང་དུས་ཀྱི་རྣམ་པར་གྲོལ་བས་མཐོང་ཐོབ་དང་། དུས་དང་མི་སྦྱོར་བར་རྣམ་གྲོལ་ལམ་མི་ཤེས་པའོ། །གང་ཟག་འདས་པ་མི་ཤེས་པ་ནི་ཕྱིར་མི་འོང་དགྲ་བཅོམ་རྣམས་ཀྱི་ལམ་འོག་མས་མི་ཤེས་པའོ། །ཞིག་པ་དང་མ་སྐྱེས་པ་མི་རིག་པ་ནི་འདས་མ་འོངས་མི་ཤེས་པའོ། །ཕ་རོལ་གྱི་སེམས་ཤེས་པ་ཆོས་ཤེས་པའི་ཕྱོགས་དང་རྗེས་སུ་མཐུན་པས་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་མི་ཤེས་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པས་ཀྱང་བློ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མི་ཤེས་པའང་ཕན་ཚུན་མིན་ཞེས་བྱའོ། །མཐོང་བའི་ལམ་ལ་ཕ་རོལ་གྱི་སེམས་ཤེས་པ་མེད་ལ། དེའི་དམིགས་པ་ནི་ཡོད་དེ། དེ་ལ་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ཤེས་པར་འདོད་པས་སྦྱོར་བ་བྱས་ན་ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ལས་སྐད་ཅིག་མ་གཉིས་རིག་སྟེ། སྡུག་བསྔལ་ལ་ཆོས་བཟོད་པ་དང་། ཆོས་ཤེས་པའོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ལ་དམིགས་པ་ནི་སྦྱོར་བ་གཞན་གྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ཇི་སྲིད་དེ་ལ་སྦྱོར་བ་རྩོམ་པ་དེ་སྲིད་ཀྱིས་དེ་སེམས་བཅུ་དྲུག་པ་རྗེས་སུ་ཐོབ་པར་འགྱུར་གྱི་བར་དུ་མི་ཤེས་སོ། །བསེ་རུ་ལྟ་བུས་ནི་དང་པོ་གཉིས་དང་། བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་གསུམ་ཤེས་ཏེ། སྦྱོར་བ་ཆུང་བའི་ཕྱིར་རོ། །གཞན་དག་དང་པོ་གཉིས་དང་བཅོ་ལྔ་པ་རྣམས་ཤེས་སོ་ཟེར་རོ། །སངས་རྒྱས་ནི་སྦྱོར་བ་མེད་པར་མཐོང་བའི་ལམ་གྱི་སྐད་ཅིག་མ་ཀུན་མཁྱེན་ནོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཟད་པ་ཤེས་པ་བདེན་པ་རྣམས་ལ་ཡོངས་སུ་ཤེས་པ་ངེས་པ་དང་༑ ཡང་ཡོངས་སུ་ཤེས་པར་བྱར་མེད་པ་ལ་སོགས་མི་སྐྱེ་བའི་བློར་འདོད་དེ། བསྟན་བཅོས་ལས་ཟད་པ་ཤེས་པ་གང་ཞེ་ན། བདག་གི་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཞེས་བྱ་བར་ཤེས་པ་དང་། ཀུན་འབྱུང་སྤངས་སོ། །འགོག་པ་སྔོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཤེས་པ་དང་མཐོང་བ་དང་རིགས་པ་དང་། བློ་དང་རྟོགས་པ་དང་ཤེས་རབ་དང་སྣང་བ་དང་། མངོན་པར་རྟོགས་པ་གང་ཡིན་པ་འདི་ནི་ཟད་པ་ཤེས་པ་ཞེས་བྱའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དེ་ཞེས་བྱ་བ་ནས། བདག་གིས་ལམ་བསྒོམས་ཏེ་ཡང་སྒོམ་དུ་མེད་དོ་ཞེས་བྱ་བའི་བར་དུ་ཤེས་པ་དེའི་རྒྱུད་ལས་བྱུང་བའི་ཞེས་རྒྱས་པར་བཤད་དོ། །ཁ་ཆེ་བ་རྣམས་བསྟན་བཅོས་ལས་དེའི་རྗེས་ལ་ལངས་པས་དེ་ལྟར་ཤེས་ཏེ། དེའི་ཕྱིར་དེའི་བྱེ་བྲག་གིས་དེ་གཉིས་ཀྱི་བྱེ་བྲག་བསྟན་ནོ་ཞེས་ཟེར། གཞན་དག་ཟག་པ་མེད་པས་ཀྱང་ཤེས་པར་སྨྲའོ། །དེ་ལྟར་ན་ཤེས་པ་བཅུ་ཡིན་ཏེ། ཆོས་ཤེས་རྗེས་སུ་ཤེས་པ་ཀུན་རྫོབ་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པའོ། །ཅིའི་རྒྱུས་བཅུ་ཡིན་ནོ་ཞེས་བྱ་ཞེ་ན། རྒྱུ་བདུན་གྱིས་ཏེ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་སྟེ། དོན་དམ་པ་མི་ཤེས་པའི་ཕྱིར་རོ༑ །གཉེན་པོ་ལས་ནི་ཆོས་རྗེས་ཏེ། འདོད་པའི་ཁམས་དང་ཁམས་གོང་གི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་སྡུག་ཀུན་ཏེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་རྣམ་པའི་སྤྱོད་ཡུལ་དམིགས་པ་ལས་ནི་འགོག་ལམ་སྟེ། རྣམ་དམིགས་ཐ་མི་དད་པའི་ཕྱིར་དང་། སྦྱོར་བ་ལས་ནི་ཕ་རོལ་པོའི་སེམས་ཤེས་པ་སྟེ། དེ་ནི་སེམས་ལས་བྱུང་བ་རྣམས་ཀྱང་ཤེས་མོད་ཀྱི། སེམས་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་བྱས་པ་ལས་འགྲུབ་པའི་ཕྱིར་དང་། བྱ་བ་བྱས་པ་ཉིད་ལས་ནི་ཟད་པ་ཤེས་པ་སྟེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཉིད་དུ་སྐྱེ་བའི་ཕྱིར་དང་༑ རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་པ་མེད་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །སྒོམ་པའི་ལམ་ལ་འགོག་པའམ། ལམ་ལ་ཆོས་ཤེས་པ་སྒོམ་ལམ་གྱིས་བསྡུས་པ་གང་ཡིན་པ་དེ་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་སུ་ཤེས་པ་ཐ་མ་ཡིན་གྱི་རྣམ་པ་ཐམས་ཅད་ཀྱི་མ་ཡིན་ནོ། །ཤེས་པ་བཅུ་པོའི་ནང་ནས་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་བཅུ་དྲུག །ཀུན་རྫོབ་ཤེས་པ་ནི་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ། དེ་བཞིན་དུ་གཞན་དུའང་བཞག་སྟེ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་ནི་རང་རང་གི་བདེན་པའི་རྣམ་པ་དག་ཏུ་འཇུག་པས་རེ་རེ་ཞིང་རྣམ་པ་བཞི་བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་དེ་ཡང་དེ་བཞིན་ཁོ་ནར་རང་གི་བདེན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རྣམ་བཞི་ཅན་ཏེ། ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དེ་དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་སེམས་བྱུང་རྣམས་ཀྱི་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་ལ། གཉིས་ཀའང་རྫས་རེ་རེ་ཞིག་པའི་སྤྱོད་ཡུལ་བྱེད་པ་ཅན་དེ་གང་གི་སེམས་འཛིན་པ་དེའི་ཚེ་སེམས་ལས་བྱུང་བ་རྣམས་མི་འཛིན་ལ། གང་གི་ཚེ་ཚོར་བ་འཛིན་པའི་ཚེ་འདུ་བྱེད་མི་འཛིན་པ་ལྟ་བུས་སོ། །ལྷག་མ་ཟད་མི་སྐྱེ་རྣམ་པ་བཅུ་བཞི་ཅན་ཏེ། སྟོང་པ་དང་བདག་མེད་གཉིས་མ་གཏོགས་སོ། །ཟག་མེད་ལ་རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་དམ་ཞེ་ན། ཁ་ཆེ་བ་རྣམས་དྲི་མ་མེད་པ་བཅུ་དྲུག་མ་གཏོགས་ཟག་པ་མེད་པའི་རྣམ་པ་མེད་དོ། །གཞན་ཉི་འོག་པ་ཡོད་ཅེས་བསྟན་བཅོས་ལས་ཁོང་དུ་ཆུད་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་མིང་གི་སྒོ་ནས་སམ་རྫས་ཀྱི་སྒོ་ནས་ཞེ་ན། རྫས་སུ་རྣམ་པ་བཅུ་དྲུག་གོ །རྣམ་པ་ཞེས་པ་ཤེས་རབ། ཤེས་རབ་ཁོ་ནས་འཛིན་པར་བྱེད་དམ་ཞེ་ན་མ་ཡིན་ཏེ། དེ་དང་བཅས་པའི་དང་། དམིགས་པ་དང་བཅས་པའི་ཆོས་གཞན་ཐམས་ཅད་ཀྱིས་ཀྱང་འཛིན་པར་བྱེད་དོ། །གང་ཅི་ཡོད་པ་ཐམས་ཅད་གཟུང་བྱ་ཡིན་ནོ། །དེ་ལྟར་བྱས་ན་ཤེས་རབ་ནི་རྣམ་པ་དང་འཛིན་བྱེད་གཟུང་བྱ་ཡང་ཡིན་ནོ། །དམིགས་པ་དང་བཅས་པ་ནི་འཛིན་བྱེད་དང་གཟུང་བྱའོ། །དམིགས་པ་མེད་པ་རྣམས་ནི་གཟུང་བྱ་ཁོ་ནའོ། །གཉིས་པ་དེ་དག་གི་ཞིབ་བཤད་ནི། ཤེས་པ་བཅུའི་དང་པོ་ཀུན་རྫོབ་ཤེས་པ་རྣམ་པ་གསུམ་ལ་སྟེ་དགེ་མི་དགེ་ལུང་མ་བསྟན་ནོ། །གཞན་དགུ་རྣམས་དག་ནི་དགེ་བ་ཁོ་ནའོ། །དང་པོ་འདོད་པ་ནས་སྲིད་རྩེའི་བར་གྱི་ས་རྣམས་ཐམས་ཅད་ན་ཡོད། བསམ་གཏན་བཞི་མི་ལྕོགས་མེད་བསམ་གཏན་ཁྱད་པར་ཅན་དྲུག་ན་ཆོས་ཤེས་བྱ་བ་དྲུག་ཡོད་དོ། །དྲུག་པོ་དེ་དང་གཟུགས་མེད་གསུམ་སྟེ་དགུ་ན་རྗེས་ཤེས་བྱ་བའོ། །དེ་བཞིན་སྡུག་ཀུན་འགོག་ལམ་ཟད་མི་སྐྱེ་དྲུག་པོ་ས་དགུ་པོ་དེ་དག་ན་ཡོད་དོ། །གཞན་ཡིད་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ན་སྟེ། དེ་ནི་འདོད་དང་གཟུགས་ཀྱི་རྟེན་ཅན་གྱིས་མངོན་སུམ་དུ་བྱེད་དོ། །ཆོས་ཤེས་བྱ་བ་འདོད་པའི་རྟེན་ཅན་ཁོ་ནར་མངོན་སུམ་དུ་བྱེད་ལ། གཉིས་པོ་མ་གཏོགས་གཞན་ཐམས་ཅད་ཁམས་གསུམ་པའི་རྟེན་ཅན་ནོ། །བློ་ཤེས་རབ་ཤེས་པ་རྣམ་གྲངས། དེས་འགོག་བློ་ཆོས་དྲན་པ་ཉེ་བར་གཞན་པ་གཅིག་སྟེ། ཕ་རོལ་གྱི་སེམས་ཤེས་པའི་བློ་ནི་ཚོར་སེམས་ཆོས་གསུམ་མོ། །དེ་གཉིས་ལས་གཞན་པའི་ལྷག་མ་རྣམས་ནི་དྲན་པ་ཉེར་བཞག་བཞི་ཆར་ཡིན་ནོ། །ཆོས་བློའི་སྤྱོད་ཡུལ་ཤེས་པ་དགུ་ཡིན་ཏེ། རྗེས་ཤེས་མ་གཏོགས་སོ། །ལམ་བློའི་ཡང་དགུ་སྟེ། ཀུན་རྫོབ་ཤེས་པ་མ་གཏོགས་སོ། །རྗེས་བློའི་ཡང་དགུ་ཡིན་ཏེ། ཆོས་ཤེས་མ་གཏོགས་སོ། །སྡུག་བསྔལ་དང་རྒྱུའི་བློའི་ནི་ཀུན་རྫོབ་དང་གཞན་སེམས་ཤེས་པ་གཉིས་ཡིན་ནོ། །ཀུན་རྗོབ་གཞན་སེམས་ཟད་མི་སྐྱེའི་བཞི་ཡི་དམིགས་པ་ནི་ཤེས་པ་བཅུ་ཆར་ཡིན་ནོ། །འགོག་པ་ཤེས་པ་གཅིག་པོའི་དམིགས་པ་མིན་ནོ། །ཆོས་བཅུ་དག་ནི། ཆོས་འདུས་བྱས་རྣམས་ལ་འདོད་པ་དང་གཟུགས་གཟུགས་མེད་ཁམས་གསུམ་ན་སྤྱོད་པ་དང་དྲི་མེད་ཆོས་བཞི་རྣམས་མཚུངས་པར་ལྡན་པ་མ་ཡིན་པ་གཉིས་ཀྱི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་བྱའོ། །འདུས་མ་བྱས་རྣམས་ལ་དགེ་བ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་རྣམ་པ་གཉིས་གཉིས་སུ་བྱའོ། །ཤེས་པ་དང་དེ་སྦྱར་བར་བྱ་བ་ནི༑ ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་དོ། །ཆོས་ཤེས་པའི་ནི་ལྔ་སྟེ། འདོད་སྤྱོད་གཉིས་དང་། ཟག་པ་མེད་པའི་གཉིས་གཉིས་ཏེ་བཞི་འདུས་མ་བྱས་དགེ་བའོ༑ །རྗེས་ཤེས་གྱི་བདུན་ཏེ། གཟུགས་དང་གཟུགས་མེད་ན་སྤྱོད་པ་ཟག་པ་མེད་པ་དྲུག་འདུས་མ་བྱས་དགེ་བའོ། །སྡུག་ཀུན་ཤེས་པའི་དྲུག་སྟེ། ཁམས་གསུམ་ན་སྤྱོད་པ་རྣམས་སོ༑ །འགོག་པ་ཤེས་པའི་གཅིག་སྟེ། འདུས་མ་བྱས་དགེ་བའོ། །ལམ་ཤེས་པའི་ནི་གཉིས་ཏེ་དྲི་མེད་དག་གོ །གཞན་སེམས་ཤེས་པའི་ནི་ཁམས་གསུམ་གྱི་མཚུངས་ལྡན་གསུམ༑ ཟད་མི་སྐྱེའི་དགུ་སྟེ། འདུས་མ་བྱས་ལུང་མ་བསྟན་མ་གཏོགས་སོ། །ཀུན་རྫོབ་གཅིག་པུས་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་པ་ཉིད་དུ་རིགས་པར་འགྱུར་བ་གང་དང་ལྡན་ལ། སོ་སྐྱེ་ལ་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །འདོད་ཆགས་བྲལ་བ་ཞིག་ཡིན་ན་ཕ་རོལ་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །འཕགས་པ་ནི་ཟག་པ་མེད་པའི་སྐད་ཅིག་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སྟེ་ཆགས་ཅན་ཡིན་ན་ཀུན་རྫོབ་ཤེས་པ་གཅིག་དང་ལྡན་ནོ། །གཉིས་པ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་ཀུན་རྫོབ། ཆོས་ཤེས། སྡུག་ཤེས་གསུམ་དང་ལྡན་ནོ། །དེ་ཡན་ཆད་ནི་སྐད་ཅིག་མ་བཞི་ལ་ཤེས་པ་རེ་རེ་འཕེལ་བ་དང་ལྡན་ཏེ། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་རྗེས་ཤེས་པ་འཕེལ་བ་སོགས་ཀྱིས་སོ། །གནས་སྐབས་གང་དུ་ཤེས་པ་དུ་ཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་དང་། ཤེས་པ་ཇི་ལྟར་སྐྱེས་པ་རྣམས་དེ་དང་འདྲ་བར་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་ཐོབ་པར་འགྱུར་རོ། །མཐོང་བའི་ལམ་དེ་ཉིད་ལ་རྗེས་ཤེས་གསུམ་ལ་ནི་ཀུན་རྫོབ་ཤེས་པ་ཡང་ཐོབ། ཆོས་ཤེས་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་གཏོགས་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་བྱ་ལ། དེ་རེས་འགའ་མངོན་སུམ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད་དེ། དེ་ནི་མི་སྐྱེའི་ཆོས་ཅན་ཡིན་པས་སོ། །ས་དུ་པའི་ཀུན་རྫོབ་ཤེས་པ་ཐོབ་ཅེ་ན། མཐོང་ལམ་པ་ས་གང་ཡིན་པའི་རང་གི་ས་དང་འོག་མ་པའི་སའི་ཀུན་རྫོབ་ཤེས་པ་ཐོབ་བོ། །འགོག་པ་མངོན་པར་རྟོགས་པའི་ཀུན་རྫོབ་ཤེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེར་བཞག་མཐའ་ཡིན་ནོ། །རང་བདེན་གང་མངོན་པར་རྟོགས་པ་ཐོབ་པ་བདེན་པ་དེའི་རྣམ་པ་ཅན་ཁོ་ན་དེ་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ། །དེ་མཐོང་ལམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་འབད་ལས་བྱུང་སྟེ་སྦྱོར་བ་ལས་འོངས་པས་སོ། །ཆགས་བཅས་ནི་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལ་ཤེས་པ་གཉིས་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་དྲུག་ཐོབ་སྟེ། ཆོས་རྗེས་དང་བདེན་བཞི་ཤེས་པའོ། །འདོད་ལ་ཆགས་པ་དང་བྲལ་བས་བདུན་ཏེ། ཕ་རོལ་གྱི་སེམས་ཤེས་པའོ། །དེའི་གོང་མ་སྒོམ་པའི་ལམ་ལ་ནི་ཆགས་བཅས་ཀྱི་སྒོམ་པའི་ལམ་བཞི་ཀར་ཤེས་པ་བདུན་ཐོབ་སྟེ། ཆོས་རྗེས་བདེན་བཞི་ཀུན་རྫོབ་ཤེས་པའོ། །བསམ་གཏན་བཞི་དང་གཟུགས་མེད་གསུམ་སྟེ་ས་བདུན་དེ་དག་ལས་རྒྱལ་བ་ནི་དེ་དག་ལས་འདོད་ཆགས་དང་བྲལ་བ་དང་། །མངོན་པར་ཤེས་པ་དང་། མི་གཡོ་བ་ཐོབ་པར་བྱེད་པ་དང་། བསམ་གཏན་སྤེལ་མར་སྒོམ་པའི་བར་ཆད་མེད་ལམ་ཇི་སྙེད་པ་དག་དང་། དེའི་ཡང་གོང་མ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་བརྒྱད་ལའང་ཤེས་པ་བདུན་ཁོ་ན་ཐོབ་བོ། །སློབ་པ་ཆགས་བཅས་དབང་པོ་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་ཤེས་པ་དྲུག་ཐོབ་ལ། ཕ་རོལ་གྱི་སེམས་ཤེས་མ་གཏོགས་སོ། །འདོད་ཆགས་དང་བྲལ་བ་ལ་དེ་བསྣན་ཏེ་བདུན་ཐོབ་པའོ། །ཆགས་བཅས་ཆགས་བྲལ་གཉིས་ཀའི་དབང་པོ་སྦྱོང་བའི་བར་ཆད་མེད་ལམ་ལ་དྲུག །ཀུན་རྫོབ་ཤེས་པ་ལམ་དང་ཕ་རོལ་གྱི་སེམས་ཤེས་གཉིས་མ་གཏོགས་པའོ། །དེ་བཞིན་སྲིད་པའི་རྩེ་མོ་བའི་བར་ཆད་མེད་ལམ་ལའང་དྲུག་གོ །ཟད་པ་ཤེས་པ་ལ་དགུའོ། །མི་སྐྱེ་བ་ནི་མ་གཏོགས་སོ། །མི་གཡོ་བས་ནི་བཅུ་ཆར་ཐོབ་བོ། །མི་གཡོ་བ་དེར་འཕོ་བའི་རྣམ་གྲོལ་ལམ་ཐ་མ་ལའང་བཅུ་ཐོབ་བོ། །བཤད་པའི་ལྷག་མ་འདོད་པ་ལས་ཆགས་བྲལ་བའི་རྣམ་གྲོལ་ལམ་དགུ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བ་དང་། མངོན་པར་ཤེས་པ་དང་། སྤེལ་མར་སྒོམ་པའི་རྣམ་གྲོལ་ལམ་རྣམས་དང་། མི་གཡོ་བ་རྟོགས་བྱེད་རྣམ་གྲོལ་ལམ་བརྒྱད་དང་། འདོད་ཆགས་དང་བྲལ་བའི་སྦྱོར་བ་དང་། ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལ་ཟད་མི་སྐྱེ་བ་མ་གཏོགས་བརྒྱད་ཐོབ་བོ། །ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ལམ་གང་སྦྱོར་བའི་ལམ་གཉིས་ཡིན་ལ། ཆགས་བྲལ་བས་གང་ཐོབ་དེར་ཡང་འོག་མའི་ས་ཡང་ཟག་པ་མེད་པ་ཤེས་པ་རྣམས་ཐོབ་པར་འགྱུར་རོ། །ཟད་པ་ཤེས་པས་ཐོབ་པ་ལ་ཟག་པ་དང་བཅས་པའི་ཡོན་ཏན་སྔོན་མེད་པ་ཐམས་ཅད་ཀྱང་ཆོས་མཐུན་པར་ཐོབ་སྟེ། ས་ཀུན་ལས་སྔོན་རྙེད་ཟིན་པ་མི་ཐོབ་བོ། །ཐོབ་པ་ནི་རྣམ་པ་བཞི་སྟེ། རྙེད་པས་ཐོབ་པ་དང་༑ བརྟེན་པས་ཐོབ་པ་དང་། གཉེན་པོས་ཐོབ་པ་དང་། ཐག་བསྲིངས་བའི་ཐོབ་པའོ། །དེ་ལས་རྙེད་པ་དང་རྟེན་པས་ཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས་རྣམས་ཀྱི་ཐོབ་པ་ཡིན་ཏེ༑ མ་འོངས་པ་རྣམས་ཀྱི་ནི་གཅིག་གོ །ད་ལྟར་བྱུང་བ་རྣམས་ཀྱི་གཉིས་ཀའོ། །གཉེན་པོ་དང་ཐག་སྲིང་བས་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡིན་ལ། ཟག་པ་མེད་པ་རྣམས་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་གཉིས་པ་ཡིན་ནོ། །ཉི་འོག་པ་ཐོབ་པ་དྲུག་ཏུ་འདོད་དེ། བཞིའི་ཁར་སྡོམ་པ་ཐོབ་པ་དང་། རྣམ་པར་འཇིག་པ་ཐོབ་པའོ། །སྔ་མ་ནི་དབང་པོ་རྣམས་ཀྱི་ཡིན་ལ། ཕྱི་མ་ནི་ལུས་ཀྱིའོ། །ཁ་ཆེ་བ་དེ་གཉིས་ནི་གཉེན་པོ་དང་ཐག་སྲིང་དུ་འདུས་སོ་ཟེར་རོ། །གསུམ་པ་དེ་ཐོབ་པའི་ཡོན་ཏན་ནི། སངས་རྒྱས་ཁོ་ནས་ཟད་པ་མཁྱེན་པའི་ཚེ་ཆོས་འདི་ནི་བརྙེས་ཀྱི་གཞན་དག་གི་མ་ཡིན་པ་མ་འདྲེས་པའོ། །དེ་ཡང་སྟོབས་བཅུ་དང་། ལ་སོགས་པ་མི་འཇིགས་པ་བཞི་དང་། དྲན་པ་ཉེར་བཞག་གསུམ་དང་། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དོ། །དེ་ལས་གནས་དང་གནས་མིན་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་ཀ །ལས་དང་འབྲས་བུ་རྣམ་སྨིན་མཁྱེན་པ་ལ་བརྒྱད་དེ་འགོག་ལམ་ཤེས་པ་མ་གཏོགས་པའོ། །བསམ་གཏན་སོགས་པ་རྣམ་ཐར་ཏིང་ངེ་འཛིན་སྙོམས་འཇུག །དབང་པོ་མཆོག་དང་མཆོག་མ་ཡིན་པ། མོས་པ་སྣ་ཚོགས་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ལ་ནི་འགོག་ཤེས་མ་གཏོགས་པ་དགུའོ། །ཐམས་ཅད་དུ་འགྲོ་བའི་ལམ་འབྲས་བུ་དང་བཅས་པ་མཁྱེན་པ་དག་ལ་བཅུའམ་གལ་ཏེ་མ་ཡིན་ན་འགོག་ཤེས་བཞག་པས་དགུའོ༑ །སྔོན་གནས་རྗེས་དྲན་མཁྱེན་པ་དང་། འཆི་འཕོ་སྐྱེ་བ་མཁྱེན་པ་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་ནོ། །ཟག་ཟད་ཤེས་པ་འགོག་ཤེས་ཁོ་ན་ཡིན་ན་ནི་ཟག་ཟད་མཁྱེན་པའི་སྟོབས་ཤེས་པ་དྲུག་སྟེ། ཆོས་རྗེས་འགོག་ཟད་མི་སྐྱེ་ཀུན་རྫོབ་ཤེས་པ་རྣམས་སོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུ་ལ་ཡོད་པའི་ཤེས་པ་ཡིན་ན་ཤེས་པ་བཅུ་ཡིན་ནོ། །ས་གར་ན། སྔོན་གནས་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བསམ་གཏན་བཞིའི་ས་པ་དག་ན། སྟོབས་ལྷག་མ་ནི་ས་རྣམས་ཀུན་ལའོ། །ཐམས་ཅད་འཛམ་བུ་གླིང་པའི་རྟེན་ཅན་ཏེ་གཞན་དུ་སངས་རྒྱས་མི་འབྱུང་བའོ༑ །ཅིའི་ཕྱིར་སྟོབས་ཞེས་བྱ། འདིའི་སྟོབས་གང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་ལ་ནི་སྲེད་མེད་ཀྱི་བུའི་སྟོབས་མངའོ། །གཞན་དག་ཚིགས་དང་ཚིགས་ན་སྲེད་མེད་ཀྱི་བུའི་སྟོབས་མངའ་ཟེར་རོ། །སྲེད་མེད་བུའི་སྟོབས་ཀྱི་ཚད་ཅི། གླང་ཆེན་སོགས་ནི་གླང་ཆེན་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས། དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ། རབ་གནོན། ཡན་ལག་མཆོག །སྟོབས་མཆོག །སྲེད་མེད་ཀྱི་བུ་བདུན། སྔ་མ་སྔ་མ་ལས་བཅུས་ལྷག་པའི་སྟོབས་ཡིན་ནོ༑ །འགའ་ཞིག་དེ་ཕྱེད་དེ། སྟོབས་མཆོག་བཅུའི་སྟོབས་གཉིས་སྲེད་མེད་ཀྱི་བུའི་སྟོབས་ཟེར་རོ། །ལུས་ཀྱི་སྟོབས་དེ་ནི་རེག་བྱའི་སྐྱེ་མཆེད་དོ། །མི་འཇིགས་པ་ནི་རྣམ་པ་བཞི་ཡང་ཇི་ལྟར་སྟོབས་ནི་དང་པོ་དང་བཅུ་པ་གཉིས་པ་བདུན་པ་བཞིན་ཏེ། ཇི་ལྟར་ན་མཁྱེན་པ་ཉིད་དང་མི་འཇིགས་པ་འདྲ་བ་ཡིན་ཞེ་ན། མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ། འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་རོ། །དྲན་པ་ཉེར་བཞག་གསུམ་ནི། དྲན་པ་དང་ཤེས་རབ་ཤེས་བཞིན་བདག་ཉིད་གསུམ། ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཀྱི་བློ་ཡིན་ནོ། །ཅིས་ཐུགས་རྗེ་དེ་ཆེན་པོ་ཡིན་ཞེ་ན། ཚོགས་གཉིས་འགྲུབ་པའི་ཕྱིར་དང་། རྣམ་པ་སྡུག་བསྔལ་གསུམ་ལ་རྟོག་པའི་ཕྱིར་དང་། ཁམས་གསུམ་གྱི་སེམས་ཅན་ལ་དམིགས་པའི་སྤྱོད་ཡུལ་གྱིས་དང་༑ སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པས་མཉམ་པའི་ཕྱིར་དང་། དེ་ཐམས་ཅད་ལས་ཆེས་ཆེ་བའི་ཕྱིར་གྱིས་སོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད་དེ། ངོ་བོ་ཉིད་ལས་ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པས་དང་། རྣམ་པ་ལས་ནི་དང་པོ་སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཅན་དང་། དམིགས་པ་ལས་ནི་ཁམས་གཅིག་དང་གསུམ་གྱི་སེམས་ཅན་ལ་དམིགས་པ་དང་། ས་ལས་ནི་བསམ་གཏན་བཞི་དང་། བཞི་པའི་བསམ་གཏན་དང་། རྒྱུད་ལས་ནི་ཉན་ཐོས་སོགས་དང་། རང་སངས་རྒྱས་ཀྱི་རྒྱུད་ཀྱི་སྐྱེ་བ་དང་། ཐོབ་པ་ལས་ནི་འདོད་ཁམས་དང་སྲིད་རྩེའི་ཆགས་བྲལ་བས་ཐོབ་པའི་ཕྱིར་དང་། ཡོངས་སུ་མི་སྐྱོབ་པ་དང་སྐྱོབ་པ་དང་། མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པ་བརྒྱད་དོ། །ཅི་སངས་རྒྱས་ཐམས་ཅད་མཉམ་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་ནི་རྒྱུ་གསུམ་པོ་སྔོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་། འགྲོ་བའི་དོན་སྤྱོད་པས་མཉམ་པ་ཉིད་དེ། སྐུ་ཚེ་དང་རིགས་དང་སྐུ་བོངས་ཚོད་ཀྱིས་མིན་ཏེ་དེ་ལ་ཁྱད་པར་ཡོད་དོ། །དེ་དག་ནི་སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ཡིན་ལ། ཆོས་གཞན་ནི་སློབ་མ་ཉན་ཐོས་དང་ཐུན་མོང་ཡིན་ནོ། །ཁ་ཅིག་སོ་སོ་སྐྱེ་བོ་དང་ཡང་སྟེ། གང་རྣམས་ཞེ་ན། ཉོན་མོངས་པ་མེད་པ་དང་༑ སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་སོགས་པ་བསམ་གཏན་གཟུགས་མེད་ཚད་མེད་རྣམ་པར་ཐར་པ་ཟིལ་གནོན་ཟད་པར་ལ་སོགས་པའོ༑ །ཉོན་མོངས་པ་མེད་པ་ནི་ཀུན་རྫོབ་ཤེས་པ་བསམ་གཏན་ཐ་མ་སྟེ་བསམ་གཏན་བཞི་པའི་ས་པ། དེ་ཡང་དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ཁོ་ནའི་ཡིན་ལ། མི་དག་གི་ནང་དུ་བསྐྱེད་པ་དེའི་དམིགས་པ་ཉོན་མོངས་པ་འདོད་པར་གཏོགས་པ་མ་སྐྱེས་པ་བཞི་དང་བཅས་པའི་སྤྱོད་ཡུལ་ཅན་ནོ། །སྨོན་ནས་ཤེས་པའང་གཞན་དེ་ཇི་ལྟ་བ་བཞིན་ལ། དེའི་དམིགས་པ་ཆོས་ཐམས་ཅད་དོ༑ །སྨོན་པ་སྔར་བཏང་བའི་ཤེས་པ་ཡིན་པས་སྨོན་ཤེས་སོ། །ཉོན་མོངས་མེད་ཤེས་མི་གཡོ་བ། མིའི་ནང་དུ་བསྐྱེད་པ་དེ་བཞིན་འདི་ཡང་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཡིན་ལ། གསུམ་གྱི་དམིགས་པ་ནི། གོ་རིམ་བཞིན། མིང་ཚིག་ཡི་གེའི་ཚོགས་དང་། དོན་དང་ངག་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །བཞི་པ་རིག་པ་ཐག་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དང་། ལམ་ཏིང་ངེ་འཛིན་ལ་དབང་བ་ཉིད་དེ་གསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །དེའི་དམིགས་པ་ངག་དང་ལམ་ཡིན་ལ། དེ་ནི་ཤེས་པ་དགུ་སྟེ་འགོག་ཤེས་མ་གཏོགས་པའོ། །ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་དོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་དོན་ཆོས་ཐམས་ཅད་ཡིན་ན་ཤེས་པ་བཅུའམ། དོན་མྱང་འདས་ཡིན་ན་ཤེས་པ་དྲུག་སྟེ། ཆོས་རྗེས་འགོག་ཟད་མི་སྐྱེ་ཀུན་རྫོབ་ཤེས་པ་དྲུག་གོ །དེ་ནི་ས་ཀུན་ནའོ། །གཞན་ཆོས་དང་ངེས་ཚིག་སོ་སོ་ཡང་དག་པར་རིག་པ་གཉིས་ནི་ཀུན་རྫོབ་ཤེས་པ། ཆོས་སོ་སོ་ཡང་དག་པར་རིག་པ་ས་ལྔ་སྟེ། འདོད་པ་དང་བསམ་གཏན་བཞི་ནའོ། །ངག་ནི་ངེས་ཚིག་སྟེ། འདོད་པ་དང་བསམ་གཏན་དང་པོ་ནའོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བ་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡོད་དེ་གཅིག་མ་ཚང་བར་ནི་དེ་ཐོབ་པ་མེད་པའོ། །ཉོན་མོངས་མེད་སོགས་དྲུག་པོ་དེ་དག་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་ཐོབ་བོ། །བཞི་པ་རབ་མཐའ་དེ་ནི། ཉོན་མོངས་མེད་སྨོན་ཤེས་ཡང་དག་རིགས་གསུམ་རབ་མཐའ་དེ་ཉིད་དང་རྣམ་པ་དྲུག་གི་བདག་ཉིད་དོ། །ངེས་ཚིག་ཡང་དག་པར་རིག་པ་ནི་དེའི་སྟོབས་ཀྱིས་ཐོབ་པ་ཡིན་གྱི། བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་ཞེས་པའང་བསམ་གཏན་གྱི་མཐའ་སྟེ་བསམ་གཏན་བཞི་པའོ། །དེ་ནི་འདོད་པ་ན་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། དེ་ལས་བསམ་གཏན་གཉིས་པ་ནས་འདུ་ཤེས་མེད་མིན་གྱི་བར་ལ་སྙོམས་པར་འཇུག་གོ །མི་མཐུན་པ་ནི་ཡང་འདོད་སྤྱོད་ཀྱི་སེམས་ཀྱི་བར་ལའོ། །དེ་ལས་ཡང་བསམ་གཏན་བཞི་པའི་བར་དུ་མཐུན་པ་ཡིན་ཏེ། དེ་ལྟར་ན་ས་ཀུན་གྱི་མཐུན་པར་བྱས་པ་ཡིན་ནོ། །ཅིས་འཕེལ་བའི་རབ་ཏུ་ཕྱིན་པ་ནི། དེ་ལྟར་སྒོམ་པ་ཆུང་ངུ་ལས་འབྲིང་། འབྲིང་ལས་ཆེན་པོ་ལ་སྙོམ་པར་འཇུག་པ་སྟེ། བསམ་གཏན་འདི་ལྟ་བུ་ནི་རབ་ཀྱི་མཐའ་པ་སྟེ། འདི་ལ་མཐར་རབ་ཏུ་ཕྱིན་པ་ཡོད་པའོ། །དྲུག་པོ་དེ་དག་ཀྱང་སངས་རྒྱས་ལས་གཞན་སྦྱོར་བ་ལས་སྐྱེས་པ་སྟེ་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྦྱོར་བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་དེ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར། དེའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་གྱུར་པ་ནི་བཞེད་པ་ཙམ་ལ་རག་ལས་པ་ཡིན་ནོ། །དེ་དག་ཉན་ཐོས་དང་ཐུན་མོང་བ་རྣམས་སོ། །མངོན་ཤེས་སོགས་ནི་སོ་སྐྱེ་དང་ཡང་ཐུན་མོང་བ་སྟེ། མངོན་པར་ཤེས་པའང་རྫུ་འཕྲུལ་གྱི་ཡུལ་ཤེས་པ་སྔོན་དུ་བྱ་བའི་མངོན་ཤེས་དང་། ལྷའི་རྣ་བ་དང་། ཡིད་དམ་སེམས་ཀྱི་རྣམ་གྲངས་དང་ནི། སྔོན་གྱི་ཚེ་རྗེས་སུ་དྲན་པ་དང་། འཆི་འཕོ་སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ཡི་མངོན་པར་ཤེས་པ་སྟེ་རྣམ་དྲུག་ཡིན་ནོ། །ཕྱི་མ་མ་གཏོགས་སོ་སྐྱེ་དང་ཐུན་མོང་བ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་བློ་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ་སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་མ་གཏོགས་པའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་ལ་ལྔ་ཡིན་ཏེ། ཆོས་རྗེས་ལམ་ཀུན་རྫོབ་ཕ་རོལ་གྱི་སེམས་ཤེས་ལྔའོ༑ །ཟད་པའི་མངོན་ཤེས་སྟོབས་བཞིན་དུ་དྲུག་གམ་བཅུ་པ་ཡིན་ནོ། །འདི་ས་ཐམས་ཅད་པ་ཡིན་ལ། ལྷག་མ་ལྔ་ནི་བསམ་གཏན་བཞི་དག་ཡིན་ནོ། །མངོན་ཤེས་ལྔ་ནི་རང་དང་འོག་སའི་ཡུལ་ཅན་ཡིན་པའོ། །འདི་དག་ཇི་ལྟར་ཐོབ་ཅེ་ན། མ་འདྲིས་པ་རྣམས་ཀྱིས་ནི་སྦྱོར་བས་ཐོབ་ཕྱིར་དང་། འདྲིས་པ་ཚེ་རབས་གཞན་དུ་གོམས་པར་བྱ་བས་འདོད་ཆགས་དང་བྲལ་བས་ཐོབ་བོ། །གསུམ་པ་སེམས་ཀྱི་མངོན་ཤེས་ནི། སེམས་དང་སེམས་བྱུང་ལ་དམིགས་པ་ཡིན་པའི་ཕྱིར། ཚོར་སེམས་ཆོས་དྲན་པ་ཉེར་བཞག་གསུམ་མོ། །དང་པོ་ལུས་དྲན་པ་ཉེ་བར་བཞག་པ་ནི་རྫུ་འཕྲུལ་རྣ་བ་ལྷའི་མིག་གི་མངོན་ཤེས། ལྷག་མ་བཞི་ཆར་གྱི་རང་བཞིན་ནོ། །དེ་ལས་ལྷའི་མིག་དང་ལྷའི་རྣ་བའི་མངོན་པར་ཤེས་པ་ནི་ལུང་དུ་མ་བསྟན་པའོ། །ལྷག་མ་རྣམས་ནི་དགེ་བ་ཡིན་ནོ། །སྔོན་གནས་འཆི་འཕོ་སྐྱེ་བ་ཟག་མེད་ཤེས་པ་གསུམ་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ། །ཅིའི་ཕྱིར་འདི་དག་ནི་གོ་རིམ་བཞིན་དུ། སྔོན་གྱི་མཐའ་དང་། སོགས་པ་ཕྱི་མའི་མཐའ་དང་། བར་མ་ཀུན་ཏུ་རྨོངས་པ་མ་རིག་པར་ནི་ཟློག་པའི་ཕྱིར་དེ་དག་ལས་དོན་དམ་པར་མི་སློབ་པའི་རིག་པ་ནི་གསུམ་གྱི་མཐའ་མ་ཁོ་ནའོ། །གཞན་གཉིས་ནི་དེའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པར་ངེས་ཞེས་བྱས་ཀྱི། དོན་ལ་དེ་སློབ་མི་སློབ་གཉིས་ཀ་མ་ཡིན་ནོ། །མངོན་པར་ཤེས་པ་ཐམས་ཅད་སློབ་པའི་རིག་པར་རིགས་ན་དེ་སྐད་མ་བརྗོད་ཅེ་ན། སློབ་ལ་འདོད་ན་སློབ་པ་དེ་རྒྱུད་མ་རིག་པ་དང་བཅས་བཞིན་དུ་རིག་པ་རྣམ་པར་གཞག་དུ་མི་རུང་བས་མ་བཤད་དེ། མ་རིག་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །མངོན་ཤེས་དེ་དག་ལས། དང་པོ་གསུམ་པ་དྲུག་པ་ནི་རིམ་པ་བཞིན་ཆོ་འཕྲུལ་རྣམ་པ་གསུམ་རྣམས་ཡིན་ནོ་སྟེ། རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་དག་གི་ནང་ན་རྗེས་སུ་བསྟན་པ་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མི་འཁྲུལ་བའི་ཕྱིར་དང་། ཕན་པ་དང་། ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར་གྱིས་སོ། །རྫུ་འཕྲུལ་དང་ཀུན་བརྗོད་པ་དག་ནི་རིག་སྔགས་ཀྱིས་ཀྱང་བྱེད་པ་ཡོད་ལ། རྗེས་བསྟན་འདི་མི་ནུས་པའི་ཕྱིར་མི་འཁྲུལ་བའོ། །རྫུ་འཕྲུལ་ཀྱང་བྱེ་སྨྲའི་ལུགས་ལ། རྫུ་འཕྲུལ་ཏིང་ངེ་འཛིན་ཏེ་འདིས་འབྱོར་བར་བྱེད་པས་ནའོ༑ །དེ་ལས་ཅི་ཞིག་འབྱོར་ན། སྤྲུལ་དང་འགྲོ་བའོ། །དེ་ལ་འགྲོ་བ་གསུམ་སྟེ། ལུས་ཕྱིན་བྱེད་པ། མོས་པ་ལས་བྱུང་བ། ཡིད་མགྱོགས་པའོ། །སྟོན་པ་ཁོ་ན་ལ་ཡིད་མགྱོགས་འགྲོ་བ་ཡོད། གཞན་ཉན་རང་དག་ལ་ལུས་ཕྱིན་བྱེད་ཀྱི་འགྲོ་བ་ཡང་ཡོད་དེ། བྱ་བཞིན་དུ་རིམ་གྱིས་ལུས་ཕྱིན་པར་བྱེད་པས་སོ། །མོས་པ་ལས་བྱུང་བ་ཡང་ཡོད་དེ། ཐག་རིང་པོ་ལ་ཉེ་བར་མོས་ནས་མྱུར་དུ་འགྲོ་བའི་ཕྱིར་རོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ། འདོད་སྤྱོད་གཟུགས་སྤྱོད་དོ། །འདོད་པར་རྟོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཟུགས། དྲི་རོ་རེག་བཞིའི་རང་བཞིན་ནོ། །དེ་ཡང་བདག་དང་གཞན་གྱི་ལུས་དང་འབྲེལ་བ་རྣམ་པ་གཉིས། གཟུགས་རྟོགས་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས། འདི་ཡང་སྔ་མ་བཞིན་གཉིས་སོ། །འོ་ན་མངོན་པར་ཤེས་པ་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་མངོན་པར་ཤེས་པའི་འབྲས་བུ་སྤྲུལ་སེམས་དག་གིས་སོ། །དེ་དག་ཀྱང་ནི་བཅུ་བཞིའོ་སྟེ། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པའི་སེམས་ནི་གཉིས་ཏེ་འདོད་པ་དང་རང་སའོ། །དེ་ནས་བསམ་གཏན་གཉིས་པོའི་གསུམ་སྟེ་སྔར་གྱི་ཁར་རང་ས། དེ་བཞིན་བསམ་གཏན་གསུམ་པ་བཞི་པ་དག་ཀྱང་བཞི་དང་ལྔར་རིམ་བཞིན་སྦྱར་ལ། སྤྲུལ་པའི་སེམས་ནི་རང་ས་དང་། འོག་མའི་དག་ཡིན་གྱི་གོང་མ་ལས་སྐྱེས་པ་མ་ཡིན་ནོ། །སྤྲུལ་སེམས་དེ་སྙེད་པ་ནི་བསམ་གཏན་བཞིན་ནོ༑ །སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བ་མེད་དེ། དེ་ནི་བསམ་གཏན་དག་པའམ། སྤྲུལ་པའི་སེམས་རང་གི་མཇུག་ཐོགས་ལས་སྐྱེས་པ་ཁོ་ནའོ། །སྤྲུལ་པའི་སེམས་དེ་ལས་ཀྱང་གཉིས་བསམ་གཏན་དག་པ་དང་སྤྲུལ་སེམས་སྐྱེ། ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ལས་ལྡང་བ་མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་རང་གི་ས་པས་སྤྲུལ་པར་བྱེད་དོ། །སྨྲར་འཇུག་པ་ནི་འོག་མས་ཀྱང་བྱ་བ་སྟེ་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ །སྟོན་པ་སངས་རྒྱས་མིན་པས་གཞན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་སྨྲ་བས་གང་གི་ཚེ་སྤྲུལ་པོ་མང་པོ་ཞིག་ཡིན་པ་དེའི་ཚེ་ཅིག་ཅར་སྨྲ་ལ། གཅིག་མི་སྨྲ་བར་གྱུར་པ་དང་ཐམས་ཅད་མི་སྨྲ་བའོ། །གནས་པར་འདོད་པས་སྤྲུལ་པ་བྱིན་གྱིས་བརླབས་ནས་ཡིད་གཞན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པས་ངག་འཇུག་པའི་ཕྱིར་རོ། །ཅི་གསོན་པ་ཁོ་ན་ལ་བྱིན་རླབས་ཡོད་དམ་ཤི་བ་ལའང་ཞེ་ན། ཤི་བ་ལ་ཡང་བྱིན་རླབས་ཡོད་དེ་འོད་སྲུངས་ཀྱི་སྐུ་གདུང་བྱིན་གྱིས་བརླབས་པ་བཞིན་ནོ། །བྱིན་རླབས་དེ་ཡང་མི་བརྟན་པ་ལ་ནི་མེད་དེ་དེས་གཞན་སྐུའི་ཤ་ལ་སོགས་པ་དག་བྱིན་གྱིས་བརླབ་པ་མིན་པས་རུས་པའི་ཀེང་རུས་གནས་སོ། །དང་པོར་སྤྲུལ་པའི་སེམས་དུ་མས་སྤྲུལ་པ་གཅིག་བྱེད་པ་ཡིན་ཏེ། བྱང་བར་གྱུར་ནས་ཟློག་པའོ། །དེ་སེམས་གཅིག་གི་སྤྲུལ་པ་དུ་མའོ། །སྤྲུལ་པའི་སེམས་ལས་སྒོམ་པ་ལས་སྐྱེས་པའི་འབྲས་བུ་གང་ཡིན་པ་ནི་ལུང་མ་བསྟན་ནོ། །སྐྱེ་བའི་སྟོབས་ལས་སྐྱེས་པ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་གསུམ་མོ། །རྫུ་འཕྲུལ་ནི་དེ་གཉིས་ཀྱི་སྟེང་དུ་གསང་སྔགས་ལས་དང་སྨན་དག་དང་། ལས་ལས་སྐྱེས་པ་དང་རྣམ་པ་ལྔའོ། །ལྷའི་མིག་དང་རྣ་བ་རུ་བཤད་པ་དེ་དག་ལྷ་ཁོ་ནའི་ཡིན་ནམ་གཞན་ལ་ཡང་ཞེ་ན། བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བ་དང་། ཁྱིམ་བདག་རིན་པོ་ཆེ་ལྟ་བུར་ལྷའི་དང་འདྲ་བས་ལྷའི་མིག་དང་རྣ་བ་ཡིན་ཏེ། དེ་གཉིས་ནི་བསམ་གཏན་ལ་སྙོམས་པ་ཞུགས་པའི་མིག་དང་རྣ་བའི་ཐོས་སྐོར་དུ་སྒྲ་དང་། སྣང་བ་ལ་གཏོད་པའི་སྦྱོར་བས་བསམ་གཏན་གྱི་ས་པའི་འབྱུང་བ་རྣམས་རྒྱུར་བྱས་པའི་གཟུགས་དང་བ་གཟུགས་དང་། སྒྲ་དག་མཐོང་པ་དང་ཐོས་པའི་རྒྱུ་མངོན་པར་གྲུབ་པས་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་མིག་དང་རྣ་བ་དེ་དག་ནི་ལྷའི་ཁོ་ན་ཡིན་ནོ། །དེ་གཉིས་ཀྱང་རྟག་ཏུ་རྣམ་པར་ཤེས་པའི་རྟེན་དང་བཅས་པ་ཞར་འོན་མེད་པའི་ཕྱིར་མ་ཚང་བ་མེད་པ་ཡུལ་གཟུགས་དང་སྒྲ་ཐག་རིང་བ་དང་ཕྲ་སོགས་བསྒྲིབ་པ་དག་ཀྱང་སྤྱོད་ཡུལ་བྱེད་པ་ཅན་ཡིན་ནོ། དགྲ་བཅོམ་པའང་ལྷའི་མིག་གིས་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཐོང་ཞིང་། བསེ་རུ་ལྟ་བུས་སྟོང་གསུམ་དང་། སྟོན་པ་སངས་རྒྱས་རྣམས་ཀྱིས་འཇིག་རྟེན་ཁམས་གྲངས་མེད་མཐོང་སྟེ། ཐམས་ཅད་གཟིགས་པའོ། །རྫུ་འཕྲུལ་ལས་གཞན་ལྷའི་རྣ་བ་སོགས་བཞི་ཡང་སྐྱེ་བས་ཐོབ་པ་ཡོད་ཀྱང་མངོན་པར་ཤེས་པའི་མིང་མ་ཐོབ། སྐྱེས་ཐོབ་དེས་ནི་སྲིད་པ་བར་མ་མི་མཐོང་ལ། མངོན་པར་ཤེས་པས་མཐོང་ངོ་། །སྐྱེས་ཐོབ་ཕ་རོལ་གྱི་སེམས་ཤེས་པ་དེ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་མོ། །གང་མཚན་མར་རྟོག་པ་རྣམས་ཀྱི་ཕ་རོལ་གྱི་སེམས་ཤེས་པ་རྟོག་གེ་བ་དང་༑ གང་རིག་སྔགས་ཀྱིས་བྱས་པ་དེ་ཡང་རྣམ་པ་གསུམ་མོ། །སྔོན་གྱི་གནས་རྗེས་སུ་དྲན་པ་སྐྱེ་བས་ཐོབ་པ་དག་གིས། དམྱལ་བ་པས་ནི་དང་པོ་ཤེས་ཏེ་སྡུག་བསྔལ་གྱི་ཚོར་བས་མ་མནན་པའི་བར་ལའོ། མི་ལ་སྐྱེ་བས་ཐོབ་པ་མེད་ལ། ཚེ་རབས་དྲན་པ་དེ་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པས་སྔོན་གནས་རྗེས་དྲན་གསུམ་སྟེ་སྒོམ་བྱུང་སྐྱེས་ཐོབ་ལས་སྐྱེས་པའོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའོ།། །། བརྒྱད་པ་སྙོམས་པར་འཇུག་པའི་གནས་བསྟན་པ་ལ། གང་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན། དེ་ལ་སྙོམས་པར་ཞུགས་པའི་ཡོན་ཏན་བསྟན་པ་གཉིས་ལས། དང་པོ་ལ། རང་བཞིན། དེ་ཞིབ་མོར་བཤད་པ་གཉིས་ལས། དང་པོ་ནི། ཡོན་ཏན་ཐམས་ཅད་ཀྱི་རྟེན་བསམ་གཏན་དག་ནི་རྣམ་པ་གཉིས་ཏེ། སྐྱེ་བ་དང་སྙོམས་པར་འཇུག་པའི་བྱེ་བྲག་གིས་སོ། །དེ་གཉིས་ལ་གཞན་ལས་འབྲས་བུ་བསམ་གཏན་དང་། རྒྱུ་བསམ་གཏན་ཞེས་རྗོད་པ་དེ་ལ། བསམ་གཏན་བཞི་པའི་བསམ་གཏན་དང་པོ་གསུམ་ལ་གསུམ་གསུམ་སྟེ་དགུ །བཞི་པ་ས་བརྒྱད་པ་སྟེ་དེར་སྐྱེ་བ་དག་འཇིག་རྟེན་བསྟན་པར་རབ་ཏུ་བཤད་ཟིན་ནོ། །རྒྱུ་བསམ་གཏན་ནམ་སྙོམས་པར་འཇུག་པ་ཇི་ལྟ་བུ་ཞེ་ན། དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་འབྲང་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །དེ་ཡང་སེམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི་གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་རྩེ་གཅིག་པ་ཉིད་ཡིན་ནོ། །རྩེ་གཅིག་པ་ཞེས་པའང་དམིགས་པ་གཅིག་པ་ཉིད་དོ། །འདིས་སེམས་པར་བྱེད་པས་བསམ་གཏན་ཏེ། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ་སྐད་ཀྱི་བྱིངས་འདི་ནི་སེམས་པའི་དོན་ཡིན་ལ། སེམས་པ་ཡང་ཤེས་རབ་ཡིན་ནོ་ཞེས་གྲུབ་པའི་མཐའ་ལས་བྱུང་ངོ་། །དེ་ལྟ་ན་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཉི་མ་བཞིན་ནོ། །ཕུལ་དུ་ཕྱིན་པ་དང་ལྡན་པ་གང་ཞེ་ན། ཏིང་ངེ་འཛིན་གང་ཡན་ལག་དང་ལྡན་པ་ཡིན་ཏེ། དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་ངང་གིས་འབྱུང་བའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ལམ་སླ་བ་ཞེས་གསུངས་པ་དེ་ནི་ཤིན་ཏུ་ཡང་སེམས་པར་བྱེད་དོ་ཞེས་སོ། །ལོག་པར་ངེས་པར་སེམས་པའི་ཕྱིར་ས་བོན་རུལ་པ་ལྟ་བུར་བསམ་གཏན་མི་དགེ་བ་ཡང་གསུངས་སོ། །གཉིས་པ་དེ་ཞིབ་མོར་བཤད་པ་ལ་བསམ་གཏན་གྱི་བྱ་བ། ཇི་ལྟར་ཐོབ་པ། ཐོད་བརྒལ་གྱི་སྙོམས་འཇུག །རྟེན་དམིགས། རྣམ་གྲངས་ལྔ་ལས། དང་པོ་ནི། དགེ་བའི་སེམས་རྩེ་གཅིག་པ། དཔྱོད་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པ་ནི་བསམ་གཏན་དང་པོ་ཡིན་ནོ། །དཔྱོད་པ་སྨོས་པས་རྟོག་པ་ཡང་བཤད་པ་ཡིན་ཏེ་ལྷན་ཅིག་སྤྱོད་པའི་ཕྱིར་དུ་བ་དང་མེ་བཞིན་ནོ། །བསམ་གཏན་ལྷག་མ་གསུམ་ནི་ཡན་ལག་སྔ་མ་སྔ་མ་སྤངས་པ་ཡིན་ཏེ། བསམ་གཏན་གཉིས་པ་རྟོག་དཔྱོད་སྤངས་ལ་དགའ་བདེ་ལྡན་པ། གསུམ་པ་རྟོག་དཔྱོད་དགའ་བ་གསུམ་སྤངས་བདེ་བ་དང་ལྡན་པ། བཞི་པ་བདེ་བ་ཡང་སྤངས་པས་སོ། །བསམ་གཏན་དེ་བཞིན་གཟུགས་མེད་དེ་ཡང་སྙོམས་པར་འཇུག་པ་དང་། དེ་དག་གི་ཡང་སྐྱེས་པས་རྣམ་པ་གཉིས་སམ་བཞི་ཡིན་ནོ། །བཞི་པོ་དེ་དག་ཀྱང་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པ་ཡིན་ལ། འཁོར་དང་བཅས་ན་ནི་ཕུང་པོ་བཞི་སྟེ། རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །འོག་མའི་བསམ་གཏན་བཞི་པས་དབེན་པ་ལས་སྐྱེས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད། དེ་ལས་དབེན་པ་ལས་སྐྱེས་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད། དེ་ལས་དབེན་པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དབེན་པ་ཞེས་བྱ་བ་ཡང་ལམ་གང་གི་འོག་མ་ལས་རྣམ་པར་འབྱེད་པ་སྟེ། འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ཀྱང་ཉེར་བསྡོགས་གསུམ་དང་བཅས་པར་ནི་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་གཟུགས་ཀྱི་འདུ་ཤེས་མ་བཤིག་སྟེ། བཞི་པ་དེ་གཟུགས་ཀྱི་འདུ་ཤེས་མ་བྲལ་བས་སོ། །དེས་ན་ལྷག་མ་གསུམ་དང་བཅས་པའི་གཟུགས་མེད་པ་དག་ན་གཟུགས་མེད་དོ། །འོ་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་རོ་ཞེ་ན། གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བགོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་ནམ་མཁའ་མཐའ་ཡས་སོ་དང་། རྣམ་ཤེས་མཐའ་ཡས་སོ་དང་། ཅི་ཡང་མེད་དོ་ཞེས་བྱ་བ་དེ་ལྟར་ཡིད་ལ་བྱེད་ཅིང་དེ་དག་ལ་རབ་ཏུ་སྦྱོར་བའི་ཕྱིར་དེ་དག་གི་མིང་དེ་དག་ཡིན་ནོ། །འདུ་ཤེས་དམན་པའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་པའང་མ་ཡིན་པ་ཞེས་བྱའོ། །དེ་ལྟར་ན་འདི་དག་གི་སྙོམས་པར་འཇུག་པའི་ནི་དངོས་གཞིའི་རྫས་རྣམ་པ་བརྒྱད་དེ། བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །དེ་དག་ལས་སྲིད་རྩེ་ལས་གཞན་པ་བདུན་ནི་རྣམ་པ་གསུམ་པ་ཡིན་ཏེ་རོ་མྱང་བ་དང་མཚུངས་པར་ལྡན་པ་དང་། དག་པ་བ་རྣམས་དང་། ཟག་པ་མེད་པ་རྣམས་སོ། །བརྒྱད་པ་སྲིད་རྩེ་བ་རྣམ་པ་གཉིས་ཏེ་ཟག་མེད་མ་གཏོགས་པའོ། །དེ་ལ་རོ་མྱང་བ་དང་མཚུངས་ལྡན་སྲེད་པ་དང་བཅས་སོ། །འཇིག་རྟེན་པའི་དགེ་བ་སྙོམས་པར་འཇུག་པའི་རྫས་ནི་དག་པ་བ་ཞེས་བྱ་སྟེ། མ་ཆགས་པ་ལ་སོགས་པ་ཆོས་དཀར་པོ་དང་ལྡན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་རྫས་གང་དག་པ་བ་འདས་མ་ཐག་པ་དེ་ནི་དེས་རོ་མྱང་པར་བྱེད་དོ། །དེས་ན་རོ་མྱང་བར་བྱ་བ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ། །གང་གི་རོ་མྱང་བར་བྱེད་པ་དེ་ལ་ནི་སྙོམས་པར་ཞུགས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་དེ་ནི་ཟག་པ་མེད་པ་ཡིན་ནོ། །སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ཁོ་ན་ཡན་ལག་བརྒྱད་དང་ལྡན་པ་ཡིན་གྱི་གཟུགས་མེད་པ་རྣམས་མ་ཡིན་ནོ། །དེས་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་དཔྱོད་དང་དགའ་དང་བདེ་དང་སེམས་རྩེ་གཅིག་པའམ་ཏིང་ངེ་འཛིན་རྣམས་སོ། །ཏིང་ངེ་འཛིན་ནི་ཡན་ལག་ཀྱང་ཡིན་ལ། བསམ་གཏན་ཡང་ཡིན་ནོ། །ལྷག་མ་ཡན་ལག་ཉིད་དོ། །བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་སྟེ་ནང་རབ་ཏུ་དང་བ་དང་ནི་དགའ་བ་ལ་སོགས་པ་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ་བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་གནས་པའོ། །མདོ་ལས་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་གནས་པ་དང་། ཡང་དག་པར་གནས་པའོ་ཞེས་སོ། །ཐ་ནི་བསམ་གཏན་བཞི་པ་ཡིན། དེ་ན་ཡན་ལག་བཞི་སྟེ་དྲན་པ་ཡོངས་དག །བཏང་སྙོམས་ཡོངས་དག་དང་། བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པའི་ཚོར་བ་དང་། ཏིང་ངེ་འཛིན་ཡོངས་དག་རྣམས་དེ་དག་གི་མིང་གི་སྒོ་ནས་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་དོ། །རྫས་སུ་བཅུ་གཅིག་སྟེ། དང་པོའི་ལྔ། གཉིས་པའི་ནང་རབ་ཏུ་དང་བ། གསུམ་པའི་བཏང་སྙོམས་དྲན་ཤེས་བདེ་བ༑ བཞི་པའི་ཚོར་བའོ། །བསམ་གཏན་གསུམ་པའི་བདེ་བ་རྫས་གཞན་དུ་བརྗོད་པ་ཅི་ཞེ་ན། དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཡིན་ཞེས་བཞག་པ་འདི་ལ་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་ཏུ་སྦྱངས་པའོ། །ནང་རབ་ཏུ་དང་བའི་རྟོག་དཔྱོད་ཀྱི་འཁྲུག་པ་དང་བྲལ་བས་རྒྱུད་རབ་ཏུ་ཞི་བར་གྱུར་པའོ། །དེ་ཇི་ལྟ་ན་རྫས་གཞན་དུ་བཞག །བསམ་གཏན་གཉིས་པ་ཐོབ་པའི་ཕྱིར་མཉམ་པར་བཞག་པའི་ས་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པ་སྐྱེས་ཏེ། འདི་ནི་འདིར་རབ་ཏུ་དང་བ་ཞེས་བྱས་ཀྱི་དོན་དད་པ་ཡིན་ནོ། །དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་ཁོ་ན་ཡིད་བདེ་བ་ཡིན་གྱི་བདེ་བ་ནི་མ་ཡིན་ཏེ། བསམ་གཏན་ན་ཡོད་པ་བདེ་བ་ཡིད་བདེར་མི་རུང་བ་ཉིད་ཀྱི་ལུང་རྣམ་པ་གཉིས་མཐོང་བའི་ཕྱིར་རོ། །ཅི་ཉོན་མོངས་པ་ཅན་གྱི་བསམ་གཏན་དེ་དག་ལ་བཤད་པ་ལྟར་གྱི་ཡན་ལག་དེ་དག་ཡོད་དམ་ཞེ་ན། མེད་དེ། ཅི་ཞིག་མེད་ཅེ་ན། བསམ་གཏན་དང་པོ་ལ་ནི་དབེན་པ་ལས་སྐྱེས་པའི་དགའ་བདེ་མེད་དེ། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་དང་། གཉིས་པ་ལ་ནང་རབ་ཏུ་དང་བ་མེད་དེ། ཉོན་མོངས་པས་རྙོག་པའི་ཕྱིར་རོ། །གསུམ་པ་ལ་དྲན་པ་དང་ཤེས་བཞིན་མེད་དེ། ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་པའི་ཕྱིར་རོ། །བཞི་པ་ལ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་མེད་དེ། ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ། །ཁ་ཅིག་ཉོན་མོངས་པ་ཅན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་མེད་ལ། གསུམ་བཞི་དག་ན་བཏང་སྙོམས་མེད་དེ། དེ་གཉིས་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ཟེར་རོ། །བསམ་གཏན་གསུམ་སྐྱོན་དང་བཅས་པ། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར་བསམ་གཏན་བཞི་པ་གཡོ་བ་མེད་པའམ་མི་གཡོ་བ་ཡིན་ནོ། །སྐྱོན་བརྒྱད་ནི། རྟོག་དང་དཔྱོད་དང་། དབུགས་རྔུབ་དབྱུང་དག་དང་། བདེ་བ་ལ་སོགས་པ་སྡུག་བསྔལ་ཡིད་བདེ་ཡིད་མི་བདེ་བའོ། །གཞན་དག་བཞི་པ་ནི། རྟོག་དཔྱོད་དགའ་བདེ་དག་གིས་གཡོ་བར་མི་འགྱུར་བའི་ཕྱིར་མི་གཡོ་བ་ཡིན་ཏེ། མདོ་ལས་རླུང་མེད་པའི་མར་མེ་དཔེར་མཛད་པའི་ཕྱིར་རོ། །ཅི་སྙོམས་པར་འཇུག་པའི་བསམ་གཏན་དག་ན་ཡོད་པའི་ཚོར་བ་གང་ཡིན་པ་དེ་དག་སྐྱེ་བའི་བསམ་གཏན་པ་དག་ལའང་ཡོད་དམ་ཞེ་ན། སྐྱེ་བའི་བསམ་གཏན་དག་གི་བསམ་གཏན་དང་པོ་ན་ནི་ཚོར་བ་གསུམ་ཡོད་དེ། རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བ་དང་ཡིད་ཀྱི་ས་པའི་ཡིད་བདེ་བ་དང་། རྣམ་པར་ཤེས་པའི་ཚོགས་བཞིའི་བཏང་སྙོམས་སོ། །བསམ་གཏན་གཉིས་པར། ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་ཡིད་བདེ་བཏང་སྙོམས་སོ། །རྣམ་པར་ཤེས་པའི་ཚོགས་གཞན་མེད་པའི་ཕྱིར་བདེ་བ་ནི་མེད་དོ། །གསུམ་པ་ལའང་ཡིད་བདེ་བཏང་སྙོམས་གཉིས་སོ། །བཞི་པ་ལ་བཏང་སྙོམས་ཁོ་ན་ཡོད་དོ། །གལ་ཏེ་བསམ་གཏན་གསུམ་པ་སོགས་ན་རྣམ་ཤེས་ཚོགས་གསུམ་མེད་ལ། རྟོག་དཔྱོད་དག་ཀྱང་མེད་ན་ཇི་ལྟར་དེ་དག་གིས་མཐོང་བ་ནས་རེག་པའི་བར་དུ་འགྱུར། ཇི་ལྟར་ན་རྣམ་པ་རིག་བྱེད་ཀུན་ནས་སློང་བར་བྱེད་ཅེ་ན། དེ་དག་ཏུ་སྐྱེས་པ་རྣམས་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པ་ཉིད་ཀྱང་མ་ཡིན་ལ་རང་གི་ས་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། གཉིས་པ་སོགས་ན་ལུས་དང་མིག་དང་། རྣ་བའི་རྣམ་པར་ཤེས་པ་རྣམ་རིག་ཀུན་ནས་སློང་བ་མངོན་སུམ་དུ་བྱེད་པ་གང་ཡིན་དེ་ནི་བསམ་གཏན་དང་པོར་གཏོགས་སོ། །རྣམ་ཤེས་དེ་དག་ཀྱང་ལུང་དུ་མ་བསྟན་པ་ཡིན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་ཉོན་མོངས་པ་ཅན་མིན་ནོ། །དམན་པའི་ཕྱིར་དགེ་བ་ཡང་མིན་ནོ། །གཉིས་པ་ཇི་ལྟར་ཐོབ་པ་ནི། དེ་དང་མི་ལྡན་པ་བསམ་གཏན་ནམ་གཟུགས་མེད་པ་དག་པ་བ་ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ། སྲིད་པའི་རྩེ་མོ་མ་གཏོགས་པ་ས་འོག་མར་སྐྱེ་བ་ལས་འཐོབ་སྟེ། སྲིད་རྩེ་སྐྱེ་བས་ཐོབ་པ་མེད་དོ། །དེ་དང་མི་ལྡན་པ་ཅི་བརྗོད་ན། དག་པ་བ་དང་ལྡན་པ་ནི་སྦྱོར་བ་ལས་ཀྱང་ངེས་འབྱེད་ཆ་དང་མཐུན་པའི་དག་པ་བ་ཐོབ་ལ། ཡོངས་སུ་ཉམས་པ་ལས་ཀྱང་ཉམས་པའི་ཆ་དང་མཐུན་པ་ཐོབ་བོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་དག་པ་བ་འདོད་ཆགས་དང་བྲལ་བས་ཐོབ་པར་འགྱུར་ལ་འདོར་བར་འགྱུར་བ་དང་༑ ཡོངས་ཉམས་དང་། སྐྱེ་བས་ཐོབ་པ་དང་། འདོར་བར་འགྱུར་བ་ཡོད་དོ། །ཟག་མེད་འདོད་ཆགས་བྲལ་བ་ཡིས་དེ་དང་མི་ལྡན་པ་ཐོབ་སྟེ། དེ་དང་ལྡན་པ་ནི་ཟད་པ་ཤེས་པ་ལས་ཀྱང་མི་སློབ་པ་ཐོབ་ལ། དབང་པོ་འཕོ་བ་ལས་ཀྱང་སློབ་པ་དང་མི་སློབ་པ་ཐོབ་བོ། །ངེས་པར་འཇུག་པ་ལས་ཀྱང་དང་པོ་ཉིད་དུ་ཟག་པ་མེད་པ་ཐོབ་པ་མ་ཡིན་ནམ་ཞེ་ན། མཐར་གྱིས་པས་མི་ཐོབ་པའི་ཕྱིར་གདོན་མི་ཟ་བར་མ་ཡིན་ནོ། །དེ་དང་མི་ལྡན་པ་ལས་ཐོབ་པ་ཉོན་མོངས་པ་ཅན་གྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཉམས་པ་ལས་ཐོབ་བོ། །གལ་ཏེ་ས་གོང་མ་ནས་འོག་མར་སྐྱེ་ན་སྐྱེ་བ་ཡིས་ཐོབ་བོ། །ཟག་པ་མེད་པའི་བསམ་གཏན་དང་པོའི་མཇུག་ཐོགས་སུ་དྲུག །ཅི་ཡང་མེད་པའི་མཇུག་ཐོགས་སུ་བདུན༑ གཉིས་པའི་མཇུག་ཐོགས་སུ་བརྒྱད། རྣམ་ཤེས་མཐའ་ཡས་མཇུག་ཐོགས་སུ་དགུ །ལྷག་མའི་མཇུག་ཐོགས་སུ་བཅུའོ། །ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྫས་ཀྱི་མཇུག་ཐོགས་སུ། བར་རང་གི་ས་པ་ལྟག་གོང་མ་པ། འོག་མ་པ་གསུམ་པའི་བར་གྱི་དགེ་བ་དག་པ་བ་དང་། ཟག་མེད་སྐྱེ་བོ་ཐོད་བརྒལ་དུ་སྙོམས་པར་འཇུག་པར་བྱེད་པས་གསུམ་པ་ལས་ཕན་ཆད་དུ་བརྒལ་བར་མི་ནུས་སོ། །དག་པ་ལས་དེ་བཞིན་དག་པ་བཞི་མཇུག་ཐོགས་སུ་རང་གི་ས་པའི་ཉོན་མོངས་ཅན་ཡང་སྐྱེའོ། །ཉོན་མོངས་པ་ཅན་གྱི་སྙོམས་འཇུག་གི་མཇུག་ཐོགས་ལས་རང་གི་ས་པའི་དག་པ་བ་དང་། ཉོན་མོངས་ཅན་སྐྱེའོ། །ཉོན་མོངས་པས་གཟིར་བ་ནི་འོག་མའི་དག་པ་ཅིག་ལ་དགའ་བར་འགྱུར་རོ། །འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་དག་པ་བའི་མཇུག་ཐོགས་ལས་ས་ཀུན་གྱི་ཉོན་མོངས་པ་ཅན་སྐྱེའོ། །འཆི་འཕོ་བའི་ཚེ་ཉོན་མོངས་པ་ཅན་གྱི་བསམ་གཟུགས་གྱི་མཇུག་ཏུ་རང་ས་དང་། འོག་མའི་ཉོན་མོངས་སྐྱེ་ཡི། གོང་མ་པ་ནི་མ་ཡིན་ནོ༑ །དག་པ་ཐམས་ཅད་ལས་ཟག་མེད་སྙོམས་འཇུག་སྐྱེ་བ་ཡང་མིན་ཏེ། དག་པ་ཉམས་པའི་ཆ་མཐུན་པ་དང་། སོགས་པས་གནས་པའི་ཆ་དང་མཐུན་པ་དང་། ཁྱད་པར་གྱི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པར་རྣམ་པ་བཞིའོ། །དེ་ནི་གོ་རིམ་བཞིན་དང་པོ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། གཉིས་པ་རང་གི་ས་པ་དང་། གསུམ་པ་ས་གོང་མ་དང་༑ བཞི་པ་ཟག་པ་མེད་པ་དང་རྗེས་སུ་མཐུན་པ་སྟེ་ཟག་པ་མེད་པ་ནི་དེ་ལས་སྐྱེའོ། །བཞི་པོ་དེ་དག་ལས། ཉམས་པའི་ཆ་དང་མཐུན་པ་ནི་ཉམས་པ་དང་བརྟེན་པའོ། །དེའི་མཇུག་ཐོགས་སུ་གཉིས་སྐྱེ་སྟེ། ཉམས་པ་དང་གནས་པའི་ཆ་མཐུན་སོགས་པ་གནས་པའི་ཆ་མཐུན་གྱི་མཇུག་ཐོགས་སུ། ངེས་འབྱེད་ཆ་མཐུན་མ་གཏོགས་པ་གསུམ་དང་། ཁྱད་པར་གྱི་ཆ་མཐུན་པའི་མཇུག་ཐོགས་སུ། ཉམས་པའི་ཆ་མཐུན་མ་གཏོགས་པ་གསུམ་དང་། ངེས་འབྱེད་ཆ་མཐུན་གྱི་མཇུག་ཐོགས་སུ་དེ་གཅིག་པུ་སྐྱེའོ། །གསུམ་པ་ཐོད་བརྒལ་གྱི་སྙོམས་འཇུག་ནི། ས་བརྒྱད་དེ་བསམ་གཏན་དང་གཟུགས་མེད་རྣམས་སོ། །དེ་ཡང་ཟག་བཅས་ཟག་མེད་རྣམ་པ་གཉིས་སོ། །འབྲེལ་པ་གོ་རིམ་བཞིན་དང་། གཅིག་བརྒལ་བ་ནི་རེ་རེ་ནས་བརྒལ་ནས་སོ། །སོང་ཞིང་ནི་ལུགས་མཐུན་དུ་སྙོམས་པར་ཞུགས་ནས་སོ། །འོངས་ནས་ནི་ལུགས་མི་མཐུན་དུ་སྙོམས་པར་ཞུགས་ནས་སོ། །དེ་ལྟར་ཟག་བཅས་ས་བརྒྱད་ཟག་མེད་བདུན་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་སྒོ་ནས་བྱང་བར་བྱས་ནས། ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པའི་གསུམ་བར་འགྲོ་ཞིང་དེ་ནས་ནམ་མཁའ་མཐའ་ཡས་ལ། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་བཞིན་དུ་ལུགས་དང་མི་མཐུན་པ་ཡང་བྱང་བར་བྱས་ནས་ཟག་པ་མེད་པ་རྣམས་ཀྱང་རེ་རེ་བརྒལ་ཞིང་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ནི་ཐོད་བརྒལ་དུ་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །གང་གི་ཟག་པ་དང་བཅས་པ་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནི་ཟག་པ་དང་བཅས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། དེ་ནས་ནི་ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་དང་མི་མཐུན་པར་ཡང་སྙོམས་པར་འཇུག་པ་དེའི་ཚེ་རིས་མི་མཐུན་པའི་རྫས་གསུམ་པར་འགྲོ་བའི་ཐོད་བརྒལ་གྱི་ནི་སྙོམས་མཇུག་མངོན་པར་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བའི་ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ །དེ་ཡང་ཉོན་མོངས་པ་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་དབང་བའི་ཕྱིར་གླིང་གསུམ་དུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེད་པར་བྱེད་དོ། །བཞི་པ་རྟེན་དམིགས་ནི། སྲིད་རྩེ་ནི་སྲིད་རྩེ་རང་དུ་ཡང་མངོན་སུམ་དུ་བྱེད་ལ་འོག་མ་འདོད་པའི་ཁམས་ཀྱི་བར་དུ་ཡང་མངོན་སུམ་དུ་བྱེད་པ་བཞིན་བསམ་གཏན་དང་གཟུགས་མེད་ལྷག་མ་རྣམས་ཀྱང་རང་དང་ནི་འོག་སའི་རྟེན་ཅན་ནོ། །ཅིའི་ཕྱིར་གོང་དུ་སྐྱེས་པ་སྙོམས་འཇུག་འོག་མ་མངོན་སུམ་དུ་མི་བྱེད་ཅེ་ན། དེ་ལ་ནི་འོག་མའི་རྫས་ཀྱིས་ཅུང་ཟད་ཀྱང་དགོས་པ་མེད་དེ་དམན་པའི་ཕྱིར་རོ། །སྤྱིར་བསྟན་ནས་དམིགས་བསལ་སྲིད་རྩེར་སྐྱེས་པའི་འཕགས་པ་ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་ཟག་པ་ཟད་པར་འགྱུར་རོ། །འདི་དག་གི་དམིགས་པ་ཅི་ཡིན་ན། སྲེད་བཅས་ཏེ་རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་རང་གི་ས་པའི་སྲིད་པ་ལ་དམིགས་སོ། །སྲིད་པ་ནི་ཟག་པ་དང་བཅས་པའི་དངོས་པོ་ཆགས་བྲལ་ཡིན་པས་འོག་མ་ལ་མི་དམིགས་སོ། །ས་རྣམས་ནི་སྲེད་པ་ཡོངས་སུ་བཅད་པའི་ཕྱིར་གོང་མ་ལ་ཡང་མ་ཡིན་ནོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་མེད་ལ་ཡང་མ་ཡིན་ནོ། །བསམ་གཏན་དགེ་བ་དག་པ་བ་དང་། ཟག་མེད་པའི་དམིགས་ཡུལ་ནི་འདུས་བྱས་སམ་འདུས་མ་བྱས་ཡོད་དགུ་ཡིན་ནོ། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ཟག་བཅས་ས་འོག་མ་པའི་མིན་ལ་རང་གི་ས་དང་གོང་མ་ལ་དམིགས་པའོ། །བསམ་གཏན་གཟུགས་མེད་གསུམ་པོ་འདི་དག་ལས། ཟག་པ་མེད་པས་ཉོན་མོངས་རྣམས་སྤོང་ངོ་། །དེར་མ་ཟད་གཟུགས་གཟུགས་མེད་ཀྱི་ཉེར་བསྡོགས་དག་པས་ཀྱང་སྤོང་སྟེ་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉེར་བསྡོགས་དུ་ཞིག་ཡོད་ཅེ་ན། དེ་དག་ལ་ནི་ཉེར་བསྡོགས་བརྒྱད་དེ་རེ་རེ་ལ་གང་གིས་དེ་ལ་འཇུག་པ་རེ་རེ་ཡོད་པས་སོ། །ཅི་དེ་དག་རྣམ་པ་གསུམ་ཡིན་ལ། དེ་དག་ལ་ཚོར་བ་ཡང་དེ་དང་འདྲ་བར་ཡོད་དམ་ཞེ་ན་མ་ཡིན་ཏེ། དག་པ་བ་བདེ་མིན་སྡུག་བསྔལ་མིན་པས་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་ལྡན་ཡིན་ཏེ། འབད་དེ་དྲང་བར་བྱ་བ་ཡིན་པའི་ཕྱིར་དང་༑ ས་འོག་མ་ལ་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ་མྱང་པ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཉེར་བསྡོགས་ཀྱི་དང་པོ་ནི་མི་ལྕོགས་པ་མེད་པ་སྟེ། དེ་ནི་དག་པ་ཡང་ཡིན་ལ་འཕགས་པ་ཟག་པ་མེད་པའང་ཡིན་ནོ། །ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི་མཉམ་པར་བཞག་པ་ལ་ཉོན་མོངས་པ་ཅན་ཉིད་དག་གོ །ཁ་ཅིག་མི་ལྕོགས་པ་མེད་པ་རོ་མྱང་དང་མཚུངས་ལྡན་སོགས་གསུམ་དུ་འདོད་དོ། །ཉེར་བསྡོགས་ཞེས་ཀྱང་འབྱུང་། བསམ་གཏན་ཁྱད་པར་ཅན་ཞེས་ཀྱང་འབྱུང་ན་འདི་གཉིས་དོན་གཅིག་གམ་ཐ་དད་སྙམ་ན་ཐ་དད་དེ། ཉེར་བསྡོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། བསམ་གཏན་དང་པོ་ཁོ་ན་ནི་རྟོག་པ་མེད་པས་དེ་དང་མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། བསམ་གཏན་གྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་རོ་མྱང་དག་པ་བ་ཟག་མེད་རྣམ་པ་གསུམ་པ་བདེ་མིན་སྡུག་བསྔལ་མིན་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་ལྡན་ནོ། །མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཡིན་པའི་ཕྱིར་དགའ་བ་དང་མཚུངས་ལྡན་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དེ་ནི་བསྒོམས་ན་ཚངས་ཆེན་དུ་འགྱུར་བས་དེའི་འབྲས་བུ་ཅན་ནོ། །ལྔ་པ་རྣམ་གྲངས་ནི། མདོ་ལས་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་༑ རྟོག་དཔྱོད་དང་བཅས་པ་དང་། རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་གསུམ་གསུངས་པའི་དང་པོ་བསམ་གཏན་ཁྱད་པར་ཅན་དེ་མན་ཆད་བསམ་གཏན་དང་པོ་དང་མི་ལྕོགས་པ་མེད་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ། །བསམ་གཏན་དང་པོ་ཡན་ཆད་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་ནི་རྟོག་པ་དང་དཔྱོད་པ་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། སྨོན་པ་མེད་པའི། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ། དེ་ལས་མཚན་མ་མེད་པའི་ཏིང་ངེ་འཛིན་ནི། ཞི་བའི་རྣམ་པ་དང་འགོག་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་རྣམ་པ་བཞི་པོ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ། །མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་མོ་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། བདག་མེད་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དག་དང་མཚུངས་ལྡན་དུ་འཇུག་པ་རྣམ་པ་གཉིས་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་ལས་གཞན་བདེན་པ་ལྷག་མའི་རྣམ་པ་དག་དང་མཚུངས་པར་ལྡན་པ་རྣམ་པ་བཅུ་པ་ཡིན་ནོ། །མི་རྟག་སྡུག་བསྔལ་དེའི་རྒྱུ་དག་གིས་ཡིད་འབྱུང་བའི་ཕྱིར་དང་། ལམ་ཡང་གདོན་མི་ཟ་བར་གཟིངས་ལྟ་བུར་དོར་བར་བྱ་བ་ཉིད་ཀྱི་ཕྱིར་དེའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྨོན་པ་མེད་པ་སྟེ། དེ་ལས་འདའ་བར་མངོན་དུ་ཕྱོགས་པའོ། །ཏིང་ངེ་འཛིན་གསུམ་པོ་དེ་ཡང་འཇིག་རྟེན་པ་དག་པ་བ་དང་། འཇིག་རྟེན་ལས་འདས་པ་དྲི་མ་མེད་པ་གཉིས། འཇིག་རྟེན་པ་རྣམས་ལ་བཅུ་གཅིག་ན་ཡོད༑ འཇིག་རྟེན་ལས་འདས་པ་ལམ་གྱི་བདེན་པ་གང་དུ་ཡོད་པར་རོ། །དེ་དག་ལས་ཕྱི་མ་དྲི་མ་མེད་པ་ནི་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་དུ་བཞག་གོ །སྟོང་པ་ཉིད་སྟོང་པ་ཉིད་ཅེས་པ་དང་། ལ་སོགས་པ་གཞན་ཡང་སྟེ་སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་མོ། །དེ་ཡང་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་དེ་སྐད་བཞག་པ་བཞིན་ལྷག་མ་གཉིས་ལའང་མཚུངས་སོ། །གཉིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་དམིགས་པ་ཡིན་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་པའི་རྣམ་པར་དམིགས་སོ། །སྨོན་པ་མེད་པ་སྨོན་པ་མེད་པ་ཡང་མི་སློབ་པའི་སྨོན་པ་མེད་པ་ལ་མི་རྟག་པའི་རྣམ་པར་དམིགས་པ་ཡིན་ནོ། །སྡུག་བསྔལ་བར་ཡང་མ་ཡིན་ལ་རྒྱུ་ལ་སོགས་པ་ཡང་མ་ཡིན་ཏེ། ཟག་པ་མེད་པ་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །མཚན་མ་མེད་པ་མཚན་མ་མེད་ཀྱི་ཏིང་ངེ་འཛིན་མི་སློབ་པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པའི་འགོག་པའམ་ཟད་པ་ལ་ཞི་བའི་རྣམ་པར་དམིགས་ཏེ། ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་རོ། །འགོག་གྱ་ནོམ་ངེས་འབྱུང་གི་རྣམ་པར་ནི་མ་ཡིན་ཏེ། མི་རྟག་ཉིད་ཀྱི་འགོག་པ་དང་ཐུན་མོང་བའི་ཕྱིར་དང་། ལུང་དུ་མ་བསྟན་པའི་ཕྱིར་དང་། བྲལ་བ་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གཞན་འདི་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་འཕགས་པའི་ལམ་ལ་སྡང་བའི་ཕྱིར་ཏེ། ཟག་པ་མེད་པ་དག་ནི་དེ་ལྟར་མ་ཡིན་ནོ། །གང་དུ་སྐྱེད་པར་བྱེད་ཅེ་ན། མིའི་ནང་དུའོ། །སུ་ལ་བསྐྱེད་ན། མི་གཡོ་བའི་དགྲ་བཅོམ་ཁོ་ན་ལའོ། །ས་དུ་པ་ཡིན་ཞེ་ན། ཉེར་བསྡོགས་བདུན་ནི་མ་གཏོགས་པ་གཞན་བཅུ་གཅིག་པོ་འདོད་ཁམས། མི་ལྕོགས་མེད་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་། གཟུགས་མེད་ན་ཡོད་དོ། །ཏིང་ངེ་འཛིན་སྒོམ་པ་བཞི་སྟེ་དགེ་བའི་བསམ་གཏན་དང་པོ་དག་པ་བའམ་ཟག་མེད་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་པ་བཞིན་གཞན་དག་ཀྱང་ངོ་། །ལྷའི་མིག་གི་མངོན་ཤེས་ནི་ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་པར་འདོད་དོ། །སྦྱོར་བ་ལས་བྱུང་གི་ཡོན་ཏན་ཁམས་གསུམ་པ་དང་། ཟག་པ་མེད་པ་ཐམས་ཅད་ནི་བློའམ་ཤེས་རབ་ཏུ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསམ་གཏན་མཐའ་བཞི་པར་བྱུང་བ་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ༑ །ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་ཆོས་སྟོན་པ་འདི་ནི་བདག་ཉིད་ལ་ཉེ་བར་གཏོད་པ་ཡིན་ཏེ། དེའི་ཕྱིར་བསམ་གཏན་བཞི་ཁོ་ནར་གསུངས་སོ་ཞེས་གྲག་གོ་ཞེས་སོ། །གཉིས་པ་དེ་ལ་སྙོམས་པར་ཞུགས་པའི་ཡོན་ཏན་བསྟན་པ་ནི། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་པ་ཞེས་བྱ་ལ། དེ་ནི་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ཡིན་ནོ། །ཅིའི་ཕྱིར་བཞིར་དབྱེ་ཞེ་ན། གནོད་སེམས་དང་ལ་སོགས་པ་རྣམ་པར་འཚེ་བ་དང་། མི་དགའ་བ་དང་། འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་དེ་དག་གིས་སྤང་བར་བྱ་བས་གཉེན་པོའི་ཕྱིར་རོ། །མི་སྡུག་པ་དང་བཏང་སྙོམས་འདོད་པའི་འདོད་ཆགས་ཀྱི་གཉེན་པོར་འགྱུར་བ་ལ་ཁྱད་མེད་དམ་ཞེ་ན། བྱེ་སྨྲ་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་ནི་མི་སྡུག་པ། འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོར་བཏང་སྙོམས་སོ་ཟེར་རོ། །སློབ་དཔོན་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཕ་མ་བུ་ཉེ་དུའི་འདོད་ཆགས་ཀྱི་གཉེན་པོར་བཏང་སྙོམས་བཞེད་དོ། །དེ་ལ་ཞེ་སྡང་མེད་པ་བྱམས་པ། སྙིང་རྗེ་ཡང་ཡིན། ཡིད་བདེ་བའི་རང་བཞིན་ནི་དགའ་བ་ཡིན་ལ། བཏང་སྙོམས་ནི་མ་ཆགས་པའི་བདག་ཉིད་དོ། །བྱམས་སོགས་འདི་དག་གི་རྣམ་པ་ནི། ཀྱེ་མ་སེམས་ཅན་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་ཅིང་བྱམས་པ་ལ་སྙོམས་པར་འཇུག་གོ །ཀྱེ་མ་སེམས་ཅན་རྣམས་སྡུག་བསྔལ་ལོ་སྙམ་ནས་ཡིད་ལ་བྱེད་ཅིང་སྙིང་རྗེ་ལ་སྙོམ་པར་འཇུག་གོ །ཀྱེ་མ་སེམས་ཅན་རྣམས་དགའ་བར་གྱུར་ཅིག་སྙམ་དགའ་བ་ལ་སྙོམས་པར་འཇུག་གོ །སེམས་ཅན་རྣམས་མཉམ་མོ་སྙམ་པ་དེ་ལྟར་ཡིད་ལ་བྱེད་ཅིང་བཏང་སྙོམས་ལ་སྙོམས་པར་འཇུག་གོ །འདི་དག་གི་སྤྱོད་ཡུལ་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་སོ། །དེ་དག་ས་དུ་པ་ཡིན་ཞེ་ན། དགའ་བ་ནི་བསམ་གཏན་དང་པོ་གཉིས་ན་ཡོད་ལ། ཚད་མེད་གཞན་གསུམ་བསམ་གཏན་ས་དྲུག་ནའོ། །ཁ་ཅིག་འདི་དག་མི་ལྕོགས་པ་མེད་པ་མ་གཏོགས་པའི་ས་ལྔ་ན་འདོད་དོ། །གཞན་འདོད་ཁམས་ཉེར་བསྡོགས་རྣམས་བསྣན་ནས་བཅུ་ནའོ་ཟེར་རོ། །ཚད་མེད་པ་རྣམས་ཀྱིས་ཉོན་མོངས་པ་སྤོང་ངམ་ཞེ་ན། དེ་ཡིས་མི་སྤོང་སྟེ་བསམ་གཏན་གྱི་དངོས་གཞིའི་ས་པ་ཡིན་པའི་ཕྱིར་དང་། མོས་པ་ཡིད་ལ་བྱེད་པའི་ཕྱིར་དང་༑ སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་དག་གི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་དང་། སྤངས་པ་ཐག་བསྲིང་བའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །འདི་བཞི་མི་དག་གི་ནང་དུ་བསྐྱེད་དོ། །བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་དགའ་བ་དང་མི་ལྡན། དེར་ངེས་པར་ཚད་མེད་པ་གསུམ་དང་རྟག་ཏུ་ལྡན་ནོ། །རྣམ་པར་ཐར་པ་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་ཐར་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་གཉིས་པ། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ནི་གསུམ་པ་ཡིན་ནོ། །གཟུགས་མེད་པ་བཞི་དང་བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་རྣམས་ལས་དང་པོ་གཉིས་མི་སྡུག་པ་ཉིད་དུ་རིག་པར་བྱ། བསམ་གཏན་དང་པོ་གཉིས་ན་ཡོད་གཞན་ན་ནི་མེད། གསུམ་པ་མཐའ་བསམ་གཏན་བཞི་པ་ན་ཡོད་དོ༑ །དེ་མ་ཆགས་པའི་རང་བཞིན་སྡུག་པའི་རྣམ་པའོ། །དེ་དག་འཁོར་དང་བཅས་ན་ནི་ཕུང་པོ་ལྔ་པ་ཡིན་ནོ། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ནི། གཟུགས་མེད་པའི་མཉམ་བཞག་དགེ་བ་རྣམས་ཁོ་ན་དེས་དེའི་རྣམ་པར་ཐར་པའི་མིང་ཐོབ་པ་ཡིན་ནོ། །བརྒྱད་པ་འགོག་པའི་སྙོམ་པར་འཇུག་པའོ། །གཞན་དག་སྙོམས་པར་འཇུག་པའི་སྒྲིབ་པ་ལས་ཐར་པའི་ཕྱིར་རྣམ་པར་ཐར་པའོ། །འགོག་སྙོམས་དེ་ལ་ནི་ཕྲ་བ་ཕྲ་བའི་མཇུག་ཐོགས་སུ་སྙོམས་པར་འཇུག་སྟེ། སྲིད་པའི་རྩེ་མོའི་འདུ་ཤེས་ནི་ཕྲ་བ་ཡིན་ཏེ། དེ་བས་ཀྱང་ཆེས་ཕྲ་བར་བྱས་ནས་འགོག་པའི་སྙོམས་པར་འཇུག་གོ །སྙོམས་པར་ཞུགས་པ་རྣམས་ནི་རང་གི་དག་དང་། འོག་མ་ཡི་སེམས་ཀྱིས་དེ་ལས་ལྡང་ལ། འཕགས་པའི་ཟག་མེད་ཀྱི་སེམས་ཀྱིས་དེ་ལས་ལྡང་ངོ་། །འདི་དག་ལས་དང་པོ་འདོད་པར་རྟོགས་པ། སྣང་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་མི་འོང་ངོ་། །གང་དག་གཟུགས་ཅན་མིན་པ་དེ་དག་གི་སྤྱོད་ཡུལ་གོང་དང་རང་གི་ས་པའི་དང་། སྡུག་བསྔལ་སོགས་པ་དེའི་རྒྱུ་འགོག་པ་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ནོ། །སོ་སོར་མ་བརྟགས་པར་འགོག་པ་ཐམས་ཅད་ཀྱང་ངོ་། །ནམ་མཁའ་ཡང་གཟུགས་མེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་ཡིན་ནོ། །དེ་ཁོ་ན་བཞིན་དུ་གཟུགས་མེད་པར་འདུ་ཤེས་པ་སྟེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་བལྟ་བ་ཏེ། དེ་ལྟར་ན་བརྒྱད་ཡིན་ནོ། །དེ་ལས་དང་པོ་གཉིས་ནི་རྣམ་ཐར་དང་པོ་ཇི་ལྟ་བ་བཞིན་གསུམ་བཞི་གཉིས་ནི་གཉིས་པ་བཞིན་ནོ། །གཞན་བཞི་སྡུག་པའི་རྣམ་པར་ཐར་པ་བཞིན་ལ། ཁྱད་པར་དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ། འདི་དག་གིས་ནི་དམིགས་པ་ཟིལ་གྱིས་གནོན་ཏེ་ཇི་ལྟར་འདོད་པ་བཞིན་ཏུ་མོས་པའི་ཕྱིར་དང་། ཉོན་མོངས་མི་སྐྱེ་བའི་ཕྱིར་རོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ༑ ཟད་པར་ས་མེ་ཆུ་རླུང་སྔོ་སེར་དམར་དཀར་ནམ་མཁའ་རྣམ་ཤེས་མཐའ་ཡས་སོ། །དེ་རྣམས་ལས་དང་པོ་བརྒྱད་མ་ཆགས་པའི་རང་བཞིན་དེ་བསམ་གཏན་མཐའ་བཞི་པ་ཁོ་ནར་ཡོད་དོ༑ །དེའི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་དོ། །ཁ་ཅིག་རླུང་གི་རེག་བྱའི་སྐྱེ་མཆེད་ཟེར་རོ། །ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་བའི་རང་བཞིན་ཡིན་ནོ། །འདི་གཉིས་ནི་སྤྱོད་ཡུལ་རང་གི་ས་པའི་ཕུང་པོ་བཞིའོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ནི་རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ལ། ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པ་ལས་བྱུང་བ་ཅན་ཡིན་ཏེ། གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འགོག་པ་མ་གཏོགས་དེ་དག་ཐམས་ཅད་སོ་སྐྱེས་དང་འཕགས་པའི་རྒྱུད་ལ་ཡོད་པ་ཡིན་ལ། ཅི་རྣམ་པར་ཐར་པ་ལ་སོགས་པ་དེ་དག་སྦྱོར་བྱུང་ངམ་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ཞེས་དྲི་ན། འགོག་པ་བཤད་ཟིན་གྱི། ལྷག་མ་ནི་འདོད་ཆགས་དང་བྲལ་བས་དང་༑ སྦྱོར་བས་ཐོབ་པའང་ཡིན་ཏེ། འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ། །གཟུགས་མེད་པའི་རྣམ་ཐར་དང་ཟད་པར་ཞེས་བྱ་བ་ནི་ཁམས་གསུམ་གྱི་རྟེན་ཅན་ནོ། །ལྷག་མ་མིའི་རྟེན་ལས་སྐྱེའོ༑ །དེ་ལ་གཟུགས་གཟུགས་མེད་ཁམས་སུ་གཉིས་དག་ཏུ་གཟུགས་མེད་པའི་སྙོམས་འཇུག་སྐྱེ་བ་རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་ས་གོང་མའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། འཇིག་པའི་ཚེ་ལྟ་བུའོ། །དེའི་ཚེ་ནི་ས་འོག་མ་པའི་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་བསམ་གཏན་དེ་སྐྱེད་པར་བྱེད་དོ༑ །མངོན་པའི་དམ་ཆོས་ཇི་སྲིད་དུ་གནས་ཞེ་ན། སྟོན་པའི་དམ་ཆོས་ནི་རྣམ་པ་གཉིས་ཏེ་ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་ལ་ལུང་ནི་མདོ་དང་འདུལ་བ་དང་ཆོས་མངོན་པ་རྣམས་སོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །དེ་ལས་ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ལ། རྟོགས་པས་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུའོ་ཞེས་བཤད་དོ། །གཞན་དག་རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཟེར་རོ། །བདག་གིས་མངོན་པའི་ཆོས་བཤད་པ་འདི། ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ལ། འདི་ལ་ཉེས་པར་ཟིན་གང་དེ་འདིར་བདག་གིས་མ་རྟོགས་པའི་ཉེས་པར་ཟད་ལ། དམ་ཆོས་མངོན་པའི་ཚུལ་ལ་ཉེས་པ་ཡོད་ནས་མ་ཡིན་ཏེ། ཚད་མར་གྱུར་པ་དེ་ནི་ཐུབ་པ་སངས་རྒྱས་དང་། དེའི་སྲས་རྣམས་ཀྱིས་བཞག་པ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ།། །། གསུམ་པ་དེ་མཐར་སོན་པའི་ཚུལ་ནི། སྔོན་ཡོད་པས་ཆོ་ག་འདི་བརྩམས་ནས་ཅི་བྱ་སྙམ་སྲིད་པས་དེ་ཟློག་པའི་ཕྱིར། སྟོན་པ་འཇིག་རྟེན་མིག་ནི་ཟུམ་པར་གྱུར་ཅིང་དཔང་དུ་གྱུར་པའི་སྐྱེས་བུ་ཕལ་ཆེར་ཟད་པར་གྱུར་པ་ན༑ བསྟན་བཅོས་དེ་ཉིད་མ་མཐོང་བར་རང་གར་བཤད་པར་གྱུར་པ་ཡི་ངན་རྟོག་རྣམས་ཀྱིས་ཆོས་མངོན་པའི་བསྟན་པ་འདི་དཀྲུགས་སོ། །དེ་དང་རང་བྱུང་ཉིད་དང་རང་བྱུང་དེའི་བསྟན་པ་གཅེས་སྤྲས་སུ་འཛིན་པ་རྣམས་མཆོག་ཏུ་ཞི་བ་གཤེགས་ནས་འདི་ལ་དགྲ་ཡང་ལན་གསུམ་བྱུང་བས་འགྲོ་བའི་མགོན་ཕལ་ཆེར་མེད་ལ། ཅུང་ཟད་སྣང་བའང་འདོམས་མེད་དྲི་མས་དགའ་གུར་སྤྱོད་པ་ལྟ་བུ་ཡོན་ཏན་འཇོམས་པར་བྱེད་པ་ལ་དེང་སང་འདི་ན་སྤྱོད་པས། དེ་ལྟར་ཐུབ་པའི་བསྟན་པ་ནི་ལྐོག་མར་སྲོག་ཕྱིན་པ་འདྲ་བ་གསོ་བ་དང་། དྲི་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི་ཐར་པ་འདོད་པ་དག་གིས་བག་ཡོད་པར་གྱིས་ཤིག །ཅེས་ཡང་དག་པ་ལ་འཇོག་པའི་ཕྱིར་སྦྱར་བའོ། །སུས་ཞེས་ན། བཙུན་པ་དབྱིག་གི་གཉེན་སངས་རྒྱས་གཉིས་པས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། ཇོ་བོ་སྨྲ་ཏིས་ཅུང་ཟད་བཅོས་སོ། །རྒྱ་ཆེན་ཆོས་ཀྱི་ནམ་མཁའི་ཁྱོན་ཡངས་པ། །ཕྱོགས་ཆར་རྣམ་འབྱེད་བསྟན་པ་རིའི་མ་མོ། །འབྲས་རང་མ་དམིགས་ལུང་ཁམས་དང་གཟུགས་འདིས། །ཡིན་ལ་དབང་གྱུར་གནས་བརྟན་རྒྱ་མཚོའི་སྡེ། །ཉིད་འགྲེལ་ཉི་མའི་མདུན་ངོར་ཟུམ་གྱུར་ཅིང་། །ཚུལ་མིན་སྐབས་དབྱེ་མཚན་མོར་ཧུར་གྱུར་པ། །དེང་དུས་བཤད་སྦྱར་ཕལ་གྱི་རྣམ་དཔྱོད་མིག །བྱ་སེར་འདྲེན་བྱེད་ཉིད་ལ་འགྲན་པ་བཞིན། །དེས་ན་སྙིགས་དུས་མུན་འཁྱམས་རྣམས་འཆེལ་ས། །དབྱིག་གཉེན་གྱིས་བྲིས་སྙིང་གའི་ངོགས་འཛིན་མཁན། །ཚིག་རན་མུ་ཏིག་ཀུན་ཏུ་རྒོད་པ་ཡི། །དབྱངས་ཅན་རྒྱན་འོས་ཟླ་བའི་མེ་ལོང་ཞིག །ལུ་ཧི་ཏ་འགྲམ་ཟིང་པོ་ཁང་གསར་ཚལ། །འབྱོར་པའི་ངང་མོ་འདུ་བའི་པདྨ་ཅན། །རོལ་པའི་འཛུམ་དུ་རབ་རྒྱས་པདྨ་དཀར། །ལྔ་རིག་འབད་པའི་ཟེ་འབྲུར་ཆགས་པ་ཡིན། །འདི་ནི་ཐུབ་བསྟན་འཇམ་པའི་དབྱངས། །ཡུན་རིང་བཞུགས་པའི་གདན་གྱུར་ནས། །འཇིག་རྟེན་མུན་ལས་རྣམ་རྒྱལ་བའི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་འགྲེལ་པ་ལུགས་ཞེས་པ་འདི་ཡང་ཤར་ཀོང་པོའི་པཎྜྻི་ཏ་མི་ཕམ་པདྨ་དཀར་པོས་སྦྱར་བའོ།། །།སརྦ་མདྒ་ལམ།། །།


previousཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས།next